འཕགས་པ་རིག་པ་མཆོག་གི་རྒྱུད་ཆེན་པོ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 95 · folio 1b
༄༅༅། །རྒྱ་གར་སྐད་དུ། །ཨཱརྱ་བིདྱཱ་ཨུཏྟ་མ་མ་ཧཱ་ཏནྟྲ། བོད་སྐད་དུ། འཕགས་པ་རིག་པ་མཆོག་གི་རྒྱུད་ཆེན་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་
ར་བ་ན་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་རིག་པ་བྱེ་བ་ཕྲག་དུ་མས་བསྐོར་ནས། །བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བར་
སྣང་ལས་བབས་ཏེ། །བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བྱང་
ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་རིག་པ་བྱེ་བ་དུ་མས་ཡོངས་སུ་བསྐོར་ནས་འཁོར་དེ་ཉིད་དུ་འདུས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་
Vol. 95 · folio 2a
ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་འབྱུང་པོའི་བདག་པོ་དབང་ལྡན་འབྱུང་པོ་བྱེ་བ་ཕྲག་དུ་མས་བསྐོར་ནས་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་
དང་ཕྱག་ན་རྡོ་རྗེ་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་གདོལ་པའི་རྒྱལ་པོ་ཕུར་བུ་གསུམ་པ་ཡང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་བཞི་ཡང་གཡོག་འཁོར་བྱེ་བ་ཕྲག་དུ་མས་ཀུན་ནས་བསྐོར་ཏེ་འཁོར་
དེ་ཉིད་དུ་འདུས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་
ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་བདག་གསང་སྔགས་ཀྱི་ཚིག་འཆད་པར་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་
ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་ཁྱོད་ནི་ཤིན་ཏུ་མ་རུངས་པ། ལག་ན་རྡོ་རྗེ་ཁྱོད་ནི་ཤིན་ཏུ་བརྩམ་པ་མེད་པ། ཤིན་ཏུ་གཏུམ་པ་ཡིན་ན། ཅི་ལྟར་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་གསང་སྔགས་
འཆང་། ལག་ན་རྡོ་རྗེ་ཁྱོད་ནི་དམ་ཚིག་ཤེས་པ་ཡིན་ལ། སེམས་ཅན་གང་དག་དམ་ཚིག་མི་ཤེས་པར་བརྗོད་པ་རྣམས་ནི་རྡོ་རྗེས་མཐར་བྱེད་པ་ཡིན་ན། ཁྱོད་ཅི་ལྟར་གསང་སྔགས་འཆང་། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་
Vol. 95 · folio 2b
མོད་ཀྱི། །བཅོམ་ལྡན་འདས་གང་དག་རིག་པ་མཆོག་འདིའི་དོན་འདོན་པ་དང་། འཆང་བ་དང་། མཆོད་པ་བགྱིད་པ་དེ་དག་ནི་བདག་གི་དམ་ཚིག་འཚལ་བ་ལགས། བདག་གི་དཀྱིལ་འཁོར་དུ་ཞུགས་པ་ལགས་པས་བཅོམ་ལྡན་འདས་ཀྱིས་གནང་བ་མཛད་དུ་གསོལ།
དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་ཡི་གེ་བཞི་པ་ཞེས་བགྱི་བ་འདི་ནི་རིག་པའི་ཚོགས་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ལས་མང་པོ་རབ་ཏུ་སྒྲུབ་པ། སྟོབས་དང་ཕ་རོལ་གནོན་པ་
དཔག་ཏུ་མ་མཆིས་པ་བསྟན་པ་ཐོགས་པ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་བཤད་པར་བགྱིའོ། །ཀྱེ་ཀྱེ་ལྷ་ཡུལ་དང་ས་དང་ཆུ་ལ་གནས་པའི་འབྱུང་པོའི་ཚོགས་རྣམས་ཁྱེད་ཡིད་རྩེ་གཅིག་ཏུ་གྱིས་ལ་ཉོན་ཅིག །རྡོ་རྗེས་མགོ་བཀས་པར་གྱུར་
ཏ་རེ། དེ་ནས་ལག་ན་རྡོ་རྗེས་རང་གི་རིག་པའི་ཚོགས་ལ་བལྟས་ནས་གསང་སྔགས་སྨྲས་པ། །ན་མོ་རཏྣ་ཏྲ་ཡ་སྱ། ན་མ་ཤྩཎྜ་བཛྲ་པཱཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། །མ་ཧཱ་ཤཱཀྱ་སམྡུདྡྷཱ་ཡ། བིརླི། ཀིརླི། མིརླི། ཧིརླི། བིདྱཱ་ཏྟོ་མ་ཡ་རྩི་རྨི་ནི་དུ་རྨི་ནི་
ལི་སྭཱ་ཧཱ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་འདར་ཡེད་ཡེད་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ལ་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བདག་ཅག་ལ་བསྐྱབ་ཏུ་གསོལ། དེ་ནས་
གནོད་སྦྱིན་གྱི་དབང་པོ་ལག་ན་རྡོ་རྗེས་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ལ་གྲོགས་པོ་དག་མ་འཇིགས་ཤིག་མ་འཇིགས་ཤིག །རིག་པའི་རྒྱལ་པོ་དྲན་པར་གྱིས་ཤིག་ཅེས་དབུགས་ཕྱུང་ངོ་། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས། བཅོམ་
ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་འདི་ལྟ་བུའི་གསང་སྔགས་ཀྱི་ཚིག་དག་འཆད་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་རིག་པའི་རྒྱལ་པོ་གང་ན་གནས་པ་དེར་མཆོད་པར་འཚལ་ལོ། །
Vol. 95 · folio 3a
སུ་ཀློག་པ་དང་། མཆོད་པར་བགྱིད་པ་དང་། སྒྲུབ་པའི་རིག་སྔགས་འཆང་དེའི་བརྩོན་པ་བསྐྱེད་པར་བགྱིའོ། །བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །དེ་ནས་རིག་པའི་རྒྱལ་པོའི་ལས་ནི་འདི་ལགས་ཏེ། སྲད་
བུའམ་ཐལ་བའམ་ཆུ་ལ་ལན་ཅིག་བརྗོད་པས་བསྲུང་བར་འགྱུར་རོ། །རིག་སྔགས་བཅད་ན་མཚོན་རྣོན་པོ་ལ་ལན་གཉིས་བརྗོད་དེ་རྩྭ་ཀུ་ཤ་གཅད་དོ། །ཡང་ན་ས་དྲའོ། །དེ་ལྟར་ན་རིག་སྔགས་ཐམས་ཅད་གཅད་པར་འགྱུར་རོ། །ལན་གསུམ་བརྗོད་ན་རིག་
སྔགས་ཚང་བར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ལ་རིག་སྔགས་གང་ཡི་གེ་མ་ཚང་བའམ་དྲན་པ་ཉམས་པ་དེ་ལན་བརྒྱ་རྩ་བརྒྱད་བརྗོད་དེ། རིག་པའི་མཆོག་གི་སྙིང་པོ་དང་ལྷན་ཅིག་ཏུ་ལན་གསུམ་བརྗོད་ན་
རྨི་ལམ་དུ་སྟོན་ཏོ། །ཅི་སྟེ་ལས་བཅད་པར་གྱུར་ན་རྩྭ་ཀུ་ཤས་བྱབ་པར་བྱ་སྟེ་རྫོགས་པར་འགྱུར་རོ། །ལག་ན་རྡོ་རྗེའི་མདུན་དུ་ལན་བཞི་བརྗོད་ན་དགེ་བ་དང་མི་དགེ་བ་སྟོན་པར་འགྱུར་རོ། །ཅི་འདོད་པ་ཡིད་བཞིན་དུ་སྦྱོར་བ་བགྱིས་ན་ལས་རྣམས་སུ་འགྱུར་རོ། །གདོན་
ཚར་གཅད་ན་ཐལ་བའམ་ཆུའམ་དུར་ཁྲོད་ཀྱི་སོལ་བས་བསྣུན་ནོ། །ཡང་ན་གཟུགས་བགྱིས་ཏེ་ལྕུག་མས་བཞུས་ན་གཏོང་བར་འགྱུར་རོ། །ཡང་ན་ས་ལ་གཟུགས་བགྱིས་ཏེ་དུར་ཁྲོད་ཀྱི་སོལ་བས་ལག་མཐིལ་ལ་རྡོ་རྗེ་བྲིས་ཏེ་ལག་པས་བཀབ་ན་གཏོང་བར་འགྱུར་རོ། །
སྐུད་པ་ལ་མདུད་པ་བོར་བ་རྣམས་ཀྱིས་རིག་སྔགས་བཅིང་ངོ་། །མཁའ་འགྲོ་མ་རྣམས་བཅད་པར་བགྱིས་ན་ཡུངས་ཀར་དག་ལ་ལན་བདུན་བདུན་བསྔགས་ཏེ་བསྣུན་ན་མཁའ་འགྲོ་མ་ཐམས་ཅད་མ་རུངས་པར་འགྱུར་རོ། །དབབ་པར་བགྱི་ན་རྣ་བར་བཟླས་བརྗོད་བགྱིའོ། །
ཡང་ན་ཙན་དན་དམར་པོས་དཀྱིལ་འཁོར་བྱུགས་ལ་རྡོ་རྗེ་རྩེ་ལྔ་པ་བྲིས་ཏེ་གུ་གུལ་གྱིས་བདུག་པ་དང་མེ་ཏོག་རྣམས་ཀྱིས་དབབ་བོ། །ཕྱག་རྒྱ་གཞིག་ན་ཆུའམ་ཐལ་ལྕག་གམ། སོ་ཕག་གི་དུམ་བུ་རྣམས་ཀྱིས་སོ། །དུག་ལས་གསོན་ཆུའམ། རྨ་བྱའི་མདོངས་སམ། ཆུ་
Vol. 95 · folio 3b
གྲིའམ། མེ་ལོང་གིས་སོ། །མར་གྱི་ངོ་ཞག་བཅུ་བཞི་ནས་ལག་ན་རྡོ་རྗེའི་མདུན་དུ་ཞག་གསུམ་སྨྱུང་བར་བྱས་ལ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིའོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་དམ་པ་སྩོལ་བར་འགྱུར་ཏེ། དེའི་འོག་ཏུ་དུག་གསོ་བ་ལ་སོགས་པ་དང་
ལས་གཞན་རྣམས་ཀྱང་བགྱིའོ། །གལ་ཏེ་མཁའ་འགྲོ་མ་རྣམས་ཤིན་ཏུ་བཅད་པར་འཚལ་ན་དེ་ནས་ལག་ན་རྡོ་རྗེའི་མདུན་དུ་འབྲས་ཀྱི་གཟེགས་མས་ལན་བརྒྱ་སྟོང་དུ་སྦྱིན་སྲེག་བགྱིས་ན་ལག་ན་རྡོ་རྗེས་ཇི་སྐད་བཤད་པ་བཞིན་དུ་ཚེ་ཅི་ཙམ་འདོད་ཐུབ་པར་རིག་སྔགས་
ཐམས་ཅད་མ་རུངས་པར་འགྱུར་རོ། །སེང་ལྡེང་གི་རྡོ་རྗེ་བགྱིས་ཏེ་རིག་སྔགས་འཆང་གི་མིང་ནས་བརྗོད་ལ་ས་ལ་ལན་ཅིག་བཙུགས་ནས་བཤིག་པར་འགྱུར་ཏེ། དེ་ཕྱིན་ཅད་རིག་སྔགས་འཆང་དེའི་གསང་སྔགས་རྣམས་མི་འཇུག་གོ། །རིག་སྔགས་གཅད་པར་བགྱིད་འཚལ་
ན། རིག་སྔགས་འཆང་གི་གཟུགས་བགྱིས་པ་གཅད་ན་བཅད་པ་བགྱིས་པར་འགྱུར་རོ། །རིག་སྔགས་བཤིག་པར་བགྱིད་འཚལ་བས་རིག་སྔགས་དེ་རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་བརྗོད་ན་རིག་སྔགས་ཐམས་ཅད་བཤིག་པར་འགྱུར་ཏེ་ལས་མི་བགྱིད་དོ། །
རིག་པ་འགུགས་པར་འཚལ་བས་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ཏེ། རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་རིག་པ་འགུགས་ཏེ་ཕྱིས་རིག་པ་བསྒྲུབ་བོ། །རིག་པ་ཉམས་
པར་བགྱིས་ན་བཟླས་བརྗོད་བྱས་པས་ཆོག་སྟེ། ཆེ་གེ་མོའི་རིག་པ་ལ་གནོད་པ་མཛོད་ཅིག་ཅེས་བགྱིས་ན་རིག་པ་དེ་ལས་མི་བགྱིད་དོ། །རིག་པ་ཚར་གཅད་པར་བགྱི་ན་ཐལ་བ་ལ་གཟུགས་བགྱི་སྟེ། རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་བརྗོད་ལ་རྐང་པ་གཡོན་པས་ཀྱང་ཕྱིས་ན་རིག་
པ་སྨད་པ་དང་ཉམས་པར་འགྱུར་ཏེ་ལས་མི་བགྱིད་དོ། །གལ་ཏེ་རིག་སྔགས་འཆང་ག་ཞིག་པར་འཚལ་ན་ལག་ན་རྡོ་རྗེའི་མདུན་དུ་རིག་སྔགས་འཆང་གི་མིང་ནས་བརྗོད་དེ་མར་མེའི་སྙིང་པོ་མེ་ལྕེ་དང་བཅས་པ་བདུན་སྦྱིན་སྲེག་བགྱིས་ན་རིག་སྔགས་འཆང་བཤིག་པར་འགྱུར་ཏེ་བསོད་
Vol. 95 · folio 4a
ནམས་ཀྱང་འཇིག་གོ། །སྲོག་ཀྱང་འཇིག་གོ། །རིག་སྔགས་འཆང་དེའི་ཚེ་ཅི་ཙམ་པར་གསང་སྔགས་རྣམས་མི་འགྲུབ་བོ། །སླར་གསོ་བར་བགྱི་ནམ་ལ་ཏའི་མེ་ཏོག་མར་ལ་སྨྱུགས་པའི་སྦྱིན་སྲེག་བགྱི་བ་ལན་ཉི་ཤུ་རྩ་གཅིག་ལག་ན་རྡོ་རྗེའི་མདུན་དུ་སྦྱིན་
སྲེག་བགྱིས་ན་རིག་པ་འགྲུབ་བོ། །ལས་འདི་དག་ནི་མ་བསྒྲུབས་ཀྱང་བགྱིད་དོ། །ཅི་སྟེ་བགྱིད་འཚལ་ན་རི་ལ་འཛེགས་ཏེ་ཁ་ཟས་འོ་སྐྱོ་འཐུང་ཞིང་ལན་འབུམ་བཟླས་བརྗོད་བགྱིས་ན་རིག་པའི་རྒྱལ་པོའི་མཆོག་རང་གི་གཟུགས་སུ་མཐོང་བར་འགྱུར་ཏེ་དེ་ལ་བུ་ཅི་བྱ་ཞེས་གསུང་
བར་འགྱུར་རོ། །དེས་བཅོམ་ལྡན་འདས་ལས་ཐམས་ཅད་མཛད་དུ་གསོལ་ཞེས་བརྗོད་པར་བགྱིའོ། །དེ་བཞིན་དུ་གྱུར་ཅིག་ཅེས་བརྗོད་ནས་མི་སྣང་བར་འགྱུར་རོ། །དེ་ནས་ཡིད་ཀྱིས་བཟླས་བརྗོད་བགྱིས་ན་རིག་སྔགས་འཆང་ཡང་འགུག་གོ། །གྲོག་མཁར་གྱི་ས་ལས་
སྦྲུལ་བགྱིས་ཏེ་སྔགས་ཀྱིས་བཏབ་ན་ཀླུ་ཐམས་ཅད་འཆིའོ། །དབང་དུ་ཡང་འགྱུར་རོ། །གསེག་མ་ལ་ལན་བདུན་བསྔགས་ཏེ་མཚོར་བོར་ན་མཚོ་སྐམ་པར་འགྱུར་རོ། །འབབ་ཆུ་ཆེན་པོར་བོར་ན་འབབ་ཆུ་ཆེན་པོ་སྐམ་པར་འགྱུར་རོ། །གང་དུ་བོར་བ་དེ་སྐམ་པར་འགྱུར་
རོ། །བདག་གི་རིག་པའི་རྒྱལ་པོ་འདི་ནི་རིག་པའི་རྒྱལ་པོ་ཐམས་ཅད་དང་རིག་པ་ཐམས་ཅད་ཀྱི་མཆོག་ཏུ་བརྗོད་པའོ། །གལ་ཏེ་རིག་པ་གཞན་དག་གིས་ལས་མི་འཚལ་ན་ཡང་སྦྱོར་བ་འདིས་རིག་པ་ཐམས་ཅད་སྦྱོར་བར་བགྱིའོ། །ལས་ཐམས་ཅད་བགྱིད་དོ། །ལས་བགྱིད་
ན་རིག་པའི་རྒྱལ་པོ་དང་ལྷན་ཅིག་ལན་གསུམ་བརྗོད་ལ་འགའ་ཞིག་མ་མཆིས་ན། དེའི་མགོ་དུམ་བུ་ཟིན་ཐིག་ལེའི་སྙི་མ་བཞིན་དུ་འགས་པར་འགྱུར་རོ། །གང་གི་ཚེ་གསང་བ་པ་རྣམས་ཀྱི་གསང་སྔགས་གྲུབ་པ་དེའི་ཚེ་ལས་ཐམས་ཅད་དུ་རིག་པའི་མཆོག་བཟླས་བརྗོད་བགྱིའོ། །
མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ལ་བ་སྨད་སྤུ་མཐུན་གྱི་མར་སར་བླངས་ཏེ། །མར་སར་དེས་སེང་ལྡེང་གི་མེར་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་རིག་པའི་མཆོག་རིག་པ་སྒྲུབ་པ་རྣམས་ལ་དམ་པ་སྩོལ་བར་འགྱུར་
Vol. 95 · folio 4b
རོ། །གང་གི་ཚེ་ཕ་རོལ་འབྲོས་པར་བགྱིད་འཚལ་ན་ཕུབ་མ་ལས་ལན་བརྒྱད་སྟོང་སྦྱིན་སྲེག་བྱའོ། །སོ་ཕག་གིས་ཀྱང་འཕངས་ན་འབྲོས་པར་འགྱུར་རོ། །མར་གྱི་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ཨ་རྐའི་ཞུགས་བུས་ལ་རྩྭ་དཱུར་བའི་ལོ་མ་ཅན་
བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ཏི་ན་ར་གཅིག་རྙེད་པར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་མེ་ཏོག་ཀུ་མུ་ད་དང་། ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་པ་ཁྲི་མེའི་ནང་དུ་སྦྱིན་སྲེག་བགྱིས་ན་དཔལ་ཆེ་བར་འགྱུར་རོ། །
རྒྱ་མཚོའི་དབུ་བ་དང་རྒྱ་སྤོས་དང་ལྡོང་རོས་རྣམས་ཆ་བསྙམས་ཏེ་རྨ་བྱའི་མཁྲིས་པ་དང་རིལ་བུ་སྲན་མ་ཙམ་དུ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་རིག་པའི་མཆོག་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ལ་སྦྲུལ་གྱིས་ཟིན་པ་ལ་ཆུ་ལ་བཏབ་ན་འཇོག་པོས་ཟིན་པ་ཡང་འཚོའོ། །སྲིན་
བུས་ཟིན་པ་དང་། བས་ལྡགས་དང་འབྲས་ཕྲེང་བ་འགྱུར་བ་ལ་ཆབ་སྐོལ་བ་ལས་བཏང་ངོ་། །སྦྲུམ་མ་བུ་མ་ཕྱིན་པ་ལ་ནི་མར་ལས་བཏང་ན་བདེ་བར་བཙའ་བར་འགྱུར་རོ། །བུས་པ་གདོན་གྱིས་ཟིན་ན་བདུག་པས་བདུགས་པ་གཏོང་བར་འགྱུར་རོ། །བུད་མེད་ཀྱི་ནད་ལས་ནི་དར་
བ་ལ་བཏང་ངོ་། །ཕུག་ཏུ་འཇུག་ན་ལུས་ལ་བསྐུའོ། །སྒྲུབ་པ་ན་བདག་ལ་བདུགས་ན་ལོག་འདྲེན་ཐམས་ཅད་ལས་ཐར་བར་འགྱུར་རོ། །ལག་ན་རྡོ་རྗེའི་མདུན་དུ་སྲད་བུ་ལ་རིག་པའི་མཆོག་བརྒྱད་སྟོང་བཟླས་བརྗོད་བགྱིས་ཏེ་ལག་པ་ལ་བཏགས་ནས་གཡུལ་ངོར་ཞུགས་ན་ཕ་
རོལ་གྱིས་མི་ཐུབ་པར་འགྱུར་རོ། །སྦྱིན་སྲེག་བགྱིས་པའི་ཐལ་བའམ། ཐལ་བ་གཙང་མས་ཁམ་ཕོར་བཀང་ལ་རིག་པ་མཆོག་བཟླས་བརྗོད་བགྱིས་ན་རྐུན་པོ་གང་ན་འདུག་པ་དེར་མཆིའོ། །གང་གིས་རིག་པའི་རྒྱལ་པོ་འདི་ཡིད་ཀྱིས་བཟླས་བརྗོད་བགྱིས་པ་དེ་ལ་དབང་ཕྱུག་ཆེན་པོ་
དང་དབང་ཕྱུག་ཆེན་པོའི་ཚོགས་དང་། བགེགས་དང་ལོག་འདྲེན་དང་། །མཁའ་འགྲོ་མ་དང་སྲིན་པོ་དང་། ཤ་ཟ་དང་། གནོད་སྦྱིན་དང་། །འབྱུང་པོ་དང་། གྲུལ་བུམ་དང་། སྲུལ་པོ་དང་། མདངས་འཕྲོག་པ་དང་། གདོན་བརྒྱན་མ་དང་། མ་མོ་དང་ལག་ན་རྡོ་རྗེའི་ཕྱག་བརྙན་དང་གང་གིས་ཀྱང་
Vol. 95 · folio 5a
གླགས་མི་རྙེད་ཀྱི་ལག་ན་རྡོ་རྗེས་དེའི་མགོ་འགེམས་སོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་འམ། ཕྱོགས་གཙང་མར་མཆོད་པ་བགྱིས་ཏེ་རྩྭ་ཀུ་ཤའི་མདུང་རྩེ་གསུམ་པ་ཐོགས་ལ་ཡུངས་ཀར་དང་། ཞོ་དང་། སྦྲང་རྩི་དང་མར་བསྲེགས་པ་སྦྱིན་བླུགས་ལན་ཉི་
ཤུ་རྩ་གཅིག་སྦྱིན་སྲེག་བགྱི་ཞིང་ཉིན་བདུན་དུས་གསུམ་དུ་གཅེར་བུར་སྐྲ་བཤིག་ལ་བགྱིས་ན་ནོར་སྕོལ་བར་བགྱིད་དོ། །མར་གྱི་ངོ་ཞག་དྲུག་ནས་བརྩམས་ཏེ་མཚོ་འགྲམ་དུ་མཆིས་ལ། མར་གྱི་ངོ་ཞག་བརྒྱད་པའི་བར་དུ་ཡུངས་ཀར་དག་ལས་སྦྱིན་སྲེག་ལན་བརྒྱད་སྟོང་བགྱིས་ན་
ནོར་དང་གོས་རྣམས་སྕོལ་བར་འགྱུར་རོ། །འཕགས་པ་རིག་པའི་རྒྱལ་པོའི་མཆོག་སྒྲུབ་པ་ནི་རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སྦྱིན་དང་མ་འདྲེས་པའི་ཚོན་རྩི་རྣམས་ཀྱིས་སངས་རྒྱས་ཀྱི་སྐུ་གཟུགས་བྲི་བར་བགྱིའོ། །གཡས་ཕྱོགས་སུ་ལག་ན་རྡོ་རྗེ་སྟན་
ནང་ཚངས་ཅན་གྱི་སྟེང་ན་མཆིས་པར་བྲིའོ། །ལག་ན་རྡོ་རྗེའི་འོག་ཏུ་རིག་པའི་མཆོག་བྲིའོ། །བཅོམ་ལྡན་འདས་ནི་གསེར་གྱི་ཁ་དོག་ལྟ་བུའོ། །ལག་ན་རྡོ་རྗེ་ནི་སྔོ་བསངས་ཏེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །རིག་པའི་རྒྱལ་པོ་ཡང་སྔོ་བསངས་ཏེ་རྒྱན་ཐམས་ཅད་
ཀྱིས་བརྒྱན་ལ་སྟན་གོར་བུའི་སྟེང་ན་མཆིས་པར་བྲིའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ཅི་ནུས་སུ་མཆོད་པར་བགྱིས་ལ་རྒྱལ་བའི་བློ་གྲོས་ཀྱིས་རིག་པའི་རྒྱལ་པོ་དགུག་པར་བགྱིའོ། །རྡོ་རྗེའི་ཁས་ཉེ་རེག་བགྱིའོ། །རྡོ་རྗེའི་ལྟེ་བས་སྤོས་
དབུལ་བར་བགྱིའོ། །མེ་ཁ་ལས་མེ་ཏོག་དབུལ་བར་བགྱིའོ། །གདོང་དཀར་གྱིས་སྲུང་བར་བགྱིའོ། །རྡོ་རྗེ་སེར་མོས་ཁྲུས་བགྱིའོ། །ནག་མོས་ཁུ་བ་བཅིང་བར་བགྱིའོ། །གྱེན་དུ་ལྟ་བའི་གདོང་གིས་ཕྱོགས་བཅིང་བར་བགྱིའོ། །རྡོ་རྗེའི་སེང་གེའི་ཁྲིས་འདུག་པར་
བགྱིའོ། །རྡོ་རྗེ་ལྡན་མས་བགེགས་གཞོམ་པར་བགྱིའོ། །ཤུགས་ལྡན་མས་སླར་གཤེགས་སུ་གསོལ་ལོ། །ཕྱིས་རིག་པ་མཆོག་གི་རི་མོའི་གཟུགས་ཀྱི་མདུན་དུ་གུ་གུལ་གྱི་རིལ་བུ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་དངོས་གྲུབ་ཀྱི་མཚན་མར་བཅོམ་ལྡན་འདས་ཀྱི་གཟུགས་
Vol. 95 · folio 5b
འགུལ་བར་འགྱུར་རོ། །ཞག་བདུན་ན་ཏི་ན་ར་བརྒྱ་རྙེད་པར་འགྱུར་རོ། །ཡང་ན་ལོངས་སྤྱོད་སྩོལ་བར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ན་ལག་ན་རྡོ་རྗེའི་མདུན་དུ་དུ་རུ་སྐའི་འབྲས་བུ་ལས་ལན་བརྒྱད་བརྒྱ་སྦྱིན་སྲེག་བགྱིས་ན་གང་འདོད་པ་དེ་སྨྱོ་བར་འགྱུར་རོ། །ལག་ན་
རྡོ་རྗེའི་མདུན་དུ་མར་དང་གུ་གུལ་གྱི་རིལ་བུ་བརྒྱད་བརྒྱའི་སྦྱིན་སྲེག་བགྱིས་ན་སོས་པར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ཤིང་ཨ་ཤྭཏྠའི་ལོ་འདབ་ཀྱི་སྟེང་དུ་སྡོང་རོས་བཞག་ལ་ཅི་སྲིད་ཀྱིས་རྣམ་གསུམ་གྲུབ་པ་དེ་སྲིད་དུ་བཟླས་བརྗོད་
བགྱིའོ། །དྲོ་བར་གྱུར་ན་རྐང་པས་མཆིའོ། །དུ་བ་འཐུལ་ན་མི་སྣང་བ་དང་ལོ་བདུན་སྟོང་དུ་འཚོའོ། །འབར་ན་བསྐལ་པར་གནས་པར་འགྱུར་རོ། །རླུང་བཞིན་དུ་ལག་ན་རྡོ་རྗེའི་གནས་སུ་མཆི་ཞིང་ཁ་ཟས་ཅི་འདོད་པ་ཟའོ། །ཨ་ཐ་རཱ་ཛཱ་ནཱ་མ་ཤི་ཀ་དཱུ་ཀཱ་མ་ཀྲྀ་ཏ་ཨཥྚ་མྱ་ཨ་
ཧོ་ར་ཏྲོ་ཤི་ཏེ་ན་བཛྲ་པཱ་ཎི་སྱ་ཨ་གྲ་ཏ་ཨརྐ་ཀཱཥྛེ་ཨགྣི་པྲ་ཛྭཱ་ལེ། རུ་དྷི་ར་ཨ་ག་ཏ་ན་ཎ་ཏི་ལཱ་ནཱཾ་ཨཥྚ་ས་ཧ་སྲཾ་ཧུ་ཛུ་ཡ་ད་རཱ་ཛཱ་པ་ཤོ་བ་ཏི་བཛྲ་ཀྵ་མོ་པ་སཾ་ཧི་ཏམ། ཅི་སྟེ་དགྲ་གསོད་པར་འདོད་པ་ན། ལག་ན་རྡོ་རྗེའི་མདུན་དུ་སེང་ལྡེང་གི་ཞུགས་བུས་ལ་ཡུངས་ཀར་དང་སྐེ་ཚེའི་
འབྲུ་ལས་ལན་བརྒྱད་སྟོང་དུ་སྦྱིན་སྲེག་བགྱིས་ན་དགྲ་འཆིའོ། །གནོད་པར་སེམས་པར་བགྱིད་ན་ལག་ན་རྡོ་རྗེའི་མདུན་དུ་ཡི་དགས་ཀྱི་ཤིང་གི་ཞུགས་བུས་ལ་ཏིལ་ནག་པོ་ལ་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་གནོད་པར་སེམས་པར་བགྱིས་པར་འགྱུར་རོ། །མར་གྱི་ངོ་
ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་རྐང་པ་གཡས་པའི་མཐེ་བོང་ལས་བཟུང་ལ། དེའི་མིང་ནས་ཕྱུང་སྟེ་བཟླས་བརྗོད་བགྱིས་ན་འཕྲལ་དུ་དགྲར་མི་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་རིག་པ་མཆོག་གི་སྔགས་
ཀྱིས་བཏབ་པའི་ཆང་གིས་རྡོ་རྗེ་བཀྲུས་ལ་རིག་སྔགས་ཀྱང་ལན་བརྒྱད་བརྒྱ་བཟླས་བརྗོད་བགྱིས་ན། གང་གི་མིང་ནས་ཕྱུང་སྟེ་བཟླས་བརྗོད་བགྱིས་པ་དེ་གདོན་གྱིས་ཟིན་པར་འགྱུར་རོ། །རྡོ་རྗེ་འོ་མས་བཀྲུས་ལ་རིག་སྔགས་ལན་བརྒྱད་སྟོང་བཟླས་པ་བགྱིས་ན་སོས་པར་འགྱུར་
Vol. 95 · folio 6a
རོ། །ཡུལ་འཁོར་གཞིག་པར་འདོད་པས་སེང་ལྡེང་གི་རྡོ་རྗེ་བགྱིས་ལ་ཡར་གྱི་ངོ་ཚེས་བཅུ་གཉིས་ལ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ཏེ། ཡུལ་གྱི་བཞི་མདོར་བཙུགས་ན་ཡུལ་འཁོར་འཇིག་པར་འགྱུར་རོ། །ཕྱུང་ན་སྔ་མ་
ཁོ་ན་བཞིན་རྟག་པར་འགྱུར་རོ། །མར་གྱི་ངོ་ཞག་དགུ་ལ་ལག་ན་རྡོ་རྗེའི་མདུན་དུ་རིག་པ་མཆོག་གིས་སྐེ་ཚེའི་འབྲུ་ལ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་ཁྱིམ་ཕུང་བར་འགྱུར་རོ། །ལག་ན་རྡོ་རྗེའི་མདུན་དུ་མར་དང་བསྲེས་པའི་སྐེ་ཚེའི་འབྲུ་ལ་ལན་བརྒྱད་སྟོང་སྦྱིན་སྲེག་
བགྱིས་ན་བརྟས་པར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་བ་སྨད་སྤུ་མཐུན་གྱི་འོ་མ་བླངས་ཏེ་རིག་པ་མཆོག་གི་བཟླས་བརྗོད་བྱེད་ཅིང་བསྲུངས་ལ། དེ་ལས་མར་སར་བླངས་ཏེ་ཐོད་པའི་ནང་དུ་བཞག་ལ་ཐོད་པ་དེ་བླངས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་
བགྱིས་ལ་མངོན་མཚན་ཅིག་ཡོད་པར་སོང་སྟེ། འབྱུང་པོ་ཐམས་ཅད་པའི་གཏོར་མ་བགྱིས་ལ་ཐོད་པ་དེ་ཐོགས་ཏེ་ལུས་ཀྱིས་ལྷོ་ཕྱོགས་སུ་འདུག་ལ་ཅི་ཙམ་ན་འབར་བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། །དེ་ནས་དེ་འཐུངས་ན་ཅི་འདོད་པའི་གཟུགས་སུ་འགྱུར་རོ། །ནམ་མཁའ་
ལ་འགྲོ་བར་འགྱུར་རོ། །མི་སྣང་བར་འགྱུར་རོ། །གཟུགས་སྣ་ཚོགས་སྟོན་པར་འགྱུར་རོ། །ལོ་ལྔ་བརྒྱ་འཚོ་བར་འགྱུར་རོ། །བདག་རིག་པའི་རྒྱལ་པོའི་མཆོག་འདི་ནི་རིག་པ་ཐམས་ཅད་ཀྱི་གཙོ་བོའོ། །བདག་བསྲུང་ན་གོས་ཀྱི་མཐའ་མར་མདུད་པ་དོར་རོ། །གཞན་
བསྲུང་ན་སྤྱི་གཙུག་ཏུ་སྐྲ་མདུད་དོར་རོ། །ཆུ་སྲིན་ཀུམྦྷི་རའི་ཁ་བཅིང་ན་ཕྱོགས་བཞིར་ཆུ་གཏོར་རོ། །སྟག་ལ་ནི་ཡིད་ཀྱིས་དཀྱིལ་འཁོར་བགྱིས་ན་བཅིངས་པར་འགྱུར་རོ། །མཚམས་བཅད་ན་ཡུངས་ཀར་གྱིས་སོ། །ཞིང་བསྲུང་ན་ཕུར་བུ་དག་གིས་སོ། །སྨན་
བསྲུང་ན་ཡིད་ཀྱིས་རིག་པའི་མཆོག་སྦྱར་བར་བགྱིའོ། །གཞན་ཡང་བསྒྲུབ་པ་ན་མ་གོད་པའི་རས་ལ་སྦྱིན་དང་མ་འདྲེས་པའི་ཚོན་རྩི་རྣམས་ཀྱིས་རིག་པའི་རྒྱལ་པོའི་མཆོག་བྲི་བར་བགྱི་སྟེ། མདོག་སྔོ་བསངས་ཤམ་ཐབས་སེར་པོ་ལག་པ་གཡོན་ན་ཞགས་པ་གཡས་
Vol. 95 · folio 6b
པས་དམ་པ་སྦྱིན་པར་བྲིའོ། །འོག་ཏུ་སྒྲུབ་པ་པོ་ལག་ན་པོག་ཕོར་ཐོགས་པ་བྲིའོ། །ཞག་བདུན་ཟས་སུ་འོ་སྐྱོ་བཏུང་ངོ་། །ཐ་མར་ཞག་གསུམ་སྨྱུང་བར་བགྱིས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་ཅི་ནུས་ཀྱིས་མཆོད་པ་བགྱིས་ལ་སྐྲ་ཚོགས་ལས་ཞགས་པ་བགྱིས་ཏེ།
ལག་པ་གཡས་པར་ཐོགས་ཏེ་ཇི་སྲིད་དུ་རང་གི་གཟུགས་ཀྱིས་མཆི་བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། །རྡོ་རྗེ་བཞད་མས་སྨྲར་གཞུག་སྟེ་དེ་བུ་ཅི་བྱ་ཞེས་སྨྲ་བར་འགྱུར་རོ། །དེས་ཚངས་པའམ། ཁྱབ་འཇུག་གམ། དབང་ཕྱུག་ཆེན་པོ་དང་། ཆེ་གེ་མོ་ཞེས་བྱ་བ་
ཞགས་པས་ཟུང་ལ་ཁྲིད་དེ་སྤྱོན་ཅིག་ཅེས་བརྗོད་དོ། །ཡང་རྒྱལ་པོའམ། གནོད་སྦྱིན་ནམ། སྲིན་པོའམ། ཤ་ཟའམ། གང་དགུག་པར་འདོད་པ་དེ་བཀུག་སྟེ། དེ་དག་ཐམས་ཅད་ཕྱག་བརྙན་དུ་འགྱུར་རོ། །གང་བསམས་པ་དེ་འཚལ་ཏེ་མཆིའོ། །
གང་ན་མ་གོད་པའི་རས་ལ་རི་མོ་མཁན་གསོ་སྦྱོང་བཟུང་བས་སྦྱིན་དང་མ་འདྲེས་པའི་ཚོན་རྩི་རྣམས་ཀྱིས་རིག་པའི་རྒྱལ་པོའི་མཆོག་བྲི་བར་བྱ་སྟེ། མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟོད་གཡོགས་དར་དཀར། སྨད་གཡོགས་རས་ལག་པ་
བཞི་པ། ལག་པ་གཡོན་པ་གཅིག་ན་རྡོ་རྗེ། གཅིག་ན་ལྕགས་ཀྱུ། གཡས་པ་གཅིག་དམ་པ་སྦྱིན་པ། གཅིག་བེ་ཅོན་ཐོགས་པ་བྲིའོ། །འོག་ཏུ་སྒྲུབ་པ་པོ་ལག་ན་པོག་ཕོར་ཐོགས་པར་བགྱིའོ། །གཡས་ཕྱོགས་སུ་རྡོ་རྗེ་ཁུ་ཚུར་མདོག་གསེར་ལྟ་བུ་རྒྱན་
ཐམས་ཅད་ཀྱིས་བརྒྱན་པ། ལག་པ་གཉིས་ཀ་ན་རྡོ་རྗེ་ཐོགས་པ་བྲིའོ། །གཡོན་ལོགས་སུ་རྡོ་རྗེ་བློ་གྲོས་བྲི་བར་བགྱི་སྟེ། དེ་ཡང་མདོག་གསེར་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲི་བར་བགྱིའོ། །དེ་ནས་རྡོ་རྗེ་སྒྲུབ་པ་ནི་ཟླ་བ་གཅིག་སློང་མོའི་ཟས་ཟོས་ལ་ཐ་མར་ལུས་
སྦྱང་བར་བགྱི་སྟེ། ཆོ་འཕྲུལ་གྱི་ཟླ་བ་ཉ་ལ་ཞག་གསུམ་སྨྱུང་བ་བགྱིས་ལ་ལྕགས་སྣ་གསུམ་ལས་བགྱིས་པའི་རྡོ་རྗེ་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་ཤིང་ཨ་ཤྭཏྠའི་ལོ་མ་བདུན་གྱི་སྟེང་དུ་བཞག་ལ་བསྒྲུབ་སྟེ། །ཇི་སྲིད་ཀྱིས་འབར་བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། །འབར་
Vol. 95 · folio 7a
ནས་བླང་བར་བགྱི་སྟེ་བླངས་མ་ཐག་ཏུ་ལག་ན་རྡོ་རྗེ་འདྲ་བར་འགྱུར་རོ། །ཉི་མ་ཤར་བའི་ཁ་དོག་འདྲ་བར་འགྱུར། །རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་རོ། །དེ་ནས་ལྕགས་ཀྱུ་བསྒྲུབས་ན་སྔར་སྤྱད་པར་བགྱི་སྟེ། རྩྭ་ཀུ་ཤ་རྩ་བ་མེད་
པ་ལས་ལྕགས་ཀྱུ་བགྱིས་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་སྨྱུང་བ་བྱས་ཏེ་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་རྒྱ་ཆེར་བགྱིས་ལ་མེ་ཏོག་གི་སྟེང་དུ་བཞག་སྟེ་དེའི་སྟེང་དུ་ལག་པ་བཞག་ལ་ཇི་སྲིད་ཀྱིས་འབར་བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། །འབར་ནས་
བླང་བར་བགྱི་སྟེ་བླངས་མ་ཐག་ཏུ་ས་སེར་ཁ་མཐོང་ཞིང་ཚངས་པའི་གནས་སུ་མཆི་བར་འགྱུར་རོ། །ལག་ན་ལྕགས་ཀྱུ་ཐོགས་ན་སུམ་ཅུ་རྩ་གསུམ་པས་ཀྱང་ཟིལ་གྱིས་མནན་པར་མི་ནུས་སོ། །བེ་ཅོན་བསྒྲུབ་པ་བཤད་པར་བགྱི་སྟེ། ལྕགས་སྣ་གསུམ་ལས་
བེ་ཅོན་སོར་བཅུ་དྲུག་པ། དབྱིབས་ཐོ་བ་འདྲ་བ་ཟུར་དྲུག་པར་བགྱིའོ། །སྔར་སྤྱད་པ་བགྱིས་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་སྨྱུང་བ་བགྱིས་ཏེ། རི་མོའི་སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་རྒྱ་ཆེར་བགྱིས་ལ། རས་དཀར་པོའི་སྟེང་དུ་བཞག་སྟེ་ཅི་སྲིད་འབར་
བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། །དེ་ནས་བླངས་མ་ཐག་ཏུ་ལག་ན་རྡོ་རྗེ་འདྲ་བར་འགྱུར་རོ། །ལག་ན་རྡོ་རྗེ་དང་སྟོབས་མཉམ་སྟེ་ལག་ན་རྡོ་རྗེའི་གནས་སུ་མཆི་བར་འགྱུར་རོ། །དངོས་གྲུབ་རྣམ་པ་གསུམ་ལ་བསྐལ་པར་གནས་པར་འགྱུར་རོ། །སྒྲུབ་པ་ཐམས་ཅད་
དུ་ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིས་ཏེ་རིག་པ་སྣ་ཚོགས་སྦྱར་བར་བགྱིའོ། །དེ་ལྟར་གང་གི་རིག་པའི་རྒྱལ་པོ་འདོན་པ་དང་། མཆོད་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་ལགས་སོ། །མཉེས་པར་བགྱིས་པ་ལགས་སོ། །ཐོད་པ་བླངས་
ཏེ་ཁྲག་གིས་བཀང་སྟེ་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ཁང་སྟོང་ངམ། ཀུན་དགའི་ར་བར་ཇི་སྲིད་ཀྱིས་བུད་མེད་འབྱུང་བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། །དེ་ལ་ཆེ་གེ་མོ་ཞེས་བྱ་བ་ལ་གནོད་པ་གྱིས་ཤིག་པར་བརྗོད་ན་གནོད་པ་བགྱིད་དོ། །
Vol. 95 · folio 7b
གནོད་པ་བགྱིད་དུ་འཇུག་གོ། །རེངས་པར་བགྱིད་དོ། །རིག་པའི་རྒྱལ་པོ་འདི་འགུག་པ་འདིས་བཀུག་ནས་ཕྱིས་རྒྱལ་བའི་བློ་གྲོས་ཀྱིས་དགུག་པར་བགྱིའོ། །ན་མོ་རཏྣ་ཏྲ་ཡ་སྱ། ན་མ་ཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ན་པ་ཏི་སྱ། ཏུ་རུ་ཏུ་རུ། ཙུ་རུ་ཙུ་རུ།
ཀི་རི་ཀི་རི། རཻ་ཏྲ་པྲ་ཙཎྜ་ཡ་ཊ་ཡ། ཨཱ་གཙྪ་ཨཱ་གཙྪ། མ་མ་ཨརྟྟ་མ། པ་རི་པཱུ་རུ་ཡ། ཨ་སྐྲྀ་ཏ། བིདྱཱ་དྷ་རོཏྟ་མ་ཨ་ཧཾ། ཏྭ་མ་ཨཱཀརྵ་ཡཱ་མི་མ་མ། སརྦ་ཨརྠ་མ་ནོ་ར་ཐ་པ་རི་པཱུ་ར་ཀོ་བྷ་བ། མ་མ་ཨརྠ་སིདྡྷིཉྩི་ད་ད་མ་ཅི་རཾ་ཀུ་རུ་སྭ་ཧཱ། ཅི་སྟེ་ཚེས་བརྒྱད་ལ་
བསྒྲུབ་པར་འཚལ་ན་ཚེས་བདུན་གྱི་ཕྱི་དྲོ་གུ་གུལ་གྱིས་བདུགས་ལ་གསང་སྔགས་ལན་བརྒྱ་རྩ་བརྒྱད་བརྗོད་དོ། །སྒྲུབ་པ་ནི་རྒྱལ་བའི་བློ་གྲོས་ཀྱིས་དགུག་གོ། །སྒྲུབ་པ་ཐམས་ཅད་དང་ལས་ཐམས་ཅད་དུའང་དགུག་པ་འདིས་དགུག་གོ། །ན་མོ་རཏྣ་ཏྲ་ཡ་སྱ། ན་མ་
ཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ན་པ་ཏི་སྱ། ཛ་ཡ་མ་ཏི། ཛི་ན་ཏི། ཛི་ན་དྷཱ་རི་ཎི། ཨཱ་བེ་ཤ་ཡ། ད་ཤ་མ་ཏ་ཤཱཾ་བ། དེ་བ་ནཱ་ག་ཡཀྵ་གནྡྷ་རྦེ་ཀཱ་ནུ་ཙ་ར། མ་རུ་ཤཾ་ལ་ཧུ་ལ་ཧུ། གྲྀཧྞ་བྷུ་མི་མ་པ་ཏ་ཡེ། ཤཱི་གྷྲཾ་བཛྲ་པཱ་ཎི་སྟྭཾ། ཨཛྙ་པ་ཡ་ཏི་སྭཱ་ཧཱ། རྒྱལ་བའི་
བློ་གྲོས་འདིས་དགུག་པར་བགྱིའོ། །དེ་ནས་རྡོ་རྗེ་ལྕགས་སྒྲོག་གིས་བཅིང་བར་བགྱིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ནམ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཀུ་རུ་ཀུ་རུ། ཙ་ཏ་ཙ་ཏ། མ་ལ་མ་ལ། ས་ར་ས་ར། ཏིཥྛ་ཏིཥྛ། མ་ཧཱ་བ་ལ། ས་མ་ཡ་
མ་ནུ་སྨ་ར་སིདྡྷ། ན་མ་ཤྩཎྜ་བཛྲ་པཱ་ཎི་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། རྡོ་རྗེ་ལྕགས་སྒྲོག་འདིས་གུ་གུལ་གྱི་རིལ་བུ་གསུམ་ཡུངས་ཀར་གྱི་འབྲུ་མར་དུ་སྨྱུགས་ལ་སྦྱིན་སྲེག་བགྱིས་ན་བཅིངས་པར་འགྱུར་རོ། །རིག་པ་གང་བསྒྲུབ་པ་དང་ཕོ་ཉ་མོ་ཡང་རུང་སྟེ་དེ་འདི་ཉིད་ཀྱིས་བཅིང་
བར་བགྱིའོ། །རྡོ་རྗེ་སེར་མོས་ནི་བཅིངས་པ་ལས་དགྲོལ་བར་བགྱིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཧུ་ལུ་ཧུ་ལུ། །གཙྪ་གཙྪ། མ་ཧཱ་པ་ལ། སྭ་བྷཱ་བ་ནཱཾ། པུ་ཎ་ན་མ་ག་ན་མ་ཡ། ཀུ་རུ་ཀུ་རུ། གཙྪ་གཙྪ་སྭཱ་ཧཱ།
Vol. 95 · folio 8a
ཆག་ཁྱོར་བ་གསུམ་གཏོར་མེ་ཏོག་ཀྱང་དབུལ་ལོ། །དེ་ནས་ཤུགས་ལྡན་གྱིས་སླར་གཤེགས་སུ་གསོལ་ལོ། །ན་མོ་བཛྲ་པཱ་ཎ་ཡེ་ཕཊ་ཕཊ། གཙྪ་གཙྪ། བྷ་ག་བ་ཏི། མ་ཧཱ་ཡཀྵཱ་དྷི་བ་ཏི། ཙི་རི་ལི་ཙི་རི་ལི། ཧི་རི་ལི། ཨ་བི་ག་ནཱཾ་ཀུ་རུ་
སྭཱ་ཧཱ། ཤུགས་ལྡན་གྱིས་སླར་གཤེགས་སུ་གསོལ་བའི་སྔགས་ཏེ། ཨ་ག་རུའི་བདུག་པ་ལ་ལན་བདུན་བཟླས་བརྗོད་བགྱིས་པས་སོ། །ན་མོ་བཛྲ་པཱ་ཎི་སྱ། ན་མ་སྟེ་བྷ་ག་ཝ་ཏེ། བཛྲ་མུ་ཁི་གཽ་རི་བཱཀྟྲེ། ག་ར་ཏི་ག་ར་ཏི། ཀི་ནི་ཏི་ཀི་ནི་ཏི་སྭཱ་ཧཱ། ཉེ་རེག་བྱ་
བའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཛྭཱ་ལ་བཛྲ་ཎི་བི། ཧུ་རུ་ཧུ་རུ། ལ་ཧུ་ལ་ཧུ། པྲ་ཏི་གྲྀཧྣ་ཏྭཾ་ཨི་མཾ་གནྡྷཾ། ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། སྤོས་ཀྱི་གསང་སྔགས་སོ། ན་མོ་བཛྲ་པཱ་ཎི་སྱ། ད་ཧ་ད་ཧ། པ་ཙ་པ་ཙ། བནྡྷ་བནྡྷ། ཤི་ཁི་སྭཱ་ཧཱ། མེ་ཏོག་
གི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨ་ཏི་ནི། ཙ་ལི་ནི། ཁ་ལ་ཀརྨ་ཎི། དཱ་ར་ཙི་ལི་ནི། ཙི་ལི་ནི་སྭཱ་ཧཱ། བདུག་པའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ན་མ་སྟེ། བྷ་ག་བ་ཏི་ཤ་ཏ་མུ་ཀི། མ་ཧཱ་གཽ་རི་ཙ་ཚུ་ལེ། ཙུ་ཙུ་ལེ། ཙི་ཙི་རཀྵ་རཀྵ་
སྭཱ་ཧཱ། སྲད་བུས་བསྲུང་བར་བགྱིའོ། །ན་མོ་བཛྲ་པཱ་ཎི་སྱ། ཀ་ཏ་ཀ་ཏ། མ་ཏ་མ་ཏ། ར་ར་ར་ར། བཛྲ་པིཾ་ག་ལ། མ་ཏ་ད་ར་ད་ར་ནི། ཀི་རི་ཎི་ཀི་རི་ཎི། ཀི་རི་ཎི་ཀི་རི་ཎི་སྭཱ་ཧཱ། ཁྲུས་བགྱིས་པའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ན་མ་སྟེ། བྷ་
ག་བ་ཏི། ད་ཤ་པ་ཏི། ད་ཤ་པ་ཏི། ས་ཧ་སྲ་པ་ཏི་ཨཱ་གཙྪ། ཤཱི་གྷྲཾ་ཀི་རི་ཀི་རི་ཤུ་ཀྲ། བནྡྷ་བནྡྷ་སྭཱ་ཧཱ། སྲད་བུ་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ་ཁུ་བ་བཅིང་ངོ་། །ན་མོ་བཛྲ་པཱ་ཎི་སྱ། ཨུཏྟ་མ་རཀྵ། ཨ་དོ་རཀྵ་ཙ་ཏུ་རྡི་ཤཾ་རཀྵ། མ་ཐ་མ་ཐ། ཏྲཱ་ས་ཡ་ཏྲཱ་ས་ཡ།
སྟམྦྷ་ཡ་སྟམྦྷ་ཡ། ཨུདྡྷི་ཏ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ་ཕྱོགས་བཅིང་ངོ་། །ན་མོ་བཛྲ་པཱ་ཎི་སྱ། ཏ་ད་ཡ་ཐཱ། བཛྲེ་བཛྲེ་ཎི། བཛྲ་སིཾ་ཧ་ནི། བཛྲ་པཱ་ཎི། པྲེ་ཡེ་བཛྲ་པ་ར་དེ་བི་ཀྲྀ་ཏ་དཾཥྚཱ་ཀ་རཱ་ལ་བ་
Vol. 95 · folio 8b
ནེ། ལམ་བོ་ད་ར་བི་ཀྲྀ་ཏ་གཽ་ར་རཱུ་པ་དཪྴ་ན་མ་རྫ་ར་བཀྟྲེ། མཛྫ་མཱཾ་ས་སྲི་ཡེ། ཨེ་ཧི་ཨེ་ཧི། བྷ་ག་བ་ཏི་བྷྱོ་གུ་རུ་པྲ་ཛྭ་ལི་ཏ། གྲ་ཀེ་ཤི་ཨི་དཾ་མ་ནུ་ཥ་ཤ་རཱི་ར་མ་ནུ་པྲ་བི་ཤ། ཀ་ཏ་ཀ་ཏ། པུ་ར་པུ་ར། དྷུ་ན་དྷུ་ན། པ་ཏ་པ་ཏ། བལྒུ་བལྒུ། ཧ་ས་ཧ་ས། ཨཱ་
བི་ཤེ་ཨཱ་བི་ཤེ། སྤ་ཏ་སྤ་ཏ། ཀིཉྩི་རཱ་ཡ་སི། བྷ་ག་བ་ཏི། བ་ཧུ་རུ་བེ། ཨད་བྷི་ཀ་སྲི་ག་ལ་ཧེ་རུ་ཀ་ར་བིཏྟྲེ། ཨཊྚཱཊྚ་ཧཱ་སེ། ཨི་མ་སེ་ཏུ་སྟ་གྲ་ཧ་སྱ་ཧྲི་ད་ཡཾ། བྷིནྡ་བྷིནྡ། ཙ་ལ་ཙ་ལ། གུ་མུ་གུ་མུ། ཀུ་རུ་ཀུ་རུ། ཨཱ་བི་ཤ་ཨཱ་བི་ཤ། བཛྲ་པཱ་ཎི་ཨཱཛྙཱ་
པ་ཡ་ཏི་སྭཱ་ཧཱ། ལས་ཐམས་ཅད་དུ་རྩྭ་ཀུ་ཤ་སྤམས་པ་ལ་སྔགས་ཀྱིས་བཏབ་སྟེ་བདུག་པར་བགྱིའོ། །ན་མོ་བཛྲ་པཱ་ཎི་སྱ། ལ་ལ་ཧ་སེ་ཧ་ས། བཛྲ་ཎེ་ཀུ་རུ་ཀུ་རུ། ཀམྤ་ཀམྤ། ཙ་ལ་ཙ་ལ། ཛལྦ་ཛལྦ་སྭཱ་ཧཱ། གཤེགས་ནས་གསུང་དུ་གཞུག་གོ། །ན་
མོ་བཛྲ་པཱ་ཎི་སྱ། དྷུདྷུ་མ་ས་ལ་མ་ས་ལ། དྷུ་རུ་མེ་ཨ་མ་ལེ། བཛྲ་པཱ་ཎི་ཡཀྵཱ་དྷི་པ་ཏི་མ་ཙ་མེ་ཀཤྩིད་བིགྷྣཾ་ཀུ་རུ་སྭཱ་ཧཱ། ཡུངས་ཀར་རམ། ཐལ་བས་བགེགས་རབ་ཏུ་ཞི་བར་བྱའོ། །ཅི་སྟེ་རིག་སྔགས་འཆང་གྲུབ་པ་རྣམས་ཀྱི་རིག་པ་གཅད་པར་འཚལ་ན། མར་
གྱི་ངོ་ཚེས་བཅྭ་ལྔ་ལ་ལག་ན་རྡོ་རྗེའི་མདུན་དུ་བཀྐུ་ལའི་མེ་ཏོག་དག་ལས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་རིག་སྔགས་འཆང་ཐམས་ཅད་ཀྱི་རིག་སྔགས་གཅད་པར་འགྱུར་རོ། །མ་གོད་པའི་རས་ལ་སྦྱིན་དང་མ་འདྲེས་པའི་མཚོན་རྩི་རྣམས་ཀྱིས་རིག་པའི་མཆོག་བྲི་བར་བགྱི་
སྟེ། མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །སྦྱིན་སྲེག་བགྱི་བ་བཟའ་ཞིང་བྲི་བར་བགྱིའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་ཅི་ནུས་སུ་མཆོད་པ་བགྱིས་ལ། བྱང་ཆུབ་ཀྱི་ཤིང་གིས་ཞུགས་བུས་ཏེ་
ཏ་མ་ལའི་མེ་ཏོག་མར་ལ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་རི་མོའི་སྐུ་གཟུགས་འགུལ་ལོ། །མེ་ཏོག་གི་ཕྲེང་བ་ཡང་འགུལ་ལོ། །དེ་ནས་མཚན་མོའི་ལྷ་མོ་མེ་ཏོག་ཅེས་བགྱི་བ་གྲུབ་པར་འགྱུར་ཏེ། ལྷ་མོ་མེ་ཏོག་གིས་ལས་རྣམས་སུ་མྱུར་དུ་འགྱུར་རོ། །རིག་
Vol. 95 · folio 9a
སྔགས་འཆང་གི་རིག་པའི་སྒྲུབ་པ་ལ་བགེགས་སུ་མི་འགྱུར་རོ། །ལོག་འདྲེན་གྱིས་མི་ཚུགས་སོ། །དངོས་གྲུབ་འདིས་མཚན་མོའི་ལྷ་མོ་བཞིས་དངོས་གྲུབ་ཏུ་འགྱུར་ཏེ། སྲོད་ནི་ལྷ་མོ་མེ་ཏོག་གིའོ། །མཇིང་ནི་ལྷ་མོ་ཕྲེང་བའི་འོ། །ནམ་གུང་
ནི་ལྷ་མོ་ཀུ་མུ་ཏའི་འོ། །ཐོ་རངས་ནི་ལྷ་མོ་མཛེས་མའི་འོ། །རིག་སྔགས་འཆང་ནི་རིག་པ་སྒྲུབ་ན་སྲོད་ལ་ལོག་འདྲེན་གནས་སུ་འོང་སྟེ། དེ་ནས་མཚན་མོའི་ལྷ་མོ་མེ་ཏོག་གིས་ལོག་འདྲེན་མཐོང་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཡིད་ལ་བགྱིད་དོ། །ལག་ན་རྡོ་རྗེ་
ཡིད་ལ་བགྱིད་པས་ལོག་འདྲེན་རྣམས་སྐྲག་ཅིང་ཉམས་ཏེ་ཉམ་ཐག་ནས་འབྲོས་པར་འགྱུར་རོ། །ལག་ན་རྡོ་རྗེ་རིག་སྔགས་འཆང་དེའི་མདུན་དུ་འདུག་ཅིང་དངོས་གྲུབ་ཀྱང་མྱུར་དུ་སྩོལ་བར་མཛད་དོ། །མཇིང་ལ་གལ་ཏེ་བགེགས་བྱུང་ན་མཚན་མོའི་ལྷ་མོ་ཕྲེང་བ་
དེས་ལྷ་ཆེན་པོ་ལ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཁྱོད་ལ་འབོད་དོ་ཞེས་སྒྲོགས་སོ། །དེས་དེ་ཐོས་ནས་སྙིང་འདར་ཞིང་མྱུར་བ་མྱུར་བར་མདུན་དུ་འདུག་སྟེ། དེས་ན་རིག་སྔགས་འཆང་དེ་ལ་བགེགས་སུ་མི་འགྱུར་རོ། །དངོས་གྲུབ་ཀྱང་མྱུར་དུ་འགྲུབ་བོ། །ནམ་
གུང་ལ་གལ་ཏེ་བགེགས་བྱུང་ན་མཚན་མོའི་ལྷ་མོ་ཀུ་མུ་ད་དེ་ཡང་རྒྱལ་པོ་ཆེན་པོ་བཞི་ལ་ཀྱེ་ཀྱེ་བཙུན་པ་ཀུན་དག་ལག་ན་རྡོ་རྗེ་ཁྱོད་ལ་འབོད་དོ་ཞེས་སྒྲོགས་སོ། །དེ་དག་གིས་ཚིག་དེ་ཐོས་ནས་སྙིང་འདར་ཞིང་མྱུར་བ་མྱུར་བར་མདུན་དུ་འདུག་སྟེ། དེས་ན་དེ་ལ་བགེགས་
སུ་མི་འགྱུར་རོ། །ཐོ་རངས་ལ་གལ་ཏེ་བགེགས་བྱུང་ན་མཚན་མོའི་ལྷ་མོ་མཛེས་མ་ཡང་ལོག་འདྲེན་རྣམས་ལ་ཀྱེ་ཀྱེ་ལོག་འདྲེན་སྡང་བ་རྣམས་དྲག་པོ་ལག་ན་རྡོ་རྗེས་བཀའ་སྩལ་ཏོ་ཞེས་བསྒོ་བར་བགྱིད་དོ། །དེ་དག་གིས་དེའི་ཚིག་ཐོས་ནས་ཕྱོགས་བཅུར་འབྲོས་
སོ། །དེས་ན་དེ་ལ་བགེགས་སུ་མི་འགྱུར་ཏེ་བདེ་བར་ལས་རྣམས་འགྲུབ་པར་བྱེད་དོ། །མར་གྱི་ངོ་ཞག་བརྒྱད་དམ་བཅུ་བཞི་ལ་བུད་མེད་བུ་བྱུང་བའི་ཁྱེའུའི་ལྟེ་བ་སོར་གཉིས་ཙམ་བཅད་ལ་གསེར་གྱི་གྱིམ་བག་གིས་དཀྲིས་ཏེ། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་
Vol. 95 · folio 9b
གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་མི་སྣང་བར་འགྱུར་རོ། །ཚེ་ཡང་ཉིས་འགྱུར་དུ་འགྱུར་རོ། །ཞག་བདུན་དུ་ཕྱེ་ཐུག་བཏུང་ངོ་། །ཕྱིས་མར་གྱི་ངོ་ཞག་བཅུ་བཞི་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ་ཞི་བའི་
མཚན་ཡོད་པར་སོང་ལ་མཚན་གྱི་སྟེང་གི་ལྷོ་ཕྱོགས་ལོགས་སུ་ལག་པ་གཡས་པ་བཞག་སྟེ་སྐྲ་ལས་བགྱིས་པའི་སྐུད་པས་བཅིང་ངོ་། །བཅིངས་ནས་ཇི་སྲིད་ཀྱིས་བཅད་དོ་ཞེས་སྒྲ་འབྱུང་བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། །སྒྲ་ལན་གསུམ་དུ་བྱུང་ན་དངོས་གྲུབ་ཏུ་
འགྱུར་རོ། །ཁུ་ཚུར་བཅངས་ཏེ་བསྒྲུབ་པར་བགྱིའོ། །ཁུ་ཚུར་བཅངས་ན་མི་སྣང་བར་འགྱུར་རོ། །སྐྲ་ལྕང་ལོ་འཁྱིལ་པར་འགྱུར་རོ། །ལོ་བཅུ་དྲུག་ལོན་པ་ཙམ་དུ་འགྱུར་རོ། །ལོ་བདུན་བརྒྱར་འཚོ་བར་འགྱུར་རོ། །དབང་ཕྱུག་ཆེན་པོའི་ཚོགས་རྣམས་ཀྱང་
ཕྱག་བརྙན་དུ་འགྱུར་རོ། །ཇི་སྟེ་དགྲ་གསད་པར་འཚལ་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། སྤྲ་ཚིལ་ལས་གཟུགས་བགྱིས་ལ་སེང་ལྡེང་གི་ཕུར་བུ་ལྔ་སྣོད་དུ་བཙུགས་ཏེ་དུར་ཁྲོད་དུ་མཆིས་ལ་དོང་བརྐོས་ལ་དོང་དེར་བཅུག་ལ་སྟེང་དུ་
ཞུགས་བུས་ལ་དུག་དང་ཁྲག་དང་ཡུངས་ཀར་བསྲེས་ལ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ངུ་ཞིང་ཚིག་སྟེ་འཕྲལ་དུ་འགུམ་མོ། །མར་གྱི་ངོ་ཞག་བཅུ་བཞི་ལ་བ་སེར་མོའི་ལྕི་བ་ས་ལ་མ་ལྷུང་བ་བླངས་ཏེ། ས་ཕྱོགས་གཙང་མར་གཟུགས་བགྱིས་ལ་ཅི་ནུས་ཀྱིས་མཆོད་
དེ་ཞག་གཅིག་སྨྱུང་བ་བགྱིས་ལ་ཤིང་བིལ་བའི་ལོ་མ་བསྲེགས་ཤིང་ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་ཏེ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་དཔྲལ་བ་ལས་འོད་ཟེར་འབྱུང་ངོ་། །དེ་ནས་དངོས་གྲུབ་ཏུ་འགྱུར་ཏེ། གསེར་དཔག་ཏུ་མེད་པ་སྩོལ་བར་འགྱུར་རོ། །ཡང་ན་ཉིན་
གཅིག་བཞིན་དུ་ཏི་ན་ར་སྩོལ་བར་འགྱུར་རོ། །གསེག་མ་ལ་ལན་བརྒྱ་སྟོང་བཟླས་ཏེ་དུར་ཁྲོད་དུ་བོར་ན་ཡི་དགས་ཐམས་ཅད་གླུ་ལེན་ཅིང་གར་བྱེད་པར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ནས་ལག་ན་རྡོ་རྗེའི་རྐང་པའི་དྲུང་དུ་ཞག་གསུམ་སྨྱུང་བ་བགྱིས་ལ་ཤིང་ཀར་བཱི་རའི་
Vol. 95 · folio 10a
མེ་ཏོག་ལས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིའོ། །དེ་ནས་ཀར་བཱི་རའི་མེ་ཏོག་དག་ལས་མེ་ཏོག་གཅིག་བླངས་ཏེ་ཀླུའི་གནས་སུ་སོང་ལ་བཟླས་བརྗོད་བགྱིས་ན་ཀླུ་དང་ཀླུ་མོ་རྣམས་དབང་དུ་འགྱུར་ཏེ་ཅི་འཚལ་བ་རྣམས་རྙེད་དོ། །ལིག་བུ་མིག་དང་།
གསེར་དང་། མཆོད་ཕྱིར་ཐོགས་ཀྱང་ཀ་ར་བཱི་རའི་མེ་ཏོག་དང་འདྲའོ། །གང་ན་གནོད་སྦྱིན་མོ་འདུག་པ་དེར་བཟླས་བརྗོད་བགྱིས་ན་གནོད་སྦྱིན་མོ་མཆི་སྟེ་ཆུང་མར་འགྱུར་རོ། །ཡང་ན་ནོར་སྩོལ་བར་འགྱུར་རོ། །གལ་ཏེ་མི་མཆི་ན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ཤིང་མད་
ནའི་ཚེར་མ་དང་དུག་དང་ཁྲག་བསྲེས་པ་ལན་བརྒྱད་སྟོང་སེང་ལྡེང་གི་ཞུགས་ལ་སྦྱིན་སྲེག་བགྱིས་ན་དེ་ཚིག་ཅིང་མི་སྡུག་པར་འགྱུར་ལ་མཆིའོ། །གལ་ཏེ་ཀླུ་མོ་མི་མཆི་ན་དེ་ལ་ཡང་དེ་ཉིད་ཀྱིས་སྦྱིན་སྲེག་བགྱིའོ། །ཡར་གྱི་ངོའི་ཚེས་བཅྭ་ལྔ་ལ་ཞག་གསུམ་སྨྱུང་བ་བགྱིས་ཏེ།
རྒྱ་མཚོར་འབབ་པའི་ཆུ་བོར་ཞུགས་ལ་ཀླུ་ཤིང་གི་མེ་ཏོག་བརྒྱད་སྟོང་བྱི་དོར་བགྱིས་ན་དུས་མ་ཡིན་པར་ཆར་འབབ་བོ། །ཞག་བདུན་འོ་སྐྱོ་འཐུངས་ལ་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ལ་ས་ལས་བགྱིས་
པའི་རྡོ་རྗེ་བཞག་སྟེ། དེའི་རྐེད་པར་ཤིང་ཨ་ཤྭཏྠའི་ལོ་མ་བདུན་བཞག་ལ་དེའི་སྟེང་དུ་ལྡོང་རོས་བཞག་སྟེ་ཅི་སྲིད་ཀྱིས་དངོས་གྲུབ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། །འབར་བར་གྱུར་ན་ལོ་བདུན་སྟོང་དུ་འཚོའོ། །ལུས་མཛེས་པར་བགྱིས་ལ་མར་གྱི་
ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལམ་གྱི་སུམ་མདོར་མཆོད་པ་རྒྱ་ཆེར་བགྱིས་ལ་དེར་འདུག་སྟེ་ལྡོང་རོས་སྲན་མ་ཙམ་ཅིག་ཁར་བཅུག་ལ་ཇི་སྲིད་དུ་ཁའི་ནང་དུ་གས་པར་གྱུར་པ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། །དེ་ནས་དངོས་གྲུབ་ཏུ་འགྱུར་ཏེ་ཐིག་ལེ་བགྱིས་
ན་མི་སྣང་བར་འགྱུར་རོ། །ལོ་ལྔ་བརྒྱ་ཐུབ་པར་འགྱུར་རོ། །ཅི་འདོད་པའི་གཟུགས་ཅན་དུ་འགྱུར་རོ། །ཉི་མའི་གུང་ཚིགས་ལ་བགྱིའོ། །ཚེས་གྲངས་དང་སྐར་མ་གདམ་མི་འཚལ། སྨྱུང་བ་བགྱི་མི་འཚལ་བར་སྐྱེས་པའི་རོ་མ་རྨས་མ་ཉམས་པ་བླངས་ཏེ། རྡོ་རྗེ་
Vol. 95 · folio 10b
སེར་མོའི་སྔགས་བཟླས་བརྗོད་བགྱིས་ལ་བཀྲུའོ། །རྡོ་རྗེ་ལྟེ་བས་སྤོས་སྩལ་བར་བགྱིའོ། །རྡོ་རྗེ་མེ་ཁ་ལས་མེ་ཏོག་སྩལ་བར་བགྱིའོ། །དེ་ནས་དེའི་སྙིང་གར་འདུག་སྟེ་མི་དོ་ཙམ་གྱེན་དུ་མ་འཕགས་ཀྱི་བར་དུ་རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་བཟླས་བརྗོད་
བགྱིའོ། །གྱེན་དུ་འཕགས་མ་ཐག་ཏུ་སླར་འོག་ཏུ་ལྟུང་ངོ་། །ལྟུང་ནས་བུད་མེད་བཅུ་ཉེ་བར་གནས་པར་འགྱུར་ཏེ། དེ་དག་གཡོག་འཁོར་རྣམས་ལ་སྩལ་བར་བགྱིའོ། །དེ་དག་ཀྱང་སྟོབས་མཉམ་པར་འགྱུར་རོ། །ཅི་སྟེ་མ་སྩལ་ན་བདག་བུད་མེད་བཅུས་
བསྐོར་ཏེ་མི་ལ་ཞོན་ཏེ་གར་དགའ་བ་དེར་མཆིའོ། །ཡང་ཡིད་ཀྱིས་བསམས་པ་དེ་བཞོན་པ་ལས་འབྱུང་ངོ་། །ལོ་བརྒྱད་ཁྲིར་འཚོ་བར་འགྱུར་རོ། །རིག་སྔགས་འཆང་དུ་ཡང་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་དམ་བཅུ་བཞི་ལ་སྐྱེས་པ་ཤི་བའི་རོ་བཞག་པའི་
ཁྱོགས་ཀྱི་གཡས་རོལ་གྱི་ཟུར་ཤིང་ཁྱེར་ཏེ་སོང་ལ། །ཕྱི་མ་མར་གྱི་ངོ་ཞག་བརྒྱད་ལ་དེ་མདུང་རྩེ་གསུམ་པར་བགྱིས་ལ་སློང་མོ་པའི་ཟས་བཟའ་ཞིང་རིག་སྔགས་འཆང་བཟླས་བརྗོད་བགྱིའོ། །ཕྱི་མ་མར་གྱི་ངོ་ཞག་བརྒྱད་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ་དུར་
ཁྲོད་དུ་སོང་ལ་མདུང་རྩེ་གསུམ་པ་ལ་མཆོད་པ་རྒྱ་ཆེར་བགྱིས་ཏེ། མདུང་རྩེ་གསུམ་པ་ལག་པོ་གཡས་པར་ཐོགས་ལ། །རིག་པའི་མཆོག་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་མདུང་རྩེ་གསུམ་པ་ལས་འོད་ཟེར་འབྱུང་སྟེ་དེ་ནས་དངོས་གྲུབ་ཏུ་འགྱུར་རོ། །མཚན་མོ་
བཙུགས་ན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་དག་འབྱུང་ངོ་། །སྐྱེས་པ་ཅི་ལ་མ་རེག་པར་ཆེས་པ་དག་ཀྱང་ཉེ་བར་གནས་སོ། །གང་བསམས་པ་ཐམས་ཅད་རྙེད་དོ། །ཕྱུང་ན་ཐམས་ཅད་མེད་པར་འགྱུར་རོ། །འབྱུང་པོ་རྣམས་ཀྱང་ཕྱག་བརྙན་དུ་འགྱུར་
རོ། །ཆོ་ག་གང་ལ་བླངས་པའི་ཆོ་ག་དེ་ཉིད་ལ་བསྒྲུབ་པར་བགྱིའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ཅི་ནུས་ཀྱིས་མཆོད་པ་བགྱིས་ལ་དེའི་མདུན་དུ་འབྲས་ཆེན་གྱིས་ལོ་མ་བཀང་སྟེ་བཞག་ལ་འབྲས་ཆན་མི་སྣང་བར་མ་
Vol. 95 · folio 11a
གྱུར་གྱི་བར་དུ་བཟླས་བརྗོད་བགྱིའོ། །དེ་ནས་དངོས་གྲུབ་ཏུ་འགྱུར་ཏེ་ཕྱིས་འབྲས་ཆན་ལ་འཕོ་བར་བགྱིད་དོ། །རྫས་ཀྱང་འཕོ་བར་འགྱུར་རོ། །འབྲུའི་རྣམ་པ་གཞན་དག་ཀྱང་འཕོ་བར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་
བགྱིས་ཏེ་སེང་ལྡེང་ལ་བགྱིས་པའི་རྡོ་རྗེ་ལ་ཤིང་ཀུན་གྱིས་བདུགས་ལ་རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་བཟླས་བརྗོད་བགྱིས་ན་གང་གི་མིང་ནས་ཕྱུང་སྟེ་བཟླས་བརྗོད་བགྱིས་པ་དེ་བརྗེད་བྱེད་ཀྱིས་ཟིན་པར་འགྱུར་རོ། །ལྕེ་པོག་གིས་བདུགས་ལ་ལན་བརྒྱད་སྟོང་བཟླས་
བརྗོད་བགྱིས་ན་གཏོང་བར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ་ཨེ་རཎྜའི་ཤིང་གིས་ཞུགས་བུས་ལ་བ་ལང་གི་པགས་པ་ལས་སྲེག་བླུགས་ལན་བརྒྱད་སྟོང་མིང་ནས་བརྗོད་དེ་སྦྱིན་སྲེག་བགྱིས་ན་བ་ལང་རྣམས་འཆིའོ། །སྐྱེས་པའི་
རོ་མ་སྣད་མ་ཉམས་པ་བླངས་ཏེ་ཆུ་འགྲམ་གྱི་ཕྱོགས་གཅིག་གམ། སྐམ་ས་གཙང་མར་ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིའོ། །དེ་ནས་རིག་སྔགས་འཆང་ཉི་མའི་གུང་ཚིགས་ལ་མི་རོའི་མགོ་ཤར་ཕྱོགས་སུ་བསྟན་ཏེ་ཕྱོགས་བཞིར་བསྙེན་བཀུར་བགྱིད་པ་
བཞི་བཞག་པར་བགྱིའོ། །དེ་ནས་རིག་སྔགས་འཆང་དེའི་སྙིང་གར་འདུག་ལ་ཁར་ལྡོང་རོས་བཅུག་སྟེ་དངོས་གྲུབ་རྣམ་གསུམ་མ་ཐོབ་ཀྱི་བར་དུ་བཟླས་བརྗོད་བྱའོ། །འབར་བར་གྱུར་ན་ལོ་སྟོང་ཐུབ་བོ། །རྐང་པ་ལ་བསྐུས་ན་ལོ་ལྔ་བརྒྱ་ཐུབ་སྟེ་འདི་ནི་དངོས་གྲུབ་བོ། །མར་
གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་པ་ལ་ཤའི་ཤིང་གིས་ཞུགས་བུས་ལ་ཤིང་བིལ་བའི་ཡམ་སྲེག་ཤིང་ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱི་ཞིང་མིང་ནས་བརྗོད་ན་ཕྱུགས་ཆུང་རྙེད་དོ། །གལ་ཏེ་མ་རྙེད་ན་
ཕྱུགས་ཆུང་འཆིའོ། །དགྲ་གང་ལ་ནད་ཀྱིས་བཏབ་པར་བགྱིད་འཚལ་ན་རུ་རྟ་བཏགས་ལ་བདག་གི་ལུས་ལ་དྲིལ་བའི་དྲི་མ་བསགས་ཏེ། མར་གྱི་ངོ་ཞག་བརྒྱད་ལ་ལག་ན་རྡོ་རྗེའི་མདུན་དུ་དུ་རུ་སྐའི་ཤིང་གིས་ཞུགས་བུས་ལ། དྲི་མ་དེས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱི་ཞིང་མིང་
Vol. 95 · folio 11b
ནས་བརྗོད་ན་དེ་མཛེ་ནད་ཀྱིས་འདེབས་སོ། །ལག་ན་རྡོ་རྗེའི་མདུན་དུ་ལྕེ་པོག་གིས་བདུག་པས་བདུགས་ལ་རིག་སྔགས་ཀྱང་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་གསོ་བ་བགྱིས་པར་འགྱུར་རོ། །ཡར་གྱི་ངོ་ཞག་གཅིག་ལ་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་ཟས་
སུ་ཆུ་སྐྱོ་འཐུང་ཞིང་ཟླ་བ་ཉའི་བར་དུ་བཟླས་བརྗོད་བགྱིས་ན་ཡུལ་གྲུ་འཐོབ་བོ། །བྲམ་ཟེ་དབང་དུ་བགྱི་ན་ཡར་གྱི་ངོ་ཚེས་དྲུག་ནས་བརྒྱད་ཀྱི་བར་དུ་དུས་གསུམ་དུ་ལག་ན་རྡོ་རྗེའི་མདུན་དུ་སྣ་མའི་མེ་ཏོག་ལས་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ལ་ཐ་མར་ཞག་གཅིག་སྨྱུང་
བ་བགྱིས་ན། སྐྱེས་པའམ་བུད་མེད་ཀྱང་རུང་སྟེ་དབང་དུ་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་བིལ་བའི་ཤིང་གིས་ཞུགས་བུས་ལ་ཡུངས་ཀར་གྱི་འབྲུ་མར་དང་བསྲེས་པའི་ཏིལ་ལས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱི་ཞིང་
མིང་ནས་བརྗོད་ན་དབང་དུ་འགྱུར་རོ། །བུད་མེད་ཡུགས་ས་མོ་དབང་དུ་བགྱི་ན་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ་ལག་ན་རྡོ་རྗེའི་མདུན་དུ་ཨརྐའི་ཤིང་གིས་ཞུགས་བུས་ལ་ཨརྐའི་མེ་ཏོག་མར་ལ་སྨྱུགས་པ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱི་ཞིང་མིང་ནས་བརྗོད་ན་དབང་དུ་འགྱུར་
རོ། །དུས་གསུམ་དུ་ཁྲུས་བགྱི་ཞིང་ལག་ན་རྡོ་རྗེའི་མདུན་དུ་ཤིང་མ་ད་ལའི་ཚེར་མ་ལས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ཞག་གསུམ་གྱིས་དབང་དུ་འགྱུར་རོ། །མི་ངས་འབྱུང་བར་འཚལ་ན་མར་གྱི་ངོ་ཞག་བརྒྱད་ལ་དུར་ཁྲོད་དུ་སོང་བ་དུར་ཁྲོད་ཀྱི་ཤིང་གིས་ཞུགས་བུས་ལ་དུག་
རློན་པས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་མི་ངས་འབྱུང་ངོ་། །ཞི་བར་བགྱི་ན་ཡར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ཤིང་ཐ་མལ་པའི་ཞུགས་བུས་ལ་ཨུཏྤལ་དང་། ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་
བགྱིས་ན་ཞི་བར་འགྱུར་རོ། །གཞན་བསྐྲད་པར་འཚལ་ན་བྱ་ཁྭའི་གཤོག་པ་ཡུངས་ཀར་གྱི་འབྲུ་མར་ལ་སྨྱུགས་པ་བརྒྱད་སྟོང་ཞག་བདུན་དུས་གསུམ་དུ་སྦྱིན་སྲེག་བགྱིའོ། །འདི་ནི་བསྐྲད་པའི་མཆོག་གོ། །དབྱེ་བ་བགྱི་ན་ཞག་བདུན་དུས་གསུམ་དུ་བ་ལང་གི་ལྕི་བ་ལ་
Vol. 95 · folio 12a
བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་དབྱེ་བ་བགྱིས་པར་འགྱུར་རོ། །ལས་ཅིག་གིས་ཆོ་ག་རྒྱས་པར་སྒྲུབ་པར་འཚལ་བས་མཱ་མ་ཀཱི་ཐོགས་ལ་པད་མའི་རྫིང་དུ་སོང་སྟེ། མཱ་མ་ཀཱི་ལ་རེག་པར་པདྨ་འབུམ་ཕུལ་ན་རིག་པའི་རྒྱལ་པོ་མཆོག་རང་གི་གཟུགས་སྟོན་
ཏེ། །དེ་ལ་བུ་ཅི་བྱ་ཞེས་སྨྲའོ། །དེས་བཅོམ་ལྡན་འདས་ཆོ་ག་རྒྱས་པའི་དངོས་གྲུབ་སྩལ་དུ་གསོལ་ཞེས་བརྗོད་པ་དང་དེ་བཞིན་བྱའོ་ཞེས་བརྗོད་ནས་མི་སྣང་བར་འགྱུར་རོ། །དེ་ཆོ་ག་རྒྱས་པ་ལས་འབྱུང་བའི་ལས་ཐམས་ཅད་དངོས་གྲུབ་ཏུ་འགྱུར་རོ། །གལ་ཏེ་དེས་ལས་
གྲུབ་པར་མ་གྱུར་ན་དེའི་འོག་ཏུ་ལས་འདི་སྒྲུབ་ན་དངོས་གྲུབ་ཀྱི་མཆོག་ཏུ་འགྱུར་རོ། །ཡར་གྱི་ངོ་ཉ་ནས་བཟུང་སྟེ་ཕྱི་མའི་ཉའི་བར་དུ་མི་སྨྲ་བའི་བརྟུལ་ཞུགས་ཀྱིས་ཟས་སུ་འོ་སྐྱོ་འཐུང་ཞིང་དེ་བཞིན་གཤེགས་པའི་མདུན་དུ་འབུམ་བཟླས་བརྗོད་བགྱིས་ན་དེ་བཞིན་གཤེགས་
པའི་གཟུགས་འགུལ་བར་འགྱུར་ཏེ། དེ་ནས་ཆོ་ག་རྒྱས་པ་དང་དངོས་གྲུབ་ཏུ་འགྱུར་རོ། །རས་སྔོན་པོ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ་འོག་སྒོར་བཅིངས་ལ་ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བགྱིས་པའི་ཐལ་བས་མགོ་བོར་བསྲུང་བར་བགྱིས་ན་གྱད་ཕར་ནོན་ཅིང་
གྱད་ཀྱིས་ཚུར་མི་ནོན་ནོ། །ཡིད་གཞུངས་པར་བགྱི་ན་བྲ་མའི་ཁུ་བ་མར་དང་ཆ་བསྙམས་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་པ་འཐུངས་ན་ཐོས་པ་འཛིན་པར་འགྱུར་རོ། །ཡར་གྱི་ངོ་ཚེས་
ཞག་གཅིག་ནས་བརྩམས་ཏེ་ལག་ན་རྡོ་རྗེའི་མདུན་དུ་མར་དང་འོ་མ་བསྲེས་པ་ལས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་པ་འཐུངས་ཤིང་ཞག་བདུན་བགྱིས་ན་ཐོས་པ་འཛིན་པར་འགྱུར་རོ། །ཡར་གྱི་ངོ་ཉ་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ཨང་
གོ་ཏའི་མེ་ཏོག་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ཉི་མ་གསུམ་པ་ལ་ཐོས་པ་འཛིན་པར་འགྱུར་རོ། །ཞག་བདུན་ན་ལག་ན་རྡོ་རྗེའི་ཁ་ནས་འོད་ཟེར་འབྱུང་སྟེ་རིག་སྔགས་འཆང་ལ་བསྐོར་བ་བྱས་ནས་གྱེན་དུ་འགྲོ་བར་འགྱུར་རོ། །རིག་སྔགས་འཆང་ཅི་ལྟར་འདོད་པའི་
Vol. 95 · folio 12b
གཟུགས་ཅན་དུ་འགྱུར་རོ། །ལོ་སུ་མ་སྟོང་ཐུབ་པར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་ལ་ལག་ན་རྡོ་རྗེའི་མདུན་དུ་སྣ་མའི་མེ་ཏོག་བརྒྱད་སྟོང་ཕུལ་ན་གནས་སྟོན་པར་འགྱུར་རོ། །ཆོ་ག་རྒྱས་པ་སྒྲུབ་པ་པོས་ཉ་དང་ཤ་དང་ཏིལ་དང་སྲན་ཆན་གྱི་བག་དང་ལྷ་བཤོས་དང་ཁ་
འདའ་དང་ལ་ཕུག་དང་ཤིང་ཐོག་རྣམས་བཟའ་བར་མི་བགྱིའོ། །གལ་ཏེ་འདི་དག་ཀྱང་ཟོས་ལ་ལས་ཀྱང་བསྒྲུབས་ན་ལག་ན་རྡོ་རྗེས་དེ་ཉིད་མཐར་བྱེད་ཅིང་ལས་ཀྱང་དངོས་གྲུབ་ཏུ་མི་འགྱུར་རོ། །སེང་གེ་བསྒྲུབ་ན་མར་གྱི་ངོ་ཞག་བརྒྱད་ལ་གྲོག་མཁར་རྩེ་མོ་ཡོད་པའི་
མདུན་ནས་ས་བླངས་ཏེ་བའི་རྣམ་ལྔ་དང་བསྲེས་ལ་སེང་གེའི་གཟུགས་བགྱིས་ཏེ་གསོ་སྦྱོང་བཟུང་ལ་ཟླ་བ་གཅིག་ཟས་སུ་འོ་སྐྱོ་འཐུང་ཞིང་ཐ་མར་ཞག་གསུམ་སྨྱུང་བ་བགྱིས་ཏེ་མར་གྱི་ངོ་ཞག་བརྒྱད་ལ་བསྒྲུབ་བོ། །སྔར་ཕོ་ཉ་མོ་རྣམས་ཀྱིས་ལས་རྣམས་བགྱིའོ། །བསྙེན་
བཀུར་བགྱིས་པ་རྣམས་ཀྱང་བསྲུང་བར་བགྱིའོ། །དེ་ནས་ལག་ན་རྡོ་རྗེའི་མདུན་དུ་བཟླས་བརྗོད་བགྱིས་ཏེ་སེང་གེའི་སྒྲ་འབྱིན་གྱི་བར་དུ་བགྱིའོ། །སེང་གེའི་སྒྲ་ཐོས་ནས་ལྷ་མ་ཡིན་གྱི་བུ་མོ་རྣམས་འབྱུང་སྟེ་དེ་དག་ལ་འདོད་པ་བསྐྱེད་པར་མི་བགྱིའོ། །གལ་ཏེ་འདོད་པ་བསྐྱེད་
ན་སེང་གེ་ནི་མ་མཆིས་སོ། །ལྷ་མ་ཡིན་གྱི་བུ་རྣམས་ནི་མཆིས་ཏེ་ལྷ་མ་ཡིན་གྱི་བུ་རྣམས་ཀྱང་ཡོངས་སུ་སྤྱད་པར་འགྱུར་རོ། །གལ་ཏེ་དེ་དག་ལ་འདོད་པ་མ་བསྐྱེད་ན་སེང་གེར་འགྱུར་ཏེ། སེང་གེ་ལ་ཞོན་ན་རིག་སྔགས་འཆང་གི་བུ་མོ་བརྒྱད་ཅུ་འབྱུང་ངོ་། །རིག་སྔགས་
འཆང་བཞི་སྟོང་ཡང་གཡོག་འཁོར་དུ་འགྱུར་རོ། །གང་དུ་འདོད་པ་དེར་མཆིའོ། །རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་རོ། །འཁོར་ལོ་ལ་སོགས་པའི་སྤྱོད་ཡུལ་དུ་མི་འགྱུར་རོ། །གང་གི་ཚེ་རྡོ་རྗེ་དང་འཁོར་ལོ་དང་མདུང་རྩེ་གསུམ་པ་དང་བེ་ཅོན་དང་།
ཞགས་པ་དང་། མདུང་ཐུང་དང་དབྱུག་ཏོ་རྣམས་མཆི་བ་དེའི་ཚེ་སེང་གེས་སེང་གེའི་སྒྲ་འབྱིན་ཏེ་སེང་གེའི་སྒྲས་མཚོན་པ་ཐམས་ཅད་དཔག་ཚད་བརྒྱད་ཁྲིར་མཆིའོ། །རིག་སྔགས་འཆང་གི་རྒྱལ་པོ་གང་དག་སེང་གེའི་སྒྲ་ཐོས་པ་དེ་དག་ཐམས་ཅད་ས་ལ་ལྷུང་
Vol. 95 · folio 13a
ངོ་། །མཚོན་ཆ་དེ་དག་ཐམས་ཅད་ཀྱང་དབང་དུ་འགྱུར་རོ། །བསྐལ་པར་གནས་པའི་རིག་སྔགས་འཆང་གི་རྒྱལ་པོར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་བའི་ལྕི་བ་ས་ལ་མ་ལྷུང་བ་བླངས་ཏེ་སྐམ་ས་གཙང་མའི་ཕྱོགས་
སུ་གནོད་སྦྱིན་གྱི་གཟུགས་བགྱིས་ཏེ། དེ་ལ་མེ་ཏོག་དམར་པོ་དང་གཏོར་མ་དམར་པོ་སྦྱིན་ནོ། །ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིའོ། །ཕྱོགས་གཅིག་ཏུ་གནོད་སྦྱིན་ཐམས་ཅད་ལ་མེ་ཁ་ལས་མེ་ཏོག་དཀར་པོ་རྣམས་སྩོལ་ཏོ། །གཟུགས་དེའི་མདུན་
དུ་ཨརྒའི་ཤིང་གིས་ཞུགས་བུས་ལ་ཤིང་བིལ་བའི་ཡམ་སྲེག་ཤིང་ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱིའོ། །དེ་ནས་གཟུགས་འགུལ་ཞིང་དངོས་གྲུབ་ཏུ་འགྱུར་ཏེ། ཉིན་རེ་ཏི་ན་ར་རེ་རེ་དབུལ་ལོ། །དཔོན་གཡོག་བདུན་གྱི་ཟས་དབུལ་ལོ། །
ལས་འདི་བསམ་པར་བགྱི་སྟེ་གཙང་མར་བགྱིས་ལ་ལན་ཅིག་བཟླས་བརྗོད་བགྱིས་ཏེ་བ་ནག་མོ་མ་སྨད་སྤུ་འཐུན་གྱི་འོ་མ་བླངས་ལ་བྲམ་ཟེའི་བུ་མོས་བསྲུབས་པའི་མར་བླངས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་དུ་སྨྱུང་བ་བགྱིས་ཏེ། མཚན་ཅིག་ཡོད་པའམ་ལག་
ན་རྡོ་རྗེའི་མདུན་དུ་སོང་ལ་ཤིང་ཨ་ཤྭཏྠའི་ལོ་མ་བདུན་བླངས་ཏེ་དེ་དག་གི་སྟེང་དུ་གནོད་སྦྱིན་གྱི་གཟུགས་མཐེ་བོང་གི་ཆ་ཙམ་ཞིག་བགྱི་སྟེ། དེ་ནས་འགུལ་གྱི་བར་དུ་བཟླས་བརྗོད་བགྱིའོ། །དེ་ནས་སོ་ལ་མ་རེག་པར་མིད་དོ། །དེ་ནས་དངོས་གྲུབ་ཏུ་འགྱུར་ཏེ་དེ་ཉིན་རེ་
ཏི་ན་ར་རེ་རེ་དབུལ་ལོ། །དཔོན་གཡོག་བཅུ་གཉིས་ཀྱི་ཟན་དབུལ་ལོ། །འདི་ནི་དངོས་གྲུབ་བོ། །རིག་སྔགས་གང་གཞན་ལ་བྱིན་པའི་རིག་སྔགས་དེ་ཕྱི་དྲོ་བཟླས་བརྗོད་བགྱིས་ལ། ཕྱི་དེ་ཉིན་རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་བཟླས་བརྗོད་བགྱིས་ན་དེ་ལ་
ཚིགས་སུ་བཅད་པར་འགྱུར་གྱི་གསང་སྔགས་སུ་མི་འགྱུར་རོ། །དེ་ནས་འབྱུང་པོའི་བདག་པོ་དབང་ལྡན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཡི་གེ་བཞི་པ་ནི་བསྐལ་པ་བཞིར་གནས་པ་ལགས་སོ། །བཅོམ་
Vol. 95 · folio 13b
ལྡན་འདས་རིག་པའི་རྒྱལ་པོ་རྫུ་འཕྲུལ་ཆེ་བ། དབང་ཆེ་བ། མ་རུངས་པ། གཏུམ་པ་དྲག་པོ་ལགས་སོ། །བཅོམ་ལྡན་འདས་མིང་བརྗོད་པས་བདག་ལ་གནོད་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འབྱུང་པོའི་བདག་པོ་དབང་ལྡན་ལ་འདི་སྐད་ཅེས་
བཀའ་སྩལ་ཏོ། །འབྱུང་པོའི་བདག་པོ་དེ་དེ་བཞིན་ཏེ། ཅི་སྐད་སྨྲས་པ་དེ་བཞིན་ནོ། །འབྱུང་པོའི་བདག་པོ་རིག་པའི་རྒྱལ་པོ་ཆེན་པོ་རིག་པ་མཆོག་འདི་ནི་རྫུ་འཕྲུལ་ཆེ་བའོ། །འབྱུང་པོའི་བདག་པོ་རིག་པའི་རྒྱལ་པོ་ཆེན་པོ་འདི་ནི་འགྲོ་ལྡིང་བའི་གཟུགས་ཅན་
འགྲོ་ལྡིང་གི་སྐད་དུ་བརྗོད་པའོ། །འབྱུང་པོའི་བདག་པོ་རིག་པའི་རྒྱལ་པོ་ཆེན་པོའི་མཆོག་འདི་ནི་ཕྱག་འཚལ་བ་དང་བཅས་པར་ཡི་གེ་སུམ་ཅུ་རྩ་གཉིས་པའོ། །ཡི་གེ་བཞི་པ་འདི་ཡང་མི་མཉམ་པ་དང་མཉམ་པ་མཚུངས་པ་མེད་པ་སྟེ། བསྐལ་པ་བཞིར་གནས་
པ་ཡིན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ནས་བཟུང་སྟེ་བཤད་པའོ། །འབྱུང་པོའི་བདག་པོ་འདི་ཐོས་ན་སེམས་ཅན་གང་དག་མཚམས་མེད་པ་ལྔ་བྱེད་པ་དེ་དག་ཀྱང་སེམས་ཅན་དམྱལ་བ་ཆེན་པོར་མནར་མེད་པར་སྐྱེ་བ་དེ་ནི་གནས་མ་ཡིན་
ཞིང་གོ་སྐབས་མེད་དེ། རིག་པའི་རྒྱལ་པོ་ཆེན་པོ་རིག་པ་མཆོག་གི་མཐུ་ནི་འདི་ཡིན་ནོ། །འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོའི་རྒྱལ་པོ་གཙུག་ཏོར་ལྡན་ཞེས་བྱ་བ་མཐོང་བ་ཙམ་གྱིས་ནད་ཐམས་ཅད་མེད་པར་འགྱུར་ཞིང་གདོན་ཐམས་ཅད་ཀྱང་འབྲོས་པར་
འགྱུར་རོ། །འབྱུང་པོའི་བདག་པོ་དེ་བཞིན་དུ་རིག་པའི་རྒྱལ་པོ་ཆེན་པོ་བཞི་དག་གང་གིས་བཟླས་བརྗོད་བྱས་པ་དེ་མཚོན་གྱིས་འཆི་བའི་དུས་བྱེད་པར་མི་འགྱུར་ཏེ། དུག་གིས་མ་ཡིན། ཆུ་ཡིས་མ་ཡིན། མེས་མ་ཡིན་ཞིང་དེ་བར་མ་དོར་འཆི་བར་མི་འགྱུར་རོ། །ངན་
འགྲོ་ལོག་པར་ལྟུང་བར་མི་འགྱུར་རོ། །ངེས་པར་རྡོ་རྗེའི་རིགས་སུ་སྐྱེ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རའི་བུས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་སྤྱན་སྔར་འདུག་ནས་མགོ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
Vol. 95 · folio 14a
བཅོམ་ལྡན་འདས་ཅིའི་སླད་དུ་རིག་པའི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་འདི་སྐད་དུ་རིག་པའི་རྒྱལ་པོ་མི་མཉམ་པ་དང་མཉམ་པ་མཚུངས་པ་མེད་པ་འདི་བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ནས་བཟུང་སྟེ་བཤད་དོ་ཞེས་གསུང་།
བཅོམ་ལྡན་འདས་བདག་གིས་མངོན་པར་ཤེས་པའི་སྟོབས་ཀྱིས་མཱ་མ་ཀཱིའི་དེ་ལྟར་རྫུ་འཕྲུལ་ཆེ་བ་ཡང་རྗེས་སུ་དྲན་ནོ། །རྡོ་རྗེ་འཆང་ཆེན་པོ་འདི་ཉིད་ཀྱིས་དེ་བཞིན་གཤེགས་པ་འཁོར་བ་འཇིག་གི་གསུང་རབ་ལ་ལྷ་རྣམས་ལ་མཱ་མ་ཀཱི་བསྟན་ཏེ། འཁོར་འདུས་པ་
དེར་མཚམས་མེད་པ་བགྱིས་པའི་སེམས་ཅན་གཅིག་ཅིག་ཧ་ཅང་ཡང་མི་རིང་བ་ཞིག་ན་མཆིས་པ་དེ་འོད་ཟེར་གྱི་སྣང་བ་དེ་མཐོང་ནས་ཡིད་དགའ་བར་གྱུར་ཏེ་རྣམ་པར་བལྟས་ནས་རིག་སྔགས་འཆང་རྣམས་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ཞེས་བགྱི་བར་གྱུར་ཏེ། ཤཱ་རིའི་བུས་
རིག་སྔགས་འཆང་དེ་ལ་བསམས་སོ། །དེས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། དེ་དང་ཤཱ་རིའི་བུ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེའི་སླད་དུ་མཱ་མ་ཀཱི་དེ་ལྟར་
རྫུ་འཕྲུལ་ཆེའོ་ཞེས་བདག་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཤཱ་རིའི་བུ་དོན་དེ་རྡོ་རྗེ་འཆང་ཆེན་པོ་ལ་དྲིས་ཤིག །དེ་ནས་ཤཱ་རིའི་བུས་རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །རིག་པའི་རྒྱལ་པོ་མཆོག་ཁྱོད་ཅིའི་ཕྱིར་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་མར་མེ་མཛད་ནས་བཟུང་སྟེ། བདག་གིས་རིག་པའི་རྒྱལ་པོ་ཆེན་པོ་འདི་བཤད་ཅེས་དེ་སྐད་སྨྲ། རྡོ་རྗེ་འཆང་ཆེན་པོས་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཅི་དེ་བཞིན་གཤེགས་པ་གཙོ་བོ་ཡིན་ནམ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་ཡིན་ནམ། དེ་བཞིན་གཤེགས་པ་གཙོ་བོ་ཡིན་ཞེ་ན། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
Vol. 95 · folio 14b
པ་ལས་བྱུང་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་དོ། །ཤཱ་རིའི་བུ་དེ་བཞིན་དུ་བདག་གིས་ཀྱང་རིག་པའི་རྒྱལ་པོ་ཆེན་པོ་མཆོག་གི་སྙིང་པོ་ལ་བྱས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཆེན་
པོའི་འོད་ཟེར་གྱི་རྒྱལ་པོ་དེའི་མཐུས་མཱ་མ་ཀཱི་ཕྱག་རྒྱ་ཆེན་པོའི་རྒྱལ་མོ་ཆེན་མོ་དེ་ཐོབ་བོ། །དེ་ནས་ཤཱ་རིའི་བུ་ཅང་མི་སྨྲ་བར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འབྱུང་པོའི་བདག་པོ་དབང་ལྡན་ལ་བཀའ་སྩལ་པ། འབྱུང་པོའི་བདག་པོ་གང་གིས་དེ་བཞིན་གཤེགས་
པ་འབུམ་ཕྲག་གང་གཱའི་ཀླུང་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་ཕྱག་བྱས་པ་བས་གང་གིས་རིག་པའི་རྒྱལ་པོ་ཆེན་པོའི་མཆོག་ལག་ན་རྡོ་རྗེ་ལ་ཡིད་ཀྱིས་ཕྱག་བྱས་པ་དེ་ནི་དེ་ཉིད་ལས་བསོད་ནམས་མང་དུ་བསྐྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་རྟོགས་པ་དྲི་མ་
མེད་པས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་འདིས་ཅི་སྲིད་ཅིག་ནས་རིག་པའི་རྒྱལ་པོ་ཆེན་པོ་དང་། རིག་སྔགས་འཆང་གི་བདག་པོར་
བསྐོས་པ་ཐོབ་སྟེ། འདི་ཏིང་ངེ་འཛིན་གང་གིས་གནས་འདིའི་སྔོན་གྱི་དགེ་བའི་བཤེས་གཉེན་ནི་སུ་ལགས། འདི་གནས་པ་གང་གིས་གནས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྟོགས་པ་དྲི་མ་མེད་པ་ལ་འདི་སྐད་ཅེས་
བཀའ་སྩལ་ཏོ། །རྟོགས་པ་དྲི་མ་མེད་པ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གང་གཱའི་ཀླུང་བཅུ་དགུའི་བྱེ་མ་སྙེད་འདས་པ་ན་གདུལ་དཀའ་ཞེས་བྱ་བའི་བསྐལ་པ་ཆེན་པོ་བྱུང་སྟེ། བསྐལ་པ་ཆེན་པོ་དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཡེ་ཤེས་སྒྲོན་མ་ཆེན་མོའི་འོད་ཟེར་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ནི་དེའི་ཚེ་དེའི་དུས་ན་རྡོ་རྗེ་ལྡན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་གྱུར་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་
Vol. 95 · folio 15a
པ་ཡེ་ཤེས་སྒྲོན་མ་ཆེན་པོའི་འོད་ཟེར་དེ་ནི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་ལ་མུན་ནག་རྣམ་པར་སེལ་བ་རྣམ་པར་སྣང་བྱེད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པའི་གསང་བ་འཆད་དོ། །རྡོ་རྗེ་འཆང་
གི་རིགས་འཇིག་རྟེན་གྱི་ཁམས་རབ་འབྱམ་དཔག་ཏུ་མེད་པ་ནས་འདུས་པ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་རྡུལ་ཕྲ་རབ་སྙེད་ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་བསྔགས་པ་དཔག་ཏུ་མེད་པ་བསྟན་པའི་ཕྱིར་འཛུམ་པ་མཛད་དོ། །དེ་ནས་རྡོ་རྗེ་འཆང་ཆེན་
པོ་རྡོ་རྗེ་ཆེན་པོའི་ཁྱུ་མཆོག་ཏུ་གྱུར་པ་འཇིག་རྟེན་མཐའ་ཡས་པའི་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བ་འཁོར་དུ་འདུས་པ་དེ་ཉིད་དུ་འདུས་པར་གྱུར་པ་དེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་
ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་ཡར་ལངས་ཏེ། ཏོག་ཡངས་པ་ཆེན་པོ་རབ་འབྱམ་གྱི་འོག་གི་ཕྱོགས་ནས་ཕྱག་རྒྱ་ཆེན་པོ་བསྒྱུར་ནས་རྡོ་རྗེ་བླངས་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་མཐའ་ཡས་པ་རྒྱ་མཚོ་རྣམ་པ་བཅུ་ཡང་དག་པར་བསྐུལ་
ནས་དེ་དག་གིས་རྒྱལ་པོ་བསྒྱིངས་པར་བསྒྱུར་བས་རྒྱ་མཚོ་ཆེན་པོ་བསྡུ་བའི་ཚུལ་གྱི་ང་རྒྱལ་ཆེན་པོ་དེས་རྡོ་རྗེ་གསོར་ནས་དུས་ཀྱི་ཐ་མ་འཇིག་པའི་མེ་ལྟ་བུའི་མིག་གིས་འཛུམས་པའི་འོད་ཟེར་འབར་བའི་དཀྱིལ་འཁོར་གྱི་འོག་གི་ཕྱོགས་ཀྱི་ཕྱག་རྒྱ་བསྒྱུར་བས་རྡོ་རྗེ་དེ་དེ་བཞིན་
གཤེགས་པའི་ཞབས་ཀྱི་དྲུང་དུ་བཞག་སྟེ། །ཞབས་གཉིས་ལ་ཕྱག་འཚལ་ནས། །དེ་བཞིན་གཤེགས་པ་དེ་ལ་འཛུམ་པ་མཛད་པའི་རྒྱུ་དེ་ཞུས་པ། དེ་ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་འདུས་པ་ལ་འཛུམ་པ་བསྟན། བཅོམ་ལྡན་འདས་
ཀྱི་ཞལ་གྱི་སྒོ་དང་སྨིན་མཚམས་ཀྱི་མཛོད་སྤུ་ནས་སྔོན་མ་བྱུང་བའི་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་། བཅོམ་ལྡན་འདས་དེའི་སླད་དུ་འཁོར་འདིས་བསྐུལ་ནས་བདག་བཅོམ་ལྡན་འདས་ལ་ཞུ་ཞིང་མཆིས་ན་ཐུགས་རྗེ་ཆེན་པོ་དང་ལྡན་པ་བཅོམ་ལྡན་འདས་ཀྱིས་བདག་དང་བྱང་ཆུབ་སེམས་
Vol. 95 · folio 15b
དཔའི་ཚོགས་འདི་ལ་ཐུགས་བརྩེ་བའི་སླད་དུ་དེ་བཀའ་སྩལ་དུ་གསོལ། རྡོ་རྗེ་བསྒྱིངས་པ་ཆེན་པོ་འཇིག་རྟེན་མཐའ་ཡས་པའི་དབང་ཕྱུག་གི་རྒྱལ་པོ་ལག་ན་རྡོ་རྗེས་དེ་སྐད་ཞུས་པ་དང་། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་མཚན་དཔལ་གྱི་བེའུ་ཆེན་པོ་ལས་མཐོན་ཀ་ཆེན་
པོ་དང་། བཻ་ཌཱུརྱ་ལྟ་བུ་འོད་ཟེར་ནོར་བུ་རིན་པོ་ཆེ་ཆེན་པོ་སྐར་མདོག་ལྟ་བུའི་འོད་དང་ལྡན་པ་འོད་ཟེར་ཆེན་པོའི་དཀྱིལ་འཁོར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་མཐའ་ཡས་པར་ཆེར་སྣང་བའི་འོད་ཟེར་གྱི་མེ་ལྕེ་བྱུང་ནས་དྲི་མ་མེད་པའི་འོད་ཟེར་རྣམ་པར་འཕྲོ་བའི་དཀྱིལ་
འཁོར་ལས་ལག་པ་གཡོན་པས་རྡོ་རྗེ་བླངས་པ་ལས་གསང་བའི་བདག་པོ་ལག་ན་རྡོ་རྗེ་རིག་པའི་རྒྱལ་པོ་ཆེན་པོ་བྱུང་ངོ་། །ལྕགས་ཀྱུའི་མཚན་ལས་ནི་ལྕགས་ཀྱུ། ཉས་ནི་འདོད་པའི་རྡོ་རྗེ་མ། བཀྲ་ཤིས་ལས་ནི་ལུ་གུ་རྒྱུད། གཡུང་དྲུང་འཁྱིལ་པ་མཆོག་ཏུ་
མཛེས་ཤིང་མེ་འབར་བ་ལྟ་བུ་ལས་ནི་མེ་ཁ་ལ། བྱ་མ་བུམ་ལས་ནི་སེར་མོ། གདུགས་ལས་ནི་རྒྱལ་མཚན་དྲག་པོ། རྡོ་རྗེ་ལས་ནི་དགའ་བ་སྟེ། རྒྱལ་མོ་ཆེན་མོ་ཕོ་ཉ་མོ་དང་འཁོར་དུ་བཅས་པ་བདུན་པོ་དེ་དག་བྱུང་ངོ་། །དེ་དག་གི་མདུན་དུ་མ་རུངས་པ་ཁྲོ་བོའི་
གཟུགས་སྟོབས་པོ་ཆེ་དང་། ཁྲོ་བོ་ཀཱི་ལི་ཀཱི་ལི་དུས་ཀྱི་ཐ་མའི་རིན་པོ་ཆེ་ལྟ་བུ་རྡོ་རྗེ་ཁུ་ཚུར་ལས་བྱུང་ངོ་། །ལག་ངར་ལས་ནི་ཁུ་ཚུར་རོ། །ཕྲག་པ་འབར་ཞིང་མཛེས་པ་ལས་ནི་རྡོ་རྗེ་གནམ་ལྕགས་ཏེ། དེ་ལྟར་འཁོར་དང་བཅས་པའི་ཕོ་ཉ་མོ་བཅུའོ། །དེ་བཞིན་
དུ་དྲུག་ཅུ་ཕྲག་བཞིར་བསྒྲེའོ། །རྟོགས་པ་དྲི་མ་མེད་པ་འདི་ལྟ་སྟེ། ལག་ན་རྡོ་རྗེ་གཡོག་འཁོར་དང་བཅས་ཤིང་ཕོ་ཉ་མོ་དང་འཁོར་དང་བཅས་པ་བྱུང་ནས་དམ་ཚིག་ཆེན་པོ་དང་ལྡན་པའི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཆེན་
པོའི་འོད་ཟེར་ལས་དེས་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས་གསོལ་བ་བཏབ་པ་དང་། དེ་བཞིན་གཤེགས་པ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་སྟེ། ཐོག་མར་དེ་བཞིན་གཤེགས་པས་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བཅུ་
Vol. 95 · folio 16a
དང་། གསང་བ་མཐའ་ཡས་དཀྲིགས་ཕྲག་བྱེ་བ་དང་ལྡན་པའི་མདོ་སྡེའི་དབང་པོའི་རྒྱལ་པོ་དེ་གདུལ་དཀའ་བ་རྣམས་འདུལ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པའི་འཁོར་དམ་ཚིག་ཅན་འདུས་པའི་
དཀྱིལ་འཁོར་དུ་བཤད་དོ། །རྟོགས་པ་དྲི་མ་མེད་པ་དེ་ཚུན་ཆད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཆེན་པོའི་འོད་ཟེར་དེ་ལ་སོགས་པ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུའི་གམ་དུ་བདུད་ཕམ་པར་མཛད་ནས་བསྟན་པ་ཀུན་ཏུ་བསྲུང་བར་གྱུར་ཏོ། །
རྟོགས་པ་དྲི་མ་མེད་པ་དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཆེན་པོའི་འོད་ཟེར་དེའི་འོག་ཏུ་བསྐལ་པ་དགུ་བཅུ་རྩ་དྲུག་པ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་
གཟིགས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བཅོམ་ལྡན་འདས་དེའི་གསུང་རབ་ལ་བདུད་ཅི་ཡང་མི་སྨྲ་བ་ཞེས་བྱ་བ་དེ་བྱུང་ངོ་། །རྟོགས་པ་དྲི་མ་མེད་པ་ལག་ན་རྡོ་རྗེ་དེས་ཀྱང་བདུད་ཕམ་པར་བྱས་ནས་དོན་གཟིགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་བརྒྱད་ཅུ་དང་།
སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་གཅིག་ལས་བདུད་ཕམ་པར་བྱས་ཏེ་བསྟན་པ་བསྲུང་བར་བྱས་སོ། །དེ་ཚུན་ཆད་བསྐལ་པ་དགུ་བཅུ་རྩ་དྲུག་ལྷག་པ་ཞིག་འདས་ནས་སངས་རྒྱས་གསེར་དུ་སྣང་བས་རྣམ་པར་རོལ་པ་ཞེས་བྱ་བ་བསྐལ་པ་བྱེ་བ་ཕྲག་དྲུག་ཅུ་རྩ་བརྒྱད་ལས་བདུད་
ཕམ་པར་བྱས་ཏེ་བསྟན་པ་ཀུན་ཏུ་བསྲུངས་པར་གྱུར་ཏོ། །དེའི་འོག་ཏུ་དེར་བསྐལ་པ་སྟོང་སྙེད་འདས་ནས་ལག་ན་རྡོ་རྗེ་འདི་དེ་བཞིན་དུ་དེ་བཞིན་གཤེགས་པ་དེ་དག་གི་གསང་བ་འཛིན་པ་དང་བསྟན་པ་བསྲུང་བར་གྱུར་ཏོ། །དེ་བཞིན་དུ་སྦྱར་ཏེ་ཐ་མར་དེ་བཞིན་གཤེགས་པ་གཙུག་
ཏོར་ཅན་དང་། རྣམ་པར་གཟིགས་དང་། ཐམས་ཅད་སྐྱོབ་དང་། གསེར་ཐུབ་དང་། དེ་བཞིན་དུ་ལོག་པར་དད་སེལ་དང་། མི་འཁྲུགས་པ་དང་། འོད་སྲུང་ལ་སོགས་པ་དང་། ངའི་བསྟན་པ་ལ་ཡང་མ་དུལ་བ་དང་། དེ་བཞིན་དུ་གསང་བ་འཛིན་ཅིང་
Vol. 95 · folio 16b
བསྐལ་པ་བཟང་པོ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཉིད་དུ་སངས་རྒྱས་ཀྱི་མཛད་པ་བྱེད་དེ། བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་པ་ཐམས་ཅད་ལ་དེ་བཞིན་དུ་མཐར་གྱིས་ཐབས་འདིས་བསྟན་པ་ལ་
བྱ་བ་བྱས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྡོ་རྗེའི་རྩལ་གྱིས་འགྲོ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་ཤཱཀྱ་ཐུབ་པས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ལ་འབྱུང་པོའི་བདག་པོ་དབང་ལྡན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་རིག་པ་མཆོག་གི་ལས་སྩལ་བར་བགྱིའོ། །མ་གོད་པའི་རས་ལ་རི་མོ་མཁན་གསོ་
སྦྱོང་གཟུང་བས་སངས་རྒྱས་ཀྱི་སྐུ་གཟུགས་གསེར་གྱི་ཁ་དོག་ལྟར་འདྲིར་སྩལ་ཏོ། །དེ་བཞིན་གཤེགས་པའི་གཡས་ལོགས་སུ་ལག་ན་རྡོ་རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ལག་ན་རྡོ་རྗེའི་གཡས་རོལ་དུ་ནི་ཕོ་ཉ་མོ་བཅུ་གཉིས་ཏེ།
རྒྱལ་བའི་བློ་གྲོས་མ་དང་། མེ་ཁ་ལ་ནི་སྔོ་བསངས་སོ། །རྡོ་རྗེའི་གདོང་དང་། རྡོ་རྗེ་ལྟེ་བ་དང་། གདོང་དཀར་མོ་དང་། རྡོ་རྗེ་སེར་མོ་དང་། ནག་མོ་དང་། གྱེན་དུ་ལྟ་བའི་གདོང་ནི་གསེར་མདོག་གོ། །རྡོ་རྗེ་སེང་གེའི་ཁྲི་དང་། རྡོ་རྗེ་ལྡན་མ་དང་། ཤུགས་ལྡན་མ་
དང་། རྡོ་རྗེ་བཞད་མ་ནི་དམར་མོར་བྲི་བར་བགྱི་སྟེ། ཕོ་ཉ་མོ་ཐམས་ཅད་ཀྱང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བགྱིའོ། །བཅོམ་ལྡན་འདས་ཀྱི་གཡོན་རོལ་དུ་དབང་ཕྱུག་ཆེན་པོ་མདོག་དཀར་པོ་རལ་པ་ཅན་མཚན་མ་བསྒྲེང་བ། དཀའ་ཐུབ་ཟློག་པ་དང་ལྷན་ཅིག་བྲི་བར་
བགྱིའོ། །འབྱུང་པོ་མདོག་དམར་པོ་མི་སྡུག་པ་བཞི་ཡང་བྲི་བར་བྱའོ། །ཕྱིས་རིག་སྔགས་འཆང་གིས་དུས་གསུམ་དུ་ཁྲུས་བགྱི་ཞིང་ཟླ་བ་གཅིག་གི་བར་དུ་བརྒྱད་བརྒྱ་བརྒྱད་བརྒྱ་བཟླས་བརྗོད་བགྱི་ཞིང་ཟས་སུ་ཆུ་སྐྱོ་བཏུང་བར་བགྱིའོ། །ཐ་མར་ལུས་སྦྱང་བར་བགྱི་སྟེ།
Vol. 95 · folio 17a
དེའི་འོག་ཏུ་ཞག་གསུམ་སྨྱུང་བ་བགྱིས་ལ། གནས་བཞིར་བསྙེན་བཀུར་བྱེད་པ་བཞི་བཞག་གོ། །ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིའོ། །རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར་རྩྭ་ཀུ་ཤ་སྦམས་པའི་སྟེང་དུ་འདུག་ལ། མཆོད་པ་རྒྱ་ཆེར་བགྱིས་ལ་གཏོར་
མ་ཡང་ཤིན་ཏུ་རྒྱ་ཆེར་བགྱིའོ། །ལྕེ་བོག་གི་བདུག་པས་བདུག་གོ། །རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར་ཨརྐའི་ཤིང་གིས་ཞུགས་བུས་ལ། མེ་ཏོག་དཀར་པོ་ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་པས་མེ་ཏོག་དག་བྱུང་གི་བར་དུ་སྦྱིན་སྲེག་བགྱིའོ། །དེའི་འོག་ཏུ་
ཨུཏྤལ་སྔོན་པོ་ལྟ་བུའི་རལ་གྲི་བྱུང་གི་བར་དུ་ལྕགས་ཕྱེས་སྦྱིན་སྲེག་བགྱིའོ། །དེ་བླངས་མ་ཐག་ཏུ་སྐྲ་ལྕང་ལོར་འཁྱིལ་བར་འགྱུར། ལོ་བཅུ་དྲུག་པ་ལྟ་བུར་འགྱུར། ཉི་མ་འཆར་བའི་འོད་ལྟར་འགྱུར། དཔོན་གཡོག་དྲུག་ནམ་མཁའ་ལ་མཆི་བར་འགྱུར་རོ། །ལོ་ཁྲི་ཉིས་སྟོང་ཐུབ་པར་འགྱུར་རོ། །
དེ་བཞིན་དུ་གྲོགས་རྣམས་ཀྱང་དཔག་ཚད་སྟོང་དུ་གྱེན་དུ་འཕགས་པར་འགྱུར་རོ། །དེ་བཞིན་དུ་འོག་མ་དབང་ཕྱུག་ཆེན་པོའི་རལ་གྲི་བསྒྲུབ་པར་བགྱིའོ། །གཞན་ཡང་རལ་གྲི་བསྒྲུབ་པ་ནི་ཟླ་བ་གཅིག་སློང་མོའི་ཟས་ཟ་ཞིང་ཕྱིས་
མར་གྱི་ངོ་ཞག་བཅུ་བཞི་ལ་རི་མོའི་གཟུགས་ཀྱི་མདུན་དུ་ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིའོ། །ཞག་གསུམ་སྨྱུང་བ་བགྱིས་ཏེ་རལ་གྲི་མ་ཆག་ཅིང་འཕན་མེད་པ་བླངས་ལ་རལ་གྲི་ལག་པ་གཡས་ན་ཐོགས་ཏེ་འབར་གྱི་བར་དུ་བཟླས་བརྗོད་བགྱིའོ། །དེ་བླངས་པ་
ཙམ་གྱིས་ནམ་མཁའ་ལ་འཕག་གོ། །ལོ་བཅུ་དྲུག་ལོན་པ་ལྟ་བུར་འགྱུར་རོ། །རིག་སྔགས་འཆང་སྟོང་གི་བདག་པོར་འགྱུར་རོ། །ལོ་ཁྲི་ཉིས་སྟོང་ཐུབ་པར་འགྱུར་རོ། །གཞན་ཡང་འཁོར་ལོ་བསྒྲུབ་པ་བཤད་པར་བགྱིའོ། །སློང་མོའི་ཟས་ཟ་ཞིང་ཕྱིས་མར་གྱི་
ངོ་ཞག་བཅུ་བཞི་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་རྒྱ་ཆེར་བགྱིས་ལ་གཏོར་མ་དང་ལྷ་བཤོས་ཀྱང་ཤིན་ཏུ་རྒྱ་ཆེར་སྦྱར་ཞིང་ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིའོ། །ལྕགས་སྣ་གསུམ་ལ་འཁོར་ལོ་རྩིབས་བཅུ་དྲུག་པ་བགྱིས་
Vol. 95 · folio 17b
ལ་ཤིང་ཨ་ཤྭཏྠའི་ལོ་མ་བདུན་གྱི་སྟེང་དུ་བཞག་ལ་འབར་གྱི་བར་དུ་བཟླས་བརྗོད་བགྱིའོ། །འབར་ནས་ས་གཡོ་བར་འགྱུར་རོ། །རིག་སྔགས་འཆང་ཐམས་ཅད་སྐྲག་པར་འགྱུར་རོ། །དེས་བླངས་པ་ཙམ་གྱིས་སྐྲ་ལྕང་ལོར་འཁྱིལ་བར་འགྱུར་རོ། །ལོ་བཅུ་དྲུག་
ལོན་པ་ལྟ་བུར་འགྱུར་རོ། །མདོག་ཉི་མ་ཤར་བ་བཞིན་དུ་འགྱུར་རོ། །རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་རོ། །བུད་མེད་བརྒྱད་འབྱུང་བར་འགྱུར་རོ། །དཔོན་གཡོག་བཅུ་དྲུག་འགྲོ་བར་འགྱུར་རོ། །རིག་སྔགས་འཆང་གཞན་བརྒྱ་ཡང་
འབྱུང་སྟེ་བསྙེན་བཀུར་བགྱིད་པར་འགྱུར་རོ། །གང་གི་གནས་ཆེ་གེ་མོ་ཞེས་བགྱི་བར་མཆི་བར་བསམས་པ་དེའི་ཚེ་འཁོར་ལོ་དཔག་ཚད་ཙམ་དུ་མེ་ལྕེ་འབར་བ་སྟོང་འབྱིན་ཅིང་འགྲོ་སྟེ་བསྔོ་བ་ཅི་ཡོད་པ་ཕུང་བར་འགྱུར་རོ། །ལོ་བརྒྱད་ཁྲི་ཐུབ་བོ། །གང་གི་ཚེ་འཆི་བ་
དེའི་ཚེ་ལྷའི་ནང་དུ་སྐྱེའོ། །དེ་ནས་རིག་པའི་རྒྱལ་པོ་ལས་ཀྱི་དཀྱིལ་འཁོར་བཤད་པར་བགྱི་སྟེ། བརྟག་པར་བགྱིས་ལ་གནས་མ་ཉམས་པར་ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲིའོ། །ཁྲུ་ནི་བཅུ་གཉིས་སྒོ་བཞི་པ། །དེ་བཞིན་དུ་ནི་ཁྲུ་བརྒྱད་ལ། །དེ་ལ་ཐོག་
མར་བྲི་བ་ནི། །རིམ་པ་གཉིས་པ་དམར་པོ་སྟེ། །རིམ་པ་གསུམ་པ་ནག་པོའོ། །དཀྱིལ་འཁོར་དེ་ཡི་བྱང་ཕྱོགས་སུ། །སངས་རྒྱས་བཅོམ་ལྡན་བྲི་བར་བགྱི། །དེ་བཞིན་གཤེགས་དང་ཉེ་བར་ནི། །བཅོམ་ལྡན་ཕྱག་ན་རྡོ་རྗེ་སྟེ། །རྡོ་རྗེ་ཐོགས་ཤིང་རིམ་པས་
བསྐོར། །སྒོ་རྣམས་ཀུན་ཏུ་བསྲུང་བར་བགྱི། །སྒོ་བཞིར་སྒོ་བ་རྣམས་བྲིའོ། །ཤར་ཕྱོགས་སུ་ནི་དྲག་པོ་དང་། །གཞོན་ནུ་དང་ནི་མ་མོ་བྲི། །ལྷོ་ཕྱོགས་སུ་ནི་ཁྱབ་འཇུག་དང་། །ཉི་ཟླ་དང་ནི་ཚངས་པ་བྲི། །ནུབ་ཕྱོགས་སུ་ནི་གཤིན་རྗེ་དང་། །ཀཱ་ཏྱཱའི་བུ་མོ་
གཏུམ་མོ་བྲི། །བྱང་ཕྱོགས་སུ་ནི་ལྷ་མོ་དཔལ། །དེ་བཞིན་ལྷ་མོ་དབྱངས་ཅན་བྲི། །ལྷ་རྣམས་འདི་དག་ཐམས་ཅད་ནི། །ཇི་སྐད་བཤད་པ་བཞིན་དུ་བྲི། །བྱ་མ་བུམ་མགུལ་ཆིངས་ཅན་གྱིས། བསྐོར་ཞིང་སྒོ་སྒོར་ཡང་བཞག་གོ། །དབུས་སུ་གཏུན་
Vol. 95 · folio 18a
ཤིང་སྐྲའི་སྲད་བུ་དང་བཅས་པ་ཅིག་བཞག་གོ། །བྱམ་བུ་གྱི་ལྷོ་ཕྱོགས་སུ་རྡོ་རྗེ་བྲིའོ། །ལྷ་རྣམས་ཀྱང་མཚོན་ཆ་དང་བཅས་པར་བགྱིས་ཏེ། དྲག་པོ་ཡི་ནི་མདུང་རྩེ་གསུམ་པ་བྲིའོ། །གཞོན་ནུ་ཡི་ནི་མདུང་ཐུང་ངོ་། །མ་མོ་རྣམས་ནི་མཆེ་བ་
འོ། །ཁྱབ་འཇུག་གི་ནི་འཁོར་ལོའོ། །ཟླ་བ་དང་ནི་ཉི་མའི་གཞུའོ། །ཚངས་པའི་རིལ་བ་སྤྱི་བླུགས་སོ། །གཤིན་རྗེ་ཡི་ནི་བེ་ཅོན་ནོ། །གཞན་དག་མཚོན་ཆ་ཐ་མལ་པའོ། །ཞུགས་ནི་རབ་ཏུ་བུས་ནས་སུ། །བརྒྱད་བརྒྱད་ཚང་བའི་ཡམ་སྲེག་ཤིང་། །
ལྷ་བཤོས་དྲི་དང་བདུག་སྤོས་དང་། །གཏོར་མ་བཙལ་ནས་ལྷ་སྤྱན་དྲང་། །སྦྱིན་སྲེག་འདི་ནི་སྦྲང་རྩི་དང་། །མར་དང་འབྲས་ཡོས་ལན་ཚྭ་དང་། །དེ་བཞིན་ཡུངས་ཀར་རྣམས་ཀྱིས་བགྱི། །ཡུངས་ཀར་གྱིས་ནི་བསྲུང་བ་བགྱི། །གཙང་མའི་གོས་ནི་བགོ་བར་
བགྱི། །མཆོད་པ་དག་ནི་སྔར་བགྱིས་ཏེ། །དེ་ཡི་འོག་ཏུ་ལས་བརྩམ་མོ། །འཇིག་རྟེན་ན་ནི་ཅི་ཡོད་པ། །མནའ་ཚིག་རྣམས་ཀྱིས་མནས་བསྒག་གོ། །དམ་ཚིག་འདི་ལྟར་སུ་སྲུང་བ། །དེ་ལ་ལོག་འདྲེན་ཐམས་ཅད་ཀྱིས་གླགས་མི་རྙེད་ཅིང་ལས་ཀྱང་དངོས་གྲུབ་
ཏུ་འགྱུར་རོ། །དཀོན་མཆོག་གསུམ་ལ་དད་པས་དཀྱིལ་འཁོར་སྔར་མཐོང་ནས་དེའི་འོག་ཏུ་རིག་པ་མཆོག་བསྒྲུབ་པར་བགྱིའོ། །སུ་ཞིག་གཞན་དུ་བགྱིད་ན་དེའི་རྡོ་རྗེ་ཉིད་ཀྱིས་མཐར་བགྱིད་པར་འགྱུར་རོ། །དཀྱིལ་འཁོར་གྱི་ཆོ་ག་རྫོགས་སོ།། །།
རིག་པ་མཆོག་སྒྲུབ་པ་ནི་འདི་ལགས་ཏེ། ཟླ་བ་གཅིག་ཟས་སུ་འོ་སྐྱོ་འཐུངས་ལ་ཕྱིས་མར་གྱི་ངོ་ཞག་བཅུ་བཞི་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ། གོས་གཙང་མ་བགོས་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་སམ། བྱང་
ཆུབ་ཀྱི་ཤིང་ངམ། བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཡང་ཅི་ནུས་སུ་མཆོད་དོ། །ཕོ་ཉ་མོ་རྣམས་ཀྱིས་དྲི་དང་། མེ་ཏོག་དང་། བདུག་པ་དང་། གཏོར་མ་སྦྱིན་ནོ། །དེ་ནས་ལྕགས་ཀྱི་རལ་གྲི་བགྱིས་ཏེ། བུད་མེད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བུད་མེད་བཅུས་
Vol. 95 · folio 18b
བསྐོར་ནས་ནམ་འོངས་ཀྱི་བར་དུ་བཟླས་བརྗོད་བགྱིའོ། །འོངས་ནས་གཡོག་འཁོར་དབུལ་ལོ། །རལ་གྲི་དེ་གཡོག་འཁོར་ལ་བཞག་ན་བུད་མེད་དེ་ཆུང་མར་འགྱུར་རོ། །གལ་ཏེ་འཚལ་ན་བུད་མེད་དེ་དག་ཀྱང་ཆུང་མར་འགྱུར་རོ། །གལ་ཏེ་མི་འཚལ་ན་གཡོག་འཁོར་རྣམས་ལ་
སྩལ་ཏོ། །གཡོག་འཁོར་རྣམས་དང་ལྷན་ཅིག་ཏུ་ནམ་མཁའ་ལ་མཆིའོ། །འོག་ཏུ་ཡང་དཔག་ཚད་སྟོང་དུ་ཡང་འཆིའོ། །སྟེང་དུ་ཡང་དེ་བཞིན་ནོ། །རལ་གྲི་དེ་ཐོགས་ན་འཁོར་ལོས་སྒྱུར་བ་མ་གཏོགས་པར་རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་དོ། །
ལོ་ཁྲི་ཐུབ་བོ། །སྒྲུབ་པ་གཞན་ཡང་ཡོད་དེ། ཚེས་གྲངས་དང་སྐར་མ་འདམ་མི་དགོས་སྨྱུང་བ་བགྱི་མི་དགོས། བུད་མེད་དེ་ལེགས་པར་བསྐུ་ཞིང་མེ་ཏོག་གིས་ཀྱང་མཆོད་ལ་ཕོ་ཉ་མོ་རྣམས་ཀྱིས་ཀྱང་ལས་བྱའོ། །དེའི་འོག་ཏུ་བུད་མེད་དེ་ཁ་བུབ་ཏུ་བཞག་ལ་བུད་མེད་
དེའི་རྒྱབ་ཏུ་ཞོན་ཏེ་བུད་མེད་དེ་འགུལ་ཞིང་སྒྲ་འབྱིན་ཡང་འཇིགས་པར་མི་བྱ་ཞིང་། གྱེན་དུ་འཕག་གི་བར་དུ་རིག་པའི་རྒྱལ་པོ་བཟླས་བརྗོད་བྱའོ། །ཡང་ས་ལ་ལྷུང་ངོ་། །ལྷུང་ནས་དེ་ལས་འབབ་པར་བྱའོ། །དེ་ནས་བུད་མེད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྣམས་
མཐོང་ངོ་། །དེའི་ནང་ནས་བུད་མེད་གཅིག་ཁས་བུབ་ཏུ་འདུག་ཅིང་དབུགས་འབྱིན་པ་དེའི་རྒྱབ་ཏུ་ཞོན་ན་ནམ་མཁའ་ལ་འཕག་ཅིང་མདོག་ཉི་མ་ཤར་བ་ལྟ་བུར་འགྱུར་རོ། །བུད་མེད་ཀྱི་གློ་ལ་རལ་གྲི་འཛམ་བུའི་ཆུ་བོའི་གསེར་གྱིས་བརྒྱན་ཅིང་མུ་ཏིག་དང་རིན་པོ་ཆེས་སྤྲས་པ་འཕྱང་ངོ་། །
ལས་འདི་ནི་རྒྱལ་མཚན་དང་འདྲའོ་ཞེས་སྨྲས་ནས་བྱའོ། །ལེ་ལོ་ཅན་དང་བྱས་པ་མི་གཟོ་བ་རྣམས་ཀྱིས་ལས་འདི་མི་བྱའོ། །གང་ནུས་པ་བརྟན་ཞིང་མཐུ་སྟོབས་དང་ལྡན་པ་རྩོལ་བ་ངེས་པར་བྱས་པས་ལས་འདི་བརྩམ་པར་བྱ་སྟེ། ལས་འདི་སྒྲུབ་པ་པོས་རྟག་ཏུ་གོ་ཆ་
སྲ་བ་དང་། ཚངས་པར་སྤྱོད་པར་བྱ་ཞིང་ཉ་དང་ཤ་ཡོངས་སུ་སྤང་བར་བྱའོ། །རིག་སྔགས་འཆང་གིས་ལྡོང་རོས་སྒྲུབ་པའི་ཚེ་གལ་ཏེ་སྟོན་ན་དེ་དགུག་པའི་ཕྱིར་ལས་འདི་བརྩམ་པར་བྱ་སྟེ། རིག་སྔགས་འཆང་གྲུབ་པའམ། ཀླུའམ། གནོད་སྦྱིན་ནམ། ཤ་ཟའམ།
Vol. 95 · folio 19a
གྲུལ་བུམ་ཡང་རུང་སྟེ། དབབ་པ་བྱས་པ་དེ་ལ་གང་གིས་རྫས་ཁྱེར་བ་དེས་ང་ལ་སླར་བྱིན་ཅིག་དང་ཕུང་བར་མི་བྱའོ་ཞེས་བརྗོད་པར་བྱའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ཟངས་པོ་ཆེ་བཙུགས་ལ་འབྲུ་མར་བླུགས་ཏེ་
བསྐོལ་ལ་རིག་པའི་རྒྱལ་པོ་བཟླས་བརྗོད་བྱས་ན་རིག་སྔགས་འཆང་གྲུབ་པ་ཡང་རུང་། གང་ཡིན་པ་དེ་དེར་འོང་ཞིང་འོངས་ནས་ཀྱང་སླར་འབུལ་ལ་དེ་ལ་ཅི་ཡང་མི་བྱའོ། །གལ་ཏེ་མི་འོང་ན་ཕྱིས་སྙིང་པོས་ཡན་ལག་དང་ཉིང་ལག་རྣམས་གཏུབས་ཏེ་བཞག་གོ་སྲུང་བ་བྱས་
པའི་ཆོ་གས་བྱའོ། །གཞན་དུ་ན་མ་རུངས་པར་འགྱུར་རོ། །གལ་ཏེ་སྲུང་བ་མ་བྱས་ན་གྲུབ་པ་རྣམས་ཀྱིས་མ་རུངས་པར་བྱེད་དོ། །ཡན་ལག་དང་ཉིང་ལག་གཏུབས་པས་འོང་ཞིང་རྫས་ཀྱང་སྦྱིན་པར་བྱེད་དོ། །འདི་སྐད་དུ་བཅོམ་ལྡན་འདས་ཡོངས་སུ་བསྐྱབ་ཏུ་གསོལ།
ཞེས་སྨྲས་སོ། །དེ་སླར་གསོ་བའི་ཕྱིར་འབྲུ་མར་གྱི་ཟངས་པོ་ཆེ་ལས་འབྲུ་མར་བླངས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་སྙིང་པོས་སྲེག་བླུགས་ལན་སྟོང་སྦྱིན་སྲེག་བྱས་ན་སོས་ཤིང་དབང་དུ་ཡང་འགྱུར་རོ། །དབྱིག་དུག་བསལ་བར་འདོད་ན་ལག་པ་དང་རྐང་
པ་སྣོད་དུ་བཅུག་ལ་རླུང་གཡབ་ཀྱིས་གཡབས་ཏེ་གང་དུ་འདོད་པ་དེར་རིག་པའི་རྒྱལ་པོ་བཟླས་བརྗོད་བགྱིས་ན། དབྱིག་དུག་བྱུང་སྟེ་ནད་མེད་པར་འགྱུར་རོ། །མིག་སེར་གྱི་ནད་བསལ་བར་འདོད་ན། ཆུ་ལ་ལན་བདུན་བསྔགས་ལ་སྐོམ་དུ་བླུད་ན་འཚོའོ། །མིག་
ནད་བསལ་བར་འདོད་ན་མེ་ཏོག་རྩ་བ་རིང་པོ་དག་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་སྔགས་ཀྱིས་བཏབ་ལ་སྣོད་དུ་བཅུག་ན་འཚོའོ། །དེ་ནས་རིག་པའི་རྒྱལ་པོའི་མཆོག་ལག་ན་རྡོ་རྗེ་ལ་ལོག་འདྲེན་གྱིས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་
ཀྱི་དོན་གྱི་སླད་དུ་རིག་པ་མཆོག་འདི་འཆད་དམ། བཅོམ་ལྡན་འདས་གང་གིས་བདག་ས་ལ་འཁྱམ་ཞིང་སེམས་ཅན་རྣམས་ལ་ཡང་གླགས་རྙེད་པར་འགྱུར་བར་བ་དག་ལ་མི་གཟིགས་སམ། དེ་ནས་གནོད་སྦྱིན་གྱི་དབང་པོ་ལག་ན་རྡོ་རྗེས་ལོག་འདྲེན་ལ་འདི་སྐད་ཅེས་
Vol. 95 · folio 19b
སྨྲས་སོ། །ཁྱོད་ཉོན་ཅིག་གང་དག་དམ་ཚིག་མི་ཤེས་པར་ངའི་རིག་པའི་ཆོ་ག་རྒྱས་པར་ཀློག་པ་དེ་དག་ཁྱེར་ཅིག །གང་དག་གཅིག་གི་ལྷག་མ་གཅིག་ཟ་བ་དང་། ལྷ་ལ་ཕུལ་བའི་དྲི་དང་། བདུག་པ་དང་། མེ་ཏོག་ལ་སྤྱོད་པ་དེ་དག་ཁྱེར་ཅིག །གང་དག་ངའི་དམ་
ཚིག་ཤེས་པ་དང་། ཆོ་ག་རྒྱས་པ་ལས་བྱུང་བ་བཞིན་དུ་སྤོང་བར་བྱེད་པ་དང་། གང་དག་རིག་པ་མཆོག་རྡོ་རྗེའི་རིག་སྔགས་དང་བཅས་གསང་ཆེན་དང་བཅས་པར་འཛིན་པ་དེ་དག་ལ་གླགས་མ་ཚོལ་ཅིག །ཆུད་མ་གསོན་ཅིག །དེ་སྐད་ཐོས་པ་དང་། ལོག་འདྲེན་
དེ་དག་ཅ་ཅོ་ནས་དགའ་ཞིང་མགུ་ལ་ཡི་རངས་ཏེ། ལག་ན་རྡོ་རྗེའི་རྐང་པ་ལ་ཕྱག་བྱ་བའི་གསང་སྔགས་སྨྲས་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཧུ་རུ་བཛྲ་པཱ་ཎི་ཧུ་རུ་བཛྲ་པཱ་ཎི། ཏྲོ་ཊ་ཐཱ་ཡ་བཛྲ་པཱ་ཎི་སྥོ་ཊ་
ཡ་བཛྲ་པཱ་ཎི། ད་ཧ་པ་ཙ་མ་ཐ་བཛྲ་པཱ་ཎི་སྭཱ་ཧཱ། རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སྦྱིན་དང་མ་འདྲེས་པའི་ཚོན་གྱིས་འཕགས་པ་ལག་ན་རྡོ་རྗེ་བྲི་བར་བྱ་སྟེ། པྲི་ཡང་ཀུ་ལྟར་སྔོ་བསངས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་གཡོག་
འཁོར་ལོག་འདྲེན་བཞི་བཅུ་བྲི་བར་བྱ་སྟེ། ཁ་དོག་སྣ་ཚོགས་པ་ལག་ན་རྡོ་རྗེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་བ་བྲི་བར་བྱའོ། །སྣ་དཀར་ལ་གཅུ་བར་བྱའོ། །དེའི་འོག་ཏུ་རིག་སྔགས་འཆང་གི་མར་གྱི་ངོ་ཞག་བཅུ་བཞི་ནས་བརྩམས་ཏེ། བའི་རྣམ་ལྔས་ལུས་
སྦྱང་བ་བྱས་ལ། དུས་གསུམ་དུ་ཁྲུས་བྱ་ཞིང་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་དུས་གསུམ་དུ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱའོ། །ཟླ་བ་ཕྱི་མ་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ནས་དྲི་དང་། མེ་ཏོག་དང་། བདུག་
པ་ཕུལ་ཏེ་ལོག་འདྲེན་རྣམས་ལ་ཡང་བག་ཆོས་པར་པ་ཏ་ཀ་དང་། མོ་ཀ་ཀ་ད་དང་། པུ་པ་ལི་ཀ་དང་། རྩ་བ་དང་། ཤིང་ཏོག་གཞན་དག་ཀྱང་ཕུལ་ལ། ལག་ན་རྡོ་རྗེའི་མདུན་དུ་སྣ་མའི་མེ་ཏོག་ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱའོ། །འོག་
Vol. 95 · folio 20a
དང་རི་མོའི་སྐུ་གཟུགས་འགུལ་ཞིང་ཧ་ཧ་ཞེས་བྱ་བའི་སྒྲ་གྲག་སྟེ། དེ་ལ་ཡང་འཇིགས་པར་མི་བྱའོ། །ཡང་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་དེ་ནས་མི་མི་སྡུག་པ་ཞིག་འོང་སྟེ། དེ་ལ་ཡང་འཇིགས་པར་མི་བྱའོ། །རྡོ་རྗེ་བཞད་མས་སྨྲར་བཅུག་ན་དེ་ཅི་ཞེས་
སྨྲས་སོ། །དེས་ལག་ན་རྡོ་རྗེའི་མདུན་དུ་གང་སྨྲས་པ་དེ་དྲན་པར་བགྱིས་ལ་དེ་བཞིན་གྱིས་ཤིག་ཅེས་བརྗོད་པར་བྱའོ། །དེ་བཞིན་དུ་བྱའོ་ཞེས་སྨྲས་ནས་མི་སྣང་བར་འགྱུར་རོ། །དེའི་འོག་ཏུ་རིག་སྔགས་སྒྲུབ་པ་ལ་ལོག་འདྲེན་དེ་དག་དངོས་གྲུབ་སྦྱིན་པར་འགྱུར། ཉིན་གཅིག་
བཞིན་ཀཱར་ཥཱ་པ་ཎ་ཉི་ཤུ་སྦྱིན་པར་འགྱུར། དབང་དུ་ཡང་འགྱུར། ཡིད་ལ་གང་ཅི་བསམས་པ་དེ་ཐམས་ཅད་བྱེད་པར་ཡང་འགྱུར་རོ། །བཅོམ་ལྡན་འདས་གཞན་ཡང་བརྗོད་པར་བགྱིའོ། །གང་དག་རིག་པ་མཆོག་གི་ཆོ་ག་རྒྱས་པར་བསྒྲུབ་པར་བགྱི་བ་དང་། མཆོད་པར་
བགྱིད་པ་དེ་དག་ལ་ཅི་ཡང་མི་བགྱིའོ། །འདོད་པ་ཐམས་ཅད་ཟ་ཞིང་སྒྲུབ་པ་དེ་ལ་དངོས་གྲུབ་སྩལ་ཏོ། །གང་དག་བདག་ཅག་གི་གསང་སྔགས་འཆང་བ་དེ་དག་ལ་ལོག་འདྲེན་ནམ། ལོག་འདྲེན་གྱི་བུའམ། ལོག་འདྲེན་གྱི་འཁོར་གང་ལ་ལ་ཞིག་གླགས་ལྟ་
བའམ། གང་གླགས་རྣམ་པར་ཚོལ་བ་དེའི་མགོ་ཚལ་པ་བརྒྱར་འགས་སོ། །བཅོམ་ལྡན་འདས་བདག་ཅག་གིས་མི་སྙན་པ་བརྗོད་པར་བགྱིའོ། །སྒྲུབ་པའི་དུས་ན་གསང་སྔགས་འདི་ཉིད་ཀྱིས་མེ་ཏོག་ལ་ལན་བདུན་སྔགས་ཀྱིས་བཏབ་ལ་སྩལ་བར་བགྱིས་ན་ལོག་འདྲེན་ཐམས་
ཅད་དངོས་གྲུབ་སྩོལ་ཏོ། །སྔགས་འདི་ཉིད་ཀྱིས་གཞན་ལ་བགེགས་བགྱིད་དོ། །སྐར་མ་འདམ་མི་འཚལ་སྨྱུང་བ་བགྱི་མི་འཚལ་ལོ། །ལག་ན་རྡོ་རྗེའི་མདུན་དུ་མོན་སྲན་གྲེའུ་ལས་བགྱིས་པའི་སྣུམ་ཁུར་ཕུ་པ་ལ་ཀ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ལ་འདི་སྐད་དུ་
ཆེ་གེ་མོ་ཞེས་བྱ་བའི་བགེགས་གྱིས་ཤིག་ཅེས་བརྗོད་ན་དེའི་ཚེ་ལོག་འདྲེན་དེ་དག་དགའ་ཞིང་མགུ་བར་གྱུར་པའི་ཡིད་ཀྱིས་བགེགས་བགྱིད་དོ། །བསམས་ན་ཞི་བར་འགྱུར་རོ། །ཅི་སྟེ་ལོག་འདྲེན་རྣམས་མཐོང་བར་འཚལ་ན། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་
Vol. 95 · folio 20b
གཅིག་སྨྱུང་བ་བགྱིས་ཏེ། །དུར་ཁྲོད་དུ་མཆིས་ལ་མགལ་བ་བླངས་ཏེ། །དྲི་དང་། མེ་ཏོག་དང་བདུག་པས་བརྒྱན་པ་བགྱིས་ལ་རིག་པ་དཔག་ཏུ་མ་མཆིས་པར་བཟླས་བརྗོད་བགྱིས་ན་དགུང་ཕྱེད་ཀྱི་དུས་ན་ལོག་འདྲེན་རྣམས་མཆི་སྟེ། །དེ་དག་ལ་རྡོ་རྗེ་ལྟེ་བས་
དྲི་སྩལ་བར་བགྱིའོ། །མེ་ཁ་ལས་མེ་ཏོག་སྩལ་བར་བགྱིའོ། །རྡོ་རྗེ་བཞད་མས་སྨྲར་སྩལ་ཏེ། །འདི་སྐད་སེམས་དང་བར་གྱིས་ཤིག་ཅེས་བརྗོད་ན་ལོག་འདྲེན་དེ་དག་རྩེ་ཞིང་དགོད་དོ། །དེ་ནས་རིག་སྔགས་འཆང་གིས་རིག་པ་མཆོག་དྲན་པར་བགྱིས་ན་དེ་དག་མི་འགུལ་ཏེ་འདི་སྐད་དུ་ཁྱེད་སེམས་དང་བར་གྱིས་
ཤིག་ཅེས་བརྗོད་པར་བགྱིའོ། །དེ་བཞིན་དུ་བྱའོ་ཞེས་སྨྲས་ནས་མི་སྣང་བར་གྱུར་ཏོ། །དེའི་འོག་ཏུ་རིག་པ་ལ་བགེགས་མི་བགྱིད་དོ། །སྔགས་འདི་ཉིད་ཀྱིས་སྐྱེས་པ་དང་བུད་མེད་དབང་དུ་བགྱི་བར་
འཚལ་ན་མར་གྱི་ངོ་ཞག་བརྒྱད་ལ་གྲོག་མཁར་རྩེའི་མདུན་གྱི་དོག་ས་བླངས་ལ་གཟུགས་བགྱིས་ཏེ། །ལག་ན་རྡོ་རྗེའི་མདུན་དུ་ཐབ་ཁུང་བགྱིས་ལ་ཐབ་ཁུང་གི་ནང་དུ་དགོན་པའི་བ་ལང་གི་ལྕི་བས་ཞུགས་བུས་ཏེ་ཞུགས་ཀྱི་ནང་དུ་གཟུགས་སྩལ་ལ་དེའི་སྟེང་དུ་ལན་ཚྭའི་སྦྱིན་
སྲེག་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ་དགུང་བདུན་དུ་དུས་གསུམ་ན་དབང་དུ་འགྱུར་རོ། །བགེགས་བརྒྱད་ཁྲི་གཙུག་ཕུད་འཕྱང་བ་ཞེས་བགྱི་བའི་བགེགས་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བགེགས་བགྱིད་པ་ལགས་ཏེ། དེའི་
བར་དུ་བསྒྲུབ་པར་བགྱིའོ། །བསྒྲུབ་པའི་དུས་ན་རིག་སྔགས་འཆང་གིས་གྲོག་མཁར་གྱི་དོག་ས་ལས་གཙུག་ཕུད་འཕྱང་གི་སྐུ་གཟུགས་བགྱིས་ལ། མར་གྱི་ངོ་ཞག་བརྒྱད་དམ་བཅུ་བཞི་ལ་ལག་ན་རྡོ་རྗེའི་མདུན་དུ་བཞག་སྟེ། ཞོ་དང་འོ་མས་བཀྲུས་ལ་མེ་ཏོག་དང་བདུག་
པས་མཆོད་དེ། རིག་པ་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་དེ་ནས་ཡིད་དགའ་ནས། འཇིག་རྟེན་གྱི་འཕྲུལ་པོ་ཆེས་དངོས་གྲུབ་སྩོལ་ཏོ། །དགོས་པ་ཞིག་གྲུབ་ན་ཡང་དེ་ལ་དངོས་གྲུབ་སྩོལ་ཏོ། །ལོག་འདྲེན་གྱི་སྒྲུབ་པ་རྫོགས་སོ།། །།རིག་
Vol. 95 · folio 21a
སྔགས་འཆང་གིས་ནོར་བསྒྲུབ་པ་དང་། ལས་བྱང་བར་བགྱི་བར་འཚལ་ན་བ་ལང་གི་ལྷས་སུ་མཆིས་ལ་མར་གྱི་ངོ་ཞག་བརྒྱད་ནས་བརྩམས་ཏེ་ཟས་སུ་འོ་སྐྱོ་འཚལ་ཞིང་འབུམ་བཟླས་བརྗོད་བགྱིས་ན་རིག་པའི་རྒྱལ་པོ་ཚངས་པའི་གདུགས་ཀྱི་གུང་ལ་ཅེ་སྤྱང་མོ་སྒྲ་འབྱིན་ཏེ།
སྒྲ་ལན་ལྔ་བརྒྱ་འབྱིན་ཏོ། །དེ་ནས་དངོས་གྲུབ་ཏུ་འགྱུར་ཏེ་ཏི་ན་ར་སྟོང་རྙེད་ཅིང་ལས་ཀྱང་བྱང་བར་འགྱུར་རོ། །ཅི་སྟེ་ལག་ན་རྡོ་རྗེ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་མཐོང་བར་འཚལ་ན་པདྨའི་རྫིང་དུ་མཆིས་ལ་ཡར་གྱི་ངོ་ཞག་བདུན་ནས་བརྩམས་ཏེ། ཟས་སུ་འོ་སྐྱོ་འཐུང་ཞིང་
ལན་སུམ་སྟོང་བཟླས་བརྗོད་བགྱིས་ན་ཉིད་ཀྱིས་ལག་ན་རྡོ་རྗེ་མཐོང་ངོ་། །མེ་ཁ་ལ་བཟླས་བརྗོད་བགྱིས་ནས་མེ་ཏོག་དབུལ་ལོ། །རྡོ་རྗེ་བཞད་མས་སྨྲར་སྩལ་ཏེ། རིག་སྔགས་འཆང་གིས་འདི་སྐད་དུ་བཅོམ་ལྡན་འདས་བདག་ཡོངས་སུ་བསྐྱབ་ཏུ་གསོལ། ཞེས་བརྗོད་
དོ། །དེ་འདི་སྐད་དུ་བུ་དེ་ཅི་བྱ་ཞེས་བརྗོད་པ་དང་། དེ་ནས་བཅོམ་ལྡན་འདས་ཡིད་ཀྱིས་གང་བསམས་པ་དེ་ཐོབ་པར་མཛད་དུ་གསོལ། ཞེས་བརྗོད་དོ། །དེ་བཞིན་དུ་གྱུར་ཅིག་ཅེས་བརྗོད་ནས་མི་སྣང་བར་འགྱུར་རོ། །དེའི་འོག་ཏུ་ཡིད་ལ་གང་བསམས་པ་དེ་ཐམས་ཅད་
འགྲུབ་བོ། །བྱིས་པ་ལོག་འདྲེན་གྱིས་ཟིན་ན་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པའི་སྤོས་ཆུས་བཀྲུས་ན་གཏོང་ངོ་། །གལ་ཏེ་ལོག་འདྲེན་གྱི་གནས་སྒྲུབ་པར་འཚལ་ན་རིག་སྔགས་འཆང་གིས་ཡར་གྱི་ངོའི་ཉ་ནས་བརྩམས་ཏེ། ཟས་སུ་འོ་སྐྱོ་
འཐུང་ཞིང་རིག་པ་བཟླས་བརྗོད་བགྱིའོ། །དེ་ནས་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། །མཚན་གཅིག་མཆིས་པར་མཆིས་ལ་ཅི་འབྱོར་པས་མཆོད་དེ། མེ་ཏོག་དཀར་པོ་སྟོང་གིས་མཚན་མ་བསྣུན་ན་མཚན་བརྒྱར་འགས་ཏེ། དེ་ནས་ལོག་འདྲེན་
གྱི་ལས་དངོས་གྲུབ་ཏུ་འགྱུར་རོ། །ལོག་འདྲེན་རྣམས་ངག་ཉན་པར་ཡང་འགྱུར་རོ། །ལོག་འདྲེན་རྣམས་གསད་དོ་སྙམ་དུ་ཁྲོས་པའི་ཡིད་ཀྱིས་བཟླས་བརྗོད་བགྱིས་ན་ལོག་འདྲེན་རྣམས་འགུམ་མོ། །གང་དུ་བསྒོམས་པ་དེར་ཐམས་ཅད་བགྱིད་དོ། །ཡར་གྱི་ངོ་ཚེས་བརྒྱད་
Vol. 95 · folio 21b
ནས་བརྩམས་ལ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ནང་པར་རིག་པ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །གདུགས་ཀྱི་གུང་ལ་ཡང་དེ་བཞིན་དུ་བགྱིའོ། །ཕྱེ་མ་རེད་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ་དེ་ལྟར་དགུང་བདུན་དུ་བགྱིས་ན་བདུན་པའི་གདུགས་ལ་
ཏི་ན་ར་སྦྱིན་པར་བགྱིད་དོ། །ཅི་ནུས་ཀྱིས་མཆོད་པར་བགྱིའོ། །ཟས་སུ་འོ་སྐྱོ་འཐུང་བར་བགྱིའོ། །ཡར་གྱི་ངོ་ཚེས་ལྔ་ནས་བརྩམས་ཏེ་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་སྔ་དྲོ་ནས་ཕྱི་དྲོའི་བར་དུ་བཟླས་བརྗོད་བགྱིས་ན་ཏི་ན་ར་ཅིག་རྙེད་དོ། །ཚེས་གྲངས་དང་
སྐར་མ་འདམ་མི་འཚལ། སྨྱུང་བ་བགྱི་མི་འཚལ་བར་ཡུངས་ཀར་འབྲུ་སྟོང་ལས་རྡོ་རྗེ་བགྱིས་ཏེ། ཁམ་ཕོར་དུ་སྩལ་ལ་ལོ་མས་ཁ་བཅད་དེ། རིག་པ་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །རས་ཟུང་གཅིག་སྩོལ་གྱི་བར་དུ་བཞག་གོ། །དེ་ནས་མཚེ་འུར་འདོར་རོ། །
ཚེས་གྲངས་དང་སྐར་མ་འདམ་མི་འཚལ། སྨྱུང་བ་བགྱི་མི་འཚལ་བར་རྐེད་པ་ནུབ་ཙམ་གྱི་ཆབ་ཏུ་ཞུགས་ལ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན། རས་ཟུང་གཅིག་སྩོལ་བར་བགྱིད་དོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ་ལག་ན་རྡོ་རྗེའི་མདུན་དུ་
མཆོད་པ་བགྱིས་ལ། ཤིང་བིལ་བའི་ཤིང་གིས་ཞུགས་བུས་ཏེ་སྣ་མའི་མེ་ཏོག་ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱིད་ན་ཏི་ན་ར་སྩོལ་བར་བགྱིད་དོ། །ཡར་གྱི་ངོ་ཚེས་བཅུ་གསུམ་ལ་དེ་བཞིན་གཤེགས་པའི་སྤྱན་སྔར་མཆོད་པ་བགྱིས་ཏེ། ཉིན་ཞག་
གཅིག་སྨྱུང་བ་བགྱིས་ལ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་རས་ཟུང་གཅིག་རྙེད་དོ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་གསན་དུ་གསོལ། ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ལས་བརྗོད་པར་
བགྱིའོ། །དགུང་གསུམ་དུ་སྨྱུང་བ་བགྱིས་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་ནྱ་གྲོ་དྷའི་ཤིང་གཅིག་པུ་མཆིས་ལ། དྲི་དང་མེ་ཏོག་དང་བདུག་པས་བརྒྱན་པར་བགྱིའོ། །ཕོ་ཉ་མོ་རྣམས་ཀྱིས་ཐམས་ཅད་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་རས་ཡུག་མ་
Vol. 95 · folio 22a
གོད་པས་ཤིང་ནྱ་གྲོ་དྷ་དཀྲིས་ལ་རྩྭ་ཀུ་ཤ་སྦམས་པའི་སྟེང་དུ་མཆིས་ཤིང་། རིག་པའི་རྒྱལ་པོ་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་དེ་ནས་ཤིང་ནྱ་གྲོ་དྷ་ལས་འོད་ཟེར་ཅིག་བྱུང་སྟེ། དེས་རིག་སྔགས་འཆང་ལ་བསྐོར་བ་བགྱིས་ནས་སྤྱི་བོར་ནུབ་པར་
འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་རས་ལ་བཏགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་། ལག་ན་རྡོ་རྗེ་ལ་ཕྱག་བགྱིས་ལ་རས་དེ་དེ་བཞིན་གཤེགས་པ་ལ་ཕུལ་ན་ཡིད་ལ་བསམས་པ་ཙམ་གྱིས་སྐྱེ་བོ་བདུན་གྱིས་བསྐོར་ཏེ་ནམ་མཁའ་ལ་མཆིའོ། །
ཅི་འཚལ་བ་གཟུགས་ཅན་དུ་འགྱུར་རོ། །དཔག་ཚད་སུམ་སྟོང་དུ་གྱེན་དུ་འཕག་གོ། །འོག་ཏུ་ཡང་དེ་བཞིན་ནོ། །བསམས་པ་ཙམ་གྱིས་ལྷའི་རིགས་ཐམས་ཅད་འགུགས་པར་བགྱིད་དོ། །སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཡང་འཚལ་བར་
འགྱུར་རོ། །ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་གནས་པར་འགྱུར་རོ། །ལོ་ཁྲི་བདུན་སྟོང་ཐུབ་པར་འགྱུར་རོ། །དེའི་བསམས་པ་དང་དགོས་པ་ཐམས་ཅད་འབྱོར་པར་འགྱུར་རོ། །རིག་སྔགས་འཆང་གྲུབ་པ་དང་། ས་ལ་
གནས་པ་རྣམས་ཀྱི་རྣམ་པའི་སྤྱོད་ཡུལ་དུ་མི་འགྱུར་རོ། །གང་གི་ཚེ་ནམ་མཁའ་ལ་གནས་པ་དེའི་ཚེ་རིག་སྔགས་འཆང་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་རོ། །དངོས་གྲུབ་འདིས་ལྷ་ཐམས་ཅད་དང་རིག་སྔགས་འཆང་ཐམས་ཅད་མདུན་དུ་གནས་པར་འགྱུར་རོ། །
དེ་བཞིན་དུ་ལག་ན་རྡོ་རྗེའི་ཆོ་ག་རྒྱས་པ་ཐམས་ཅད་དངོས་གྲུབ་ཏུ་འགྱུར་རོ། །འདི་སྒྲུབ་པའི་རིག་སྔགས་འཆང་གི་མཚམས་མ་མཆིས་པ་ལྔ་འབྱང་བར་འགྱུར་རོ། །གང་གི་ཚེ་འགུམ་པ་དེའི་ཚེ་ལག་ན་རྡོ་རྗེའི་གནས་སུ་མཆིའོ། །ཡར་གྱི་ངོ་ཚེས་བརྒྱད་ནས་བརྩམས་
ཏེ་ལུས་སྦྱང་བ་བགྱིས་པ་ལ་ཟས་སུ་འོ་སྐྱོ་འཐུང་ཞིང་རིག་པ་བཟླས་བརྗོད་བགྱིའོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། མཚན་གཅིག་མཆིས་པར་མཆིས་ལ་ཤམ་ཐབས་སེར་པོ་བགོ་ཞིང་བསྒྲུབ་པར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་
Vol. 95 · folio 22b
གཏོར་མའི་ཆོ་ག་རྒྱ་ཆེར་བགྱིས་ལ་མཚན་གྱི་སྟེང་དུ་ཞབས་གཡོན་པ་བཞག་སྟེ། རིག་སྔགས་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་དེ་ནས་མཚན་ལས་འོད་ཟེར་ཅིག་བྱུང་སྟེ། དེས་རིག་སྔགས་འཆང་ལ་བསྐོར་བ་བགྱིས་ནས་མགོ་བོར་ནུབ་པར་འགྱུར་ཏེ། དེ་ནས་
སྐྲ་ལྕང་ལོར་འཁྱིལ་ཞིང་གདུགས་ཤར་བ་ལྟ་བུའི་མདོག་ཅན་གྱི་རིག་སྔགས་འཆང་དུ་འགྱུར་རོ། །ཡིད་ཀྱིས་གར་འཚལ་བ་དེར་མཆི་བར་འགྱུར་རོ། །ལོ་དགུ་སྟོང་ཐུབ་པར་འགྱུར་རོ། །བཅོམ་ལྡན་འདས་འདི་ཡང་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མ་མཆིས་ཤིང་འབྱུང་
པོ་ཐམས་ཅད་དང་། གནོད་སྦྱིན་ཐམས་ཅད་དང་། ཀླུ་ཐམས་ཅད་དང་། ལོག་འདྲེན་ཐམས་ཅད་ཀྱིས་མི་ཚུགས་པ་ལགས་ཏེ། རིག་པའི་རིགས་རྒྱུད་ཐམས་ཅད་ཀྱི་སྙིང་པོ་མཆོག་གི་གསང་སྔགས་བཤད་པར་བགྱིའོ། །ཊཀྐི་ཧཱུྃ་ཛཿ། འདི་དང་ཕོ་ཉ་མོ་རྣམས་ཀྱིས་
ལས་ཀྱི་ཁྱད་པར་བརྗོད་པར་བྱའོ། སྙིང་པོའི་ལས་རྣམས་ནི་རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སྦྱིན་དང་མ་འདྲེས་པའི་ཚོན་གྱིས་སངས་རྒྱས་ཀྱི་སྐུ་གཟུགས་བྲི་བར་བགྱིའོ། །དེའི་གཡོན་རོལ་དུ་ཀུན་དགའ་བོ་དང་། གཡས་རོལ་དུ་ལག་ན་རྡོ་རྗེ་རྔ་ཡབ་
ཐོགས་པ་བྲི་བར་བགྱིའོ། །བཅོམ་ལྡན་འདས་ནི་གསེར་གྱི་མདོག་ཅན་ནོ། །ཀུན་དགའ་བོ་ནི་སྔོ་བསངས་སོ། །ལག་ན་རྡོ་རྗེ་ཡང་སྔོ་བསངས་ཏེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་འོག་ཏུ་སྒྲུབ་པ་པོ་ལག་ན་པོག་པོར་ཐོགས་པར་བྲིའོ། །དེ་ནས་ཡར་གྱི་ངོ་ནས་
དགུང་གསུམ་སྨྱུང་བ་བགྱིས་ཏེ། རི་མོའི་སྐུ་གཟུགས་ཀྱི་མདུན་དུ་ལུང་ཐང་གི་ཤིང་གིས་ཞུགས་བུས་ལ་སྣ་མའི་མེ་ཏོག་མར་ལ་སྨྱུགས་པ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན། དེ་བཞིན་གཤེགས་པའི་དཔྲལ་བ་ལས་འོད་ཟེར་འབྱུང་སྟེ། དེ་ནས་དངོས་གྲུབ་ཏུ་འགྱུར་རོ། །
དེས་ཡིད་ཀྱིས་གང་བསམས་པ་དེ་འབྱོར་པར་འགྱུར་ཏེ། །འཁོར་ལོས་སྒྱུར་བ་ཉིད་དམ། རིག་སྔགས་འཆང་ཉིད་ནི་མ་གཏོགས་སོ། །གཏོར་མ་རྒྱ་ཆེར་སྩལ་བར་བགྱིའོ། །མ་བསྒྲུབས་ཀྱང་ལས་རྣམས་སུ་འགྱུར་བ་ལགས་ཏེ། ལན་བདུན་བཟླས་བརྗོད་བགྱིས་
Vol. 95 · folio 23a
པའི་ཐལ་བའམ། སྲད་བུའམ། ཆུས་ནི་བཀྲུ་བར་བགྱིའོ། །གྲོགས་བསྲུང་ན་སྤྱི་བོར་མདུད་པ་དོར་རོ། །ལན་གསུམ་བཟླས་བརྗོད་བགྱིས་པས་ཡུལ་འཁོར་བསྲུང་ངོ་། །གསེག་མ་ལ་ལན་བདུན་བཟླས་བརྗོད་བགྱིས་པ་ཆབ་ཏུ་སྩལ་བས་ཆུ་
སྲིན་ཀུམ་བི་ར་དང་། ཆུ་སྲིན་བཅིང་ངོ་། །ཡལ་གས་ནི་རིམས་ནད་གསོ་བར་བགྱིའོ། །ཆབ་བམ་རྩྭ་ཀུ་ཤས་ནི་དུག་ལས་གསོ་བར་བགྱིའོ། །བགེགས་དང་ལོག་འདྲེན་ཕུང་བར་བགྱི་བར་འཚལ་བས་སྒྲུབ་པའི་དུས་ན་ཨརྐའི་ཤིང་གིས་ཞུགས་བུས་ལ་སྐེ་ཚེའི་འབྲུ་
ལས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ལོག་འདྲེན་རྣམས་ཕུང་བར་འགྱུར་རོ། །ཕྱུགས་ཆུང་དབང་དུ་བགྱིས་པར་འཚལ་བས་མདའ་ཐོགས་པ་ལ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། ཕྱུགས་ཆུང་གི་ལག་ནས་བཟུང་ན་དབང་དུ་འགྱུར་རོ། །ཆུང་
མ་རུང་བར་བགྱི་བར་འཚལ་ན་ལན་བདུན་བཟླས་བརྗོད་བགྱིས་པའི་གསེག་མ་ཁྱིམ་གྱི་སྒོར་དོར་རོ། །ཆབ་ལ་མི་འབྱིང་བར་བགྱིས་ན་ཤིང་ཤ་ལེ་ཀའི་འབྲས་བུ་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ། སྩལ་ན་ཆབ་ལ་ནི་མི་འབྱིང་བ་བགྱིས་པར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་
ལ་ཉིན་ཞག་གཅིག་སྨྱུང་བར་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཤིང་བིལ་བའི་བུད་ཤིང་གིས་ཞུགས་བུས་ལ་སྲེག་བླུགས་རྒྱ་སྐྱེགས་ལ་ལན་སྟོང་དུ་བསྐྱར་ཞིང་སྦྱིན་སྲེག་བགྱིས་ན་ནད་རྐང་སྐེམས་ཀྱིས་འདེབས་པར་བགྱིད་དོ། །མར་དང་གུ་གུལ་གྱི་སྲེག་བླུགས་ལན་བརྒྱ་སྟོང་སྦྱིན་
སྲེག་བགྱིས་ན་ཞི་བར་འགྱུར་རོ། །ཡར་གྱི་ངོ་ཉ་ནས་བརྩམས་ནས་གདུགས་ཀྱི་གུང་ལ་གོས་གསར་པ་བགོས་ལ། ཟངས་ཀྱི་སྣོད་དུ་ཞོ་དང་འབྲས་ཆན་སྩལ་ཏེ་གདོང་གཏུགས་ལ་བསྟན་ཅིང་ཕྱུགས་ཆུང་གི་མིང་ནས་ཕྱུང་སྟེ་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་ཕྱུགས་ཆུང་མཆིའོ། །
གལ་ཏེ་མི་མཆི་ན་ཕྱུགས་ཆུང་དེ་འགུམ་མོ། །གདུགས་བདུན་དུ་བགྱིའོ། །འབྲས་ཆན་གྱིས་གདུགས་ལ་དབུལ་ལོ། །ཤིང་ཤ་མི་ཕུར་བུ་སོར་བརྒྱད་པ་བླངས་ཏེ། སྲད་བུས་དཀྲིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་གྲུ་མི་འགུལ་བར་བགྱིའོ། །
Vol. 95 · folio 23b
ཞེས་བགྱིས་ཏེ་ཆབ་ཏུ་དོར་ན་གྲུ་མི་འགུལ་བར་བགྱིས་པར་འགྱུར་རོ། །མར་གྱི་ངོ་ཞག་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་མཚན་གཅིག་མཆིས་པར་མཆིས་ལ། འབྱུང་པོའི་གཏོར་མ་སྩལ་ཏེ། ལྷོ་ཕྱོགས་ཀྱི་ངོས་ལ་ཤུ་དག་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ཏི་ན་ར་གསུམ་
རྙེད་དོ། །ཤུ་དག་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ་སོ་ཕྲག་ཏུ་སྩལ་ན་ཤགས་འགྱེད་པའི་ཚེ་གཞན་གྱིས་ལན་མི་ཐེབས་པར་སྨྲ་བར་འགྱུར་རོ། །ལག་ན་རྡོ་རྗེའི་མདུན་དུ་གི་ཝང་ལ་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ལ་དེས་ཐིག་ལེ་བགྱིས་ན་དཔལ་ཆེ་བར་འགྱུར་
རོ། །རྒྱལ་པོའི་ཕོ་བྲང་འཁོར་དུ་ལན་ཐེབས་པར་སྨྲ་བར་འགྱུར་རོ། །བུད་མེད་དབང་དུ་བགྱིད་ན་ལག་ན་རྡོ་རྗེའི་མདུན་དུ་པ་ལ་ཤའི་ཤིང་གིས་ཞུགས་བུས་ལ་སྔ་དྲོ་ལན་ཚྭ་ལ་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བགྱིས་ནས་མིང་ནས་བརྗོད་ན་ཉི་མ་བདུན་གྱིས་འགྲུབ་སྟེ། ཟ་གཅིག་
པར་བགྱིའོ། །ཡུགས་ས་མོ་དབང་དུ་བགྱིད་ན་མར་གྱི་ངོ་ཞག་དྲུག་ནས་བརྩམས་ཏེ་བཅུའི་བར་དུ་དུས་གསུམ་དུ་ལག་ན་རྡོ་རྗེའི་མདུན་དུ་ལུང་ཐང་གི་ཤིང་ལ་ཞུགས་བུས་ལ་མོན་སྲན་གྲེའུ་ལ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། །བྲམ་ཟེའི་བུ་མོ་དབང་
དུ་བགྱིད་པར་འཚལ་བས་མར་གྱི་ངོ་ཞག་བརྒྱད་ལ་ལག་ན་རྡོ་རྗེའི་མདུན་དུ་དུ་བ་མ་མཆིས་པའི་མེ་མདག་ལ་རྒྱ་སྐྱེགས་ཀྱིས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། །སྐྱེས་པ་དབང་དུ་བགྱི་ན་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ན། ལག་ན་
རྡོ་རྗེའི་མདུན་དུ་དོང་ཀའི་ཤིང་གིས་ཞུགས་བུས་ལ་ཡུངས་ཀར་ལ་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། །ཊཀྐི་ཧཱུྃ་ཛཿ རཱ་ཛ་ནཱ་མ་པ་ཤི་ཀ་ཏུ་ཀཱ་མེ་ན་ཤུཀླ་པཉྩི་མྱེ་མ་ཧོ་ར་ཏ་ཤི་ཏེ་བཛྲ་པཱ་ཎི་སྱ་ཨ་གྷྲ་ཏ་པྲི་ཡཾ་ཀུ་བ་ཏ་ཤེ་རཏྣི་མ་པྲ་ཛྲཱ་ལྱ་ཤྭེ་སརྴ་པཾ་ཨིནྡྲ་ཡ་པཉྩི་ཀི་
ཀྲི་ཏྱ་བི་ཤྭ་རུ་ཏི་ར་ཨཀྟ་ནཱཾ་ཨཥྚ་ས་ཧ་སྲཾ་ཛཱུ་ཡ་ཤོ་བ་ཏི། མར་གྱི་ངོ་ཞག་བརྒྱད་དམ་བཅུ་བཞི་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་ཅི་ནུས་ཀྱིས་མཆོད་དེ། རིག་པ་མཆོག་གིས་དྲི་དང་མེ་ཏོག་དང་བདུག་པ་ཐམས་ཅད་ལ་ཕུལ་ལ། དེའི་
Vol. 95 · folio 24a
འོག་ལོགས་སུ་རིག་སྔགས་འཆང་གིས་ཤིང་ས་ལ་སེར་པོ་ལས་སྒྲོམ་བུ་བགྱིས་ཏེ། སྒྲོམ་བུ་དེར་ལིག་བུ་མིག་སྩལ་ལ། དྲོ་བར་གྱུར་པ་དང་དུ་བ་འཐུལ་བ་དང་འབར་བའི་བར་དུ་བཟླས་བརྗོད་བགྱིའོ། །དྲོ་བར་གྱུར་ན་དབང་དུ་འགྱུར་རོ། །དུ་བ་འཐུལ་ན་
མི་སྣང་བར་འགྱུར་རོ། །འབར་ན་ནམ་མཁའ་ལ་མཆི་བར་འགྱུར་རོ། །མདོག་གདུགས་ཤར་བ་འདྲ་བར་འགྱུར་རོ། །ལོ་བདུན་སྟོང་ཐུབ་པར་འགྱུར་རོ། །ལུས་ཞིག་ནས་ལག་ན་རྡོ་རྗེ་མཐོང་བར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་
ཏེ་དུར་ཁྲོད་དུ་མཆིས་ལ་སྐྱེས་པའི་རོ་མ་སྣད་པ་བླངས་ཏེ། །རིག་པ་མཆོག་གི་དྲི་དང་མེ་ཏོག་དང་བདུག་པས་བརྒྱན་པ་བགྱིས་ལ་མགོ་བོ་ཤར་ཕྱོགས་སུ་བསྟན་ཏེ། དེ་ནས་རིག་སྔགས་འཆང་གཅེར་བུར་ཕྱུང་ལ་སྐྲ་བཤིག་སྟེ། དེའི་སྙིང་གར་མཆིས་ལ་མི་རོའི་ཁར་
མིའི་ཐོད་པ་ཡུངས་ཀར་གྱིས་གཏམས་པ་བཞག་ལ་ཡུངས་ཀར་རྣམས་མི་སྣང་བར་གྱུར་གྱི་བར་དུ་བཟླས་བརྗོད་བགྱིའོ། །དེ་ནས་དངོས་གྲུབ་ཏུ་འགྱུར་རོ། །མི་ཐོད་བླངས་ལ་མཚེའུར་བོར་ན་དེ་ནས་ཡིད་ཀྱིས་བསམས་པ་ཙམ་གྱིས་ནམ་མཁའ་ལ་མཆི་བར་འགྱུར་ཏེ་
ནམ་མཁའ་ལ་མཆིའོ། །མི་སྣང་བར་འགྱུར་རོ། །རྒྱལ་པོར་བགྱིད་དོ། །བདག་མི་སྡུག་པར་ཡང་སྟོན་ཏོ། །སླར་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་། མདོག་གདུགས་ཤར་བ་ལྟ་བུར་ཡང་སྟོན་ཏོ། །བདག་གིས་གང་བསམས་པ་དེ་དག་ཐམས་ཅད་
འགྲུབ་བོ། ཚེ་ལོ་སྟོང་ཐུབ་པར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་རིག་པ་མཆོག་གིས་ལག་ན་རྡོ་རྗེ་ལ་དྲི་དང་མེ་ཏོག་དང་བདུག་པ་རྣམས་དབུལ་ལོ། །གྲོང་གི་ཕུག་རོན་གྱི་ཁར་ལྡོང་རོས་སྩལ་ལ་དྲོ་
བར་གྱུར་པ་དང་། དུ་བ་འཐུལ་བ་དང་འབར་གྱི་བར་དུ་བཟླས་བརྗོད་བགྱིའོ། །དྲོ་བར་གྱུར་པས་ཐིག་ལེ་བགྱིས་ན་ཆབ་ཀྱི་ནང་དུ་དགུང་ཟླ་གཅིག་མཆིས་ཤིང་ཆབ་ཀྱི་ནང་དུ་བཞག་གོ། །གང་མཐོང་བ་དེ་དབང་དུ་འགྱུར་རོ། །དུ་བ་འཐུལ་ན་མི་སྣང་བར་འགྱུར་ཏེ། མི་
Vol. 95 · folio 24b
སྣང་བར་གྱུར་ན་གྲུབ་པ་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་རོ། །ལོ་སྟོང་ཐུབ་པར་འགྱུར་རོ། །འབར་ན་ནམ་མཁའ་ལ་མཆི་བར་འགྱུར་ཏེ། དཔག་ཚད་སྟོང་ཚུན་ཆད་མཐོང་ཞིང་སྒྲ་ཡང་ཐོས་སོ། །ལོ་ཁྲི་ཉིས་སྟོང་ཐུབ་པར་འགྱུར་རོ། །ལག་ན་རྡོ་རྗེ་གྲུབ་པར་འགྱུར་
རོ། །ཆུ་ལ་ལན་བདུན་བཟླས་བརྗོད་བགྱིས་པས་གར་བགྱིད་དུ་སྩལ་ཏེ་ལན་གསུམ་བཟླས་བརྗོད་བགྱིས་པའི་དུ་བས་གསང་ཚིག་སྨྲར་སྩལ་ཏོ། །ཡིད་ཀྱིས་ལན་བདུན་བཟླས་བརྗོད་བགྱིས་པའི་མེ་ཏོག་གིས་སྨྲར་སྩལ་ཏོ། །ཡར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་
བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་པ་ལ་ཤའི་ཤིང་གིས་ཞུགས་བུས་ལ་ཀུ་མུ་དའི་མེ་ཏོག་ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ཡིད་ཀྱིས་བསམས་པ་དེ་དག་ཐམས་ཅད་འགྲུབ་སྟེ། རིག་སྔགས་འཆང་གི་རྒྱལ་པོ་ཉིད་ནི་མ་གཏོགས་
སོ། །མར་གྱི་ངོ་ཞག་བརྒྱད་ནས་བརྩམས་ཏེ། ཟས་སུ་འོ་སྐྱོ་འཚལ་ཞིང་ལག་ན་རྡོ་རྗེའི་མདུན་དུ་བིལ་བའི་ཤིང་གིས་ཞུགས་བུས་ལ་བིལ་བའི་ཡམ་སྲེག་ཤིང་འབུམ་སྦྱིན་སྲེག་བགྱིས་ན་རྒྱལ་པོ་ཉིད་དུ་སྩོལ་ཏོ། །ཆོ་ག་འདི་ཉིད་ཀྱིས་རིག་སྔགས་འཆང་ཉིད་
ཀྱང་སྩལ་ཏོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་སེང་ལྡེང་གི་ཤིང་གིས་ཞུགས་བུས་ལ་སྐེ་ཚེའི་མེ་ཏོག་ལ་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ལས་གྲུབ་པའི་མཆོག་ཏུ་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ལག་
ན་རྡོ་རྗེའི་མདུན་དུ་ཨརྐའི་ཤིང་གིས་ཞུགས་བུས་ལ་ཨརྐའི་མེ་ཏོག་ལས་ལན་འབུམ་སྦྱིན་སྲེག་བགྱིས་ན་ཏི་ནར་སྟོང་སྩོལ་ཏོ། །བྱང་ཆུབ་ཀྱི་ཤིང་གི་འོག་ཏུ་ཟས་སུ་ཆུ་གྲོག་འཚལ་ཞིང་ལན་སུམ་འབུམ་བཟླས་བརྗོད་བགྱིས་ན་རིག་སྔགས་འཆང་བརྒྱས་བསྐོར་བའི་
རིག་སྔགས་འཆང་དུ་འགྱུར་རོ། །འདོད་པ་ཐམས་ཅད་ལོངས་སྤྱོད་དུ་འགྱུར་རོ། །ལོ་དགུ་སྟོང་ཐུབ་པར་འགྱུར་རོ། །གང་རིག་པའི་རྒྱལ་པོ་བསྒྲུབ་པར་འཚལ་བ་དེས་མར་གྱི་ངོ་ཞག་བརྒྱད་ནས་གཟུང་སྟེ། ཟས་སུ་འོ་སྐྱོ་འཚལ་ཞིང་རྒྱ་མཚོར་འབབ་པའི་ཆུ་ཀླུང་
Vol. 95 · folio 25a
དུ་ཞུགས་ཏེ། །ཀུ་མུ་དའི་མེ་ཏོག་རྒྱས་པ་འབུམ་ཕུལ་ན་དེ་ནས་རིག་སྔགས་འཆང་ལ་ཆུའི་ནང་དུ་ཀླུས་རེག་པར་བགྱིད་དེ་དེ་ལ་འཇིགས་པར་མི་བགྱིའོ། །དེ་ནས་བཅོམ་ལྡན་འདས་རིག་པའི་མཆོག་འགྲུབ་པར་འགྱུར་ཏེ། དེ་གྲུབ་པས་ཆོ་ག་རྒྱས་པ་
ཐམས་ཅད་གྲུབ་པར་འགྱུར་རོ། །རིག་པའི་མཆོག་གི་སྙིང་པོའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉེ་བའི་སྙིང་པོ་འདི་མཆོག་ཏུ་མི་བཟད་པ་ཆོ་ག་རྒྱས་པ་མང་
པོ་རབ་ཏུ་བསྒྲུབ་པ་བགྱིད་པ། ལྷ་དང་བཅས་པའི་འཇིག་རྟེན་གྱིས་འགལ་བར་བགྱི་བ་མ་ལགས་པ། འབྱུང་པོ་ཐམས་ཅད་དང་ལྷ་ཐམས་ཅད་ཀྱིས་མི་ཚུགས་ཏེ་ཕྱིར་ཞིང་བཤད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་
ཏོ། །ཤོད་ཅིག་གནོད་སྦྱིན་གྱི་དབང་པོ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་དེ་བཞིན་གཤེགས་པས་གནང་གིས་ཤོད་ཅིང་། དེ་ནས་ལག་ན་རྡོ་རྗེས་ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་རྣམ་པར་བལྟས་ནས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཀྱེ་ལྷའི་
ཚོགས་རྣམས་ཉོན་ཅིག །ཉེ་བའི་སྙིང་པོ་འདི་ནི་མཆོག་ཏུ་མི་བཟད་པ་དེ་བཞིན་གཤེགས་པས་ཀྱང་འགལ་བར་མཛད་པ་མ་ཡིན་ཏེ། ཕྱི་ཕྱིར་བཤད་ཀྱིས་ལྷའི་ཚོགས་རྣམས་དེ་ཉོན་ཅིག །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་
གསང་སྔགས་སྨྲས་པ། ན་མོ་རཏྣ་ཏྲ་ཡ་སྱ། ན་མཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སྱ་ནཱ་པ་ཏི་སྱ། ན་མ་ཤྩཎྜ་པྲ་མརྡ་ནཱ་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ཎཱི་སྭཱ་ཧཱ། དེ་ནས་གསང་སྔགས་སྨྲས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་
གཡོས་སོ། །གཞལ་མེད་ཁང་ན་གནས་པའི་ལྷ་རྣམས་ཀྱང་ཁ་བུབ་ཏུ་འགྱེལ་ནས་སྐྱབས་མེད་ཅིང་དཔུང་གཉེན་མེད་དེ། །འདར་ཡེད་ཡེད་ནས་གསང་བའི་བདག་པོ་ཅི་ནས་བདག་ཅག་སྲོག་དང་བྲལ་བར་མི་འགྱུར་བར་བདག་ཅག་ལ་ཡོངས་སུ་བསྐྱབ་ཏུ་གསོལ་ཞེས་
Vol. 95 · folio 25b
ལག་ན་རྡོ་རྗེ་ལ་སྐྱབས་སུ་དོང་ངོ་། །ལོག་འདྲེན་རྣམས་ཀྱང་འགུལ་མ་ནུས་ནས་ཡིད་ཀྱིས་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ཅུང་ཟད་འཛུམ་པའི་བཞིན་གྱིས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་ཁྱེད་
ལོངས་ཤིག་ངའི་དམ་ཚིག་ལ་ཡང་དག་པར་གནས་པར་གྱིས་ཤིག །དེ་ཐོས་ནས་ལྷ་རྣམས་རབ་ཏུ་དགའ་བའི་བཞིན་གྱིས་བཅོམ་ལྡན་འདས་ལག་ན་རྡོ་རྗེའི་རྐང་པ་གཉིས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལག་
ན་རྡོ་རྗེ་འདི་ནི་མཆོག་ཏུ་མི་བཟད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་དག་དེ་དེ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་བདག་གི་རིག་པ་འདི་ནི་ལྷ་རྣམས་འཆི་འཕོ་བར་བགྱིད་པ། གནོད་
སྦྱིན་རྣམས་ཕུང་བར་བགྱིད་པ། །དྲི་ཟ་རྣམས་ལྷུང་བར་བགྱིད་པ། ལོག་འདྲེན་རྣམས་ངེས་པར་བརླག་པར་བགྱིད་པ། རྡོ་རྗེའི་རིགས་ཐམས་ཅད་སྐྲག་པར་བགྱིད་པ། ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་ལ་སོགས་པ་ལ་གནོད་པར་བགྱིད་པ་ལགས་
སོ། །བཅོམ་ལྡན་འདས་བདག་གི་ཉེ་བའི་སྙིང་པོ་འདི་ནི་བདག་ལ་ཡང་ཕུར་བུས་འདེབས་པ་ལགས་ཏེ། བཅོམ་ལྡན་འདས་འགུམ་པར་བགྱིད་པ། སྐོམ་པར་བགྱིད་པ། ཆད་པས་གཅོད་པ་ལགས་སོ། །ལྷ་རྣམས་འཆི་འཕོ་བར་བགྱིད་པ་དང་། གནོད་པར་
བགྱིད་པ་དང་། ཕུར་བུས་གདབ་པར་བགྱིད་པར་འཚལ་བས་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་སྨྱུང་བ་བགྱིས་ཏེ། བའི་ལྕི་བ་ས་ལ་མ་ལྷུང་བ་ལས་བརྒྱ་བྱིན་གྱི་གཟུགས་བགྱིས་ལ་ལག་ན་རྡོ་རྗེའི་མདུན་དུ་བཞག་སྟེ། དེའི་སྟེང་དུ་ཤིང་ཀུན་གྱི་ཤིང་གིས་
ཞུགས་བུས་ལ་པྲི་ཡང་ཀུའི་ཡམ་སྲེག་ཤིང་ཡུངས་ཀར་གྱི་འབྲུ་མར་ལ་སྨྱུགས་པ་བརྒྱ་སྟོང་སྦྱིན་སྲེག་བགྱིའོ། །དེ་ནས་ལྷ་རྣམས་སོ་སོ་ནས་ཚིག་ཅིང་བརྒྱ་བྱིན་གྱི་གན་དུ་མཆིའོ། །བརྒྱ་བྱིན་ཡང་ལྷ་རྣམས་དབུགས་འབྱིན་ཏེ། གྲོགས་པོ་དག་མ་འཇིགས་
Vol. 95 · folio 26a
ཤིག་ཅེས་ལྷ་རྣམས་དབུགས་ཕྱུང་ནས་རིག་སྔགས་འཆང་གི་གན་དུ་མཆི་སྟེ་ཕྱིན་པ་དང་། ཚིག་འདི་སྐད་དུ་ཀྱེ་མའོ་རིག་སྔགས་འཆང་ལ་དགེ་སྦྱོང་གི་ཚུལ་མེད་དོ་ཞེས་སྨྲས་པ་དང་། རིག་སྔགས་འཆང་གིས་འདི་སྐད་དུ་བཅོམ་ལྡན་འདས་
ལག་ན་རྡོ་རྗེས་གང་བཤད་པ་དེ་དྲན་པར་གྱིས་ཤིག་ཅེས་བརྗོད་པར་བགྱིའོ། །དེ་ཐོས་ནས་ཤིན་ཏུ་དགའ་བའི་བཞིན་གྱིས་རིག་སྔགས་འཆང་ལ་རིག་པ་སྩལ་ལོ། །དེའི་འོག་ཏུ་རིག་སྔགས་འཆང་གི་རིག་པ་མཆོག་གིས་སླར་བཏང་བར་བགྱིའོ། །རིག་
པ་མཆོག་དེས་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་ཏེ། རིག་སྔགས་འཆང་བདུན་སྟོང་གིས་བདག་པོ་བསྐལ་པར་གནས་པར་འགྱུར་རོ། །ལྷ་རྣམས་ཀྱང་གཡོས་པར་བགྱིད་པར་འགྱུར་རོ། །གནོད་སྦྱིན་རྣམས་ཀྱང་ཕུང་བར་བགྱིད་པར་འཚལ་
བས་གང་ནས་གནོད་སྦྱིན་ནམ། གནོད་སྦྱིན་མོ་གནས་པ་དེར་མ་གྱི་ངོ་ཞག་བརྒྱད་ལ་མཆིས་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། བྱང་ཆུབ་ཀྱི་ཤིང་གིས་ཞུགས་བུས་ལ་ཨ་པ་མརྒའི་ཡམ་སྲེག་ཤིང་ལས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིའོ། །དེ་ནས་གདོན་
དེ་དག་འབྲོས་པ་དང་ཚུར་ཤེག་ཅེས་བརྗོད་ན་སླར་མཆིའོ། །མཆིས་ནས་ཀྱང་ངའི་བསྙེན་བཀུར་བ་གྱིས་ཤིག་ཅེས་བརྗོད་དོ། །གདུགས་གཅིག་བཞིན་དུ་ཏི་ན་ར་བདུན་བདུན་སྩལ་ཏོ། །གང་དུ་བསྐོས་པ་དེ་ཐམས་ཅད་བགྱིད་དོ། །དྲི་ཟ་རྣམས་ལྟུང་བར་བགྱིད་
པར་འཚལ་བས་རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ངོས་སུ་ཡར་གྱི་ངོ་ཚེས་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ཁམ་པོ་ཛའི་ཤིང་གིས་ཞུགས་བུས་ལ་ཡུངས་ཀར་མར་དང་བསྲེས་པས་ལན་ཁྲིར་སྦྱིན་སྲེག་བགྱིའོ། །དེ་ནས་ཡི་དགས་ཀྱི་གཟུགས་ཅན་གྱི་མི་
ཞིག་མཆིའོ། །མཆིས་ནས་ཀྱང་རྐང་པ་གཉིས་ལ་ཕྱག་བགྱིད་པ་དང་། བདེ་བར་གྱུར་ཅིག་ཅེས་བརྗོད་པར་བགྱིའོ། །དེ་ནས་མི་དེས་རྐང་པ་གཉིས་ལ་ལིག་བུ་མིག་བཞག་ནས་སླར་མཆིའོ། །ལིག་བུ་མིག་དེས་མིག་བསྐུས་ན་དྲི་ཟའི་གཟུགས་སུ་འགྱུར་རོ། །རྐང་
Vol. 95 · folio 26b
གིས་འགྲོ་བར་འགྱུར་རོ། །ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །དྲི་ཟ་རྣམས་ཀྱང་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བགྱིད་དོ། །ལོག་འདྲེན་རྣམས་ཀྱང་བརླག་པར་བགྱིད་ན་སྨན་ཨ་ས་དེ་བ་དང་། ཤིང་བ་ལ་ཀར་བ་སའི་ཚིག་གུ་དང་། ནེའུ་ལེའི་སྤུ་དང་།
སྦྲུལ་སྐོགས་བརྗེས་པ་དང་རྫས་དེ་དག་གིས་གནོད་སྦྱིན་གྱི་གཟུགས་ལ་བདུག་པར་བགྱིའོ། །རིག་པ་ཡང་ལན་བརྒྱད་སྟོང་བཟླས་བརྗོད་བགྱིའོ། །དེ་ནས་རྨི་ལམ་དུ་ལོག་འདྲེན་རྣམས་བྲེད་ཅིང་ཅི་བྱ་གཏོལ་མེད་པར་མཐོང་ངོ་། །དེའི་ནང་ནས་མི་ཅིག་འདི་སྐད་ཅེས་ཀྱེ་རིག་
སྔགས་འཆང་བདག་ཅག་ལ་གནོད་པ་མ་མཛད་པར་འདི་སྣོམས་ཤིག་ཅེས་སྨྲའོ། །དེ་ནས་ནང་པར་ཏི་ན་ར་ཅིག་སྩལ་ལོ། །བསྒྲུབ་པའི་དུས་ན་ཡང་བདུག་པ་འདི་ཉིད་ཀྱིས་བདག་ལ་བདུགས་ན་ལོག་འདྲེན་ཐམས་ཅད་ཉམས་པར་འགྱུར་རོ། །ལོག་འདྲེན་གྱི་ལས་བགྱི་ན་
ཡང་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ་བགྱིའོ། །རྡོ་རྗེའི་རིགས་སྐྲག་པར་བགྱི་ན་ལྕེ་འབབ་པས་བཅག་པའི་ཤིང་བླངས་ལ་མར་གྱི་ངོ་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ལྕེ་འབབ་པས་བཅག་པའི་ཤིང་གིས་ཞུགས་བུས་
ལ་ཁམ་པོ་ཛའི་ཡམ་སྲེག་ཤིང་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་རྡོ་རྗེའི་རིགས་ཐམས་ཅད་སྐྲག་པར་འགྱུར་རོ། །རིའི་དངོས་གྲུབ་ཀྱང་སྩལ་ལོ། །ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་ལ་སོགས་པ་ལ་གནོད་པ་བགྱིད་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་
སྨྱུང་བ་བགྱིས་ཏེ་མཚན་གཅིག་མཆིས་པར་མཆིས་ལ་ཅི་ནུས་ཀྱིས་མཆོད་དེ། མཚན་ལ་ཁྲག་གིས་བསྐུས་ལ་ཁྲོས་པ་དང་བཅས་པས་ལག་པ་གཉིས་ཀས་འཁྱུད་དེ་རིག་པ་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་དེ་ནས་མཚན་འགུལ་ལོ། །སྐྲག་པར་འགྱུར་ཞིང་རང་གི་
ཆོ་ག་རྒྱས་པ་རྣམས་ཀྱིས་དངོས་གྲུབ་སྩོལ་ཏོ། །དེ་ལྟར་ཆོ་ག་རྒྱས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །ལག་ན་རྡོ་རྗེ་ལ་ཕུར་བུས་བཏབ་ན་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་སེང་ལྡེང་གི་ཤིང་གིས་ཞུགས་བུས་ལ་
Vol. 95 · folio 27a
ཁམ་པོ་ཛའི་ཡམ་སྲེག་ཤིང་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་སྲེག་བླུགས་གསུམ་པའི་ཚེ་འདར་རོ། །བརྒྱས་ཚར་གཅོད་པར་འགྱུར་རོ། །སུམ་བརྒྱས་སྐམ་པར་འགྱུར་རོ། །བཞི་བརྒྱ་པའི་ཚེ་ལག་ན་རྡོ་རྗེ་ལ་ཕུར་བུས་བཏབ་པར་འགྱུར་རོ། །
ལག་ན་རྡོ་རྗེ་ཕུར་བུས་བཏབ་པས་ལག་ན་རྡོ་རྗེའི་རིགས་ཐམས་ཅད་དང་ཚངས་པ་དང་། ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་ཐམས་ཅད་ཀྱང་ཕུར་བུས་བཏབ་པར་འགྱུར་རོ། །བརྒྱ་སྟོང་ཚང་བའི་ཚེ་ལག་ན་རྡོ་རྗེའི་ཚིག་ནས་མཆི་སྟེ། རིག་སྔགས་འཆང་ཅི་འདོད་
ཅི་སྦྱིན་ཅེས་བརྗོད་པ་དང་། བཅོམ་ལྡན་འདས་ཆོ་ག་རྒྱས་པའི་དངོས་གྲུབ་བདག་ལ་སྩལ་དུ་སྩོལ་ཞེས་བརྗོད་པར་བྱའོ། །དེ་ལྟར་གྱུར་ཅིག་ཅེས་བརྗོད་ནས་མི་སྣང་བར་གྱུར་ཏོ། །དེ་ནས་རིག་སྔགས་འཆང་གིས་མྱུར་བར་ལག་ན་རྡོ་རྗེའི་གཟུགས་འོ་མས་བཀྲུ་བར་བགྱིའོ། །
དེ་ནས་མཆིས་པའི་མར་དང་གུ་གུལ་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིའོ། །དེ་ནས་སོས་པར་འགྱུར་རོ། །ལྷ་ལ་ཡང་མཆོད་པ་རྒྱ་ཆེར་བགྱིས་ལ་ཤུགས་ལྡན་མས་སླར་གཤེགས་སུ་གསོལ་ལོ། །བཅོམ་ལྡན་འདས་རིག་པའི་རྒྱལ་པོ་བསྒྲུབ་པའི་རིག་
སྔགས་འཆང་ལ་གལ་ཏེ་དངོས་གྲུབ་ཏུ་མ་གྱུར་ན་རིག་སྔགས་འཆང་དེས་ལས་བདག་གིར་བྱ་བ་ཡིན་པར་དམིགས་པར་བགྱིའོ། །ལན་གཉིས་སུ་ཡང་བསྒྲུབ་པར་བགྱིའོ། །མ་གྲུབ་ན་ཡང་ལས་བདག་གིར་བྱ་བ་ཡིན་པར་དམིགས་པར་བགྱིའོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ཅིའི་ཕྱིར་དེ་སྐད་སྨྲ། གསོལ་པ། བཅོམ་ལྡན་འདས་ཕ་འགུམས་པའམ། མ་འགུམས་པའམ། ཚངས་པ་ལ་གནོད་པ་བགྱིད་པའི་སེམས་ཅན་དག་ཀྱང་མཆིས། མཚམས་མ་མཆིས་པ་ལྔ་དང་ལྡན་པའི་སེམས་ཅན་དག་ཀྱང་མཆིས་
ཏེ། བཅོམ་ལྡན་འདས་དེའི་སླད་དུ་བདག་འདི་སྐད་ཅེས་བརྩོན་འགྲུས་བརྩམས་ལ་བསྒྲུབ་པར་བྱའོ་ཞེས་མཆིའོ། །ལན་བདུན་དུ་ཡང་སྒྲུབ་པ་ལ་འཇུག་པར་བགྱིའོ། །གལ་ཏེ་མ་གྲུབ་ན་ལས་འདི་བརྩམ་པར་བགྱི་སྟེ། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་
Vol. 95 · folio 27b
གཅིག་སྨྱུང་བ་བགྱིས་ལ་དུར་ཁྲོད་ཀྱི་ཤིང་གིས་ཞུགས་བུས་ཏེ། སེང་ལྡེང་གི་ཡམ་སྲེག་གི་ཤིང་ལ་བདག་གི་ཁྲག་བྱུགས་ལ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིའོ། །གལ་ཏེ་མ་མཆིས་ན་རང་གི་ཤས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་མཆི་བར་བགྱི་སྟེ། བཅོམ་ལྡན་
འདས་རིག་སྔགས་ཀྱི་དངོས་གྲུབ་ཀྱང་སྩལ་བར་བགྱིའོ། །ལས་འདི་ནི་མཆོག་ཏུ་མི་བཟད་པ་ལགས་ཏེ་རིག་སྔགས་འཆང་དེའི་མི་བཟད་པའི་ལས་འདི་ཐོག་མར་མི་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་བཅོམ་ལྡན་འདས་
ཀྱིས་ཀྱང་འགལ་བར་བགྱི་བ་མ་ལགས་པ་ལྟ་བུ་སྟེ། གལ་ཏེ་རིག་སྔགས་འཆང་གིས་ལས་ཐོག་མར་བརྩམས་ཏེ། བཅོམ་ལྡན་འདས་དེ་ནི་བདག་ལ་གནོད་པ་བགྱིད་དེ་དེ་ཁོ་ན་ཉིད་ཀྱང་མི་མཐོང་ལ་བདག་ལ་གནོད་པར་བགྱིད་དོ། །བཅོམ་ལྡན་འདས་བདག་
ལ་གནོད་པ་བགྱིད་ན་ལྷ་ཐམས་ཅད་ལ་གནོད་པ་བགྱིད་པར་འགྱུར་རོ། །གནོད་སྦྱིན་ཐམས་ཅད་ལ་ཡང་གནོད་པ་བགྱིད་པར་འགྱུར་ཏེ། དེ་དག་རིག་སྔགས་འཆང་དེ་ལ་གླགས་ཚོལ་ཞིང་མཆིས་པར་འགྱུར། གལ་ཏེ་མཚམས་མ་མཆིས་པ་ལྔ་དང་ལྡན་པའི་རིག་
སྔགས་འཆང་ཞིག་རིག་པའི་རྒྱལ་པོ་སྒྲུབ་ན་སྒྲུབ་པ་བདུན་པ་ལ་དངོས་གྲུབ་སྩལ་བར་བགྱིའོ། །གལ་ཏེ་མ་སྩལ་ན་དེ་བཞིན་གཤེགས་པ་ཐམས་ཅད་འཁུས་པར་འགྱུར་རོ། །བཅོམ་ལྡན་འདས་གཞན་ཡང་གང་གིས་རིག་སྔགས་འཆང་རྣམས་ཀྱི་དངོས་གྲུབ་
ཏུ་འགྱུར་བའི་རྫས་རྣམས་མི་འཕྲོགས་པར་བརྗོད་པར་བགྱིའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་སྨྲོས་ཤིག །བཅོམ་ལྡན་འདས་རིག་སྔགས་འཆང་གིས་ལིག་བུ་མིག་དང་ལྡོང་རོས་ལ་སོགས་པ་སྒྲུབ་ན་ཐོག་མར་འོ་མས་བཀྲུ་བར་བགྱི་སྟེ། བཀྲུས་པས་དངོས་གྲུབ་
ཏུ་འགྱུར་རོ། །དངོས་གྲུབ་ཏུ་འགྱུར་བའི་རྫས་རྣམས་ཀྱང་རིག་སྔགས་འཆང་གི་བླ་མ་དང་བདག་དང་གྲོགས་རྣམས་ལ་ཆ་གསུམ་དུ་བགོ་བར་བགྱིའོ། །རལ་གྲི་དང་འཁོར་ལོ་དང་མདུང་རྩེ་གསུམ་པ་ཞིག་གྲུབ་ལ། སྟོར་ན་ཡིད་ཀྱིས་འདི་སྙམ་དུ་སེམས་ཅན་གང་
Vol. 95 · folio 28a
བསོད་ནམས་ཆུང་བ་དེའི་སྟོར་གྲང་སྙམ་དུ་བསམས་ལ་རིག་སྔགས་འཆང་དེས་སྦྱིན་སྲེག་བགྱིའོ། །ཡང་ན་ལག་པ་བཀན་ཏེ་མནན་ནོ། །གལ་ཏེ་ཤིན་ཏུ་གནོད་པ་བགྱིད་ན་རིག་སྔགས་འཆང་དེས་འདི་སྐད་དུ་རྫས་འདི་ནི་ལག་ན་རྡོ་རྗེའི་ཡིན་ནོ། །
ཞེས་བརྗོད་པར་བགྱིའོ། །བཅོམ་ལྡན་འདས་བདག་གིས་མིང་ཐོས་ནས་ཡིད་ཀྱིས་ཀྱང་འཁུ་བས་སེམས་པ་ནི་ལྷ་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། བདུད་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ་། །དེ་ནས་ཐམས་ཅད་དང་
བཅས་པའི་འཁོར་དེས་བྱང་ཆུབ་སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། །སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ་ཁྱོད་སེང་གེའི་སྒྲ་འདི་ལྟ་བུ་འབྱིན་པ་ལེགས་སོ་ཞེས་ཏེ། ལེགས་སོ་ཞེས་བྱ་བ་བྱིན་ནོ། །བཅོམ་ལྡན་འདས་འདི་ནི་བདག་གི་ཉེ་བའི་སྙིང་པོ་
ལགས་ཏེ། འདི་ལན་ཅིག་བརྗོད་པས་ཆོ་ག་ཆེན་པོ་རྒྱས་པ་བརྒྱད་བརྗོད་པར་འགྱུར་རོ། །ལག་ན་རྡོ་རྗེ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །བཅོམ་ལྡན་འདས་རིག་པའི་རྒྱལ་པོ་འདི་བདུན་བསྒྲུབ་པ་དང་། གནོད་པ་བགྱིད་ན་ཡིད་ཀྱིས་བཟླས་བརྗོད་བགྱིའོ། །
ཅི་སྟེ་རིག་སྔགས་འཆང་རིག་སྔགས་སྒྲུབ་པར་འཚལ་ན། རིག་སྔགས་འཆང་དེས་ཐོག་མར་རིག་སྔགས་དེ་ལན་བརྒྱ་རྩ་བརྒྱད་བརྗོད་པར་བགྱིའོ། །ཉེ་བའི་སྙིང་པོ་ཡང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་རིག་སྔགས་བསྒྲུབ་
པར་བགྱིའོ། །གལ་ཏེ་རིག་སྔགས་མ་གྲུབ་ན་དེ་ཉིད་དུ་མཆིས་ལ་དུ་བ་མ་མཆིས་པའི་མེ་མདག་ཏུ་སྐེ་ཚེ་ལས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་རིག་པ་དེ་ཉམས་པར་གྱུར་ནས་དེའི་མདུན་དུ་མཆི་སྟེ་དངོས་གྲུབ་ཏུ་སྩོལ་ཏོ། །དེ་ཉིད་དུ་མཆིས་ལ་རིག་སྔགས་འཆང་གིས་
ཡང་རིག་པ་བསྒྲུབས་ན་མྱུར་དུ་འགྲུབ་བོ། །གསང་སྔགས་ཐམས་ཅད་ཀྱི་ལས་ཀྱང་འདིས་འགྲུབ་པ་ལགས་སོ། །སྤོས་རྣམས་ཀྱིས་ལག་ན་རྡོ་རྗེའི་གཟུགས་བགྱིས་ལ་གདུགས་བདུན་དུས་གསུམ་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་མར་གྱི་ངོ་ཞག་བཅུ་
Vol. 95 · folio 28b
བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། དཔག་ཏུ་མ་མཆིས་པར་བཟླས་བརྗོད་བགྱིས་ན་གནོད་སྦྱིན་མོ་མཆི་བར་འགྱུར་ཏེ། རྡོ་རྗེ་བཞད་མས་སྨྲར་སྩལ་བར་བགྱིའོ། །གང་གི་ཚེ་ངས་ཆེ་གེ་མོ་ཞེས་བྱ་བ་ལ་རྒྱོབ་ཤིག་རྒྱོབ་ཤིག །སྲེགས་ཤིག་སྲེགས་ཤིག །
ཟུང་ཤིག་མྱོས་པར་གྱིས་ཤིག །མ་རུངས་པར་གྱིས་ཤིག་ཅེས་བསྒོ་བ་ཐམས་ཅད་ལ་གནོད་པ་གྱིས་ཤིག །བཅོམ་ལྡན་འདས་དྲན་པ་ཙམ་གྱིས་ཀྱང་ཐམས་ཅད་གྱིས་ཤིག་ཅེས་བསྒོ་བར་བགྱིའོ། །ཉེ་བའི་སྙིང་པོ་རྫོགས་སོ།། །།ནག་མོ་
དྲག་མོའི་ལས་རྣམས་ལགས་ཏེ། གསང་སྔགས་ཐམས་ཅད་དུ་གསང་སྔགས་གང་ལས་མི་བགྱིད་པ་དེ་ནག་མོ་དྲག་མོ་འདིས་བཀུག་ན་དེས་ལས་བགྱིད་དོ། །བཀུག་ཀྱང་གལ་ཏེ་མ་གྲུབ་ན་ཕྱེ་མ་རེད་ལག་ན་རྡོ་རྗེའི་མདུན་དུ་རིག་སྔགས་དེ་ལན་བདུན་བརྗོད་ལ། དེའི་
འོག་ཏུ་ནག་མོ་དྲག་མོའི་སྔགས་ལན་བརྒྱ་རྩ་བརྒྱད་བརྗོད་པར་བགྱིའོ། །དེ་ནས་སྔགས་དེ་རྨི་ལམ་དུ་སྟོན་པར་བགྱིད་དོ། །ཡི་གེ་མ་ཚང་བ་དང་། ཕུར་བུས་བཏབ་པས་སྨྲ་བར་བགྱིད་དོ། །གལ་ཏེ་ཡི་གེ་མ་ཚང་བར་གྱུར་ན་རིག་པ་མཆོག་གིས་ཚང་བར་བགྱིད་དོ། །
གལ་ཏེ་ཕུར་བུས་བཏབ་པར་གྱུར་ན་རིག་པ་མཆོག་ཉིད་ཀྱིས་ཕུར་བུས་འབྱུང་བར་བགྱིད་དེ། ཕྱེ་མ་རེད་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ལ་སྔགས་ཏེ། རང་གི་ཁྲག་གིས་ཤིང་ཏ་ལའི་ལོ་མ་ལ་བྲིས་ཏེ། རྩྭ་ཀུ་ཤ་ལས་བགྱིས་པའི་རྡོ་རྗེ་ལ་ལན་བདུན་སྔགས་ལ་བསྣུན་ན་
དེ་ནས་ཕུར་བུ་འབྱིན་པར་འགྱུར་རོ། །གདོན་དགུག་ན་མེ་ཏོག་གིས་བགྱིའོ། །གདོན་རེངས་པར་བགྱི་ན་ལན་གསུམ་བཟླས་བརྗོད་བགྱིས་པའི་ཆབ་ཀྱིས་བགྱིའོ། །གདོན་སྤོང་བར་བགྱིད་ན་བདུག་པས་བགྱིའོ། །གདོན་དབབ་ན་རྣ་བར་བཟླས་བརྗོད་བགྱིས་པས་
སོ། །གདོན་གཏོང་བར་འདོད་ན་ཤ་ཁ་རའི་ཆབ་ལ་ལན་བདུན་བཟླས་བརྗོད་བགྱིས་ན་གཏོང་ངོ་། །ཙན་དན་དམར་པོ་ལས་རྡོ་རྗེ་བགྱིས་ལ་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་བ་ལང་གི་ཤས་བདུག་པར་བགྱིའོ། །
Vol. 95 · folio 29a
རིག་པ་ཡང་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་ཕ་རོལ་བརྗེད་བྱེད་ཀྱིས་ཟིན་པར་བགྱིད་དོ། །རྡོ་རྗེ་འོ་མས་བཀྲུས་ལ་རིག་པ་ཡང་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་ཐར་པར་བགྱིས་པར་འགྱུར་རོ། །རྡོ་རྗེ་དེ་ཉིད་ལ་ཤ་ཆེན་པོས་བདུགས་ལ་རིག་
པ་ཡང་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་འགུམ་པར་བགྱིད་དོ། །ཚེས་གྲངས་དང་སྐར་མ་འདམ་མི་འཚལ། སྨྱུང་བ་བགྱི་མི་འཚལ་ཏེ་འདི་ལ་རྒྱུ་ནི་ཁྲོ་བོ་ཉིད་དོ། །དགྲ་བསད་པར་འཚལ་བས་གོས་རློན་པ་བགོས་ལ་ཁ་གདུགས་ལ་བལྟས་ཏེ། དགྲའི་སྲོག་
བསྐམས་ཀྱི་བར་དུ་གསང་སྔགས་བཟླས་བརྗོད་བགྱིའོ། །རྡོ་རྗེ་འོ་མས་བཀྲུས་པའི་རིག་པ་ཡང་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་སྔ་མ་ཁོ་ན་བཞིན་འགྱུར་རོ། །གལ་ཏེ་ནག་མོ་དྲག་མོ་བསྒྲུབ་པར་འཚལ་ན་ཐོག་མ་ཉིད་དུ་ཟས་སུ་འོ་སྐྱོ་འཚལ་ཞིང་ལན་འབུམ་བཟླས་བརྗོད་
བགྱིའོ། །དེའི་འོག་ཏུ་རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སངས་རྒྱས་ཀྱི་སྐུ་གཟུགས་གསེར་མདོག་ལྟ་བུ་བྲི་བར་བགྱིའོ། །དེའི་གཡོན་རོལ་ཏུ་ནག་མོ་དྲག་མོ་བྲི་བར་བགྱིའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་སྨྱུང་བ་བགྱིས་ཏེ། མཆོད་
པ་རྒྱ་ཆེར་བགྱིས་ལ་ནག་མོ་དྲག་མོ་མཆི་བར་འགྱུར་གྱིས་བར་དུ་རིག་པ་བཟླས་བརྗོད་བགྱིའོ། །མཆིས་པ་དང་རིག་པ་མཆོག་གིས་མཆོད་ཡོན་དབུལ་ལོ། །དེ་ནས་དེ་རིག་སྔགས་འཛིན་ཅི་སྦྱིན་པར་བྱ་ཞེས་མཆི་བ་དང་། དེ་ནས་བཅོམ་ལྡན་འདས་མ་རྒྱལ་པོ་བགྱིད་དུ་སྩོལ་
ཅིག་ཅེས་བརྗོད་ན་དེ་བཞིན་དུ་གྱུར་ཅིག་ཅེས་བརྗོད་ནས་མི་གདའ་བར་འགྱུར་རོ། །ནག་མོ་དྲག་མོའི་ཆོ་ག་རྫོགས་སོ།། །།རྒྱལ་བ་ལྡན་མའི་ལས་རྣམས་ལགས་ཏེ། ལྷ་ཐམས་ཅད་དགུག་ན་ལན་གསུམ་བཟླས་བརྗོད་བགྱིས་པའི་ཆབ་ཀྱིས་བགྱིའོ། །
དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཐམས་ཅད་དགུག་ན་ཡིད་ཀྱིས་བགྱིའོ། །བུད་མེད་དབང་དུ་བགྱིད་ན་ཡར་གྱི་ངོ་ཚེས་བརྒྱད་ནས་བརྩམས་ཏེ། ལག་ན་རྡོ་རྗེའི་མདུན་དུ་གདུགས་བདུན་དུས་གསུམ་དུ་དུ་བ་མ་མཆིས་པའི་མེ་མདག་ལ་ན་ལེ་ཤམ་གྱིས་ལན་བརྒྱ་རྩ་
Vol. 95 · folio 29b
བརྒྱད་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། །དབབ་པར་བགྱི་ན་ཆབ་བམ་བྱེའུ་རུག་པའི་ལོ་མས་བགྱིའོ། །གདོན་བཅིང་ངམ་བསྐྱོད་པར་བགྱི་ན་གུ་གུལ་གྱིས་བགྱིའོ། །དུར་ཁྲོད་ཀྱི་ཐལ་བ་ལ་གཟུགས་བགྱིས་ལ་ལན་གསུམ་བཟླས་བརྗོད་བྱས་པས་གདོན་གྱིས་གཏོང་བར་
བགྱིད་དོ། །དུར་ཁྲོད་ཀྱི་སོལ་བ་ལས་གདོན་གྱི་གཟུགས་བགྱིས་ལ་མཚོན་རྣོན་པོས་བཅད་ན་བཅད་པར་འགྱུར་ཏེ་གཏོང་ངོ་། །དུག་ལས་གསོ་ན་ཡལ་གས་བགྱིའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་དུར་ཁྲོད་དུ་དུར་ཁྲོད་ཀྱི་ཐལ་བས་གཟུགས་བགྱིས་ལ་བཟླས་བརྗོད་བརྒྱ་སྟོང་
བགྱིས་པའི་སེང་ལྡེང་གི་ཕུར་བུས་སྙིང་གར་བཙུགས་ན་གཟེར་ཐབས་དྲག་པོས་བཏབ་པར་འགྱུར་རོ། །ཕྱུང་ན་སོས་པར་འགྱུར་རོ། །ཡར་གྱི་ངོ་ཚེས་བདུན་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་བྱ་རོག་མ་ལངས་ཀྱི་བར་དུ་ལན་སྟོང་རྩ་བརྒྱད་བཟླས་
བརྗོད་བགྱིས་ན་ཏི་ན་ར་ཅིག་སྩོལ་ཏོ། །སྒྲུབ་པ་བགྱི་ན་མ་གོད་པའི་རས་ལ་སྦྱིན་དང་མ་འདྲེས་པའི་ཚོན་གྱིས་སངས་རྒྱས་ཀྱི་སྐུ་གཟུགས་གསེར་གྱི་མདོག་ཅན་བྲི་བར་བགྱིའོ། །དེའི་གཡོན་རོལ་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲི་བར་བགྱིའོ། །དེའི་གཡས་རོལ་ཏུ་འཕགས་པ་
ལག་ན་རྡོ་རྗེ་བྲི་བར་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་འདམ་བུ་མདའ་རྒྱུའི་ཁ་དོག་ལྟར་དཀར་པོའོ། །ལག་ན་རྡོ་རྗེ་ནི་སྔོ་བསངས་ཏེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ལག་ན་རྡོ་རྗེའི་གཡས་རོལ་ཏུ་ནི་རྒྱལ་བ་ལྡན་མ་སྔོ་བསངས་ལ་དེ་ཡང་རྒྱན་ཐམས་
ཅད་ཀྱིས་བརྒྱན་པའོ། །དེའི་འོག་རོལ་ཏུ་ནི་སྒྲུབ་པ་པོ་ལག་ན་པོག་ཕོར་ཐོགས་པ་བྲིའོ། །དེ་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ་མར་གྱི་ངོ་ཞག་བརྒྱད་ལ་རི་མོའི་སྐུ་གཟུགས་ལ་མཆོད་པ་རྒྱ་ཆེར་བགྱིས་ལ་གུ་གུལ་གྱིས་བདུག་པ་སྲེག་ཅིང་། རི་མོའི་སྐུ་གཟུགས་ཀྱི་མདུན་
དུ་ཞུགས་བུས་ལ་ཀ་ར་བཱི་རའི་མེ་ཏོག་དང་ཞོ་དང་སྦྲང་རྩི་མར་ལ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱིའོ། །དེ་ནས་མེ་ཐབ་ནས་ཀ་ར་བཱི་རའི་མེ་ཏོག་པདྨའི་ཚད་ཙམ་དུ་འབྱུང་ངོ་། །ཀ་ར་བཱི་རའི་པདྨའི་དབུས་ན་ཀ་ར་བཱི་ར་འདྲ་བའི་ལྡོང་རོས་འབྱུང་སྟེ། རིག་པའི་རྒྱལ་པོ་བཟླས་
Vol. 95 · folio 30a
བརྗོད་བགྱིད་བཞིན་དུ་དེ་བླང་བར་བགྱིའོ། །བླངས་པ་ཙམ་གྱིས་གདུགས་ཤར་བའི་མདོག་ལྟ་བུ་དང་། སྐྲ་ལྕང་ལོ་འཁྱིལ་བ་དང་ལོ་བཅུ་དྲུག་ལོན་པའི་ལུས་ལྟ་བུར་འགྱུར། ལོ་བརྒྱད་ཁྲི་ཐུབ་པར་འགྱུར། ནམ་མཁའ་ལ་མཆི་བ་དང་མཉམ་པ་མ་མཆིས་
པ་དང་། ཁ་ཟས་ཅི་འཚལ་བ་རྣམས་འཚལ་བར་འགྱུར་རོ། །རིག་སྔགས་འཆང་རྣམས་ཀྱི་སྤྱོད་ཡུལ་མ་ལགས་པར་འགྱུར་རོ། །བདག་འགུམ་པའི་དུས་འཚལ་བར་འགྱུར་རོ། །གལ་ཏེ་སླད་ཀྱིས་ཀྱང་བརྩོན་འགྲུས་བསྐྱེད་ན་ཚེ་དེའི་ཉིས་འགྱུར་ཐུབ་པར་འགྱུར་རོ། །
ཡར་གྱི་ངོ་ཟླ་བ་ཉ་བ་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། མཆོད་པ་བགྱིས་ལ་མེ་ཏོག་དྲི་ཞིམ་པོ་ལས་བརྒྱ་སྟོང་ཕུལ་ན་ཀཱར་ཥཱ་པ་ཎ་ལྔ་སྩལ་ཏོ། །དགྲ་བསྐྲད་པར་འཚལ་ན་ཡར་གྱི་ངོ་ཚེས་གཅིག་ལ་དུར་ཁྲོད་ཀྱི་གནས་སུ་ཞུགས་བུས་ལ་དུར་ཁྲོད་ཀྱི་ཐལ་བས་སྦྱིན་
སྲེག་བགྱིས་ན་བསྐྲད་པར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་པྲི་ཡང་ཀུའི་ཤིང་གིས་ཞུགས་བུས་ལ་བེ་ཀངྐ་ཏའི་ཡམ་སྲེག་ཤིང་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ནོར་སྩལ་ཏོ། །དཔལ་ཆེ་བར་བགྱིད་ན་ལག་ན་
རྡོ་རྗེའི་མདུན་དུ་ཏིལ་གྱིས་ལན་བརྒྱ་སྟོང་བཟླས་བརྗོད་བྱའོ། །དབྱེ་བར་བགྱི་ན་ཡར་གྱི་ངོ་ཚེས་ལྔ་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་མོན་སྲན་གྲེའུ་ལས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབྱེ་བ་བགྱིས་པར་འགྱུར་རོ། །ཚེས་གྲངས་དང་སྐར་
མ་འདམ་མི་འཚལ། སྨྱུང་བ་བགྱི་མི་འཚལ་ཏེ། ལག་ན་རྡོ་རྗེའི་མདུན་དུ་གདུགས་བདུན་དུས་གསུམ་དུ་བ་རུ་ར་བརྒྱ་རྩ་བརྒྱད་སྦྱིན་སྲེག་བགྱིས་ན་ཕྱུགས་ཆུང་རྙེད་དོ། །བུད་མེད་དབང་དུ་བགྱིད་ན་གདུགས་བདུན་དུས་གསུམ་དུ་མོན་སྲན་གྲེའུ་ལས་སྦྱིན་སྲེག་བགྱིའོ། །སྐྱེས་
པ་དབང་དུ་བགྱིད་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ལག་ན་རྡོ་རྗེའི་མདུན་དུ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ་ཏིལ་ལས་ལན་བརྒྱ་སྟོང་བགྱིས་ན་སྐྱེས་པ་དབང་དུ་འགྱུར་རོ། །རཱ་ཛཱ་མ་ཏེ་བ་ཤཱི་ཀ་ར་མཻ་ཤིཀླ་པྲ་ཏི་བ་དྷ་མཾ་བྷེ་བཛྲ་པཱ་ཎིརྒྷྲ་ཏ་ཨརྐྐ་ཨསྟེ་རགྣིཾ་པ་ཛྭ་ལྱ་ཤྭེ་ཏ་སར་ཤ་པ་
Vol. 95 · folio 30b
ནྃ་ཨཥྚ་ས་ཧ་སྲཾ་ཛུ་ཧུ་ཡངྻ་བད་ཨསྟ་མི་ཏི་བ་ཤ། རྒྱལ་བ་ལྡན་པའི་ཆོ་ག་རྫོགས་སོ།། །།རྡོ་རྗེ་ལྕགས་སྒྲོག་གི་ལས་རྣམས་ལགས་ཏེ། རིག་སྔགས་བཅིངས་ན་སྲད་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་མདུད་པ་དོར་རོ། །ཡུངས་ཀར་
གྱིས་ནི་ཞུགས་ཀྱི་ར་བར་འགྱུར་རོ། །ཆབ་ཀྱིས་ནི་ཡུལ་གྲུ་ཆེན་པོར་འགྱུར་རོ། །ཐལ་བས་ནི་རྡོ་རྗེ་ར་བར་འགྱུར་རོ། །བཅིང་བ་ཐམས་ཅད་རྡོ་རྗེ་ལྕགས་སྒྲོག་འདི་ཉིད་སྦྱར་བར་བགྱིའོ། །གང་དག་བདག་གི་རིག་པ་མཆོག་གི་ཆོ་ག་རྒྱས་པ་ལ་དམ་ཚིག་མཐོང་ནས་འཇིག་
རྟེན་པ་དང་འཇིག་རྟེན་ལས་འདས་པའི་རིག་སྔགས་སྒྲུབ་པ་དེ་དག་ལ་གང་དག་བགེགས་བགྱིད་དམ། རྫས་འཕྲོག་པ་དེ་དག་ནི་དམ་ཚིག་མ་འཚལ་ཅིང་རིགས་ལ་འཁུ་བ་ལགས་ཏེ། དེ་དག་མ་རུང་བར་བགྱི་བའི་སླད་དུ་ལས་འདི་བརྩམ་པར་བགྱིའོ། །ཙན་དན་དམར་
པོ་ལས་ལག་ན་རྡོ་རྗེའི་གཟུགས་བགྱིས་ཏེ་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་སེང་ལྡེང་ཤིང་གིས་ཞུགས་བུས་ལ། ཤ་ཆེན་པོ་སྲེག་བླུགས་ལན་བདུན་སྦྱིན་སྲེག་བགྱིས་ཏེ་དེའི་འོག་ཏུ་འདི་སྐད་ཅེས་ལྷའམ། གནོད་སྦྱིན་
ནམ། གྲུབ་པའམ། རིག་སྔགས་འཆང་ངམ། ལོག་འདྲེན་ནམ། ལོག་འདྲེན་གྱི་གཡོག་འཁོར་རམ། གྲུལ་བུམ་མམ། འབྱུང་པོའམ། ཤ་ཟའམ། གང་གིས་བདག་གི་རྫས་ཇི་ལྟར་ཁྱེར་བ་དེས་སླར་བྱིན་ཅིག་ཅེས་བརྗོད་པར་བྱའོ། །དེ་སྐད་ཐོས་ནས་
གལ་ཏེ་དེས་སྩལ་ན་ནི་ཅང་མི་བགྱིའོ། །གལ་ཏེ་མ་སྩལ་ན་ཡང་འདི་སྐད་བསྒྲག་པར་བགྱི་སྟེ། གང་གིས་བདག་གི་རྫས་ཁྱེར་བ་དེས་སླར་བྱིན་ཅིག་ཅེས་བགྱིའོ། །ཅི་སྟེ་མ་སྩལ་ན་ལག་ན་རྡོ་རྗེའི་རིགས་ལས་ཕྱི་རོལ་པ་ལག་ན་རྡོ་རྗེའི་རིགས་ལ་འཁུ་བ་ལགས་པས་
བྱ་གག་གི་རྟུག་པ་བླངས་ལ་ཡང་ལན་གསུམ་བརྗོད་པར་བགྱིའོ། །དེ་ལྟར་བགྱིས་ཀྱང་མ་སྩལ་ན་བྱ་གག་གི་རྟུག་པ་ལག་ན་རྡོ་རྗེ་ལ་བདུག་ཅིང་རིག་སྔགས་ཀྱང་ལན་བརྒྱད་བརྒྱ་བཟླས་བརྗོད་བགྱིའོ། །དེ་ནས་ལག་ན་རྡོ་རྗེའི་རིགས་ལ་འཁུ་བ་དེས་ཀྱི་ཧུད་ཀྱི་ཧུད་ཅེས་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words