འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ

Sanskrit title (Tibetan script, as in the text) ཨཱརྱཱ་མོ་གྷ་བཱ་ཤ་ཀལྤ་རཱ་ཛཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 92 · folio 172a

བྱའོ། །སྟེགས་བུའི་དབུས་ཀྱི་གནས་པར་བར་དུ་ལྷ་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། གཞོན་ནུ་དང་། ལུས་ངན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ལྷ་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་དང་། རལ་

པ་གཅིག་པ་དང་། སྒྲོལ་མ་དང་། དཀར་མོ་དང་། ཁྲོ་གཉེར་མ་དང་། རྡོ་རྗེ་ཕོ་ཉ་མོ་རྣམས་ཚོན་སྣ་ཚོགས་ཀྱིས་བྲི་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མེ་ཏོག་སྣ་ཚོགས་ཐོགས་པ་བྱའོ། །སྟེགས་བུའི་ཕྱི་རོལ་དུ་མདུང་རྩེ་གསུམ་པའི་ཕྲེང་བ་དང་། རྡོ་རྗེའི་ཕྲེང་བ་དང་། པདྨའི་ཕྲེང་

བ་ཀུན་དུ་བྱའོ། །ཕྲེང་བའི་བར་དབུས་དང་། གྲྭའི་བར་དུ་ལྷ་མོ་བརྒྱད་དང་འཇིགས་བྱེད་མ་དང་། དཔེ་མེད་མ་དང་། བ་སན་ཏི་དང་། དཔལ་སྒྲ་དབྱངས་དང་། སའི་ལྷ་མོ་དང་། དུང་ཅན་མ་དང་། པུས་པ་དན་ཏི་རྣམས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མེ་ཏོག་སྣ་ཚོགས་དང་རིན་པོ་

ཆེའི་སྣོད་ཐོགས་པར་བྱའོ། །ཕྱི་རོལ་ཐོག་ཐག་ཏུ་ཕྲེང་བའི་བར་བར་དུ་དྲི་སྣ་ཚོགས་ཀྱིས་དཀྱིལ་འཁོར་བསྐུ་ཞིང་ཙནྡན་དཀར་པོ་དང་། གུར་གུམ་གྱིས་མཆོད་པ་སྣ་ཚོགས་བྱའོ། །ག་པུར་དང་། གླ་རྩིས་མཆོད་ཅིང་། དཀྱིལ་འཁོར་ཀུན་དུ་དར་སྣ་ཚོན་སྣ་ལྔའི་རྒྱལ་མཚན་དང་། མདའ་

དང་། རྟ་བབས་ཀྱིས་བརྒྱན་པར་བྱའོ། །དངུལ་གྱི་སྣོད་བཞི་ཅུང་པེང་གིས་བཀང་སྟེ་གཞག་པར་བྱའོ། །དངུལ་གྱི་སྣོད་བཞི་གཏོར་མ་དཀར་གསུམ་གྱིས་དགང་བར་བྱའོ། །དངུལ་གྱི་སྣོད་བཞིར་མཆོད་ཡོན་གྱི་ཆུ་གཞག་པར་བྱའོ། །སྣོད་བརྒྱད་རོ་སྣ་ཚོགས་ཀྱི་གཏོར་མས་དགང་བར་

བྱའོ། །འབྲས་བུ་རྣམ་པ་སྣ་ཚོགས་གཞག་པར་བྱའོ། །ཁ་ཟས་བཟའ་བ་དང་། གཏོར་མ་རྣམ་པ་སྣ་ཚོགས་གཞག་པར་བྱའོ། །དྲི་སྣ་ཚོགས་དང་། བྱུག་པས་དངུལ་གྱི་སྣོད་བཀང་སྟེ་གཞག་པར་བྱའོ། །དངུལ་གྱི་པོག་ཕོར་བརྒྱད་ཙནྡན་དང་། ཨ་ག་རུ་དང་། ཏུ་རུ་སྐ་དང་། ག་པུར་

དང་། གླ་རྩི་དང་། གུར་གུམ་དང་། སྲ་རྩི་པོག་དང་། པོག་གིས་གང་བར་བྱ་ཞིང་བདུག་སྤོས་སྣ་ཚོགས་པ་སྲེག་གོ། །དངུལ་དང་། ཟངས་དང་། གསེར་གྱི་མེ་ཏོག་གི་སྙིང་པོའི་དཀྱིལ་འཁོར་དུ་གཅལ་དུ་དགྲམ་མོ། །ཕྱིའི་དཀྱིལ་འཁོར་དུ་ཇི་ལྟར་རྙེད་པའི་མེ་ཏོག་གཙལ་དུ་དགྲམ་པར་བྱ་

Vol. 92 · folio 172b

སྟེ། ཕྲེང་བ་རྣམས་ཁོར་ཡུག་ཏུ་བསྐོར་ནས་བཞག་སྟེ། དེ་ལ་ཡང་མེ་ལོང་ལེགས་པར་བརྒྱན་པར་བྱས་ནས། དབུས་ཀྱི་དཀྱིལ་འཁོར་གྱི་པདྨའི་གེ་སར་དང་ཟེའུ་འབྲུ་ལ་ཤར་དུ་ཕྱོགས་པར་གཞག་པར་བྱའོ། །རིག་སྔགས་འཆང་གཙང་མ་ཁྲུས་བྱས་གོས་གཙང་མ་བགོ་བར་བྱ་སྟེ།

དཀྱིལ་འཁོར་གྱི་ལས་དང་། བྱ་བ་ཐམས་ཅད་བྱས་ནས་མེ་ལོང་ལ་མངོན་དུ་ཕྱོགས་ཏེ། སྐྱིལ་མོ་ཀྲུང་དུ་འདུག་པར་གྱུར་ནས་འཕགས་པ་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་བརྗོད་དབུལ་བར་བྱ་སྟེ། བཟླས་བརྗོད་བརྒྱ་རྩ་བརྒྱད་རྫོགས་པ་དང་། ཁྲོ་བོའི་རྒྱལ་པོས་དབང་བསྐུར་རོ། །

དབང་བསྐུར་བ་ཙམ་གྱི་མོད་ལ་འཇིག་རྟེན་ཐམས་ཅད་ཀྱི་མངོན་སུམ་དང་། འཁོར་ཆེན་པོའི་དབུས་སུ་མེ་ལོང་གི་དབུས་དེར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་ཀྱིས་མཐོང་སྟེ། མེ་ལོང་གི་དབུས་དེ་ནས་རིག་སྔགས་འཆང་དེ་ལ་ལེགས་སོ་ཞེས་བྱ་བ་སྦྱིན་པར་མཛད་དོ། །

རིག་སྔགས་འཆང་ཆེན་པོ་ལེགས་སོ་ལེགས་སོ། །བདག་ལ་དོན་ཡོད་པའི་མེ་ལོང་ལ་འབེབས་པའི་དེ་ཁོ་ན་ཉིད་དམ་པར་གྱུར་པ་འདི་ཐམས་ཅད་ཡང་དག་པར་མཐོང་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་ཀྱི་འབྲས་བུ་བླ་ན་མེད་པ་ཞེས་བྱ་བ་ཡོངས་སུ་དག་པ་ཉིད་དོ། །རིག་

སྔགས་འཆང་ཁྱོད་ཀྱིས་འབྲས་བུ་ཆེན་པོའི་འཇིག་རྟེན་ལས་འདས་པའི་ལམ་མཚུངས་པ་མེད་པ་ཐོབ་བོ། །ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་པོའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲུབ་པའི་ཆོ་ག་དང་། ཆོ་ག་ཞིབ་མོ་དང་། དཀྱིལ་འཁོར་དང་ཕྱག་རྒྱ་གྲུབ་བོ། །རིག་སྔགས་

འཆང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོག་གང་འདོད་པ་སྨྲོས་ཤིག །དེ་ཐམས་ཅད་སྦྱིན་པར་བྱའོ་ཞེས་སོ། །དེ་ནས་རིག་སྔགས་འཆང་གིས་མཆོག་གང་དོན་དུ་གཉེར་བ་དེ་བླངས་ནས་ཐམས་ཅད་འཕྲལ་ཉིད་དུ་སྦྱིན་པར་བྱེད་དོ། །འཁོར་གྱི་དཀྱིལ་འཁོར་གང་ཡིན་པ་དེར། ཀུན་

ནས་འོངས་པའི་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། དམངས་རིགས་དང་། རྗེའུ་རིགས་དང་། རྒྱལ་པོ་དང་། བློན་པོ་དང་། བཀྲབས་པ་དང་། མདུན་ན་འདོན་དང་། བཙུན་མོའི་འཁོར་དུ་ཀུན་འོངས་པ་དང་། བསོད་

Vol. 92 · folio 173a

ནམས་དང་ལྡན་པའམ། བསོད་ནམས་དང་མི་ལྡན་པའམ། ཡོངས་སུ་དག་པའམ། ལྟ་བ་ངན་པའམ། གཞན་དམྱལ་བ་བའི་སེམས་ཅན་གཏི་མུག་གི་མུན་པ་ལྷུད་བ། མནར་མེད་པ་ལ་གཞོལ་བ། མཚམས་མེད་པ་ལྔ་བྱེད་པ། འཕགས་པ་ལ་སྐུར་པ་འདེབས་པ། དམ་པའི་

ཆོས་སྤོང་བ་གང་ཡིན་པ་དེ་རྣམས་ཐམས་ཅད་ལའང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལུས་དེ་ལ་སྟོན་པར་བྱེད། ཐམས་ཅད་དུ་སྨྲ་བར་བྱེད། ཡང་དག་པར་དབུགས་འབྱིན་པར་བྱེད། ཐམས་ཅད་དུ་རང་གི་ལས་ལ་དགེ་བའམ། མི་དགེ་བའི་འབྲས་བུ་རྣམ་པར་སྨིན་པ་དེ་ཐམས་

ཅད་སྟོན་པར་བྱེད་དོ། །རིག་སྔགས་ཀྱིས་ཆོམ་རྐུན་དང་། གདོལ་པ་དང་། རིག་སྔགས་སྤོང་ཞིང་ཉམས་པར་བྱེད་པ་དང་། རིག་སྔགས་སུན་འབྱིན་པར་བྱེད་པ་དང་། རིག་སྔགས་ལ་མ་དད་ཅིང་གུས་པས་མི་ཉན་པ་དེའི་མི་མཐོང་བ་ནི་མ་གཏོགས་ཏེ། གཞན་དུ་ན་རང་གི་ལས་ཀྱི་འབྲས་བུ་

སྡུག་བསྔལ་རྣམ་པ་སྣ་ཚོགས་ངེས་པར་འབྱུང་བར་མཐོང་ངོ་། །དེ་ནས་སེམས་ཅན་དེ་རྣམས་གང་འདོད་པའི་དོན་ཡིད་ལ་བྱེད་པ་འཇུག་སྟེ། འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པ་དེ་ཐམས་ཅད་འཁོར་གྱི་དཀྱིལ་འཁོར་ཆེན་པོ་རུ་རང་རང་གི་འབྲས་བུ་ངེས་པར་འབྱུང་བ་བསོད་ནམས་དང་།

བསོད་ནམས་མ་ཡིན་པའི་འབྲས་བུ་མཐོང་བར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་ཆེན་པོ་དང་། ཁང་པ་བརྩེགས་པ་དང་བཅས་པའི་གཞལ་ཡས་ཁང་མཐོང་ངོ་། །པོ་ཊ་ལ་ཀའི་རི་བོའི་གཞལ་ཡས་ཁང་རྣམས་བཅོམ་

ལྡན་འདས་ཀྱི་རྣམ་པར་འཕྲུལ་པ་དང་བཅས་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་དང་བཅས་པ་གཞལ་ཡས་ཁང་ན་ལྷ་དང་ཀླུས་ཡོངས་སུ་བསྐོར་བ་མཐོང་ངོ་། །གཞན་ཇི་ལྟར་ད་ལྟར་གྱི་དགེ་བ་དང་མི་དགེ་བའམ། ལོ་ལེགས་པ་དང་། ལོ་ཉེས་པའམ། ནད་དང་།

འཆི་བ་དང་། ཚེ་ཐུང་བ་དང་། ཚེ་རིང་བ་དང་། རང་གི་དམག་ཚོགས་དང་། ཕ་རོལ་གྱི་དམག་ཚོགས་དང་། གཡུལ་དང་། འཁྲུག་པ་དང་། འཇིགས་པ་དང་། རྒྱལ་བའམ། འཕམ་པའམ། རླག་པའམ། མ་བརླགས་པའམ། ཡམས་དང་། ཆར་ཆེས་པའམ། དུས་མ་ཡིན་པའི་

Vol. 92 · folio 173b

ཆར་རམ། ཆར་མེད་པའམ། རླུང་ངམ། སད་དམ། ཚངས་པ་ཡང་རུང་སྟེ་དེ་དག་ཐམས་ཅད་མཐོང་ངོ་། །ནོར་དང་ལྡན་པའམ། ཉམས་པའམ། འཕེལ་བའམ། ལོ་ཐོག་གམ། མེ་ཏོག་གམ། འབྲས་བུ་འཕེལ་བ་ཡང་རུང་སྟེ། དེ་དག་ཐམས་ཅད་མཐོང་ངོ་། །ཆོམ་རྐུན་དང་། རྐུན་

པོ་དང་། དུག་དང་། མཚོན་ཆའི་འཇིགས་པའམ། རྒྱལ་པོའི་འཇིགས་པའམ། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། མཁའ་འགྲོ་མ་དང་། བརྗེད་བྱེད་ཀྱི་འཇིགས་པ་དེ་ཐམས་ཅད་མཐོང་ངོ་། ནོར་ཆེན་པོའམ། ནོར་མེད་པ་དེ་ཐམས་ཅད་མཐོང་ངོ་། །འཆི་འཕོ་བ་དང་།

སྐྱེ་བ་མཐོང་ངོ་། །བུ་ཐོབ་པ་དང་། གྲོང་དང་། གྲོང་ཁྱེར་དང་། ཡུལ་དང་། ལྗོངས་ཐོབ་པ་དང་། བུད་མེད་ཐོབ་པ་དེ་ཐམས་ཅད་མཐོང་སྟེ། འདི་ལ་དོགས་པ་དང་། ཡིད་གཉིས་དང་། ཐེ་ཙོམ་བསྐྱེད་པར་མི་བྱ་ཞིང་། མཆོག་ཏུ་དད་པ་དང་གུས་པས་ཤིན་ཏུ་འབད་དེ་ཆོ་ག་འདི་བསྒྱུར་བར་བྱའོ། །

དོན་ཡོད་ཞགས་པའི་རྣམ་པར་ཐར་པའི་དཀྱིལ་འཁོར་དུ་འཇིག་རྟེན་ལས་འདས་པའི་སྒྲུབ་ཐབས་ཀྱི་ཆོ་ག་རྫོགས་སོ།། །།དེ་ནས་ཡང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དོན་ཡོད་པའི་ཞགས་པའི་སྙིང་པོ་གསུངས་པ་ཆོ་ག་ཞིབ་མོའི་ཉེ་བར་སྤྱོད་པ་དང་བཅས་པ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། རས་རིས་ཤིན་ཏུ་ཟབ་པ། ཤིན་ཏུ་གཏིང་དཔག་དཀའ་ཞིང་། ཤིན་ཏུ་རྒྱ་

ཆེ་ལ། ཤིན་ཏུ་སྒྲུབ་དཀའ་བ་དང་། དཀྱིལ་འཁོར་མང་པོ་དང་། ཕྱག་རྒྱ་མང་པོ་དང་། གསང་སྔགས་མང་པོ་དང་། རས་རིས་མང་པོ་ཡོངས་སུ་བསྒྲགས་པ་རྣམས་ནི་རབ་རིབ་དང་བྲལ་བར་མཐོང་སྟེ། བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོ་དུག་ཅན་པ་ཟབ་པ་ལྟ་བུ། ལྷུན་པོ་ཆེན་

པོ་དང་མཚུངས་པ་ལྟ་བུ། སྨིག་རྒྱུ་ལྟ་བུ། རྡུལ་ཕྲ་རབ་ལྟ་བུ་དེ་བཞིན་གཤེགས་པའི་ཡེ་ཤེས་དང་མཚུངས་པ་ལྟ་བུ། བགྲང་བ་ལས་ཡང་དག་པར་འདས་པ། མཚུངས་པ་མེད་པ། གཞལ་དུ་མེད་པ། ཚད་མེད་པ། བསྐལ་པའི་གྲངས་ཀྱིས་བགྲང་བར་བྱ་བ་མེད་པའི་བསྐལ་པའི་ཚད་

Vol. 92 · folio 174a

མ་དང་། བསྐལ་པ་བསམ་གྱིས་མི་ཁྱབ་པའི་ཚད་མ་དང་། ལྷའི་ཡུལ་གྱི་ཚད་མ་དང་། ཀླུའི་ཡུལ་གྱི་ཚད་མ་དང་། སེམས་ཅན་གྱི་ཚད་མ་དང་། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་ཚད་མ་དང་། དེ་བཞིན་གཤེགས་པའི་སྤྱན་ལ་སྣང་བའི་ཚད་མ་དང་།

དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ཀུན་དུ་སྣང་བའི་ཚད་མ་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚད་མ་དང་། བདུད་ཀྱི་ཡུལ་གྱི་ཚད་མ་རྣམས་ཀྱིས་ཐོག་མར་དམིགས་པ་མ་ལགས་སོ། །བཅོམ་ལྡན་འདས་བར་དུ་ཡང་དམིགས་པ་མ་ལགས། བཅོམ་ལྡན་འདས་བར་དུ་ཡང་

དམིགས་པ་མ་ལགས་སོ། ཐ་མར་ཡང་མ་ལགས་ན། བཅོམ་ལྡན་འདས་དེ་ཅི་ལྟར་ཡོངས་སུ་ཤེས་པར་བགྱི། སྒྲུབ་ཐབས་ཀྱི་ཆོ་གས་བསྒྲུབ་པར་བྱ་བ་ནི་དུ་ཞིག་ལགས། གསང་སྔགས་ནི་དུ་ཞིག །ཕྱག་རྒྱ་ནི་དུ་ཞིག །དཀྱིལ་འཁོར་ནི་དུ་ཞིག །བྲི་བར་བྱ་བའི་ཕྱག་རྒྱ་ནི་དུ་ཞིག་

ལག་པའི་ཕྱག་རྒྱ་ནི་དུ་ཞིག །བདུག་པའི་སྦྱོར་བ་ནི་དུ་ཞིག །མིག་སྨན་ནི་དུ་ཞིག །རིལ་བུ་ནི་དུ་ཞིག །བདུག་པ་ནི་དུ་ཞིག །རས་རིས་ནི་དུ་ཞིག །རྩ་བའི་གསང་སྔགས་ནི་དུ་ཞིག །སྙིང་པོ་ནི་དུ་ཞིག །ཉེ་བའི་སྙིང་པོ་ནི་དུ་ཞིག །ཁྲོ་བོའི་གསང་སྔགས་ནི་དུ་ཞིག །དྲག་པོ་ནི་དུ་ཞིག །

ཞི་བ་ནི་དུ་ཞིག །ཡི་གེ་གཅིག་པ་ནི་དུ་ཞིག །ཡི་གེ་གཉིས་པ་ནི་དུ་ཞིག །ཡི་གེ་གསུམ་པ་ནི་དུ་ཞིག །ཡི་གེ་བཞི་པ་ནི་དུ་ཞིག །ཡི་གེ་ལྔ་པ་ནི་དུ་ཞིག །ཡི་གེ་དྲུག་པ་ནི་དུ་ཞིག །ཡི་གེ་བདུན་པ་ནི་དུ་ཞིག །ཡི་གེ་བརྒྱད་པ་ནི་དུ་ཞིག །ཡི་གེ་དགུ་པ་ནི་དུ་ཞིག །ཡི་གེ་བཅུ་པ་ནི་དུ་ཞིག་ལགས།

སྨྱུང་བར་གནས་པ་ཅི་ལྟར་ལགས། ཉིན་མོ་དང་མཚན་མོ་ནི་ཅི་ལྟར། ཁྲུས་ཀྱི་ཆོ་ག་ནི་ཅི་ལྟར། གོས་བགོ་བ་ནི་ཅི་ལྟར། ཕྱོགས་བཅིང་བ་ནི་ཅི་ལྟར། དཀྱིལ་འཁོར་བཅིང་བ་ནི་ཅི་ལྟར། གཙུག་ཏོར་བཅིང་བ་ནི་ཅི་ལྟར། བདག་སྲུང་བ་ནི་ཅི་ལྟར། གཞན་སྲུང་བ་ནི་ཅི་ལྟར། གྲོགས་སྲུང་བ་ནི་

ཅི་ལྟར། སློབ་མ་སྲུང་བ་ནི་ཅི་ལྟར། རབ་ཏུ་འཇུག་པ་ནི་ཅི་ལྟར། ཕྱག་བྱ་བ་ནི་ཅི་ལྟར། བསྐོར་བ་བྱ་བ་ནི་ཅི་ལྟར། མཆོད་ཡོན་དང་། ཞབས་བསིལ་འབུལ་བ་ནི་ཅི་ལྟར། གཏོར་མ་འབུལ་བ་ནི་ཅི་ལྟར། མེ་ཏོག་འབུལ་བ་ནི་ཅི་ལྟར། བདུག་པ་ནི་ཅི་ལྟར། དྲི་ནི་ཅི་ལྟར། མར་མེ་ནི་ཅི་ལྟར།

Vol. 92 · folio 174b

ཉེ་རེག་ནི་ཅི་ལྟར། ལྷ་བཤོས་ནི་ཅི་ལྟར། ཐམས་ཅད་དུ་སྤྱན་དྲང་བ་ནི་ཅི་ལྟར། སྙན་གསན་དབབ་པ་ནི་ཅི་ལྟར། རྨི་ལམ་བསྐུལ་བ་ནི་ཅི་ལྟར། སྦྱིན་སྲེག་གི་ཆོ་ག་ནི་ཅི་ལྟར་ལགས། ཞི་བ་ཅན་ནི་དུ་ཞིག་ལགས། རྒྱས་པ་ཅན་ནི་དུ་ཞིག །མངོན་སྤྱོད་ཅན་ནི་དུ་ཞིག །ཞགས་པ་ནི་དུ་ཞིག །རྡོ་རྗེ་ནི་དུ་ཞིག །པདྨ་

ནི་དུ་ཞིག །གཤེགས་སུ་གསོལ་བ་ནི་དུ་ཞིག །ཉེ་བར་འཕོ་བར་བྱེད་པའི་བྱ་བ་ནི་དུ་ཞིག་ལགས། བཅོམ་ལྡན་འདས་དེ་དག་གི་མཚན་ཉིད་ཅི་འདྲ་བ་དང་། རྒྱུ་མཚན་ཅི་འདྲ་བ་དང་། ཀུན་ཏུ་སྤྱོད་པར་འགྱུར་བ་ནི་མི་ཤེས་སོ། །བཅོམ་ལྡན་འདས་བདག་ལས་སྒྲུབ་པའི་ཆོ་ག་དུ་ཞིག་གི་རྗེས་སུ་

འབྲང་བར་བགྱི། བཅོམ་ལྡན་འདས་ཅི་ལྟར་ཕྱི་མའི་དུས་ཕྱི་མའི་ཚེ་ན། སེམས་ཅན་རྣམས་ཀྱི་རྗེས་སུ་འབྲང་བར་འགྱུར། དངོས་གྲུབ་དུ་ཞིག་རྗེས་སུ་སྩལ་བར་བགྱི། ཅི་ལྟར་སེམས་ཅན་བླ་ན་མེད་པར་འགྱུར་བར་བགྱི། བཅོམ་ལྡན་འདས་འདི་དག་ལ་བདག་འཁྲུགས་པར་གྱུར་

ཅིང་། བདག་ལ་སྤོབས་པ་མེད་དོ། །བཅོམ་ལྡན་འདས་བདག་གིས་ཤེས་པར་མི་ནུས་ན། བཅོམ་ལྡན་འདས་ཀྱིས་ཆོ་གའི་མཚན་ཉིད་ཇི་ལྟ་བ་དེ་དག་བདག་ལ་གསུང་དུ་གསོལ། བཅོམ་ལྡན་འདས་བདག་ལ་ཐེ་ཚོམ་མཆིས་པས། བཅོམ་ལྡན་འདས་ཀྱིས་བདག་གི་ཐེ་ཚོམ་བཅད་

དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་ཞུ་བ་ཡོངས་སུ་ཞུས་པར་གྱུར་པ་གསན་ནས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་མཆོག་ཏུ་རྙེད་

པར་དཀའ་བ་འདི་དྲི་བ་ཡོངས་སུ་དྲིས་པ་ནི་ལེགས་སོ། །ལེགས་སོ། །ལག་ན་རྡོ་རྗེ་ཁྱོད་ལ་ཡོངས་སུ་འདྲི་བར་བྱེད་པའི་སྤོབས་པ་སྐྱེས་པ་ནི་ལག་ན་རྡོ་རྗེ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དོན་གྱི་ཆེད་ཡོངས་སུ་ཞུས་པའི་ཕྱིར་དང་། རིག་སྔགས་འཆང་ཐམས་ཅད་ཀྱི་མཆོག་འགྲུབ་པའི་

དོན་དུ་ཡོངས་སུ་ཞུས་པའི་ཕྱིར་དང་། ལག་ན་རྡོ་རྗེ་འདི་ནི་མཆོག་ཏུ་རྨད་དུ་བྱུང་བས་ཏེ། ཕྱི་བཞིན་དུ་རྗེས་སུ་འབྲང་ངོ་། །ལག་ན་རྡོ་རྗེ་འདི་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་མཚུངས་པའོ། །ལག་ན་རྡོ་རྗེ་དོན་ཡོད་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོའི་ཆོ་ག །རྒྱ་མཚོ་ཆེན་པོ་

Vol. 92 · folio 175a

དུག་ཅན་པ་དང་། ཟབ་བར་མཚུངས་པས་ཏེ། འདི་ནི་གཏིང་དཔག་དཀའ་བའོ། །ལག་ན་རྡོ་རྗེ་རྒྱ་མཚོ་ཆེན་པོ་ཐིགས་པའི་གྲངས་ཀྱིས་བགྲང་བར་ནུས་ཀྱི། ལག་ན་རྡོ་རྗེ་དོན་ཡོད་ཞགས་པའི་སྙིང་པོའི་ཚད་ནི་གཟུང་བར་མི་ནུས་སོ། །ལག་ན་རྡོ་རྗེ་རིའི་རྒྱལ་པོ་རི་རབ་ནི་

རྡུལ་ཕྲ་རབ་ཏུ་གཏོར་བའི་གྲངས་ཀྱིས་མཐར་ཐུག་པར་བྱ་བར་ནུས་ཤིང་། སླར་ཡང་རིའི་རྒྱལ་པོ་རི་རབ་ཏུ་གནས་པར་འདོད་པས་རང་གི་གནས་སུ་རབ་ཏུ་བཞག་པར་ནུས་ཀྱི་དོན་ཡོད་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོའི་ཚད་ནི་གཟུང་བར་མི་ནུས་སོ། །དེ་ལྟར་རྒྱ་ཆེ་བ། དེ་ལྟར་གཏིང་དཔག་

དཀའ་བ། དེ་ལྟར་ཟབ་པ་སྟེ། ལག་ན་རྡོ་རྗེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱིས་མཁྱེན་པ་དང་། གཏིང་དཔག་པར་མི་ནུས་སོ། །དོན་ཡོད་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོའི་ཆེད་འཛིན་པར་ནི་མི་ནུས་སོ། །

ལག་ན་རྡོ་རྗེ་སྒྱུ་མ་ལྟ་བུ་གང་ཡིན་པ་དེ་དང་། སྙིང་པོ་དང་། ཏིང་ངེ་འཛིན་གང་ཡིན་པ་དེ་དང་། ཞགས་པ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་འདི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་རྣམས་ཀྱི་

གཟུགས་དང་། ཁ་དོག་དང་། དབྱིབས་སྣ་ཚོགས་པ་དང་། ཚུལ་སྣ་ཚོགས་སུ་མཐོང་བར་བྱེད་དེ། སེམས་ཅན་ཐམས་ཅད་བསྒྲལ་བའི་ཆེད་དང་། རིག་སྔགས་འཆང་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་མཆོག་སྒྲུབ་པར་བྱེད་པའོ། །ལག་ན་རྡོ་རྗེ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐམས་ཅད་དུ་མཉམ་པར་འགྲོ་བ་སྟེ། གང་དུ་ཆུ་དང་འོ་མ་མཉམ་པས་མཉམ་པ་བཞིན་ནོ། །ཐམས་ཅད་དུ་མཉམ་པས་བྱམས་པ་དང་སྙིང་རྗེ་ཆེན་པོ་རྒྱས་པར་བྱེད་དོ། །དོན་ཡོད་པའི་ཞགས་པས་འགུགས་པར་བྱེད་ལ་སྒྲོལ་བར་བྱེད་

དོ། །འཆི་བ་མེད་པའི་ཐད་རྡོ་རྗེའི་དཀྱིལ་འཁོར་དུ་འཇོག་པར་བྱེད་དོ། །དམན་པ་དང་། མཆོག་དང་། བར་མ་དང་། རིགས་མཐོན་པོ་དང་། དམའ་བ་དང་། དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལ་སོགས་པ་རྣམས་ཐམས་ཅད་དུ་མཉམ་པར་དྲན་པར་

Vol. 92 · folio 175b

བྱེད་ཅིང་མིང་སྨོས་པ་ཙམ་གྱིས་འཛིན་པར་བྱེད་ཅིང་། སེམས་ཅན་ཐམས་ཅད་བླ་ན་མེད་པར་བྱེད་ལ་དུབ་པ་དང་། ངལ་བ་དང་། ཡིད་ལ་གཅགས་པར་འགྱུར་བ་མེད་དོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་

ཆེན་པོ་དང་། སྲིན་པོ་དང་། འབྱུང་པོ་དང་། བརྗེད་བྱེད་དང་། ཡི་དགས་དང་། ནགས་དང་། གཤིན་རྗེའི་གནས་ཇི་སྲིད་དུ་ས་འོག་གི་ནང་དུ་སོན་པ་རྣམས་དང་། སྲིད་པའི་རྩེ་མོ་ནས་མནར་མེད་པའི་མཐར་ཐུག་པ་དང་། ཇི་སྲིད་དུ་འོག་མིན་གྱི་སྲིད་པའི་བར་དུ་གཅིག་ཏུ་སེམས་

བསྐྱེད་པས་ཡོངས་སུ་རྒྱུག་གོ། །ལྷ་དང་། ཀླུ་དང་བཅས་པ་ནས་ཇི་སྲིད་དུད་འགྲོའི་སྐྱེ་གནས་ཀྱི་བར་ཐམས་ཅད་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་རྣམས་བླ་ན་མེད་པར་བྱེད་དོ། །དཔེར་ན་ཉི་མའི་འོད་ཟེར་ནི་མུན་པས་མདོངས་པ་ཐམས་ཅད་སེལ་བར་བྱེད་དེ། འཛམ་

བུའི་གླིང་ཐམས་ཅད་དུ་མཉམ་པར་སྣང་བར་བྱེད་དོ། །དེ་བཞིན་ཉིད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐམས་ཅད་དུ་སྙིང་རྗེ་ཆེན་པོས་ཀུན་དུ་སྣང་བར་བྱེད་ཅིང་ཐམས་ཅད་ལ་ཐམས་ཅད་དུ་མཉམ་པར་གནས་ཏེ། སྡུག་བསྔལ་གྱི་

ཚོར་བ་དང་། འཇིགས་པ་མི་བཟད་པ་དང་། ནད་དང་། མྱ་ངན་དང་། སྡུག་བསྔལ་གྱི་འཆི་བ་རྣམས་ཐམས་ཅད་ཡོངས་སུ་གྲོལ་བར་བྱེད་དོ། །སྐྱེ་བ་དང་། རྒ་བ་དང་། འཆི་བའི་སྡུག་བསྔལ་ཡོངས་སུ་གྲོལ་བར་བྱེད་དོ། །མཐོ་རིས་ལ་གཞོལ་བ་ལ་སོགས་པའི་ལམ་ཐམས་ཅད་

དུ་འགོད་པར་བྱེད་དོ། །དེ་ལྟར་ན་སྙིང་རྗེ་ཆེན་པོ་དང་། བྱམས་པ་ཆེན་པོས་ཐམས་ཅད་དུ་མཉམ་པར་རྗེས་སུ་འགྲོ་སྟེ། ཐམས་ཅད་དུ་མཉམ་པར་མཆོག་ཏུ་བྱེད་ཅིང་། ཐམས་ཅད་དུ་མཉམ་པར་བྱང་ཆུབ་ཀྱི་ལམ་ལ་རབ་ཏུ་འགོད་པར་བྱེད་དོ། །ཐམས་ཅད་དུ་མཉམ་པར་སྐྱབས་དང་།

དཔུང་གཉེན་དུ་འགྱུར་རོ། །ལག་ན་རྡོ་རྗེ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ནི། བརྟན་པ་དང་། གོ་ཆ་དང་། སྤྲོ་བ་ཆེན་པོས་རིག་སྔགས་འཆང་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཆེད་དུ་ཞུགས་པའོ། །ལག་

Vol. 92 · folio 176a

ན་རྡོ་རྗེ་འདི་ནི་ཐབས་ཅིག་ཏུ་འཇུག་པ་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོའི་ལམ་ལས་སོ་སོར་ལྡོག་པར་བྱེད་པའོ། །བདེ་བ་ནས་བདེ་བར་གཤེགས་པའི་ལམ་དུ་འགོད་པར་བྱེད་པའོ། །རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད་ལ་བསམ་པ་རྣམ་པ་གཞན་དུ་འགྱུར་བ་མེད་དོ། །

སེམས་ཀྱིས་ཡིད་ལ་གཅགས་པར་འགྱུར་བ་མེད་དོ། །དེ་ནས་ཡང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡོན་ཏན་བསྔགས་པ་ཆེན་པོ་འདི་ཐོས་ནས་དགའ་བ་དང་། མགུ་

བ་དང་། ཡི་རངས་པ་དང་། རབ་ཏུ་རངས་པ་དང་། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་ཆེད་དུ་བརྗོད་པ་ནི་ཆེད་དུ་བརྗོད་པར་གྱུར་ཏོ། །ཨེ་མ་མགོན་པོ་འཇིག་རྟེན་དབང་ཕྱུག །ཨེ་མ་འཇིག་རྟེན་དབང་ཕྱུག་བླ་མ། །ཁྱོད་ཀྱི་མིང་གི་ཡོན་ཏན་བསྐྱེད་པས། །ངན་འགྲོ་ཐམས་ཅད་གྲོལ་བར་བྱེད་དོ། །ཕྱག་ན་

རྡོ་རྗེས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། འདི་ནི་འཇིག་རྟེན་གྱི་བླ་མ་མགོན་པོ། འདི་ནི་འཇིག་རྟེན་གྱི་ཡབ་ཆེན་པོ། འདི་ནི་འཇིག་རྟེན་སྒྲོལ་བར་བྱེད་པའི་མགོན་པོ། ཐུབ་པ་ཉིན་མོའི་ཉི་མའོ། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་ལྟ་བུར་ལག་ན་རྡོ་རྗེ་ཇི་ལྟར་སྨྲ་བར་བགྱིད། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། ལག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཅན་སོང་ལ། མངོན་པར་ཕྱག་འཚལ་ནས་ཡོངས་སུ་ཞུས་ཤིག །མཆོག་ཏུ་གྱུར་པའི་ཚིག་གིས་ཆོ་ག་ཇི་ལྟ་བ་བཞིན་དུ་སྙིང་པོ་དང་། དེ་ཁོ་ན་ཉིད་ཀྱི་རང་བཞིན་དེ་རྣམས་སྟོན་པར་བྱེད་དོ། །དོན་ཡོད་

ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོ་སྒྲུབ་པའི་དངོས་གྲུབ་ཇི་ལྟ་བ་བཞིན་དུ་སྟོན་པར་འགྱུར་ཞིང་ལུང་འབོགས་པར་བྱེད་དོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་ཟབ་མོ་ཟབ་པ་རྟོགས་ཤིང་ཁོང་དུ་ཆུད་དེ་སེང་གེའི་རྩལ་གྱིས་འགྲོ་ཞིང་། རྡོ་རྗེ་བསྐོར་བར་བྱེད་བཞིན་པས་ཟླ་བ་མཛེས་པ་དྲི་མ་མེད་

པའི་མེ་ཏོག་བཟུང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ག་ལ་བ་དེར་དོང་སྟེ་ལྷགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས། ལན་གསུམ་

Vol. 92 · folio 176b

བསྐོར་བ་བྱས་ཏེ། ཟླ་བ་མཛེས་པ་དྲི་མ་མེད་པའི་མེ་ཏོག་ཕུལ་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་ཤིན་ཏུ་རྨོངས་པ་དང་ལྡན་པ་དྲན་པ་ཡོངས་སུ་

ཉམས་པ་བློའི་དཔའ་ཞུམ་པ་སྟེ། དོན་ཡོད་ཞགས་པའི་སྙིང་པོའི་གསང་སྔགས་དང་ཕྱག་རྒྱ་མང་པོ་དང་། རས་རིས་ཀྱི་སྒྲུབ་པའི་ཆོ་ག་ཤིན་ཏུ་རྒྱས་པ་འདི་དང་དེ་དག་མི་ཤེས་སོ། །སྔོན་མ་ནི་དུ་ཞིག །བར་མ་ནི་དུ་ཞིག །ཐ་མ་ནི་དུ་ཞིག །རྩ་བའི་གསང་སྔགས་ནི་དུ་ཞིག །སྙིང་པོ་ནི་དུ་ཞིག །ཉེ་བའི་

སྙིང་པོ་ནི་དུ་ཞིག །ཇི་སྲིད་དུ་ཡི་གེ་བཅུ་པའི་བར་གྱི་གསང་སྔགས་ནི་དུ་ཞིག །དཀྱིལ་འཁོར་དང་། ཆོ་ག་ཞིབ་མོ་དང་། རས་རིས་ནི་དུ་ཞིག་ལགས། བཅོམ་ལྡན་འདས་བདག་ལ་སྐབས་དབྱེ་བར་གསོལ་ཞེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཕྱག་ན་

རྡོ་རྗེ་ལ་བརྩེ་བའི་དོན་དུ་ཟླ་བ་མཛེས་པ་དྲི་མ་མེད་པའི་མེ་ཏོག་བླངས་ནས། བཅོམ་ལྡན་འདས་ལ་མཆོད་པའི་དོན་དུ་ནམ་མཁའི་དབྱིངས་སུ་གཏོར་རོ། །གཏོར་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་དབུའི་སྟེང་གི་མཚམས་སུ་འཁོར་ལོའི་རྣམ་པར་གནས་སོ། །དཔག་ཚད་ལྔ་བརྒྱར་ཁྱབ་ཅིང་ས་གཞི་ལས་གྱེན་དུ་

འཕགས་པ་ཉིད་ཀྱི་ཇི་སྲིད་འོག་མིན་གྱི་གནས་ཀྱི་བར་དུ་གནས་ཏེ། བཻ་ཌཱུརྱ་སྔོན་པོ་ཆེན་པོའི་སྡོང་བུ་ལ་འཛམ་བུ་ཆུ་བོའི་གསེར་གྱི་དྲིལ་བུ་དཔྱངས་པའི་བ་དན་བཅིངས་པས་མཛེས་ཤིང་འབར་བར་ཡོངས་སུ་གྱུར་ཏོ། །འཁོར་ལོའི་རྣམ་པ་ལེགས་པར་ཡོངས་སུ་འཁོར་བ་ནི་ཉི་མ་བྱེ་བ་བརྒྱ་སྟོང་ཕྲག་པས་ལྷག་པའི་ཀུན་

ཏུ་སྣང་བ་ལེགས་པར་ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཤིན་ཏུ་དྲི་མ་མེད་པའི་གསེར་གྱི་མཆོད་སྡོང་རྣམ་པར་མཛེས་པར་ཤིན་ཏུ་གནས་པ། ནོར་བུ་རིན་པོ་ཆེ་ཆེན་པོ་སྣ་ཚོགས་པས་སྤྲས་པ་དགའ་བར་བྱ་བ། ཡིད་ཀྱི་ཤིང་རྟ་རབ་ཏུ་ཚིམ་པར་བྱེད་པ་དང་། དགའ་བར་བྱ་བ་མཐོང་བ་ལྷ་དང་། ལྷ་མ་ཡིན་གྱིས་

ཕྱག་བྱ་བར་འོས་པ་དང་། རྗེད་པར་བྱ་བར་འོས་པ་དང་། དྲང་སྲོང་རྣམས་ཀྱིས་བསྟོད་པར་འོས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལུང་བསྟན་པར་འོས་པ་སྟེ། ཐམས་ཅད་དུ་ཟླ་བ་མཛེས་པ་དྲི་མ་མེད་པའི་མེ་ཏོག་གི་གེ་སེར་ལ། དེ་བཞིན་གཤེགས་པའི་སྐུ་བཞུགས་པའི་རིན་པོ་ཆེ་སྣ་བདུན་

Vol. 92 · folio 177a

གྱི་ཁང་པ་བརྩེགས་པ་འཁོར་གྱི་དཀྱིལ་འཁོར་གྱིས་ཡོངས་སུ་བསྐོར་ནས་བཞུགས་པ་ལ། གདུགས་ཀུན་ནས་ཡོངས་སུ་འཁོར་བའི་ལྷ་རྫས་ཀྱི་གཞལ་མེད་ཁང་དང་། ལྷ་དང་། ཀླུ་དང་། ཆུས་བྱུང་དང་། ལྷའི་བུ་མོ་དང་། ཀླུའི་བུ་མོ་དང་། མིའམ་ཅིའི་བུ་མོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་།

དྲི་ཟ་དང་། ལྷ་མ་ཡིན་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། རིག་སྔགས་འཆང་དང་། རིག་པ་འཛིན་པ་བརྒྱ་སྟོང་ཕྲག་གིས་ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་པའི་གཞལ་མེད་ཁང་དང་། ལྷ་རྫས་ཀྱི་རྒྱན་དང་། གོས་དང་། ལྷབ་ལྷུབ་ཀྱིས་བརྒྱན་ཅིང་། དར་དཔྱངས་དང་། བ་དན་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་

དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཐོགས་ཏེ། བཅོམ་ལྡན་འདས་དང་འཁོར་གྱི་དཀྱིལ་འཁོར་ལ་མཆོད་པ་བྱེད་པར་གྱུར་ཏེ། ལྷ་རྫས་སྣ་ཚོགས་པའི་མཆོད་པའི་སྤྲིན་གྱི་ཆར་འབབ་པར་གྱུར་ཅིང་ལྷའི་དྲི་ཟའི་གླུ་དབྱངས་ཡང་དག་པར་ལེན་ཅིང་། རྔ་དང་། ཕེག་

རྡོབ་རྣམས་ཀྱིས་མཆོད་པའི་དོན་དུ་རོལ་མོ་བྱེད་པར་གྱུར་ཏོ། །པོ་ཊ་ལའི་རི་བོར་གཞལ་མེད་ཁང་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་རུ། ཅ་ཅོའི་སྒྲ་ཆེན་པོ་སྒྲོགས་པར་གྱུར་ཏོ། །པོ་ཊ་ལ་ཀར་གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་།

ལྟོ་འཕྱེ་ཆེན་པོ་གང་ཡིན་པ་རྣམས་ཀྱང་སེམས་ཚིམ་པ་ཐོབ་ཅིང་། རྨད་དུ་བྱུང་བ་ཐོབ་བོ། །དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་བའི་ལྷ་གང་ཡིན་པ་རྣམས་དང་། པདྨའི་རིགས་ཀྱི་དཀྱིལ་འཁོར་གྱི་ལྷ་གང་ཡིན་པ་རྣམས་དང་། རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་བའི་ལྷ་གང་ཡིན་པ་རྣམས་དང་། ནོར་

བུའི་རིགས་ཀྱི་དཀྱིལ་འཁོར་གྱི་ལྷ་གང་ཡིན་པ་རྣམས་དང་། གླང་པོའི་རིགས་ཀྱི་དཀྱིལ་འཁོར་བའི་ལྷ་གང་ཡིན་པ་རྣམས་དང་། དཀྱིལ་འཁོར་ཆེན་པོའི་ལྷ་གང་ཡིན་པ་དེ་རྣམས་ཐམས་ཅད་མཆོག་ཏུ་ཡ་མཚན་པ་དང་ལྡན་ཞིང་། རྨད་དུ་བྱུང་བ་ཐོབ་སྟེ། སེམས་ཚིམ་པ་སྐྱེས་ལ་ངོ་མཚར་བ་ཐོབ་ནས། བཅོམ་

ལྡན་འདས་ལ་ལྟ་བར་བྱེད་བཞིན་དུ་ཀུན་དུ་གནས་པར་གྱུར་ཏོ། །ཟླ་བ་དང་། ཉི་མ་དང་། རྒྱུ་སྐར་དང་། སྐར་མའི་ཚོགས་དང་། ལྷ་དང་། མཚན་མོའི་ལྷ་དང་། དབང་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གཞོན་ནུ་དང་། དགའ་བྱེད་དབང་ཕྱུག་དང་། ཚོགས་ཀྱི་དབང་ཕྱུག་དང་།

Vol. 92 · folio 177b

ནག་པོ་ཆེན་པོ་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་ཚངས་རིས་ཀྱི་ལྷའི་བུ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ནོར་བུ་བཟང་པོ་དང་། གང་བ་བཟང་པོ་དང་། སྟོབས་ཀྱི་ལྷ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་གྱི་ལྷ་རྣམས་དང་། གཞོན་ནུའི་ལྷ་རྣམས་གདུགས་ཀྱི་ཡུབ་ནས་བཟུང་ནས། བཅོམ་ལྡན་

འདས་ལ་མཆོད་པ་བྱེད་པར་གྱུར་ཏོ། །ལྷའི་གཞལ་མེད་ཁང་ཆེན་པོ་ལྷའི་རྣམ་པར་སྤྲུལ་པའི་མཆོད་པའི་སྤྲིན་གྱིས་མཆོད་པ་བྱེད་དོ། །གདུགས་ཀྱི་རྣམ་པའི་ཁོར་ཡུག་གི་ནང་དུ་དགའ་ལྡན་གྱི་ལྷ་དང་། འོག་མིན་གྱི་ལྷ་དང་། ལྷའི་གནས་ཐམས་ཅད་དུ་ལྷའི་བུས་ཡོངས་སུ་བསྐོར་བ་གང་ཡིན་པ་དེ་ནམ་མཁའ་ལ་མཆོད་པའི་

སྤྲིན་ཆེན་པོས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། སྤྱན་རས་གཟིགས་ཀྱི་དབང་ཕྱུག་འཁོར་གྱི་དཀྱིལ་འཁོར་ལ་མཆོད་པ་བྱེད་དོ། །སའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་གང་ཡིན་པ་རྣམས་དང་། ས་གཞིའི་ལྷ་དང་། ཆུའི་ལྷ་དང་། ནགས་ཀྱི་ལྷ་དང་། ལོ་ཐོག་གི་ལྷ་དང་། སྨན་གྱི་ལྷ་གང་ཡིན་པ་དེ་

རྣམས་ཐམས་ཅད་སའི་མཐིལ་གྱི་གཞལ་ཡས་ཁང་དེ་སྦྱོང་བར་བྱེད་པར་གྱུར་ཏེ། དྲི་སྣ་ཚོགས་པའི་ཆུས་ཆག་ཆག་འདེབས་ཤིང་། དྲི་སྣ་ཚོགས་པའི་ཕྱེ་མས་བྱུག་པར་བྱེད། མེ་ཏོག་སྣ་ཚོགས་གཅལ་དུ་འགྲེམས་ཤིང་། བདུག་པ་སྣ་ཚོགས་ཀྱིས་བདུགས་ནས་སའི་དཀྱིལ་འཁོར་ཡང་དག་པར་བརྒྱན་པར་གྱུར་ཏོ། །

དེ་ལྟར་རྣམ་པར་འཕྲུལ་པའི་གོ་སྐབས་རྒྱ་ཆེན་པོ་ནི་དེ་བཞིན་གཤེགས་པའི་ཁྱུ་མཆོག་དེ་བཞིན་གཤེགས་པའི་དམ་ཚིག་བྱིན་གྱིས་བརླབ་པའོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས། དེ་ལྟ་བུའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཆེན་པོ་ཡངས་པ་རྒྱ་ཆེན་པོ་མཐོང་ནས། ཤིན་ཏུ་ཡ་མཚན་པ་

ཐོབ་ཅིང་རྨད་དུ་བྱུང་བ་ཐོབ་སྟེ། འདི་ལྟར་སེམས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྟན་པ་ནི་ཤིན་ཏུ་ཡ་མཚན་ནོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་

སྤྱན་རས་གཟིགས་དབང་ཕྱུག་ལ་སླར་ཡང་གསོལ་བ་བཏབ་བོ། །བཅོམ་ལྡན་འདས་སྐབས་དབྱེ་བར་མཛོད་ཅིག་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ལག་ན་རྡོ་རྗེ་དོགས་པ་བསལ་

Vol. 92 · folio 178a

བ་དང་། ཐེ་ཚོམ་གཅོད་པ་ལ་རྗེས་སུ་བཟུང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་

སྔར་འཁོད་ནས། མིག་མི་འཛུམས་ཤིང་བཞིན་རབ་ཏུ་འཛུམ་པ་ལུས་འོད་ཟེར་འབར་བས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་དོན་ཡོད་ཞགས་པའི་དཀྱིལ་འཁོར་དང་། པདྨ་ཡངས་པའི་རྣམ་པར་འཕྲུལ་པ་དང་། པདྨ་གཙུག་ཏོར་གྱི་ནོར་བུའི་དཀྱིལ་འཁོར་དང་། དོན་

ཡོད་ཞགས་པའི་གསང་བ་སྒྱུ་མ་ལྟ་བུའི་སྙིང་པོ་དང་ཕྱག་རྒྱ་དང་། ཀུན་དུ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ཆེན་པོའི་རིམ་པར་ཕྱེ་བ་མཆིས་ཏེ། བཅོམ་ལྡན་འདས་དེ་དག་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཡོངས་སུ་བསྒྲག་པར་བགྱིའོ། །སྒྲུབ་པ་བླ་ཞིང་བཀླགས་པས་གྲུབ་པ་དམ་ཚིག་མཆོག་ཏུ་གྱུར་

པའི་སྙིང་པོ་ཉེ་བར་བསྟན་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཕྱག་གསེར་གྱི་ཁ་དོག་ཅན། འོད་ཟེར་སྣ་ཚོགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གིས་ཡང་དག་པར་བརྒྱན་པ་བརྐྱང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་

སྤྱི་བོའི་གཙུག་ཏུ་ཕྱག་འཇོག་པར་མཛད་ཅིང་སེམས་ཅན་དག་པ་ཆེན་པོ་ལེགས་སོ་ལེགས་སོ། །སྤྱན་རས་གཟིགས་ཀྱི་དབང་ཕྱུག །ད་ལྟ་དེའི་དུས་ལ་བབ་པར་ཤེས་ན་སྨྲོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ཀྱིས་བསྐུལ་བར་རིག་

ནས་ཕྱོགས་བཅུར་ཀུན་དུ་བལྟས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཀུན་དུ་བལྟས་ཏེ། རྩ་བའི་གསང་སྔགས་དོན་ཡོད་ཞགས་པའི་པདྨ་གཙུག་ཏོར་གྱི་ནོར་བུ་དོན་ཡོད་ཞགས་པའི་སྙིང་པོ་གསུངས་སོ། །དོན་ཡོད་པའི་སྙིང་པོའི་དཀྱིལ་འཁོར་དུ་

པདྨ་གཙུག་གཏོར་གྱི་གསང་བའི་རྣམ་པར་འཕྲུལ་པ་དྲིས་པའི་དཀྱིལ་འཁོར་གྱི་ཆོ་ག་དང་པོ་ནི། དུས་གསུམ་དུ་གཤེགས་ཤིང་རབ་ཏུ་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་དོན་ཡོད་པ་གསང་བའི་དཀྱིལ་འཁོར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་

Vol. 92 · folio 178b

འཚལ་ལོ། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རིགས་ཀྱི་སྙིང་པོའི་དམ་ཚིག་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་སོང་བ་རྣམས་ལ་ཕྱག་

འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །བློ་གྲོས་ཆེན་པོ་འཕགས་པ་ཤ་ར་དྭ་ཏིའི་བུ་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཚོགས་ཀྱི་མཆོག་རྣམས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་

དག་པར་རྫོགས་པའི་སངས་རྒྱས་འཕགས་པ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །པདྨོའི་གཙུག་ཏོར་གྱི་དཀྱིལ་འཁོར་འཆང་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་

ཅན་ལ་ཕྱག་འཚལ་ལོ། །དྲང་སྲོང་ཆེན་པོ་འཕགས་པའི་ཚོགས་ཀྱི་མཆོག་རྣམས་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ལོ། །རྣམ་པར་ཐར་བའི་དཀྱིལ་འཁོར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ནས་གསུངས་པ། དོན་ཡོད་པའི་རྒྱལ་པོའི་པདྨ་གཙུག་ཏོར་གྱི་སྙིང་པོ་དེ་བཞིན་

གཤེགས་པའི་སྤྱན་སྔར་གསུངས་པ་འདི། བདག་གིས་ད་ལྟར་འཁོར་ཆེན་པོ་ལ་བཤད་པར་བགྱིའོ། །ཏདྱ་ཐཱ། ཨོཾ་པདྨོཥྞཱི་ཥ་བ་ར་ད་ཧཱུཾ། ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མ་ཧཱ་ཀཱ་རུ་ཎི་ཀ །ཙི་རི་ཙི་རི། པི་རི་པི་རི། ཙི་རི་ཙི་རི། པ་ར་མ་ཀཱ་རུ་ཎི་ཀ །སི་རི་སི་རི། ཙི་རི་ཙི་རི། པི་རི་པི་རི། བི་རི་བི་རི། མ་ཧཱ་པདྨ་ཧ་སྟཾ། ཀ་

ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མ་ཧཱ་ཤུདྡྷ་སཏྭ། ཨེ་ཧྱེ་ཧི། བུ་དྷྱ་བུ་དྷྱ། དྷཱ་བ་དྷཱ་བ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། པ་ར་མ་ཤུདྡྷ་སཏྭ། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། མ་ཧཱ་སྠཱ་མ་པྲཱཔྟ། ཙ་ལ་ཙ་ལ། སཉྩ་ལ། བི་ཙ་ལ། ཨེ་ཊ་ཊ། ཨེ་ཊ་ཊ། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། མ་ཧཱ་བི་མ་ལ།

པདྨོཥྞཱི་ཥ་བི་ར་ཛ་སཱ་དྷ་ཡ་ཧཱུཾ་ཧཱུཾ། ཨེ་ཧྱེ་ཧི། མ་ཧཱ་ཀཱ་རུ་ཎི་ཀ །མ་ཧཱ་པ་ཤུ་པ་ཏི། བེ་ཥ་དྷ་ར། དྷ་ར་དྷ་ར། མ་ཧཱ་པདྨོཥྞཱི་ཥ་དྷ་ར། ས་ར་ས་ར། སརྦ་ཨཱ་བ་ར་ཎ་ཧ་ར། ཙ་ར་ཙ་ར། སརྦ་བིདྱཱ་དྷ་ར་ན་མ་སྐྲྀ་ཏེ། ཧ་ར་ཧ་ར། སརྦ་ཀིལྤི་ཥ་ཧ་ར། ཧཱ་ཧཱ་ཧཱ་ཧཱ། ཧཱི་ཧཱི་ཧཱི་ཧཱི། ཧཱུ་ཧཱུ་ཧཱུ་ཧཱུ། ཨོཾ་ཀཱ་ར་བྲཧྨ་བ་ཥ་དྷ་ར། དྷ་ར་དྷ་ར།

Vol. 92 · folio 179a

དྷི་རི་དྷི་རི། དྷུ་རུ་དྷུ་རུ། མ་ཧཱ་པདྨ་ཛྭ་ལ་དྷ་ར། ཏ་ར་ཏ་ར། ས་ར་ས་ར། པ་ར་པ་ར། པདྩ་པཱ་ས་དྷ་ར། ཙ་ར་ཙ་ར། བ་ར་བ་ར། བ་ར་ར་ཤྨི་ཤ་ཏ་ས་ཧ་སྲ། པྲ་ཏི་མཎྜི་ཏ་ཤ་རཱི་རཱ་ཡ། ཛྭ་ལ་ཛྭ་ལ། ཏ་པ་ཏ་པ། བྷ་ག་བཱ་ན་སོ་མ་ཨཱ་དི་ཏྱ་ཡ་མ། བ་རུ་ཎ། ཀུ་བེ་ར། བྲཧྨ། ཨིནྡྲ། རྀ་ཥི་ག་ཎ། དེ་བ་ག་ཎ། ཨ་བྷྱ་རྩི་

ཏ། ཙ་ར་ཎ། སུ་རུ་སུ་རུ། ཙུ་རུ་ཙུ་རུ། པུ་རུ་པུ་རུ། མུ་རུ་མུ་རུ། ས་ན་ཏ་ཀུ་མཱ་ར། རུ་ཏྲ། བཱ་ས་བ། བིཥྞུ། དྷ་ན་ད། དེ་བ་རྀ་ཥི། ནཱ་ཡ་ཀ །བ་ཧུ། བི་བི་དྷ། བེ་ཥ་དྷ་ར། མ་ཧཱ་པདྨ་དཎྜ་དྷ་ར། པཱ་ཤ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི་དྷི། དྷུ་རུ་དྷུ་རུ་དྷུ། ཐ་ར་ཐ་ར། གྷ་ར་གྷ་ར། ཡ་ར་ཡ་ར། ལ་ར་ལ་ར། ཧ་ར་ཧ་ར། པ་ར་པ་

ར། ས་ར་ས་ར། ཙ་ར་ཙ་ར། བ་ར་བ་ར། མ་ཧཱ་བ་ར་དཱ་ཡ་ཀ །ས་མནྟ་མཎྜ་ལ། ཨ་བ་ལོ་ཀི་ཏ། ལོ་ཀེ་ཤྭ་ར། མ་ཧེ་ཤྭ་ར། མུ་ཧུ་མུ་ཧུ། མུ་རུ་མུ་རུ། མུ་ཡ་མུ་ཡ། མུཉྩ་མུཉྩ། བྷ་ག་བཱ་ན་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར། རཀྵ་རཀྵ། མ་མ་སརྦ་བྷ་ཡཾ་བྷྱཿ། སརྦ་བྷ་ཡེ་བྷྱཿ། སརྦ་ཨུ་པ་དྲ་བེ་བྷྱཿ། སརྦ་གྲ་ཧེ་བྷྱཿ། སརྦ་ཛྭ་

རེ་བྷྱཿ། སརྦ་བྱ་དྷི་བྷྱཿ། བདྡྷ་བནྡྷ་ན་ཏཱ་ཌ་ཎ་རྫ་ན། རཱ་ཛ། ཙཽ་ར། ཏ་སྐ་ར། ཨགྣི། ཨུ་ད་ཀ །བི་ཥ། ཤ་སྟྲ། པ་རི་མོ་ཙ་ཀ །ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། ཙ་ར་ཙ་ར། ཨིནྡྲ་ཡ་བ་ལ། བོ་དྷྱཾ་ག །ཙ་ཏུརྱ་ས་ཏྱ་སཾ་པྲ་ཀཱ་ཤ་ཀ །ཏ་མ་ཏ་མ། ད་མ་ད་མ། ས་མ་ས་མ། ས་མ་ས་མ། མ་ཧཱ་ཏ་མོནྡྷ་ཀ་ར་བིདྷ་

མ་ན། ཥཊ་བཱ་ར་མི་ཏཱ་པ་རི་པཱུ་ར་ཀ །མི་ལི་མི་ལི། ཊ་ཊ་ཊ་ཊ། ཋ་ཋ་ཋ་ཋ། ཊི་ཊི་ཊི་ཊི། ཋི་ཋི་ཋི་ཋི། ཊུ་ཊུ་ཊུ་ཊུ། ཋུ་ཋུ་ཋུ་ཋུ། ཨེ་ནེ་ཡ་ཙརྨ་ཀྲྀ་ཏ་པ་རི་ཀ་ར་ཨེ་ཧྱེ་ཧི། ཨཱི་ཤྭ་ར། མ་ཧེ་ཤྭ་ར། པདྨེ་ཤྭ་ར། མ་ཧཱ་བྷཱུ་ཏ་ག་ཎ། སཾ་བྷཉྫ་ཀ། མ་ཧཱ་སིདྡྷི་སྭ་ར། ཀུ་རུ་ཀུ་རུ། པ་ར་པ་ར། པ་ར་པ་ར། ཀ་ཊ་ཀ་ཊ། མ་ཊ་མ་ཊ།

བི་ཤུདྡྷ་པི་ཥ་ཡ། ནི་བཱ་སི་ན། མ་ཧཱ་ཀཱ་རུ་ཎི་ཀཱ། ཤྭེ་ཏ་ཡཛྙོ་པ་བཱི་ཏ་རཏྣ་མ་ཀུ་ཊ་མཱ་ལཱ་དྷ་ར། སརྦ་ཛྙཱ་ཤི་ར་སི་ཀྲྀ་ཏ་མ་ཀུ་ཊ་མ་ཧདྦྷུཏཿ་ཀ་མ་ལཱ་ལཾ་ཀྲྀ་ཏ། ཀ་ར་ཏ་ལ། དྷྱཱ་ན་ས་མཱ་དྷི། བི་མོ་ཀྵ་པྲ་ཀམྤ། བ་ཧུ་ས་ཏྭ་སནྟ་ཏི། པ་རི་པཱ་ཙ་ཀ །མ་ཧཱ་ཀཱ་རུ་ཎི་ཀ །སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ཀ །སརྦ་བྱཱ་དྷི་པྲ་མོ་ཙ་

ཀ །སརྦ་ཨཱ་ཤཱ་པ་རི་པཱུ་ར་ཀཿསརྦ་ས་ཏྭ། ས་མཱ་ཤྭཱ་ས་ཀ །ཨོཾ་པདྨོ་ཥྞཱི་ཥ་པཱ་ཤ་ཧྲྀ་ད་ཡ་མཎྜ་ལ་ན་མ་སྟུ་ཏེ་སྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། དོན་ཡོད་ཞགས་པའི་པདྨ་གཙུག་ཏོར་གྱི་གསང་བའི་སྙིང་པོའི་དཀྱིལ་འཁོར་འདི་གསུངས་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་

Vol. 92 · folio 179b

ཁམས་ཀྱིས་གཞི་ཆེར་གཡོས་པར་གྱུར་ཏེ། རི་དང་། ནགས་དང་། དགོན་པར་བཅས་པ་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་པར་གྱུར་ཏོ། །ཀུན་ནས་སའི་མཐིལ་འདི་ཡང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་པདྨའི་གདན་ཀུན་ནས་བཏིང་བར་གྱུར་ཏོ། །བཅོམ་ལྡན་འདས་ཕྱག་ན་པདྨའི་ལྟེ་བའི་

གནས་ན་པདྨ་ཆེན་པོ་གྱེན་དུ་འཕགས་པ་འདབ་མ་སྟོང་བ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན། བཻ་ཌཱུརྱ་སྔོན་པོ་ཆེན་པོའི་སྡོང་བུ་དང་། འཛམ་བུ་ཆུ་བོའི་གསེར་གྱི་སྙིང་པོ་དང་། མུ་ཏིག་དམར་པོའི་ཟེ་འབྲུ་དང་། ལྷའི་མུ་ཏིག་ཆེན་པོའི་གེ་སར་དང་གཅིག་ཏུ་འབར་བར་གྱུར་པ་འོད་ཟེར་སྣ་ཚོགས་པ་འབྱིན་

པར་བྱེད་པས་ཏེ། འདི་ལྟ་སྟེ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་དང་། ཤེལ་དང་། དངུལ་གྱི་ཁ་དོག་ཏུ་སྣང་བཞིན་པས་འབར་ཞིང་། རྣམ་པར་གསལ་བ་ལྷང་ངེའོ། །ཕྱོགས་བཅུ་ཀུན་དུ་སངས་རྒྱས་ཀྱི་ཞིང་རྣམས་སུ་ཀུན་དུ་སྣང་བར་བྱེད་དོ། །ལྷའི་གནས་དང་། ཀླུའི་གནས་དང་།

གནོད་སྦྱིན་དང་། སྲིན་པོའི་གནས་དང་། དྲི་ཟའི་གནས་དང་། ལྷ་མ་ཡིན་གྱི་གནས་དང་། ནམ་མཁའ་ལྡིང་གི་གནས་དང་། མི་འམ་ཅིའི་གནས་དང་། ལྟོ་འཕྱེ་ཆེན་པོའི་གནས་རྣམས་ཀུན་དུ་སྣང་བར་བྱེད་དོ། །རབ་ཏུ་ཚིམ་པར་བྱེད་དོ། །ཡང་དག་པར་སྐུལ་བར་བྱེད་དོ། །ཡང་དག་པར་དབུགས་འབྱིན་

པར་བྱེད་དོ། །དམྱལ་བ་ཆེན་པོ་བཅུ་དྲུག་པོ་རྣམས་ཀུན་དུ་སྣང་ཞིང་རེག་པས་དམྱལ་བ་ཆེན་པོ་དེ་རྣམས་ཀྱང་པདྨ་ཅན་ཆེན་པོར་སྐྱེས་པར་གྱུར་ཏོ། །སེམས་ཅན་དམྱལ་བ་དེ་རྣམས་ཀྱང་ཀུན་ནས་སྣང་ཞིང་རེག་པ་ཙམ་གྱིས་དེ་རྣམས་ཐམས་ཅད་ཡོངས་སུ་གྲོལ་ཏེ། བསམས་པ་ཙམ་གྱི་མོད་ལ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་

སུ་པདྨ་ལས་རྫུས་ཏེ་སྐྱེས་ཤིང་། ལྷའི་ལུས་ལ་རྒྱན་ལྷབ་ལྷུབ་དང་། གོས་དང་། སྤུད་པས་རྣམ་པར་བརྒྱན་ཅིང་། སྐྱེ་བ་ནས་སྐྱེ་བ་རུ་སྐྱེ་བ་དྲན་པར་སྐྱེས་སོ། །དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ཀུན་ནས་སྣང་བས། རི་དགས་དང་། བྱ་དེ་དག་ཐམས་ཅད་ཀྱང་དུད་འགྲོའི་སྐྱེ་གནས་ལས་ཡོངས་སུ་གྲོལ་

ཏེ། མཐོ་རིས་སུ་རྣ་རྒྱན་དྲི་མ་མེད་ཅིང་གཡོ་བ་འཛིན་པར་སྐྱེས་སོ། །དེ་བཞིན་དུ་ཕྱོགས་བཅུ་ཀུན་དུ་སེམས་ཅན་ཐམས་ཅད་ཀུན་དུ་སྣང་ཞིང་རེག་པ་དེ་རྣམས་ཐམས་ཅད་ས་ཆེན་པོ་བརྒྱད་པ་ལ་རབ་ཏུ་གནས་པར་གྱུར་ཏོ། །དེས་ཀྱང་འཁོར་ཆེན་པོར་ཀུན་དུ་འོངས་པའི་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་

Vol. 92 · folio 180a

རྣམས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཀོད་པར་གྱུར་ཏོ། །རིག་སྔགས་འཆང་གི་འཁོར་གང་ཡིན་པ་ཐམས་ཅད་ཀྱང་དོན་ཡོད་པ་པདྨའི་གཙུག་ཏོར་ཆེན་པོའི་སྙིང་པོ་གསང་བ་དོན་ཡོད་ཞགས་པའི་དངོས་གྲུབ་སོ་སོར་ཐོབ་པར་གྱུར་ཏོ། །

ཀླུའི་རྒྱལ་པོའི་འཁོར་གང་ཡིན་པ་དེ་རྣམས་ཐམས་ཅད་ཀྱང་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་སོ་སོར་སྣང་བར་གྱུར་ཏོ། །ལྷའི་འཁོར་གང་ཡིན་པ་དེ་རྣམས་ཐམས་ཅད་ཀྱང་འོད་འབར་བའི་ཏིང་ངེ་འཛིན་སོ་སོར་ཐོབ་བོ། །གནོད་སྦྱིན་དང་སྲིན་པོ་གང་ཡིན་པ་དེ་རྣམས་ཐམས་ཅད་རིན་པོ་ཆེའི་གཞལ་མེད་ཁང་

དུ་གནས་པར་གྱུར་ཏོ། །འབྱུང་པོའི་འཁོར་གང་ཡིན་པ་དེ་རྣམས་ཐམས་ཅད་གཟི་བརྗིད་དྲི་མ་མེད་པའི་ཏིང་ངེ་འཛིན་སོ་སོར་ཐོབ་པར་གྱུར་ཏོ། །ལྷ་མ་ཡིན་གྱི་འཁོར་གང་ཡིན་པ་དེ་རྣམས་ཐམས་ཅད་རྡོ་རྗེའི་གོ་ཆ་དང་རྡོ་རྗེ་རྒྱལ་མཚན་གྱི་ཡ་ལད་བགོས་པར་གྱུར་ཏེ། ནམ་མཁའ་ལྡིང་གི་འཁོར་གང་ཡིན་པ་ཐམས་

ཅད་རྡོ་རྗེ་མཆུ་རྩེ་མོ་ཆེན་པོའི་སྟོབས་ཀྱི་ཤུགས་རྗེས་སུ་ཐོབ་པར་གྱུར་ཏོ། །མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་འཁོར་གང་ཡིན་པ་ཐམས་ཅད་ཀྱང་ལུས་དང་ངག་དང་ཡིད་ཡོངས་སུ་དག་པར་གྱུར་ཏོ། །དགེ་བསྙེན་དང་། དགེ་བསྙེན་མ་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་གང་ཡིན་པ་དེ་རྣམས་

ཐམས་ཅད་སྐྱེ་བ་དང་། རྒ་བ་དང་། འཆི་བའི་སྡུག་བསྔལ་ལས་ཡོངས་སུ་གྲོལ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་སྐུ་ལས་ཉི་མའི་ཏོག་ཅེས་བྱ་བའི་འོད་ཟེར་ཆེན་པོ་རྣམ་པར་སྤྲོས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་ཀར་རྗེས་སུ་ཞུགས་སོ། །

སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་ཀར་ཞུགས་མ་ཐག་ཏུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་དོན་ཡོད་ཞགས་པའི་པདྨ་གཙུག་ཏོར་གྱི་གསང་བའི་རྣམ་པར་འཕྲུལ་པ་ལྟོས་ཤིག །ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་བདག་གིས་

མཐོང་ལགས་སོ། །སེམས་དཔའ་དག་པ་བདག་གིས་མཐོང་ལགས་སོ། །སེམས་དཔའ་ཆེན་པོ་དག་པ་འདིའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་པདྨའི་དབང་ཕྱུག་དོན་ཡོད་པའི་ཞགས་པའི་སྙིང་པོ་པདྨ་གཙུག་ཏོར་གྱི་གསང་བའི་སྙིང་པོའི་དཀྱིལ་འཁོར་ཤིན་ཏུ་ཟབ་པ། ཤིན་ཏུ་རྒྱ་ཆེ་བ། རྨད་དུ་

Vol. 92 · folio 180b

བྱུང་བ་ཆེན་པོ་དངོས་གྲུབ་མཆོག་སྒྲུབ་པར་བྱེད་པ་ནི་བཅོམ་ལྡན་འདས་མཐའ་དག་རྒྱས་པར་གསུངས་ཤིག །གསང་སྔགས་རིམ་པར་ཕྱེ་བ་དང་། རིག་སྔགས་དང་། དཀྱིལ་འཁོར་རྨད་དུ་བྱུང་བ་ཉེ་བར་སྤྱོད་པའི་ཆོ་ག་དང་བཅས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་རྣམ་པར་འཇོམས་པའི་དོན་དང་། རིག་སྔགས་

འཆང་རྣམས་ཀྱི་མཆོག་འགྲུབ་པའི་དོན་དུ་དེ་བཞིན་གཤེགས་པའི་སྤྱན་སྔར་གསུངས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ལག་ན་རྡོ་རྗེ་དོན་ཡོད་ཞགས་པའི་སྙིང་པོ་

མཆོག་ཏུ་གསང་བ་གཙུག་ཏོར་ཐམས་ཅད་ཀྱི་དཀྱིལ་འཁོར་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཆེད་དུ་སྡིག་པ་ཐམས་ཅད་ཉམས་པར་བྱེད་པ། །སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པ། དྲི་མ་དང་། རྙོག་མ་ཐམས་ཅད་སེལ་བར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། བཀྲ་མི་ཤིས་པ་ཐམས་ཅད་ཟློག་པར་

བྱེད་པ། སྡིག་པ་དང་། མ་རུངས་པའི་སེམས་ཅན་ཕྱིར་རྒོལ་བ་དང་། དགྲའི་འཇིགས་པ་རབ་ཏུ་ཞི་བར་བྱེད་པ། བགེགས་དང་། ལོག་པར་འདྲེན་པ་ཐམས་ཅད་ཚར་གཅོད་པར་བྱེད་པ། །བདུད་ལ་སོགས་པའི་མ་རུངས་པ་ཐམས་ཅད་འཇོམས་པར་བྱེད་པ་དུག །མཚོན་ཆ་དང་། མེ་དང་། ཆུའི་འཇིགས་པ་

དང་། མཆེ་བའི་དུག་དང་། སེང་གེ་དང་། རྒྱལ་པོ་དང་། གནོད་སྦྱིན་རྣམས་ཟློག་པར་བྱེད་པ། དུག་དང་། བྱད་སྟེམས་དང་། གཡེང་བྱེད་དང་། ཕྱེ་མའི་སྦྱོར་བ་ཐམས་ཅད་རྣམ་པར་ཉམས་པར་བྱེད་པ། དོན་ཡོད་ཞགས་པའི་སྙིང་པོ་དེ་ཁོ་ན་ཉིད་གཅེས་པ་རྨད་དུ་བྱུང་བ་དེ་ཁོ་ན་ཉིད་ཀྱི་སྙིང་པོའི་སྒྲུབ་པ་བླ་ན་

མེད་པ་བཀླགས་པས་གྲུབ་པ་འདི་རྗེས་སུ་ཟུང་ཤིག །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བཞིན་འཛུམ་ཅིང་། གདོང་ཁྲོ་གཉེར་དང་བྲལ་བས་རྡོ་རྗེ་བསྐོར་བར་བྱེད་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །

བཅོམ་ལྡན་འདས་དོན་ཡོད་པའི་ཞགས་པའི་སྙིང་པོ་དམ་པར་གྱུར་པ་གསང་བ་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་དེ་རྣམས་དུ་ཞིག་ལགས། དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། གནོད་

Vol. 92 · folio 181a

སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་གསོལ་བ་བཏབ་པར་རིག་ནས། ཕྱག་གཡས་པས་ལྟེ་བའི་པདྨའི་ཕྱག་རྒྱའི་རྣམ་པ་ལ་རེག་གོ། །རེག་མ་ཐག་ཏུ་ཕྱག་གཡས་པའི་པདྨ་ལ། སྙིང་པོའི་རིག་སྔགས་དེ་ཡང་པདྨའི་སྟེང་དུ་སྟེ། རང་གི་ངོ་བོ་གཞལ་མེད་ཁང་ཚངས་པའི་ཆ་

བྱད་འཆང་བ་དོན་ཡོད་པའི་གཟུགས་སྤྱན་གསུམ་པ། ཕྱག་བཞི་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ནོར་བུ་གསེར་གྱི་ཅོད་པན་ཅན། འོད་དཔག་མེད་ཀྱི་ཅོད་པན་གྱིས་བརྒྱན་པ། རལ་པའི་ཅོད་པན་པདྨའི་གཙུག་ཏོར་གྱིས་སྤུད་པ། ཟླ་བ་ཕྱེད་པས་རྣམ་པར་མཛེས་པ། ཞགས་པ་འཆང་

བ། པདྨའི་གཙུག་ཏོར་འཆང་བ་དང་། ནོར་བུའི་དབྱུག་པ་འཆང་བ་དང་། རྡོ་རྗེའི་དབྱུག་པ་འཆང་བ། སྐྱིལ་མོ་ཀྲུང་གིས་བཞུགས་པ། འོད་ཟེར་འབར་བས་ཡང་དག་པར་བརྒྱན་པ། གོས་རྣམ་པར་བཀྲ་བ་སྣ་ཚོགས་དང་། སྤྱན་ཉི་མ་དང་ཟླ་བས་ལྷག་པར་འབར་བས་རྣམ་པར་མཛེས་པ། པདྨ་

རྣམས་ཀྱི་སྟེང་ན་མཛེས་བཞིན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་མཉེས་པར་བྱེད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱ་བར་འོས་པ། ལྷ་ཐམས་ཅད་ཀྱིས་མཆོད་པར་འོས་པ། ཀླུ་ཐམས་ཅད་ཀྱིས་རྗེས་སུ་གཟུང་བར་འོས་པ། དྲང་སྲོང་ཐམས་ཅད་ཀྱིས་དགའ་བར་འོས་པ།

ལྷ་མི་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱིས་རྗེས་སུ་འགྲོ་བར་འོས་པ། སེམས་ཅན་ཐམས་ཅད་ཀྱི་བླ་མར་འོས་པ་མཐོང་སྟེ། དེ་ལྟ་བུའི་སྣང་བ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས།

དེ་ཁོ་ན་ཉིད་གཅེས་པའི་སྙིང་པོར་གྱུར་པའི་སྙིང་པོ་ཉེ་བར་བསྟན་ཏོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས། འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་མཐོང་བ་ཙམ་གྱི་མོད་ལ། སྙིང་པོ་གསང་བ། དོན་ཡོད་པའི་པདྨ་དྲི་མ་མེད་པའི་གཙུག་ཏོར་འོད་ཟེར་འབར་བའི་ཏིང་ངེ་འཛིན་སོ་སོར་

ཐོབ་པར་གྱུར་ཏོ། །ཏིང་ངེ་འཛིན་སོ་སོར་ཐོབ་པ་གང་གིས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ནང་དུ་ཆུད་པར་གྱུར་ཏོ། །དེ་རྣམས་ཐམས་ཅད་རབ་ཏུ་མགུ་བའི་ཡིད་ཀྱིས་ཞབས་དག་གི་རྗེས་ལ་ཕྱག་འཚལ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་

Vol. 92 · folio 181b

རས་གཟིགས་དབང་ཕྱུག་གིས། དོན་ཡོད་ཞགས་པའི་སྙིང་པོའི་གསང་སྔགས་འདི་སྨྲས་སོ། །ཨོཾ་ཨ་མོ་གྷ་པཱ་ཤ་ཧྲྀ་ད་ཡ་པདྨོཥྞཱི་ཥ་ཀུ་མཱ་ར་བེ་ཥ་དྷ་ར། པདྨེ་ཤྭ་ར། ཨཱ་བེ་ཤ་ཡ། སརྦ་ཨ་མོ་གྷ་ཀུ་ལ་ས་མ་ཡ་ཧྲྀ་ད་ཡ། སརྦ་སིདྡྷི་ཨ་མོ་གྷ་པྲ་ཡཙྪ་པདྨ། པདྨ་ཧཱུྃ་ཧཱུྃ་ན་མ་སྟུ་ཏེ་སྭཱ་ཧཱ། འདི་ནི་དོན་ཡོད་ཞགས་

པའི་སྙིང་པོ་བཀླགས་པས་གྲུབ་པའི་སྒྲུབ་ཐབས་སོ། །ཨོཾ་ཨ་མོ་གྷ་པདྨོ་ཥྞཱི་ཥེ་ཤྭ་ར། པདྨེ་ཤྭ་ར། ས་མནྟཱ་ཡ་སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨ་མོ་གྷ་པདྨོཥྞཱི་ཥ་ས་མ་ཡ་ཨཱ་ཀརྵ་ཡ། པྲ་བེ་ཤ་ཡ། སརྦ་ཀརྨ་སིདྡྷིམྨེ་པྲ་ཡཙྪ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཧཱུཾ་ཧཱུཾ། མ་ཧཱ་པདྨོཥྞཱི་ཥ་བྷུ་ཛེ་སྭཱ་ཧཱ། རིགས་ཀྱི་རྒྱལ་པོའི་གསང་

སྔགས་སོ། །ཨོཾ་ཨ་ཧཱ་ཙནྜ་པདྨེ་ཤྭ་ར་བི་བི་དྷ་རཱུ་པ། བི་ཀ་ཊ། པདྨ་དཾཥྜ་ཀེ་རཱ་ལ་བྷཱི་ཥ་ཎ། བཱཀྟྲ་སརྦ་དུཥྚ་ཧྲྀ་ད་ཡཾ། ཁཱ་ད་ཡ། བིགྷ་ནཱཾ། པདྨ་དྷྲི་ཀ །ཙི་ཊི། དྲི་ཊི་ཧཱུཾ་སྭཱ་ཧཱ། ཁྲོ་བོའི་རྒྱལ་པོའི་རིགས་ཀྱི་སྙིང་པོའོ། །ནང་གི་དཀྱིལ་འཁོར་གསང་བའི་ལས་རྣམས་སོ། །ཨོཾ་ཨ་མོ་གྷ་པདྨོཥྞཱི་ཥ་པདྨ་པཱ་ཤ་ཀྲོ་དྷ་ཀ །མོ་ཡ་

ཀརྨ་པྲ་བེ་ཤ་ཡ་མ་ཧཱ་བཱ་ཤུ་པ་ཏི། ཡ་མ། བ་རུ་ཎ། ཀུ་བེ་ར། བྲཧྨ་བེ་ཥ་དྷ་ར། མ་ཧཱ་ཙཎྜ་བེ་ག །ཨ་མོ་གྷ་ཀུ་ལས་མ་ཡ། པདྨེ་ཧཱུཾ་ཧཱུཾ། ཁྲོ་བོའི་རྒྱལ་པོ་དོན་ཡོད་ཞགས་པའི་པདྨ་གཙུག་ཏོར་གྱི་སྙིང་པོའོ། །དེ་ནས་དོན་ཡོད་པའི་སྙིང་པོའི་ལས་རྣམས་འགྱུར་ཏེ། དྲན་པ་ཙམ་གྱི་མོད་ལ། དུས་

གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པས་གཅིག་ཏུ་མཚུངས་པར་འགྱུར་རོ། །ཚེ་དཔག་མེད་དང་མཉམ་པའི་ལུས་སུ་འགྱུར་རོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཚུངས་ཤིང་མཉམ་པ་ཉིད་དུ་འགྱུར་

རོ། །མཚུངས་ཤིང་མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་དུ་མཐོང་ངོ་། །པདྨའི་ཕྱག་གི་ཏིང་ངེ་འཛིན་རྣམས་དང་། པདྨའི་གཙུག་ཏོར་གྱི་ཕྱག་གིས་འཇིག་རྟེན་དབང་ཕྱུག་དང་མཉམ་པ་ཉིད་དུ་འགྱུར་རོ། །པདྨའི་གཙུག་ཏོར་བཅིངས་པ་ཉིད་ཀྱིས་སྤྱི་བོའི་གཙུག་

ཏུ་མངོན་པར་དབང་བསྐུར་ན། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་རོ། །པདྨའི་གཙུག་ཏོར་གྱིས་དོན་ཡོད་པར་དབང་བསྐུར་བ་གང་ཡིན་པ་དེ། པདྨ་གཙུག་ཏོར་གྱི་སྙིང་པོ་རྒྱས་པར་གྱུར་པ་ཐོབ་སྟེ། ཏིང་ངེ་འཛིན་བརྒྱ་སྟོང་ཕྲག་དང་། བླ་ན་མེད་

Vol. 92 · folio 182a

པའི་དཔལ་ཐོབ་བོ། །རིགས་ཀྱི་རྒྱལ་པོའི་གསང་སྔགས་རྒྱས་པར་གྱུར་པ་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་དུ་རིགས་ཀྱི་རྒྱལ་པོ་ལེགས་པར་གྲུབ་པར་འགྱུར་ཏེ། ཐམས་ཅད་དུ་རིགས་ཀྱི་རྒྱལ་པོའི་དངོས་གྲུབ་བཟང་པོ་རྣམས་འོང་བར་འགྱུར་རོ། །རིགས་ཀྱི་རྒྱལ་པོའི་གསང་

སྔགས་ཀྱི་རྒྱལ་པོ་དང་། རིག་སྔགས་ཀྱི་རྒྱལ་པོ་མཆོག་གི་དངོས་གྲུབ་ཐམས་ཅད་རབ་ཏུ་སྦྱིན་པར་བྱེད་དོ། །པདྨའི་ཕྱག་གིས་རྗེས་སུ་འཇུག་ཅིང་། དོན་ཡོད་པའི་རིགས་ཀྱི་དངོས་གྲུབ་ཇི་ལྟ་བ་བཞིན་དུ་འགྲུབ་སྟེ། བཀླགས་པས་གྲུབ་པ་འདི་ལ་ཐེ་ཚོམ་མེད་དོ། །པདྨ་གཙུག་ཏོར་གྱི་རིགས་

ཀྱི་དངོས་གྲུབ་དང་། པདྨ་ཡངས་པའི་དཀྱིལ་འཁོར་རམ། དོན་ཡོད་ཞགས་པའི་དཀྱིལ་འཁོར་དུ་བཀླགས་ནས་བཟླས་པ་ཙམ་གྱིས་འགྲུབ་སྟེ། རིགས་ཀྱི་རྒྱལ་པོ་དང་། རིག་སྔགས་ཀྱི་རྒྱལ་པོ་གང་ཡིན་པ་དེ་ཐམས་ཅད་དུ་དབང་ཕྱུག་ཏུ་འགྱུར་རོ། །དཀྱིལ་འཁོར་རྣམས་ཀྱི་ཆོ་ག་ཞིབ་མོ་དང་། ཕྱག་

རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རིགས་ཐུན་མོང་བ་ཐམས་ཅད་དུ་རྒྱལ་པོའི་བྱ་བ་བྱེད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་རྣམས་དང་། སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་རྣམས་དང་། གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་ཞིང་དུ་རྒྱལ་པོར་འགྱུར་རོ། །རིགས་ཀྱི་རིག་པས་ལྷའི་དབང་ཕྱུག་

དང་། ལྷའི་ཚོགས་རྣམས་ཀྱི་དབང་ཕྱུག་ཏུ་འགྱུར་རོ། །རྟག་ཏུ་ཡང་གནོད་སྦྱིན་རྣམས་དང་། སྲིན་པོ་རྣམས་སུ་གྱུར་པ་དང་། དྲི་ཟ་རྣམས་དང་། གནོད་སྦྱིན་རྣམས་དང་། སྲིན་པོ་རྣམས་ཀྱི་དེ་བཞིན་ཉིད་དུ་ཐམས་ཅད་དུ་རྒྱལ་པོ་དང་། དབང་ཕྱུག་ཏུ་རྟག་ཏུ་འགྱུར་ཏེ་ཐེ་ཚོམ་མེད་དོ། །ནམ་མཁའ་ལྡིང་

རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཐམས་ཅད་དུ་ཇི་སྲིད་བྱང་ཆུབ་ལ་ཡང་དག་པར་གནས་ཀྱི་བར་དུ་རིགས་ཀྱི་རྒྱལ་པོར་འགྱུར་རོ། །དེ་ནས་ཁྲོ་བོའི་རྒྱལ་པོ་དྲན་པ་ཙམ་དང་དྲག་པོ་དེ་ཡིད་ལ་སེམས་པ་ཙམ་གྱི་མོད་ལ། འཕྲལ་དུ་རི་རབ་ལྟུང་བར་བྱེད་ཅིང་། ཁོར་ཡུག་གི་རི་རྣམ་

པར་འཐོར་བར་བྱེད་དོ། །རྒྱ་མཚོ་ཆེན་པོ་ཀུན་ནས་དཀྲུག་ཅིང་། རྒྱ་མཚོ་ཆེན་པོ་ཉེ་བར་སྐྱེ་བར་བྱེད་དོ། །ཀུན་དུ་གསལ་བར་བྱེད་དོ། །ཀླུའི་གནས་ཐམས་ཅད་དུ་ཀླུའི་གནས་འབར་བར་ཡང་བྱེད་དོ། །བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ཀྱི་སྐད་ཅིག་ཙམ་གྱིས་སྟེང་དུ་བདུག་པར་བྱེད་དོ། །གནོད་སྦྱིན་

Vol. 92 · folio 182b

དང་། སྲིན་པོ་དང་། འབྱུང་པོ་དང་། གཟའ་དང་། བརྗེད་བྱེད་དང་། མི་བཟད་པ་དེ་རྣམས་ཐམས་ཅད་ཁྲོ་བོའི་རྒྱལ་པོ་དྲན་པ་ཙམ་གྱིས་འཇིགས་པར་འགྱུར་རོ། །ཁྲོ་བོའི་རྒྱལ་པོའི་གསང་བ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་ལ་གནས་པ་དང་། དཀྱིལ་འཁོར་དུ་ཕྱག་རྒྱ་གནས་པ་དང་། གསང་

སྔགས་ཀྱི་ལྷ་གཞན་གང་ཡིན་པ་རྣམས་ཀྱིས་ཁྲོ་བོའི་རྒྱལ་པོ་དྲན་པ་ཙམ་གྱིས་དེ་རྣམས་ཐམས་ཅད་རིག་སྔགས་འཆང་ལ་སྐྱབས་སུ་འགྲོ་བར་བྱེད་དོ། །དེ་རྣམས་ཐམས་ཅད་རྗེས་སུ་འབྲང་བར་འགྱུར་ཞིང་གནས་པར་བྱེད་དོ། །འགའ་ཞིག་གང་དུ་འགྲོ་བའམ་འདུག་པ་དེ་ལ་དབང་པོ་དང་། སྐབས་

གསུམ་པའི་ལྷ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། དགའ་བོ་དང་། ཉེ་དགའ་བོ་དང་། གཞོན་ནུ་དང་། སྡེ་དཔོན་དང་། དེ་བཞིན་དུ་རྒྱལ་པོ་ཆེན་པོ་བཞི་དུས་རྟག་ཏུ་རིག་སྔགས་འཆང་གི་རྗེས་སུ་འབྲང་

བར་བྱེད་དོ། །ཐེ་ཚོམ་མེད་དོ། །ཁྲོས་པའི་ལས་རྣམས་སམ། དེ་བཞིན་དུ་དྲག་པོའི་ལས་རྣམས་ཐམས་ཅད་ཀྱང་ཧཱུཾ་ཡིག་ཙམ་གྱིས་དེ་ལ་དངོས་གྲུབ་མཐོང་ངོ་། །ཕྱིར་རྒོལ་བ་དང་། དགྲ་དང་། སེམས་ཅན་མ་རུངས་པ་ཤིན་ཏུ་མི་བཟད་པ་རྣམས་དང་། ཕ་རོལ་གྱི་དམག་ཚོགས་དང་འཇིགས་

པ་དང་། རྣམ་པར་འགྲས་པའི་སྐྱེ་བོ་དང་། སྡིག་པ་དེ་རྣམས་ཐམས་ཅད་ཧཱུཾ་ཡིག་གིས་མཆོག་ཏུ་གཟིར་བ་ཙམ་གྱིས་ཐལ་བར་འཇིག་པར་འགྱུར་རོ། །སྡང་བ་དང་། ངན་སེམས་པའི་སེམས་ཅན་དང་། བྱས་པ་མི་གཟོ་བ་དང་། བྱས་པ་ལ་འཁོན་པ་ཐམས་ཅད་དྲག་པོའི་ཧཱུཾ་ཡིག་བཟླས་པ་ཙམ་

གྱིས་སྐད་ཅིག་ལ་བསྲེག་སྟེ། དཔེར་ན་མེ་ཡིས་ཕྱེ་མ་ལེབ་བཞིན་ནོ། །ལས་གཞན་སྟོང་ཕྲག་རྣམས་དང་། ལས་བརྒྱ་སྟོང་ཕྲག་ཉིད་བཟླས་པ་ཙམ་གྱིས་འགྲུབ་སྟེ། དྲན་པ་ཙམ་གྱི་མོད་ལ། ལས་ཐམས་ཅད་འགྲུབ་བོ། །དེ་ནས་དོན་ཡོད་པ་པདྨའི་གཙུག་ཏོར་དྲན་པ་ཙམ་

གྱིས། བྱ་བ་ཐམས་ཅད་ནི་གཉིས་སུ་འགྱུར་ཏེ། ཇི་ལྟར་གང་ཅུང་ཟད་ཡིད་ལ་བྱེད་པས་ལས་བྱེད་དོ། །དཀྱིལ་འཁོར་རམ། གནས་རྣམ་པ་གཞན་ཐམས་ཅད་དུ། ཇི་ལྟར་ཡིད་ལ་བྱེད་པའི་བྱ་བ་ཐམས་ཅད་དུ་བྱེད་དོ།། །།

Vol. 92 · folio 183a

འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་བཅྭ་ལྔ་པ། དེ་ནས་གསང་སྔགས་ལ་འཇུག་པ་རྣམས་ཀྱི་དགོས་པ་ཐམས་ཅད་སོ་སོར་འགྲུབ་པར་འགྱུར་བ་ནི། ཨོྃ་ཞེས་བྱ་བ་དོན་ཡོད་པའི་ཞགས་པ་པདྨ་

གཙུག་ཏོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་གསང་སྔགས་ཡི་གེ་གཅིག་པའོ། །འཇིག་རྟེན་མགོན་པོའི་སྤྱན་སྔར་འབུམ་དྲན་པར་བྱས་ན་ས་དང་པོ་ལ་གནས་པར་འགྱུར་རོ། །སྔོན་གྱི་སྡིག་པ་བསགས་པ་སེམས་ཅན་དམྱལ་བ་མི་བཟད་པ་གང་ཅི་ཡང་

རུང་བ་དེ་དག་ཐམས་ཅད་ཇི་ལྟར་རླུང་གིས་ཕྱག་དར་གཏོར་བ་བཞིན་འཇིག་པར་འགྱུར། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །དོན་ཐམས་ཅད་རྗེས་སུ་འཇུག་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་དང་། གང་དཀྱིལ་འཁོར་གྱི་ལྷ་

གཞན་དག་ཀྱང་དགྱེས་པར་འགྱུར་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་མཆོག་སྦྱིན་པ་མཛད་དོ། །གསང་སྔགས་ཨོྃ་ཞེས་བྱ་བ་དྲན་ནས་ཚེ་འཕོས་པ་ནི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །གསང་སྔགས་ཀྱི་ཡི་

གེ་གཅིག་པའོ། །ཨོྃ་བྷུ་ཡི་གེ་གཉིས་པ་འབུམ་བཟླས་བརྗོད་བྱས་ན་ས་གཉིས་པ་འཐོབ་པར་འགྱུར། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་འདུག་པར་འགྱུར་ཞིང་མཆོག་ཐམས་ཅད་རྗེས་སུ་སྦྱིན་པར་མཛད། སྡིག་པ་ཐམས་ཅད་ཀྱང་རྣམ་

པར་དག་པར་མཛད། སྔོན་གྱི་ནད་ཀྱང་སོས་པར་འགྱུར། ནོར་གྱི་དབང་ཕྱུག་ནོར་བུ་བཟང་པོའི་བུ་དབང་དུ་འགྱུར་ཞིང་ཉེ་བར་གནས་པར་འགྱུར་རོ། །མི་གང་གིས་ཀྱང་ཕྱིར་ཞིང་བར་ཆད་བྱེད་ནུས་པར་མི་འགྱུར། ཚེ་འཕོས་ནས་རི་གྲུ་འཛིན་དུ་སྐྱེ་བར་

འགྱུར། དོན་ཡོད་པའི་ཞགས་པའི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ། །ཨོྃ་པདྨེ་གསང་སྔགས་ཀྱི་ཡི་གེ་གསུམ་པ་འབུམ་བཟླས་བརྗོད་བྱས་ནས་གསུམ་པ་ལ་ཡང་དག་པར་འཇུག་པར་འགྱུར། པདྨ་ཡངས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་དང་། གསང་

Vol. 92 · folio 183b

སྔགས་གང་ཡིན་པ་ཐམས་ཅད་ལ་ཞུགས་པར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཞོན་ནུའི་ཆ་བྱད་ཅན་མདུན་ན་བཞུགས་པར་འགྱུར་ཞིང་འདོད་པ་ཐམས་ཅད་ཀྱི་མཆོག་རྗེས་སུ་སྦྱིན་པར་མཛད། དོན་ཡོད་པའི་ཞགས་པའི་པདྨ་གཙུག་ཏོར་གྱི་

དཀྱིལ་འཁོར་སྟོན་པར་མཛད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་རྣམས་སྟོན་པར་མཛད། ཐམས་ཅད་དུ་དངོས་གྲུབ་རྗེས་སུ་སྦྱིན་པར་མཛད་དོ། །ཨོྃ་པདྨ་ཧྲཱི། གསང་སྔགས་ཡི་གེ་བཞི་པ་འབུམ་པ་བཟླས་བརྗོད་བྱས་ནས་བཞི་

བ་ལ་འཇུག་པར་འགྱུར། འཕགས་པ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སྐུ་མདོག་གསེར་གྱི་ཁ་དོག་ཅན་མདུན་ན་བཞུགས་ཤིང་དཔུང་པ་བརྐྱང་ནས་ཕྱག་སྤྱི་བོར་འཇོག་པར་མཛད་ལ། རིག་སྔགས་འཆང་བ་ལ་ལེགས་སོ་ཞེས་བྱ་བ་རྗེས་སུ་སྦྱིན་པར་མཛད་

དེ། རིག་སྔགས་འཆང་ཚུར་ཤོག །ཁྱོད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཡོངས་སུ་དག་སྟེ། རང་གི་ངོ་བོ་ཐམས་ཅད་ཤིན་ཏུ་དྲི་མ་མེད་པར་ཡོངས་སུ་དག་གོ། །མིའི་འཇིག་རྟེན་འདི་ནས་ཚེ་འཕོས་ནས་ངའི་སངས་རྒྱས་ཀྱི་ཞིང་དུ་འོང་ཞིང་ཚེ་རབས་དྲན་པར་

འགྱུར། ཕྱིར་ཞིང་ནམ་ཡང་མངལ་ན་གནས་པས་གོས་པར་མི་འགྱུར། འཇིག་རྟེན་པའི་དགོས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །ཨོྃ་པདྨ་བྷུ་ཛེ། གསང་སྔགས་ཡི་གེ་ལྔ་པ་འབུམ་བཟླས་བརྗོད་བྱས་ནས་ལྔ་པ་ལ་གནས་པར་འགྱུར། དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་བླ་མ་རབ་ཏུ་སྟོན་པར་མཛད། སྒྲིབ་པ་ཐམས་ཅད་ཡོངས་སུ་ཟད་པར་འགྱུར། རིག་སྔགས་འཆང་ལ་ལེགས་སོ་ཞེས་བྱ་བའི་སྒྲ་འབྱིན་པར་འགྱུར་ཏེ། རིག་སྔགས་འཆང་ལེགས་སོ་ལེགས་

སོ། །ཁྱོད་ལ་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་སྐྱེས་ཏེ། རིག་སྔགས་འཆང་ཁྱོད་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པས་རིག་སྔགས་འཆང་ཁྱོད་ཚེ་བརྗེས་ན་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་དགུ་བཅུ་རྩ་གཉིས་ཀྱི་དྲུང་དུ་དགེ་བའི་རྩ་བ་མཚུངས་པར་བསྐྱེད་པར་འགྱུར་

Vol. 92 · folio 184a

ཞིང་ངའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར། ཁྱོད་ཀྱིས་དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་སྙིང་པོ་དང་། གསང་བའི་དཀྱིལ་འཁོར་དང་། ཕྱག་རྒྱ་ཆེན་པོ་རིམ་པར་ཕྱེ་བ་གྲུབ་ཅིང་རིག་སྔགས་འཆང་ཁྱོད་སྒྲིབ་པ་དང་སྡིག་པ་ཐམས་ཅད་

སྤངས་ཀྱིས་བྱ་བ་ཐམས་ཅད་གྱིས་ཤིག །ཡིད་ལ་བྱ་བའི་སྒྲུབ་པ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དེ་དག་ཐམས་ཅད་ཤིན་ཏུ་གྲུབ་པར་འགྱུར་རོ། །ཨོྃ་པདྨ་ཨ་བ་ལོ་ཀི་ཏེ། གཟུངས་སྔགས་ཡི་གེ་དྲུག་པ་འབུམ་བཟླས་བརྗོད་བྱས་ནས་དྲུག་པ་འཐོབ་སྟེ་འཇུག་པར་

འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་སྣང་བ་མཛད་པར་འགྱུར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་མོ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་གཟིགས་ཤིང་མངོན་སུམ་དུ་

སྟོན་པར་མཛད། དབུགས་འབྱིན་པར་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨ་གཟིགས་པའི་རྒྱལ་མཚན་རིག་སྔགས་འཆང་དེ་ལ་ཡང་དག་པར་དབུགས་འབྱིན་པར་མཛད་དོ། །རིག་སྔགས་

འཆང་ངའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་གི་བར་དུ་ཚུར་ཤོག །ལས་བྱས་པ་ནི་ཤིན་ཏུ་ཡོངས་སུ་ཟད་ཅིང་ཁྱོད་ཀྱིས་སེམས་ཅན་དམྱལ་བའི་སྒོ་རྣམས་བཅད། ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སྒོ་རྣམས་ནི་ཕྱེ། ཁྱོད་

ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ས་བོན་དང་། རིགས་ཀྱི་སྤྱི་ནི་ཁོང་དུ་ཆུད། ཁྱོད་ཀྱིས་དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་སྙིང་པོ་དང་། གསང་བའི་དཀྱིལ་འཁོར་ནི་གྲུབ། ཁྱོད་ཀྱིས་ཐམས་ཅད་དུ་གནས་ཀྱི་སྒོ་རྣམས་ནི་ཕྱེ་བས་འཇིག་

རྟེན་དང་། འཇིག་རྟེན་ལས་འདས་པའི་ལས་སྒྲུབ་པ་རྣམས་ཇི་ལྟར་ཡིད་ལ་བྱས་པ་བཞིན་ལས་ཐམས་ཅད་བྱོས་ཤིག །ཨོྃ་པདྨ་ཛྭ་ལ་ཧུྃ་དྷྀཀ། ཡི་གེ་བདུན་པ་འབུམ་བཟླས་བརྗོད་བྱས་མ་ཐག་ཏུ་ཏིང་ངེ་འཛིན་པདྨ་དྲི་མ་མེད་པ་སྒྲིབ་པ་དང་བྲལ་བདག་པ་ཞེས་བྱ་

Vol. 92 · folio 184b

བ་ཐོབ་པར་འགྱུར་ལ། ཏིང་ངེ་འཛིན་གང་ཐོབ་པས་ལུས་ཤིན་ཏུ་འབར་བར་འགྱུར་ཞིང་འོད་ཟེར་ཁ་དོག་སྣ་ཚོགས་སུ་འགྱུར། ས་བདུན་པ་ལ་གནས་པར་འགྱུར། ལུས་ཀྱི་སྣང་བ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱིས་སངས་རྒྱས་

ཀྱི་ཞིང་ཐམས་ཅད་ཀྱི་གནས་རྣམས་སྣང་བར་བྱེད་ཅིང་། གང་དང་གང་དུ་འོད་ཟེར་རིན་པོ་ཆེ་འབར་བ་སྣ་ཚོགས་དག་འབབ་པ་ལས་མེ་ཏོག་གི་ཆར་སྣ་ཚོགས་པ་རྣམས་འབྱུང་བར་འགྱུར་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་འགྱུར་རོ། །དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པའི་པདྨ་འོད་ཟེར་འབར་བ་གསེར་གྱི་མདོག་ཅན་དཔུང་པ་བརྐྱང་སྟེ། ཕྱག་གཡས་པས་རིག་སྔགས་འཆང་གི་སྤྱི་བོར་འཇོག་ཅིང་ལེགས་སོ་ཞེས་བྱ་བ་ཡང་སྦྱིན་ལ་དབུགས་འབྱིན་པར་མཛད་

དེ། རིག་སྔགས་འཆང་ལེགས་སོ་ལེགས་སོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྙིང་པོ་གསང་བ་བཟླས་བརྗོད་ཀྱི་ཆོ་ག་མཆོད་པའི་མཆོག་ཡིན་ནོ། །འདི་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་གསང་བ་གཅེས་པའི་དཀྱིལ་

འཁོར་དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་སྙིང་པོ་ཡང་དག་པའོ། །རིག་སྔགས་འཆང་ཁྱོད་ཀྱིས་དཀྱིལ་འཁོར་མཐའ་དག་རྫོགས་པ་དང་། པདྨ་གཙུག་ཏོར་གྱི་སྙིང་པོ་ཆོ་ག་ཞིབ་མོ་དང་། དོན་ཡོད་པའི་ཞགས་པ་རྣམ་པར་སྤྲུལ་པ་གྲུབ་ཀྱིས་རིག་སྔགས་

འཆང་ངའི་སངས་རྒྱས་ཀྱི་ཞིང་དུ་སོང་ལ་སངས་རྒྱས་ཀྱི་མཛད་པ་གྱིས་ཤིག །ཨོྃ་ཨ་མོ་གྷ་མ་ཎི་པདྨེ། གཟུངས་སྔགས་ཀྱི་སྙིང་པོ་ཡི་གེ་བརྒྱད་པ་འབུམ་ཕྲག་བཟླས་བརྗོད་བྱས་ན་ལུས་ཤིན་ཏུ་ཡོངས་སུ་དག་ཅིང་དྲི་མ་མེད་པར་འགྱུར། བཟླས་བརྗོད་བྱས་པ་ཙམ་གྱིས་ནོར་བུ་

རིན་པོ་ཆེ་ཆེན་པོ་ཤེལ་ལྟར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་སྟེ། དེ་ལྟར་རིག་སྔགས་འཆང་གི་ལུས་ཡོངས་སུ་དག་པར་འགྱུར། ས་བརྒྱད་པ་ལ་གནས་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་ལུས་

Vol. 92 · folio 185a

ཡོངས་སུ་དག་པར་རང་གི་གཟུགས་ཀྱི་ངོ་བོ་སྟོན་ཅིང་། རིག་སྔགས་འཆང་གི་མདུན་ན་གནས་ལ་རིག་སྔགས་འཆང་ཡང་དག་པར་དབུགས་འབྱིན་པར་མཛད་དེ། ཕྱག་གཡས་པ་མགོའི་སྤྱི་བོར་འཇོག་པར་མཛད། ལེགས་སོ་ཞེས་བྱ་བའང་སྦྱིན་

པར་མཛད་དེ། རིག་སྔགས་འཆང་ལེགས་སོ་ལེགས་སོ། །རིག་སྔགས་འཆང་ཁྱོད་ལྷག་པའི་བསམ་པ་དམ་པ་དགའ་བ་ལ་ཞུགས་སོ། །རིག་སྔགས་འཆང་སངས་རྒྱས་ཀྱི་ཞིང་མཉམ་པར་འབྲེལ་བའི་འཇིག་རྟེན་རྣམ་པར་བལྟ་བར་ཚུར་ཤོག །དེར་ཁྱོད་ཀྱིས་

སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ། །ཁྱོད་ཀྱིས་དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་སྙིང་པོ་དཀྱིལ་འཁོར་གསང་བ་གྲུབ་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲུབ་པ་དམ་པ་བྱ་བ་ཐམས་ཅད་གྱིས་ཤིག །ཨོྃ་པདྨ་ལོ་ཙ་ནི་ཧུ་རུ་ཧཱུྃ། གཟུངས་

སྔགས་ཀྱི་སྙིང་པོ་ཡི་གེ་དགུ་པོ་འབུམ་བཟླས་བརྗོད་བྱས་ནས་དགུ་པ་ལ་གནས་པར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྲས་ཀྱི་གཙོ་བོར་འགྱུར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་དགུ་

བཅུ་རྩ་དགུ་དག་རིག་སྔགས་འཆང་ལ་མངོན་སུམ་དུ་སྟོན་ཅིང་། སངས་རྒྱས་ཀྱི་ཡུལ་རྣམ་པར་སྤྲུལ་པ་སྣ་ཚོགས་སྟོན་པར་མཛད། རིག་སྔགས་འཆང་གི་སྤྱི་བོར་ཐམས་ཅད་ཀྱི་ཕྱག་འཇོག་པར་མཛད། ལེགས་སོ་ཞེས་བྱ་བ་ཡང་སྦྱིན་པར་མཛད་དེ། རིག་

སྔགས་འཆང་ཆེན་པོ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ངལ་ཞིང་སྦྱང་བའི་ལས་ལེགས་པར་བསྒྲུབ་པ་བྱས་སོ། །ཁྱོད་ཀྱིས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་སངས་རྒྱས་ཉིད་དུ་སྒྲུབ་པ་སྟེ། དོན་ཡོད་པའི་ཞགས་པའི་དཀྱིལ་འཁོར་ཆོ་ག་ཞིབ་མོ་སྒྲུབ་

པ་དང་མདོ་སྡེ་ལུང་བཅས་པ་སྒྲུབ་པ་འཇིག་རྟེན་གྱི་འདྲེན་པས་བསྟན་པ་གང་ཡིན་པ་དེ་དག་ཐམས་ཅད་གྲུབ་པ་ཡིན་ནོ། །ཨོྃ་པདྨོཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ། གསང་སྔགས་ཀྱི་སྙིང་པོ་ཡི་གེ་བཅུ་པ་འབུམ་བཟླས་བརྗོད་བྱས་ན་ཕྱིར་མི་ལྡོག་པ་ཉིད་དུ་གྱུར་ནས་ས་བཅུ་པ་ལ་གནས་

Vol. 92 · folio 185b

པར་འགྱུར་ཞིང་། ལྷ་དང་མིའི་སྐྱེ་དགུ་དག་འདི་ནི་དེ་བཞིན་གཤེགས་པའོ་ཞེས་བརྗོད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། དོན་ཡོད་པའི་པདྨ་གཙུག་ཏོར་གྱི་འཁོར་ལོས་སྒྱུར་བར་འགྱུར་ཏེ་ཐེ་ཚོམ་མི་བྱའོ། །གསང་སྔགས་

བཅུ་པའི་སྒྲུབ་པ་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་བླ་ན་མེད་པ་འདི་ནི་དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་སྤྲུལ་པ་བཟླས་བརྗོད་ཙམ་གྱིས་འགྲུབ་པར་ཡིན་ཏེ། བདག་གིས་སྔར་བསྟན་པ་ཐམས་ཅད་ལ་ལྷག་པར་ཞེན་པ། གཙང་མ། གཙང་སྦྲ་སྤྱོད་པ། གོས་གཙང་མ་བགོས་

པ། བྱམས་པའི་སེམས་དང་སྙིང་རྗེ་སྐྱེས་པ། བདེན་པ་སྨྲ་བ། བླ་མ་ལ་གུས་པ། དཀོན་མཆོག་གསུམ་ལ་དད་པ་ཆེ་བ། བླ་མ་དང་སློབ་དཔོན་ལ་རྟག་ཏུ་མཆོད་པ་བྱེད་པ་འདི་ནི་བཟླས་བརྗོད་ཀྱི་ཆོ་ག་ཡིན་ཏེ། སངས་རྒྱས་ཀྱི་བྱང་ཆུབ་བླ་ན་མེད་པར་བསྟན་ཏོ། །དེ་

ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་རབ་ཏུ་འཛུམ་ལ་ལག་ན་རྡོ་རྗེ་སྐོར་བཞིན་དུ་མགོ་བཏུད་ནས་སྨྲས་པ། སེམས་དཔའ་ཆེན་པོ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་དོན་ཡོད་

པའི་ཞགས་པ་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་གྱི་སྙིང་པོ་གསང་བ་ཆེན་པོ་རྒྱལ་པོ་འདི་ནི་ཤིན་ཏུ་རྙེད་པར་དཀའ་སྟེ། གཟུངས་སྔགས་ཀྱི་སྙིང་པོ་རེ་རེ་པོ་འདི་དག་ནི་བཟླས་བརྗོད་ཙམ་གྱིས་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་ན། སྤྱན་རས་གཟིགས་དབང་ཕྱུག་

གང་ཆེས་ངལ་ཞིང་དུབ་པར་བཟླས་བརྗོད་བསྒྲུབ་པ་དང་། ཆོ་ག་རྒྱས་པར་བསྒྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། ཉིན་ཞག་གཅིག་བསྙེན་གནས་ལ་གནས་ཤིང་ཟས་བསླངས་པ་དང་། འབྲས་བུ་དང་། ལྡུམ་བུ་དང་། རྩ་བ་བཟའ་བ་ཟོས་ནས་རིག་སྔགས་འདི་བསྒྲུབས་

ན་སྤྱན་རས་གཟིགས་དབང་ཕྱུག་དེའི་དངོས་གྲུབ་ཇི་ལྟ་བུ་ཞིག་འབྱུང་བར་འགྱུར། སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། ལག་ན་རྡོ་རྗེ་ཉིན་ཞག་གཅིག་སྨྱུང་བ་ལ་གནས་ཤིང་ཉིན་ཞག་གཅིག་ཙམ་བཟླས་བརྗོད་བྱས་པ་ཙམ་གྱིས་འབྲས་བུ་འགྲུབ་པར་འགྱུར་བ་

Vol. 92 · folio 186a

ནི་ལག་ན་རྡོ་རྗེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། གཞན་ཡང་དགེ་སྦྱོང་མགོ་བྲེགས་པ། རིགས་ཀྱི་གཙོ་བོ་བྲམ་ཟེའམ། རྒྱལ་རིགས་སམ། སྐྱེས་

པའམ། བུད་མེད་དམ། ཁྱེའུའམ། བུ་མོའམ། རྗེའུ་རིགས་སམ། དམངས་རིགས་གང་ལ་ལ་སྐད་ཅིག་ཐང་ཅིག་ཡུད་ཙམ་མམ། དུས་ཚིགས་གཅིག་གམ། དུས་ཚིགས་གཉིས་སམ། དུས་ཚིགས་གསུམ་ཡོངས་སུ་རྫོགས་པར་གཞན་མི་སྨྲ་བར་དོན་

ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་སྙིང་པོ་ཁྲོ་བོའི་རིགས་ཀྱི་གསང་སྔགས་རིམ་པར་ཕྱེ་བ་གཟུངས་སྔགས་ཆེན་པོའི་སྙིང་པོ་བཅུ་པོ་འདི་ལན་ཅིག་དྲན་ནམ། ཀློག་གམ། མིང་གཟུང་བའང་དྲན་ནམ། ལག་ན་རྡོ་རྗེ་དུས་ཚིགས་གཅིག་ཏུ་དྲན་པ་ཙམ་གྱིས་ཀྱང་དེའི་

མཚམས་མེད་པ་བྱེད་པ་མནར་མེད་པར་གཞོལ་བ། བསྐལ་པར་གནས་པ་ཡང་དེ་ཡིས་ཐམས་ཅད་རྣམ་པར་དག་པར་འགྱུར་ལ། སྡིག་པ་དང་སྒྲིབ་པ་བསགས་པ་རྣམས་ཟད་པར་འགྱུར། ལུས་ཡོངས་སུ་དག་ཅིང་དྲི་མ་མེད་པར་འགྱུར། སྒྲིབ་པ་དང་སྡིག་པ་དང་

བྲལ་བར་འགྱུར། ཚེ་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་པདྨ་དག་ལས་རྫུས་ཏེ་སྐྱེ་བར་འགྱུར། ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར། ནམས་ཀྱང་ངན་འགྲོར་འགྲོ་བར་མི་འགྱུར། བསྐལ་པ་བྱེ་བ་འབུམ་ཕྲག་བརྒྱད་ཅུར་འཁོར་ལོས་སྒྱུར་བ་མཆོག་ཏུ་

འགྱུར། བསྐལ་པ་བྱེ་བ་འབུམ་ཕྲག་བརྒྱད་ཅུར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་བདེ་བ་མྱོང་བར་འགྱུར། བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་གཉིས་སུ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བར་བདེ་བ་མྱོང་བར་འགྱུར། བསྐལ་པ་འབུམ་ཕྲག་བདུན་ཅུ་རྩ་གཉིས་སུ་

འཇིག་རྟེན་གྱི་ཁམས་འཇིག་རྟེན་རྣམ་པར་གཟིགས་པར་སྐྱེ་བར་འགྱུར། ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར། བསྐལ་པ་འབུམ་ཕྲག་དྲུག་ཏུ་རྩ་གཉིས་སུ་ནོར་བུ་འཆང་བའི་འཁོར་ལོས་སྒྱུར་བར་འགྱུར། བསྐལ་པ་ཁྲི་ཕྲག་བརྒྱད་ཅུར་འཕགས་པ་སྤྱན་རས་གཟིགས་

Vol. 92 · folio 186b

དབང་ཕྱུག་གི་གནས་རི་གྲུ་འཛིན་དུ་བདེ་བ་མྱོང་བར་འགྱུར། བསྐལ་པ་སྟོང་ཕྲག་དགུ་བཅུ་རྩ་དགུར་འོག་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར། བསྐལ་པ་འབུམ་ཕྲག་བརྒྱད་ཅུར་དགའ་ལྡན་གྱི་ལྷ་རྣམས་ཀྱི་ནང་དུ་བདེ་བ་མྱོང་བར་འགྱུར། བསྐལ་པ་འབུམ་ཕྲག་གསུམ་

ཅུ་རྩ་གསུམ་གྱི་ནང་དུ་བརྒྱ་བྱིན་ཉིད་བྱེད་པར་འགྱུར། བསྐལ་པ་འབུམ་ཕྲག་ལྔ་བཅུ་རྩ་གཉིས་སུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་སུ་འཇུག་པར་འགྱུར། བསྐལ་པ་སྟོང་ཕྲག་ཉི་ཤུར་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་སྤྱོད་པར་འགྱུར་ཏེ་ནམས་ཀྱང་མའི་མངལ་དུ་

སྐྱེ་བར་མི་འགྱུར་ཞིང་གང་དང་གང་དུ་སྐྱེ་བར་འགྱུར་བ་ཐམས་ཅད་དུ་རྫུས་ཏེ་སྐྱེ་བར་འགྱུར། ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་ཏེ། ལག་ན་རྡོ་རྗེ་དེ་ལྟར་རིག་སྔགས་ལན་ཅིག་དྲན་པ་ཙམ་གྱིས་དགེ་བའི་རྩ་བ་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་རོ། །

ལག་ན་རྡོ་རྗེ་གལ་ཏེ་གང་ཞིག་ཞག་གཅིག་གམ། ལན་ཅིག་སྨྱུང་བ་ལ་གནས་ཏེ་བཟླས་བརྗོད་དང་བཅས་པ་བྱས་ན་ལག་ན་རྡོ་རྗེ་དེ་ནི་ཚེ་འདི་ཉིད་ལ་མི་བདག་ཉིད་ཀྱི་ངོ་བོ་ཉིད་སྒྲིབ་བ་དང་བྲལ་ནས་དོན་ཡོད་པ་ཆེན་པོ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ། །

དོན་ཡོད་པ་བཀོད་པའི་ཏིང་ངེ་འཛིན་འཐོབ་བོ། །པདྨ་གསལ་བ་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་འཐོབ་བོ། །དོན་ཡོད་པའི་དྲི་མ་མེད་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ། །དོན་ཡོད་པ་རྣམ་པར་གཟིགས་པའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ང་འཛིན་འཐོབ་བོ། །

པདྨ་གཙུག་ཏོར་མཐར་ཕྱིན་པའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ། །དོན་ཡོད་པ་འབར་བའི་གཙུག་ཏོར་གྱི་སྙིང་པོ་གསང་བ་གྲུབ་པ་འཐོབ་བོ། །དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་དགུ་བཅུ་རྩ་གཉིས་དང་། དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་

མ་སྙེད་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར། ཚེ་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་པདྨ་དག་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །འདི་ནི་དོན་ཡོད་པའི་ཞགས་པའི་སྙིང་པོ་ཆོ་ག་ཞིབ་མོ་དང་། དོན་ཡོད་

Vol. 92 · folio 187a

པ་པདྨ་གཙུག་ཏོར་གྱི་ཆོ་ག་མཐའ་དག་རྫོགས་པ་དང་། ཕྱག་རྒྱ་དང་བཅས་པ་ཆོ་ག་ཞིབ་མོ་མཐའ་དག་རྫོགས་པར་ཁ་ཏོན་དུ་ལོབས་པར་འགྱུར་ཞིང་། དོན་ཡོད་པའི་རིག་སྔགས་འཆང་འཁོར་ལོས་སྒྱུར་བར་འགྱུར་རོ། །དོན་ཡོད་པའི་

ཞགས་པའི་སྙིང་པོ་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་གྱི་སྙིང་པོ་གསང་སྔགས་གྲུབ་པའི་ཆོ་ག་སྟེ། སྒྲུབ་པའི་ཆོ་ག་གཉིས་པའོ།། །།དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་

པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་དོན་ཡོད་པ་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་དོན་ཡོད་པའི་ཞགས་པའི་སྙིང་པོ་བྱ་བའི་ཆོ་ག་དང་སྒྲུབ་པའི་ཆོ་ག་དང་བཅས་པ་བཤད་པར་གསོལ། བཅོམ་ལྡན་འདས་རིག་

སྔགས་འཆང་ཀུན་གྱིས་འགྲུབ་པ། བསམ་པ་ཡོངས་སུ་རྫོགས་པ། དངོས་གྲུབ་སྒྲུབ་པའི་ཆོ་ག་དེ་ཁོ་ན་བཤད་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་

ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ལག་ན་རྡོ་རྗེ་བྱ་བའི་ཆོ་ག་དང་སྒྲུབ་པའི་ཆོ་ག་བཤད་པར་བྱ་ཡིས་ཉོན་ཅིག །ལག་ན་རྡོ་རྗེ་གསང་སྔགས་རྩ་བ་དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་སྙིང་པོ་གསང་བ་འདིའི་རིག་སྔགས་འཆང་རིགས་ཀྱི་བུའམ། རིགས་

ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་ལན་ཅིག་ཙམ་དྲན་པ་ཡིད་ལ་བྱེད་པ་ཡོངས་སུ་དག་པའི་བདག་ཉིད་སྙིང་རྗེ་ཆེན་པོ་དང་། བྱམས་པ་དང་ལྡན་པའི་ལྷག་པའི་བསམ་པས་སེམས་ཅན་ལ་དམིགས་པའི་སེམས་

ཅན་གང་ཡང་རུང་བ་ངན་སོང་གསུམ་དུ་སྐྱེ་བར་མི་འགྱུར་ཏེ། སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། ཡི་དགས་ཀྱི་ཡུལ་རྣམས་ཀྱི་གནས་དེ་དག་མེད་དེ། དེ་ལྟར་སེམས་ཅན་ཐམས་ཅད་སྒྲུབ་པ་དགེ་བའི་རྩེ་བ་ཆེན་པོ་དང་ལྡན་པར་འགྱུར་རོ།

Vol. 92 · folio 187b

ལན་གཉིས་བརྗོད་པ་ཙམ་གྱིས་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ལན་གསུམ་བརྗོད་པ་ཙམ་གྱིས་དུག་དང་། འབྲུམ་བུ་དང་། འབྲས་དང་། ལྷོག་པ་དང་། རྐང་ཤུ་དང་། མཛེ་དང་། གཡན་པ་ལ་སོགས་པ་ཐམས་ཅད་འཇིག་པར་འགྱུར་རོ། །ལན་བཞི་བརྗོད་

པ་ཙམ་གྱིས་དབྱིག་དུག་དང་། བྱད་ཐམས་ཅད་སེལ་བར་འགྱུར་རོ། །ལན་ལྔ་བརྗོད་པ་ཙམ་གྱིས་འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ལན་དྲུག་བརྗོད་པ་ཙམ་གྱིས་འཇིགས་པ་དང་། གདོན་དང་།

རིམས་ཐམས་ཅད་འཇིག་པར་འགྱུར་རོ། །ལན་བདུན་བརྗོད་པ་ཙམ་གྱིས་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་ནད་དང་། ཡམས་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ལག་ན་རྡོ་རྗེ་དེ་ལྟ་བས་ན་སེམས་ཅན་

ཐམས་ཅད་ཀྱི་དོན་དུ་ཉིན་རེ་ཞིང་གཞན་མི་སྨྲ་བར་ལན་བདུན་དྲན་པར་བྱའོ། །སེམས་ཅན་གང་ལ་ལ་སེམས་ཅན་དམྱལ་བར་གཞོལ་བ་ཤི་བ་དང་། དགེ་སློང་གང་ལ་ལ་བསླབ་པའི་སྡོམ་པ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་རལ་བ་དང་། མཁན་པོ་དང་། སློབ་དཔོན་

ལ་གུས་པར་མ་བྱས་པ་ཤི་བ་དེའི་དོན་དུ་བྱེ་མ་གཙང་མ་བླངས་ལ་ལན་བདུན་བཟླས་བརྗོད་བྱས་ན། དུར་ཁྲོད་དམ། རོ་བསྲེགས་པའམ། འཆད་པ་དེར་བྱེ་མ་གཏོར་བར་བྱའོ། །གང་དང་གང་ན་སེམས་ཅན་གང་དག་གི་རུས་པ་ཡོད་སར་བྱེ་མ་གཏོར་མ་ཐག་ཏུ་དེ་དང་དེར་

བྱེ་མ་བབ་པའི་སེམས་ཅན་དམྱལ་བའམ། ཡི་དགས་སམ། ཤ་ཟར་སྐྱེས་པའམ། གནོད་སྦྱིན་ནམ། སྲིན་པོའི་སྐྱེ་གནས་སུ་སྐྱེས་ན་དེ་དེའི་མོད་ལ་ཚེ་བརྗེས་ནས་ཐམས་ཅད་མཐོ་རིས་སུ་གཞོལ་བར་འགྱུར་ཞིང་ནམས་ཀྱང་སེམས་ཅན་དམྱལ་བར་གཞོལ་བར་མི་འགྱུར་

རོ། །ཡང་ན་གྲོ་ག་ལ་བྲིས་ནས་མཆོད་རྟེན་གྱི་ནང་དུ་བཅུག་པའི་གནས་དེར་རྐང་པ་གཉིས་པའམ། རྐང་པ་བཞི་པ་གང་དག་ཉེ་བར་འོངས་པ་དེ་དག་ཐམས་ཅད་གྲིབ་མ་ཕོག་པ་ཙམ་གྱིས་སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་དག་ཅིང་ཐམས་ཅད་མཐོ་རིས་སུ་གཞོལ་

Vol. 92 · folio 188a

བར་འགྱུར་རོ། །ཐ་ན་རི་དགས་དང་། བྱ་དང་། ཐ་ན་ལྡང་སྐོ་སྐ་དང་། ནེའུ་ལེ་དང་། སྡིག་པ་དང་། སྦྲུལ་དང་། ཁྱི་དང་། རུས་སྦལ་དང་། ལག་འགྲོ་དང་། དཀྱིལ་འཁོར་དེ་ལ་གྲིབ་མ་བབ་པ་ཙམ་གྱིས་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་

རྣམས་རྣམ་པར་དག་པར་འགྱུར་ཞིང་དེ་དག་ཐམས་ཅད་མཐོ་རིས་ཀྱི་འཇིག་རྟེན་དུ་གཞོལ་བར་འགྱུར་རོ། །དུང་ལ་ལན་བདུན་བཟླས་བརྗོད་བྱས་ནས་གནས་མཐོན་པོར་བུས་ན་སེམས་ཅན་གང་དག་དུང་དེའི་སྒྲ་ཐོས་པ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་

མོ་དང་། རི་དགས་དང་། བྱ་དང་། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དེ་དག་ཐམས་ཅད་མཐོ་རིས་ཀྱི་འཇིག་རྟེན་དུ་གཞོལ་བར་འགྱུར་རོ། །གང་དག་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། སེམས་ཅན་གང་དག་སྦྱིན་པ་ལ་དགའ་བ་དང་། གང་དག་བསྙེན་

གནས་ལ་ཉེ་བར་གནས་པ་དང་། གང་དག་སྐྱབས་གསུམ་བཟུང་བ་དང་། གང་དག་བྱང་ཆུབ་སེམས་དཔའི་སྡོམ་པས་བསྡམས་པ་དེ་དག་ཀྱང་དུང་གི་སྒྲ་ཐོས་ནས་སེམས་ཅན་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་འཐོབ་པར་འགྱུར་ལ། ཚེ་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར་རོ། །ཙནྡན་ལ་ལན་བདུན་བཟླས་བརྗོད་བྱས་ནས་དགེ་འདུན་གྱི་ཀུན་དགའ་ར་བའམ། མཆོད་རྟེན་གྱི་འཁོར་སའམ།

དགེ་འདུན་གྱི་ནང་ངམ། སྐྱེ་བོ་མང་པོའི་ནང་ངམ། རྒྱལ་པོའི་ཕོ་བྲང་དུ་བདུགས་ན་གང་དག་དེར་དྲི་མནམས་པའི་སེམས་ཅན་དེ་དག་ཐམས་ཅད་སངས་རྒྱས་ཀྱི་སྐུ་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་གོས་ལ་བདུགས་ནས་གང་གི་ལུས་ལ་གྱོན་པ་དེའི་སྡིག་པ་དང་

སྒྲིབ་པ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །ལུས་ལ་བབ་པ་ཙམ་གྱིས་དྲི་མ་དང་། སེར་སྣ་དང་། སྐྱོན་ཐམས་ཅད་སྤངས་པར་འགྱུར་རོ། །གོས་བཅངས་པ་ཙམ་གྱིས་འཇིག་རྟེན་ཐམས་ཅད་དབང་དུ་འགྱུར་རོ། །བདག་ཉིད་ཀྱིས་གོས་དེ་བདུགས་

Vol. 92 · folio 188b

ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་རྒྱལ་པོ་བཙུན་མོ་དང་། འཁོར་དང་བཅས་པ་དབང་དུ་འགྱུར། མཆོད་གནས་ཆེན་པོར་འགྱུར། འཇིག་རྟེན་ཐམས་ཅད་ཀྱི་བླ་མར་ཡང་འགྱུར་རོ། །འཕགས་པའི་དགེ་འདུན་གྱི་ནང་དུ་ཞུགས་ན་དགེ་སློང་ཐམས་ཅད་ཀྱི་མཆོད་

གནས་ཆེན་པོར་འོས་པར་འགྱུར་རོ། །སྐྱེ་བོ་མང་པོའི་ནང་དུ་ཞུགས་ན་ནོར་ཆེན་པོ་འཕེལ་བར་འགྱུར་ཞིང་མཆོད་པ་ཆེན་པོའི་འོས་སུ་འགྱུར་རོ། །རིའི་རྩེ་མོ་ཉི་མ་འཆར་བའི་ཁར་བདུགས་ནས་གསང་སྔགས་རྩ་བ་ལན་བདུན་བཟླས་བརྗོད་བྱས་ན་མོད་ལ་ཉི་མ་

འབབ་པར་འགྱུར་ཞིང་འདོད་པ་མཆོག་ཀུན་རྗེས་སུ་སྦྱིན་པར་བྱེད་དོ། །གུ་གུལ་དང་བསྲེས་ནས་ལྷ་ཆེན་པོའི་མདུན་དུ་བདུག་པར་བྱ་ཞིང་གསང་སྔགས་རྩ་བ་ལན་བདུན་བྱ་བ་པ་བྱས་ན་མོད་ཉིད་ལ་ལྷ་ཆེན་པོ་འབབ་པར་འགྱུར་ཞིང་རིག་སྔགས་འཆང་གི་མདུན་

དུ་འདུག་ནས་བསམ་པ་ཐམས་ཅད་ཡོངས་སུ་སྐོང་བར་བྱེད་དོ། །བོ་ལ་དང་། ཙནྡན་དང་། གུ་གུལ་བསྲེས་ནས་སྲེད་མེད་ཀྱི་བུའི་མདུན་དུ་བདུག་པར་བྱ་ཞིང་གསང་སྔགས་རྩ་བ་ལན་ཉི་ཤུ་གཅིག་ལུས་ཀྱི་ཡན་ལག་ལ་བྱ་བ་པ་བྱས་ན་སྲེད་མེད་ཀྱི་བུ་རང་གི་གཟུགས་ཀྱིས་མདུན་ན་

འདུག་ཅིང་འདོད་པ་མཆོག་ཀུན་རྗེས་སུ་སྦྱིན་པར་བྱེད་ལ། དངོས་པོ་སྣ་ཚོགས་ཀྱང་སྦྱིན་པར་བྱེད་དོ། །ཡུངས་ཀར་དང་བསྲེས་ནས་ཚངས་པ་ལ་བདུག་ཅིང་གསང་སྔགས་རྩ་བ་ལན་བཅུ་བཞི་བྱ་བ་པ་བྱས་ན། ཚངས་པ་རང་གི་གཟུགས་ཀྱིས་མདུན་ན་འདུག་ལ་མཆོག་

ཐམས་ཅད་སྦྱིན་པར་བྱེད་དོ། །པདྨའི་ཕྱེ་མ་དང་བསྲེས་ནས་ནག་པོ་ཆེན་པོ་དང་། མ་མོའི་ཚོགས་ལ་བདུགས་ན་ནག་པོ་ཆེན་པོ་དང་། མ་མོའི་ཚོགས་འཁོར་དང་བཅས་པ་རང་གི་གཟུགས་ཀྱིས་མདུན་ན་འདུག་ཅིང་མཆོག་དང་། བྱ་བ་སྒྲུབ་པ་ཐམས་ཅད་སྦྱིན་པར་

བྱེད་དོ། །ནཱ་ག་པུཥྤ་དང་། སྦྲུལ་གྱི་ཤུན་པ་དང་། བསྲེས་པའི་བདུག་པ་ཀླུའི་མཚོར་བདུག་ཅིང་གསང་སྔགས་རྩ་བ་ལན་བདུན་ཡུངས་ཀར་ལ་བཟླས་བརྗོད་བྱས་ནས་ཀླུའི་མཚོར་གཏོར་ལ། དོན་ཡོད་པའི་ཞགས་པའི་སྙིང་པོའི་མདོ་ལན་ཅིག་བརྗོད་ཅིང་དྲན་

Vol. 92 · folio 189a

པར་བྱས་ན་ཀླུ་དང་། ཀླུ་མོ་དང་། ཀླུའི་བུ་ཕོ་དང་། ཀླུའི་བུ་མོ་ཐམས་ཅད་གནས་ཀུན་ནས་བྱུང་ནས་རིག་སྔགས་འཆང་གི་རྐང་པ་གཉིས་ལ་འདུད་ཅིང་གང་བསྒོ་བ་དེ་དག་ཐམས་ཅད་བྱེད་ལ་འདོད་པ་ཐམས་ཅད་སྦྱིན་ཞིང་དབང་དུ་འགྱུར་རོ། །ལན་

གསུམ་སྦྱར་ན་ཀླུའི་རྒྱལ་པོ་རྒྱ་མཚོའང་འོང་ངོ་། །ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོ་ཡང་འོང་ཞིང་ཐམས་ཅད་བསྒོ་བ་བཞིན་བྱེད་ལ་དབང་དུ་གྱུར་ནས་འདུག་གོ། །གནོད་སྦྱིན་དང་། སྲིན་པོ་དགུག་པར་འདོད་པས་དུར་ཁྲོད་ཀྱི་ནང་དུ་མི་རོ་བསྲེགས་པའི་སོལ་བས་

བདུགས་ལ། གསང་སྔགས་རྩ་བ་གསང་མཐོན་པོས་ལན་བདུན་བརྗོད་ཅིང་དྲན་ན་གནོད་སྦྱིན་དང་སྲིན་པོ་དག་རྒྱུག་ཅིང་འོང་ལ། རིག་སྔགས་འཆང་གི་རྐང་པ་གཉིས་ལ་བཏུད་ནས་རྗེ་བཙུན་བཀའ་སྩོལ་ཅིག་ཅེས་ཟེར་བ་དང་། དེའི་ཚེ་རིག་སྔགས་འཆང་གིས་དེ་

བསྒོ་བ་ཇི་ལྟ་བ་བཞིན་དུ་བྱས་ན་བསྒོ་བ་ཐམས་ཅད་བྱེད་ལ་མངག་པའི་ལས་བྱེད་པར་འགྱུར་ཞིང་ཇི་སྲིད་འཚོའི་བར་དུ་འདུག་གོ། །ཐོད་པ་སྦྱར་བ་ལ་ལན་བདུན་བཟླས་བརྗོད་བྱས་ནས་ཐོད་པ་བཀང་བའི་བདུག་པས་བདུགས་ན་འབྱུང་པོ་ཐམས་ཅད་ཀུན་ནས་འོང་ཞིང་ཐམས་ཅད་

དབང་དུ་འགྱུར་ལ། ལས་བྱེད་པར་འགྱུར་རོ། །གནོད་སྦྱིན་མོ་དབབ་པར་འདོད་པས་བཙག་གིས་གནོད་སྦྱིན་མོ་བྲིས་ལ། བ་ལང་གི་ལྕི་བའི་དཀྱིལ་འཁོར་བྱས་པར་ཕྱེས་པ་པདྨའི་རི་མོ་བྲི་ཞིང་ཕྱེའི་གཏོར་མ་པདྨ་ལྟ་བུར་བྱས་པ་བཞག་ལ་བདུག་པ་འདིས་བདུག་ཅིང་། གསང་

སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ། ཡུངས་ཀར་ལ་ལན་བདུན་བཟླས་བརྗོད་བྱས་ན་གནོད་སྦྱིན་མོ་ལ་བརྡེག་པ་བྱས་ན་གནོད་སྦྱིན་མོ་རང་གི་གཟུགས་ཀྱིས་མདུན་དུ་འདུག་ཅིང་། ལྷའི་འཇིག་རྟེན་གྱི་བར་དུ་འགྲོ་ལ་སླར་ཡང་འོང་སྟེ། དོན་གསང་བ་ཐམས་ཅད་བསྒོ་

བ་ཙམ་གྱིས་བྱེད་པར་འགྱུར་རོ། །ཡང་ན་མའམ་ཆུང་མའམ། སྲིང་མོ་ཡིན་ནོ་ཞེས་སྨྲ་བར་བྱ་སྟེ། གལ་ཏེ་མར་བྱས་ན་བུ་ལ་སྡུག་པ་ལོངས་སྤྱོད་དང་། གཞལ་མེད་ཁང་ཐམས་ཅད་ཀྱི་ནང་དུ་འཇུག་ལ་རྒྱལ་པོའི་བུ་བཞིན་ཡོངས་སུ་སྐྱོང་བར་བྱེད་དོ། །གལ་ཏེ་

Vol. 92 · folio 189b

སྲིང་མོར་བྱས་ན་རྣམ་ཐོས་ལ་འགྲན་པར་འགྱུར་རོ། །གལ་ཏེ་ཆུང་མར་བྱས་ན་སུམ་ཅུ་རྩ་གསུམ་གྱི་བདག་པོ་ལྟར་དགའ་བའི་ལོངས་སྤྱོད་དག་ལ་རྩེར་འཇུག་པར་བྱེད་དོ། །ལྷ་མོ་དཔལ་ལ་བདུགས་ལ་གསང་སྔགས་རྩ་བ་ལན་བདུན་བཟླས་བརྗོད་བྱ་ཞིང་ལྷ་མོ་དཔལ་གྱི་མགོ་

ལ་བྱུགས་ན་ལྷ་མོ་ཆེན་མོ་དཔལ་རང་གི་གཟུགས་ཀྱིས་མདུན་ན་འདུག་ཅིང་། ནོར་གྱི་ཕུང་པོ་ཆེན་པོ་འབུལ་བར་བྱེད་དེ། ནམ་འཚོའི་བར་དུ་ཁྱིམ་ན་འདུག་ཅིང་ནོར་ཆེན་པོ་ཉིད་འཕེལ་བར་འགྱུར་རོ། །རྣམ་ཐོས་ཀྱི་བུ་ལ་བདུགས་ན་གསེར་སྲང་སྟོང་སྦྱིན་པར་བྱེད་དོ། །

ནོར་བུ་བཟང་པོའི་བུ་ལ་བདུགས་ན་གསེར་གྱི་དོང་ཙེ་སྟོང་སྦྱིན་པར་བྱེད་དོ། །ཚལ་གསེབ་ཏུ་བདུགས་ན་ཚལ་ན་གནས་པའི་ལྷ་རང་གི་གཟུགས་ཀྱིས་མདུན་ན་འདུག་ཅིང་རྫས་དང་། སྨན་ཐམས་ཅད་རང་གི་གཟུགས་ཀྱིས་མདུན་ན་འདུག་གོ། །རི་རྣམས་ལ་བདུགས་

ན་རྩྭ་དང་། ཤིང་གེལ་པ་དང་། སྨན་དང་རྫས་ཐམས་ཅད་འབར་བར་འགྱུར་རོ། །གྲོང་ཁྱེར་བཞིའི་སྒོ་རྣམས་སུ་བདུགས་ན་གྲོང་ཁྱེར་ཀུན་དུ་ཡམས་ཀྱི་ནད་དང་། གནོད་པ་དང་། ནད་འགོ་བ་དང་། ནད་ཐམས་ཅད་དང་། འཐབ་པ་དང་། འཐབ་མོ་

དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །འབྲོག་ཏུ་བདུགས་ན་རྐུན་མོ་དང་། གཡོན་ཅན་དང་། གནོད་བྱེད་དང་། སེང་གེ་དང་། སྟག་དང་། སྦྲུལ་དང་། དྲེད་དང་། དོམ་གྱི་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་

ཞིང་རི་དགས་གཏུམ་པོའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །རིམས་ཐམས་ཅད་ལ་བདུགས་ན་རིམས་ཐམས་ཅད་ལས་ཐར་བར་འགྱུར་རོ། །སྡིག་པ་ཐམས་ཅད་འགེགས་པ་ཙནྡན་གྱི་བདུག་པ་བསྒྲུབ་པའི་ཆོ་ག་སྟེ་གསུམ་པའོ།། །།

དེ་ནས་ཐིག་ལེ་ཡང་དག་པར་བཤད་པར་བྱ་སྟེ། རིགས་ཀྱི་རྒྱལ་པོའི་གསང་སྔགས་བསྒྲུབས་པ་ནི་ཉི་མའི་གཟི་བརྗིད་དང་མཚུངས་ཤིང་སྐར་མའི་རྣམ་པ་ལྟར་འབར་བ་ཡིན་ཏེ། གཟི་བརྗིད་ཀྱི་རྒྱལ་པོ་དེ་གཉིས་ཀྱིས་འབར་བར་འགྱུར་བ་ནི་བསོད་ནམས་ཀྱི་ཕུང་པོ་རྣམ་

Vol. 92 · folio 190a

པར་འཕེལ་ལོ། །ལྷ་རྣམས་ཀྱི་ནང་ན་ལྷའི་དབང་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་བཅས་པས་རྟག་ཏུ་མཆོད་པའི་གནས་སུ་འགྱུར་གྱིས་རིག་སྔགས་འཆང་གིས་ཐེ་ཚོམ་མི་བྱའོ། །དཔྲལ་བའི་སྟེང་དུ་ཐིག་ལེ་

བྱེད་པ་ནི་རྟག་ཏུ་མཛེས་པ་ཡིན་ཏེ། ཉི་མ་ལྟར་འོད་ཟེར་གྱི་དྲ་བ་སྟོང་གིས་གསལ་ཤིང་ཤེལ་ལྟར་དག་པ་མདོག་དཀར་བ་དྲི་ཞིམ་པ་དང་། གླང་པོ་ཆེའི་བྱ་བ་དང་། དཔྲལ་བ་དང་། བ་ལང་གི་གནས་ལྟར་སྐྱོན་མེད་ཅིང་མཉམ་པར་མཐུན་ལ་ཤིན་ཏུ་དུལ་བ། དེད་

དཔོན་གཅིག་པུའི་ནོར་བུར་གྱུར་ཅིང་གསང་སྔགས་འབུམ་བཟླས་པས་ལེགས་པར་བསྒྲུབས་པ། གསེར་དང་། གོས་ལྟར་ཀུན་དུ་འབར་བ་ནི་ཐིག་ལེ་ཡིན་ནོ། །སྨིན་མཚམས་ཀྱི་བར་དཔྲལ་བ་ན་ཤིན་ཏུ་ཕྲ་བ་རྟག་ཏུ་རྟག་པར་མཛེས་པ་ནི་ཟླ་བ་ཉ་བ་མཁའ་ལ་འགྲོ་

བ་ལྟ་བུ་ཡིན་ལ། སྐྱེ་བོའི་དབུས་ན་གསལ་བ་ནི་རྒྱུ་སྐར་གྱི་རྒྱལ་པོ་ཟླ་བ་དབུས་ན་གནས་པ་བཞིན་རང་གི་འཁོར་གྱི་དབུས་ན་ལྷ་རྣམས་ཀྱི་རྒྱལ་པོ་དབང་པོ་བརྒྱ་བྱིན་ལྟ་བུ་ཡིན་ལ། སྐྱེ་བོའི་དབུས་ན་ནི་འཇིག་རྟེན་གྱི་རྒྱལ་པོ་གདུགས་གཅིག་པ་ལྟར་འབར་བ་ཡིན། འཇིག་

རྟེན་གྱི་ནང་ན་གདུགས་གཅིག་པ་བདེ་བར་གཤེགས་པ་ལྟར་ཤིན་ཏུ་དུལ་བ་ཡིན་ལ། ཤཱཀྱའི་རིགས་ཀྱི་རྒྱུད་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་དེ་བཞིན་དུ་ནོར་བུ་མཆོག་རྣམ་པར་དག་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་ཡིན་ནོ། །ལྷ་དང་

བཅས་པའི་འཇིག་རྟེན་ན་ཇི་ལྟར་འཇིག་རྟེན་དབང་ཕྱུག་གཅིག་པུ་ལྟར་མཆོག་དང་། རབ་མཆོག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པར་བྱེད་དེ་དེ་ལྟར་ཐིག་ལེ་ནོར་བུའི་མཐུ་ནི་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པར་བྱེད་དོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་བཅས་པ་

དབང་དུ་འགྱུར་ཞིང་སུམ་ཅུ་རྩ་གསུམ་གྱི་བདག་པོ་དབང་དུ་འགྱུར་བར་རྗེས་སུ་འགྲོ་བ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་འདོང་བར་གྱུར་པ་ཐམས་ཅད་ཀྱང་དབང་དུ་འགྱུར་བ་ནི་མཁའ་ལ་སྐར་མ་ལྟར་དཔྲལ་བར་

Vol. 92 · folio 190b

རྟག་ཏུ་དབང་དུ་གྱུར་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་མགོ་བོས་རྐང་པའི་དྲུང་དུ་རྟག་འདུད་ལ་མེ་ཡིས་མི་འཚིག །ཆུ་ཡིས་མི་འཁྱེར་ཞིང་ལུས་ལ་དུག་དང་། སྦྱར་བའི་དུག་དང་། ཕྱེ་མའི་དུག་དང་། བྱད་མི་བཟད་པ་དང་། ངན་སྔགས་དང་། སྡང་བའི་རྣམ་

པས་མི་ཚུགས་པར་འགྱུར་རོ། །ནོར་བུ་ལྟ་བུའི་མཐུས་དེ་དག་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །རིམས་དང་། སྡུག་བསྔལ་བ་དང་། ནད་དང་། རླུང་དང་། ཀླད་ནད་ཆེན་པོ་ལ་ཐིག་ལེ་བྱས་པ་ལྟ་བུར་མོད་ལ་དེ་དག་ཐམས་ཅད་རབ་ཏུ་ཞི་བར་འགྱུར།

སེམས་ཅན་བཙོན་དུ་གཟུང་བའམ། ཆད་པས་བཅད་པའམ། བཅིང་བར་འོས་པ་ལ་ཐིག་ལེ་ལྟ་བུ་བྱས་པས་དེ་དག་ཐམས་ཅད་ལས་ཐར་བར་འགྱུར་རོ། །སྨིན་མཚམས་དཔྲལ་བར་ཐིག་ལེ་ལྟ་བུ་བྱས་ན་དེའི་མོད་ལ་གནོད་སྦྱིན་སྟོང་དང་སྲིན་པོ་དྲག་པོའི་གཟུགས་

ཅན་གདོན་བརྒྱ་སྟོང་རྣམས་ལུས་ལ་འཇུག་པར་མི་འགྱུར་ཞིང་། གླང་པོ་ཆེ་དང་། རི་དགས་ཀྱི་བདག་པོའི་ཁྱུ་དང་། ཆོམ་རྐུན་དང་། ཤོད་ཀྱི་ལམ་དང་། རིའི་ལམ་དང་། རི་སུལ་དང་། ངམ་གྲོག་དང་། གློག་དང་། གླང་དང་། སྦྲུལ་དང་། སྔང་འཇིགས་

ཀྱི་འཇིགས་པ་ཐམས་ཅད་ཞི་བར་འགྱུར་རོ། །ཐིག་ལེ་ལྟ་བུའི་མཐུས་དགྲའི་སྡེ་སྟོང་སྙེད་ཀྱི་ནང་ན་འགྱེད་པ་ལས་མྱུར་བ་ཉིད་དུ་རྒྱལ་བར་འགྱུར། གཡུལ་དང་། འཐབ་མོ་དང་། ཐ་སྙད་མོད་ཉིད་ལ་ཞི་བར་འགྱུར། དེའི་ཚེ་ནོར་བུ་གཙུག་གི་སྤྱི་བོར་བཏགས་པ་གང་

ཡིན་པ་དང་། ཐིག་ལེ་ཡང་བྱས་ནས་འཁོར་ལོ་ལ་བྱུགས་ལ་ཕ་རོལ་གྱི་དམག་ཚོགས་གཡུལ་གྱི་ནང་དུ་ཞུགས་ན་བདག་ཉིད་གཅིག་པུས་དཔུང་གི་ཚོགས་ཡན་ལག་བཞི་པ་ལས་རྒྱལ་བར་འགྱུར། འདིས་ཐམས་ཅད་དུ་ཞུགས་པ་ཙམ་གྱིས་ཕམ་པ་བྱས་པར་འགྱུར་

ཞིང་ཕྱོགས་བཅུར་འབྲོས་ལ་ཐམས་ཅད་འཇིགས་པར་འགྱུར་རོ། །ཐིག་ལེ་བྱས་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་རྒྱལ་པོ་དང་། བཙུན་མོ་དང་། འཁོར་དང་བཅས་པ་དབང་དུ་གྱུར་ནས་ཉེ་བར་འཁོད་དོ། །ཇི་སྲིད་འཚོའི་བར་དུ་མཆོད་གནས་སུ་འགྱུར་རོ། །

Vol. 92 · folio 191a

དཔུང་པ་གཡས་པར་ནོར་བུ་བཏགས་ལ་ཡན་ལག་དང་། ཡན་ལག་དག་ཏུ་ཐིག་ལེ་བྱས་ན་ཐམས་ཅད་དུ་རྒྱལ་བ་འཐོབ་ཅིང་རེག་པ་ཙམ་གྱིས་དབང་དུ་འགྱུར་ལ། དོན་གང་དང་གང་བསྒྲུབ་པ་དེ་དག་དེ་ཐམས་ཅད་འཐོབ་པར་འགྱུར་རོ། །

རིལ་བུ་དག་ནི་ཁར་བཅུག་ནས། ལྷན་ཅིག་འདུག་ལ་སྨྲས་ན་ནི། །ཐམས་ཅད་དབང་དུ་འོང་བར་འགྱུར། །རྒྱལ་པོ་དང་ནི་བཙུན་མོ་འམ། །དགེ་སྦྱོང་དང་ནི་བྲམ་ཟེ་དང་། །རྒྱལ་རིགས་དང་ནི་དམངས་རིགས་ཉིད། །སྐྱེས་པ་དང་ནི་བུད་མེད་དང་། །ཁྱེའུ་དང་བུ་

མོ་རྣམས་ཀྱང་རུང་། །དེ་དག་ཐམས་ཅད་དབང་དུ་འགྱུར། །ཀུན་དུ་མངག་པའི་ལས་རྣམས་བྱེད། །རིལ་བུ་ཟོས་པ་ཙམ་གྱིས་ནི། །ནད་རྣམས་ཐམས་ཅད་རྣམ་པར་འཇིག །གང་གི་ཉིན་བཞི་པ་ཡི་རིམས། གང་དག་ཁོང་སྐེམ་ནད་ཀྱིས་ཉམས། །གང་

ཞིག་རྟག་པའི་རིམས་ཀྱི་བཏབ། །གང་དུ་འཐབ་མོ་འབྱུང་བ་དང་། །དེ་བཞིན་སྐྱེ་བོ་སྡང་སེམས་ཅན། །བདག་ལ་གྲིབ་གནོན་གཞན་གྲིབ་གནོན། །སྐེམ་བྱེད་སྐེམ་པ་བརྗེད་བྱེད་དང་། །གང་ཞིག་གདོན་གཞན་མི་བཟད་པ། །སྡིག་པའི་ལས་ནི་ཀུན་དུ་སྤྱོད། །

སྔོན་གྱི་ལས་ནི་མི་ཟད་པ། །དེ་ཀུན་སྐད་ཅིག་ཙམ་གྱིས་འཇིག །རིལ་བུས་ཁྲུས་བྱས་ཙམ་གྱིས་ནི། །འབྲས་དང་ཤུ་བར་འགྱུར་རྣམས་དང་། །ལྷོག་པ་དང་ནི་རྐང་ཤུ་དང་། །མཚན་པར་རྡོལ་དང་མེ་དབལ་དང་། །ཁྱི་རྔོ་མཛེ་དང་རྐང་པའི་ནད། །མི་བཟད་དེ་རྣམས་

ཀུན་དང་ནི། །གང་དག་ནོར་རྒྱས་སྡང་བས་ཟིན། །བྱུགས་པ་ཙམ་གྱི་མོད་ལ་ནི། །ཐམས་ཅད་དུག་མེད་ཞི་བར་འགྱུར། །རིལ་བུ་ཐམས་ཅད་ལས་བྱེད་པ། །ལྷ་རྫས་ཤི་བ་སོས་པར་བྱེད། །རིལ་བུ་དག་ནི་འཆང་བྱེད་ཅིང་། །ཐིག་ལེ་དག་ནི་བྱས་པ་ཡིས། །ཐམས་

ཅད་དུ་ནི་མཆོད་པ་འཐོབ། །ཐམས་ཅད་དུ་ནི་ནོར་དག་འདུ། །དཔལ་འདོད་པ་ནི་དཔལ་འཐོབ་ཅིང་། །འབྲུ་འདོད་འབྲུ་ཡི་ཕུང་པོ་འཕེལ། །ལྷ་རྣམས་དག་ནི་དགའ་འགྱུར་ཞིང་། །ཀླུ་རྣམས་ཀྱང་ནི་དགའ་དང་བཅས། །གནོད་སྦྱིན་སྲིན་པོ་དྲི་ཟ་དང་། །ལྷ་མིན་མཁའ་

Vol. 92 · folio 191b

ལྡིང་མིའམ་ཅི། །ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང་། །འབྱུང་པོ་རྣམས་ཀྱང་དགའ་དང་བཅས། །རྟག་ཏུ་ཕྱག་བྱའི་གནས་འགྱུར་ཞིང་། །ཐམས་ཅད་དབང་དུ་གྱུར་ནས་འཁོད། །འཁོད་ཀུན་བྲན་བྱེད་ཅི་བྱ་ཟེར། །གང་ཞིག་རིལ་བུ་དེ་དག་བརྟེན། །རིལ་བུ་ཐིག་ལེ་

རྟག་བྱེད་ལ། །དེ་བཞིན་གཤེགས་ཀུན་དགོངས་པ་མཛད། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་། །དེ་ཉིད་རིག་ལ་རྟག་ཏུ་ནི། །མཆོག་སྦྱིན་དུས་ཀུན་གཟིགས་པར་མཛད། །བསོད་ནམས་ཕུང་པོ་སྟོང་དག་ནི། །ཉི་མ་རེ་རེ་སོགས་པར་བྱེད། །འཇིག་རྟེན་

པ་ཡི་བདེ་སྤྱད་ཅིང་། །འཇིག་རྟེན་ཕ་རོལ་ཤིན་ཏུ་བདེ། །ཚེ་བརྗེ་བ་ནི་འཕོས་ནས་སུ། །བདེ་བ་ཅན་དུ་མོད་ལ་འགྲོ། །གང་དང་གང་དུ་སྐྱེ་བར་ནི། །ཚེ་རབས་རྟག་ཏུ་ཚེ་རབས་དྲན། །ལག་ན་རྡོ་རྗེ་གནོད་སྦྱིན་ཆེ། །གནོད་སྦྱིན་བྱེ་བས་ཡོངས་བསྐོར་ཅིང་། །གཡེལ་

བ་མེད་པར་ཉིན་མཚན་དུ། །དུས་ཀུན་དུ་ནི་སྲང་བ་དང་། །སྐྱོབ་དང་སྦེད་དང་སྲུང་བར་བྱེད། །གང་ཞིག་བུ་ནི་མེད་པ་དང་། །བུ་མེད་བུ་ནི་འདོད་པ་ལ། །རིལ་བུ་གཅིག་ནི་སྦྱར་ནས་སུ། །མཉམ་པར་བཞག་པས་གསང་སྔགས་ནི། །མཁས་པས་ཟླ་བ་ཡར་གྱི་

ངོར། །འབུམ་ནི་ཚང་བར་བཟླས་ནས་སུ། །ཟླ་བ་ཉ་སྟེ་བཅྭ་ལྔ་ལ། །སྐྱེས་པ་བུད་མེད་ཁྲུས་བྱ་ཞིང་། །ཡན་ལག་ཡན་ལག་ཐིག་ལེ་བྱ། །དཀོན་མཆོག་གསུམ་ནི་ལེགས་མཆོད་ཅིང་། །བྲམ་ཟེ་དག་ཀྱང་མཆོད་སྟོན་བྱེད། །བསྲུང་བའི་ཆོ་ག་བྱས་ནས་སུ། །

གཏོར་མ་དཀར་གསུམ་མང་པོ་བཤམ། །བདག་ཉིད་རྒྱན་གྱིས་བརྒྱན་ནས་སུ། །གོས་གཙང་རྣམས་ནི་བགོ་བར་བྱ། །བྱམས་པའི་སེམས་ལ་ཡང་དག་གནས། །སྙིང་རྗེའི་སེམས་ཅན་སྡུག་པར་བྱེད། །བསམ་པ་དག་ཅིང་དེས་པ་དང་། །བླ་མ་རྟག་ཏུ་གུས་པར་བྱ། །

མེ་ཏོག་སྣ་ཚོགས་རབ་དགང་ཞིང་། །སྤོས་དང་བྱུག་པ་སྣ་ཚོགས་དང་། །དུ་རུས་ཙནྡན་སཱ་ལ་ཀི། །ལྷ་ཡི་བདུག་པས་བདུག་བྱ་ཞིང་། །བུ་རམ་འོ་མ་བདུན་དང་ནི། །རིལ་བུ་ལེགས་སྦྱར་བཟའ་བར་བྱ། །གསང་བ་འདི་འཐུངས་མོད་ལ་ནི། །བཏུང་དང་ཁ་ཟས་

Vol. 92 · folio 192a

བཟའ་བར་བྱ། །མགོན་པོ་སྤྱན་རས་གཟིགས་ཀྱི་དབང་། །མཆོག་སྦྱིན་མཛད་པར་མཆོད་པར་བྱ། །བྱམས་མཛད་དེ་ཡི་ཞབས་དྲུང་དུ། །མཚན་མོ་ཉལ་དང་ནང་པར་ནི། །མཐོང་བ་མཆོག་འདི་ཐོབ་པར་འགྱུར། །འཕགས་པ་སྤྱན་རས་

གཟིགས་ཀྱི་དབང་། །མཆོག་སྦྱིན་རང་གཟུགས་སྟོན་མཛད་ཅིང་། །མཆོག་ཉིད་དམ་པ་སྦྱིན་པར་མཛད། །བུད་མེད་དེ་ནི་བུ་སྐྱེད་ཅིང་། །གཟུགས་བཟང་མཆོག་ཏུ་བལྟ་ན་སྡུག །སྟོབས་ལྡན་གཟུགས་ནི་ཕུན་སུམ་ཚོགས། །ལྷ་ཡི་དཔལ་གྱི་རྗེས་སུ་འགྲོ། །

ཆོས་ལྡན་མཁས་ཤིང་གསལ་བ་དང་། །ཚེ་རིང་དབང་ཕྱུག་ཚད་མེད་འགྱུར། །དཔའ་བོ་དགྲ་ལས་རྒྱལ་བ་དང་། །སྡང་བ་ཐམས་ཅད་འཇོམས་པར་འགྱུར། །ཡང་ན་དྲན་པའི་བློ་བསྐྱེད་པར་འདོད་པས་ཐོས་པ་ལ་བརྟེན་ནས་འདུག་ཅིང་རིག་སྔགས་འཆང་གཙང་

མ་ཞག་བདུན་དུ་ཉིན་རེ་ཞིང་མར་དང་འོ་མ་བསྐོལ་བ་དེར་རིལ་བུ་བདུན་བཅུག་སྟེ། ཟན་མ་ཟོས་པའི་སྔོན་རོལ་དུ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ནས་འཇམ་ཙམ་པ་འཐུངས་ལ་ཕྱིས་ཁ་ཟས་བཟའ་བར་བྱ། ཞག་བདུན་གྱིས་ཐོས་པའི་རྒྱ་མཚོ་ཆེན་པོ་བསགས་

པར་འགྱུར་ཏེ་བསྟན་བཅོས་ཐམས་ཅད་དང་། ཆོས་ལུགས་དང་། འདུལ་བ་དང་། སྙན་དང་གས་དང་། བརྡ་སྤྲོད་པ་དང་། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། ཆེད་དུ་བརྗོད་པའི་

སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཆོས་མངོན་པར་དང་། རྩིས་དང་། ཆོ་ག་ཞིབ་མོ་དང་། གསང་སྔགས་དང་། ཕྱག་རྒྱ་ཐམས་ཅད་དང་། ཐེག་པ་ཆེན་པོ་ཐམས་ཅད་ཁ་ཏོན་དུ་ལོབས་པར་འགྱུར་རོ། །ཞག་ཉི་ཤུ་རྩ་གཅིག་

ཏུ་སྦྱར་བ་བྱས་ན་སྟོབས་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་གནོན་པར་འགྱུར་ཏེ། གླང་པོ་ཆེ་ཁྲིའི་སྟོབས་སུ་འགྱུར་རོ། །ཟླ་བ་གཅིག་ཙམ་སྦྱར་བ་བྱས་ན་ལོ་ལྔ་བརྒྱར་འཚོ་ཞིང་གཉེར་མ་དང་། སྐྲ་དཀར་སྤངས་ལ་སྐྲ་ལྕང་ལོ་འཁྱིལ་ཞིང་འཁྱིལ་པར་འགྱུར་བ་དང་། ལུས་

Vol. 92 · folio 192b

ཀྱི་མདོག་དཀར་ཤམ་ལྟ་བུར་འགྱུར་རོ། །ལོ་གཅིག་ཏུ་སྦྱར་ན་ལྷའི་སྨན་བཅུད་ཀྱིས་ལེན་མཆོག་ལ་འཇུག་ཅིང་ནམ་མཁའི་སྟེང་དུ་ལྷ་རྣམས་དང་ལྷན་ཅིག་མཐུན་པར་འགྱུར་ལ། བརྒྱ་བྱིན་དང་ཡང་ལྷན་ཅིག་འགྲན་པར་འགྱུར། ལྷ་རྣམས་ཀྱི་ལྷ་མོའི་ཚོགས་དང་། ལྷའི་

གཞལ་མེད་ཁང་ན་རྩེ་ཞིང་དགའ་བར་བྱེད་ལ་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་གི་གནས་ན་གནས་པར་འགྱུར། ཉི་མ་ལྟ་བུར་འོད་གཏོང་ཞིང་རྒྱུ་ལ་གནས་པ་བཟང་པོ་རྣམས་ཀྱིས་འགྲོ་བར་བྱེད། གཟི་བརྗིད་ཤིན་ཏུ་གསལ་བ་མི་བཟོད་ཅིང་རྣམ་པར་དག་པར་

འགྱུར་རོ། །ཞེས་བྱ་བ་ལ་ཐེ་ཚོམ་མི་བྱའོ། །ལས་ཐམས་ཅད་བསྒྲུབ་པའི་ཐིག་ལེ་དང་། རིལ་བུ་བསྒྲུབ་པའི་ཆོ་ག་སྟེ་བཞི་པའོ།། །།དེ་ནས་མི་སྣང་བར་བྱ་བ་དང་། ནམ་མཁའ་ལ་འགྲོ་བ་སྨན་གྱི་མཆོག་དོན་ཡོད་པའི་མཐུས་གྲུབ་པར་བཤད་པར་བྱ་སྟེ།

རིག་སྔགས་འཆང་བ་རྣམས་ཀྱི་གྲུབ་པའི་མཆོག་དེ་ཁོ་ན་ཉིད་ཡིན་ནོ། །སྨན་དངུལ་ཆུ་དང་། བྲཧྨཱ་ཀྵི་ར་དང་། སུ་བར་ཎ་ཀྵི་ར་དང་། ཤེལ་སྔོ་སངས་དང་། ཀུ་ཀྵི་དང་། སུ་གན་དྷི་དང་། ཀིང་ཀུཥྛ་སྐྱོན་མེད་པ་དང་། ཨུཏྤལ་བཟང་པོ་དང་། པདྨ་ཀྵ་དང་། གུ་གུལ་

དང་། ཕེ་ལུ་པད་ཏྲ་དང་། གུར་གུམ་དང་། ན་ག་པུཥྤ་དང་བཅས་པ་དང་། སྤང་སྤོས་དང་། ཤི་རི་ཥའི་མེ་ཏོག་དང་། ཙནྡན་དཀར་པོ་དང་བཅས་པ་བསྲེས་ནས་ཞིབ་ཏུ་བཏགས་པའི་ཕྱེ་མ་ལ་དོན་ཡོད་པ་པདྨ་གཙུག་ཏོར་གྱི་གསང་བ་རིགས་ཀྱི་རྒྱལ་པོའི་སྔགས་ཀྱིས་

ཤིན་ཏུ་བརྩོན་པར་ལན་བརྒྱད་བརྒྱ་བཟླས་བརྗོད་བྱ་ཞིང་ཁྲོ་བོའི་གསང་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་པས་ལན་ཉི་ཤུ་རྩ་གཅིག་ཏུ་དབང་བསྐུར་ལ། ཡི་གེ་གཅིག་པ་ལན་འབུམ་བཟླས་བརྗོད་བྱ། དེའི་ཚེ་གཟུངས་སྔགས་བཅུ་བོ་སོ་སོར་ལན་ཉི་ཤུ་རྩར་རེ་

བཟླས་བརྗོད་བྱ་སྟེ། གསང་སྔགས་ཐམས་ཅད་རྫོགས་པར་བཟླས་བརྗོད་བྱས་ནས་སྨན་དོན་ཡོད་པ་རྒྱ་ཆེ་བ་གསལ་བ་ཞེས་བྱ་བ་སྨན་གྱི་མཆོག །བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ་བཞག་ལ་གྲིབ་མ་ལ་བསྐམ་པར་བྱའོ། །

Vol. 92 · folio 193a

ཡང་དོན་ཡོད་པའི་ཞགས་པའི་གཙུག་ཏོར་གྱིས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་སྣོད་གཙང་མའི་ནང་དུ་བཅུག་ལ་ནམ་དགོས་པ་བྱུང་བ་དེའི་ཚེ་ཐམས་ཅད་དུ་བསྒྲུབ་པའི་དགོས་པ་ཐམས་ཅད་ལ་སྦྱར་བར་བྱའོ། །དེ་ནས་རིག་སྔགས་འཆང་གཙང་

མར་གྱུར་པས་ལུས་ལེགས་པར་ཁྲུས་བྱས་ལ་སྤོས་ཆུས་བྱུགས་ཏེ། གོས་གཙང་མ་བགོ་བར་བྱ། སྨན་གྱི་མཆོག་འདི་ཡུངས་མར་གྱིས་སྦྲུས་ལ་རང་གི་ལུས་ལ་བྱུག་པར་བྱ་སྟེ། ལན་ཅིག་བསྐུས་པ་ཙམ་གྱིས་མི་སྣང་བར་འགྱུར་ལ། གནས་གསང་བར་བྱ་བའི་

སྒོ་བཅད་པ་ཐམས་ཅད་མཐོང་བར་འགྱུར། གནས་ཐམས་ཅད་དུ་ཇི་ལྟར་འདོད་པ་བཞིན་དུ་འཇུག་པར་འགྱུར། དོན་ཐམས་ཅད་བྱེད་པར་འགྱུར། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་ལ་སོགས་པའི་གཙོ་བོ་རྒྱལ་པོར་འགྱུར་ཞིང་དེ་དག་ཐམས་

ཅད་དབང་དུ་འགྱུར་ཏེ། ཅི་བགྱི་ཞེས་བྱ་བ་བྱེད་ལ་ཇི་སྲིད་འཚོའི་བར་དུ་ཉེ་བར་གནས་ནས་ལས་སུ་བྱ་བའི་དགོས་པ་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་འགྱུར་རོ། །ཀླུའི་གནས་ཀྱི་སྒོ་བཅད་པ་ཐམས་ཅད་ན་འདུག་ལ་ཀླུ་འཁོར་དང་བཅས་པ་ཐམས་ཅད་མདུན་དུ་

འཁོད་ནས་བྱ་བ་ཐམས་ཅད་ལ་ཅི་བགྱི་ཞེས་བྱ་བ་བྱེད་པར་འགྱུར་ཞིང་ལས་སུ་བྱེད་པ་དང་། དགོས་པ་ཐམས་ཅད་བྱེད་པར་འགྱུར། ཇི་སྲིད་འཚོའི་བར་དུ་ཉེ་བར་འཁོད་ཅིང་ཉིན་མཚན་དུ་གནས་ལ། དེ་ནས་ཀླུ་ཐམས་ཅད་བསྒོ་བ་བཞིན་བྱེད་པར་འགྱུར་རོ། །སྨན་

ལ་སིང་ཧ་ཛི་ཧྭ་དང་། བའི་འོ་མ་དང་སྦྱར་བས་མགོ་ཀུན་བྱུགས་ན་ཇི་ལྟ་བ་ཡིད་ལ་བྱས་པ་དང་། རང་གི་བློས་འདོད་པའི་ངོ་བོ་སྣ་ཚོགས་པར་བྱེད་དོ། །གནས་སུ་གཏོགས་པ་ཐམས་ཅད་ཇི་ལྟར་འདུག་པ་བཞིན་སྟོན་པར་བྱེད། གནས་སུ་གཏོགས་པ་

ཐམས་ཅད་འཁོར་གྱི་ནང་ན་ཇི་ལྟར་རྣམ་པར་སྤྲུལ་པའི་གཟུགས་སྣ་ཚོགས་སྟོན་པར་བྱེད། ཇི་སྲིད་འཚོའི་བར་དུ་འཕེལ་བ་རྣམས་སྟོན་པར་བྱེད་ཅིང་བྱ་བ་ཐམས་ཅད་བྱེད་དོ། །སྤོས་ཀྱི་ཏིལ་མར་དང་སྦྲུས་ནས་བྱིན་པ་དང་། རྐང་པ་ལ་བསྐུས་ན་ནམ་མཁའ་ལ་འཕགས་

Vol. 92 · folio 193b

པར་འགྱུར་ཞིང་། ནམ་མཁའ་ལ་འགྲོ་བར་འགྱུར་ལ་གང་དུ་འདོད་པ་དེར་འགྲོ་བར་འགྱུར། ཆུའི་སྟེང་དུ་འགྲོ་ཞིང་ནམས་ཀྱང་ཕྱིས་ས་ལ་རྐང་པ་འཇོག་པར་མི་འགྱུར། ལག་པ་གཡས་པ་ལ་བསྐུས་ན་གང་དང་གང་ལ་ལག་པ་རེག་པ་དེ་འོང་བར་འགྱུར་ལ་སུས་

ཀྱང་མཐོང་བར་མི་འགྱུར། བུད་མེད་གཞོན་ནུའི་འོ་མ་དང་བསྲེས་ནས་མིག་ལ་བསྐུས་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་མཐོང་བར་མི་འགྱུར་ཞིང་དོན་འདོད་པ་གང་ཡིན་པ་བྱེད་དོ། །དོན་གྱི་རྫས་གང་ཡིན་པ་བླངས་ཀྱང་སུས་ཀྱང་མི་མཐོང་ངོ་། །བུད་མེད་གང་

དང་ཕྲད་ན་སུས་ཀྱང་མི་མཐོང་ལ་ཇི་སྲིད་འཚོའི་བར་དུ་འདུག་ཀྱང་མི་ཤེས་སོ། །ཁར་བྱུགས་ནས་གང་དང་གང་ན་བྲོ་གར་བྱེད་པ་དང་། བཞད་གད་བྱེད་པ་ཉིད་ཀྱི་ནང་དུ་ཞུགས་ན་བྱ་བ་ཐམས་ཅད་བྱེད་ལ་ལུས་ནི་སུས་ཀྱང་མི་མཐོང་ངོ་། །བུམ་པ་ལ་

བྱུགས་ནས་ཆུས་བཀང་ན་ཆུའི་རྒྱུན་སྣང་ལ་བུམ་པ་དེ་ནི་མི་མངོན་ནོ། །གཞོང་པ་ཆུས་བཀང་བ་དེའི་དབུས་སུ་བྱུགས་ན་ཆུ་དེ་གང་བར་སྣང་ལ་གཞོང་པ་དེ་ནི་མི་སྣང་ངོ་། །བདག་ཉིད་ལ་བྱུགས་ནས་བུམ་པ་ཆུས་བཀང་བ་ལག་ན་ཐོགས་ན་བུམ་པ་ལས་ཆུ་འབྱུང་བ་ནི་

སྣང་ལ་མི་དེའི་ལུས་ནི་མི་སྣང་ངོ་། །མིག་ལ་བསྐུས་ནས་སྐྱེ་བོ་མང་པོའི་ནང་དུ་ཞུགས་ན་མི་མཐོང་བར་འགྱུར་ལ། དེའི་སྒྲ་ནི་ཐོས་ཤིང་རང་གི་ལུས་ནི་མི་མངོན་ནོ། །གནས་སུ་གཏོགས་པ་ཐམས་ཅད་དུ་ཞུགས་ན་རང་གི་ལུས་ཁྲུས་མ་བྱས་ཀྱི་བར་དུ་མི་མཐོང་ངོ་། །

སུ་ཡང་རུང་བའི་མིག་ལ་བསྐུས་ལ་ལུས་ལ་ཡང་བསྐུས་ན་དེ་དག་ཐམས་ཅད་མི་མཐོང་བར་འགྱུར་ཞིང་། གང་དང་གང་དུ་འགྲོ་བ་དེ་དང་དེར་མི་སྣང་བར་འགྱུར་ལ་ཁྲུས་བྱས་པ་ཙམ་གྱིས་ཕྱིར་སྣང་བར་འགྱུར་རོ། །ལུས་ཀུན་ལ་བསྐུས་ནས་མཛོད་ཆེན་པོའི་ནང་དུ་

ཞུགས་ན་མི་མཐོང་བར་འགྱུར་ལ་གསེར་དང་། དངུལ་དང་། ཕྲ་མེན་དང་། ནོར་བུ་དང་། མུ་ཏིག་དང་། བྱི་རུ་དང་། དུང་དང་། མན་ཤེལ་དང་། རྡོ་རྗེ་དང་། བཻ་ཌཱུརྱ་དང་། མ་རྒད་དང་། མཐོན་ཀ་དང་། གོས་དང་། སྤུད་པ་དང་། རྒྱན་དང་། ལྷབ་ལྷུབ་གང་

Vol. 92 · folio 194a

ཡང་རུང་བ་ཉིད་འདོད་ན་ཐམས་ཅད་བླངས་ནས་སོང་ན་སུས་ཀྱང་མི་མཐོང་ལ་གར་དགའ་བར་འགྲོ་བར་འགྱུར་རོ། །ཇི་སྲིད་དུ་ཁྲུས་མ་བྱས་པ་དེ་སྲིད་དུ་རང་མི་མཐོང་ལ་ཁྲུས་བྱས་ན་ཐམས་ཅད་དུ་མཐོང་ངོ་། །རིག་སྔགས་འཆང་བུད་མེད་ཀྱི་ནང་

དུ་འཇུག་པར་འདོད་པས་གཙང་མར་ཁྲུས་བྱའོ། །དེ་ནས་སྤོས་ཆུས་ཁྲུས་བྱའོ། །དེའི་འོག་ཏུ་བ་གཅིན་གྱིས་ཁྲུས་བྱའོ། །ཡང་ན་གུར་གུམ་གྱིས་ཁྲུས་བྱའོ། །དེའི་འོག་ཏུ་བའི་རྣམ་ལྔས་ཁྲུས་བྱའོ། །དེའི་འོག་ཏུ་བའི་ཏིལ་མར་དང་ལྷན་ཅིག་བསྲེས་པ་

དེས་ལུས་བསྐུ་བར་བྱའོ། །དེའི་འོག་ཏུ་བུད་མེད་གཞོན་ནུའི་ནུ་ཞོ་དང་སྦྱར་བས་མིག་ལ་བསྐུས་ལ་དེ་ནས་རིལ་བུ་གསུམ་དཔུང་པ་གཡས་པ་ལ་གདགས་པར་བྱའོ། །དེ་ནས་གོས་གཙང་མ་བགོས་ནས་གསང་སྔགས་བརྗོད་ཅིང་དྲན་པར་བྱས་ལ་རྒྱལ་པོའི་ཕོ་བྲང་དུ་ཞུགས་

ན་མི་མཐོང་བར་འགྱུར་ཏེ་ལུས་སུས་ཀྱང་མི་མཐོང་ངོ་། །ཉི་མ་གཅིག་གམ། ཉི་མ་གཉིས་སམ། ཉི་མ་བདུན་ནམ། ཉི་མ་བཅུ་བཞིའམ། ཉི་མ་ཉི་ཤུ་རྩ་གཅིག་ཏུ་ཁྲུས་བྱས་ལ་བུད་མེད་དེ་དག་གི་ནང་ན་རྩེ་ཞིང་དགའ་བར་བྱེད་ལ། ཡོངས་སུ་སྤྱོད་པར་བྱེད་ཀྱང་སུས་

ཀྱང་མི་ཤེས་ལ་འཇུག་ཅིང་ཕྱིར་འགྲོ་བ་ན་སུས་ཀྱང་གླགས་མི་རྙེད་དེ། ཇི་སྲིད་དུ་ཁྲུས་མ་བྱས་པའི་བར་དུ་རང་གི་ལུས་མི་སྣང་བར་འགྱུར་རོ། །ཕུག་ཏུ་འཇུག་ན་ལུས་ཀུན་སྤོས་ཀྱི་ཏིལ་མར་གྱིས་བྱུགས་ལ་ཕུག་ཏུ་ཞུགས་ན་ཕུག་གི་སྒོ་ཐམས་ཅད་ཕྱེ་བར་འགྱུར་

གྱིས། གནས་དེའི་ནང་དུ་ཞུགས་ལ་ཇི་ལྟ་ཇི་ལྟར་ལས་སུ་བྱ་བ་དེ་ལྟ་དེ་ལྟར་གྱིས་ཤིག །ཆུའི་ནང་དུ་ཞུགས་ན་ཇི་ལྟར་ཁྱིམ་གྱི་ནང་ན་འདུག་པ་བཞིན་ཆུས་མི་རླན་ལ། ཆུས་གོས་པར་ཡང་མི་འགྱུར་རོ། །མེའི་ནང་དུ་ཞུགས་ན་མེས་ལུས་ལ་མི་རེག་ཅིང་ཙནྡན་

ལྟར་བསིལ་བར་འགྱུར་རོ། །ཀླུའི་གནས་མཚོར་ཞུགས་ན་གནས་ན་འཁོད་པ་རྣམས་ཀྱིས་དེ་མི་མཐོང་གིས་ཇི་ལྟར་རང་གིས་ཡིད་ལ་ལས་སུ་བྱ་བར་འདོད་པའི་ལས་ཀྱི་རྣམ་པ་གཞན་དག་ཀྱང་གྱིས་ཤིག །མི་སྣང་བར་བྱ་བ་རིལ་བུ་སྒྲུབ་པའི་ཆོ་གའོ།། །།

Vol. 92 · folio 194b

འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་བཅུ་དྲུག་པ། དེ་ནས་སྦྱིན་སྲེག་གི་ཆོ་ག་བཤད་པར་བྱ་སྟེ། ལས་ཐམས་ཅད་ཀྱི་དོན་སྒྲུབ་པར་བྱེད་པ། དངོས་གྲུབ་ཐམས་ཅད་བྱེད་པའི་གནས། སྡིག་པ་ཐམས་ཅད་འཕྲོག་པ། དེ་བཞིན་དུ་

སྒྲིབ་པ་ཐམས་ཅད་རྣམ་པར་དག་པ། རིག་སྔགས་ཐམས་ཅད་ཀྱི་དངོས་གྲུབ་བླ་ན་མེད་པ། གནོད་སྦྱིན་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། སྡིག་པ་ཐམས་ཅད་འཇོམས་པར་བྱེད་པ། སངས་རྒྱས་ཐམས་ཅད་ཀྱི་ལེགས་པར་རྒྱལ་བ་སྦྱིན་པ། དགྲ་ཐམས་ཅད་ཟློག་

པར་བྱེད་པ། འཐབ་པ་དང་། རྩོད་པ་ཉིད་དང་། འགྱེད་པ་དང་། མཚོན་ཆའི་དྲ་བ་ཐམས་ཅད་ལས་སྒྲོལ་བར་བྱེད་པ། གྲུབ་པ་དོན་ཡོད་པ་མཆོག་ཏུ་རྙེད་པར་དཀའ་བ། རིག་སྔགས་འཆང་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་དུ་གསང་སྔགས་དང་དཀྱིལ་འཁོར་

གྱི་དངོས་གྲུབ་ཕྱག་རྒྱ་འཕོ་བ་དང་། དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་བའི་སྒྲུབ་པ་ལས་ཐམས་ཅད་དུ་མཆོག་གི་དངོས་གྲུབ་ཀྱང་འགྲུབ་སྟེ་འདི་ལ་ཐེ་ཚོམ་མེད་དོ། །བདེ་བ་ཐམས་ཅད་རྟག་ཏུ་རབ་ཏུ་སྦྱིན་པ་དང་། དབང་ཕྱུག་མ་ཡིན་པ་ཐམས་ཅད་ཀྱི་སྒྲུབ་པ་དང་འགུགས་

པ་དང་། ལྷ་དང་། ཀླུ་ཐམས་ཅད་སྤྱན་འདྲེན་པ་དང་། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་རབ་ཏུ་འཇོམས་པ་དང་། བདུད་དང་། འབྱུང་པོ་དང་། ཤ་ཟ་དང་། གདོན་མི་བཟད་པ་དང་། བརྗེད་བྱེད་མི་བཟད་པ་དང་། ཚངས་པའི་སྲིན་པོ་རྣམས་ཐམས་ཅད་ཐམས་

ཅད་དུ་སྒྲོལ་བར་བྱེད་པར་གྲུབ་པ་དང་། ཉིན་མོ་དང་མཚན་མོའི་དུས་རྟག་ཏུ་ཚར་གཅོད་པར་ཐེ་ཚོམ་མེད་དོ། །རིམས་ཐམས་ཅད་རྟག་ཏུ་རབ་ཏུ་ཞི་བར་བྱེད་པ། ནད་ཐམས་ཅད་ཟློག་པར་བྱེད་པ། དུག་ཐམས་ཅད་གསོད་པར་བྱེད་པ། འཕྲལ་དུ་སྲེག་བླུགས་

བྱིན་པ་ཙམ་གྱིས་ཐམས་ཅད་དུ་རྟག་ཏུ་གནང་ཆེན་པོ་དང་། ཐམས་ཅད་དུ་མཐོང་ན་དགའ་བ་དང་། འཇིག་རྟེན་ཐམས་ཅད་ཀྱི་བླ་མར་མཆོད་པར་བྱ་བ་དང་། ཐམས་ཅད་དུ་སྟོབས་དང་། བརྩོན་འགྲུས་དང་ཕ་རོལ་གནོན་པ་དང་། དེ་བཞིན་གཤེགས་པ་རྟག་ཏུ་

Vol. 92 · folio 195a

མཐོང་བ་ཡང་སྦྱིན་པར་འགྱུར་ཏེ་འདི་ལ་ཐེ་ཚོམ་མེད་དོ། །བྱང་ཆུབ་སེམས་དཔའ་རྟག་ཏུ་ཀུན་དུ་སྣང་བ་དང་། དུས་ཐམས་ཅད་ཀྱི་ཚེ་ལས་ཐམས་ཅད་ལ་ཤིན་ཏུ་དགའ་བ་དང་། སྐྱེ་བ་ནས་སྐྱེ་བར་ཚིག་བཙུན་པར་འགྱུར་རོ། །ཐམས་ཅད་དུ་བླ་མ་

ལ་སྲི་ཞུ་ཆེ་བ་དང་། ཐམས་ཅད་དུ་མཆོད་པར་འོས་པའི་བླ་མའོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཛིན་པས་རྟག་ཏུ་ཡང་སྲུང་བ་དང་། ཡོངས་སུ་སྐྱོང་བར་བྱེད་པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། གཤིན་རྗེ་དང་། ཆུ་ལྷ་ཉིད་ཀྱིས་ཀྱང་། དུས་རྟག་ཏུ་སྲུང་བ་དང་། སྐྱོབ་

པ་དང་། སྦ་བར་བྱེད་པར་ཐེ་ཚོམ་མེད་དོ། །དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ལྷའི་བུ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང་། ལྷའི་བུ་རྫུ་འཕྲུལ་ཆེ་བ་རྣམས་ཀྱིས་སྲུང་བ་དང་། སྐྱོབ་པ་དང་། སྦ་བར་བྱེད་ཅིང་རྟག་ཏུ་ལེགས་པར་ཁ་ལོས་སྒྱུར་བར་གནས་པར་འགྱུར་

རོ། །ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། དྲག་པོ་དང་། གཞོན་ནུ་དང་། ནོར་བུ་བཟང་པོ་དང་། སྟོབས་ཀྱི་ལྷ་དང་། གང་བ་བཟང་པོ་དང་། ལྔས་རྩེན་དང་། གར་མཁན་མཆོག་སྟེ་འདི་རྣམས་ཀྱིས་རྟག་ཏུ་སྲུང་བ་དང་། སྐྱོབ་པར་བྱེད་ཅིང་

གནས་ཏེ་འདི་ལ་ཐེ་ཚོམ་མེད་དོ། །མེའི་ལྷ་གཟི་བརྗིད་ཆེན་པོ་དང་། ཉི་མ་དང་། ཟླ་བ་དང་། རྒྱུ་སྐར་གྱི་ལྷ་རྣམས་ཀྱིས་སྲུང་བ་དང་། སྐྱོབ་པ་དང་། སྦ་བར་བྱེད་ཅིང་། མཆོག་ཏུ་མཆོད་པ་བྱེད་པས་གནས་པར་འགྱུར་རོ། །སྦྱིན་སྲེག་ཙམ་འདི་ནི། བྱ་བ་ཐམས་

ཅད་བླ་ན་མེད་པའི་དངོས་གྲུབ་རྣམས་ལའོ། །འབྲས་ཐུག་པོ་ཆེ་དང་། ཡུངས་ཀར་དང་། གུ་གུལ་དང་། མར་དང་སྦྲང་རྩི་བསྲེས་པས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐམས་ཅད་མཆོག་སྦྱིན་པར་འགྱུར་ཏེ། བྱ་བ་

ཐམས་ཅད་སྒྲུབ་པར་བྱེད་པར་འགྱུར་རོ། །ཙནྡན་དང་། པདྨའི་ཆུ་བ་དང་། འབྲས་ཡོས་དང་། ཡུངས་ཀར་དང་། ཨ་ག་རུ་དང་། ཞོ་དང་། སྦྲང་རྩི་དང་། མར་བསྲེས་པས། ས་མཱའི་ཤིང་གི་ཞི་བའི་མེ་སྤར་ཏེ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱའོ། །དེ་ནས་

Vol. 92 · folio 195b

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་ཀྱིས་མདུན་དུ་ཉེ་བར་གནས་ཏེ། མཆོག་ཐམས་ཅད་སྦྱིན་པར་འགྱུར་རོ། །བྱ་བ་ཐམས་ཅད་ཀྱི་དངོས་གྲུབ་ཏུ་ཡང་འགྱུར་རོ། །ཡིད་ཀྱི་ཤིང་རྟ་ཐམས་ཅད་ཡོངས་སུ་རྫོགས་པར་ཡང་འགྱུར་རོ། །ཆོ་ག་

ཞིབ་མོ་ཐམས་ཅད་ཀྱི་དངོས་གྲུབ་ཏུ་ཡང་འགྱུར་རོ། །ཐམས་ཅད་དུ་དོན་ཡོད་པ་ཐོགས་པ་མེད་པའི་དངོས་གྲུབ་ཏུ་ཡང་འགྱུར་རོ། །བསོད་ནམས་ཐམས་ཅད་འགུགས་པའི་དངོས་གྲུབ་ཏུ་ཡང་འགྱུར་རོ། །དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། ཆོ་

ག་ཞིབ་མོ་དང་། སྒྲུབ་པའི་ཆོ་ག་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཏུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིགས་གསང་བ་ལ་རྗེས་སུ་ཞུགས་པར་འགྱུར་རོ། །སེང་ལྡེང་དང་། ནིམ་པའི་ཤིང་གི་ཡམ་ཤིང་གི་འབྲས་སཱ་ལུ་དང་། ཏིལ་

དང་། ཡུངས་ཀར་དང་། ཞོ་དང་། མར་དང་། ལན་ཚྭ་དང་བསྲེས་པ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། བགེགས་དང་། ལོག་པར་འདྲེན་པ་དང་། གནོད་སྦྱིན་དང་། སྲིན་པོའི་གདོན་ཐམས་ཅད་དང་། གདུག་པ་དང་། ཕྱིར་རྒོལ་བ་དང་། དགྲ་ཐམས་

ཅད་རབ་ཏུ་ཞི་བར་བྱེད་དོ། །འཐབ་པ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་ལས་སྒྲོལ་བར་བྱེད་དོ། །མཚོན་ཆ་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །ཕ་རོལ་གྱི་དམག་ཚོགས་དང་། ཕྱིར་རྒོལ་བ་དང་། དགྲ་ཐམས་ཅད་ལས་རྒྱལ་བ་སྦྱིན་པར་འགྱུར་རོ། །

ཙནྡན་དང་། འབྲས་ཡོས་དང་། ཞོ་དང་། སྦྲང་རྩི་དང་། མར་བསྲེས་པའི་པདྨའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། ཡུལ་འཁོར་དང་། རི་བྲགས་དང་། གྲོང་དང་། གྲོང་ཁྱེར་དང་། ལྗོངས་རྣམས་སུ། ཀུན་ནས་དཔག་ཚད་སྟོང་ཕྲག་གཅིག་ཁོ་ར་ཁོར་ཡུག་ཏུ་

ཞི་བ་ཆེན་པོར་འགྱུར་རོ། །སེམས་ཅན་ཐམས་ཅད་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་རྣམས་ལ་བསྲུང་བ་དང་། བསྐྱབ་པའི་ཆེད་དུ་ཡང་དག་པར་སྒྲུབ་པར་འགྱུར་རོ། །ནད་ཐམས་ཅད་ཐམས་ཅད་དུ་རབ་ཏུ་ཞི་བར་འགྱུར་རོ། །གཅན་གཟན་

Vol. 92 · folio 196a

གཏུམ་པོ་ཐམས་ཅད་དང་། སྦྲུལ་གདུག་པ་དང་། མ་རུངས་པ་ཐམས་ཅད་བྱམས་པར་འགྱུར་རོ། །རྒྱལ་པོ་དང་། ཡུལ་འཁོར་དང་། བཙུན་མོའི་འཁོར་གྱིས་ཡོངས་སུ་བསྐོར་བ་ཐམས་ཅད་ཤིས་པ་དང་བདེ་བར་འགྱུར་རོ། །མ་ཏམ་ག་དང་།

ཡུངས་ཀར་དང་། མར་དང་། ཀླུ་ཤིང་གི་མེ་ཏོག་དང་། འབྲས་ཡོས་རྣམས་བསྲེས་པས་ཨརྐའི་ཤིང་གི་ཡམ་ཤིང་གི་མེ་སྦར་ལ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་ཆར་མི་འབབ་པར་བྱེད་པ་ལ། དེ་ནས་ཀླུ་ཆེན་པོ་རྣམས་ཀྱིས་ཆར་གྱི་རྒྱུན་འབྱིན་པར་བྱེད་དེ་ཇི་སྲིད་ཆར་པ་

འབབ་པར་འདོད་པའི་བར་དུའོ། །ལོ་ཐོག་དང་། ཤིང་དང་། རྩྭ་དང་། ཤིང་གེལ་པ་དང་། སྨན་གྱི་རྫས་དང་། མེ་ཏོག་དང་། འབྲས་བུ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ལེགས་པར་ཡོངས་སུ་རྫོགས་པར་འགྱུར་རོ། །ཀླུའི་རྒྱལ་པོ་ཆེན་པོ་འཁོར་དང་

བཅས་པ་ཐམས་ཅད་ཀྱིས་དགའ་བ་ཆེན་པོར་འགྱུར་ཞིང་། དུས་དུས་སུ་ཇི་ལྟར་བ་བཞིན་དུ་ཆར་གྱི་རྒྱུན་འབྱིན་པར་བྱེད་དོ། །ཧ་ཅང་ཆར་ཆེས་ན་དེ་ཉིད་ཀྱི་ཐལ་བས་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་ཧ་ཅང་ཆར་ཆེས་པ་རབ་ཏུ་ཞི་བར་བྱེད་དོ། །འབྲས་ཡོས་དང་། གོ་ལ་དང་།

ཡུངས་ཀར་དང་། གཏུམ་པོའི་ས་བོན་མར་དང་བསྲེས་པའི་སྦྱིན་སྲེག་བྱས་ན། རླུང་དང་སེར་བ་ཐམས་ཅད་ཟློག་པར་བྱེད་དོ། །དཔག་ཚད་སྟོང་ཕྲག་ཁོར་ཡུག་ཏུ་མཚམས་ཆེན་པོ་བཅིང་བར་བྱས་པར་འགྱུར་རོ། །རླུང་བཅིང་བ་ལ་ཡུངས་ཀར་དང་འབྲས་ཐུག་པོ་ཆེའི་

སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། རླུང་གི་དཀྱིལ་འཁོར་ཐམས་ཅད་བཅིང་བར་བྱས་པར་འགྱུར་ཏེ། ཇི་སྲིད་དུ་བེ་རམ་བྷའི་རླུང་གི་བར་དུ་བཅིངས་པར་འགྱུར་རོ། །ཀླུ་བཅིང་བ་ལ་ནི་ཡུངས་ཀར་དང་། ཏིལ་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། ལོ་བཅུ་གཉིས་སུ་ཀླུ་

བཅིང་བ་བྱས་པར་འགྱུར་རོ། །ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་ལ་ནི། ཡུངས་ཀར་མར་དང་བསྲེས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །ཕ་རོལ་གྱི་དམག་ཚོགས་ཟློག་པ་ནི། ཀ་ར་བཱི་རའི་ཤིང་གིས་མེ་སྦར་ཏེ། ནི་མ་

Vol. 92 · folio 196b

པའི་འདབ་མ་དང་། ལན་ཚྭ་དང་། ཕུབ་མའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། ཕ་རོལ་གྱི་དམག་ཚོགས་དང་། ཕྱིར་རྒོལ་པ་དང་། དགྲ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དེ། ཇི་སྲིད་འཚོའི་བར་དུ་ཕྱིས་འབྱུང་བར་མི་འགྱུར་རོ། །ཕྱོགས་བཅིང་བ་ལ་དཔག་

ཚད་སྟོང་ཕྲག་ཁོར་ཡུག་གིས་སོ། །ཏིལ་དང་། ཡུངས་ཀར་དང་། འབྲས་ཡོས་དང་། པདྨའི་འདབ་མ་མར་དང་བསྲེས་པས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། དཔག་ཚད་སྟོང་ཕྲག་ཁོར་ཡུག་ཏུ་མཚམས་ཆེན་པོ་བཅིང་པ་བྱས་པར་འགྱུར་རོ། །ལོག་འདྲེན་

ཐམས་ཅད་བཅིང་བ་ལ་ནི། ཡུངས་ཀར་ནག་པོ་དང་། ཏིལ་ནག་དང་། སྲན་མ་དང་། ཏིལ་དང་མར་བསྲེས་པས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་བགེགས་དང་། ལོག་འདྲེན་དང་། བདུད་ལ་སོགས་པ་མ་རུངས་པ་དང་། གནོད་སྦྱིན་དང་སྲིན་པོ་རྣམས་བཅིང་བ་བྱས་པར་

འགྱུར་རོ། །གནོད་སྦྱིན་འབྱིན་པ་ལ་ནི། བྷཾ་གའི་ས་བོན་དང་། ལན་ཚྭ་དང་། ཏིལ་མར་བསྲེས་པས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། བརྗེད་བྱེད་ལ་སོགས་པ་ཐམས་ཅད་འཇིག་རྟེན་ཐམས་ཅད་ཀྱི་

མངོན་སུམ་དུ་ངེས་པར་འབྱིན་པར་འགྱུར་རོ། །ཡམས་དང་། ཉེ་བར་འཚེ་བ་དང་། ནད་འགོ་བ་ཐམས་ཅད་དང་། འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །དགེ་ལེགས་ཐམས་ཅད་འབྱུང་བར་འགྱུར་རོ། །བྲམ་ཟེ་དབང་དུ་བྱེད་པ་ལ། འབྲས་ཡོས་དང་།

ཨརྐའི་ཡམ་ཤིང་མར་གྱིས་བཏགས་པས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་བྲམ་ཟེ་ཐམས་ཅད་དབང་དུ་འགྱུར་རོ། །རྒྱལ་རིགས་དབང་དུ་བྱེད་པ་ལ། བུ་རམ་དང་། མར་དང་། འབྲས་ཡོས་དང་། ཨརྐའི་འདབ་མས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། རྒྱལ་རིགས་

ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །དམངས་རིགས་དབང་དུ་བྱེད་པ་ལ། མྱོས་བྱེད་ཀྱི་འབྲས་བུ་དང་། དོང་ཀའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། དམངས་རིགས་ཐམས་ཅད་དབང་དུ་བྱེད་པའི་མཆོག་འགྲུབ་བོ། །རྗེ་རིགས་དབང་དུ་བྱེད་པ་ལ། མར་རྣམ་

Vol. 92 · folio 197a

པ་གསུམ་གྱིས་བསྲེས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། རྗེ་རིགས་ཐམས་ཅད་དབང་དུ་བྱེད་དོ། །སྣ་མའི་མེ་ཏོག་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། བུད་མེད་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །གཞོན་

ནུ་མ་དབང་དུ་བྱེད་པ་ལ། ཆུའི་མེ་ཏོག་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། གཞོན་ནུ་མ་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ལ། འབྲུ་དང་མར་གྱི་སྦྱིན་སྲེག་ཕྲག་བརྒྱད་བྱས་ན། །

འཇིགས་པ་དང་། འཐབ་མོ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །ནོར་དང་འབྲུ་འཕེལ་བར་བྱེད་པ་ལ། འབྲུ་བདུན་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ནོར་དང་འབྲུ་འཕེལ་བར་འགྱུར་རོ། །དབང་

ཕྱུག་ཐོབ་པ་ལ། ཡུངས་ཀར་དང་། མངྔྷཱཿདང་། སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་དབང་ཕྱུག་ཆེན་པོ་འཕེལ་བར་འགྱུར་རོ། །ཡུལ་ཐོབ་པ་ལ། ཚབ་གསུམ་མར་དང་། མདྡྷཱཿདང་བསྲེས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། ཡུལ་ཆེན་པོ་ཐོབ་པར་འགྱུར་རོ། །གྲོང་

གི་དོན་དུ་ཀ་ར་བཱི་རའི་མེ་ཏོག་དང་། ཡུངས་ཀར་དང་། འབྲས་ཡོས་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་གྲོང་རྙེད་པར་འགྱུར་རོ། །གཏེར་གདོན་པ་ལ་ནི། པདྨའི་ཆུ་བ་མར་དང་བསྲེས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་གཏེར་ཆེན་པོ་སོ་སོར་རྙེད་

དོ། །གནོད་སྦྱིན་སྤྱན་དྲང་བར་འདོད་པས། གུ་གུལ་དང་། གཏུམ་པོའི་ས་བོན་དང་། སྦྲང་རྩི་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། གནོད་སྦྱིན་རང་གི་གཟུགས་ཀྱིས་མདུན་དུ་ཉེ་བར་འདུག་སྟེ། ཅི་བསྒོ་བ་བྱེད་ཅིང་ལས་ཐམས་ཅད་བྱེད་པར་འགྱུར་

རོ། །འདོད་པའི་གཟུགས་ཅན་མ་སྤྱན་དྲང་བར་འདོད་པས་འབྲས་ཡོས་དང་། ཡུངས་ཀར་དང་། ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་དྲི་དང་། པྲི་ཡང་ཀུའི་ཀར་བཱི་རའི་ཤིང་གི་ཡམ་ཤིང་གིས་མེ་སྦར་ནས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་དེའི་འོག་ཏུ་

Vol. 92 · folio 197b

འདོད་པའི་གཟུགས་ཅན་མ་འོངས་ཏེ། ཇི་ལྟར་འདོད་པ་བཞིན་དུ་སྤྱོད་པར་བྱེད་དོ། །རྣམ་པ་གསུམ་བརྗོད་པར་བྱ་སྟེ། མ་དང་། ཆུང་མ་དང་། སྲིང་མོའོ། །གལ་ཏེ་མ་ཡིན་ན་བུ་ལ་ཞེན་པས། ནོར་དང་། འབྲུ་དང་། ལོངས་སྤྱོད་ཆེན་པོ་རྣམ་པར་འཕེལ་ཞིང་ཕུན་སུམ་

ཚོགས་པར་བྱེད་དེ། ཇི་སྲིད་འཚོའི་བར་དུ་མི་འབྲལ་བར་ཀུན་དུ་གནས་པར་བྱེད་དོ། །གལ་ཏེ་ཆུང་མ་ཡིན་ན། རྣམ་པ་སྣ་ཚོགས་པའི་དགའ་བ་དུ་མས་རྩེ་ཞིང་། ལོངས་སྤྱོད་ལ་ཡོངས་སུ་སྤྱོད་པར་བྱེད་དེ། རྣམ་པ་སྣ་ཚོགས་པའི་གོས་དང་། རྒྱན་དང་།

ལྷབ་ལྷུབ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། བཟའ་བ་དང་། བཏུང་བ་རྣམ་པ་སྣ་ཚོགས་པའི་རོ་བྲོ་བའི་ལོངས་སྤྱོད་ལ་ཡོངས་སུ་སྤྱོད་ཅིང་། རྣམ་པ་སྣ་ཚོགས་པའི་མལ་སྟན་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་དང་བཅས་པ་རྣམ་པར་

འཕེལ་བ་ལ་ཡོངས་སུ་སྤྱོད་དེ། ཇི་སྲིད་འཚོའི་བར་དུ་གྲིབ་མ་བཞིན་དུ་རྗེས་སུ་འབྲང་བར་འགྱུར་རོ། །སྲོག་ཀྱང་ཡོངས་སུ་གཏོང་བར་བྱེད་དོ། །གལ་ཏེ་སྲིང་མོ་ཡིན་ན་དེའི་ཚེ། རྣམ་པ་སྣ་ཚོགས་པའི་དབང་ཕྱུག་དང་། ལྷའི་གཞལ་མེད་ཁང་ན་ལོངས་སྤྱོད་ལ་

ཡོངས་སུ་སྤྱོད་ཅིང་། ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་དང་རིམ་གྲོ་བྱེད་དོ། །ཕ་རོལ་གྱི་དམག་ཚོགས་བཟློག་པ་ལ་ཕུབ་མ་དང་། ལན་ཚྭའི་སྦྱིན་སྲེག་གིས་དཔག་ཚད་བརྒྱ་སྟོང་ཕྲག་གི་ནང་དུ་དགྲ་མི་འབྱུང་སྟེ། སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་གཡུལ་དང་འཁྲུག་པ་

ཆེན་པོ་ལས་རྒྱལ་བར་འགྱུར་རོ། །ཉི་མ་འབབ་པར་བྱེད་པ་ལ། རིའི་རྩེ་མོར་སྦྲང་རྩི་དང་། ན་ལེ་ཤམ་དང་། འབྲས་ཐུག་པོ་ཆེ་དང་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ཉིན་རེ་རེ་ཞིང་ཉི་མ་འབབ་པར་བྱེད་དོ། །མཆོག་ཐམས་ཅད་རྗེས་སུ་སྩོལ་བར་བྱེད་ཅིང་། ཇི་

སྲིད་འཚོའི་བར་དུ་འདོད་པ་ཙམ་གྱིས་བསྙེན་བཀུར་དང་། རིམ་གྲོ་བྱེད་ཅིང་ཉེ་བར་གནས་སོ། །ཟླ་བ་དང་། རྒྱུ་སྐར་དང་། སྐར་མའི་ཚོགས་འབབ་པར་འདོད་པས་གནས་མཐོན་པོར་ཚ་བ་གསུམ་དང་། རྒྱམ་ཚྭ་དང་། ལན་ཚྭ་དང་། འོ་མ་དང་། སྦྲང་རྩི་དང་མར་གྱིས་བཏགས་

Vol. 92 · folio 198a

པའི་སྦྱིན་སྲེག་བྱས་ན་ཟླ་བ་དང་། རྒྱུ་སྐར་དང་། སྐར་མའི་ཚོགས་འབབ་པར་བྱེད་དེ། འདོད་པ་དང་། ཡིད་ཀྱི་ཤིང་རྟ་དང་། བསྐལ་པ་དང་། དབང་ཕྱུག་ཐམས་ཅད་ཆེར་འཕེལ་བ་རབ་ཏུ་སྦྱིན་ནོ། །ཇི་སྲིད་འཚོའི་བར་དུ་ཉེ་བར་གནས་ཏེ། ཇི་སྲིད་

འཚོའི་བར་དུ་སྲུང་བ་དང་། སྐྱོབ་པ་དང་། སྤ་བ་བྱེད་པར་འགྱུར་རོ། །ཉི་མ་རེ་རེ་ཞིང་མཐོང་བར་འདོད་ན་འབབ་པར་བྱེད་དོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་

དང་། མི་མ་ཡིན་པ་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེ་རིགས་དང་། དམངས་རིགས་ཐམས་ཅད་འགུགས་པ་ལ་ཏིལ་དང་། ཡུངས་ཀར་དང་། འབྲས་ཐུག་པོ་ཆེ་དང་། སྨན་སྣ་ཚོགས་

དང་། ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། འགུགས་པ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་ཏེ། འཇིག་རྟེན་ཐམས་ཅད་དགའ་བར་ཡང་འགྱུར་རོ། །རྒྱལ་པོ་དང་། བཙུན་མོའི་འཁོར་དང་གཡོག་ཏུ་བཅས་པ་འཁོར་དུ་

འགྱུར་ཏེ། རྟག་ཏུ་དེ་ཉིད་ཀྱི་རྗེས་སུ་འབྲང་བར་འགྱུར་ལ་ངག་གི་རྗེས་སུ་འཇུག་པར་འགྱུར་རོ། །བདག་ཉིད་ཀྱིས་སམ་ནོར་གྱིས་ཀྱང་རུང་སྟེ། ཐམས་ཅད་དུ་བླ་མ་གཅིག་པུར་མཆོད་པ་ཆེན་པོ་བྱེད་པར་འགྱུར་རོ། །སྦྱིན་སྲེག་གི་ཆོ་གའི་སྒྲུབ་ཐབས་སོ།། །།

དེ་ནས་མིག་འཕྲུལ་བཤད་པར་བྱ་སྟེ། དོན་ཡོད་པ་པདྨ་གཙུག་ཏོར་གྱི་རིག་སྔགས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་གྱི་ཆེད་དུ་ལས་ཐམས་ཅད་བྱེད་པ། དགེ་བ་ལ་མཁས་པ་རྣམས་ཀྱི་བདེ་བ་སྦྱིན་པ། རྟག་ཏུ་དབུལ་པོ་རྣམས་ཀྱིས་བདེ་བ་ཐོབ་པར་བྱེད་

པའོ། །དེ་ནས་རྟོགས་པའི་མོད་ལ་འབྲུ་མཆོག་ཏུ་འཕེལ་བར་འགྱུར་ཞིང་། འཇིག་རྟེན་ཐམས་ཅད་ཀྱི་བླ་མ་ཉིད་དུ་མཆོད་པར་བྱ་བ་དང་། མི་འཇིགས་པ་དང་། དབང་ཕྱུག་སྦྱིན་ཞིང་། ལོངས་སྤྱོད་ཆེན་པོ་འཕེལ་བ་དང་། རྒྱལ་པོའི་བདེ་བ་དང་ལྡན་པ་དང་ཕྱོགས་

Vol. 92 · folio 198b

ཕྱོགས་སུ་རབ་མཆོག་སྦྱིན་པར་བྱེད་དོ། །གི་ཝང་དང་། ཅུ་གང་དང་། ལྡོང་རོས་དང་། མུ་ཟི་དང་། པདྨ་གེ་སར་དང་། ཨུཏྤལ་སྔོན་པོ་དང་། ལི་ཁ་ར་དང་། གུར་གུམ་དང་། རྒྱ་མཚོ་ལྦུ་བ་དང་། གཉིས་དང་། གསེར་གྱི་འདབ་མ་སྟོང་ཕྲག་སྦྱར་ཏེ། ཕྱེ་མ་

ཤིན་ཏུ་ཞིབ་མོར་བྱས་ལ་ལེགས་པར་བསྒོངས་ལག་པུར་དང་། གླ་རྩི་ཙམ་གྱི་བླངས་ལ། སྔགས་ཀྱི་སྟོང་ཕྲག་བརྒྱད་བཟླས་པ། མཁས་པས་རྣམ་པ་གསུམ་དུ་སྦྱར་བར་བྱ་སྟེ། སྐྱེ་བོས་གང་བ་ཉིད་ལ་ལྔ་མཉམ་པའོ། །དེ་ནས་རིག་སྔགས་འཆང་གིས་མིག་

སྨན་གྱི་སྙིང་པོས་སྟོང་རྩ་བརྒྱད་བཟླས་ལ་མིག་ལ་བྱུག་པར་བྱ་སྟེ་མི་སྣང་བར་འགྱུར་རོ། །སྐྱེ་བོ་མང་པོའི་དབུས་སུ་ནམ་མཁའ་ལ་ཉེ་བར་གནས་པར་བྱེད་དོ། །ཧཱུྃ་ཡིག་གིས་མཐོང་བར་བྱའོ། །ནམ་མཁའ་ལ་འགྲོ་བར་བྱེད་དོ། །གནས་པར་བྱེད་དོ། །ཉལ་བར་བྱེད་དོ། །

རྒྱུག་པར་བྱེད་དོ། །བསྐུས་ན་ལུས་ལ་མེ་འབར་བར་མཐོང་སྟེ། དེ་སྟོན་པར་བྱེད་དོ། །དུ་བའི་རྒྱལ་མཚན་སྟོན་པར་བྱེད་དོ། །རྐང་པའི་མཐིལ་ལ་ཀུན་དུ་བྱུགས་ན། ཆུ་བོ་དང་། ཆུ་ཀླུང་ཆེན་པོའི་སྟེང་ནས་འགྲོ་སྟེ་རྐང་པ་ལ་ཆུས་གོས་པར་མི་འགྱུར་རོ། །མེ་ཆེན་པོ་འབར་

བའི་ནང་དུ་འཇུག་སྟེ། སྲེག་པར་མི་བྱེད་ཅིང་། བ་སྤུའི་ཁུང་བུ་གཅིག་ཀྱང་འབྱི་བར་མི་འགྱུར་རོ། །ཕྱེ་མས་ཕྱོགས་བཞིར་ནམ་མཁའ་ཀུན་དུ་གཏོར་ན། མེ་ཏོག་དང་། འབྲས་བུ་སྣ་ཚོགས་པའི་ཆར་གྱི་རྒྱུན་ལྟུང་བར་བྱེད་དོ། །རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་མེད་ཁང་

མཐོང་བར་བྱེད་དོ། །ལུས་མཐའ་དག་ལ་བྱུག་པར་བྱ་ཞིང་། སྐྱེ་བོའི་མིག་སྨན་བསྐུ་ཞིང་ཕྱེ་མས་གཏོར་ནས། ལྗོངས་ཆེན་པོའི་ནང་དུ་འཇུག་པར་བྱ་སྟེ། དེ་ཅུང་ཟད་ཀྱང་མི་མཐོང་ངོ་། །ཇི་ལྟར་ཡིད་ལ་བྱེད་པ་བཞིན་དུ་རྨོངས་པ་ཆེན་པོའི་སྒྱུ་མ་སྟོན་པར་བྱེད་དེ། རྒྱལ་

པོ་དང་། དམག་སྡེ་ཆེན་པོ་དང་། དྲང་སྲོང་གི་གཟུགས་དང་། གསེར་གྱི་བུམ་པ་ཅན་དང་། མིའི་སེང་གེ་དང་། ཕག་དང་། དགའ་བྱེད་ཀྱི་མཚན་ཉིད་དང་། རོལ་སྙེད་མ་ཕྲོགས་པ་དང་། ཟླ་འོད་མགོ་བོ་ཡོངས་སུ་གཏོང་བ་སྟོན་པར་བྱེད་དོ། །འཇོམས་པ་དང་། གསོད་

Vol. 92 · folio 199a

པ་དང་། སྲོག་འདོར་བ་སྟོན་པར་བྱེད་དོ། །མེ་ཏོག་གི་ཆར་རམ། འབྲས་བུའི་ཆར་རམ། རླུང་དང་། སྤྲིན་དང་། སེར་བ་དང་། འབྲུའི་ཆར་སྟོན་པར་བྱེད་དོ། །རྣམ་པ་སྣ་ཚོགས་པའི་རྣམ་འགྱུར་རྣམས་སྟོན་པར་བྱེད་དེ། གཞལ་མེད་ཁང་ཆེན་པོའི་

རྣམ་པ་རྣམས་བསམས་པ་ཙམ་གྱིས་སྟོན་པར་བྱེད་དོ། །དགེ་འདུན་གྱི་ནང་དུ་འཇུག་ན། རྣམ་པར་འཕྲུལ་པ་རྣམ་པ་སྣ་ཚོགས་པ་ལ་སོགས་པ་ཡ་མ་ཟུང་གཞལ་དུ་མེད་པ་སྟོན་པར་བྱེད་དོ། །བདག་ཉིད་ཀྱི་མགོ་བོ་ལ་བསྐུས་ནས་མགྲིན་པ་ཙམ་གྱིས་དྲི་ཟ། ཏིལ་མར་

བསྒོས་པའི་ཕྱེ་མས་གཏོར་བར་བྱ་ཞིང་། མིག་སྨན་གྱིས་བྱུག་པར་བྱ། ཕྱེ་མས་ལུས་མཐའ་དག་ལ་བདུག་པར་བྱ་རྐང་པ་ལ་བྱུག་པར་བྱ་སྟེ། དགེ་འདུན་གྱི་ནང་དུ་ཞུགས་ན་ཡང་དག་པར་ཤེས་བཞིན་དང་། ཞི་བ་དང་། དུལ་བ་དང་། ཟུང་ཙམ་དུ་མཐོང་ངོ་། །དེ་ནས་

ཞུགས་པ་ཙམ་གྱིས་མེའི་ཁམས་སུ་མཐོང་བར་བྱེད་དོ། །སེམས་པར་མཐོང་བར་བྱེད་དོ། །ནམ་མཁའ་ལ་གནས་པར་བྱེད་དོ། །འཆག་པར་བྱེད་དོ། །འདུག་པར་བྱེད་ཅིང་མལ་སྟན་ལ་རྟོག་པར་བྱེད་དོ། །འོང་བར་བྱེད་ཅིང་འགྲོ་བར་བྱེད་དོ། །མེ་ཏོག་འབབ་

པར་བྱེད་དོ། །ནམ་མཁའ་ལ་རྔའི་སྒྲ་སྟོན་པར་བྱེད་དོ། །རིག་བྱེད་བཞི་བའི་ནང་དུ་ཤིང་ཨརྐའི་འོ་མས་བསྒོས་ནས་བྱུགས་པ་ཙམ་གྱིས་འཇིག་རྟེན་གསུམ་པའི་གཟུགས་སུ་མཐོང་བར་བྱེད་དོ། །ལྷའི་གར་མཁན་སྣ་ཚོགས་པའི་གཟུགས་སུ་མཐོང་བར་བྱེད་དོ། །ཇི་

ལྟ་ཇི་ལྟར་ཡིད་ལ་བྱེད་བཞིན་པའི་བྷཱ་ར་ཏ་དང་། དགའ་བྱེད་རྣམས་མཐོང་བར་བྱེད་དོ། །འཁོར་ཆེན་པོའི་དབུས་སུ་རྣམ་པ་སྣ་ཚོགས་པའི་གར་མཁན་རྣམས་སུ་སྟོན་པར་བྱེད་དོ། །རྒྱལ་པོའི་ཕོ་བྲང་དུ་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པའི་དབུས་སུ། ལྷའི་གར་མཁན་

སྣ་ཚོགས་པ་རྣམས་སུ་མཐོང་བར་བྱེད་དོ། །གླིང་གི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྣ་ཚོགས་པ་དང་། མཱན་དྷཱ་ཏ་དང་། ཡིད་ལྡན་དང་། ཤིང་རྟ་བཅུ་པ་དང་། རིན་ཆེན་འོད་དང་། དྲག་པོས་འོད་བྱིན་དང་། མི་བདག་དང་། མངའ་བདག་དང་། ཚོང་བདག་

Vol. 92 · folio 199b

དེད་དཔོན་དང་། ཞི་བ་དང་། མཆེ་བཟང་དང་། སྙིང་རྗེ་ཅན་དང་། པདྨ་དཀར་པོ་ལ་སོགས་པ་རྣམས་དང་ལྷན་ཅིག་པའི་གར་མཁན་རྣམས་སུ་མཐོང་ངོ་། །རིན་པོ་ཆེའི་ཆར་དང་། གོས་ཀྱི་ཆར་དང་། སྤུད་པའི་ཆར་དང་། ལྷབ་ལྷུབ་ཀྱི་ཆར་མཐོང་བར་བྱེད་དོ། །མེ་

ཏོག་གི་གཞལ་མེད་ཁང་དང་། འབྲས་བུའི་གཞལ་མེད་ཁང་མཐོང་བར་བྱེད་དོ། །གཞལ་མེད་ཁང་ལ་སོགས་པ་རྣམ་པ་སྣ་ཚོགས་པ་མཐོང་པར་བྱེད་དོ། །དེ་ལྟར་ན་མིག་སྨན་དང་ཕྱེ་མ་མཐུ་ཆེན་པོ་བསྐུ་བ་དང་སྦྱོར་བས་གཞལ་མེད་ཁང་དང་། གར་མཁན་དང་།

གཞལ་མེད་ཁང་མཐོང་བར་བྱེད་དེ། ཇི་སྲིད་སྒྲ་སྒྲོགས་དང་། འཇིགས་བྱེད་དང་། བུམ་པ་དང་། གཞལ་མེད་ཁང་མཐོང་བ་དང་། ཧ་ནུ་མའི་གཞལ་མེད་ཁང་མཐོང་བར་བྱེད་པ་དང་། གར་མཁན་རྨོངས་པ་ཆེན་པོའི་གཞལ་མེད་ཁང་མཐོང་བར་བྱེད་དོ། །ཇི་སྲིད་

བདུད་འཇོམས་པ་ལ་སོགས་པ་དམག་སྡེ་སྣ་ཚོགས་པའི་མཆོག་གི་གཟུགས་ཀྱི་བར་དུ་མཐོང་བར་བྱེད་དོ། །སྟོབས་དང་། བརྩོན་འགྲུས་ཆེན་པོ་མཐོང་བར་བྱེད་དོ། །མིག་སྨན་དང་ཕྱེ་མའི་སྦྱོར་བ་གསུམ་གྱི་དངོས་གྲུབ་ནི། བསྐུ་བ་དང་། བཀླགས་པ་དང་། ཡང་

དག་པར་སྦྱར་བས་ཚེའི་དངོས་གྲུབ་ཆེན་པོར་འགྱུར་རོ། །སྒྱུ་མའི་རྣམ་འཕྲུལ་སྣ་ཚོགས་པ་འགྲུབ་སྟེ། ཡིད་བཞིན་གྱི་ནོར་བུ་ཇི་ལྟ་བ་དེ་བཞིན་དུ་རབ་ཏུ་སྦྱོར་བའི་དངོས་གྲུབ་ཏུ་འགྱུར་རོ། །རབ་ཏུ་སྦྱར་བ་ཙམ་གྱིས་དངོས་གྲུབ་ཆེན་པོ་རྒྱ་ཆེ་བ་འཇིག་རྟེན་ཐམས་ཅད་ཀྱི་མངོན་སུམ་

དུ་འགྲུབ་པར་འགྱུར་རོ། །སྒྲུབ་པའི་དངོས་གྲུབ་བླ་ན་མེད་པའི་ཆོ་ག་རྨོངས་པ་ཆེན་པོའི་ཆོ་གའོ།། །།དེ་ནས་དཀྱིལ་འཁོར་བཤད་པར་བྱ་སྟེ། དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་བླ་ན་མེད་པ་དང་། དོན་ཡོད་ཞགས་པའི་པདྨ་གཙུག་ཏོར་གྱི་དངོས་གྲུབ་དང་། རིག་པ་

འཛིན་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་དེ་ཁོ་ན་ཉིད་བླ་ན་མེད་པའོ། །དང་པོར་སྡིག་པ་ཟད་པར་བྱེད་པ་དེ་བཞིན་དུ་སྒྲིབ་པ་ཐམས་ཅད་རྣམ་པར་ཉམས་པར་བྱེད་པ། འདོད་པ་ཐམས་ཅད་ཀྱི་དངོས་གྲུབ་དང་། དོན་ཡོད་པའི་དངོས་གྲུབ་བླ་ན་མེད་པ་དང་། སྔགས་ཀྱི་

Vol. 92 · folio 200a

དངོས་གྲུབ་དང་། མཆོག་གི་དངོས་གྲུབ་དང་། གཟུངས་ཐོབ་པའི་དངོས་གྲུབ་རྣམས་དང་། ས་བཅུ་ལ་རབ་ཏུ་འཇུག་པར་བྱེད་པ་གྲུབ་པ། སངས་རྒྱས་ཉིད་ཀྱི་སྒྲུབ་ཐབས་དེ་ཁོ་ན་ཉིད་མཐོང་བ་རྨད་དུ་བྱུང་བ། བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་འགྲོ་བར་བྱེད་

པ། རྡོ་རྗེ་གདན་གྱི་གནས་སུ་ཡང་དག་པར་ལྷག་པར་གནས་པ། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་པ། བདུད་འཇོམས་ཤིང་ཚར་གཅོད་པ། བགེགས་ཐམས་ཅད་ལྷུང་བར་བྱེད་པ། སངས་རྒྱས་ཀྱི་ཞིང་གི་གནས་མཐོང་བར་བྱེད་པ། དེ་ཉིད་ལས་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབ་པའི་གནས་དང་མཉམ་པ། སེམས་ཅན་ཐམས་ཅད་དང་ཐུན་མོང་བའོ། །དེ་ནས་པོ་ཊ་ལ་ཀའི་གཞལ་མེད་ཁང་དང་མཉམ་པའི་གནས། དོན་ཡོད་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས། སྐད་ཅིག་ལ་མནར་མེད་

པའི་གནས་དང་། མཚམས་མེད་པ་ལྔ་རྣམ་པར་སྦྱོང་བར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་གནས་དང་མཉམ་པ་དང་། དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱི་རིགས་ཀྱི་མཆོག་བྱང་ཆུབ་སེམས་དཔའི་གཞིའི་གནས་དེ་བཞིན་དུ་རྡོ་རྗེ་སྙིང་པོའི་དགེ་བ་འཕེལ་

བ་དེ་གཤེགས་པའི་རིགས་ཀྱི་རིག་སྔགས་ཀྱི་དངོས་གྲུབ་དང་། དེ་བཞིན་དུ་པདྨའི་རིགས་དང་། དེ་བཞིན་དུ་ནོར་བུའི་རིགས་དང་། དེ་བཞིན་དུ་རྡོ་རྗེའི་རིགས་ཀྱི་དངོས་གྲུབ་དང་། དཀྱིལ་འཁོར་གྱི་གཙོ་བོ་གཅིག་པུར་ཞུགས་པ་དཀྱིལ་འཁོར་གྱི་མཆོག་རི་རབ་ཆེན་

པོ་དང་མཉམ་པའི་གནས། དེ་བཞིན་དུ་རྒྱ་མཚོ་ཆེན་པོ་ལྟ་བུ། ཁྱད་པར་དུ་འཕགས་པའི་གནས་ཐམས་ཅད་དུ་སོན་པ། ཡིད་བཞིན་གྱི་ནོར་བུའི་མཆོག་རབ་ཏུ་སྦྱིན་པ། དཔག་བསམ་ཤིང་དང་མཚུངས་པའི་གནས། ཡིད་ཀྱི་ཤིང་རྟ་ཐམས་ཅད་ཡོངས་སུ་རྫོགས་

པར་བྱེད་པ། རེ་བ་ཕུན་སུམ་ཚོགས་པར་བྱེད་པའི་གནས་ཐམས་ཅད་དུ་མཆོག་སྦྱིན་པ་པོ་འདི་ནི་བྱང་ཆུབ་ཀྱི་ས་བོན་གྱི་གནས་ཏེ། སེམས་ཅན་ཐམས་ཅད་རྟག་ཏུ་སྒྲོལ་བར་བྱེད་པ། དོན་ཡོད་པའི་གནས་གསང་ཞིང་རྡོ་རྗེ་བྱིན་གྱིས་རློབ་པ་བླ་ན་མེད་པའོ། །བསོད་ནམས་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words