འཕགས་པ་རིག་པ་མཆོག་གི་རྒྱུད་ཆེན་པོ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 95 · folio 174a

བྱའོ། །དེ་ལྟར་བྱས་ན་བཅོམ་ལྡན་འདས་ལག་ན་རྡོ་རྗེས་བྱིན་པ་ཡིན་ཏེ་ཆོ་ག་རྒྱས་པ་ཡང་འགྲུབ་པར་འགྱུར་རོ། །དེ་ནས་བླ་མའི་ལག་ནས་ཕྱག་རྒྱ་མཐོང་བ་ཙམ་གྱིས་སྦྱོར་བ་བྱས་ན་ནི་ཕྱག་རྒྱ་མ་རུང་བར་བྱེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་གནས་སམ།

སྐུ་གདུང་གི་གནས་སུ་ཕྱག་རྒྱའི་ཚོགས་བཀོད་ནས་ཕྱག་རྒྱ་ལ་ལྟ་བ་གང་ཡིན་པ་དེ་དག་ནི་ཕྱིར་མི་ལྡོག་པ་ཡིན་པར་བལྟ་བར་བྱ་སྟེ་དེ་ནི་ལྷ་ཐམས་ཅད་ཀྱིས་ཕྱག་བྱ་བ་ཡིན་ནོ། །ང་གང་ན་འདུག་པ་དེ་ན་ཕྱག་རྒྱ་གནས་ལ། ཕྱག་རྒྱ་གང་ན་གནས་པ་དེ་ན་ང་འདུག་སྟེ། ང་མཐོང་བས་དེ་

དག་ངེས་པར་ཕྱིར་མི་ལྡོག་པའི་འབྲས་བུ་དང་ལྡན་པར་འགྱུར་རོ། །ལུས་ཞིག་པའི་ཚེ་ཡང་ལག་ན་རྡོ་རྗེའི་གནས་ཡིད་དུ་འོང་བའམ། བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །གང་གི་ཕྱིར་ཕྱག་རྒྱ་ལྟ་བར་བྱེད་ན་ཕྱག་རྒྱའི་དབྱིབས་ལག་པའི་ཚུལ་གྱིས་བསྟན་པར་བྱའོ། །དཀྱིལ་འཁོར་དུ་ཡང་

དབྱིབས་སུ་བྲི་བར་བྱ་སྟེ། དེ་མཐོང་ནས་ཆོ་ག་བཞིན་དུ་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འཁོར་གྱི་ནང་ནས་ལངས་ཏེ། །བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་

འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་གསང་བ་དང་བཅས་གསང་ཆེན་དང་བཅས་པ་བདག་གིས་བཤད་ལགས་ཀྱིས་བཅོམ་ལྡན་འདས་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་མཆིས་ལ་སེམས་ཅན་རྣམས་

གདུལ་བར་འཚལ་ལོ། །དེ་སྐད་ཅེས་གསོལ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་གང་ཁྱོད་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་འདི་བཤད་པ་ནི་ཁྱོད་གཏུམ་པ་ཡིན། །བསྟེན་པར་དཀའ་བ་ཡིན། །ཤིན་

ཏུ་ཐུབ་པར་དཀའ་བ་ཡིན། །འཕགས་པའི་ཚུལ་མེད་པ་ཡིན་ཏེ། །ལག་ན་རྡོ་རྗེ་ཁྱོད་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་བཤད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་གསང་བ་མེད་པར་ལས་མི་བྱེད་དོ། །ལག་ན་རྡོ་རྗེ་དེ་བས་ན་རྡོ་རྗེའི་རིགས་འདི་དང་། རིག་པ་མཆོག་གི་ཆོ་ག་

Vol. 95 · folio 174b

རྒྱས་པ་ཆེན་པོ་འདི་བདེ་བླག་ཏུ་འགྲུབ་པར་བྱ་བའི་ཕྱིར་ཁྱོད་ཀྱི་མིང་བརྒྱད་པ་གསང་སྔགས་ཀྱི་འཁོར་དང་བཅས་པ་གང་ཐོས་ནས་མཚམས་མེད་པ་ལྔ་བྱེད་པ་ཡང་སྡིག་པ་འབྱང་པར་འགྱུར་བ་དང་། ལག་ན་རྡོ་རྗེ་ཁྱོད་ཀྱང་མཐོང་བར་འགྱུར་བ་དང་། བགེགས་དང་ལོག་འདྲེན་ཐམས་

ཅད་ཀྱང་འབྱེར་བར་འགྱུར་བ་དང་། ལོག་འདྲེན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་ཀྱང་ཕྱོགས་བཅུར་འབྱེར་བར་འགྱུར་བ་དང་། གང་ཐོས་ན་ཚངས་པར་མ་སྤྱད་པ་ཡང་ཚངས་པར་སྤྱོད་པར་འགྱུར་བ་དང་། ཐུབ་པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར་བ་དང་།

སྨྱུང་བར་མ་བྱས་པ་ཡང་སྨྱུང་བར་བྱས་པར་འགྱུར་བ་དང་། དགེ་སྦྱོང་མ་ཡིན་པ་ཡང་དགེ་སྦྱོང་གི་འབྲས་བུ་དང་ལྡན་པར་འགྱུར་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ་ལ་བསྲུང་བ་མཛད་པ་དང་། ལས་ཀྱི་དངོས་གྲུབ་ཀྱང་སྩོལ་བ་བཤད་པར་བྱའོ། །དེ་ནས་

བཅོམ་ལྡན་འདས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་མིང་བརྒྱད་པ་གསང་བ་གསང་སྔགས་ཀྱི་དཀྱིལ་འཁོར་དང་བཅས་པ་རྣམས་གང་ལགས། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། ལག་ན་རྡོ་རྗེ་ངས་བཤད་ཀྱིས་ཉོན་ཅིག །འདི་ལྟ་སྟེ་ཁྱོད་ནི་གླང་པོའི་རྣ་བ་ཅན་ཡིན། ཁྱོད་ནི་རྒྱན་བཟང་པོ་དང་ལྡན་པ་ཡིན། ཁྱོད་ནི་རྣམ་པར་གནོན་པ་ཡིན། ཁྱོད་ནི་ཡོན་ཏན་རིན་པོ་ཆེའི་འབྱུང་ཁུངས་ཡིན། ཁྱོད་ནི་བདེན་པའི་སྤྲིན་ཡིན། ཁྱོད་ནི་གཟུགས་

སྡུག་པའི་རྒྱན་དང་ལྡན་པ་ཡིན། ཁྱོད་ནི་འབར་བའི་མེ་ལྕེ་དང་ལྡན་པ་ཡིན། ཁྱོད་ནི་གཟུགས་མཛེས་པ་ཡིན། ཁྱོད་ཀྱི་མིང་འདི་དག་མཁས་པ་གང་གིས་ཐོས་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བདུན་གྱི་བར་དུ་སེམས་ཅན་དམྱལ་བར་སྐྱེ་བར་མི་འགྱུར་རོ། །སངས་

རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་འཆི་བའི་དུས་ཀྱི་ཚེ་མདུན་ན་བཞུགས་ཤིང་དེ་དག་དེ་ལ་ཆོས་སྟོན་པར་མཛད་དོ། །ཆོས་བསྟན་པ་དེས་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། །བྱང་ཆུབ་སེམས་དཔའ་རྣམས་དང་ཐབས་ཅིག་ཏུ་གནས་པར་འགྱུར་རོ། །

Vol. 95 · folio 175a

ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། །ན་མཿསཾགྷཱ་ཡ། ན་མོ་བཛྲ་པཱ་ཎི་ཡེ། ཏདྱ་ཐཱ། ཨཊྚེ་མཊྚེ་བ་རཊྚེ། སཽ་མེ་ས་མ་མུ་ཁི་ཧི་རི། ཐི་རི་མི་རི་ཀི་རི། །བྷི་བྷི་བྷི། སི་ནི་སིདྡྷྱནྟུ་སརྦ་ཀཱརྱཱ་ནི། མནྟྲ་པ་དཱཿསྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །འདི་ལྟར་གསང་ཆེན་བཀའ་སྩལ་པ། གང་ལགས་པ་ནི་བདག་ལགས་ཏེ་བཅོམ་ལྡན་འདས་དེ་དེ་ལེགས་སོ། །དེ་དེ་ལེགས་ཏེ་བཅོམ་ལྡན་

འདས་རིག་པ་མཆོག་གི་བསྒྲུབ་པས་བཟླས་བརྗོད་བགྱིས་པ་དང་། བསྒྲུབ་པའི་ཚེ་མཆོད་པ་བགྱིས་པ་མིང་བརྒྱད་པ་བཀླག་པར་བགྱིའོ། །བཀླགས་ན་བསྟོད་པར་འགྱུར་ཏེ། དགའ་ནས་དངོས་གྲུབ་སྩལ་བར་འཚལ་ལོ། །བགེགས་ཀྱང་འབྱུང་བར་མི་འགྱུར་ལ་ལྷ་རྣམས་ཀྱང་དགའ་

ནས་མྱུར་དུ་དངོས་གྲུབ་སྩོལ་བར་བགྱིད་དོ། །ཉལ་བའི་ཚེ་བཀླགས་ན་རྨི་ལམ་ངན་པ་མཐོང་བར་མི་འགྱུར་རོ། །སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ལན་འབུམ་བཟླས་བརྗོད་བགྱིས་ན་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །མཚམས་མེད་པ་ལྔ་བགྱིས་པ་ཡང་བསྐལ་

པ་བཟང་པོར་བྱང་ཆུབ་སེམས་དཔར་འགྱུར་ཞེས་བདག་མཆིའོ། །དེ་ནས་ཡང་ལན་འབུམ་བཟླས་བརྗོད་བགྱིས་ན་སློབ་དཔོན་དུ་འགྱུར་ཏེ། དེའི་འོག་ཏུ་རིག་པ་མཆོག་གི་དཀྱིལ་འཁོར་རྣམས་བྲི་བར་བགྱིའོ། །དེ་ནས་ཡང་ལན་འབུམ་བཟླས་བརྗོད་བགྱིས་ན་རིག་སྔགས་འཆང་

གི་ལུས་ཀྱི་དཀྱིལ་འཁོར་ནས་མཚན་རྣམས་འབྱུང་བར་འགྱུར་རོ། །དེའི་འོག་ཏུ་རིག་པ་མཆོག་ཀྱང་ལན་འབུམ་བཟླས་བརྗོད་བགྱིས་ན་ལག་ན་རྡོ་རྗེ་བདག་ཉིད་མཆིས་ནས་ལག་པས་བླངས་ཏེ་གང་དང་གང་དུ་མཆི་བ་དེ་དང་དེར་ཁྲིད་ཅིང་ལག་ན་རྡོ་རྗེ་དང་འདྲ་བར་སེམས་ཅན་རྣམས་ཀྱིས་

བསམས་པ་འཚལ་བར་འགྱུར་ལ་གདུལ་བའི་སེམས་ཅན་རྣམས་ཇི་ལྟ་བུས་དབང་དུ་འགྱུར་བ་དེ་ལྟ་བུས་དབང་དུ་འགྱུར་བ་དེ་ལྟ་བུར་ཆོས་སྟོན་དེ་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་གནས་ཤིང་། བདག་ཉིད་ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བར་འགྱུར་བ་དང་། འཆི་བའི་ཚེའང་བདག་ཉིད་

Vol. 95 · folio 175b

གཟུགས་སྣ་ཚོགས་སུ་མཐོང་པར་འགྱུར་བ་དང་བསྡུ་བ་རྣམ་བཞིས་སེམས་ཅན་རྣམས་ཡོངས་སུ་འཛིན་པ་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔར་འགྱུར་བ་དང་། དེ་བཞིན་གཤེགས་པ་ལ་བསྐུལ་བ་དང་། ཡོངས་སུ་བསྲུང་བར་བགྱི་བ་དང་། བདུད་བཞི་

ལས་རྣམ་པར་རྒྱལ་བར་འགྱུར་རོ། །དེའི་ལས་རྣམས་འབྱུང་སྟེ། རིག་པ་མཆོག་བསྒྲུབ་པའི་རིག་སྔགས་འཆང་དམ་ཚིག་ཉམས་པས་བག་མེད་པའི་དབང་གིས་མི་བསད་པ་ལ་སོགས་པ་བྱས་སམ། ཉ་དང་ཤ་དང་ཤ་ཟོས་སམ་གྲོང་གི་ཆོས་བྱས་ན་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་

ཏེ། འཕགས་པ་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ནས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་དམ་ཚིག་སྐོངས་པར་འགྱུར་རོ། །དཀྱིལ་འཁོར་དུ་མ་ཞུགས་པས་ཀྱང་དེ་ལྟར་བྱས་ན་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་ཏེ། དེའི་འོག་ཏུ་རིག་པ་མཆོག་བསྒྲུབ་པ་ན་རིག་སྔགས་

འཆང་གིས་ཟན་ཟ་བའི་ཚེ་སློང་མོའི་ཟས་ལ་ལན་གསུམ་བཟླས་བརྗོད་བྱས་ནས་མིང་བརྒྱད་པ་ལན་ཅིག་བཏོན་དེ་ཟོས་ན་ཁ་ཟས་ངན་པ་དག་པར་འགྱུར་ལ། སྦྱར་བའི་དུག་གིས་ཀྱང་མི་ཚུགས་པར་འགྱུར་རོ། །དེ་ལྟར་མ་བྱས་ན་ཤ་བསྟེན་པས་ལོག་འདྲེན་རྣམས་ཀྱིས་ཚུགས་པར་འགྱུར་

ཏེ་ལོག་འདྲེན་རྣམས་ཀྱིས་གཙེས་པ་ལ་ནི་རིག་པ་མཆོག་འགྲུབ་པར་མི་འགྱུར་རོ། །ལས་རྣམས་ལ་རིག་པ་མཆོག་གིས་བྱས་ན་ཐམས་ཅད་བྱེད་པར་འགྱུར་རོ། །དེ་ནས་གཞོན་ནུ་རྡོ་རྗེ་སྡེས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེའི་རྐང་པ་གཉིས་ལ་གཏུགས་ནས་འདི་སྐད་ཅེས་

སྨྲས་སོ། །བཅོམ་ལྡན་འདས་བགེགས་རྣམས་དང་། གདོན་རྣམས་ནི་མི་བཟད་པ་སྟེ། སྒྲུབ་པ་པོ་རྣམས་ལ་རྟག་ཏུ་གླགས་ཚོལ་ལོ། །སེམས་ཅན་སྣ་ཚོགས་དང་། སྒྲུབ་པ་པོ་རིག་སྔགས་དང་། གསང་སྔགས་བརྩོན་པ་གང་ཡིན་པ་དེ་དག་གི་ཆོ་ག་ཉམས་པ་ལ་ཡང་གདོན་

རྣམས་དང་། རིམས་ལ་སོགས་པའི་གནོད་པས་འཚེ་བར་བགྱིད་དེ་བཅོམ་ལྡན་འདས་དེ་དག་ལ་ཕན་པའི་ཕྱིར། བདེ་བླག་ཏུ་འགྲུབ་པར་འགྱུར་བའི་ཐབས་གང་གིས་ལོག་འདྲེན་རྣམས་བསལ་ནས་བདེ་བླག་ཏུ་གསང་སྔགས་འགྲུབ་པར་འགྱུར་བ་དང་། ཇི་ལྟར་འདོད་པ་བཞིན་དུ་བདེ་བར་

Vol. 95 · folio 176a

གནས་པར་འགྱུར་བའི་གསང་ཆེན་བསྡུས་པའི་ཆོ་ག་འབའ་ཞིག་བཤད་པར་གསོལ། །དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས་གཞོན་ནུ་རྡོ་རྗེ་སྡེ་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་གང་ཁྱོད་སྒྲུབ་པ་པོ་རྣམས་ལ་ཕན་པའི་ཕྱིར་བརྩོན་པ་དང་། བྱང་ཆུབ་

སེམས་དཔའི་སྤྱོད་པ་ལ་ཞུགས་པ་ལེགས་སོ་ལེགས་སོ། །དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །རྡོ་རྗེ་སྡེ་ཕྱག་རྒྱ་ཆེན་པོ་འབར་བ་སྟོབས་པོ་ཆེ་དོན་ཐམས་ཅད་འགྲུབ་པ། ཆོ་ག་བཞིན་དུ་ཚུལ་བསྟན་པ་ཙམ་གྱིས་དེ་མ་ཐག་ཏུ་ལས་ཐམས་ཅད་བྱེད་པ་དང་། གདོན་

ཐམས་ཅད་ཀྱང་སྐྲག་པར་བྱེད་པ། བགེགས་རྣམས་ཀྱང་འཇིགས་པར་བྱེད་པ་དང་། ལྷ་རྣམས་ཀྱང་འགྲུབ་པར་བྱེད་པ། ཀླུ་རྣམས་ཀྱང་འདྲེན་པར་བྱེད་པ། འབྱུང་པོ་རྣམས་ཀྱང་སྐྲོད་པར་བྱེད་པ་དང་། སྟག་ལ་སོགས་པ་མཆེ་བ་ཅན་རྣམས་ཀྱང་འབྱེར་བར་བྱེད་པ་དང་།

དེ་ལ་སོགས་པའི་ལས་རྣམས་བྱེད་པ་ཡོད་དོ། །དེ་དག་ཀུན་གྱི་མི་རྣམས་དང་། །མཚན་ཉིད་དང་ནི་དབྱིབས་རྣམས་དང་། །སོ་སོ་ཡི་ནི་ལས་རྣམས་ཀྱང་། །མདོ་ཙམ་རབ་ཏུ་བཤད་པར་བྱ། །བགེགས་རྣམས་དང་ནི་གསང་བ་དང་། །འཁྲུལ་འཁོར་གཞོམ་པར་

བསྟན་པ་ལ། །སྔགས་རྣམས་ཕྱག་རྒྱར་སྦྱར་ན་ནི། །མྱུར་དུ་ལས་རྣམས་ངེས་པར་བྱེད། །ལྷ་ལ་སོགས་པ་གཟི་ཆེན་རྣམས། །སྔོན་གྱི་དཀྱིལ་འཁོར་འདུས་པ་ཡི། །ལྷ་རྣམས་ཀུན་ལ་བདག་གིས་ནི། །ཕྱག་རྒྱ་དམ་ཚིག་བཅས་པས་ན། །ཕྱག་རྒྱ་དག་

གིས་ལྷ་རྣམས་ཀུན། །བྱམས་པ་ཡི་ནི་སེམས་སུ་འགྱུར། །འགལ་བར་བྱེད་པ་གང་དེ་དག །རྡོ་རྗེ་འཛིན་པས་གསད་པར་འགྱུར། །སྟོབས་ཆེན་ཕ་རོལ་གནོན་པ་དང་། །རྫུ་འཕྲུལ་ཆེ་བའི་ལྷ་དེ་དག །རིག་མཆོག་རྒྱུད་ཀྱི་གཡོག་འཁོར་དུ། །བྱ་བའི་ཕྱིར་ན་བཤད་པ་

ཡིན། །རིག་སྔགས་ཁྲོ་བོ་ཕོ་ཉ་མ། །རིགས་དང་ཉེ་བའི་རིགས་ཀྱི་ལྷ། །རྣལ་འབྱོར་མ་ནི་གང་བསྟན་པ། །དེ་དག་ཕྱག་རྒྱ་བཤད་པ་ཡིན། །རིག་མཆོག་རྩ་བའི་ཕྱག་རྒྱ་རྣམས། །ཐོག་མར་རབ་ཏུ་བསྟན་པ་ཡིན། །དེ་ནི་སྙིང་པོའི་ཕྱག་རྒྱ་དང་། །ཉེ་བའི་

Vol. 95 · folio 176b

སྙིང་པོ་རབ་ཏུ་བཤད། །རིག་སྔགས་རྒྱལ་པོ་གནོད་མཛེས་ཀྱི། །ཕྱག་རྒྱ་ལས་ཀུན་བྱེད་པ་དང་། །རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ནི། །བཀུག་པའི་ལས་ལ་སྦྱོར་བར་བྱ། །དེ་བཞིན་ཕྱག་རྒྱ་ཆེན་པོ་བརྒྱད། །བརྩོན་འགྲུས་ཆེ་ཞིང་གཟི་བརྗིད་ཆེ། །རབ་ཏུ་གཏུམ་ཞིང་

ལས་ཀུན་ལ། །ལག་ན་རྡོ་རྗེའི་མཐུ་དང་ལྡན། །རྒྱལ་བ་དང་ནི་རྣམ་པར་རྒྱལ། །མཱ་མ་ཀཱི་དང་གདོང་དམར་དང་། །ཕྲེང་བ་འཛིན་དང་ཀླུ་མགོ་ཅན། །རྣ་ཆ་གདོང་དང་འོད་ཟེར་ཕྲེང་། །ཕྱག་རྒྱ་ཆེན་པོ་བརྒྱད་བཤད་པ། །ལག་ན་རྡོ་རྗེ་གཟི་ཆེན་གྱི། །ཡན་ལག་ཀུན་ལ་

འབྱུང་བ་ཡིན། །བདག་གིས་བཤད་པ་གང་ཡིན་པའི། །གདོན་གྱི་དཀྱིལ་འཁོར་ལས་བཤད་པ། །བཅྭ་བརྒྱད་པོ་ནི་བརྩོན་འགྲུས་ཆེ། །མེ་ལྕེ་འབར་བའི་དེ་དག་དང་། །ཕྱག་རྒྱ་དྲུག་ཅུ་རྩ་བཞི་གང་། །ལས་ཀྱི་དཀྱིལ་འཁོར་ལས་བཤད་དང་། །རྡོ་རྗེ་འཕགས་བྱེད་

དཀྱིལ་འཁོར་ལས། །ཕྱག་རྒྱ་བསྟན་པ་གང་ཡིན་དང་། །དེ་དག་གི་ནི་གཙོ་བོ་ཡི། །ཕྱག་རྒྱ་མདོར་བཤད་གང་ཡིན་པ། །དེ་དག་གི་ནི་ཚུལ་དང་རྟགས། །ལས་རྣམས་ཀྱང་ནི་བསྟན་པར་བྱ། །དེ་ནས་བཅོམ་ལྡན་འདས་རིག་སྔགས་ཐམས་ཅད་ཀྱི་བདག་པོ་རིག་པ་མཆོག་

སྟོབས་དང་ཕ་རོལ་གནོན་པ་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའི་མཚན་ཉིད་འབྱུང་སྟེ། མདུན་དུ་ལག་ངར་ལྷན་ཅིག་ཏུ་སྦྱར་ལ་སོར་མོ་ཕན་ཚུན་བསྣོལ་ཏེ། ཁུ་ཚུར་བཅངས་ཏེ་གུང་མོ་བསྒྲེང་ལ་གཤིབས་ལ། །དེའི་ཕྱི་རོལ་གྱི་གློ་གཉིས་ནས་མཛུབ་མོ་གཉིས་རྡོ་རྗེའི་དབྱིབས་སུ་བྱས་

ནས་མཐེ་བོང་གཉིས་རྡོ་རྗེའི་དབྱིབས་ལྟར་རབ་ཏུ་བཞག་པ་ནི་བཅོམ་ལྡན་འདས་རིག་པ་མཆོག་གི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་གཉིས་སྤྲད་དེ་བཞག་པ་ནི་རིག་སྔགས་ཀྱི་རྒྱལ་མོའི་ཕྱག་རྒྱའོ། །སྤྱན་དྲང་བ་ནི་རིག་སྔགས་ཀྱི་རྒྱལ་པོའི་ཕྱག་རྒྱ་ལས་གུང་མོ་གཉིས་ཀྱི་དབུས་

བཀུག་ལ་གུང་མོ་གཤིབས་པའི་ཕྱི་རོལ་གྱི་ཚིགས་དྲང་པོར་བསྟན་པར་བྱ་སྟེ། རྒྱལ་བའི་བློ་གྲོས་ཀྱི་ཕྱག་རྒྱ་ཡིན་ནོ། །སླར་བཏང་བ་ནི་དེ་ཉིད་ལས་མཛུབ་མོ་གཉིས་ཅུང་ཟད་བརྐྱང་བར་བྱས་ཏེ་ཤུགས་ལྡན་གྱི་ཡིན་ནོ། །རྩ་བའི་ཕྱག་རྒྱ་ལས་གུང་མོ་གཤིབས་པའི་ཕྱི་རོལ་གྱི་ཚིགས་དྲང་པོར་

Vol. 95 · folio 177a

མཛུབ་མོ་གདུ་བུ་ལྟར་བཀུག་སྟེ་བཞག་པ་ནི་སྙིང་པོའི་ཕྱག་རྒྱའོ། །ཚིགས་དབུ་མར་གཞར་བ་ནི་ཉེ་བའི་སྙིང་པོའི་ཕྱག་རྒྱའོ། །མཛུབ་མོའི་ཐོར་ཏོ་མཉམ་དུ་གཤིབས་པ་ནི་བློ་གྲོས་རྡོ་རྗེའི་ཕྱག་རྒྱའོ། །དེ་ཉིད་ལས་རྒྱབ་ཏུ་བསྙམས་ཏེ་གཞར་བ་ནི་དགའ་བྱེད་གདོང་གི་

ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཀྱི་སེན་མོ་ཕན་ཚུན་སྤྲད་དེ་བཞག་པས་མཐེ་བོང་གཉིས་མནན་པ་ནི་རལ་གྲིའི་ཕྱག་རྒྱའོ། །རལ་གྲིའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཚིགས་རེ་རེ་བཀུག་སྟེ། །མཐེ་བོང་གཉིས་ཀྱི་ཕྱི་རོལ་དུ་བཞག་པ་ནི་རིག་སྔགས་ཀྱི་རྒྱལ་པོ་

རབ་ཏུ་གྲུབ་པར་བྱེད་པའི་རྩ་བའི་ཕྱག་རྒྱའོ། །དེ་ལས་མཛུབ་མོ་གཉིས་བརྐྱང་བ་ནི་དབང་ཕྱུག་ཆེན་པོའིའོ། །དེ་ཉིད་ལས་མཐེ་བོང་ཅུང་ཟད་བཀུག་པ་ནི་ལྷ་མོ་རྩེ་གསུམ་ཀ་གདེང་གི་ཕྱག་རྒྱའོ། །སྙིང་པོའི་ཕྱག་རྒྱ་ལས་གུང་མོ་གཤིབས་པའི་ཚིགས་དང་པོ་བཀུག་པ་ནི་སངས་རྒྱས་

བཅོམ་ལྡན་འདས་ཀྱི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་བཏང་སྟེ་ཚིགས་རེ་རེ་བཀུག་ལ། འོག་ཏུ་ཕན་ཚུན་སྤྲད་པ་ནི་གཙུག་ཏོར་གྱི་ཕྱག་རྒྱའོ། །མཛུབ་མོ་གཉིས་ཕྱི་རོལ་དུ་མ་ཕྲད་པར་བཟུང་བ་ནི་པདྨ་འཛིན་གྱི་ཕྱག་རྒྱའོ། །གཏུམ་སེལ་གྱི་ཕྱག་རྒྱ་ཡང་དེ་ཉིད་

ཡིན་ནོ། །ཅུང་ཟད་བརྐྱང་བ་ནི་དཔལ་ཆེན་མོའི་ཕྱག་རྒྱའོ། །དེ་ཉིད་ལས་ཚིགས་དང་པོའི་སྟེང་དུ་བཞག་པ་ནི་རྡོ་རྗེ་མི་གཡོ་བའི་ཕྱག་རྒྱའོ། །ཚིགས་རེ་རེ་བཀུག་སྟེ་མཐེ་བོང་གཉིས་ཀྱི་ཕྱི་རོལ་དུ་གཞར་བ་ནི་རྟ་མགྲིན་གྱི་ཕྱག་རྒྱའོ། །སེན་མོ་གཉིས་ལ་གཞར་བ་ནི་རྡོ་རྗེ་སྙིང་པོའི་

ཕྱག་རྒྱའོ། །དེ་བཞིན་དུ་རལ་གྲིའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཀྱི་ཚིགས་རེ་རེ་བཀུག་པ་ནི་རྫོང་གི་འཕགས་མའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་གཉིས་སོ་སོར་སྦས་པ་ནི་རལ་པ་གཅིག་པའི་ཕྱག་རྒྱའོ། །རལ་པ་གཅིག་པའི་ཕྱག་རྒྱ་ཉིད་ལས་ཚིགས་གཅིག་བཀུག་པ་ལས་

གཤིབས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱའོ། །རྫོང་གི་འཕགས་མའི་ཕྱག་རྒྱ་ལས་བཀུག་པ་ནི་གནོད་སྦྱིན་ཐམས་ཅད་ཀྱི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ལས་གུང་མོ་གཤིབས་པ་ཡིད་ཙམ་གྱིས་བཀུག་པ་ནི་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ། །རིག་སྔགས་ཀྱི་རྒྱལ་

Vol. 95 · folio 177b

པོའི་ཕྱག་རྒྱ་ལས་མཐེ་བོང་གཉིས་ཡིད་ཙམ་ཕྱིར་བཀྱེད་པ་ནི་འཇིགས་བྱེད་ཆེན་པོའི་ཕྱག་རྒྱའོ། །རྒྱལ་བའི་བློ་གྲོས་ཀྱི་ཕྱག་རྒྱ་ལས་ཕྱེ་སྟེ་མཐེ་བོང་བསྒྲེང་བ་ནི་རྡོ་རྗེ་སེར་སྐྱའི་ཕྱག་རྒྱའོ། །དེ་བཞིན་དུ་རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་གྱི་ཕྱག་རྒྱ་ནི་ཤུགས་ལྡན་མ་ཡང་ཡིན་ནོ། །སྙིང་པོའི་

ཕྱག་རྒྱ་ལས་མཛུབ་མོ་གཉིས་པ་ཀུག་པ་ནི་ལག་ན་རྡོ་རྗེའི་ཕྱག་རྒྱའོ། །མེ་ཏོག་གི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །ཉེ་བའི་སྙིང་པོའི་ཕྱག་རྒྱ་ལས་དེ་བཞིན་དུ་མཛུབ་མོ་གཉིས་མཐེ་བོང་ལ་རེག་པར་བྱས་པ་ནི་རྡོ་རྗེ་ཁྲོ་བོ་མཛེས་པའི་ཕྱག་རྒྱའོ། །འདོད་པའི་རྡོ་རྗེ་མའི་ཕྱག་རྒྱ་ཡང་དེ་ཉིད་

ཡིན་ནོ། །མཛུབ་མོ་གཉིས་ཅུང་ཟད་ཕྱེ་བ་ནི་ཚངས་པའི་མིག་གི་ཕྱག་རྒྱའོ། །བློ་གྲོས་རྡོ་རྗེ་ཕྱག་རྒྱ་ལས་མཐེ་བོང་གཉིས་སྦས་པ་ནི་རིག་སྔགས་ཀྱི་རྒྱལ་པོ་ཡི་གེ་འབྲུ་བཞི་པའི་ཕྱག་རྒྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དབུ་བཞི་པའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །

མཛུབ་མོ་ཅུང་ཟད་ཕྱེ་བ་ནི་བརྒྱ་བྱིན་གྱི་ཕྱག་རྒྱའོ། །དགའ་བྱེད་གདོང་གི་ཡང་དེ་ཉིད་ཡིན་ནོ། །མཐེ་བོང་གཉིས་སྦས་པ་ནི་གཙུག་ཏོར་ཐུབ་མེད་ཀྱི་ཕྱག་རྒྱའོ། །མཛུབ་མོ་གཉིས་བཀུག་ལ་གུང་མོ་གཤིབས་པའི་ཕྱི་རོལ་ཚིགས་དྲང་པོར་བསྟན་པ་ནི་རྡོ་རྗེ་འོད་ཟེར་ཕྲེང་གི་ཕྱག་རྒྱའོ། །

ཚིགས་དབུས་མར་བསྟན་པ་ནི་འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱའོ། །ཐུར་དུ་བསྟན་པ་ནི་ཕུར་བུ་གསུམ་པའི་ཕྱག་རྒྱའོ། །རལ་གྲིའི་ཕྱག་རྒྱ་ལས་གཤིབས་པའི་རྩེ་མོ་བཀུག་པ་ནི་དབང་ཕྱུག་ཆེན་པོའི་མཚན་གྱི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་དང་སྦྱར་བ་ནི་ཉི་མའི་ནམ་མཁའི་

ཕྱག་རྒྱའོ། །རབ་ཏུ་འགྲུབ་པར་བྱེད་པའི་མཛུབ་མོའི་ཚིགས་གཉིས་བཀུག་པ་ནི་རིག་སྔགས་འཆང་ཐམས་ཅད་འགྲུབ་པའི་ཕྱག་རྒྱའོ། །རྒྱལ་བའི་རྒྱུད་ལས་དབང་བསྐུར་བའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སྲིན་པོའི་ཕྱག་རྒྱའོ། །རྩེ་

གསུམ་ཀ་གདེང་གི་ཕྱག་རྒྱ་ལས་མཐེ་བོ་སྦྱར་བ་ནི་མ་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་གུང་མོ་གཤིབས་པའི་ཕྱི་རོལ་ནས་གདུ་བུ་ལྟར་དཀྲིས་པ་ནི་རྡོ་རྗེ་སྒྲོགས་ཀྱི་ཕྱག་རྒྱའོ། །དེ་ལྟར་འདུག་བཞིན་དུ་བཀུག་པ་ནི་རྡོ་རྗེ་གདུ་བུའི་ཕྱག་རྒྱའོ། །སངས་རྒྱས་

Vol. 95 · folio 178a

ཐམས་ཅད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་ཕྱེ་སྟེ་གདུ་བུ་ལྟར་བྱས་ལ་གུང་མོ་གཤིབས་པའི་ཕྱི་རོལ་གྱི་ཚིགས་དང་པོར་བསྟན་པ་ནི་ཀླུ་ཆེན་པོའི་ཕྱག་རྒྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་མདོར་བསྡུས་ཏེ་རིག་པ་མཆོག་གི་ཕྱག་རྒྱའི་ཁྱད་པར་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་། །

ཕྱག་འཚལ་བའི་ཐལ་མོ་སྦྱར་ལ་སྲིན་ལག་བསྣོལ་ཏེ་ནང་དུ་བཅུག་ནས་མཐེ་བོང་གཉིས་ཀྱི་དྲུང་དུ་བཞག་ལ་དེ་གཉིས་ཀྱི་བར་དུ་མཐེ་བོང་གཉིས་དམ་དུ་གཤིབས་ཏེ་གཞག །གུང་མོ་གཤིབས་པའི་གློ་གཉིས་ནས་མཛུབ་མོ་གཉིས་རྡོ་རྗེའི་ཚུལ་དུ་བྱས། མཐེའུ་ཆུང་གཉིས་

ཀྱང་གཤིབས་ཏེ་བཞག་པ་ནི་རིག་སྔགས་ཀྱི་རྒྱལ་པོའི་རྩ་བའི་ཕྱག་རྒྱའོ། །དེ་ལས་མཐེ་བོང་གཉིས་གཤིབས་ཏེ་བསྟོད་པ་ནི་རྡོ་རྗེ་རྩེ་ལྔ་པ་ཡིན་ནོ། །དེ་ཉིད་ལས་གུང་མོ་གཤིབས་པ་ནས་གང་ཙམ་གྱིས་ཕྱེ་བ་ནི་རྡོ་རྗེ་འཇོམས་པའི་ཕྱག་རྒྱའོ། །མཐེ་བོ་དང་མཐེའུ་ཆུང་གཉིས་

གཤིབས་ལ་གུང་མོ་གཤིབས་པ་དང་ལྷན་ཅིག་ཏུ་སྦྱར་བ་ནི་ལག་ན་རྡོ་རྗེའི་སྙིང་པོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་ལས་མཛུབ་མོ་བརྐྱང་བ་ནི་རྡོ་རྗེ་འབར་བའི་ཕྱག་རྒྱའོ། །མཛུབ་མོ་ཚིགས་དབུས་མ་བཀུག་ལ་གུང་མོ་གཤིབས་པའི་ཚིགས་དང་པོར་གཞག་པ་ནི་བློན་མོ་བདུན་གྱི་སྤྱིའི་

ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོ་གཉིས་གཤིབས་ལ་མཐེའུ་ཆུང་གཉིས་གཤིབས་པ་ལས་བསྣོལ་བ་ནི་ཕོ་ཉ་མ་ཐམས་ཅད་ཀྱི་སྤྱིའི་ཕྱག་རྒྱའོ། །རིག་སྔགས་ཀྱི་རྒྱལ་པོའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་རལ་གྲི་ཕྱག་རྒྱ་ལྟར་བྱས་ལ་སྲིན་ལག་གཉིས་ཀྱང་མཐེ་བོང་གཉིས་ཀྱི་རྩེ་མོའི་

གློ་ཕྱོགས་སུ་བསྟོད་དེ་གཞར་བ་ནི་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཕྱག་རྒྱའོ། །རྩེ་ལ་སྲིན་ལག་གཉིས་སྔ་མ་ཁོ་ན་བཞིན་བཞག་པ་ནི་རྡོ་རྗེ་ཁྲོ་བོ་ཆེན་པོ་སུ་རུ་སུ་རུའི་ཕྱག་རྒྱའོ། །དེ་ལ་མཛུབ་མོའི་ཚིགས་གཅིག་བཀུག་པ་ནི་ཁྲོ་བོ་མེའི་ཕྱག་རྒྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་མདོར་

བསྡུས་ཏེ་རིག་སྔགས་ཀྱི་རྒྱལ་པོ་གནོད་མཛེས་ཀྱི་ཕྱག་རྒྱ་ལས་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་། །ཕྱག་འཚལ་བའི་ཐལ་མོ་སྦྱར་ཏེ་སྲིན་ལག་དང་མཛུབ་མོ་གཤིབས་པ་ནང་དུ་སྦས་ལ། སོར་མོ་རྣམས་ཀྱི་བར་ཕྱེ་བ་ནི་ནམ་མཁའི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་སོར་མོ་རྣམས་གཞུམ་

Vol. 95 · folio 178b

པ་ནི་འཕགས་པ་དོན་ཡོད་པའི་ཞགས་པའི་ཕྱག་རྒྱའོ། །དེ་ཉིད་ལས་ལག་པ་གཡོན་པའི་མཛུབ་མོ་བརྐྱང་བ་ནི་རྟ་མགྲིན་གྱི་ཕྱག་རྒྱའོ། །གཡས་པ་བརྐྱང་པ་ནི་རྡོ་རྗེ་སྙིང་པོའི་ཕྱག་རྒྱའོ། །མཱ་མ་ཀཱིའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་ཚིགས་གཅིག་བཀུག་པ་ནི་མཱ་མ་ཀཱི་སྤྱན་

དྲང་བའི་ཕྱག་རྒྱའོ། །བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །ཁྲོ་བོ་རྣམ་པར་མི་བཟད་པའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །གུང་མོ་གཤིབས་པ་ལས་རྡོ་རྗེའི་ཚུལ་དུ་བྱ་བ་ནི་ཁྲོ་བོ་རྩེ་གཅིག་ལྡན་གྱི་ཕྱག་རྒྱའོ། །གཡས་པའི་མཛུབ་མོ་བཀུག་པ་ནི་རྡོ་རྗེ་དགྲ་སྟའི་ཕྱག་རྒྱའོ། །

དེ་ཉིད་ལས་མཐེ་བོང་གཉིས་རབ་ཏུ་བཞག་སྟེ། ཚིགས་གཅིག་བཀུག་ལ་མཛུབ་མོའི་ངོས་ལ་གཞར་བ་ནི་རྡོ་རྗེ་མི་གཡོ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོའི་ཐོར་ཏོ་སྤྲད་པ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱའོ། །ཚིགས་གཉིས་བཀུག་པ་ནི་ལོག་འདྲེན་གྱི་ཕྱག་རྒྱའོ། །རྡོ་རྗེའི་ཚུལ་དུ་

བྱས་པ་ནི་གཙུག་ནས་བྱུང་བའི་ཕྱག་རྒྱའོ། །མཱ་མ་ཀཱིའི་ཕྱག་རྒྱའི་མཛུབ་མོ་གཉིས་ཕྱེ་སྟེ། གུང་མོ་གཤིབས་པའི་ཚིགས་དང་པོར་བཞག་ལ་མཐེ་བོང་གཉིས་ཀྱང་བཅུམ་པ་ནི་རྡོ་རྗེ་སྡེའི་ཕྱག་རྒྱའོ། །ཚིགས་དབུས་མར་བཞག་པ་ནི་ལག་བཟངས་ཀྱི་ཕྱག་རྒྱའོ། །དྲུང་དུ་

བཞག་པ་ནི་གཙུག་ནས་འབྱུང་གི་ཕྱག་རྒྱའོ། །དེ་གཉིས་གུང་མོ་གཤིབས་པའི་རྒྱབ་ཏུ་གདུ་བུ་ལྟར་སྦྱར་བ་ནི་ལོག་འདྲེན་ཐམས་ཅད་བཅིང་བའི་ཕྱག་རྒྱའོ། །མཱ་མ་ཀཱིའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་ཁ་ཕྱེ་སྟེ་གུང་མོ་གཤིབས་པའི་ཕྱི་རོལ་ནས་རྡོ་རྗེའི་ཚུལ་དུ་བཟུང་། མཐེ་བོང་གཉིས་

གཤིབས་ཏེ་བསྟོད་པ་ནི་རྡོ་རྗེ་རྩེ་ལྔ་པ་སྟེ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཡིན་ནོ། །དེ་བཞིན་དུ་མཛུབ་མོའི་དབུས་བཀུག་སྟེ་ཚིགས་དང་པོར་བཞག་པ་ནི་ཆུ་སྲིན་མ་ཀ་རའི་ཕྱག་རྒྱ་ཡིན་ནོ། །མཱ་མ་ཀཱིའི་ཕྱག་རྒྱ་ཉིད་ལས་མཐེའུ་ཆུང་གཤིབས་པ་མཐེ་བོང་གཤིབས་པ་དང་གུང་མོ་གཤིབས་

པ་རྣམས་བཅུམ་པ་ནི་རྡོ་རྗེ་ནག་མོའི་ཕྱག་རྒྱའོ། །མཐེའུ་ཆུང་དང་མཐེ་བོང་གཤིབས་པ་ཕན་ཚུན་བསྣོལ་ལ་གྱེན་དུ་རྡོ་རྗེ་རྩེ་གསུམ་པར་བྱ་བ་ནི་མཱ་མ་ཀཱིའི་སྙིང་པོའི་ཕྱག་རྒྱ་སྟེ། ལས་ཐམས་ཅད་བྱེད་པ་དང་། །ཤིན་ཏུ་དྲག་པོ་ཡིན་ནོ། །དེ་ཉིད་ལས་སོར་མོ་རྣམས་བཅུམ་པ་ནི་རྡོ་རྗེ་འབྱིན་

Vol. 95 · folio 179a

མའི་ཕྱག་རྒྱའོ། །མཐེ་བོང་གཤིབས་པ་བཅུམ་སྟེ་བཞག་པ་ནི་རྡོ་རྗེ་ལྟེ་བའི་ཕྱག་རྒྱའོ། །མཐེ་བོང་ནང་དུ་སྦས་ལ་མཐེའུ་ཆུང་གཤིབས་པ་ཕྱེ་བ་ནི་གདེང་དཀར་མའི་ཕྱག་རྒྱའོ། །དེ་ནས་འཕགས་པ་མཱ་མ་ཀཱིའི་ཕྱག་རྒྱ་ཐ་དད་པ་གདོན་ཐམས་ཅད་འཇིགས་པར་

བྱེད་པ་འབྱུང་སྟེ། གཡས་བརྐྱང་ཚུལ་གྱིས་གནས་པར་བྱས་ལ་ལག་པ་གཡོན་པ་ནི་རྡོ་རྗེ་མཚན་མ་བལྟ་བའི་དམིགས་སུ་གཏད་པར་བྱ། གཡས་པ་སྟ་ཟུར་ཕྱོགས་སུ་གཞག །བཅོམ་ལྡན་འདས་མཱ་མ་ཀཱིའི་ལས་ཀུན་བྱེད་པའི་ཕྱག་རྒྱ་གཞན་འདི་ནི་གདོན་རྣམས་ལ་སོགས་པ་དང་། སྣ་

ཚོགས་པའི་བགེགས་ལ་སྦྱར་བར་བྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་། །ལག་པ་གཡས་པའི་སོར་མོ་རྣམས་བཅངས་ཏེ་ཁུ་ཚུར་ཐ་མལ་པར་བྱས་ནས་མཛུབ་མོ་བརྐྱང་བའི་གློར་མཐེ་བོ་གཞར་བ་ནི་རྒྱལ་བའི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་དང་

བཅས་པར་བརྐྱང་བ་ནི་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་རིལ་ནང་དུ་བཅུག་སྟེ། །སོར་མོ་ཐམས་ཅད་ཀྱིས་མནན་པ་ནི་ལག་ན་རྡོ་རྗེའི་ཁུ་ཚུར་གྱི་ཕྱག་རྒྱའོ། །སོར་མོ་ཕན་ཚུན་ཡིད་ཙམ་ལྷག་པར་བྱས་པ་ནི་བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱའོ། །གུང་མོ་དང་སྲིན་

ལག་གཉིས་ཀྱི་བར་དུ་མཐེ་བོའི་ཐོར་ཏོ་ཚིགས་གཅིག་ཙམ་ཕྱི་རོལ་དུ་བྱུང་བར་བྱས་པ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ། །ལག་ན་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་དུ་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་། །སྙིམ་པ་

བཀན་ཏེ་གུང་མོ་གཉིས་ལུ་གུ་རྒྱུད་ཀྱི་ཚུལ་དུ་འཁྱུད་ནས་སོར་མོ་ལྷག་མ་རྣམས་བཀུག་པ་ལ་མཐེ་བོས་མནན་པ་ནི་གདོང་དམར་གྱི་ཕྱག་རྒྱའོ། །དེ་ཉིད་ལས་སྙིམ་པ་ཕྱེ་སྟེ་སྲིན་ལག་གཉིས་འཁྱུད་ལ་མཛུབ་མོ་གུང་མོའི་རྩེ་མོར་གཞར་བ་ནི་འོད་ཟེར་ཕྲེང་གི་ཕྱག་རྒྱའོ། །དེ་ཉིད་ལས་

མཐེའུ་ཆུང་དང་སྲིན་ལག་འཁྱུད་དེ་ལག་པའི་ནང་དུ་བཙུག་ལ་ཕྱི་རོལ་ནས་མཛུབ་མོ་གཉིས་ཀྱི་ཐོར་ཏོའི་སྟེང་ནས་གུང་མོ་བཀུག་པའི་རྩེ་མོ་མཐེ་བོང་གཉིས་ཀྱི་རྩེ་མོ་དང་སྤྲད་པ་ནི་རྣ་ཆ་གདོང་གི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་མཐེ་བོའི་ཐོར་ཏོ་ལ་གཞར་བ་ནི་དགའ་བྱེད་གདོང་གི་ཕྱག་རྒྱའོ། །

Vol. 95 · folio 179b

དེ་ཉིད་ལས་ལག་པ་གཡོན་པའི་སྲིན་ལག་བརྐྱང་བ་ནི་རྡོ་རྗེ་སྡེའི་ཕྱག་རྒྱའོ། །དེ་ཉིད་ལས་གཡས་པའི་སྲིན་ལག་ཕྱིར་བརྐྱང་བ་ནི་ལག་བཟངས་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་སྙིམ་པ་ཕྱེ་སྟེ་གཉིས་ཀ་ཕན་ཚུན་འཁྱུད་ནས་མཐེའུ་ཆུང་གཉིས་སྲིན་ལག་དང་གུང་མོ་མནན་ལ་མཛུབ་

མོ་གཉིས་ཀྱི་ཐོར་ཏོ་སྤྲད་དེ་མཐེ་བོང་གཉིས་ཀྱིས་སྲིན་ལག་དང་གུང་མོ་མནན་པ་ནི་ཁྲོ་བོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་གཡས་པ་བརྐྱང་བ་ནི་ཁྲོ་བོ་རྡོ་རྗེ་རྩེ་གཅིག་ལྡན་གྱི་ཕྱག་རྒྱའོ། །དེ་ཉིད་ལས་བཟློག་པ་ནི་སྙིང་པོའི་རྒྱལ་པོའི་ཕྱག་རྒྱའོ། །དེ་ལས་སྙིམ་པ་ཕྱེ་ལ་མཐེའུ་

ཆུང་དང་སྲིན་ལག་དང་གུང་མོ་རྣམས་འཁྱུད་ནས་མཛུབ་མོ་གཉིས་བཀུག་སྟེ་སྤྲད་ལ་སྲིན་ལག་གཉིས་ཀྱི་དྲུང་དུ་མཐེ་བོང་གཞག་པ་ནི་ལུས་དམར་གྱི་ཕྱག་རྒྱའོ། །དེ་ཉིད་ལས་སྲིན་ལག་བསྣོལ་བའི་རྩེ་མོར་མཐེ་བོང་གཉིས་བཞག་ལ། །མཐེའུ་ཆུང་དང་གུང་མོ་ཐ་མལ་པར་བཀུག་

པ་ནི་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་སྙིམ་པ་ཕྱེ་སྟེ་སོར་མོ་ཐམས་ཅད་ཀྱི་ཐོར་ཏོ་བསྣོལ་མར་ཕན་ཚུན་འཁྱུད་དེ་མཐེ་བོང་དང་མཛུབ་མོའི་ཐོར་ཏོ་སྤྲད་ལ་མཐེའུ་ཆུང་རང་རང་མཐེ་བོའི་དྲུང་དུ་གཞར་བ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་བཟློག་སྟེ་བཀུག་པ་ནི་

རྡོ་རྗེ་འོག་པག་ཅན་གྱི་ཕྱག་རྒྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པ་འབྱུང་ངོ་། །སྙིམ་པ་བཀན་ལ་མཐེའུ་ཆུང་གཤིབས་ནས་དེའི་རྒྱབ་ནས་སྲིན་ལག་གཤིབས་པར་བྱ། དེ་གཉིས་ཀྱི་བློའི་ཚིགས་དང་པོར་གུང་མོ་གཉིས་བཞག་ལ་མཛུབ་མོ་གཉིས་སོ་སོ་ནས་བཀུག་

སྟེ། མཐེ་བོང་གཉིས་གློ་ལ་གཞར་བ་ནི་ཀླུ་མགོ་ཅན་གྱི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་དང་མཛུབ་མོ་དང་མཐེ་བོང་ཀླུ་མགོ་གདེངས་ཀ་ལྟར་དགུག་པ་ནི་ཀླུ་ཐམས་ཅད་ཀྱི་སྙིང་པོའི་ཕྱག་རྒྱའོ། །མཐེ་བོང་གཉིས་གཅིག་ཏུ་སྦྱར་ཏེ་ཀླུ་མགོ་གདེངས་ཀ་ལྟར་བྱས་པ་ནི་ནམ་མཁའ་ལྡིང་གི་ཕྱག་རྒྱའོ། །

གུང་མོ་དང་མཛུབ་མོ་སྔོན་དུ་སྦྱར་བ་ནི་ལྷ་མ་ཡིན་ཐམས་ཅད་ཀྱི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་ནང་དུ་བཅུག་པ་དེའི་ངོས་སུ་གུང་མོ་གཉིས་ཀྱི་ཚིགས་གཅིག་བཀུག་སྟེ་བཞག་ནས་མཛུབ་མོ་གཉིས་ཕྱི་རོལ་དུ་རྡོ་རྗེ་ལྟར་བཟུང་བ་ནི་རྡོ་རྗེ་ཡངས་པ་ཆེན་པོའི་ཕྱག་

Vol. 95 · folio 180a

རྒྱའོ། །རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་དང་གུང་མོ་བཀུག་ལ་དེའི་ནང་དུ་མཐེ་བོང་གཞུག་པ་ནི་དེ་ཉིད་ཀྱི་སྤྱན་དྲང་བའི་ཕྱག་རྒྱའོ། །མཛུབ་མོ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ལས་གུང་མོ་ཅུང་ཟད་ཙམ་ཕྱེ་ལ་མཛུབ་མོའི་ཚིག་དང་པོའི་ངོས་ལ་

བཞག་པ་འདི་ཡང་ཀླུ་མགོ་ཅན་གྱི་ཕྱག་རྒྱ་ཡིན་ནོ། །རྩ་བའི་ཕྱག་རྒྱ་ལས་མཛུབ་མོའི་དབུས་བཀུག་ལ་གུང་མོ་གཉིས་ཀྱི་ཚིགས་དང་པོའི་ངོས་སུ་བཟུང་བ་འདི་ནི་ཀླུ་མགོ་ཅན་གྱི་ཕྱག་རྒྱ་ཐ་དད་པ་ཡིན་ནོ། །དེ་ཉིད་ལས་མཐེ་བོའི་བར་དུ་གདུ་བུ་ལྟར་བཀུག་པ་ནི་ཀླུ་ཆེན་པོའི་ཕྱག་

རྒྱའོ། །དེ་བཞིན་དུ་གཅིག་ཏུ་སྤྲད་དེ། རྩེ་གཅིག་པའི་ཚུལ་དུ་གཞག་པ་ནི་འཕྲོག་མའི་ཕྱག་རྒྱའོ། །དགའ་བོ་དང་ཉེ་དགའ་བོའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །ཚིགས་དང་པོ་གཉིས་བཀུག་པ་ནི་ཁ་འབར་མའི་ཕྱག་རྒྱའོ། །ཚིགས་གཉིས་བཀུག་པ་ནི་ཁྲོ་བོ་ཐུབ་དཀའི་ཕྱག་རྒྱའོ། །

རྩ་བའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་ཚིགས་དང་པོའི་ཕྱི་རོལ་དུ་སྦྱར་ཏེ་བཞག་པ་འདི་ནི་ཀླུ་མགོ་ཅན་གྱི་ཕྱག་རྒྱ་ཐ་དད་པ་ཡིན་ནོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཁྲུས་ཀྱི་ཆོ་ག་ཡང་དེ་ཉིད་ཡིན་ནོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པར་

འབྱུང་ངོ་། །ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་བསྣོལ་ཏེ་མཐེ་བོང་གཉིས་ནང་དུ་བཅུག་ལ་མཛུབ་མོ་གཉིས་གཤིབས་པའི་ཐོར་ཏོ་བཀུག་པ་ནི་ཕྲེང་བ་འཛིན་གྱི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོའི་དབུས་བཀུག་སྟེ་ཕན་ཚུན་ཐོར་ཏོ་སྤྲད་པ་ནི་རྡོ་རྗེ་ཁང་པའི་ཕྱག་རྒྱའོ། །

རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་བཀུག་པ་ནི་འོད་ཟེར་ཕྲེང་གི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་དབུས་བཀུག་ལ་གུང་མོ་གཉིས་བསྣོལ་ལ་བཞག །མཐེ་བོ་གཉིས་བསྟོད་དེ་རྩེ་གཅིག་པའི་ཚུལ་དུ་བྱས་པ་ནི་གདོན་ཐམས་ཅད་སྐྲག་པར་བྱ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་

བོང་གཉིས་ཀྱི་ཐོར་ཏོ་གཤིབས་ཏེ་ནང་དུ་བཅུག་པ་ནི་གདོན་ཐམས་ཅད་བཅིངས་པ་ཡིན་ནོ། །དེ་གདོན་ཐམས་ཅད་སྐྲག་པར་བྱ་བ་དེ་ཉིད་ནི་ལག་ན་རྡོ་རྗེ་དང་དབང་ཕྱུག་ཆེན་པོའི་ཕྱག་རྒྱའོ། །གདོན་བཅིངས་པ་ནི་ཁྲོ་བོ་འགྲོ་བའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་གུང་མོ་མཐེ་བོའི་

Vol. 95 · folio 180b

ཐོར་ཏོ་ལ་གཞར་བ་ནི་གནོད་སྦྱིན་མོ་ཐམས་ཅད་ཀྱི་སྙིང་པོའི་ཕྱག་རྒྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པ་འབྱུང་ངོ་། །ཕྱག་འཚལ་བའི་ཐལ་མོ་ལས་སྲིན་ལག་གཉིས་བསྣོལ་བ་མཐེ་བོང་དྲུང་དུ་བཞག་ལ་བར་དུ་མཐེ་བོང་གཉིས་བཞག་སྟེ་མཛུབ་མོ་གཉིས་ཀྱི་དབུས་བཀུག་ནས་གུང་མོ་གཤིབས་

པའི་སྟེང་དུ་བཞག་ལ་མཐེའུ་ཆུང་གཉིས་གཤིབས་པའི་འོད་ཟེར་ཕྲེང་བའི་རྩ་བའི་ཕྱག་རྒྱའོ། །མཛུབ་མོ་གཉིས་ཀྱི་ཚིགས་དབུས་མ་བཀུག་པ་ནི་སྤྱན་དྲང་བའི་ཕྱག་རྒྱའོ། །བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཀྱི་ཚིགས་གཅིག་བཀུག་ལ་

མཐེ་བོའི་ངོས་ལ་གཞར་བ་ནི་རིག་པ་མཆོག་གི་ཕྱག་རྒྱ་ཐ་དད་པ་ཡིན་ནོ། །མཐེ་བོང་གཉིས་བཀུག་པ་ནི་གནོད་མཛེས་ཀྱི་ཕྱག་རྒྱའོ། །སྟེང་ནས་གདུ་བུ་ལྟར་བྱས་པ་ནི་རྡོ་རྗེ་ལྕགས་ཀྱུ་མའི་ཕྱག་རྒྱའོ། །ཕྱི་རོལ་ནས་དཀྲི་བ་ནི་གདོན་བཅིང་བ་ཡིན་ནོ། །རྩ་བའི་ཕྱག་རྒྱ་ལས་

མཛུབ་མོ་རྡོ་རྗེའི་ཚུལ་དུ་བཟུང་བ་ནི་འོད་ཟེར་ཕྲེང་གི་ཕྱག་རྒྱ་གཉིས་པ་ཡིན་ནོ། །དེ་ཉིད་ལས་མཛུབ་མོ་གཉིས་དྲུང་ནས་བཀུག་སྟེ། །གདུ་བུ་ལྟར་བསྣོལ་བ་འདི་ནི་འོད་ཟེར་ཕྲེང་གི་ཕྱག་རྒྱ་ཐ་དད་པ་ཡིན་ནོ། །དེ་ཉིད་ལས་མཐེ་བོང་གཉིས་བཀུག་པ་ནི་དབང་བསྐུར་བའི་ཕྱག་རྒྱའོ། །

དེ་ཉིད་ལས་མཐེ་བོང་རྩེ་གཅིག་པའི་ཚུལ་དུ་བཞག་པ་ནི་གདོན་བསྐྲད་པར་བྱ་བ་ཡིན་ནོ། །དེ་ཉིད་ལེགས་པར་བསྟབས་པ་ནི་དཔལ་མོའི་བློ་གྲོས་མའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་དབུས་བཀུག་སྟེ་མཐེ་བོང་གཉིས་ཀྱི་སྟེང་དུ་རལ་གྲི་ལྟར་བྱས་པ་ནི་ཁྲོ་བོ་ཀཱི་ལི་ཀཱི་ལིའི་

ཕྱག་རྒྱའོ། །མཱ་མ་ཀཱིའི་ཕྱག་རྒྱ་གཤིབས་པའི་ཚུལ་དེ་ཉིད་ལས་ཕྱེ་བ་ནི་རྡོ་རྗེ་ཁྲོ་བོ་སུ་རུ་སུ་རུའི་ཕྱག་རྒྱའོ། །མཛུབ་མོ་གཉིས་རལ་གྲི་ལྟར་བྱས་ཏེ་སྲིན་ལག་གཉིས་ཡིད་ཙམ་གྱིས་བསྟོད་པ་ནི་ཉི་མའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཤིབས་པའི་ཚིགས་བཀུག་

པ་ནི་འཕགས་པ་མཱ་མ་ཀཱིའི་སྙིང་པོའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཚིགས་དང་པོར་བཞག་ལ་སྲིན་ལག་གཉིས་ཀྱི་རྩེ་མོར་མཐེ་བོང་གཉིས་ཀྱི་ཐོར་ཏོ་ལ་སོ་སོར་བཞག་པ་ནི་དཔལ་གྱི་རྒྱུད་ཀྱི་དབང་བསྐུར་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་གཉིས་ཀྱི་དྲུང་

Vol. 95 · folio 181a

དུ་བཀུག་སྟེ་ཅུང་ཟད་སྦྱར་བ་ནི་མ་ཏང་མིག་གི་ཕྱག་རྒྱའོ། །མཐེ་བོང་གཉིས་གཤིབས་པའི་ཕྱི་རོལ་གྱི་ངོས་ལ་མཛུབ་མོ་གཉིས་བཞག་པ་ནི་གྲུབ་པའི་ཕྱག་རྒྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་། །ཕྱག་འཚལ་བའི་ཐལ་མོ་ལས་

མཐེའུ་ཆུང་དང་སྲིན་ལག་གཉིས་བསྣོལ་ཏེ་མཐེ་བོའི་དྲུང་དུ་བཞག་ལ་གུང་མོ་གཉིས་ཀྱིས་མཛུབ་མོ་བཤིབས་པར་དཀྲིས་ནས་མཐེ་བོང་གཉིས་ནང་དུ་བཅུག་པ་ནི་རྣ་ཆ་གདོང་གི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་ཐ་མལ་པར་སྦྱར་བ་ནི་རྣ་ཆ་གདོང་གི་ཕྱག་རྒྱ་གཉིས་པའོ། །རྩ་བའི་ཕྱག་རྒྱ་

ལས་གཤིབས་པའི་ཁ་ཕྱེ་བ་ནི་དགའ་བྱེད་གདོང་གི་ཕྱག་རྒྱའོ། སོར་གཉིས་ཙམ་གྱིས་ཕྱེ་བ་ནི་ཁྲོ་བོ་ཆེར་བཞད་ཀྱི་ཕྱག་རྒྱའོ། །གུང་མོ་གཉིས་ཀྱི་རྩེ་མོ་སྲིན་ལག་གཉིས་ཀྱིས་རྩེ་མོར་སྦྱར་པ་ནི་རྡོ་རྗེ་རྩེ་མོའི་ཕྱག་རྒྱའོ། །མཐེ་བོའི་ཚིགས་བསྟོད་དེ་ཀླུ་མགོ་ལྟར་བྱས་པ་ནི་སྐྲག་

བྱེད་ཆེན་པོའི་ཕྱག་རྒྱའོ། །དེ་ཉིད་ལས་སྙིམ་པའི་ཚུལ་དུ་བྱས་ལ་མཐེ་བོང་གཉིས་ཀྱི་རྩེ་མོ་སྤྲད་དེ་ཁ་སྦྱར་བ་ནི་སྤྱན་དྲང་བའི་ཕྱག་རྒྱའོ། །མཐེ་བོང་གཉིས་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །མཐེ་བོང་གཉིས་བཀུག་པའི་ཐོར་ཏོ་ནང་དུ་བཅུག་པ་ནི་རྡོ་རྗེ་བྷྲིང་གི་རི་ཏིའི་ཕྱག་རྒྱའོ། །

རྣ་ཆ་གདོང་གི་ཕྱག་རྒྱ་གཉིས་པའི་ལས་མཐེ་བོང་གཉིས་སྦས་པ་ནི་རྡོ་རྗེ་སེར་སྐྱའི་ཕྱག་རྒྱའོ། །གཤིབས་པ་ལས་སོར་གཉིས་ཙམ་གྱིས་ཕྱེ་སྟེ་མཐེ་བོང་བསྟོད་པ་ནི་གདོན་སྐྲག་པར་བྱེད་པ་དང་། བཅིང་པར་བྱ་བ་ཡིན་ནོ། །གཤིབས་པའི་རྩེ་མོར་གུང་མོ་གཉིས་ཀྱིས་བཀབ་སྟེ་

བསྡམས་པ་ནི་གཙུག་ནས་འབྱུང་གི་ཕྱག་རྒྱའོ། །དེ་བཞིན་དུ་མཛུབ་མོ་ཕྱེ་སྟེ་དབུས་སུ་བཀུག་ནས་གུང་མོ་གཤིབས་པ་ལ་གཞར་བ་ནི་དེ་བཞིན་གཤེགས་པའི་སྤྱན་གྱི་ཕྱག་རྒྱའོ། །གུང་མོ་སྦས་པ་མཛུབ་མོ་གཉིས་རྩེ་གཅིག་པའི་ཚུལ་དུ་བྱ་བ་ནི་སྒྲོལ་མའི་ཕྱག་རྒྱའོ། །དེ་ཉིད་

ལས་མཛུབ་མོ་བཀུག་པ་ནི་ཁྲོ་གཉེར་ཅན་གྱི་ཕྱག་རྒྱའོ། །ཅུང་ཟད་ཕྱེ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །མཐེ་བོང་གཉིས་སྦས་པ་ནི་རྡོ་རྗེ་རྩེ་གཅིག་གི་ཕྱག་རྒྱའོ། །ཅུང་ཟད་བརྐྱང་བ་ནི་རྡོ་རྗེ་སྒྲོག་གི་ཕྱག་རྒྱའོ། །མཐེ་བོ་ཡང་གཤིབས་ལ་

Vol. 95 · folio 181b

མཐེའུ་ཆུང་ཡང་གཤིབས་པ་ནི་རྡོ་རྗེ་གདོང་གི་ཕྱག་རྒྱའོ། །དེ་ཉིད་ལས་ཕྱེ་བ་ནི་རྡོ་རྗེ་སེལ་གྱི་ཕྱག་རྒྱའོ། །གུང་མོ་གཅིག་བསྒྲེང་བ་ནི་གཙུག་ཕུད་ཀྱི་ཕྱག་རྒྱའོ། །མཐེ་བོང་གཉིས་བསྒྲེང་བ་ནི་རྡོ་རྗེ་གདོང་གི་ཕྱག་རྒྱའོ། །དེ་ཉིད་ལས་ཐུར་དུ་བསྟན་ཏེ་མཐེའུ་ཆུང་དང་ལྷན་

ཅིག་སྤྲད་པ་ནི་རྡོ་རྗེ་ནམ་མཁའ་ལྡིང་གི་ཕྱག་རྒྱའོ། །སྲིན་ལག་གཉིས་སྦྱར་བ་ནི་ཁྲོ་བོ་འཆོལ་པའི་ཕྱག་རྒྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་དུ་ཕྱག་རྒྱ་གྲངས་མེད་པ་འབྱུང་ངོ་། །རྣ་ཆ་གདོང་གི་ཕྱག་རྒྱ་ཉིད་ལས་གུང་མོ་གཉིས་གཤིབས་པ་ལ་མཛུབ་མོ་གཉིས་ཀྱིས་དཀྲིས་

པ་ནི་གདོང་དམར་གྱི་རྩ་བའི་ཕྱག་རྒྱའོ། །མཛུབ་མོ་གཉིས་རྡོ་རྗེ་ལྟར་བྱས་པ་ནི་སྤྱན་དྲང་བའི་ཕྱག་རྒྱའོ། །བཏང་ནས་གྱེན་དུ་གློད་དེ་བཞག་པ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཐེ་བོང་གཉིས་བསྟོད་དེ་བཞག་པ་ནི་གདོན་འཇོམས་པའི་ཕྱག་

རྒྱའོ། །རྩ་བའི་ཕྱག་རྒྱ་ལས་མཐེའུ་ཆུང་དང་སྲིན་ལག་གཉིས་སྤྲད་དེ་སྦྱར་བ་ནི་རྡོ་རྗེ་རིགས་ཀྱི་མཛེས་མའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་གཉིས་སྦས་པ་ནི་དབང་ཕྱུག་ཆེན་པོའི་མིག་གི་ཕྱག་རྒྱའོ། །མཛུབ་མོ་གཉིས་བཀུག་པ་ལས་བཏང་བས་གུང་མོ་གཤིབས་པའི་

སེན་མོ་གཉིས་ཀྱི་ཕྱི་རོལ་ནས་བསྟན་པ་ནི་རིགས་གསུམ་སྤྱིའི་ཕྱག་རྒྱ་ཆེན་པོ་ཡིན་ཏེ། རིག་སྔགས་ཐམས་ཅད་བསྲུང་བ་དང་། དབང་བསྐུར་བ་ཐམས་ཅད་དང་། ལས་ཐམས་ཅད་ལ་དམ་ཚིག་གི་ཕྱག་རྒྱ་ཆེན་པོ་ཡིན་ནོ། །སྤྱན་དྲང་བའི་ཕྱིར་ཡང་སྦྱར་བར་བྱའོ། །དེ་

ལས་མཐེའུ་ཆུང་བཏང་བ་ནི་མེ་ལྕེ་འབར་བའི་ཕྱག་རྒྱ་སྟེ། རིག་སྔགས་ཐམས་ཅད་བཅིང་བ་དང་གྲོལ་བར་བྱེད་པ་ཡིན་ནོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པ་འབྱུང་ངོ་། །རྐང་པ་གཡས་པ་བརྐྱང་བའི་ཚུལ་དུ་བཞག་ནས་མཛུབ་མོ་གཅིག་དྲང་པོར་བསྲང་སྟེ། ལྟ་བའི་

དམིགས་སུ་གཏད་པ་ལག་པ་གཡས་པའི་རྡོ་རྗེ་མདུན་ལོགས་སུ་བཞག་ནས་སྟ་ཟུར་གྱི་ཕྱོགས་སུ་བསྟན་པ་ནི་རྒྱལ་བ་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་དཔུང་པ་བརྐྱང་ལ་ཁྲོ་བོའི་ལྟ་བ་བྱས་ཏེ་བསྡིགས་པ་ནི་ཁྲོ་བོ་སྲོག་མེད་པའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་དང་གཤིབས་པ་ནི་

Vol. 95 · folio 182a

ཁྲོ་བོ་རབ་ཏུ་གཏུམ་པའི་ཕྱག་རྒྱའོ། །དེ་ཉིད་ལས་གཡོན་བརྐྱང་གི་ཚུལ་དུ་བྱས་པ་ནི་རྡོ་རྗེ་དབྱུག་སྔོན་གྱི་ཕྱག་རྒྱའོ། །ཁྲོ་བོ་ཐམས་ཅད་ཀྱི་སྤྱིའི་ཕྱག་རྒྱ་སྔ་མ་ལས་མཐེ་བོང་བརྐྱང་བ་ནི་ཞབས་ལས་བྱུང་བའི་ཕྱག་རྒྱའོ། །རྡོ་རྗེ་ཉིད་བསྟོད་དེ་བསྟན་པ་ནི་རྡོ་རྗེ་ཕོ་ཉ་མའི་ཚོགས་ཐམས་

ཅད་ཀྱི་སྤྱིའི་ཕྱག་རྒྱའོ། །དེ་ཉིད་ལས་སྙིང་གར་རྡོ་རྗེ་བྱས་པ་ནི་ཁྲོ་བོ་མེ་གཏུམ་པོའི་ཕྱག་རྒྱའོ། །ལག་པ་གཡོན་པའི་སོར་མོ་གསུམ་བཅུམ་ལ་མཐེ་བོང་ངོས་ཀྱིས་མཛུབ་མོའི་སེན་མོ་མནན་ཏེ་སྙིང་གའི་ཕྱོགས་སུ་བཟུང་ལ་ལག་པ་གཡས་པའི་རྡོ་རྗེ་བསྟོད་པ་ནི་ཁྲོ་བོ་ལྷའི་ཡན་ལག་གི་ཕྱག་

རྒྱའོ། །དེ་ཉིད་ལས་ལག་པ་གཡོན་པའི་མཛུབ་མོ་བཏང་སྟེ། དེ་བཞིན་དུ་བཟུང་བ་ནི་གདོན་ཞི་བར་བྱ་བའི་ཕྱིར་ཕོ་ཉ་མ་ཐམས་ཅད་ཀྱི་སྤྱིའི་ཕྱག་རྒྱ་ཡིན་ནོ། །དེ་བཞིན་དུ་མཛུབ་མོ་དང་གུང་མོ་བརྐྱང་བ་ནི་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་ཅུང་ཟད་བཀུག་སྟེ་གཡོན་

བརྐྱང་བའི་ཚུལ་དུ་བྱས་པ་ནི་སྤྱན་དྲང་བའི་ཕྱག་རྒྱའོ། །གུང་མོའི་རྩེ་མོ་མཐེ་བོས་བཀའ་སྟེ་མཛུབ་མོ་བརྐྱང་བ་ནི་གདོན་འཇོམས་པའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་གཉིས་ཀྱིས་ཕྱི་རོལ་ནས་དཀྲིས་ལ། །གཡས་བརྐྱང་བའི་ཚུལ་དུ་བྱས་པ་ནི་མི་བཟད་པའི་

ཕྱག་རྒྱའོ། །དེ་ཉིད་ལས་གཡོན་བརྐྱང་བའི་ཚུལ་དུ་བྱས་པ་ནི་རྣམ་པར་རྒྱལ་བ་མི་བཟད་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་མགོ་བོར་བཞག་པ་ནི་འཇིགས་པའི་ཕྱག་རྒྱའོ། །རྐང་པ་གཡས་བརྐྱང་གི་ཚུལ་དུ་བྱས་ལ་ལག་པ་གཡོན་པ་ལྟ་ཟུར་གྱི་ཕྱོགས་སུ་བཞག་ནས་གཡས་པའི་མཐེ་བོང་

གི་ངོས་ཀྱིས་མཐེའུ་ཆུང་དང་སྲིན་ལག་བསྣོལ་བ་མནན་ཏེ། གུང་མོ་བསྒྲེང་ལ་མཛུབ་མོ་ཅུང་ཟད་བཀུག་ནས་རྣ་བའི་ཕྱོགས་སུ་བཞག་པ་ནི་བཅོམ་ལྡན་འདས་མ་རྡོ་རྗེ་ལྕགས་ཀྱུ་མའི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་བཏང་བ་ནི་ལྕགས་ཀྱུ་མའི་ཕྱག་རྒྱ་ཐ་དད་པ་ཡིན་ནོ། །གཡོན་

བརྐྱང་གི་ཚུལ་དུ་བྱས་ལ་ལག་པ་གཡོན་པས་དེ་བཞིན་དུ་བྱས་པ་ནི་ལྕགས་ཀྱུའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ཉིད་ལས་རྐང་པ་བསྙམས་ཏེ་བསྒྲེངས་པ་ནི་སའི་ལྷ་མོའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ལས་རྐང་པ་གཉིས་བསྐུམས་ལ་མཛུབ་མོ་བརྐྱང་སྟེ་བསྟན་པ་ནི་རྡོ་རྗེ་ལྕགས་ཀྱུ་མའི་གདོན་

Vol. 95 · folio 182b

ཞི་བར་བྱ་བའི་ཕྱག་རྒྱའོ། །མདུན་ལོགས་སུ་མཛུབ་མོ་གཅིག་གི་དབུས་བཀུག་སྟེ་བཞག་ལ་གུང་མོ་བརྐྱང་སྟེ་བསྟན་པ་ནི་རྡོ་རྗེ་གདན་གྱི་ཕྱག་རྒྱའོ། །གཡོན་པའི་སོར་མོ་གཉིས་ཀྱིས་དེ་བཞིན་དུ་བྱས་པ་ནི་ལྷའི་ཕྱག་རྒྱའོ། །མཛུབ་མོ་གཅིག་པུ་ནི་འཇམ་དཔལ་གྱི་ཕྱག་རྒྱའོ། །

གུང་མོ་ནི་རྡོ་རྗེ་མཛེས་མའི་ཕྱག་རྒྱའོ། །གཡས་བརྐྱང་གི་ཚུལ་དུ་གནས་ལ་ལག་པ་གཡོན་པའི་སེན་མོ་རྣམས་སྦས་ཏེ། ཁུ་ཚུར་བཅངས་ནས་དེ་བཞིན་དུ་ལག་པ་གཡས་པའི་རྡོ་རྗེ་བརྐྱང་སྟེ་ལྟ་བའི་དམིགས་སུ་གཏད་པ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ། །མཛུབ་མོ་སྟེང་དུ་བཞག་

པ་ནི་སྙིང་པོའི་ཕྱག་རྒྱའོ། །གུང་མོ་ཡང་དེ་ལྟར་བྱས་པ་ནི་ནེ་བའི་སྙིང་པོའི་ཕྱག་རྒྱའོ། །གུང་མོ་དང་མཐེ་བོ་གཉིས་སྦྱར་ལ་སོར་མོ་གཞན་རྒྱབ་ཏུ་བཞག་པ་ནི་རྡོ་རྗེ་འཇོམས་མའི་ཡིན་ཏེ། ཕྱོགས་བཞི་བསྲུང་བ་ཡིན་ནོ། །གཡས་བརྐྱང་གི་ཚུལ་གྱིས་ལག་པ་གཡོན་པའི་རྡོ་རྗེ་

གཡས་པའི་དཔུང་མགོར་བཞག་ལ་ལག་པ་གཡས་པའི་རྡོ་རྗེ་བསྟོད་ནས་དཔུང་པ་གཡོན་པ་རྣ་བའི་ཕྱོགས་སུ་བཞག་སྟེ་ལྟ་བའི་དམིགས་སུ་གཏད་པ་ནི་རྡོ་རྗེ་ཕག་མོའི་ཕྱག་རྒྱའོ། །གཡོན་བརྐྱང་གི་ཚུལ་གྱིས་ལག་པ་གཡོན་པ་བཀན་ལ་མཛུབ་མོ་དང་མཐེའུ་ཆུང་གཉིས་བཀུག་སྟེ།

པདྨའི་རྩ་བ་ལྟར་བྱས་ལ་གཡས་པ་ཡང་དེ་ཉིད་དང་འདྲ་བར་བཞག་པ་ནི་ལུས་དམར་གྱི་ཕྱག་རྒྱའོ། །འབར་བའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །སྙིང་པོ་གང་ནས་འབྱུང་བའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །རྡོ་རྗེ་བྷྲིང་གི་རི་ཏིའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །གཡས་བརྐྱང་གི་ཚུལ་གྱི་ལག་

པ་གཡོན་པ་བཀན་ཏེ་བརྐྱང་ལ་མཐེ་བོང་དང་མཐེའུ་ཆུང་སོ་སོར་བསྐྱེད་ནས་སོར་མོ་ལྷག་མ་རྣམས་ཀླུ་མགོའི་གདེངས་ཀ་ལྟར་བཞག །གཡས་པ་ཡང་མཚན་ཉིད་དེ་དང་འདྲ་བར་བྱས་ལ། །གཞུ་འགེངས་པ་ལྟར་གྲུ་མོ་རྣ་བའི་ཕྱོགས་སུ་བཟུང་བ་ནི་ཀླུ་ཆེན་པོའི་ཕྱག་རྒྱའོ། །ཁྱབ་འཇུག་

གི་འདུག་སྟངས་ཀྱིས་མཐེ་བོའི་སེན་མོ་རྐང་པ་གཡོན་པའི་འོག་ཏུ་སྦྱར་ཏེ། །ལག་པ་སྟེང་དང་བཅས་པར་སྦྱར་བའི་མཐིལ་གྱིས་གདེག་ཅིང་ལག་པ་བསྣོལ་བས་བཟུང་ལ། །ཕོ་ལོང་གི་ཐབས་སུ་གྱེན་དུ་སྦར་ཞིང་ལག་པ་བསྐོར་ཏེ་བཀན་པས་ནུ་མའི་བར་དུ་གདེག་ཅིང་བསྐོར་ལ། །ལག་པ་

Vol. 95 · folio 183a

གཉིས་ཀྱི་མཐིལ་ལོགས་ཀྱི་སོར་མོ་ལ་བལྟས་ནས་མིག་གྱེན་ཁར་བསྒྱུར་ཏེ་བཏེག་ལ་གློག་སྒྱུར་བའི་ཕྱག་རྒྱ་ཡང་བཅིངས་ནས་གཡོན་པའི་སོར་མོའི་རྡོ་རྗེའི་ཆེན་པོ་བསྟོད་པ་བྱས་ན་དེས་ལྷ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ཀླུ་དང་། སྲིན་པོ་རྣམས་དང་།

ལོག་འདྲེན་རྣམས་དང་། འགྲམ་ན་གནས་པ་ཐམས་ཅད་དང་། ཚངས་པ་དང་། སྐེམ་བྱེད་དང་། དབང་ཆེན་དང་། དྲག་པོ་ལ་སོགས་པའི་སྙིང་ལ་གློག་འགྱུ་བའི་ཤུགས་འདི་བབ་པས་འོང་བར་འགྱུར་ཏེ། མཐུ་སྟོབས་བཅོམ་ནས་རྡོ་རྗེའི་རྗེས་སུ་མཐུན་པ་དང་དུལ་ཞིང་རྡོ་རྗེ་ལ་འདུད་

པར་འགྱུར་རོ། །དེ་དག་གི་ཕྱིར་ཞི་བར་བྱས་ན་དེའི་ཚེ་ཕྱག་རྒྱ་དེ་སྙིང་གར་བཀྲོལ་བ་དེ་དག་དེའི་མོད་ལས་མཐུན་པར་བདེ་བར་འགྱུར་བའི་ཕྱིར་དང་ཞིང་བྱམས་པའི་སེམས་དང་ལྡན་པར་བཟླས་བརྗོད་བྱའོ། །དེ་ནས་བཅོམ་ལྡན་འདས་མ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྱག་རྒྱའི་མཚན་ཉིད་འབྱུང་སྟེ། ལག་

པ་གཡོན་པ་ཕྱིར་བསྟན་གཡས་པ་ནང་དུ་བསྟན་དེ་གཅིག་ཏུ་སྦྱར་ནས། ལག་པའི་སོར་མོ་རྣམས་ཀྱིས་གཡོན་པའི་མཐེའུ་ཆུང་ནས་བརྩམས་ཏེ་རེ་རེ་ནས་བཟུང་སྟེ་དཀྲིས་ལ་གྲུ་མོ་བསྙམས་ནས་ཕྱག་རྒྱ་སྙིང་གར་བཞག་སྟེ་མཐེ་བོང་གཉིས་ཀྱིས་སོ་སོའི་སྲིན་ལག་མནན་ལ་ལག་པ་གཉིས་

ཕྱིར་བསྟན་པ་ནི་བཅོམ་ལྡན་འདས་མ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྩ་བའི་ཕྱག་རྒྱའོ། །ཐབས་དེ་ཉིད་ལས་ལག་པ་གཉིས་བཀན་པ་ནི་བཅིངས་པའི་ཕྱག་རྒྱའོ། །ལག་པ་གཉིས་ཀའི་མཛུབ་མོ་དང་མཐེ་བོ་དང་གདུ་བུ་ལྟར་ཕན་ཚུན་སྤྲད་པ་འདི་ནི་རྡོ་རྗེ་ལུ་གུ་རྒྱུད་ཐ་དད་པ་ཡིན་ནོ། །མཐེ་བོང་གཉིས་བཀྱེད་

པ་ནི་རྡོ་རྗེ་སྒྲོག་གི་ཕྱག་རྒྱའོ། །གཡོན་པ་བཀན་ལ་གཡས་པ་ཁས་ཕུབ་སྟེ། སོར་མོ་རྣམས་གཅིག་ལ་གཅིག་བསྡམས་པ་འདི་ཡང་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྱག་རྒྱ་ཡིན་ནོ། །དེ་ལས་ཁུ་ཚུར་བཅངས་ཏེ་མཐེ་བོང་གཉིས་བརྐྱང་བ་ནི་རྡོ་རྗེ་ཐོག་གི་ཕྱག་རྒྱའོ། །སོར་མོ་རྣམས་ཕྱེ་སྟེ་ཁུ་ཚུར་

བཅངས་ལ་མཛུབ་མོ་གཉིས་ཀྱིས་མནན་ཏེ་སྒྲ་དང་བཅས་པར་བརྡབ་པ་ནི་དགྲོལ་བའི་ཕྱག་རྒྱའོ། །ཕྱག་འཚལ་བའི་ཐལ་མོའི་སོར་མོ་བསྙམས་ལ་མཛུབ་མོ་གཉིས་སོ་སོར་བཀུག་སྟེ། །གུང་མོ་གཉིས་ངོས་ལ་བསྟན་པ་ནི་སངས་རྒྱས་ཀྱི་སྤྱན་གྱི་ཕྱག་རྒྱའོ། །ཕན་ཚུན་བསྣོལ་ཏེ་སྙིམ་པ་

Vol. 95 · folio 183b

བཟེད་ལ་མཛུབ་མོ་གཉིས་ཀྱི་སེན་མོ་གཅིག་གིས་གཅིག་བཀབ་པ་ནི་སྤྱན་དྲང་བ་ཡིན་ནོ། །དེ་ལས་བཟློག་པ་ནི་སླར་བཏང་བ་ཡིན་ནོ། །དེ་བཞིན་དུ་ལག་པ་གཡས་པའི་ཁུ་ཚུར་གྱི་རྡོ་རྗེ་ཐོ་བ་ཕྲག་པ་ལོགས་སུ་བཞག་སྟེ། །ལྟ་སྟངས་ཀྱིས་སྙིང་ལ་བསྡིགས་པ་ནི་ཁྲོ་བོའི་ཕྱག་རྒྱའོ། །

ཡིག་འབྲུ་བཅུ་པའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་དབྱུག་པའི་ཡིན་ནོ། །དེ་ཉིད་ལས་བསྟོད་པ་ནི་ཁྲོ་བོ་འགྲོ་བའི་ཕྱག་རྒྱའོ། །མཐེ་བོང་བཀྱེད་པ་ནི་གཞོམ་པའི་ཕྱག་རྒྱའོ། །གཡས་པའི་མཐེ་བོ་དང་མཐེའུ་ཆུང་གཉིས་ཀྱིས་གཡོན་པའི་ཁུ་ཚུར་བཟུང་ལ་མཛུབ་མོ་དང་གུང་མོ་དང་སྲིན་ལག་

རྣམས་བརྐྱང་སྟེ། མདུང་རྩེ་གསུམ་པའི་དབྱིབས་ལྟར་བྱས་པ་ནི་གཙུག་ནས་བྱུང་གི་ཕྱག་རྒྱའོ། །མེ་ལྷ་སྤྱན་དྲང་བའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །གཡོན་པའི་སྲིན་ལག་དང་གུང་མོ་སྦས་པ་ནི་གཙུག་ནས་བྱུང་གི་ཕྱག་རྒྱ་ཐ་དད་པ་ཡིན་ནོ། །ལག་པ་གཡོན་པའི་སྲིན་ལག་དང་གུང་མོ་བཀུག་

པ་ནི་མཐེ་བོས་བཟུང་ལ་མཛུབ་མོ་དང་མཐེའུ་ཆུང་གཉིས་བརྐྱང་བ་ནི་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཕྱག་རྒྱའོ། །དེ་ཉིད་མཛུབ་མོའི་ཐོར་ཏོ་མཐེ་བོའི་རྩེ་མོ་ལོགས་སུ་བཏུད་པ་འདི་ནི་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཕྱག་རྒྱ་ཐ་དད་པ་སྟེ། རྡོ་རྗེ་རྩེ་གཅིག་པ་ཡིན་ནོ། །གཞན་ཡང་ནམ་མཁའ་ལྡིང་

དང་དཔལ་གྱི་བེའུའི་དབྱིབས་དེ་ལས་མཐེའུ་ཆུང་དང་སྲིན་ལག་གཉིས་ཀྱི་ཐོར་ཏོ་བཀུག་པ་ནི་མིག་གི་ཕྱག་རྒྱ་ཞེས་གྲགས་སོ། །མཐེའུ་ཆུང་དང་སྲིན་ལག་དང་གུང་མོ་རྣམས་ཀྱི་ཐོར་ཏོ་ལེགས་པར་བཀུག་པ་ནི་ཁྲོ་གཉེར་ཅན་གྱི་ཕྱག་རྒྱའོ། །མིང་མེད་དང་། གུང་མོ་དང་། སྲིན་ལག་དང་

གུང་མོ་རྣམས་ཀྱི་ཐོར་ཏོ་ལེགས་པར་བཀུག་པ་ནི་ཁྲོ་གཉེར་ཅན་གྱི་ཕྱག་རྒྱའོ། །མཛུབ་མོ་དང་། གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་རྣམས་སྤྲད་ལ། མཐེ་བོང་གཉིས་ཀྱི་ཐོར་ཏོ་གུང་མོ་དང་སྲིན་ལག་གི་མཚམས་སུ་བཞག་པ་ནི་རྟ་མགྲིན་གྱི་ཕྱག་རྒྱའོ། །དེ་ཉིད་ལས་སྲིན་ལག་དང་

གུང་མོ་གཉིས་ཀྱི་ཚིགས་ནང་དུ་བཀུག་སྟེ། མཐེའུ་ཆུང་གཉིས་བརྐྱང་བ་ནི་རུ་སྦལ་གྱི་ཕྱག་རྒྱ་གཉིས་པ་ཡིན་ནོ། །ལག་པ་གཉིས་བླ་འོག་ཏུ་བསྟན་ཏེ་བསྣོལ་ལ་སོར་མོ་རྣམས་གཅིག་ལ་གཅིག་དཀྲིས་ནས་མཐེ་བོང་དང་མཐེའུ་ཆུང་རྣམས་སྤྲད་པ་ནི་རུ་སྦལ་དང་རྡོ་རྗེ་ས་འོག་གི་ཕྱག་

Vol. 95 · folio 184a

རྒྱའོ། །ལག་པ་གཉིས་ཀ་ཁུ་ཚུར་བཅངས་ལ་གུང་མོ་བརྐྱང་སྟེ་རྡོ་རྗེ་ལྟར་བྱས་ནས་གཡོན་པའི་མཛུབ་མོ་བརྐྱང་བ་ནི་རྡོ་རྗེ་དབྱུག་པའི་ཕྱག་རྒྱའོ། །སྒྲོལ་མའི་ཕྱག་རྒྱ་ཉིད་ལས་མཛུབ་མོ་གཉིས་ཀྱི་ཐོར་ཏོ་ནས་གང་ཙམ་གྱིས་ཕྱེ་བ་ནི་རྡོ་རྗེ་ཡངས་པའི་ཕྱག་རྒྱའོ། །ནས་

གཉིས་ཙམ་གྱིས་ཕྱེ་བ་ནི་བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱའོ། །མཛུབ་མོ་གཉིས་བརྐྱང་པ་ནི་ཀུན་ཏུ་ཡངས་པའི་ཕྱག་རྒྱའོ། །དེ་ནས་མཛུབ་མོ་གཉིས་བརྐྱང་སྟེ་སྤྲད་པ་ནི་པདྨ་ཡངས་པའི་ཕྱག་རྒྱའོ། །མཛུབ་མོ་གཉིས་བརྐྱང་མར་བརྗོད་པ་ནི་རྡོ་རྗེས་འོག་གི་ཕྱག་རྒྱའོ། །དེ་ཉིད་ལས་གུང་

མོ་གཉིས་ཀྱི་ཐོར་ཏོའི་ཚིགས་དང་པོ་གདུ་བུ་ལྟར་བཀུག་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་སྤྲད་པ་ནི་རྡོ་རྗེ་དགྲ་སྟའི་ཕྱག་རྒྱའོ། །གཡོན་པའི་མཛུབ་མོ་བརྐྱང་བ་ནི་རལ་གྲི་དང་། དགྲ་སྟའི་ཕྱག་རྒྱའོ། །གུང་མོ་དང་སྲིན་ལག་གཉིས་ཐོར་ཏོ་བསྣོལ་ཏེ་སྦྱར་ལ། མཛུབ་མོ་དང་མཐེའུ་ཆུང་བརྐྱང་སྟེ་

གུང་མོ་དང་མཐེ་བོང་གཉིས་ཀྱི་རྩེ་མོ་སྦྱར་བ་ནི་རྡོ་རྗེ་སེང་གེའི་ཁྲིའི་ཕྱག་རྒྱའོ། །མཛུབ་མོ་དང་གུང་མོ་གཅིག་ལ་གཅིག་བསྟན་ལ། མཐེ་བོང་བརྐྱང་སྟེ་སྦྱར་ནས་མཐེའུ་ཆུང་ཡང་བརྐྱང་སྟེ་སྦྱར་བ་ནི་རྡོ་རྗེ་ལྕགས་མདའི་ཕྱག་རྒྱའོ། །ལག་པ་གཉིས་བསྣོལ་ལ་མཐེ་བོང་གཉིས་བསྒྲེང་སྟེ་སོར་

གཉིས་ཙམ་གྱིས་ཕྱེ་བ་ནི་རུ་སྦལ་གྱི་ཕྱག་རྒྱ་དང་། ཕུར་བུ་དབྱུང་བའི་ཕྱག་རྒྱའོ། །ལག་པ་གཉིས་བསྣོལ་ཏེ་སོར་མོ་ཐམས་ཅད་སྦྱར་བར་བྱ་བ་ནི་རྡོ་རྗེ་ར་བའི་ཕྱག་རྒྱའོ། །ལག་པ་གཉིས་བཀན་ལ་མཐེའུ་ཆུང་ནང་དུ་སྦྱར་ཏེ་མཛུབ་མོ་དང་གུང་མོ་དང་། སྲིན་ལག་རྣམས་རྒྱབ་ཏུ་བསྒྲེངས་

ནས་མཛུབ་མོ་དང་གུང་མོ་དང་སྲིན་ལག་རྣམས་ཀྱིས་མནན་ཏེ་མཐེ་བོང་གཉིས་རུ་སྦལ་གྱི་ཕྱག་རྒྱ་བཞིན་དུ་བྱས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱག་རྒྱའོ། །སྲིན་ལག་ནང་དུ་བཀུག་ལ་མཐེ་བོང་གཉིས་ཀྱི་ཚིགས་དྲང་པོར་མནན་མཛུབ་མོ་གཉིས་ཀྱི་རྩེ་མོ་གུང་མོ་གཉིས་ཀྱི་ཚིགས་དང་

པོར་སྦྱར་ནས་མཐེའུ་ཆུང་གཉིས་དྲང་པོར་སྦྱར་བ་ནི་མཚོན་ཆ་ཆེན་པོའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གུང་མོ་གཉིས་ཀྱི་སེན་མོ་ལ་བརྟེན་པ་ནི་མཚོན་ཆ་མཆོག་གི་ཕྱག་རྒྱའོ། །མཚོན་ཆ་ཆེན་པོའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་གུང་མོ་གཉིས་ཀྱི་ཚིགས་དང་པོའི་སྲུབས་ཀྱི་གློར་

Vol. 95 · folio 184b

གཞར་བ་ནི་མཚོན་ཆའི་ཤུགས་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་ཐོར་ཏོ་གུང་མོའི་ཚིགས་དང་པོ་ནས་ཅུང་ཟད་བཀུག་སྟེ་གུང་མོ་གཉིས་ཀྱི་ཚིགས་དབུ་མར་སྦྱར་བ་ནི་མཚོན་ཆའི་སྙིང་པོ་ཡིན་ནོ། །མཚོན་ཆ་ཆེན་པོ་དེ་ཉིད་ལས་སྲིན་ལག་དང་མཐེ་བོང་ངོས་སྦྱར་བ་ནི་ཚོལ་བའི་མཚོན་

ཆའོ། །ལག་པ་ཕྱག་རྒྱ་དྲང་ཐབས་སུ་བྱས་པ་ནི་དམ་ཚིག་ཆེན་པོའི་ཕྱག་རྒྱ་ཡིན་ཏེ་ཕྱག་འཚལ་བའི་ཕྱག་རྒྱ་དང་འདྲའོ། །ནམ་མཁའ་ལྡིང་གི་དཔལ་བེའུའི་ཕྱག་རྒྱ་ལྟར་སྲིན་ལག་ཕྱེ་སྟེ་མཐེ་བོང་གཉིས་དྲང་པོར་གཤིབས་པ་ཡང་རྡོ་རྗེ་དབྱུག་སྔོན་གྱི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་གཉིས་ཀྱི་

ཚིགས་དང་པོ་ལེགས་པར་བཀུག་སྟེ་སྲིན་ལག་གཉིས་ཀྱི་དྲུང་དུ་བརྟན་པ་ནི་རྡོ་རྗེ་དབྱུག་པའི་ཕྱག་རྒྱའོ། །མདའ་བོ་ཆེའི་དབྱིབས་ལྟར་གུང་མོ་གཉིས་ཀྱི་དྲུང་དུ་མཐེ་བོང་གཉིས་གཤིབས་པའི་རྩེ་མོ་བཀུག་པ་ནི་གཙུག་ཏོར་གྱི་ཕྱག་རྒྱའོ། །པདྨའི་གདན་གྱི་དབྱིབས་ལྟར་བྱས་ཏེ་གུང་མོ་གཉིས་ཀྱི་

ཐོར་ཏོ་སྤྲད་པ་ནི་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའོ། །མཐེའུ་ཆུང་དང་སྲིན་ལག་གདུབ་བུ་ལྟར་བཀུག་ལ་དེ་བཞིན་ཏུ་སྤྲད། །གུང་མོ་གཉིས་གཤིབས་པ་མནན་ནས་གཤིབས་པའི་ཚིགས་དང་པོར་མཛུབ་མོ་གཉིས་སྦྱར་བ་ནི་འདོད་པའི་རྡོ་རྗེ་མའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་

བོང་གཉིས་སེན་མོ་སྤྲད་པ་དེ་ལ་སྲིན་ལག་གཉིས་སྦྱར་བ་ནི་ལུས་ལས་བྱུང་གི་ཕྱག་རྒྱའོ། །ཐལ་བའི་ཁུ་ཚུར་ནི་འཇོམས་བྱེད་ལྔའི་ཕྱག་རྒྱའོ། །ལག་པ་གཉིས་བཀན་ཏེ་སོར་མོའི་ཕྱི་རོལ་དུ་བསྣོལ་མར་བརྐྱང་ལ་མཛུབ་མོ་བསྲང་སྟེ་ཐོར་ཏོ་སྦྱར་ནས་མཐེ་བོ་བརྐྱང་ནས་མདུང་རྩེ་གསུམ་

པའི་དབྱིབས་ལྟར་བྱས་པ་ནི་ཏ་མུའི་ཕྱག་རྒྱའོ། །མཐེའུ་ཆུང་དང་སྲིན་ལག་གི་ཐོར་ཏོ་མཐེ་བོས་མནན་ལ་སོར་མོ་ལྷག་མ་རྣམས་བརྐྱང་སྟེ་མདུང་རྩེ་གསུམ་པའི་ཕྱག་རྒྱའོ། །ལག་པ་གཉིས་བཀན་ཏེ་སོར་མོའི་དབྱིབས་ལྟར་བྱས་པ་ནི་ལུས་དཔག་མེད་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་

གླང་པོ་ཆེའི་སྣའི་དབྱིབས་ལྟར་བྱས་པ་ནི་འཇིགས་བྱེད་ཀྱི་ཕྱག་རྒྱའོ། །སྨིན་མ་ཡང་བཀུག་པ་ནི་ཁྲོ་བོ་དབང་ཕྱུག་གི་ཡིན་ཏེ། །འདི་དག་ནི་རིགས་ཀྱི་རྒྱལ་པོ་བཅྭ་བརྒྱད་ཀྱི་ཕྱག་རྒྱ་ཡིན་ནོ། །མཛུབ་མོ་གཉིས་སོ་སོའི་གུང་མོའི་དྲུང་དུ་བཀུག་པ་ནི་ལོག་འདྲེན་རྣམས་ཀྱི་ཕྱག་རྒྱའོ། །ལག་པའི་

Vol. 95 · folio 185a

ཁུ་ཚུར་ནམ་མཁའ་ལྟར། ཁོང་སྟོང་སྦྱར་ནས་དེ་བཞིན་དུ། །མཐེ་བོང་གཉིས་ཀྱང་བསྟོད་པ་ནི། །ཚངས་པ་ཞེས་ནི་བྱ་བར་བཤད། །མཐེ་བོང་གཉིས་ནི་བཏུད་ནས་ཀྱང་། །ཅུང་ཟད་བསྟོད་པ་ཁྱབ་འཇུག་གི། །གུང་མོ་གྱེན་དུ་བསྒྲེང་བྱས་ལ། །དེ་ཡི་སྟེང་

དུ་མཛུབ་མོ་དང་། །མཐེ་བོང་ལྷན་ཅིག་བཞག་པ་ནི། །ཉི་མ་ཡི་ནི་ཡིན་པར་བཤད། །གཡོན་པའི་སོར་མོ་བཞི་པོ་རྣམས། །གཡས་པ་ཡིས་ནི་བཅུམ་པར་བྱ། །དེ་ལྟར་ཁུ་ཚུར་བཅང་བྱས་ནས། །མཐེ་བོང་གཉིས་ནི་བསྐྱེད་དེ་སྦྱར། །གཡོན་པ་མཐོང་བར་བྱས་པ་

ནི། །མིག་གཡོན་གྱི་ནི་ཕྱག་རྒྱ་ཡིན། །ལག་པ་གཡས་པའི་མཐེ་བོང་དང་། །མཛུབ་མོ་ཡང་ནི་དེ་བཞིན་སྦྱར། །སོར་མོ་གསུམ་པོ་རྣམས་ཀྱང་ནི། །མཐེ་བོང་ལྷན་ཅིག་སྦྱར་བྱ་ཞིང་། །བྱི་ལའི་སྡེར་མོའི་དབྱིབས་འདྲ་བ། །ཞབས་ཀྱི་སྙིང་པོའི་ཕྱག་རྒྱ་འདི། །འཇིག་

རྟེན་གསུམ་གྱིས་མཆོད་པ་ཡིན། །སོར་མོ་དག་ནི་བཞི་པོ་རྣམས། །ལག་པ་གཡོན་པས་བརྐྱང་བར་བྱ། །གཡོན་པའི་མཐེ་བོང་བསྐྱེད་ནས་ནི། །གཡས་པ་ཡང་ནི་བསྟོད་པར་བྱ། །ཕྲག་པ་གཉིས་ཀྱི་རྒྱབ་ཏུ་ནི། །རྟག་ཏུ་འདུག་པར་བྱ་བ་ཡིན། །སོར་མོ་

ཡི་ནི་མཛུབ་མོ་དང་། །གུང་མོ་ཚིགས་ཀྱི་བར་དུ་ནི། །མཐེ་བོང་གཉིས་ཀྱི་མཐའ་མའི་ཚིགས། །སྦྱར་ཞིང་ལེགས་པར་གཞག་པར་བྱ། །གཡོན་པའི་མཁྲིག་མའི་ཕྱོགས་སུ་ནི། །གཡས་པས་མཐེ་བོང་བརྟན་བྱས་པ། །སེང་གེའི་རྣ་བ་འདྲ་བ་སྟེ། །ཕྱག་རྒྱ་

དཔལ་ལྡན་སྙིང་པོ་ཡིན། །ཕྱག་རྒྱ་གསུམ་པོ་འདི་དག་ནི། །འཁྲུལ་འཁོར་རྣམས་ཀྱི་སྙིང་པོར་བཤད། །འདི་དག་གིས་ནི་སྦྱར་བྱས་ཤིང་། །གསང་སྔགས་ལྡན་པར་བྱས་ན་ནི། །འཁྲུལ་འཁོར་འོད་འབར་གང་ཡིན་དང་། །འཁྲུལ་འཁོར་རྩེ་མོ་མི་ཟད་གང་། །སྣང་

བ་དང་ནི་མི་སྣང་དང་། །ཆེ་ཆུང་དང་ནི་དཀར་ནག་རྣམས། །ཐམས་ཅད་ཀྱང་ནི་འཇིགས་འགྱུར་ཏེ། །འདི་ལ་དཔྱད་པར་མི་བྱའོ། །འཁྲུལ་འཁོར་ཕྱག་རྒྱ་གསུམ་བཤད་པ། །ཐོར་ཚུགས་གསུམ་པ་ཡིན་པར་བཤད། །དེ་ལ་གཉིས་ཀའི་སོར་མོ་ཀུན། །འོག་གི་ཕྱོགས་

Vol. 95 · folio 185b

སུ་བརྟན་བྱ་ཞིང་། །མཐེ་བོང་ཡང་ནི་དེ་བཞིན་ནོ། །གུང་མོ་གྱེན་དུ་བསྒྲེང་ནས་ནི། །གཉིས་ཀ་ལྷན་ཅིག་སྦྱར་བྱ་བ། །ནམ་མཁའ་ཕྱག་རྒྱར་བསྟན་པ་སྟེ། །ལྷ་ཆེན་གྱི་ནི་ཡིན་པར་ཤེས། །བདག་ཉིད་དང་ནི་ལྡན་པ་ཡིན། །གཡོན་པའི་གུང་མོ་གང་ཡིན་པ། །གཉིས་

ཀ་ཡི་ནི་བར་དུ་གཞུག །ལག་པ་གཉིས་ཀའི་སོར་མོ་ཡི། །ལྷག་མ་ཡང་ནི་དགྱེད་པར་བྱ། །མཐེ་བོང་གཉིས་ཀྱང་བསྐྱེད་བྱ་སྟེ། །ལྷ་མོའི་ཕྱག་རྒྱ་ཡིན་པར་བཤད། །མདོར་ན་ཕྱག་རྒྱ་འདི་དག་ནི། །བྱས་ན་ལས་རྣམས་གྲུབ་པ་སྟེ། །བགེགས་རྣམས་ཞི་བར་འདོད་པ་

བཞིན། །རབ་ཏུ་བསྒྲིམས་ཏེ་སྦྱར་བར་བྱ། །དེ་ལས་གཞན་པ་རྒྱུད་ཀུན་གྱིས། །དོན་ཀུན་སྒྲུབ་པར་བྱེད་པ་ཡི། །ཕྱག་རྒྱ་སྤྱི་ཡི་སྒྲུབ་པའི་ཐབས། །འདི་དག་ཀྱང་ནི་བཤད་པར་བྱ། །སྤྱན་དྲང་ལ་སོགས་དོན་རྣམས་ལ། །བསྲུང་བ་ལ་སོགས་ལས་རྣམས་ལས། །སྒྲུབ་པ་པོས་ནི་རིམ་

བཞིན་དུ། །ཕྱག་རྒྱ་འདི་དག་སྦྱར་བར་བྱ། །ཕྱག་རྒྱ་ཀུན་གྱི་ཆོ་ག་ཡི། །གཏང་བ་དང་ནི་དགུག་པ་ལ། །ཤིན་ཏུ་བཟླས་པའི་སྒྲུབ་པ་པོ། །བགེགས་རྣམས་དང་ནི་ལོག་འདྲེན་གྱིས། །རིང་དུ་ཡོངས་སུ་སྤོང་བར་བྱེད། །ཐོག་མར་ལས་ནི་ཐམས་ཅད་ལ། །བགེགས་ཀུན་ཞི་

བར་བྱ་བའི་ཕྱིར། །བགེགས་རྣམས་ཀུན་གྱི་དགྲར་གྱུར་པ། །བདུད་རྩི་ཐབ་སྦྱོར་བཤད་པར་བྱ། །ལག་པ་གཉིས་ཀའི་མཐེ་བོང་གཉིས་ཀྱིས་མཐེའུ་ཆུང་གི་སེན་མོ་མནན་ལ་སོར་མོ་ལྷག་མ་རྣམས་ཀྱི་བར་ནས་གང་ཙམ་གྱིས་ཕྱེ་སྟེ་རྡོ་རྗེའི་མཚན་ཉིད་དུ་བྱས་ལ་དེ་གཉིས་བསྣོལ་

ཏེ་དཔུང་མགོར་བཞག་ནས་མཆེ་བ་མནན་ལ་དྲག་ཏུ་ལྟ་ཞིང་ཁུར་བ་བུས་ཏེ་རྐང་པ་ཕྲལ་ལ་འགྲེང་ཞིང་གཡས་བརྐྱང་གི་ཚུལ་གྱིས་ལུས་བཏུད་པ་ནི་འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་རྩ་བའི་ཕྱག་རྒྱའོ། །འདི་མངོན་སུམ་དུ་བསྟན་ཏེ། ལོག་འདྲེན་རྣམས་དང་གདོན་གཞན་རྣམས་

ཆིངས་ཤིག་ཅེས་བྱས་ན་བཅིངས་པར་འགྱུར་རོ། །ལག་པ་གཡོན་པའི་རྡོ་རྗེ་གང་ཡིན་པ་དེ་ནི་ལས་ཀྱི་རྡོ་རྗེ་ཞེས་བྱའོ། །གཡས་པ་ནི་དམ་ཚིག་གི་རྡོ་རྗེ་ཡིན་ནོ། །སྙིམ་པ་བཀན་ལ་མཐེའུ་ཆུང་གཉིས་བསྣོལ་བའི་བར་དུ་སྲིན་ལག་གཉིས་བཞག་ནས་མཛུབ་མོ་གཉིས་དབུས་བཀུག་

Vol. 95 · folio 186a

ལ་གུང་མོ་གཉིས་གཞིབས་པ་དེའི་ཚིགས་དང་པོར་བསྟན་ཏེ་མཐེ་བོ་གཉིས་གློ་ལ་བཅར་ནས་སྙིམ་པའི་ཐབས་སུ་བྱས་པ་ནི་ཁྲུས་ཀྱི་ཕྱག་རྒྱ་སྟེ། ཁྲུས་བྱེད་པའི་ཚེ་དེ་ལ་ལན་བདུན་བཟླས་བརྗོད་བྱས་ནས་ཕྱག་རྒྱའི་ཆུ་མགོ་བོར་བླུགས་ན་བགེགས་རྣམས་ལས་གྲོལ་ཞིང་ཁྲུས་

བྱས་ནས་ཀྱང་འཇུག་པར་མི་འགྱུར་རོ། །དེ་ཉིད་ལས་མཐེ་བོང་གཉིས་བར་དུ་བཅུག་ལ་གཞན་ཐམས་ཅད་སྔ་མ་བཞིན་དུ་བྱས་པ་ནི་བསྲུང་བའི་ཕྱག་རྒྱ་སྟེ། མགོ་བོ་དང་ལག་པ་གཉིས་དང་སྙིང་ཁ་དང་ལྐོག་མ་དང་གནས་ལྔར་རིམ་པ་བཞིན་གཏུགས་པར་བྱའོ། །དེ་ཉིད་ལས་མཛུབ་མོ་

གཉིས་བཀུག་མཐེ་བོང་གཉིས་ཚིགས་དང་པོ་ཡང་ནང་དུ་བཏུད་པ་ནི་ལྷ་ཐམས་ཅད་ཀྱི་སྤྱིའི་ཁྲུས་ཀྱི་ཕྱག་རྒྱའོ། །བསྲུང་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བཏང་སྟེ་རྡོ་རྗེའི་ཚུལ་དུ་བྱས་པ་ནི་བསྲུང་བ་ཆེན་པོ་ལོག་འདྲེན་ཐམས་ཅད་འཇོམས་པར་བྱེད་པ་ཡིན་ཏེ། སྙིང་གར་བཞག་ལ་ཉི་མ་

གཅིག་བཟླས་བརྗོད་བྱས་ན་ལོག་འདྲེན་གྱིས་ཟིན་པ་ལས་གྲོལ་བར་འགྱུར་ཏེ་གདོན་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །གཡོན་པའི་སོར་མོ་གཉིས་ཀྱི་མཐེ་བོང་སྦས་ཏེ་གདུ་བུ་ལྟར་འདུག་པའི་ནང་དུ་མཐེའུ་ཆུང་དང་མཛུབ་མོ་གཉིས་དབུ་བཀུག་པའི་ཐོར་ཏོ་བཅུག་ལ་ལག་པ་

གཡས་པ་སྟ་ཟུར་ཕྱོགས་སུ་རྡོ་རྗེར་བྱས་ཏེ་ལས་ཐམས་ཅད་ལ་དྲི་དང་མེ་ཏོག་དང་བདུག་པ་ལ་སོགས་པ་ཐམས་ཅད་ལ་སྦྱར་ན་བགེགས་འོང་བར་མི་འགྱུར་རོ། །རྡོ་རྗེ་དེ་ཉིད་གཡོན་པའི་གཏུམ་མོ་ཕྱོགས་སུ་བཟུང་ན་གཟི་བྱིན་སྐྱེ་བར་འགྱུར་རོ། །གཡོན་པའི་སྲིན་ལག་བསྒྲེང་བའི་ངོས་

ལ་མཐེའུ་ཆུང་དང་གུང་མོ་བསྣོལ་བ་བསྟན་ཏེ། མཛུབ་མོས་མཐེའུ་ཆུང་གི་ཐོར་ཏོ་དམ་དུ་བཟུང་ནས། །མཛུབ་མོ་དང་གུང་མོའི་ཐོར་ཏོ་མཐེ་བོས་མནན་པ་ནི་བཅོམ་ལྡན་འདས་དེ་ཉིད་ཀྱི་མཆེ་བའི་ཕྱག་རྒྱ་སྟེ། གདོན་ཐམས་ཅད་དང་བགེགས་ཆེན་པོ་རྣམས་ལ་སྦྱར་བར་བྱའོ། །སོར་མོ་

རྣམས་ཕན་ཚུན་བསྣོལ་ལ་མཐེ་བོང་གཉིས་ནང་དུ་བཅུག་པའི་སྟེང་དུ་མཛུབ་མོ་ཚིགས་གཅིག་བཀུག་སྟེ། གདུ་བུའི་ཐབས་སུ་སྤྲད་པ་ནི་ཆུ་བསྩལ་བའི་ཕྱག་རྒྱ་སྟེ། །ཆུ་ལ་བསྐོར་ནས་ཅི་དགའ་བར་ཁྲུས་བྱའོ། །རྡོ་རྗེའི་ཕྱག་རྒྱ་ལས་མཛུབ་མོ་བཀུག་པ་ནི་དེ་ཉིད་སྤྱན་དྲང་བའི་ཕྱག་

Vol. 95 · folio 186b

རྒྱའོ། །གཉིས་ཀ་བརྐྱང་བ་ནི་སླར་གཏང་བ་ཡིན་ཏེ། བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱ་ཡིན་ནོ། །ལག་པ་གཡོན་པའི་རྡོ་རྗེ་གང་ཡིན་པ་ནི་ཁྲོ་བོ་ཆེན་པོའི་ཕྱག་རྒྱ་སྟེ། བཅིང་བ་དང་དཀྱིལ་འཁོར་གྱི་སྐབས་སུ་བཤད་པའི་ལས་གང་དང་གང་ཡིན་པ་དེ་དང་དེ་ལ་ཁྲོ་བོ་ཆེན་པོ་སྦྱར་

བར་བྱའོ། །སྤྱན་དྲང་བ་དང་། སླར་བཏང་བ་ལ་ཡང་ཕྱག་རྒྱ་རྣམས་ཇི་ལྟ་བ་བཞིན་དུ་སྔགས་དང་སྦྱར་བར་བྱའོ། །རིགས་ཀྱི་ཕྱག་རྒྱ་ཐམས་ཅད་ལ་ཡང་དེ་དག་ཉིད་ཀྱིས་སྦྱར་བར་བྱའོ། །སྙིམ་པ་ལས་མཐེའུ་ཆུང་དང་སྲིན་ལག་ཕན་ཚུན་བསྣོལ་ཏེ་མཐེ་བོང་གཉིས་གློ་ལ་སྦྱར་མཛུབ་

མོ་གློད་དེ་དབུས་བཀུག་ལ་གུང་མོ་གཤིབས་པའི་ཚིགས་དང་པོར་གཞག་པ་ནི་རིག་གསུམ་ཅར་གྱི་སྤྱིའི་མཆོད་ཡོན་གྱི་ཕྱག་རྒྱའོ། །དེ་བཞིན་དུ་སོར་མོ་ཕྲུགས་གསུམ་ཕན་ཚུན་བསྣོལ་ལ་མཛུབ་མོ་བརྐྱང་བའི་ཐོར་ཏོ་སྤྲད་ནས་མཐེ་བོང་གཉིས་ཀྱིས་གློ་ལ་གཞར་ཏེ་སྙིམ་པའི་ཐབས་སུ་

བྱས་པ་ནི་མེ་ཏོག་གི་ཕྱག་རྒྱའོ། །སྙིམ་པ་བཀན་ལ་མཐེའུ་ཆུང་གཤིབས་ཏེ། དེའི་རྒྱབ་ཏུ་སྲིན་ལག་གཤིབས་ཏེ་གཞར། དེའི་རྒྱབ་ཏུ་གུང་མོ་གཤིབས་ལ་མཛུབ་མོ་གཉིས་ལོགས་ཤིག་ཏུ་བརྐྱང་སྟེ་གཤིབས་ནས་མཐེ་བོང་གཉིས་གློ་ལ་གཞར་ཏེ་སྙིམ་པའི་ཐབས་སུ་བྱས་པ་ནི་བདུག་

པའི་ཕྱག་རྒྱའོ། །སྙིམ་པ་བཟེད་མཛུབ་མོ་གཉིས་ཅུང་ཟད་བཀུག་པ་ནི་སྤྱིའི་ལྷ་བཤོས་ཀྱི་ཕྱག་རྒྱ་སྟེ། ནང་དུ་མེ་ཏོག་གཞག་པར་བྱའོ། །ལག་པ་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱར་བྱས་ལ་གཡོན་པ་མཁྲིག་མ་ནས་གདུ་བུ་ལྟར་བཟུང་བ་ནི་དྲིའི་ཕྱག་རྒྱའོ། །ལག་པ་གཡས་པ་ཁུ་ཚུར་བཅངས་

ལ་མཐེ་བོང་དང་གུང་མོ་གཤིབས་པ་ནི་སྤྱིའི་མར་མེའི་ཕྱག་རྒྱའོ། །མཐེ་བོང་དང་སྲིན་ལག་གཉིས་ཀྱིས་སྔགས་ཀྱི་ནོར་བུ་བཟུང་ལ་མཐེའུ་ཆུང་དང་གུང་མོ་བརྐྱང་སྟེ། མཛུབ་མོའི་དབུས་བཀུག་ནས་གུང་མོའི་རྒྱབ་ཀྱི་ཚིགས་དང་པོར་བཞག་པ་འདི་ནི་རིག་སྔགས་ཀྱི་ནོར་བུའི་ཕྱག་

རྒྱའོ། །སྙིམ་པའི་ནང་དུ་སྔགས་ཀྱི་ནོར་བུ་བླངས་ལ་གསང་སྔགས་བཟླས་བརྗོད་བྱས་ན་དག་པར་བྱས་པར་འགྱུར་རོ། །ལག་པ་གཡས་སྐྱབས་སྦྱིན་གྱི་ཚུལ་དུ་བྱས་ཏེ་བསྟན་ལ་མཛུབ་མོ་བཀུག་ནས་མཐེ་བོང་ཡང་ལག་པའི་མཐིལ་དུ་བཀུག་པ་ནི་མེ་སྤྱན་དྲང་བའོ། །མཛུབ་མོ་དང་

Vol. 95 · folio 187a

མཐེ་བོའི་ཐོར་ཏོ་བཀུག་སྟེ་ལྷན་ཅིག་སྦྱར་བ་ནི་མེ་སླར་བཏང་བའི་འོ། །གཡས་པའི་རྡོ་རྗེ་གང་ཡིན་པ་དེ་ནི་སེམས་དཔའ་ཡིན་ནོ། །ལག་པ་གཉིས་གུང་མོ་གཉིས་དང་སྤྲད་དེ་སྦྱར་ལ་གཞན་བསྣོལ་ནས་ཟླ་འོག་ཏུ་བསྟན་ཏེ་དྲ་བའི་ཐབས་སུ་བྱ་བ་ནི་རྡོ་རྗེ་དྲ་བའིའོ། །

མཛུབ་མོ་དང་མཐེའུ་ཆུང་གཤིབས་ལ་མཐེ་བོ་གཉིས་བཀྱེད་ནས་འོག་དང་ཐད་ཀར་ས་ལ་བཞག་སྟེ། གསང་སྔགས་བཟླས་བརྗོད་བྱས་ན་ལས་ཐམས་ཅད་ལ་ས་གཞི་བསྩལ་བ་དང་ཡོངས་སུ་བཟུང་བ་བྱས་པར་འགྱུར་ཏེ། རིགས་ཀྱི་སྤྱིའི་སྙིང་པོའི་ཕྱག་རྒྱ་ཡིན་ནོ། །ལྷ་རྣམས་ལ་

བསྟན་ན་ཡང་ལྷ་རྣམས་དགའ་བར་བྱས་པ་དང་། བསྐུལ་བར་བྱས་པར་འགྱུར་རོ། །ཁྲོ་བོ་ཀཱི་ལི་ཀཱི་ལའི་ཕྱག་རྒྱ་བཅིངས་པ་ལ་ཕྱག་འཚལ་བའི་ཐལ་མོ་ལས་སོར་མོ་རྣམས་སྦྱར་བ་ནི་མཆོད་པའི་ཕྱག་རྒྱའོ། །བསྣོལ་མར་སྦྱར་བ་ནི་ཕྱག་འཚལ་བའི་ཕྱག་རྒྱའོ། །མེ་ཏོག་ལ་སོགས་པ་

མ་འབྱོར་ན་ཡང་ཕྱག་རྒྱ་བཅིངས་པས་འབྱོར་པ་བྱས་པར་འགྱུར་རོ། །ལས་ཐམས་ཅད་ལ་ཡང་བསྐྲད་པ་ནི་ལས་ཀྱི་རྡོ་རྗེས་བྱའོ། །སངས་རྒྱས་སྤྱན་གྱི་ཕྱག་རྒྱ་ནི་ཐམས་ཅད་དུ་རིག་སྔགས་བསྲུང་བར་བྱའོ། །སོར་མོ་ཕན་ཚུན་སྦྱར་ཏེ་ཁུ་ཚུར་བཅངས་ལ་གུང་མོ་གཤིབས་པའི་ཕྱི་རོལ་

དུ་མཛུབ་མོ་རྡོ་རྗེ་ལྟར་བྱས་ནས་མཐེ་བོང་གཉིས་གློ་ལ་གཞར་བ་ནི་དམ་ཚིག་ཆེན་པོའི་ཕྱག་རྒྱ་སྟེ། །ངན་དུ་བྱས་པ་དག་ལ་ཡང་བསྲུང་བ་ཆེན་པོ་ཡིན་ལ་ཉེ་འཁོར་དུ་མཚམས་དེ་བཅད་དེ་འཁོར་ལོས་སྒྱུར་བའི་བཟླས་བརྗོད་བྱས་སུ་ཟིན་ཀྱང་སུས་ཀྱང་རིག་སྔགས་ཀྱི་མཐུ་ཉམས་པར་བྱེད་མི་ནུས་

སོ། །ཁྲོ་བོ་འཆོལ་པའི་སྦས་པའི་ཕྱག་རྒྱ་ལ་ཡང་བསྲུང་བར་འགྱུར་ཏེ། འདི་དག་ནི་བསྒྲུབ་པ་རྣམས་ཀྱི་སྤྱིའི་ཕྱག་རྒྱ་ཡིན་ནོ། །དེ་ལས་གཞན་ཡང་སྦྱིན་སྲེག་གི་གསང་སྔགས་ལས་གང་གི་སྐབས་སུ་བསྟན་པ་ལུང་ལས་ཇི་སྐད་འབྱུང་བ་དེ་དག་ལ་ཡང་ལས་ཀྱི་ཕྱག་རྒྱ་སྦྱར་བར་བྱའོ། །

རྡོ་རྗེའི་ཕྱག་རྒྱ་ནི་རྡོ་རྗེའི་རིགས་ཐམས་ཅད་སྤྱིའི་ཡིན་ནོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་བཤད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མོ་བཛྲ་དྷ་ར་སྱ། །ན་མོ་བིདྱཱ་ག་ཎ་སྱ་སྟུཾ། འདི་ནི་སྙིང་པོ་ཡིན་ཏེ་དེ་བཞིན་དུ། །རྡོ་རྗེ་རིགས་ཆེན་དེ་དང་ནི། །རིག་སྔགས་རིགས་ནི་ཐམས་

Vol. 95 · folio 187b

ཅད་ཀྱི། །རིག་སྔགས་བློན་མོ་བདུན་དག་དང་། །རིང་སྔགས་ཡན་ལག་བདུན་དང་བཅས། །འདོད་པའི་རྡོ་རྗེ་འཛིན་གྱིས་བཤད། །དང་པོ་འདོད་པའི་རྡོ་རྗེ་མ། །རིག་སྔགས་རྡོ་རྗེ་མེ་ཏོག་བཞིན། །ལས་མཆོག་ལ་ནི་གཉིས་པ་ཡིན། །རྫུ་འཕྲུལ་དང་ནི་སྟོབས་ལྡན་པ། །

རྡོ་རྗེ་སྒྲོག་ཅེས་བྱ་བ་དང་། །འོག་པག་སེར་མོ་གཏུམ་མོ་དང་། །དེ་བཞིན་རྡོ་རྗེ་ཚུགས་བར་དཀའ། །རིག་སྔགས་ཆེན་མོ་བདུན་དེ་དག །ཉི་མ་བདུན་དང་སྟོབས་མཉམ་ཞིང་། །སེམས་ཅན་ཚོགས་ཀུན་མཆོག་རྣམས་ལ། །ཐལ་མོ་སྦྱར་ཏེ་ཕྱག་ཀྱང་བྱ། །གཞན་ཡང་ཡ་མཚན་

ལས་འདས་ཤིང་། །དུས་ཀྱི་མཐའ་ཡི་མེ་འདྲ་བ། །རྡོ་རྗེ་ཁྲོ་བོ་ཁྲོ་བོ་ཆེ། །དེ་ལ་ཡང་དང་ཡང་དུ་འདུད། །དེ་བཞིན་རྡོ་རྗེ་ཐོག་ཐོག་ནི། །འབྱུང་པོ་རྣམས་ལ་ཐོག་ཐོག་བཞིན། །གཟུང་དཀའ་རིག་སྔགས་ལས་ཀུན་བྱེད། །ལྷོ་ཕྱོགས་སྒོ་ནི་བསྲུང་བ་དང་། །རྡོ་རྗེ་ཁུ་ཚུར་མཆོག་སྦྱིན་

དང་། །གཏུམ་པོ་ཆེན་པོ་སྟོབས་པོ་ཆེ། །བདག་དང་གཞན་ཀུན་བསྲུང་བའི་མཆོག །བྱང་ཕྱོགས་སྒོ་ནི་བསྲུང་བ་དང་། །ཕོ་ཉ་ཆེན་པོ་གྲུབ་པ་བཅུ། །དེ་བཞིན་དེ་དག་གཡོག་མོ་རྣམས། །ཕོ་ཉ་མ་ནི་དྲུག་ཅུ་བཞི། །རིག་སྔགས་ཚོགས་ནི་སྣ་ཚོགས་དང་། །རྡོ་རྗེ་

དབྱུག་པ་ཉི་མ་ལ། །རྡོ་རྗེ་རིགས་ཀྱི་སློབ་དཔོན་གྱིས། །གྲུབ་པའི་རྡོ་རྗེ་ཆོ་ག་ཡི། །སྙིང་ནས་ཀྱང་ནི་ཕྱག་བྱས་ནས། །དེ་ལས་གཞན་རྣམས་བཤད་པར་བྱ། །ལས་ཀྱི་དཀྱིལ་འཁོར་གཙོ་བོ་ནི། །ཇི་བཞིན་དུ་ནི་བྲིས་ནས་ཀྱང་། །གདོན་གྱི་ལས་རྣམས་བསྒྲུབ་པར་བྱ། །

གང་གི་མིང་ནི་སྨོས་ཙམ་གྱིས། །མ་བཅོས་པར་ཡང་གདོན་རྣམས་འཇིག །དབང་པོའི་རྒྱལ་མཚན་བསྟན་པ་ཡིས། །མ་བཅོས་ལྷ་མིན་ཕམ་པ་བཞིན། །འབྱུང་པོ་ཀུན་ལས་གྲོལ་བའི་ཐབས། །འཇིག་རྟེན་ཀུན་ཏུ་མཆོག་གྱུར་གང་། །ཐམས་ཅད་ཞི་བར་བྱེད་པ་ཡི། །དམ་

པ་གང་ཡིན་བཤད་པར་བྱ། །གང་ཞིག་ཚུལ་བཞིན་དྲན་བྱས་ཤིང་། །བསྒྲིམས་ཏེ་མཆོད་པ་བྱས་ན་ནི། །འབྱུང་པོ་ཀུན་གྱིས་མི་ཚུགས་ལ། །འཇིགས་མེད་བདེ་བར་གནས་པར་འགྱུར། །འཇིག་རྟེན་འཇིག་རྟེན་སློབ་དཔོན་འདྲ། །འཇིག་རྟེན་གྱི་ནི་སྣང་བྱེད་མཆོག །

Vol. 95 · folio 188a

འབྱུང་པོའི་ཚོགས་ནི་ཐམས་ཅད་ཀྱིས། །རྟག་ཏུ་ལྷ་ཆེན་བཞིན་དུ་མཆོད། །མཆོག་གྱུར་མཆོག་གིས་མཆོད་པ་དེས། །ཆོ་ག་བཞིན་དུ་རྒྱས་པར་ནི། །གདོན་གྱི་མཚན་ཉིད་བར་དུ་ཡང་། ལེགས་པར་རབ་ཏུ་བཤད་པར་བྱ། །ཟླ་ཕྱེད་ཡུད་ཙམ་ཉིན་མོ་དང་།

རྒྱུ་སྐར་དག་ནི་བཟང་བ་ལ། །གཙང་ཞིང་གོས་གཙང་བགོས་པ་དང་། །བསྡམས་ཤིང་ངེས་པར་གནས་པ་དང་། །གཙང་མའི་གྲོགས་དང་ལྡན་པ་དང་། །གཙང་མའི་གྲོགས་དང་ལྡན་པ་དང་། །གཙང་མའི་ལམ་དུ་ཞུགས་པ་ཡི། །ཡར་གྱི་ངོའི་ནི་ཚེས་གཅིག་གམ། །ཚེས་

གཉིས་དེ་བཞིན་ལྔ་ཡང་རུང་། །ཆོས་དྲུག་གམ་ནི་བརྒྱད་དམ་བཅུ། །བཅུ་གསུམ་ཡང་ན་ཉ་དག་གི། །ཉིན་པར་ཡོངས་སུ་གཟུང་བར་བྱ། །བ་བླ་དང་ནི་བལ་པ། །བེ་ཤོ་དེ་བདེ་བཞིན་ཏེ། །ཡང་ན་ཏེའུ་ཏུ་ལ་ཡང་རུང་། །ཞག་ཕྱེད་ཡོངས་སུ་གཟུང་བར་བྱ། །ཤྭ་ཏ་མེ་ཏྲ་པ་ལ་དང་། །ཤ་ར་མ་ཐ་ཨ་བི་ཙི། །ཛ་ཡ་སེའུ་

མེའི་ཡུད་ཙམ་ལ། །དཀྱིལ་འཁོར་དམ་པ་བྱ་བ་ཡིན། །བསྒྲིམས་ཏེ་ལག་ན་རྡོ་རྗེ་དང་། །རྒྱལ་དབང་ལ་ནི་ཕྱག་བྱས་ནས། །ཞི་ཞིང་སྔན་ཆད་ལས་བྱས་པའི། །ས་ཕྱོགས་མཁས་པས་འགྲོ་བར་བྱ། །ཀུན་དགའ་ཚོང་འདུས་གཙུག་ལག་ཁང་། །གྲོང་དང་གྲོང་ཁྱེར་བྱང་ཤར་

མཚམས། །དེ་བཞིན་ལྷོ་ནུབ་མཚམས་ཀྱང་རུང་། །མཉམ་ཞིང་མདངས་དགའ་མདོག་སྡུག་དང་། །ཚད་ལྡན་ཚྭ་སྒོ་མེ་པ་དང་། །རྡོ་དང་གསེག་མ་རུས་པ་དང་། །སྐྱོན་ཀུན་མེད་པ་དེས་མཐོང་ནས། །དེ་འདྲའི་ས་དེ་རྙེད་ནས་ནི། །རྡོ་རྗེ་ལྕགས་ཀྱུ་དྲན་བྱ་ཞིང་། །ཤར་

ཕྱོགས་ནས་ནི་གོམ་པ་དོར། །ཧ་ཅང་མི་དྲག་རྒོད་མི་བྱ། །རིག་སྔགས་གང་ལ་དད་པའི་ས། །བདག་ཉིད་དེ་ནས་བསྲུང་བར་བྱ། །ཡན་ལག་གསུམ་པོ་ནས་དང་ནི། །ཡུངས་ཀར་འབྲས་ཀྱང་གཞག་པར་བྱ། །དེ་ནས་དཀྱིལ་འཁོར་གནས་དེར་ཡང་། །དགེ་ལྟས་དག་ཀྱང་

བལྟ་བར་བྱ། །སྔགས་ཀྱིས་དག་པར་བྱས་པའི་ཆུས། །ཐམས་ཅད་ལེགས་པར་གཏོར་བར་བྱ། །བ་ལང་ལྕི་བས་ལེགས་པར་སྦྱར། །ཀུ་ཤ་དག་ཀྱང་གདིང་བར་བྱ། །ཁྲུ་ནི་བཞིའམ་དྲུག་གམ་བརྒྱད། །ས་ཡི་ཕྱོགས་ཆར་ཐིག་ཀྱང་གདབ། །ཐིག་སྐུད་གསར་ཞིང་གྲིམས་

Vol. 95 · folio 188b

པ་དང་། །རན་པ་དང་ནི་མཛེས་པ་དང་། །དྲི་ཞིམ་དང་ནི་བལྟ་ན་སྡུག །གཟབས་པ་དང་ནི་ལེགས་པ་དང་། །ཐུང་ངུ་དང་ནི་སྦོམ་ལ་སོགས། །མ་ལེགས་མདུད་པ་རྣམས་མེད་ན། །དྲི་དང་མེ་ཏོག་མཆོད་པ་ཡིས། །ཤེས་རབ་ཅན་གྱིས་ཐིག་ཀྱང་གདའ། །བུ་ངག་ཆོག་

ཤེས་དབེན་པ་བདེ། །ཆོས་ལ་མི་དམོད་བདེ་བ་ཡིན། །འཚེ་བ་སྤངས་པ་འཇིག་རྟེན་བདེ། །སྲོག་ཆགས་རྣམས་ལ་སྡོམ་པ་དང་། །འདོད་ཆགས་བྲལ་བ་འཇིག་རྟེན་བདེ། །འདོད་པ་རྣམས་ལས་འདས་པ་དང་། །ང་སྙམ་ང་རྒྱལ་ཞི་བ་དང་། །དུལ་བ་འདིར་ནི་མཆོག་ཏུ་བདེ། །བུ་དག་

རྒྱུན་ལས་བཟློགས་པ་ཡི། །ལམ་བགྲོད་ཟབ་ཅིང་བལྟ་དཀའ་བ། །མུན་ནག་ཐིབས་པོས་བསྒྲིབས་པ་དང་། །འདོད་ལ་ཆགས་པས་རྟོགས་མི་འགྱུར། །ངས་ནི་དཀར་བ་རྟོགས་བྱས་ནས། །སྐྱེ་བོ་རྒྱུན་བཞིན་འཁྱམ་པ་དང་། །འདོད་པ་དག་གི་མདུད་པ་ཡིས། །བཅིངས་

པའི་བར་དུ་བཤད་པ་སྟེ། །འདི་ནི་ལག་ན་རྡོ་རྗེ་ཡི། །ཡིད་འོང་ཆེད་དུ་བརྗོད་པ་བརྒྱད། །ཀཱི་ལི་ཀཱི་ལས་བསྲུང་བྱས་ནས། །ངེས་པར་ཀུན་ཏུ་འཇིགས་པ་མེད། །བྱང་ཕྱོགས་ཡང་ན་ནུབ་ཕྱོགས་སུ། །ཚོན་རྩི་ལ་སོགས་དེ་དག་གཞག །ཤར་ལྟས་ལག་པ་གཡོན་པ་ཡིས། །

དྲི་དང་མེ་ཏོག་ཕྲེང་བས་མཆོད། །མཚོན་ཆ་བསྔགས་ཤིང་ཕྱོགས་བཅིངས་ལ། །ཐིག་གིས་གྲྭ་ཡང་བཙལ་བར་བྱ། །དེ་ལྟར་མཉམ་པར་བཀོད་ནས་ནི། །ཁང་པ་གྲུ་བཞི་བྲི་བར་བྱ། །ཇི་ལྟར་ཐིག་ནི་གདབ་པ་བཞིན། །ཐིག་དང་མཐུན་པར་བསྒྲུབ་པར་བྱ། །རིག་སྔགས་རྡོ་རྗེ་

ལྕགས་ཀྱུ་མ། །ཡ་མཚན་དེ་ཉིད་དྲན་པར་བྱ། །ནང་གི་ཁང་པ་མཉམ་པ་དང་། །གྲྭ་བཞི་ལེགས་པར་གནས་པར་བྱ། །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དུ། །དེ་ཡི་ཚང་དང་མཐུན་པར་ནི། །རྡོ་རྗེ་ཁང་གནས་རྡོ་རྗེ་ཡི། །དབུས་དང་ཐོག་མ་དབྱིབས་ལེགས་ཤིང་། །རྩེ་མཐོ་

ཤིན་ཏུ་རྒྱ་ཆེ་བ། །ཤར་དུ་བརྟེན་ཏེ་གཞག་པར་བྱ། །རྡོ་རྗེ་ཡི་ནི་བྱང་ཕྱོགས་སུ། །རྡོ་རྗེ་རིག་སྔགས་གདབ་ཅིང་བྱ། །དབུས་དང་རྩེ་མོ་ལེགས་པ་ཡི། །རྒྱལ་མཚན་རྩེ་མོ་ནང་དུ་བསྒྲེང་། །ནུབ་བྱང་གླར་ནི་གཞག་པར་བྱ། །རྡོ་རྗེ་སྒོ་ནི་ནུབ་ཏུ་འདོད། །འདི་ནི་གསང་བའི་སྒོར་

Vol. 95 · folio 189a

བཤད་དེ། །འབྱུང་པོ་ཐམས་ཅད་འཇིགས་པར་བྱེད། །དཀྱིལ་འཁོར་འདོད་པས་སྒོ་དེ་ཡི། །བྱང་ཕྱོགས་ཀྱི་ནི་ཉེ་འཁོར་དང་། །ལྷོ་ཕྱོགས་སུ་ནི་གང་བཤད་པ། །བསྙེན་ཏེ་ལེགས་པར་གཞག་པར་བྱ། །གུར་གུམ་དག་ནི་ཡིད་འོང་བ། །རྒྱ་སྐྱེགས་

ཁུ་བས་སྦྱར་བའམ། །ལེ་བརྒན་རྩིས་ནི་དམར་བྱས་བྱ། །དར་ནི་ཡིད་ཀུན་འཕྲོག་བྱེད་པ། །དེས་ནི་བ་དན་བྱས་ནས་ཀྱང་། །ཤིང་རིངས་དག་ལ་གདགས་པར་བྱ། །སྒོ་ཡི་ལྷོ་ཕྱོགས་ངོས་སུ་ཡང་། །དེ་དག་ལས་གཞན་གང་འདོད་པའི། །ཀུ་རནྡ་ཡི་ཕྲེང་བ་དག །རྡོ་རྗེ་རྩེ་མོར་

གདགས་པར་བྱ། །ཡང་ན་མེ་ཏོག་དམར་པོ་ཡི། །ཕྲེང་བ་སྣ་ཚོགས་བཟག་པོ་གདགས། །རྡོ་རྗེའི་སྒོ་ནི་དོན་གྲུབ་པ། །འགྲོ་དང་མི་འགྲོ་འཇིག་རྟེན་གསུམ། །འདི་དག་འཇོམས་ནུས་གང་ཡིན་པ། །སྒོ་སྲུང་གཉིས་ཀྱང་གཞག་བྱ་ཞིང་། །དེ་ཡང་རིག་སྔགས་བརྗོད་བཞིན་

བྱ། །གྲགས་པ་གཞན་ཡང་གང་འདོད་པ། །རྡོ་རྗེ་ཐོག་ཐོག་ལྷོ་ཕྱོགས་སུ། །རྡོ་རྗེ་ཁུ་ཚུར་བྱང་ཕྱོགས་བཞག །རྡོ་རྗེ་ལོ་ཏོག་ལྷོ་ཕྱོགས་སུ། །མེ་ཏོག་ཡུངས་ཀར་སྟེང་དག་ཏུ། །དྲི་བསུང་ཞིམ་པོས་ཆེར་བསྒོས་ཤིང་། །དྲི་དང་མེ་ཏོག་རྒྱས་པའང་གཞག །རྡོ་རྗེ་ཁུ་

ཚུར་སྟོབས་པོ་ཆེ། །དཔལ་ལྡན་དེ་བཞིན་བྱང་ཕྱོགས་སུ། །རྡོ་རྗེ་ཁུ་ཚུར་ཕྱག་རྒྱ་ཡིས། །བཞག་ན་གླགས་ནི་རྙེད་མི་འགྱུར། །འཇིག་རྟེན་གསུམ་རྒྱལ་གང་གང་ལས། །རྡོ་རྗེ་འཛིན་པ་ཡིད་ཀྱིས་བཀུག། །རྡོ་རྗེ་ཁུ་ཚུར་ཁུ་ཚུར་གྱིས། །བསྣུན་ན་རྣམ་པར་འཇིག་པར་

འགྱུར། །རྡོ་རྗེ་སྙིང་པོའི་ཁང་པ་དེར། །གཡོན་ལོགས་ནས་ནི་འཇུག་པར་བྱ། །དེ་ནི་གཡས་ལོགས་སྐོར་བ་ཡང་། །འཇིག་རྟེན་དག་ཏུ་བཤད་པར་བྱ། །འཁོར་ཀུན་དང་ནི་ལྷན་ཅིག་ཏུ། །རྡོ་རྗེ་སྒྲོག་ཀྱང་གཞག་པར་བྱ། །ཀླུ་ཡི་གཙོ་བོ་ནོར་རྒྱས་བུ། །གཟི་

ཅན་གཉིས་ཀྱང་གྲྭ་རུ་གཞག །འདི་གཉིས་ཀླུ་ཀུན་བདག་པོ་སྟེ། །ཀླུ་ཀུན་གྱི་ནི་གནས་ཀྱང་ཡིན། །བྲམ་ཟེ་ལས་བྱུང་དུག་ཅན་དེ། །འདི་གཉིས་སྔགས་དང་ཕྱག་རྒྱར་ལྡན། །འདི་གཉིས་ཀྱི་ནི་མདུན་ལོགས་སུ། །མཁའ་ལྡིང་རྣམ་པར་འདུད་པའི་བུ། །མཁའ་ལྡིང་

Vol. 95 · folio 189b

གི་ནི་ཆོ་ག་བཞིན། །རྐང་དང་བྱིས་པ་ལ་སོགས་བསྐོར། །དེ་ནས་འབྱུང་པོའི་ཚོགས་བདུན་དག །ཆོ་ག་བཞིན་དུ་གཞག་པར་བྱ། །གནོད་སྦྱིན་ཀུན་དང་ཀུ་བེ་ར། །དེ་ཡི་བེ་ཅོན་བྱང་ཕྱོགས་གཞག །དེ་ནས་ཀླུ་ཆེན་ཚོགས་རྣམས་དང་། །བྱ་བསྒྲུབ་པོ་གཡོག་དང་བཅས། །

ཀླུ་ཡི་གཡོག་རྣམས་མཐུ་སྟོབས་ལྡན། །དེ་དག་ཤར་ཕྱོགས་ངོས་སུ་དགོད། །དེ་ནས་ཕྱི་རོལ་རིག་སྔགས་ཚོགས། །ཐམས་ཅད་བཞག་སྟེ་དབང་ཕྱུག་ཆེ། །ཆོས་ཀྱི་ངང་ཅན་གྲགས་ལྡན་མ། །ལྷ་མོ་དཀའ་ཟློག་ཞམ་རིང་ལྡན། །ལག་ན་རྡོ་རྗེ་ལྷ་ཆེན་དང་། །དཀའ་ཟློག་

གཉིས་ཀྱི་བར་དག་ཏུ། །རིག་སྔགས་རིགས་དག་གཞག་པར་བྱ། །དེར་ནི་ལག་ན་རྡོ་རྗེ་ཡི། །རྡོ་རྗེ་འབར་བས་རབ་ཏུ་གཟིར། །དེ་ནས་གྲྭ་ལོགས་ལྷ་མོ་ནི། །ཀ་ཏ་ཡ་ན་ལོག་འདྲེན་དང་། །སྣ་ཡོན་སུམ་ཅུ་རྩ་གཉིས་སོ། །དེ་དག་ལས་ནི་གང་འདོད་དང་། །དེ་ཡི་འོག་

ཏུ་དྲི་ཟ་ནི། །སྐལ་ཆེན་བརྩོན་འགྲུས་ཆེ་བ་རྣམས། །ཤར་དུ་དབང་པོ་རྡོ་རྗེ་དང་། །དེ་བཞིན་དབང་པོ་ལྷ་ཡི་ཚོགས། །དེ་ཡི་འོག་ཏུ་ལྷ་ཡི་གཟའ། །དེ་ནས་ཁྱབ་འཇུག་འཁོར་ལོར་བཅས། །མེ་དང་དྲུག་མ་བསྟན་པ་ཡི། །མེ་དང་མདུང་ཐུང་གྲྭ་རུ་གཞག །ལྷོ་ཕྱོགས་དང་

པོར་ལྷོ་ཕྱོགས་ཀྱི། །འབྱུང་པོའི་བྱ་བ་བསྒྲུབ་པ་གཞག །དེ་ཡི་འོག་ཏུ་གཤིན་རྗེ་དང་། །གཤིན་རྗེ་དབྱུག་པ་གྲུལ་བུམ་རྣམས། །གྲུལ་བུམ་ལ་སོགས་ཚོགས་ཀུན་དང་། །མ་མོ་རྣམས་དང་འཇིག་རྟེན་མ། །བདེན་བྲལ་གྲྭར་ནི་འཕགས་མའི་མདུན། །འབྱུང་པོའི་ཚོགས་

ཀྱིས་བསྐོར་བར་བྱ། །ནུབ་ཕྱོགས་དང་པོར་སྐེམ་བྱེད་ནི། །དྲག་མོ་ཚོགས་རྣམས་མང་པོར་བཅས། །ཀླུ་དང་མཁའ་ལྡིང་གྲགས་མ་རྣམས། །དེ་ཡི་འོག་ཏུ་གཏོར་མའི་གནས། །ཚུལ་ལི་ཞེས་བྱ་རྒྱ་ཆེན་ཡང་། །དེར་ནི་ངེས་པར་གཞག་པར་བྱ། །དེ་ལྟར་དེ་དག་ཐམས་ཅད་

དུ། །ཚོགས་རྣམས་ཐམས་ཅད་བཀོད་པའི་དབུས། །རྡོ་རྗེ་དཀྱིལ་འཁོར་ནང་དག་ཏུ། །རྡོ་རྗེ་དབྱིབས་ཀྱི་སྟེགས་བུ་ནི། །ཤར་ནུབ་ཕྱོགས་སུ་བལྟ་བའི་དབྱིབས། །དེ་ཡི་དབྱིབས་ལེགས་གཞག་པར་བྱ། །དེ་ཡི་ནུབ་ཕྱོགས་གནས་སུ་ཡང་། །རིག་སྔགས་འཆང་

Vol. 95 · folio 190a

ནི་གུས་གནས་ཤིང་། །ལག་ན་རྡོ་རྗེའི་སྙིང་པོ་ནི། །རབ་ཏུ་བསྒྲིམས་ཏེ་བཟླས་བརྗོད་བྱ། །ཙནྡན་ཕྱེ་མ་ལ་སོགས་སྤོས། །ནས་དང་ཡུངས་ཀར་ལ་སོགས་དང་། །ཡང་ན་དེ་དག་རེ་རེ་ཡིས། །ལག་ན་རྡོ་རྗེ་ཐོག་མར་བྲིས། །བདག་ཉིད་གཡོན་ཕྱོགས་ངོས་

ལ་འདུག །ལྷོ་མོ་ལྷོ་ནུབ་མཚམས་སུ་གཞག །གཡས་པས་དྲི་དང་ཕྲེང་བས་མཆོད། །བདུག་པ་སྣ་ཚོགས་དག་ཀྱང་བསྲེག །ཤིན་ཏུ་བཀྲ་ཤིས་ཚིགས་བཅད་ཀུན། །ཆོས་ཀྱི་འཁོར་ལོ་བསྐོར་བའམ། །ཡང་ན་འདུས་པ་ཆེན་པོའི་མདོ། །ཐེ་ཚོམ་མེད་པར་གདོན་པར་

བྱ། །དེ་ནས་ཆོས་ཀྱི་རྒྱལ་པོ་ཡི། །ཆོས་ཀྱི་འཁོར་ལོ་མཁས་པས་བྲི། །དཔལ་དང་ལྡན་པ་ལྷ་ཡི་ལྷ། །སངས་རྒྱས་སྐུ་གཟུགས་འོད་ཅན་བྲི། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ཡི། །རིག་སྔགས་གུས་པས་མཆོད་ཅིང་བཟླས། །ལྷ་མོ་སྟོབས་ཆེན་དེ་ཉིད་དང་། །རྡོ་རྗེ་རི་བོ་

བྲི་བར་བྱ། །སྙིང་པོ་ལག་ན་རྡོ་རྗེ་ནི། །མཚོན་རྩེ་གསུམ་གྱི་བདག་ཉིད་ཀྱི། །ཚུལ་བཞིན་བྲི་ཞིང་རིགས་རྣམས་ཀྱི། །བློན་མོ་བདུན་གྱིས་བསྐོར་བར་བྱ། །ཕོ་ཉ་མ་བཅུ་དཔུང་གི་མཆོག །དྲུག་ཅུ་རྩ་བཞིས་རྗེས་འབྲང་དང་། །རིག་སྔགས་ཚོགས་ནི་ཐམས་ཅད་

དང་། །རྡོ་རྗེ་ཁྲོ་བོ་ཡན་ཆད་བྲི། །ཡིད་བཞིན་ནོར་བུ་འདྲ་བ་དང་། །སྐལ་ལྡན་མཆོག་སྦྱིན་གཟུངས་བཟང་འདྲ། །འཇིག་རྟེན་ཀུན་གྱི་ཐབས་སུ་ནི། །དུས་ཀུན་དུ་ནི་ཕྱག་བྱ་བ། །ལྷ་ཀུན་རིག་སྔགས་ཆེན་མོ་སྟེ། །གནོད་སྦྱིན་འབྱུང་པོ་ཀླུ་འཇིགས་བྱེད། །གདོན་ཆེན་

དག་ནི་སྟོང་ཕྲག་རྣམས། །གཅིག་པུས་གསོད་པར་བྱེད་པ་སྟེ། །དེ་ཡི་མིང་ནི་བརྗོད་བྱས་ཤིང་། །མེ་ཏོག་བདུག་པས་མཆོད་བྱས་ན། །གདོན་རྣམས་བྱེ་བ་སྟོང་ཕྲག་དག །འཁྱམ་པར་འགྱུར་ཞིང་གཡོ་བར་འགྱུར། །དེ་ཡི་དངོས་གྲུབ་གཟུགས་བཟང་བཞིན། །དཔལ་

དང་ལྡན་པར་མངོན་སུམ་གནས། །ཐམས་ཅད་དོན་ནི་སྒྲུབ་པ་པོས། །འདི་ལ་ཐེ་ཚོམ་མེད་པར་བསྒྲུབ། །བསྒྲུབ་པས་རབ་དང་འབྲིང་ལ་སོགས། །བཤོས་དང་བདུག་པ་ལ་སོགས་མཆོད། །ཨ་གུ་རུ་སྤོས་དུ་རུ་སྐ། །ཡུངས་ཀར་གུ་གུལ་ཤུ་དག་དང་། །ནིར་ཀུན་དི་དང་

Vol. 95 · folio 190b

ཤུལ་སི། །པད་འདྲ་མ་དང་སྦྲང་རྩི་མར། །མ་ཧཱ་བྱི་ཤ་ལ་དང་བཅས། །འདིར་ནི་ལས་ཀྱང་བྱ་བ་ཡིན། །ཐམས་ཅད་འཇུག་པའི་སྒོ་དག་ཏུ། །ཐམས་ཅད་ཀྱང་ནི་འབྱུང་བར་བྱ། །སྒོ་མ་ཡིན་པ་གཞག་དག་ཏུ། །འདིར་ནི་ཅི་ཡང་མི་བྱའོ། །ཞེ་སྡང་གཏི་མུག་རྒྱགས་

དང་མྱོས། །འདོད་ཆགས་མི་ཤེས་དབང་གིས་ཀྱང་། །འདི་ལ་འཇུག་དང་འབྱུང་བྱས་ན། །མི་རྣམས་མྱུར་དུ་ནད་ཀྱིས་འདེབས། །གདོན་རྣམས་མྱོས་ཤིང་རྒྱགས་པ་ཡིས། །རྡོ་རྗེ་དག་ལ་བརྫི་བྱེད་དམ། །རྐང་པས་རྡོ་རྗེ་རི་མོ་བརྫིས། །མྱུར་དུ་དམ་ཚིག་ཉམས་འགྱུར་ཏེ། །

དེ་དག་རྡོ་རྗེ་འཛིན་པ་ཡིས། །མྱུར་དུ་རྡོ་རྗེ་ཆེན་པོས་འཇོམས། །དེ་དག་གི་ནི་རིགས་རྣམས་ཀྱང་། །རྡོ་རྗེ་རིག་སྔགས་ཚོགས་ཀྱིས་གཞག །སློབ་དཔོན་ཡང་ན་དམ་ཚིག་ཤེས། །གདོན་གང་དག་གིས་བརྙས་བྱེད་ན། །རྡོ་རྗེ་ལྕགས་ཀྱུའི་བཟླས་བརྗོད་དང་། །སྦྱིན་

སྲེག་དག་གིས་དེ་ཡི་རིགས། །སྐད་ཅིག་གིས་ནི་བཅོམ་པར་འགྱུར། །གཞན་ཡང་རྡོ་རྗེ་རིགས་ཆེན་ལས། །རིག་སྔགས་འདོར་གྱུར་གང་ཡིན་པ། །དེ་ཡང་སྔར་ནི་བསྒྲུབ་བྱས་ལ། །མྱོས་ལ་སོགས་པས་གདོན་རྣམས་བསྐྲད། །གང་ཕྱིར་སྒོར་ཡང་འགྲུབ་པའི་ཕྱིར། །

རྟག་ཏུ་འདི་ནི་ནང་དག་ཏུ། །མཆོད་པའི་ཚོགས་ནི་བརྗོད་པ་དང་། །བརྡེག་པ་ལ་སོགས་ལས་མི་བྱ། །གཞན་ཡང་ནད་གཏང་མང་པོ་དང་། །ཡི་དགས་འབྱུང་པོ་ཤ་ཟ་དག །དཀྱིལ་འཁོར་སྤོང་བར་བྱེད་པ་དག །དེ་དག་འདིར་ནི་བཤིག་པ་ཡི། །དྲག་པོའི་ལས་ལ་འཇུག་

པར་བྱ། །གཞིག་པར་བྱ་བ་གང་ཡང་རུང་། །ཐམས་ཅད་ལྷོ་ཕྱོགས་ནང་དུ་བྱ། །ཀུན་ལ་མེ་ནི་འབར་བར་བྱ། བདུག་པའི་སྣོད་ནི་ཕྱི་རོལ་གཞག །ལྷ་བཤོས་སྣ་ཚོགས་མཛེས་པ་དག །ཅི་འདོད་ཀུན་ནི་ཐམས་ཅད་དུ། །ཐམས་ཅད་ཟད་མི་ཤེས་པར་བྱ། །གདོན་

གྱི་དཀྱིལ་འཁོར་ཕ་རོལ་གྱི། །བྱང་ཤར་མཚམས་སུ་གང་འདོད་པའི། །ལྷ་ཡི་ཕྱག་རྒྱའི་ཚོགས་ཀྱང་བྲི། །པདྨ་འཁོར་ལོ་རྒྱལ་མཚན་མདུང་། །མདུང་ཐུང་དབྱུག་པ་བེ་ཅོན་རི། །ཞགས་པ་རྩེ་གསུམ་ཁ་གདེང་དུང་། །གདོན་དྲག་རྣམས་ལ་གནས་པར་བྱ། །གང་ན་

Vol. 95 · folio 191a

རིག་སྔགས་གདོན་དྲག་པ། །མཐུ་དྲག་གནས་པ་དེ་དག་ནི། །མཐུ་ཉིད་ཀྱིས་ནི་བསྒྲུབ་བྱ་ཞིང་། །འདི་ལ་དཔྱད་པར་མི་བྱའོ། །དཀྱིལ་འཁོར་དེ་ཡི་ཕྱོགས་ཀུན་དུ། །འབྱུང་པོའི་ཚོགས་ཀུན་གནས་ཀྱང་བྱ། །གཏོར་མ་དང་ནི་བདུག་པ་རྣམས། །

རབ་ཏུ་རྒྱས་པར་མཆོད་པར་བྱ། །དེ་ནས་གདོན་ནི་དུལ་བ་ཡིས། །ཐེམས་པར་གྱུར་ན་མཆོད་པར་བྱ། །མི་བཟད་ལ་ནི་སྣར་བླུགས་དང་། །མིག་བསྐུ་བ་དང་བཏུང་པ་དང་། །སྦྱིན་སྲེག་སོགས་པས་གཞིག་པར་བྱ། །གདོན་གྱིས་དྲག་ཏུ་བཏབ་པ་ལ། །དལ་ནས་བཟུང་བས་ཡོངས་མི་བྱ། །དལ་ནས་བྱས་

པ་སྨན་པ་ཉིད། །མི་བཟད་གདོན་གྱིས་བཅོམ་པར་འགྱུར། །དེ་ཕྱིར་སྨན་པ་མི་བཟད་པ། །གཏུམ་ཞིང་སྤྱོད་པ་རིག་པ་དང་། །བརྟན་མཆོག་དགའ་ཞིང་སྤྲོ་བ་དང་། །སྙིང་སྙོམས་རིག་སྔགས་བརྩོན་པ་ཡིས། །ཁྲོས་ནས་མཐུ་ནི་གནས་བྱ་ཞིང་། །

བརྡེག་པའམ་ཡང་ནི་བསྡིགས་པར་བྱ། །དུལ་བའི་གདོན་ནི་དང་བ་ཡིས། །དེ་མ་ཐག་ཏུ་འགྲུབ་པར་འགྱུར། །དཀྱིལ་འཁོར་ཕྱིན་ང་བཅས་པར་ཡང་། །གཏོར་མའི་ལས་ནི་བྱ་བ་དང་། །ཁུར་བ་དང་ནི་གཞིབས་པ་དང་། །ཁ་ཟས་ཅི་འབྱོར་རིམ་བཞིན་དབུལ། །དམ་ཚིག་ཅི་རིགས་

སྦྱིན་པར་བྱ། །རིག་སྔགས་འབྱུང་པོ་ལ་སོགས་ཀྱི། །གཏོར་མ་ཀུན་ནི་ཅི་སྙེད་སྦྱིན། །གདོན་ཀུན་ལ་ནི་མཆོད་པར་བྱ། །བཅོམ་ལྡན་ཉིད་ཀྱིས་བཤད་པ་བཞིན། །བདེན་པར་སྨྲ་ཞིང་དམ་ཚིག་ཤེས། །སློབ་དཔོན་ཕྱིར་ནི་འདིར་བརྩོན་པའི། །སློབ་མ་དམ་ཚིག་འཛིན་དུ་

གཞུག །ཐམས་ཅད་ཀྱི་ནི་ཕྱག་རྒྱའི་ཚོགས། །སྐྲག་པར་བྱ་དང་མཆོད་བྱ་དང་། །དེ་དག་ཐམས་ཅད་གཡོན་པ་ཡིས། །རྣམ་པ་ཐམས་ཅད་བསྟན་པར་བྱ། །རྡོ་རྗེ་གོམ་པར་འདོར་དང་འཇིག །ཅིག་ཆར་ཡོངས་སུ་བསྒྱུར་བ་དང་། གཡོན་པས་བརྡབ་པར་བྱ་བ་དང་། །རྒྱགས་

པའི་སེང་གེ་སྒྲ་བསྒྲགས་དང་། །མཛུབ་མོ་བསྟན་ཏེ་ཧཱུྃ་ཞེས་བྱ། །ཤིན་ཏུ་སྒྲ་ཡང་རབ་ཏུ་བསྐྱེད། །རྡོ་རྗེ་རིགས་ཅན་སྐྱེས་པ་ཡིས། །སློབ་དཔོན་གྱིས་ནི་བསྟན་པར་བྱ། །ལྷ་ཡི་གདོན་ནི་ཐམས་ཅད་ཀྱི། །རྟགས་ཀྱི་ཕྱག་རྒྱ་ཚོགས་བཤད་པ། །རྐྱེན་དུ་བབ་པ་གང་ཡིན་པའི། །

Vol. 95 · folio 191b

སོ་སོའི་ཕྱག་རྒྱའི་ཚོགས་འདི་ཡིན། །ཚངས་པའི་པདྨ་ལྷ་ཆེན་མདུང་། །གཤིན་རྗེའི་དབྱུག་ཆེན་དམ་པ་ཡིན། །ཁྱབ་འཇུག་འཁོར་ལོ་སྨན་པའི་མི། །ནམ་མཁའ་ལྡིང་གི་སྣ་དང་འདབ། །དབང་པོ་རྡོ་རྗེ་མེ་ཡི་ལྕེ། །ཆུ་ལྷ་ཡི་ནི་ཞགས་པ་བསྟན། །རླུང་ནི་དར་གྱིས་ཤུགས་

ཅན་ཏེ། །ཏ་ན་ཏ་ཡི་བེ་ཅོན་སོགས། །འབྱུང་པོའི་གདོན་རྣམས་ཐམས་ཅད་ཀྱི། །ལག་པ་གཡོན་པས་དེ་དག་བཟུང་། །འཇུག་བྱེད་ཀྱི་ནི་འཁོར་ལོ་རྫིང་། །ལྟ་བ་དང་ནི་དི་རི་རི། །དྲི་ཟ་དག་ནི་ཐམས་ཅད་ཀྱི། །གླིང་བུ་པི་ཝང་ལ་སོགས་བསྟན། །གར་མཁན་དག་ནི་ལྷག་པར་

ཡང་། །གར་དང་རོལ་མོའི་ཆ་བྱད་བསྟན། །གནོད་སྦྱིན་རྣམས་ཀྱི་ཆེར་བགད་པ། །རབ་གཏུམ་གྱི་ནི་སྒྲ་ཆེན་ཏེ། །ཀུ་བེ་ར་ཡི་མཚོན་མང་དང་། །ཡང་ན་ཕྱག་རྒྱའི་ཚོགས་ཀུན་ཡིན། །ཀླུ་ཆེན་གདེངས་ཀ་ཆེས་པ་སྟེ། །ལག་པ་གཡོན་པས་མགོ་བོར་གཞག །དབུགས་

ནི་རྒྱུན་རིང་རྒྱུ་བ་དང་། །མིག་དམར་དུག་དང་བཅས་པ་ཡིན། །ཀླུ་རྣམས་གདངས་ཀ་མང་པོ་དག །གཅིག་ཏུ་གཞིབས་ནས་ཅི་དགར་གཞག །བྱ་བ་སྒྲུབ་པ་ཐམས་ཅད་ནི། །སྦྲུལ་ཡོང་པ་ཡི་གདེངས་ཀའི་དབྱིབས། །ཚངས་པ་སྲིན་པོ་གཉིས་ཀྱི་ནི། །སྔགས་ཀྱི་རིལ་བ་

ནོར་བུ་དང་། །ཨོྃ་བརྗོད་པ་ཡི་དབྱུག་པ་དང་། །མཆོད་ཕྱིར་ཐོགས་ལ་སོགས་པར་བསྟན། །སྲིན་པོ་རྣམས་ཀྱི་སོ་གཙིགས་དང་། །རྫུ་འཕྲུལ་དག་ཀྱང་རབ་ཏུ་བསྟན། །བཟའ་བ་དང་ནི་བཅའ་བ་དང་། །མཚོན་ཆ་དང་ཀྱང་འདྲ་བ་ཡིན། །ཤ་ཟ་རྣམས་ནི་འཚེ་བ་དང་། །ཧ་རེར་

ལྟ་ཞིང་ཤ་ལ་སྲེད། །འཇིགས་པ་སྣ་ཚོགས་སྟོན་པ་དང་། །ཀུན་ཏུ་ཡང་ནི་ལྟ་བར་བྱད། །སྐེམ་བྱེད་དང་ནི་རང་བཞིན་ཚུལ། །མདུང་ཐུང་ལ་སོགས་དཔུང་ལ་བརྟེན། །མ་མོའི་གདོན་ནི་ཐམས་ཅད་ནི། །རང་གི་ལྷ་ཡི་མཚོན་མཆོག་བྱེད། །པདྨ་ཕྱིར་དང་ཐོར་ཚུགས་དབྱུག་

སྔགས་ནི་ནོར་བུ་བསྐོར་བར་བྱ། །རིལ་བ་འཛིན་པ་འཕགས་པ་རྣམས། །ཚངས་པའི་ཕྱག་རྒྱ་བདུན་པ་ཡིན། །མདུང་རྩེ་གསུམ་པ་ཟླ་ཕྱེད་དང་། །ཐོར་ཚུགས་མིག་དང་རྒྱལ་མཚན་དང་། །ཁྱུ་མཆོག་སྐད་འབྱིན་རལ་གྲི་རྣམས། །དབང་ཕྱུག་ཆེན་པོའི་ཕྱག་རྒྱ་བདུན། །

Vol. 95 · folio 192a

མདུང་ཐུང་དྲིལ་བུ་བ་དན་དང་། །དེ་བཞིན་ར་དང་བྱ་གག་དང་། །རྨ་བྱ་ཡི་ནི་མཇུག་མ་རྣམས། །གཞོན་ནུའི་ཕྱག་རྒྱ་བདུན་པོ་ཡིན། །འཁོར་ལོ་དུང་དང་བེ་ཅོན་དང་། །རལ་གྲི་དང་ནི་ཕུབ་ཟླུམ་དང་། །ནམ་མཁའ་ལྡིང་དང་ཕག་རྣམས་ནི། །ཁྱབ་འཇུག་ཕྱག་རྒྱ་

བདུན་པོ་ཡིན། །མཆེ་བ་དང་ནི་སྤྲིན་དང་ས། །དེ་བཞིན་བུམ་པ་གཏུན་ཤིང་དང་། །གཤོལ་དང་རྐང་པ་གཡོན་པ་རྣམས། །ཕག་མོ་ཡི་ནི་ཕྱག་རྒྱ་བདུན། །ནམ་གྲུ་དག་ནི་གཉེར་མ་གདོང་། །རྒྱན་སྐད་ལ་སོགས་སྟོན་པ་དང་། །སྐེམ་པ་ནམ་གྲུའི་ཕྱག་རྒྱ་སྟེ། །རང་བཞིན་

ཉིད་དུ་བསྟན་པ་ཡིན། །ཟས་སུ་མདངས་ཟ་རྣམས་ཀྱི་ནི། །ལྷུང་བཟེད་རལ་གྲི་ལག་གཡོན་བཅུམ། །ལྷ་མིན་རྣམས་ཀྱི་མི་ཡི་གཟུགས། །ཧཱུྃ་དང་བཅས་པར་བསྟན་པར་བྱ། །འཕགས་པ་རྣམས་ནི་འཁོར་དང་བཅས། །ཀུན་ལ་མདུང་རྩེ་གསུམ་པ་ཡིན། །དྲི་བ་བྱས་ན་

ལྷག་པར་ཡང་། །གདོན་རྣམས་མཚན་ཉིད་གསལ་བར་ཤེས། །ལོག་འདྲེན་སྣ་ཚོགས་བརྗོད་པ་གང་། །དེ་དག་ཚུལ་ལྟས་བསྟན་པར་བྱ། །དེ་དག་ལ་རང་གི་ལག་པ་བསྐུམ་པ་དང་། །བརྐྱང་བ་དང་། །རྐང་པ་ཐ་མལ་བར་བརྐྱང་བ་དང་། །སྨྲར་གཞུག་པ་དེ་དག་ལས་གསང་སྔགས་

གྱི་ལས་བསྟན་ཏེ། །དྲི་བ་དང་། །བརྡེག་པ་དང་། །དགྲོལ་བའི་ཚུལ་རྣམ་པ་གསུམ་བྱའོ། །ལས་རྒྱ་ཆེ་བ་རིག་སྔགས་ཀྱི་ཚོགས་ཀྱི་བཤད་པ་ཕྱག་རྒྱའི་ཚོགས་ཀྱི་དཀྱིལ་འཁོར་གྱི་ལས་གྲུབ་པ་འདི་ནི་ཤིན་ཏུ་ངོ་མཚར་ཆེ་བ་སྟེ། །སྡེ་བས་སུ་བྱ་བའི་མདོ་བསྟན་པ་དང་སྔགས་ཀྱི་ཚོགས་

རྣམས་ཀྱང་བཤད་དོ། །འདུས་པ་ཆེན་པོའི་མདོ་ལས་ཤིན་ཏུ་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བསྟན་པ་དང་། །རྡོ་རྗེའི་རིགས་ལས་རིག་སྔགས་ཀྱི་ཚོགས་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱང་བཤད་དོ། །ལག་ན་རྡོ་རྗེ་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ལས་ལག་ན་རྡོ་རྗེ་དང་། །ལྷ་

ཆེན་པོ་དང་། །དཀའ་བཟློག་མས་བཤད་པའི་ལས་ཀྱི་དཀྱིལ་འཁོར་ཕྱག་རྒྱ་དང་བཅས་པར་བཤད་ལ་རྫོགས་སོ།། །།དཀྱིལ་འཁོར་ཆེན་པོ་འདི་དག་ལས། །ལས་ཀྱི་དཀྱིལ་འཁོར་ཅི་བསྟན་དང་། །རིག་སྔགས་ཀྱི་ནི་དཀྱིལ་འཁོར་རྣམས། །སོ་སོར་རྒྱས་

Vol. 95 · folio 192b

བར་བསྟན་པ་དང་། །གདོན་གྱི་ལས་ཀྱི་ཕྱག་རྒྱ་དང་། །ཕྱག་རྒྱ་ཉི་ཚེ་བྱེད་པ་དང་། །རིག་སྔགས་བསྒྲུབ་པའི་ས་རྣམས་དང་། །ཁྲུས་ཀྱི་དཀྱིལ་འཁོར་དག་ཏུ་ཡང་། །དྲི་དང་མེ་ཏོག་ཕྲེང་བ་དང་། །བདུག་པ་དང་ནི་མཆོད་པ་དང་། །གཏོར་མ་སྣ་ཚོགས་དེ་དག་ཀུན། །

དབུལ་བས་ཀུན་ཏུ་རྣམ་ཀུན་གྱིས། །དོན་ཀུན་རབ་ཏུ་བསྒྲུབ་བའི་ཕྱིར། །སྤྱན་དྲང་འདི་ནི་ངེས་པར་བྱ། །འབྱུང་པོ་ཐམས་ཅད་བདེར་འགྱུར་བ། །འབྱུང་པོ་ཀུན་དགའ་ཞེས་བྱ་བའི། །གཏོར་མ་རིག་སྔགས་ལྡན་བྱ་ཞིང་། །གཡས་གཡོན་ནས་ནི་སྦྱིན་པར་བྱ། །རྟག་ཏུ་འདི་

དག་ཐམས་ཅད་ཀྱང་། །ཕྱོགས་ཀུན་བལྟས་པས་འདི་སྐད་བརྗོད། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །རིག་སྔགས་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་རྒྱའི་ཚོགས་ལ་ཕྱག་འཚལ་ལོ། །རིག་སྔགས་བརྒྱད་བརྒྱར་སྐྱེས་པ་ཡི། །

གདོན་གྱི་སྲོག་གི་རྟེན་གྱུར་དང་། །རྒྱུ་བ་རབ་ཏུ་བཤད་པར་བྱ། །དཀྱིལ་འཁོར་སྤྱན་དྲང་མཆོད་པ་དང་། །དཀྱིལ་འཁོར་རིས་གསུམ་མཆོད་པ་ལ། །གདོན་རྣམས་ཀྱི་ནི་གདོན་ལས་མཆོག །གདོན་གྱི་གདོན་སྟོབས་རྨུགས་བྱ་དང་། །ངེས་པར་རྟག་ཏུ་བཟླས་བྱ་བཤད། །བྱེ་བ་

ཕྲག་སྟོང་གདོན་རྣམས་ནི། །ས་སྟེང་དག་ན་རྒྱུ་བ་ཡོད། །དུས་ཚིགས་སྣ་ཚོགས་བབ་པ་ན། །དེ་དག་རྒྱུ་བ་སྣ་ཚོགས་པ། །གདོན་མཆོག་དམ་པ་འགྲུབ་པའི་ཕྱིར། །དེ་དག་བདག་གིས་བཤད་པར་བྱ། །གདོན་རྣམས་ཉན་པར་བྱེད་པ་དང་། །གཏོར་མ་ལེན་ཅིང་གྲུབ་སྦྱིན་

པ། །དེ་དག་ཚུལ་དང་གནས་བྱས་པ། །དབེན་པ་དག་ཏུ་རྒྱུ་བར་བྱེད། །རི་བོ་ཡིད་དུ་འོང་རྣམས་དང་། །རྩེ་མོ་རྣམས་དང་ཁྱིམ་རྣམས་དང་། །འབྲས་བུ་མེ་ཏོག་རྒྱས་རྣམས་དང་། །དྲང་སྲོང་དག་གི་གནས་རྣམས་དང་། །དཀའ་ཐུབ་ཚལ་དང་གཞལ་མེད་ཁང་། །རིག་

བྱེད་རྗེས་སུ་སློབ་པ་དང་། །མེ་ཏོག་སྣ་ཚོགས་མཆོད་ལྡན་དང་། །གནས་དང་ཀུན་དགའ་ཡིད་འོང་དང་། །བྱ་རྣམས་སྐད་ཆེན་འབྱིན་པ་དང་། །འཇིག་རྟེན་མར་མེ་བྱེད་ཀུན་དང་། །ཉི་མའི་གནས་ན་དགའ་བྱེད་ཅིང་། །ཉི་མ་ལྷན་ཅིག་འགྲོ་བར་བྱེད། །ཉི་མའི་འོད་དང་ཁ་དོག་

Vol. 95 · folio 193a

མཉམ། །གཟའ་དང་རྒྱུ་སྐར་མལ། །དེ་དག་རྟག་ཏུ་རྒྱུ་བར་བྱེད། །ཟླ་བ་ཉ་བའི་འོད་ཟེར་གྱི། །ཕུང་པོ་རྒྱས་པ་དག་ལ་གནས། རིན་ཆེན་ཀུན་གྱིས་རབ་བརྒྱན་ཅིང་། །རྩེ་ནས་ངོས་ནི་ལྡ་ལྡི་དང་། །ཕུག་བརྒྱ་དག་གིས་གང་བ་ཡིས། ལྷུན་པོ་

རིལ་དེ་དག་གནས། །གངས་རི་རི་བོ་རྩེ་མོ་དང་། །གངས་ཀྱི་སུལ་ནི་སྟོང་བ་དང་། །སྨན་ཀུན་གྱིས་ནི་རྒྱས་པ་ཡི། །གསང་རྣམས་དག་ནི་ནགས་ཚལ་དང་། །སྨན་བརྒྱས་ཡོངས་སུ་གང་བ་ཡི། །སྤོས་དང་ལྡན་ལ་དེ་དག་གནས། །སྤོས་ཀྱི་ངད་ནི་ཞིམ་པ་ཡིས། །

ཕྱོགས་རྣམས་དང་ནི་རྒྱས་བྱེད་དང་། །དཔག་བསམ་ཤིང་གིས་བརྒྱན་པ་ཡི། །སྐྱེད་མོས་ཚལ་ཆེན་དགའ་བྱེད་དང་། །ལྷ་རྣམས་གཞལ་མེད་ཁང་རྣམས་སུ། །ལྷ་ཡི་གཟུགས་ཀྱིས་གནས་པར་བྱེད། །དེ་དག་སྤྲིན་ཕུང་གསེབ་ན་གནས། །སྤྲིན་ཕུང་གི་ནི་སྒྲ་དག་འདྲ། །

སྤྲིན་ཕུང་དག་དང་འགྲོགས་བྱེད་ཅིང་། །སྤྲིན་ཕུང་ལྷན་ཅིག་དགའ་བར་བྱེད། །རྒྱ་མཚོ་ནང་གི་ཆུ་ལ་གནས། །ཆུ་ཡི་ཤུགས་ཀྱིས་རྗེས་འབྲང་ཞིང་། །དེ་དག་རྒྱ་མཚོའི་ཆུ་ཀླུང་དང་། །ལྷན་ཅིག་ཏུ་ནི་རྒྱུ་བར་བྱེད། །མུན་ནག་གི་ནི་ཀློང་ཆེན་དང་། །རྒྱ་མཚོ་ཡི་ནི་སྒྲ་རྣམས་

དང་། །རྒྱ་མཚོ་ཆེན་པོ་འཁྲུགས་པ་ལ། །དེ་དག་རྟག་ཏུ་འཁྲུགས་པར་བྱེད། །དཔྱིད་ཟླའི་དུས་ལ་བབ་པ་ན། །ཤིང་རྣམས་ཀུན་ལ་གདོན་དེ་དག །ཁུ་བྱུག་བུང་བའི་གཟུགས་སུ་གནས། །ཆུ་ཀླུང་ཆེན་པོའི་འགྲམ་དག་ན། །གླིང་མ་རྣམས་དང་རྫོང་རྣམས་དང་། །

ཆུ་མར་དག་གིས་རྒྱས་པ་ཡི། །འཇིང་རྣམས་ན་ནི་གནས་པར་བྱེད། །ཆུ་རྒྱུན་ཡིད་དུ་འོང་བ་དང་། །ཆུ་རྣམས་རབ་ཏུ་འབྱུང་བ་དང་། །ཁྲོན་པ་རྣམ་པ་སྣ་ཚོགས་དང་། །རི་བོ་དང་དང་ཆུ་རྣམས་དང་། །སྦྲུལ་གྱི་ཚོགས་ཀྱིས་གང་བ་ཡི། །ནགས་ཁུང་ཆེན་པོ་དག་

ན་ཡང་། །དེ་དག་སྦྲུལ་དུ་གཟུགས་བསྒྱུར་ནས། །སྦྲུལ་དང་ལྷན་ཅིག་དགའ་བར་བྱེད། །ལྗོན་ཤིང་ཆེན་པོ་མི་བཟད་དང་། །འབྱུང་པོ་དག་ནི་ཚོགས་ཆེན་དང་། །ཁང་སྟོང་དང་ནི་ཡུལ་སྟོང་དང་། །བ་ལང་གནས་ནི་གང་བ་དང་། །རྒྱལ་པོ་དག་གི་དཀོར་ཁང་

Vol. 95 · folio 193b

དང་། །པདྨ་རྣམས་དང་གཞན་དག་ཀྱང་། གླང་ཆེན་གནས་ན་ཡིད་འོང་དང་། །རྟ་རྣམས་ཀྱི་ནི་བྲེས་དག་དང་། །གཞན་ཡང་གྲོང་ཁྱེར་རྣམས་དང་གཞན། །ཚོང་དུས་དག་ན་གནས་པར་བྱེད། །ཆང་འཐུང་གནས་དང་ཁྱིམ་དང་གཞན། །སྲང་དང་ལམ་དང་ཤིང་རྟ་དང་། །

རྒྱུ་བ་དག་གི་གནས་རྣམས་དང་། བུ་མོ་ལ་སོགས་ལྟ་བའི་རྣམས། །སྐྱེད་མོས་ཚལ་སྙིང་མི་བཟད་དང་། །ལྷ་ཡི་གནས་ནི་ཞིགས་པ་དང་། །བུ་བཙའ་བ་ཡི་གནས་གཞན་དང་། །འཆི་ལ་ཐུག་པའི་ཁྱིམ་དག་དང་། །དགའ་སྟོན་ས་དང་འདུས་པ་དང་། །འདུས་སྟོན་

ས་དང་འཐབ་མོའི་ས། །གཡུལ་གྱི་ས་ནི་ཐམས་ཅད་ནི། །གདོན་རྣམས་རྟག་ཏུ་གནས་པར་བྱེད། །དྲུག་ཅུ་རྩ་བཞིར་གདོན་བཤད་པ། །ཡིད་ལྟར་མགྱོགས་ཤིང་འདོད་དགུར་བགྲོད། །འདོད་དགུར་སྒྱུར་བའི་གཟུགས་ཅན་དེ། །ཐམས་ཅད་རང་དགར་རྩེན་པར་བྱེད། །ལྷ་

ཚོགས་མ་མོའི་གདོན་དྲུག་བཅས། །ཚངས་པ་སྲུང་བར་བྱེད་པ་སྟེ། །བར་སྣང་གཟའ་ནི་ཉི་མ་ཡང་། །གདོན་རྣམས་ཀྱི་ནི་གཙོ་བོར་བཤད། །སྐེམ་བྱེད་ལ་སོགས་སྲིན་པོའི་བར། །རྫོང་ལྡན་མ་དང་ཀླུ་གཉིས་དང་། །སྲིན་པོ་བཅུ་དང་ལྷ་མོ་དང་། །ནོར་བུ་མགུལ་ནི་བར་

མ་ཡིན། །གྲུལ་བུམ་ལ་སོགས་ཡི་དགས་དང་། །བརྗེད་བྱེད་བཅས་དང་སྲུལ་པོར་བཅས། །མདངས་འཕྲོག་དེ་བཞིན་སྨྱོ་བྱེད་དང་། །ཐམས་ཅད་གདོན་གྱི་ཐ་མར་བཤད། །དེ་དག་གི་ནི་ཁྱེད་པར་བཞིན། །དཀྱིལ་འཁོར་མངོན་པར་མཆོད་བྱས་ནས། །མངོན་པར་དགའ་

པར་བྱ་བ་ཡི། །བསྟོད་པས་མཆོད་པ་དག་ཀྱང་བྱ། །དབང་པོ་རྡོ་རྗེ་འཆང་པའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་བཞེས་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །མེ་

མཚམས་གདོན་གྱི་ཚོགས་བཅས་ལ། །མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ། གཤིན་རྗེ་དབྱུག་པ་འཆང་བའི་ལྷ། །ས་ཡི་བདག་པོ་གདོན་གྱི་བདག །བརྣབ་སེམས་བདག་ཉིད་གདོན་བཅས་ལ། །མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །

Vol. 95 · folio 194a

སྲིན་པོའི་བདག་པོ་གདོན་གྱི་བདག། །སྣ་ཚོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །བདེན་པ་བསྲུང་བ་གདོན་གྱི་བདག །ནུབ་ཕྱོགས་གདོན་དང་བཅས་པ་ལ། །མཆོད་པར་བྱས་ཏེ་ཕྱག་

ཀྱང་འཚལ། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །ཚིག་སྲུང་གདོན་གྱི་བདག་པོ་སྟེ། །རླུང་གི་ཚོགས་ཀྱི་གདོན་བཅས་ལ། །མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ། །གནོད་སྦྱིན་ལག་ན་བེ་ཅོན་ཐོགས། །ནོར་སྲུང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་གདོན་དང་བཅས་པ་

ལ། །མཆོད་པར་བྱས་ཏེ་ཕྱག་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །བགེགས་ཀྱི་རྒྱལ་པོ་གདོན་གྱི་བདག །དབང་ལྡན་ཕྱོགས་ཀྱི་གདོན་བཅས་ལ། །མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ། །འོག་གི་ཀླུ་དང་ཆེ་བའི་ལྷ། །རྒྱལ་པོ་ཆེན་པོ་གླང་པོ་ཆེ། །དམ་ཚིག་ཤེས་

པའི་གདོན་བཅས་ལ། །མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ། །སྟེང་གི་ལྷ་ཚོགས་ཐམས་ཅད་དང་། །ཟླ་བ་ཉི་མ་གཟའ་ཆེན་དང་། །གཟའ་སྐར་རྒྱུ་སྐར་བཅས་པ་དང་། །སྐར་མའི་འཁོར་ལོའི་དཀྱིལ་འཁོར་དང་། །རིག་སྔགས་ཚོགས་དང་གསང་སྔགས་དང་། །དེ་བཞིན་

ཕྱག་རྒྱའི་ཚོགས་ཀུན་དང་། །དམ་ཚིག་ཤེས་དང་སློབ་དཔོན་དང་། །ཚངས་པ་ལ་སོགས་ལྷ་ཆེན་དང་། །རྡོ་རྗེ་འཛིན་པ་ཚེ་ཡི་ལྷ། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གཏུམ་པོ་འཇིག་རྟེན་གསུམ་གྱི་བདག །འཇིགས་བྱེད་ལག་ན་རྡོ་རྗེ་ཐོགས། །ཐམས་ཅད་ཞི་བར་བྱེད་པ་སྟེ། །

འབྱུང་པོའི་ཚོགས་ནི་ཀུན་གྱིས་མཆོད། །རྣམ་པ་ཀུན་གྱིས་འབྱུང་པོ་ཀུན། །དུས་ཀུན་དུ་ནི་སྲུང་བ་པོ། །རིག་སྔགས་བཅས་པ་དེ་དག་དང་། །འབྱུང་པོའི་ཚོགས་ནི་ཐམས་ཅད་ལ། །བཤོས་དང་དྲི་སོགས་སྣ་ཚོགས་རྣམས། །དེས་ནི་དགའ་ཞིང་དབུལ་བར་བྱ། །དམ་ཚིག་

ཤེས་པ་རྣམས་དང་ནི། །འབྱུང་པོའི་ཚོགས་ཀྱིས་བདག་ལ་བསྲུངས། །དེ་ཡི་རྒྱས་པ་འཕེལ་བ་ཡང་། །བཅོམ་ལྡན་འདས་ཀྱིས་མཛད་པར་གསོལ། །སྣ་ཚོགས་ཚིག་གིས་སྨྲ་བར་བྱ། །ཞི་བའི་ཚིག་ནི་ཡང་དང་ཡང་། །བདག་གི་བླ་མའམ་ཡང་ན་གཞན། །དམ་ཚིག་ཤེས་

Vol. 95 · folio 194b

པ་གཞན་གྱིས་བྱས། །འདི་ནི་འབྱུང་པོ་ཀུན་ལ་ཕན་ཕྱིར་བཤད་པ་སྟེ། །འབྱུང་པོའི་ཚོགས་ཀུན་འདས་ལ་རྟག་ཏུ་མཆོད་པར་བྱ། །དཀྱིལ་འཁོར་དག་ལས་གཏོར་མའི་ལས་ནི་རྒྱས་པ་འདི། །རྒྱུ་བ་དག་གི་གནས་དང་རྟེན་གྱུར་དཔལ་བསྐྱེད་ཕྱིར། །འདིར་ནི་ཐམས་ཅད་དུས་

སུ་ཕྱོགས་རྣམས་ཐམས་ཅད་དུ། །ཡོངས་སུ་དག་པའི་ཡིད་དང་རྣམ་པ་ཐམས་ཅད་ཀྱིས། །ཐམས་ཅད་ཞི་བར་བྱེད་པ་གསུམ་དུ་རབ་བཤད་པ། །དོན་རྣམས་བསྒྲུབ་པའི་ཕྱིར་ནི་བླ་མས་བྱ་བ་ཡིན། །ལས་ཀྱི་དཀྱིལ་འཁོར་རྫོགས་སོ།། །།ཀུན་རིག་

སེམས་ཅན་ཀུན་གྱིས་མཆོད། །རིག་སྔགས་བདག་པོ་ཀུན་གྱིས་བརྗོད། །མཚུངས་པ་མེད་པའི་སངས་རྒྱས་ནི། །རྣམ་གསུམ་ཉི་མའི་འོད་དང་ལྡན། །མཚན་མེད་མང་པོ་མངའ་བ་སྟེ། །འདོམ་གང་འོད་ཆེན་འཆང་བ་དང་། །རིག་སྔགས་སྟོན་པ་ཆེན་པོ་སྟེ། །མཆོག་ཆེན་

འཆང་ཞིང་སྦྱིན་བྱེད་དང་། །དག་པའི་ཆོས་ཀྱི་ངེས་གསུངས་པ། །ཞི་བའི་གྲོང་ཁྱེར་ཞི་བའི་ལམ། །གང་གིས་ཐུབ་རྣམས་ཤེས་པ་དང་། །གཞན་ཡང་སྔོན་གཤེགས་གཤེགས་གྱུར་དང་། །ཡ་མཚན་གནས་ལྡན་དགེ་འདུན་རྣམས། །མྱ་ངན་འདས་པའི་གྲོང་འཇུག་པ། །

ཤིན་ཏུ་རྒྱས་པ་དེ་ཀུན་ལ། །ཡང་དང་ཡང་དུ་ཕྱག་འཚལ་ཞིང་། །ཐུབ་པ་སངས་རྒྱས་གཉིས་པ་ནི། །འཕགས་པ་ཤ་ར་དྭ་ཏིའི་བུ། །ལྷ་དང་ལྷ་མིན་དྲི་ཟར་བཅས། །ཀླུ་དང་གནོད་སྦྱིན་ཚོགས་ཀྱིས་མཆོད། །དེ་བཞིན་དམ་པ་གྲུབ་པ་དེ། །རིག་སྔགས་འཆང་ཀུན་དབང་

ཕྱུག་རྗེ། །དཔའ་བོ་གཅིག་པུ་དགྲ་ཐུལ་བ། །ལག་ན་རྡོ་རྗེ་ཕྱག་འཚལ་ལོ། །དེ་བཞིན་རྡོ་རྗེ་ལྕགས་ཀྱུ་ཡུམ། །རྡོ་རྗེ་ཐོག་ཐོག་བཟང་མོ་དང་། །དེ་ནས་ལག་ན་རྡོ་རྗེའི་མཐུས། །ཀཱི་ལི་ཀཱི་ལི་གཏུམ་པོ་དང་། །རྡོ་རྗེ་སྒྲོག་གི་ཉི་མ་བཞིན། །བློ་གྲོས་རྡོ་རྗེ་ཕས་མི་ཐུབ། །འོད་

དཔའ་ཁྲོ་བོ་དྲིལ་བུ་ཅན། །དེ་བཞིན་རྡོ་རྗེ་ནག་མོ་ལ། །ཅི་སྟེ་ཤེས་རབ་ཅན་དག་གིས། །གཞན་དོན་གྲུབ་པར་འདོད་པ་ན། །མཆོད་ཅིང་ཕྱག་ཀྱང་བྱས་ནས་ནི། །དཀྱིལ་འཁོར་གཟུང་བྱ་ལེགས་པར་བཤད། །གྲུབ་པ་ལག་ན་རྡོ་རྗེ་ཡི། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་ཅིང་། །

Vol. 95 · folio 195a

དངོས་གྲུབ་ཐམས་ཅད་རབ་རྫོགས་པ། །ཇི་སྐད་དུ་ནི་རབ་བསྟན་པའི། །དཀྱིལ་འཁོར་ཅི་འདྲ་གང་ཡིན་དང་། །དེ་ཡི་ཡོན་ཏན་སྣ་ཚོགས་གང་། །ཚོགས་ཀྱང་ཇི་ལྟར་བསྟན་པ་དང་། །དཀྱིལ་འཁོར་གྱི་ནི་དམ་ཚིག་དང་། །ཆོ་ག་དམ་པ་གྲུབ་པ་དང་། །ཕན་དང་མི་

ཕན་དོན་རྣམས་དང་། །དམ་ཚིག་ཤེས་པའི་ཡོན་ཏན་དང་། །ཉམས་པའི་གནས་ནི་གང་ཡིན་པ། །དེ་དང་གཞན་ཡང་གང་མཐོང་བ། །དེ་དག་ཐམས་ཅད་ལེགས་པར་བཤད། །ལག་ན་རྡོ་རྗེའི་སྲས་གཏུམ་པ། །རྡོ་རྗེ་སྡེ་ལ་ཕྱག་བྱས་ནས། །ཟླ་ཕྱེད་ཡུད་ཙམ་ཞག་གཅིག་

དང་། །རྒྱུ་སྐར་དག་ནི་བཟང་བ་ལ། །གཙང་ཞིང་གོས་གཙང་བགོས་པ་དང་། །བསྡམས་ཤིང་ངེས་པར་གནས་པ་དང་། །གྲོགས་པོ་གཙང་མར་ལྡན་པ་དང་། །གཙང་མའི་ལས་ཀྱི་རྗེས་འབྲང་བས། །ཡར་གྱི་ངོ་ཡི་ཚེས་གཅིག་གམ། །ཚེས་གཉིས་དེ་བཞིན་ལྔ་ཡང་རུང་། །

ཚེས་དྲུག་དང་ནི་བརྒྱད་དང་། །བཅུ་གཉིས་ཡང་ན་བཅུ་གསུམ་མ་མ། །ཡང་ན་ཉ་ཡི་ཉིན་པར་ནི། །ཡོངས་སུ་གཟུང་བར་བྱ་བ་སྟེ། །དེ་དག་བརྩམ་གྱིས་གཞན་ལ་མིན། །དཀྱིལ་འཁོར་གནས་ནི་སྦྱང་བྱས་ལ། །ཟླ་བ་ཉ་ཡི་ནུབ་མོ་ནི། །དཀྱིལ་འཁོར་ཆེན་པོ་

བྲི་བར་བྱ། །བསྒྲིམས་ཏེ་ལག་ན་རྡོ་རྗེ་དང་། །རྒྱལ་དབང་ལ་ནི་ཕྱག་བྱས་ནས། །ཞི་ཞིང་སྔན་ཆད་ལས་བྱས་པའི། །སར་ནི་ཁས་པས་འགྲོ་བར་བྱ། །ཚོང་དུས་ཀུན་དགའ་གཙུག་ལག་ཁང་། །གྲོང་ངམ་ཡང་ན་གྲོང་ཁྱེར་གྱི། །བྱང་ཤར་མཚམས་ནི་གང་མཐོང་བ། །

དེ་ཡི་ལྷོ་ནུབ་མཚམས་དག་ཏུ། །ཟླ་བ་རེ་རེ་བརྟུལ་ཞུགས་བྱ། །མདངས་དགའ་ཚལ་ལྡན་གཙང་མ་དང་། །ཚྭ་སྒོ་རྡོ་གསེག་རུས་པ་དང་། །མཐོ་དམན་སྐྱོན་རྣམས་རྣམ་སྤངས་པ། །དེ་འདྲའི་ས་དེ་རྙེད་ན་ནི། །རྡོ་རྗེ་ལྕགས་ཀྱུ་དྲན་བྱས་ལ། །ཤར་ཕྱོགས་ནས་ནི་གོམ་པ་འདོར། །

ཧ་ཅང་མི་དྲག་དགོད་མི་བྱ། །དེ་ནས་རིག་སྔགས་གང་འདོད་པས། །བདག་ཉིད་ཀྱང་ནི་བསྲུང་བར་བྱ། །དེ་ནས་དཀྱིལ་འཁོར་གནས་དེར་ཡང་། །དགེ་བའི་ལྟས་རྣམས་བལྟ་བར་བྱ། །སྔགས་ཀྱིས་བཏབ་པའི་ཆུ་དག་གིས། །ཐམས་ཅད་ལེགས་པར་གཏོར་བར་བྱ། །བ་ལང་

Vol. 95 · folio 195b

ལྕི་བས་ལེགས་པར་སྦྱང་། །ཀུ་ཤ་དག་ཀྱང་གདིང་བར་བྱ། །མཉམ་པའི་དབུས་ཀྱི་དཀྱིལ་དག་ཏུ། །དཀྱིལ་འཁོར་བྱེད་པ་འདུག་ནས་ནི། །ཕྱོགས་མཚམས་སྟེང་དང་ཐད་ཀར་ཡང་། །ཁོ་ར་ཁོར་ཡུག་བལྟ་བར་བྱ། །བསྲུང་ཞིང་ཡིད་དགའ་དྲི་དག་གིས། །ཁྲུས་

བྱས་ཞག་གསུམ་སྨྱུང་བར་བྱ། །སྦོས་དང་ལྡན་པའི་རི་བཞིན་དུ། །སྤོས་ཀྱིས་ཕྱོགས་ཀུན་རྒྱས་པར་བྱ། །ཐིག་སྐུད་གསར་ཞིང་རབ་གཙང་དང་། །ཚད་དང་ལྡན་ཞིང་མཛེས་པ་དང་། །དྲི་ཞིམ་རེག་ན་འཇམ་པ་དང་། །སྲ་ཞིང་ལེགས་པར་གཟབས་པ་དང་། །ཐུང་དང་སྦོམ་

སོགས་མ་ལེགས་དང་། །མདུད་པ་རྣམས་ནི་མེད་པ་ཡིས། །ཐིག་ནི་ཤེས་རབ་ཅན་གྱིས་གདབ། །དེ་ཡི་ཚད་ཀྱང་བཤད་པར་བྱ། །རྡོ་རྗེ་འཛིན་ཆེན་དགའ་བ་ཡི། །དང་པོའི་གནས་ནི་རྫོགས་གྱུར་ནས། །དེ་ལས་གཞན་པའི་དཀྱིལ་འཁོར་ཆེ། །གྲངས་རྣམས་ཀྱང་ནི་

བཤད་པར་བྱ། །ལག་ན་རྡོ་རྗེའི་དཀྱིལ་འཁོར་ཆེན་པོའི་རྒྱལ་པོ་སྟེ་གནས་དང་པོའོ།། །།བུ་དག་ཆོག་ཤེས་དབེན་པ་བདེ། །ཆོས་ལ་མི་སྨོད་བདེ་བ་ཡིན། །འཚེ་བ་སྤངས་པས་འཇིག་རྟེན་བདེ། །སྲོག་ཆགས་རྣམས་ལ་སྡོམ་པ་དང་། །འདོད་ཆགས་བྲལ་བ་

འཇིག་རྟེན་བདེ། །འདོད་ཆགས་རྣམས་ལས་འདས་པ་དང་། །ང་སྙམ་ང་རྒྱལ་ཞི་བ་དང་། །དུལ་བ་འདི་ནི་མཆོག་ཏུ་བདེ། །བུ་དག་རྒྱུན་ལས་བཟློག་པ་ཡི། །ལམ་བགྲོད་ཟབ་ཅིང་བལྟ་དཀའ་བ། །མུན་ནག་ཐིབས་པོས་བསྒྲིབས་པ་དང་། །འདོད་ལ་ཆགས་པས་རྟོག་མི་

འགྱུར། །ངས་ནི་དཀའ་བས་རྟོགས་བྱས་ནས། །སྐྱེ་བོ་རྒྱུན་བཞིན་འཁྱམ་པ་དང་། །འདོད་པ་དག་གི་མདུད་པ་ཡིས། །བཅིངས་པའི་བར་དུ་བཤད་པ་སྟེ། །འདི་ནི་ལག་ན་རྡོ་རྗེ་ཡི། །ཡིད་འོང་ཆེད་དུ་བརྗོད་པ་བརྗོད། །རྩེད་མོ་ཅན་གྱིས་བསྲུང་བྱས་ནས། །ངེས་པར་

ཀུན་ཏུ་འཇིགས་པ་མེད། །དཀྱིལ་འཁོར་ཁྲུ་ནི་བཅུ་དྲུག་ཏུ། །ཅི་ནས་རབ་ཏུ་ཚང་བར་བྱ། །སྲིད་དུ་ཡང་ནི་ཅི་ནས་ཀྱང་། །སུམ་ཅུ་རྩ་གཉིས་ཡོད་པ་དང་། །གཙང་མས་གཙང་མའི་གོས་བགོས་ལ། །ཐིག་སྐུད་དེ་ནི་བདག་གིས་གཟུང་། །ལྷ་ལ་དགའ་བའི་གྲོགས་པོ་ཡིས། །

Vol. 95 · folio 196a

ཁོ་ར་ཁོར་ཡུག་དྲང་བར་བྱ། །ཐིག་དྲངས་དེ་ཡི་སྟེང་དག་ཏུ། །ཐིག་ནི་སྙོམས་པར་ལེགས་པར་བྲི། །རིག་སྔགས་རྡོ་རྗེ་ལྕགས་ཀྱུ་མ། །རྨད་དུ་བྱུང་བ་དེ་ཉིད་བརྗོད། །ཐུབ་ཆེན་གནས་པར་གྱུར་པ་ཡི། །ཁོར་ཡུག་བྲག་ནི་རྒྱ་ཆེ་བ། །རང་འབྱུང་གིས་ནི་བསྟན་

པ་བཞིན། །བློ་ཅན་དག་གིས་ཟླུམ་པོར་བྱ། །ཐུང་སྦོམ་ལ་སོགས་སྐྱོན་བྲལ་ཞིང་། །ཐིག་ནི་ལེགས་ཤིང་བསྙམས་པར་བྱ། །སྦོམ་ཆེས་པ་ནི་སྔར་བཤད་ཟིན། །ཐུང་ཆེས་པས་ནི་ནད་ཀྱིས་འདེབས། །གང་ཞིག་དངོས་གྲུབ་མཆོག་འདོད་པས། །དེ་ནི་ཡུངས་ཀར་དག་གིས་

བྲི། །གང་ཞིག་ཙནྡན་ཕྱེ་མས་འདྲི། །དེས་ནི་འཇིག་རྟེན་ངེས་པར་འཇོམས། །ནས་རྣམས་ཀྱི་ནི་མ་འདྲེས་པའི། །སཱ་ལུ་བཟང་པོར་བྱས་ན་ནི། །དེ་ཡི་ནོར་དང་འབྲུ་རྣམས་དང་། །དབྱིག་རྣམས་རྟག་ཏུ་འཕེལ་བར་འགྱུར། །གང་ཞིག་དངོས་གྲུབ་མཆོག་འདོད་པས། །དེར་ནི་

གསུམ་ཆར་གྱིས་ཀྱང་བྲི། །ཡང་ན་དེ་དག་གཅིག་པུ་ཡིས། །ཤེས་རབ་ཅན་གྱིས་བྲི་བར་བྱ། །དེ་ནས་རི་ཡི་རྒྱལ་པོ་ནི། །རིན་ཆེན་ཀུས་ལས་གྲུབ་པ་སྟེ། །ཉི་མ་བཞིན་དུ་རྟག་ཏུ་ཡང་། །རང་གི་འོད་ཀྱིས་རབ་འབར་ཞིང་། །བང་རིམ་ཡོད་པའི་རི་རབ་དེ། །ཐོག་མ་ཉིད་

དུ་གཞག་པར་བྱ། །སྔར་བསྟན་པ་ཡི་ཁོར་ཡུག་ནི། །གྲུ་བཞི་ཚད་དུ་བྱ་བ་ཡིན། །དེ་ཉིད་ཁོངས་སུ་རིམ་པ་གསུམ། །ཁྲུ་རེ་ཙམ་དུ་བྲི་བར་བྱ། །གཞན་ཡང་མཐོ་ནི་དོ་དོ་དང་། །སོར་བཞི་བཅས་པར་བྲི་བར་བྱ། །གཉིས་པ་དང་ནི་ལྷག་མ་རྣམས། །ཆུ་དྲུག་མཛེས་དང་ལྡན་

པར་བྱ། །གཞན་ནི་མཚམས་ལ་ཐུག་པའི་བར། །ཅི་རིགས་པར་ནི་བྲི་བར་བྱ། །ཅི་རིགས་པར་ནི་བྲི་བར་བྱ། །ངུ་འབོད་ཆེན་པོ་ཞེས་བྱ་བའི། །དམྱལ་བ་བདེན་བྲལ་ཕྱོགས་སུ་གཞག །བསྟན་པ་བཞིན་དུ་དེ་བྱས་ནས། །གཞན་ཡག་བཤད་པ་བཞིན་བྱ་བ། །རས་གསར་པ་ནི་སཱ་ལུའམ། །ཙནྡན་

བཟང་པོའི་ཕྱེམ་ཡིས། །རྡོ་རྗེ་སྲིད་དུ་ཁྲུ་གང་བ། །རྩེ་དྲུག་ཡང་ན་རྩེ་གསུམ་བྲི། །དེ་ཡང་ཅི་སྟེ་མི་འབྱོར་ན། །གྲོག་མཁར་གྱི་ནི་ས་དག་གིས། །སོར་བཞི་ཙམ་དུ་བྱ་བ་ཡིན། །གང་གིས་གདོན་ནི་སྟོང་ཕྲག་རྣམས། །ཁྱད་པར་འདིར་ནི་སྒྲུབ་བྱེད་པ། །དེ་ཉིད་འཇིག་

Vol. 95 · folio 196b

རྟེན་གསུམ་དག་གི། །འཇིགས་བྱེད་དྲག་པོ་ཡིན་པར་ངེས། །དེ་ཉིད་ངོ་མཚར་བྱེ་བ་སྙེད། །ཡ་མཚན་རྣམས་ཀྱང་སྟོན་པ་ཡིན། །གཅིག་པུ་རྡོ་རྗེ་གཉིས་ལྡན་པ། །དེ་ཉིད་ཀྱི་ནི་དྲུང་དག་ཏུ། །དཀྱིལ་འཁོར་རྣམ་པ་བཞི་བོ་དག །བྱིན་གྱིས་བརླབས་པའི་ཆོ་ག་བྱ། །

བདེན་དང་གཏོར་བ་རྒྱ་ཆེ་བ། །ཏིང་འཛིན་ཞི་བ་ཡ་མཚན་ལྡན། །ཡང་ན་གང་གིས་འདི་དག་ཀུན། །ཐུབ་པའི་ཤེས་རབ་བྱིན་བརླབ་བྱ། །བདེན་དང་ངེས་པར་གནས་བྱས་ནས། །བདེན་བྲལ་ཕྱོགས་སུ་བྲི་བ་དང་། །ཆུ་ལྷའི་ཕྱོགས་སུ་སོང་ནས་ཀྱང་། །རྒྱ་ཆེན་དོན་རྣམས་

བྱ་བ་ན། །སི་ཏ་ཀུ་ནི་བུ་དང་བཅས། །བཞི་བ་དེ་ནི་ལེགས་པར་གནས། །གྲོང་ཁྱེར་མཆོག་གི་དྲུང་དག་ཏུ། །གྲུ་ནི་བྱང་ཕྱོགས་བལྟ་བར་བྱ། །དེ་ནས་འཇུག་པར་རབ་བསྟན་དེ། །དཀྱིལ་འཁོར་དག་པ་གཞན་མི་བྱ། །གཟུགས་གནས་སྒོ་མཆོག་དེ་ཉིད་ནི། །རྡོ་རྗེ་འཛིན་

པ་དགྱེས་པ་ཡིན། །དཀྱིལ་འཁོར་འདོད་པ་གང་ཡིན་པ། །དེ་ཡི་སྒོ་བྱང་ཕྱོགས་ཀྱི་ནི་དྲུང་དག་ཏུ། །བསྟན་པ་གང་ཡིན་གཞག་པར་བྱ། །ཕུར་གུམ་ཡིད་དུ་འོང་བ་དང་། །ལྡན་པའི་རྒྱ་སྐྱེགས་ཁུ་བ་དང་། །ལེ་བརྒན་རྩི་ཡིས་བསྒྱུར་བ་ཡི། །སར་ནི་དམར་

ཞིང་ཡིད་འོང་བ། །བུག་རྡོལ་མེད་ཅིང་མ་ཉམས་ལ། །དྲི་ང་བདག་མེད་པ་ཡི། །གདན་དག་ཀྱང་ནི་ངེས་བྱས་ཤིང་། །ཤིང་རིངས་ལ་ནི་ལེགས་པར་གདགས། །དེ་ནས་ལོགས་ཤིག་རྩེ་མོ་ཡི། །མ་བྱད་སྣ་ཚོགས་ཁྱད་པར་དུ། །རྣམ་པར་མཛེས་པ་གཞག་བྱ་སྟེ། །རྒྱ་སྐྱེགས་

ལས་ནི་ལེགས་བྱས་པའི། །ཕོ་ལོང་ཆེན་པོ་རི་མོ་ཅན། །གཞན་ཡང་དྲིལ་དང་སྒོ་ངའི་དབྱིབས། །སྟེའུ་འཁོར་གྱི་ནི་ཚོགས་རྣམས་དང་། །གཞན་ཡང་རྣམ་པ་སྣ་ཚོགས་གཞག །ཀུ་རནྟ་ཀའི་མེ་ཏོག་ཕྲེང་། །རྒྱལ་མཚན་རྩེ་མོར་འཕྱད་དུ་གཞུག །ཡང་ན་མེ་ཏོག་དམར་བ་ཡི། །

ཕྲེང་བ་བཟང་པོ་སྣ་ཚོགས་གདགས། །དེ་དག་བསྟན་པས་ཤེས་པ་ཡིས། །དཀྱིལ་འཁོར་དེ་ཡི་ཕྱི་རོལ་གཞག །དེ་ནས་རི་དབང་ཁོར་ཡུག་གི། །ནང་དུ་ཡང་ནི་འགྲོ་བ་དབྱ། །དེ་ལྟར་མཚུངས་མེད་ཅེས་བྱ་བའི། །དཀྱིལ་འཁོར་གྱི་ནི་ཐིག་གདབ་པ། །གནས་གཉིས་པ་ནི་རྒྱས་

Vol. 95 · folio 197a

པར་བསྟན། །ལག་ན་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ལས་གནས་གཉིས་པ་རྫོགས་སོ།། །།རིག་སྔགས་རྡོ་རྗེ་ལྕགས་ཀྱུ་མ། །རྨད་དུ་བྱུང་བ་དེ་དྲན་ཞིང་། །གཡོན་ཕྱོགས་དག་ཏུ་གོ་རིམས་བཞིན། །ལྷ་རྣམས་ཀྱང་ནི་དགོད་པར་

བྱ། །ཆུ་ལྷའི་ཕྱོགས་ཀྱི་སྒོ་དག་ནི། །ཀཱརྵཱ་པ་ཎ་བརྒྱད་དག་གི། །འགྲོན་བུ་རྣམས་ནི་ཤར་ནུབ་ཏུ། །མཉམ་ཞིང་མཛེས་པར་དགོད་པར་བྱ། །དེ་ཡི་ལྷོ་ཕྱོགས་རྡོ་རྗེ་ཡི། །རིག་སྔགས་བླ་མའི་རིགས་རྣམས་དགོད། །དེ་ནི་རྡོ་རྗེ་ལྕགས་ཀྱུ་མ། །རིག་སྔགས་རྒྱལ་མོ་དབུས་སུ་

གཞག །དྲེགས་ཤིང་སྟོབས་ཀྱིས་རྒྱགས་པ་ཡི། །སྔོན་མོ་ཆེན་མོ་སྔོན་མོ་གཉིས། །དེར་ནི་རིག་སྔགས་རིགས་རྣམས་ཀྱི། །སྒོ་སྲུང་དག་ཏུ་གཞག་པར་བྱ། །རིག་སྔགས་རྡོ་རྗེའི་རིགས་སྐྱེས་རྣམས། །ཤར་ཕྱོགས་སུ་ནི་བལྟ་བར་བྱ། །འདོད་པའི་རྡོ་རྗེ་དང་པོར་བཤད། །

རྡོ་རྗེ་ཁྲོ་བོ་མཇུག་ཏུ་གཞག །མེ་ཏོག་ཡིད་འོང་རྩེ་མོ་ཅན། །ལུག་རྒྱུད་གཏུམ་མོ་སེར་མོ་རྣམས། །ཕོ་ཉ་མ་དག་གྲངས་བཞིན་དུ། །ཐམས་ཅད་དེ་ཡི་ཕ་རོལ་དགོད། །བུང་བ་མ་དང་ལྟ་བ་མ། །དགའ་མ་ཐུབ་དཀའ་བྱང་ཕྱོགས་གཞག །རྡོ་རྗེ་ཀ་ཏ་ཡ་ན་དང་། །འདི་

དག་གཡས་ཕྱོགས་བྲི་བར་བྱ། །རྡོ་རྗེ་སྡེ་ཡི་འཁོར་རྣམས་དང་། །དེ་ཡི་ལྷོ་ཕྱོགས་དགོད་པར་བྱ། །དེ་ནས་ཀླུ་རྒྱལ་ནོར་རྒྱས་བུ། །བཞི་པ་དག་ལ་གཞག་པར་བྱ། །འབྱུང་པོ་སྣ་ཚོགས་བ་སྐོར་བ་ཡི། །གཞོན་ནུ་ཚོགས་དང་བཅས་པ་ཡང་། །དཀྱིལ་འཁོར་ལྔ་པར་གཞག་

པར་བྱ། །མདུང་ཐུང་ཡང་ནི་མདུན་དུ་གཞག །དེ་ནས་དྲུག་ལ་བདེན་བྲལ་ཕྱོགས། །འབྱུང་པོ་རེངས་བྱེད་མི་བཟད་པ། །འཕགས་པ་ཡི་ནི་མདུན་བྲིས་ལ། །འཕགས་མ་ཡི་ནི་མདུན་དུ་གཞག །མ་མོ་རྣམས་ཀྱི་རིགས་ལྔ་པོ། །ཚངས་མ་དང་ནི་དབང་ཕྱུག་མ། །

སྐེམ་བྱེད་ཁྱབ་འཇུག་ཕག་མོ་ཞེས། །བྱ་བ་དཀྱིལ་འཁོར་བདུན་པར་གཞག །གྲོང་ཁྱེར་དེ་ཡི་ནང་དག་ཏུ། །ཆུ་ཀླུང་འགྲམ་དང་ལྡན་པར་བྲི། །གྲྭ་རྣམས་ཤར་བྱང་གྲྭ་དག་དང་། །ལྷོ་དང་ནུབ་ཕྱོགས་ཕྱིན་པར་བྱ། །སྡིག་ཅན་ཆུ་ན་གནས་པའི་ནང་། །ངོམས་མི་ཤེས་པའི་

Vol. 95 · folio 197b

རི་དགས་ཤིག །ནང་དུ་མ་ཆུ་བཙུགས་ཕྱོགས་གཅིག་གནས། །དེ་ནང་ཁྱུ་མཆོག་འགྲོ་བར་བྱ། །རླུང་ལྷའི་ཕྱོགས་ཀྱི་གནས་གཅིག་ཏུ། །བདེ་བྱེད་ལྷ་མོ་ཁྱུ་མཆོག་དང་། །དེ་བཞིན་ར་དང་བུམ་རྣ་གཉིས། །གྲོང་ཁྱེར་གྱི་ནི་སྒོ་སྲུང་གཞག །ཀླུང་གི་གཡས་རོལ་འགྲམ་

དག་ཏུ། །རིག་སྔགས་ཆེན་པོ་བུ་སྨད་བཅས། །དབང་ལྡན་ཕྱོགས་སུ་གཞག་བྱ་སྟེ། །དཀྱིལ་འཁོར་བདུན་པ་འདས་པ་ཡིན། །དཀྱིལ་འཁོར་བརྒྱད་པ་སྔར་བཤད་པའི། །འབྱུང་པོའི་བྱ་བསྒྲུབ་པ་བདུན། །འབྱུང་པོ་སྣ་ཚོགས་བསྐོར་བ་གཞག །དགུ་པར་ཡང་ནི་རིམ་

བཞིན་བྲི། །དེ་ནས་དཀྱིལ་འཁོར་བཅུ་པར་ནི། །ཚངས་པའི་དྲང་སྲོང་རྣམས་ཀྱང་གཞག །དེ་ནས་གཤིན་རྗེ་ཚོགས་མང་བཅས། །བཅུ་གཅིག་པར་ནི་གཞག་པར་བྱ། །མེ་ལྕེ་འབར་བས་བསྐོར་བ་ཡི། །མེ་ལྕེ་ལྷ་མོའི་ཚོགས་ཀྱིས་བསྐོར། །མེ་དེ་མཐུ་ལས་སྐྱེས་པ་སྟེ། །

དེ་ནི་བཅུ་གཉིས་ཤེས་པར་བྱ། །ཡི་དགས་རྣམས་ཀྱི་འཁོར་དང་བཅས། །ཡི་དགས་དག་ཀྱང་གཞག་པར་བྱ། །ལག་ན་རྡོ་རྗེས་བཤད་པ་བཞིན། །དེ་ནི་བཅུ་གསུམ་ཤེས་པར་བྱ། །ཟླ་བ་ཕྱོགས་བཟང་སྟོབས་པོ་ཆེ། །ཁྱབ་འཇུག་དབང་པོ་ཉེ་དབང་གཉིས། །རྒྱལ་

བའི་དབང་པོ་སངས་རྒྱས་ཀྱི། །བློ་གྲོས་ལྷ་མོ་གཉིས་ཀྱང་གཞག །གང་ན་ལྷན་བང་གཉིས་གནས་པ། །དེ་ནི་བཅུ་བཞིར་ཤེས་པར་བྱ། །བཅྭ་ལྔ་པ་ཡི་དཀྱིལ་འཁོར་དུ། །ཀླུ་ཆེན་རིགས་བརྒྱད་དགོད་པར་བྱ། །བཀའ་སྩོལ་པ་ཞེས་བྱ་བ་ཡི། །ཚངས་པའི་སྲིན་རྣམས་བཅུ་

དྲུག་ཏུ། །བཅུ་བདུན་པ་ཡི་དཀྱིལ་འཁོར་དུ། །ཀ་ཏ་ཡ་ན་གཞག་པར་བྱ། །དེ་ཡི་འཁོར་ནི་གང་ཡིན་པ། །དེ་ཡང་དྲུང་དུ་གཞག་པར་བྱ། །དབང་ཕྱུག་ཆེན་པོའི་ཆུང་མར་བཅས། །དབང་ལྡན་ཕྱོགས་སུ་གཞག་བྱ་སྟེ། །དེ་ནི་བཅྭ་བརྒྱད་ཤེས་པར་བྱ། །དེ་ནས་ཕྱི་རོལ་རིག་

སྔགས་རིགས། །རིག་སྔགས་ཀྱི་ནི་སྣ་ཚོགས་དགེ། །བཅུ་དགུ་པར་ནི་གཞག་པར་བྱ། །དེ་ནས་ཀྱང་ནི་རིག་སྔགས་རྣམས། །མིང་སྨོས་འདི་དག་ལ་སོགས་བྲི། །དྲི་གཤེད་ཐབས་ཀྱིས་དྲི་གཤེད་དང་། །རོ་ལངས་མར་ནི་གྲགས་པ་དང་། །དཀར་མོ་ཆེན་མོ་དཀར་མོ་

Vol. 95 · folio 198a

དང་། །གཞན་ཡང་ས་སྟེང་གནས་རྣམས་གཞག །རྡོ་རྗེའི་མངའ་བདག་དགྱེས་པ་ཡི། །གཞན་གྱི་རིགས་སྔགས་མཆོག་འཆིང་བ། །རབ་ཏུ་གསལ་ཞིང་འབར་བ་དེ། །དབུས་དེར་མཁས་པས་གཞག་པར་བྱ། །དེ་ནས་རྡོ་རྗེ་འཛིན་ཆེན་རྗེ། །ཉི་ཤུ་པར་ནི་

གཞག་པར་བྱ། །གང་ན་རྡོ་རྗེ་འཛིན་གནས་ཏེ། །མིང་ནི་རྡོ་རྗེ་ཕོ་བྲང་ཡིན། །ཉི་ཤུ་གཅིག་པའི་བྱང་ཕྱོགས་སུ། །ཀུ་བེ་ར་ནི་ཚོགས་བཅས་བྲི། །ཀུ་བེ་ར་ནི་གར་གནས་པ། །གྲོང་ཁྱེར་ལྕང་ལོ་ཅན་ཞེས་བྱ། །ཀླུ་ཡི་བྱ་བསྒྲུབ་པ་བརྒྱད། །གྲོང་ཁྱེར་ཉི་ཤུ་གཉིས་པར་གཞག །

བྱ་བ་སྒྲུབ་བཅས་ཀླུ་ཆེན་རྣམས། །ལྔ་པོ་ཉི་ཤུ་གསུམ་པར་གཞག །དཀྱིལ་འཁོར་ཉི་ཤུ་རྩ་བཞིར་ནི། །ཀླུ་ཡི་དཀྱིལ་འཁོར་གཞག་པར་བྱ། །ཀླུ་མགོ་ཡི་ནི་གདེངས་ཀ་ཅན། །ཀླུ་ཆེན་གྱིས་ནི་གཡས་སུ་བསྐོར། །དཀྱིལ་འཁོར་དེ་ཡི་ནང་དག་ཏུ། །ཀླུ་ཆེན་ཁ་དོག་སྣ་

ཚོགས་པ། །མཐའ་ཡས་ནོར་རྒྱས་པདྨ་དང་། །དེ་བཞིན་ནོར་བུ་ལ་སོགས་ཀླུ། །ཀ་ལྤ་ལ་དང་རབ་མགྱོགས་གཉིས། །དེ་བཞིན་གཞན་ཡང་ཀླུ་རྣམས་ཀྱི། །མ་དང་རྒྱལ་ཚབ་འཇོག་པོ་ཡང་། །དཀྱིལ་འཁོར་ནང་དུ་གཞག་པར་བྱ། །ཤར་སྒོར་འོད་མའི་རྩེ་མོ་

གཞག །དགའ་སྐྱེད་པ་ནི་ལྷོ་ཕྱོགས་སུ། །ནུབ་ཕྱོགས་སུ་ནི་ལེགས་མཐོང་གཞག །བྱང་ཕྱོགས་སུ་ནི་སྟོབས་ཀྱིས་རྒྱུ། །དེ་ནས་རླུང་ལྷའི་ཕྱོགས་དག་ཏུ། །འབྱུང་པོའི་ཚོགས་ནི་བདུན་རྣམས་དགོད། །དེ་ནི་ཉི་ཤུ་ལྔ་པ་ཡི། །དཀྱིལ་འཁོར་དུ་ཡང་གྲགས་པ་ཡིན། །

དཀྱིལ་འཁོར་ཉི་ཤུ་རྩ་ལྔ་པ། །འདི་དག་ཀྱང་ནི་མཁས་པ་ཡིས། །ཅི་རིགས་པར་ནི་བྲི་བྱ་ཞིང་། །རྫོགས་བྱེད་རྣམས་ཀྱང་ལེགས་པར་བྲི། །ཆུ་ལྷའི་ཕྱོགས་སུ་ནི་མ་བྲི། །ཤར་ཕྱོགས་སུ་ནི་ཟླ་བ་གཞག། །ཀུ་རུ་ན་ནི་གླིང་བཞིར་ནི། །ཕྱོགས་མཚམས་དག་ཏུ་གཞག་པར་བྱ། །

ལྷག་མ་དག་ནི་བྱང་ཕྱོགས་སུ། །ངེས་པར་ཡང་ནི་དགོད་པར་བསྟན། །འདི་དག་རྣམས་ནི་མདོར་བསྡུ་ན། །ཁོར་ཡུག་གི་ནི་ཁོང་ནས་དབྱུང་། །དེ་ནས་རྡོ་རྗེ་ཤུགས་ཀྱིས་ནི། །དེར་ནི་སྟོབས་ཆེན་འགྲོ་བར་བྱ། །བང་རིམ་ལ་ནི་སོང་ནས་ཀྱང་། །དང་པོ་ལེགས་པར་དགོད་པར་བྱ། །

Vol. 95 · folio 198b

རྫོང་གི་འཕགས་མ་དོན་གྲུབ་པ། །དུར་ཁྲོད་གནས་ན་དྲག་མོ་ནི། །བདེན་བྲལ་ཕྱོགས་སུ་གཞག་བྱ་ཞིང་། །མ་ཡང་དྲུང་དུ་གཞག་པར་བྱ། །ཕྱོགས་ཀྱི་ལྷ་ནི་བྱེ་བ་རྣམས། །དབང་ལྡན་ཕྱོགས་སུ་དགོད་པར་བྱ། །ལོག་འདྲེན་དྲག་པོ་ཆེན་པོ་ཡང་། །དཀྱིལ་འཁོར་དུ་ནི་

ལེགས་པར་དགོད། །རླུང་ལྷའི་ཕྱོགས་སུ་མཁའ་ལྡིང་གཞག །དེ་ནས་དང་པོ་སྐྱོང་བ་ཡི། །རྫོང་གི་འཕགས་མ་གཉིས་པ་ཡང་། །ཡོངས་སུ་རྫོགས་པར་གཞག་པར་བྱ། །བང་རིམ་དག་ནི་གཉིས་པ་ལ། །རྡོ་རྗེའི་ཤུགས་ཀྱིས་བསྒོམ་བྱ་ཞིང་། །ཀླུ་རིགས་ནོར་བུ་གཞག་

པར་བྱ། །མཐའ་ཡས་བདེན་བྲལ་ཕྱོགས་སུ་གཞག །དེ་ནས་ཕྱོགས་ཀྱི་ལྷ་ཉིད་ནི། །གཤིན་རྗེའི་ཕྱོགས་སུ་ལེགས་པར་གཞག །དེ་ནས་ཡི་དགས་ཚོགས་རྣམས་ཀྱང་། །མེ་ཡི་ཕྱོགས་སུ་གཞག་པར་བྱ། །དེ་ནས་ཆོ་ག་ཤེས་པ་ཡིས། །ཡི་དགས་ཀྱི་ནི་རིགས་

རྣམས་དགོད། །བརྗེད་བྱེད་ཀྱི་ནི་རིགས་རྣམས་དང་། །ནམ་གྲུ་དག་གི་རིགས་ཀྱང་གཞན། །དབང་ལྡན་འབྱུང་པོ་རྣམས་དང་ནི། །འབྱུང་པོའི་ཆང་ཁྱུ་རྣམས་ཀྱང་གཞག །ཚངས་པའི་སྲིན་པོ་ཞེས་བྱ་རྣམས། །དཀྱིལ་འཁོར་བྱང་ཕྱོགས་དགོད་པར་བྱ། །ཕྱི་རོལ་ཀླུ་ཡི་རིགས་རྣམས་ཀྱང་། །

རླུང་ལྷའི་ཕྱོགས་སུ་ལེགས་པར་དགོད། །དཀྱིལ་འཁོར་དམ་པ་གཉིས་པ་ལས། །བང་རིམ་འདི་ནི་ཡོངས་སུ་རྫོགས། །རྡོ་རྗེ་རིམ་གྱིས་བསྒོམས་ནས་ནི། །གསུམ་པ་ཡང་ནི་བདེན་བྲལ་ཕྱོགས། །ཤ་ཟ་བཞག་སྟེ་སོང་ན་ཡང་། །རྣལ་འབྱོར་མཁའ་འགྲོའི་དཀྱིལ་འཁོར་གཞག །

ཡི་དགས་ཀྱི་ནི་ཁྱིམ་རྣམས་ཀྱང་། །གཤིན་རྗེའི་ཕྱོགས་སུ་ལེགས་པར་དགོད། །མེ་ཡི་ཕྱོགས་སུ་དཀྱིལ་འཁོར་དུ། །སྟོབས་ཆེན་ལྷ་མ་ཡིན་རྣམས་གཞག །དེ་ནས་དཔལ་ལྡན་འཇིག་རྟེན་སྐྱོང་། །འཇིག་རྟེན་ཆོས་ལས་ཕྱིར་ཕྱོགས་པ། །ཡུལ་འཁོར་སྲུང་ནི་དཔག་མེད་པའི། །

དྲི་ཟར་ལྷན་ཅིག་ཀུན་ཏུ་དགོད། །དབང་ཕྱུག་ཆེན་མོར་བཅས་པ་ཡི། །དབང་ལྡན་ཕྱོགས་སུ་གནས་པར་བྱ། །དེ་ནས་རིག་སྔགས་རྣམས་ཀྱི་བདག །ལག་ན་རྡོ་རྗེ་རྣལ་འབྱོར་ཆེ། །གྲོགས་བཅས་རྡོ་རྗེ་འཛིན་པ་ཡི། །རྡོ་རྗེ་ཕོ་བྲང་དགའ་བར་གཞག །དེ་ནས་སྟོབས་ཆེན་

Vol. 95 · folio 199a

འཇིག་རྟེན་སྐྱོང་། །དཔལ་ལྡན་འཇིག་རྟེན་ཆོས་སྤངས་པ། །ལག་ན་རྡོ་རྗེ་འཛིན་པ་ཡི། །དབང་ལྡན་བྱང་གི་ཕྱོགས་སུ་གཞག །དེ་བཞིན་ལྕང་ལོ་ཅན་དག་ཏུ། །ནོར་སྦྱིན་ཚོགས་དང་བཅས་པར་བྲི། །ཀླུ་རྣམས་མ་ནི་སུ་རུ་ས། །རླུང་ལྷའི་ཕྱོགས་སུ་གནས་

པར་བྱ། །དེ་དག་བུ་དང་བཅས་པར་ནི། །དེ་ཡི་དྲུང་དུ་དགོད་པར་བཤད། །མཁའ་ལྡིང་རྣམ་པར་འདུད་པའི་བུ། །མཐུ་རྩལ་ཤིན་ཏུ་རྫོགས་པའང་གཞག །དེ་ནས་འབྱུང་པོའི་ཚོགས་རྣམས་དགོད། །ཆུ་ལྷ་ཡང་ནི་ནུབ་ཕྱོགས་གཞག། །གསུམ་པ་དག་ཀྱང་འདས་པ་ཡིན། །བཞི་

པ་དག་གིས་བཤད་པར་བྱ། །བང་རིམ་བཞི་པའི་སྟེང་དག་ཏུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །ཉི་མ་རྣམས་ནི་གཡོག་དང་བཅས། །ཆུ་ལྷའི་ཕྱོགས་སུ་གནས་པར་བྱ། །བདེན་བྲལ་ཕྱོགས་སུ་སྲིན་རྣམས་དགོད། །དེ་ཡི་ཕ་རོལ་གྲུལ་བུམ་གཞག །དེ་ནས་གྲུལ་བུམ་

ལྕགས་ཅན་ཡང་། །ལྷོ་ཕྱོགས་སུ་ནི་གཞག་པར་བྱ། །མེ་ཡི་ཕྱོགས་སུ་རླུང་ལྷ་གཞག །ཤར་ཕྱོགས་ཟླ་བ་འཁོར་དང་བཅས། །ཐགས་བཟངས་རིས་ཀྱང་དེ་བཞིན་ཏེ། །དེ་གཉིས་ཀྱིས་ནི་བཞི་པ་དགང་། །དེ་ནས་བང་རིམ་ལྡན་པ་ལ། །རྡོ་རྗེ་ཤུགས་ཀྱིས་འགྲོ་བར་བྱ། །

ལྷ་བསྲུང་ཕྱིར་ནི་ཀླུ་རྣམས་ཀྱང་། །ཆུ་ལྷའི་ཕྱོགས་སུ་དགོད་པར་བྱ། །དབང་ལྡན་དང་ནི་ཤར་མཚམས་སུ། །ལྷ་ཡི་མཛོད་ཀྱང་གཞག་པར་བྱ། །གཞན་གྱིས་མི་ཐུབ་རྡོ་རྗེ་ཆེ། །དབང་ལྡན་ཕྱོགས་སུ་གཞག་པར་བྱ། །དེ་ནས་རྡོ་རྗེའི་དྲུང་དག་ཏུ། །གནས་གཙང་རིས་

ཀྱི་ལྷ་ཆེན་གཞག །ལྷ་ཡི་སྲུངས་མ་གནོད་སྦྱིན་ཆེ། །བྱང་ཕྱོགས་དག་ཏུ་གནས་པར་བྱ། །རྡོ་རྗེ་ཤུགས་ཀྱིས་དྲུག་པ་ལ། །སོང་ནས་ཆུ་ལྷའི་ཕྱོགས་དག་ཏུ། །ཀླུ་རྒྱལ་རྒྱ་མཚོ་ཆེན་པོའི་བུ། །དྲག་ཅིང་ཤུགས་དང་ལྡན་པ་གཞག །དེར་ནི་གཡོག་དང་བཅས་པར་བྱ། །

གཞན་དག་གིས་ནི་སྤྲུལ་པ་ལ། །དབང་བྱེད་ལྷ་ནི་གང་ཡིན་རྣམས། །བདེན་བྲལ་ཕྱོགས་སུ་གནས་པར་བྱ། །ཚངས་རིས་ཀྱི་ནི་ཚོགས་རྣམས་ཀྱང་། །མེ་ཡི་ཕྱོགས་སུ་དགོད་པར་བྱ། །ཚངས་པའི་མདུན་ན་འདོན་པ་ཡི། །ལྷ་རྣམས་ཤར་ཕྱོགས་གཞག་པར་བྱ། །ཤིན་

Vol. 95 · folio 199b

ཏུ་མཐོང་ལྷ་དབང་ལྡན་དུ། །སྲིད་རྩེ་དེ་ཡི་ཕ་རོལ་དགོད། །དེ་བཞིན་དཀའ་ཟློག་བྱང་ཕྱོགས་གཞག །དྲུག་པ་དག་ཀྱང་འདས་པ་ཡིན། །བང་རིམ་དག་ནི་བདུན་པ་ལ། །རྡོ་རྗེ་ཤུགས་ཀྱིས་རྡོ་རྗེ་འཆང་། །སོང་ནས་ཁྲུ་ཡི་གཙོ་བོ་ནི། །རྒྱ་མཚོ་ཆེན་པོ་རྨད་བྱུང་གཞག །

བྱང་ཕྱོགས་བྱ་བ་ཟིན་ནས་ནི། །གྲགས་ཤིང་བསོད་ནམས་ཆེ་བ་ཡི། །འཕྲུལ་དགའ་བ་ཡི་ལྷ་ཆེན་རྣམས། །གཤིན་རྗེའི་ཕྱོགས་སུ་གནས་པར་བྱ། །དེ་ནས་རྡོ་རྗེ་ཤར་ཕྱོགས་ཀྱི། །གནས་ཀྱི་གཙོ་བོར་གཞག་པར་བྱ། །སུམ་ཅུ་གསུམ་པའང་ཤར་ཕྱོགས་སུ། །

བཞག་ཅིང་བདུན་པ་ཡོངས་སུ་དགང་། །ལྷ་རྣམས་སྣ་ཚོགས་རྒྱས་པ་ཡི། །རི་ཡི་དབང་པོ་དམ་པ་ཡི། །བང་རིམ་དག་ནི་ཡོངས་སུ་རྫོགས། །དེ་ཡི་འོག་ཏུ་བྱ་བ་བཤད། །རི་རབ་སྟེང་དུ་ཐམས་ཅད་མཁྱེན། །རིག་སྔགས་སྙིང་པོ་འཆང་བ་པོ། །སངས་རྒྱས་འཇིག་རྟེན་

རྟོགས་མཛད་པ། །ཐར་པའི་གྲོང་ཁྱེར་དབང་ཕྱུག་གཞག །གང་གི་འོད་ཟེར་དེ་དག་གི། །ཕྱོགས་རྣམས་ཐམས་ཅད་རྒྱས་མཛད་དང་། །གང་གི་སྐུ་ལ་མཚན་ཀུན་གྱི། །མཛོད་རྣམས་ཐམས་ཅད་འབྱུང་བ་དང་། །མཚན་དང་གཞོན་དང་བརྩོན་འགྲུས་དང་། །གཞན་ཡང་

ཞི་བར་ལྡན་པ་དང་། །མཆོག་རྣམས་མཆོག་སྦྱིན་བྱེད་པ་ལ། །གང་གིས་མཆོག་གི་མཆོག་སྦྱིན་དང་། །ཐུགས་རྗེ་ཆེ་དང་ལྡན་པའི་མགོན། །ཉི་མ་འཆར་ཀའི་འོད་དང་འདྲ། །འོད་ཟེར་ཉི་མ་བྱེ་བ་ཡིས། །གང་གིས་མུན་པ་བསལ་པ་དང་། །ཆོས་དང་མཚན་ཉིད་རིགས་

པ་ཡི། །ཡིད་བཞིན་ནོར་བུའི་ཐུགས་མངའ་གང་། །གང་གིས་བསྐལ་པ་གྲངས་མེད་པར། །སེམས་ཅན་རྣམས་ནི་རབ་ཏུ་བསྲུངས། །རིན་ཆེན་ཨིནྡྲ་ནཱི་ལ་ལྟར། །གང་གི་གཙུག་ཏོར་མཛེས་པ་དང་། །ནོར་བུ་ཡི་ནི་རྒྱལ་པོ་བཞིན། །ཟླ་མདོག་ཅན་གྱི་མཛོད་སྲུང་སྣ། །

གང་གི་བདུད་རྩི་གཏོང་བའི་ཞལ། །པདྨ་རཱ་གའི་མདོག་འདྲ་དང་། །དུས་མཚམས་གསེར་གྱིས་བསྒྱུར་བ་ཡི། །གསེར་གྱི་རི་ལྟར་སྐུ་མདོག་མཛེས། །འཁོར་ལོ་ཆེན་པོ་རྩིབས་སྟོང་པས། །ཕྱག་དང་ཞབས་ནི་ལེགས་སྤྲས་པ། །སྐྱིལ་མོ་ཀྲུང་ནི་མཛེས་པ་ཡིས། །

Vol. 95 · folio 200a

ཐུབ་པ་ཆེན་པོ་ལེགས་པར་བཞུགས། །ཆོས་ཀྱི་ཆུ་ཀླུང་ཆེན་པོའི་མཆོག །དེ་ཡི་ཞལ་ནས་ཀུན་ཏུ་འབབ། །རྨད་དུ་བྱུང་བར་འབབ་པ་སྟེ། །བདག་གིས་ཁ་ནི་སྟོང་ཕྲག་རྣམས། །སྟོང་སྙེད་ཀྱིས་ནི་བརྗོད་པ་འམ། །ཁོང་དུ་ཆུད་པར་ནུས་མི་འགྱུར། །དེ་ནི་རྒྱས་

པར་འགེངས་པ་དང་། །ཡེ་ཤེས་ཕ་མཐའ་བླ་ན་མེད། །ཤིན་ཏུ་རྨད་བྱུང་གསང་བར་བཤད། །ཚིག་ལྡན་གྱི་ནི་ལྷ་མོ་དེ། །འཇིག་རྟེན་མགོན་པོ་སངས་རྒྱས་ཀྱི། །གསུང་ལ་རབ་ཏུ་གནས་པ་ཡིན། །འཇིག་རྟེན་གསུམ་མ་བདག་མཆོག་སྦྱིན། །འཇིག་རྟེན་གསུམ་གྱིས་ཕྱག་

བྱས་པ། །འདི་ནི་གནས་དང་འགྲོ་བ་ཡི། །འཇིག་རྟེན་ཐམས་ཅད་འཛིན་པ་ཡིན། །ཆེ་བའི་ཆེ་མཆོག་སྟོབས་ཆེན་ཏེ། །དགའ་ཞིང་ཀུན་གྱི་ཚིག་ལ་གནས། །གཞན་གཅིག་སངས་རྒྱས་འདྲ་བ་མེད། །གུད་ན་ཡང་ནི་གནས་མ་ཡིན། །དེ་ཡི་བསྔགས་པ་སངས་རྒྱས་སམ། །

ལྷ་རྣམས་ཉིད་ཀྱིས་བརྗོད་པར་ནུས། །མཆོག་སྦྱིན་འཇིག་རྟེན་གསུམ་གྱི་མ། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །མདོར་ན་འགྲོ་བ་འདི་ཀུན་ནི། །ཁྱོད་ཀྱི་རང་བཞིན་ཉིད་ཡིན་ཏེ། །ལྷ་དང་དྲི་ཟ་ཀླུ་དབང་དང་། །གནོད་སྦྱིན་ལྷ་མིན་ཚོགས་བསྐོར་བའི། །རྒྱུ་དང་མི་རྒྱུ་རྣམས་ཀྱི་

གཏེར། །ཡ་མཚན་ལས་ཀྱི་དཀྱིལ་འཁོར་ནི། །དེར་གཏོགས་དེར་ནི་བརྩོན་ཞིང་སྤྲོ། །དེ་དང་འབྲེལ་བར་ཐེ་ཚོམ་མེད། །ཆོས་ཀླུང་བསོད་ནམས་ལྡན་པ་དེ། །བསོད་ནམས་རིན་ཆེན་དག་གིས་རྒྱས། །ལག་ན་རྡོ་རྗེའི་བསོད་ནམས་ཀྱི། །ལས་ཀྱི་རྒྱ་མཚོ་དག་ལས་འབྱུང་། །ཆུ་

ཀླུང་རྒྱ་མཚོར་འབབ་པ་ན། སྐྱེ་བོས་བསྟེན་ནས་འབབ་པར་འགྱུར། །དེ་བཞིན་ཆོས་ཀྱི་ཆུ་ཀླུང་འདི། །འདི་དག་གིས་བསྟེན་བྱས་ནས་ཀྱང་། །ལག་ན་རྡོ་རྗེའི་མགོ་བོ་དང་། །རྣ་གཉིས་དང་ནི་གསུམ་དུ་དབབ། །ཟེར་མ་འཕྲོས་པས་ལྷ་མོ་དང་། དབང་ཕྱུག་ཚོགས་བཅས་ཕོག་

པར་འགྱུར། །དེ་ཕྱིར་ཆོས་ཀྱི་ཆུ་ཀླུང་འདི། །སངས་རྒྱས་ལས་ནི་འབྱུང་བྱས་ལ། །ལག་ན་རྡོ་རྗེའི་མགོ་བོར་ཡང་། །རབ་ཏུ་དབབ་ཅིང་བདུག་པར་བྱའི། །བསོད་ནམས་ལྡན་པའི་ཆུ་ཀླུང་རྒྱ་ཆེན་དེ་ཉིད་ལས། །སྐྱེ་བོ་མཐའ་དག་གཅིག་ཏུ་སེམས་བཏུད་ཉན་པར་བྱེད། །དེ་ཉིད་ལ་ནི་

Vol. 95 · folio 200b

ལྷ་རྣམས་ཐམས་ཅད་མངོན་པར་དགའ། །དེ་ཉིད་ལ་ནི་རིག་སྔགས་གྲུབ་པའི་ཚོགས་ཀུན་བརྟེན། །གནས་རྣམས་གསུམ་པ་འདི་ནི་ལྷ་ཡི་གནས་ཡིན་ཏེ། །རྡོ་རྗེ་འཛིན་པ་ང་ཡི་དགོངས་པ་བཞིན་དུ་རྫོགས། །དེ་ནས་དམ་ཚིག་མཁྱེན་པས་དཀྱིལ་འཁོར་རྒྱལ་པོ་ཡི། །གསང་བ་

གང་དང་གང་གསུངས་དགའ་རྒྱས་བདག་གིས་བཤད། །ལག་ན་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ལས་གནས་གསུམ་པ་རྫོགས་སོ།། །།རི་རབ་ཀྱི་ནི་བྱང་ཕྱོགས་སུ། །ཆོས་ཀྱི་ཀླུང་ཆེན་འཛིན་པ་ཡི། །རྡོ་རྗེ་འཛིན་ཆེན་རབ་

གཏུམ་པ། །སྟོབས་ཆེན་ལག་ན་རྡོ་རྗེ་གཞག །དེ་ཡི་རྐང་པ་གཡོན་པ་ཡིས། །དབང་ཕྱུག་ཆེན་པོ་མནན་པར་བྱ། །གཡས་པ་ཡི་ནི་རྐང་པ་ཡིས། །ལྷ་མོ་དཀའ་ཟློག་མནན་པར་བྱ། །རི་ཡི་དབང་པོ་འཁོར་ཡུག་དང་། །བང་རིམ་དག་གི་བར་དག་ཏུ། །གླིང་ཆེན་

རྣམ་པ་བཞི་པོ་དང་། །གནས་རྣམས་ཇི་བཞིན་གཞག་པར་བྱ། །དེ་ནས་ཆུ་ཀླུང་བདུན་ཡང་གཞག །ལྷོ་ཕྱོགས་སུ་ནི་དབྱིབས་ལེགས་པའི། །འཛམ་བུ་གླིང་ནི་གཞག་པར་བྱ། །ཆུ་ཀླུང་དང་ནི་ཤིང་དང་ཡུལ། །སྣ་ཚོགས་ཀྱིས་ནི་ཤིན་ཏུ་རྒྱས། །དེ་ཡི་མངོན་མཚན་ཆེན་པོ་ནི། །འཛམ་

བུའི་ཤིང་མཆོག་སྐྱེས་པ་དེ། །འཕང་དུ་དཔག་ཚད་བརྒྱ་ཡོད་དོ། །འོག་ལོགས་སུ་ནི་གཞག་པར་བྱ། །དེ་ནས་ཆུ་ཀླུང་བདུན་ཡང་གཞག །ནགས་ཚལ་ཡང་ནི་བདུན་དག་དང་། །ཡིད་དུ་འོང་བའི་རི་བདུན་དང་། །ཡུལ་བདུན་དག་ཀྱང་གཞག་པར་བྱ། །དང་པོ་བྱང་ནས་བརྩམ་

བྱ་ཞིང་། །ལྷོ་ཕྱོགས་ལོགས་སུ་ཐུར་དུ་དྲང་། །ཤར་ནས་ནུབ་ཏུ་དྲང་བྱ་ཞིང་། །ཁོ་ར་ཁོར་ཡུག་བསྒྲུབས་ནས་ནི། །རྒྱལ་བའི་གསུང་རབ་ཡིད་འོང་བ། །ཆོས་ཀྱི་འཁོར་ལོ་རྗེས་བསྒྲུབ་པ། །འཕགས་པ་ཤ་ར་དྭ་ཏིའི་བུ། །སྙིང་རྗེའི་བདག་ཉིད་པདྨའི་མཆོག །དགེ་

སློང་དགེ་སློང་མ་རྣམས་དང་། །རྒྱལ་པོ་དག་གིས་བསྟེན་པ་གཞག །འཛམ་བུ་གླིང་གི་ལྷོ་ཕྱོགས་སུ། །ཁྲི་ཤིང་དག་ཀྱང་བྲི་བར་བྱ། །ནུབ་ཕྱོགས་སུ་ནི་བ་ལང་སྤྱོད། །ཆུ་བོ་བརྒྱས་ནི་གང་བ་དང་། །ཡུལ་དང་སྐྱེ་བོ་སྟོང་དག་དང་། །བན་ལང་ཁྱུ་ནི་སྟོང་གིས་རྒྱས། །དེ་

Vol. 95 · folio 201a

བཞིན་ཤར་གྱི་ལུས་འཕགས་ཀྱང་། །ཤར་ཕྱོགས་སུ་ནི་གཞག་པར་བྱ། །ཡུལ་རྣམས་དང་ནི་རི་དག་གིས། །ཀུན་ཏུ་རབ་ཏུ་རྒྱས་པར་གནས། །དེ་ནས་གནས་བརྟན་ཆོས་སྐྱོང་བ། །བཅུ་གཉིས་དག་དང་ལྷན་ཅིག་ཏུ། །སྒྲ་གཅན་འཛིན་ཞེས་གྲགས་

པ་སྟེ། །སངས་རྒྱས་སྲས་ནི་མངོན་སུམ་གནས། །གནོད་སྦྱིན་ལྷ་མིན་ལྟོ་འཕྱེ་རྣམས། །ཉིན་མཚན་དུ་ནི་དེར་སོང་ནས། །དྲི་དང་ཕྲེང་བ་དཔེ་མེད་པས། །མཆོད་པ་བྱེད་ཅིང་ཕྱག་ཀྱང་འཚལ། །དེ་ནས་བྱང་གི་སྒྲ་མི་སྙན། །ལྷུན་པོ་ཡི་ནི་བྱང་ཕྱོགས་གཞག །གཙང་

ཞིང་གྲུ་བཞི་ལྷམ་པ་སྟེ། །ཆུ་ཀླུང་དག་གིས་རབ་ཏུ་བརྒྱན། །གང་དག་གི་ནི་ཚེ་ཡི་ཚད། །ཆིག་སྟོང་ཚང་བར་བརྗོད་པ་དང་། །སངས་རྒྱས་རྣམས་ཀྱིས་གསུངས་པ་ཡི། །སེམས་ཅན་ཡ་མཚན་དེ་ན་གནས། །རྒྱ་མཚོའི་ས་ནི་བསྐོར་བ་ཡི། །རི་ཡི་དམ་པ་རི་རབ་ལ། །ཕྱོགས་ཀྱི་

ལྷ་ནི་བཞི་པོ་རྣམས། །ཀུན་ནས་ངེས་པར་གཞག་པར་བྱ། །ཀཱརྵཱ་པ་ཎ་བརྒྱད་དག་གིས། །དཀྱིལ་འཁོར་དང་པོར་རྡོ་རྗེ་བྲི། །དེ་ཡི་གནས་རྣམས་དེ་དག་ཏུ། །གསེར་གྱི་གདུ་བུ་དག་ཀྱང་བྱ། །སྒོ་རྣམས་རེ་རེར་དོན་སྒྲུབ་པ། །རྒྱུ་དང་མི་རྒྱུ་འཇིག་རྟེན་གསུམ། །ཐུབ་པར་

ནུས་པ་གང་ཡིན་པའི། །སྒོ་སྲུང་གཉིས་ཀྱང་གཞག་པར་བྱ། །དེ་ཡང་སྔགས་དང་ལྡན་བྱ་ཞིང་། །ཀུན་ཏུ་གཞལ་ཡས་རྒྱས་པར་བྱ། །རྡོ་རྗེ་ཐོག་ཐོག་ལྷོ་ཕྱོགས་བྲི། །རྡོ་རྗེ་ཁུ་ཚུར་བྱང་ཕྱོགས་གཞག །དེ་ནས་དེར་ནི་ལྷ་བཤོས་རྣམས། །རྣམ་པ་སྣ་ཚོགས་བཀྲ་བ་དང་། །

བླ་མེད་རབ་མཛེས་རྒྱས་པར་བྱ། །དྲི་དང་མེ་ཏོག་ཕྲེང་བས་མཆོད། །ཞིབ་དེའི་ཐ་ལུ་སྣ་ཚོགས་པ། །སྦྲང་རྩིས་བྱུགས་ཤིང་གཟབས་པ་དང་། །ལེགས་བྱས་ཨ་ཤྭ་ཀ་བརྟི། །དེ་བཞིན་བེ་རེག་ནས་ཁུར་དབུལ། །ཇི་ཙམ་དུ་ནི་རྒྱས་པ་ཕུལ། །དེ་ཙམ་དུ་ནི་འགྲུབ་པར་

བཤད། །འབྲས་ཀྱི་འོ་ཐུག་ཚུ་ལ་ཀ །ཐུབ་པ་སྦྱར་ཐུག་ས་མི་ཏ། །འབྲས་ཆན་ཚོད་མ་སྣ་ཚོགས་པ། །ཁ་དོག་སྣ་ཚོགས་སོར་ལྔར་ལྡན། །དེ་ལ་སོགས་པ་གང་འདོད་པ། །ལོ་མ་སྣ་ཚོགས་སྐྱོན་མེད་པ། །ཡང་ན་ཁམ་པོར་སར་པའམ། །པདྨའི་ལོ་མ་དག་ལ་

Vol. 95 · folio 201b

གཞག །ནས་དང་གྲོ་དང་མོན་སྲན་གྲེའུ། །སཱ་ལུ་དང་ནི་ཏིལ་འབྲུ་རྣམས། །སྣོད་སར་དག་གི་ནང་དུ་གཞག །ཡང་ན་གཞན་དུ་དེ་བཞིན་གཞག །ཧྭགས་དང་ཁ་རས་གང་བ་དང་། །བཏུང་བ་བསིལ་ཞིང་ཞིམ་པ་དག །སྣོད་སར་དག་གི་ནང་དག་ཏུ། །བཞག་ནས་

རབ་ཏུ་དབུལ་བར་བྱ། །དེས་ན་སུ་ལའང་འཚེ་མི་འགྱུར། །དགའ་བའི་སེམས་ཀྱིས་ཟ་འདོད་ལ། །ཁ་ཟས་དག་ཀྱང་སྦྱིན་པར་བྱ། །དེ་ནས་དགའ་བར་བྱ་བའི་ཕྱིར། །ཏ་ལའི་ལོ་མ་བསིལ་ཡབ་དབུལ། །དྲི་ཞིམ་པ་ཡི་དྲི་ཀུན་གྱིས། །དཀྱིལ་འཁོར་ལ་ནི་མཆོད་པར་བྱ། །

སྤོས་ཀྱི་ཕྱེ་མ་སྣ་ཚོགས་པ། །མཆོག་རྣམས་ཀྱིས་ཀྱང་དེ་བཞིན་མཆོད། །ཛ་ཡ་མུ་ས་ན་ལ་སོགས། །དྲི་ཞིམ་ཐམས་ཅད་སྦྱར་བས་མཆོད། །ཨ་ག་རུ་དང་དུ་རུ་སྐ། །ཤིང་གི་ཐང་ཆུ་གསར་སྦྱར་རྣམས། །བདུག་པའི་རྒྱུར་ནི་བསྔགས་པ་ཡིན། །དངོས་གྲུབ་སྒོ་དྲུང་འདུག་

པར་བྱ། །ཡང་ན་ནང་དུ་སོང་ནས་ནི། །དེ་ནི་བྱང་ཕྱོགས་ཁ་བལྟ་ཞིང་། །ལག་ན་རྡོ་རྗེ་ཚུལ་བཞིན་བོད། །ཤིན་ཏུ་བཀྲ་ཤིས་ཚིགས་བཅད་དང་། །དེ་བཞིན་བདེ་ལེགས་རྫོགས་པ་གདོན། །དེ་ནས་དེར་ནི་རིག་སྔགས་མ། །རྡོ་རྗེ་ལྕགས་ཀྱུ་རྩེ་མོ་ཅན། །རྡོ་རྗེའི་རིགས་ལས་བྱུང་

བ་ཡི། །རིག་སྔགས་བསྟན་པ་གང་ཡིན་པ། །དེ་ནི་བདག་ཉིད་བསྲུང་བར་བྱ། །དེ་ནས་ཐོག་མར་སྤྱན་དྲང་བ། །རི་རབ་དེ་ཡི་རྩེ་མོར་ནི། །འདུག་ནས་སྒྲ་ཆེན་གདོན་པར་བྱ། །ཆོས་ཀྱི་ཆུ་ཀླུང་སྤྱན་དྲང་བ། །དམ་པ་འདི་ནི་བརྗོད་པར་བྱ། །བཀྲ་ཤིས་ཚིགས་བཅད་བརྗོད་པ་དང་། །

ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །འདུས་པ་ཆེན་པོའི་མདོ་དག་དང་། །འཕགས་པའི་བདེན་པ་བཞི་པོ་དང་། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ། །མ་ཉམས་ཐེ་ཚོམ་མེད་པ་དང་། །འཕགས་པ་ཤ་ར་དྭ་ཏིའི་བུའི། །སེང་གེའི་སྒྲ་ནི་དཔེ་མེད་གདོན། །དེ་ནས་རྡོ་རྗེ་རིགས་ཀྱི་ཡུམ། །

རིག་སྔགས་རྡོ་རྗེ་ལྕགས་ཀྱུ་བཟླས། །དེ་ནས་ཀྱང་ནི་རྩེ་མོ་ཅན། །དེ་ནས་རྡོ་རྗེ་རིགས་སྐྱེས་ཀྱི། །རིག་སྔགས་དག་ནི་གང་འདོད་དང་། །སྙིང་པོ་འགྲོ་ལྡིང་གཏུམ་པོ་དང་། །དེ་ཡི་སྟེང་དང་འདོད་པ་ཡི། །རྡོ་རྗེ་མ་དང་འོག་པ་གཅན། །ལུ་གུ་རྒྱུད་དང་གཏུམ་མོ་དང་། །སེར་གཏུམ་རྡོ་རྗེ་

Vol. 95 · folio 202a

ཐོག་ཐོག་མ། །དེ་བཞིན་རྡོ་རྗེ་ཁུ་ཚུར་མ། །རྡོ་རྗེ་ཐུབ་དཀའ་ཕོ་ཉ་མ། །ཆེན་མོ་བཅུ་དང་དྲུག་ཅུ་བཞི། །དང་པོ་བློ་གྲོས་རྡོ་རྗེ་མ། །གཉིས་པ་རྡོ་རྗེ་དྲིལ་བུ་མ། །གསུམ་པ་རྡོ་རྗེ་ནག་མོ་དང་། །བཞི་པ་གཞན་གྱིས་མི་ཐུབ་པ། །ལྔ་པ་རྡོ་རྗེ་རོལ་པ་དང་། །དྲུག་པ་ཡང་ནི་རྒོད་བག་ཅན། །བདུན་པ་རྡོ་རྗེ་ཤུགས་ཡིན་

ཏེ། །བརྒྱད་པ་རྡོ་རྗེ་ཉི་མ་ཡིན། །དགུ་པ་རྡོ་རྗེ་དབྱུག་པ་སྟེ། །དེ་ནི་སྣ་ཚོགས་གཟུགས་ཞེས་གྲགས། །བཅུ་པ་རྡོ་རྗེ་བདེན་པ་སྟེ། །ཅི་དགའ་བར་ནི་བཟླས་བརྗོད་བྱ། །རྡོ་རྗེ་དབྱུག་པ་བལྟ་བར་བྱ། །རྡོ་རྗེ་ཁྲོ་བོ་འཇོམས་བྱེད་དང་། །བུང་བ་བལྟ་བ་ཆུ་ཀླུང་དང་། །རྡོ་རྗེ་ཀཱཏྱཱ་ན་ཡ་དང་། །བདུག་པས་འཇིལ་དང་སྲུང་མ་

དང་། །ཡོན་ཏན་ཆེན་མོ་དེ་ལ་སོགས། །ངེས་པ་ཉིད་དུ་བཟླས་བརྗོད་བྱ། །དེས་ན་དཀྱིལ་འཁོར་འགྲུབ་པར་འགྱུར། །ངེས་པར་གནས་པས་རིག་སྔགས་ནི། །མཆོག་འགྱུར་རྡོ་རྗེ་ལྕགས་ཀྱུ་མ། །བདུག་པ་ཀུན་གྱིས་རྒྱས་པ་ཡིས། །དཀྱིལ་འཁོར་དུ་ནི་བརྒྱད་བརྒྱ་བཟླས། །དེ་ནས་

ལས་སུ་བསྒྲུབ་པ་ཡིས། །རིག་སྔགས་དེས་ནི་གྲུབ་པར་འགྱུར། །རིག་སྔགས་གང་ལ་དགའ་བ་དེས། །དཀྱིལ་འཁོར་དུ་ནི་བཟླས་བརྗོད་བྱ། །ལག་ན་རྡོ་རྗེས་བཤད་པ་ཡི། །རིག་སྔགས་མང་པོ་དེ་ཉིད་ནི། །མཆོག་འདོད་དངོས་གྲུབ་འདོད་པ་ཡིས། །ཅི་ནས་སྐྱོ་བར་མི་འགྱུར་སྤྱད། །

དེ་ནས་རྫོགས་པར་སྤྱན་དྲངས་ཤིང་། །གསང་སྔགས་རྒྱས་པར་བྱས་ནས་ནི། །དེ་ནས་དཀྱིལ་འཁོར་འདོད་པ་ཀུན། །གཟུང་བ་ཡང་ནི་བཤད་པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །དཀོན་མཆོག་གསུམ་ལ་གཙོ་བོར་འཛིན། །དད་ཅིང་མཉམ་པར་གཞག་པ་ཡི། །མི་ནི་

དམ་ཚིག་འཛིན་དུ་གཞུག །དེས་ན་དེ་ལ་མཁས་པ་ཡིས། །བསླབ་གཞི་ལྔ་ནི་སྦྱིན་པར་བྱ། །མིང་འདི་ཞེས་ནི་བྱ་བ་བདག །ཕྱིན་ཅད་ནམ་འཚོའི་བར་དག་ཏུ། །སྲོག་གཅོད་ལོག་པར་གཡེམ་པ་དང་། །རྐུ་དང་བརྫུན་དུ་སྨྲ་བ་དང་། །འབྲུ་དང་སྦྱར་བའི་ཆང་འཐུང་བ། །རྟག་ཏུ་

བདག་གི་སྤངས་ཞེས་སྨྲོས། །བསླབ་གཞི་མཆོག་དང་ལྡན་པ་དེ། །བློ་གྲོས་རྡོ་རྗེ་བསྲུང་བར་བྱ། །འབོགས་པར་འགྱུར་བར་བྱ་བའི་ཕྱིར། །བྱིན་གྱིས་རླབས་ཀྱི་ཆོ་གའང་བྱ། །དེ་ནས་དེར་ནི་བུམ་པ་བདུན། །ཆུ་ནི་རབ་ཏུ་བླུགས་ནས་ཀྱང་། །བློ་གྲོས་རྡོ་རྗེས་བསྔགས་པ་དེས། །བདུད་རྩི་ཞེས་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words