འཕགས་པ་རིག་པ་མཆོག་གི་རྒྱུད་ཆེན་པོ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 95 · folio 230a
དེ་བཞིན་དུ་མིའི་གཙོ་བོའམ། མི་ཆེན་པོའམ། གནོད་སྦྱིན་དང་། མི་འམ་ཅི་ཡང་དབང་དུ་ཁུགས་པར་འགྱུར་ཏེ། ཅི་ནུས་ཀྱིས་སྨྱུང་བ་བྱའོ། །བྲམ་ཟེ་ལ་ནི་ཞག་གསུམ་རྒྱལ་རིགས་ལ་ནི་ཞག་གཉིས་རྗེའི་རིགས་ལ་ཞག་གཅིག་སྨྱུང་བར་བྱའོ། །དམངས་
རིགས་ལ་ནི་སྨྱུང་བ་བྱ་མི་དགོས་པར་ནིམ་པའི་ཡམ་སྲེག་ཤིང་གིས་བྱའོ། །གཞིག་པ་ལ་ནི་དུག་དང་ཁྲག་དང་འབྱུང་པོའི་ཟས་ཀྱིས་སྦྱིན་སྲེག་བྱའོ། །གདོན་གྱིས་ཐེབས་སུ་གཞུག་པ་ལ་ནི་ཨེ་རཎྜས་བྱའོ། །འཁྲུག་པར་བྱ་བ་ལ་ནི་བའི་མར་གྱིས་བྱའོ། །དབྱེ་
བ་ལ་ནི་སྦྲུལ་གྱི་པགས་པ་བརྗེས་པར་བྱའོ། །དབང་དུ་བྱ་བ་ལ་ནི་མར་དང་ནེའུ་ལེའུ་སྦུས་བྱའོ། །སྙིང་པོ་གཅད་པ་ལ་ནི་ལན་ཚྭ་དང་ཀ་རས་སྦྱིན་སྲེག་བྱའོ། །གདོན་དགུག་པ་ལ་ནི་གུ་གུལ་གྱི་བདུག་པས་བྱའོ། །དབབ་པ་ལ་ནི་གུ་གུལ་དང་ཏུ་ལ་སིའི་ལི་མས་བྱའོ། །
ཉའི་སྦྱིན་སྲེག་གིས་ནི་རྨི་ལམ་དུ་སྟོན་པར་འགྱུར་རོ། །བསྲུང་བའི་ལས་ལ་ནི་སྐུད་པའམ་ཐལ་བའམ་ཆུས་བྱའོ། །གཙུག་ཕུད་བཅིང་བ་ལ་ནི་ཆུས་བྱའོ། །དུག་ཞི་བར་བྱ་བ་ལ་ནི་བཟླས་བརྗོད་ཀྱིས་བྱའོ། །གདོན་དང་རྨི་ལམ་གྱི་འཇིགས་པ་ལ་ནི་ལན་ཚྭས་བྱའོ། །
སྒོ་ལྕགས་དབྱེ་བ་དང་། གདོན་དབང་དུ་བྱ་བ་དང་། སྐྱེས་པ་དང་བུད་མེད་དབང་དུ་བྱ་བ་དང་། གདོན་དབབ་པ་དང་། བརྡེག་པ་དང་། སྨྲར་གཞུག་པ་དང་། གཟིར་དུ་གཞུག་པ་ནི་རའི་གཟུགས་བྱའོ། །མར་གྱིས་བསྐུས་ན་ཕྱིར་འཚོ་བར་འགྱུར་རོ། །སྨྲར་
གཞུག་པ་དང་། ཁུས་འདེབས་སུ་གཞུག་པ་དང་། གར་བྱེད་དུ་གཞུག་པ་དང་། དུར་གཞུག་པ་དང་། ཆོ་རིགས་བྲི་བ་དང་། བྱི་བ་ཟར་གཞུག་པ་དང་། བུང་བ་ཟར་གཞུག་པ་ལ་ཡང་རའི་གཟུགས་བྱའོ། །མར་གྱིས་བསྐུས་ན་ནི་ཕྱིར་འཚོ་བར་འགྱུར་
རོ། །ལས་འདི་དག་དང་གཞན་ཡང་གྲངས་མེད་པ་དག་བྱེད་པར་འགྱུར་ཏེ། བརྡེག་པ་ནི་གཏུན་ཤིང་ངམ་སྐྲའི་ཐག་གུས་བྱའོ། །རོ་བསྲེགས་པའི་སོལ་བས་གཟུགས་བྲིས་ལ་ས་ལས་བྱས་པའི་རྡོ་རྗེས་བཀབ་ན་གདོན་དབུགས་ཆད་པར་འགྱུར་རོ། །མར་གྱི་ངོ་
Vol. 95 · folio 230b
ཞག་བཅུ་བཞི་ལ་ལམ་གྱི་བཞི་མདོའམ་ཚན་གཅིག་པུ་འདུག་པར་ཀ་ར་བཱི་ར་དམར་པོའི་མེ་ཏོག་ཁ་མ་བྱེ་བ་ལ་བཟླས་བརྗོད་བྱ་སྟེ་ནུབ་མོ་ནས་གཞག་ལ་ཕྱི་དེ་ཉིན་བར་གྱི་དུས་མཚམས་དང་པོར་ལན་བདུན་བདུན་བཟླས་བརྗོད་བྱས་ནས་དགྲ་ལ་བལྟས་ཏེ་བོར་ན་གདོན་གྱིས་ཐེབས་པར་
འགྱུར་རོ། །དགྲོལ་བ་ལ་ནི་ཀ་ར་བཱི་རའི་མེ་ཏོག་དཀར་པོས་བྱའོ། །ཆོ་ག་དེ་དག་ཉིད་ཀྱིས་སུག་སྨེལ་དང་། ཤུ་དག་དང་། ལིག་བུ་མིག་དང་། ཐིང་རིལ་གྱི་སྒོ་ངའི་ཤུན་ལྤགས་རྣམས་ཆ་བསྙམས་ཏེ་ཞག་གསུམ་སྨྱུང་བ་བྱས་ནས་བརྒྱ་སྟོང་བཟླས་བརྗོད་བྱའོ། །དེ་ལྟར་བྱས་ན་
ལུས་མི་སྣང་བར་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་བྱ་གང་དང་། བྱ་གར་དང་། ནེ་ཙོ་དང་། བྱ་ཙ་ཤ་རྣམས་ལས་གང་ཡང་རུང་བ་གཅིག་གི་སྒོ་ངའི་ཤུན་ལྤགས་དང་། ཉ་རོ་ཧི་ཏའི་སྒོ་ངའི་ཤུན་ལྤགས་དང་། ཡུང་བ་དང་། པུ་ཙེ་ཤེལ་དང་། ཉ་མཁྲིས་རྣམས་
སྦྱར་བས་ཀྱང་ལུས་མི་སྣང་བར་བྱེད་དོ། །ཀྲྀཥྞ་བ་ལི་དང་། ཀུ་བེ་ར་དང་། ཀུ་བེ་ར་ཀྵི་རྣམས་ཆར་པའི་ཆུ་དང་བཏགས་པའི་རིལ་བུས་ལུས་བསྐུས་ན་རྒྱལ་པོའི་ཕོ་བྲང་དུ་འོངས་པ་དང་། སྐལ་བ་བཟང་པོ་དང་ལྡན་ཞིང་བཟའ་བ་དང་བཏུང་བ་དང་ལྡན་པར་འགྱུར་རོ། །ལུས་
མི་སྣང་བ་བསྒྲུབ་པ་ནི་ཞག་གསུམ་སྨྱུང་བ་བྱས་ཏེ། མར་གྱི་ངོ་ཞག་བཅུ་བཞི་ལ་ལུས་བསྐུ་བར་བྱའོ། །ཨ་ཤོ་ཨ་ཀ་དང་། སྤོ་ར་དང་། ཤ་བྷ་རའི་རྩ་བ་དང་། གཟེ་མ་དང་། འབྲས་དང་། རིམ་པ་འདི་དག་ནི་གདོན་གྱིས་མི་ཚུགས་པའི་སྦྱར་སྨན་ཡིན་ནོ། །གུར་
གུམ་དང་། རྒྱ་སྤོས་དང་། རུ་རྟ་དང་། སྤོས་དང་། ཀི་རི་ཀི་ར་ཎི་ནི་ཀ་དང་། ཨི་དྲ་བ་ནུ་ནིའི་རྩ་བ་དང་། ཨ་མྲྀ་ཏ་ལྔའི་འཇིམ་པ་རྣམས་ཀྱི་སྦྱར་སྨན་ནི་གདོན་གྱིས་འཇིགས་པ་ལ་ལུས་བསྐུ་བར་བྱའོ། །རིལ་བུའི་སྦྱོར་བ་ཐམས་ཅད་ནི་ཞག་གསུམ་སྨྱུང་བར་བྱས་ཏེ་མར་
གྱི་ངོ་ཞག་བཅུ་བཞི་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་དེས་འགྲུབ་པར་འགྱུར་རོ། །ལན་ཚྭ་ལས་དུག་མའི་གཟུགས་བྱས་ལ་དེའི་རྐང་པའི་དྲུང་དུ་སྦྱིན་སྲེག་བྱས་ཏེ་རོ་བསྲེགས་པའི་སོལ་བས་གཟུགས་བྲིས་ལ་འཇིམ་པ་ལས་རྡོ་རྗེ་བྱས་པས་བཀབ་ན་དབུགས་ཆད་པར་འགྱུར་
Vol. 95 · folio 231a
རོ། །དེ་ནས་བློ་གྲོས་རྡོ་རྗེ་མ་ཉི་ཚེའི་ཆོ་ག་བཤད་པར་བྱ་སྟེ། ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ལ་སྐུ་གདུང་དང་ལྡན་པའི་སྐུ་གཟུགས་བཞག་སྟེ། ཕོ་ཉ་མའི་རི་མོའི་གཟུགས་ཆོ་ག་བཞིན་དུ་ནུབ་ཕྱོགས་སུ་བསྟན་ནས་དེའི་མདུན་དུ་བ་ལང་གི་ལྕི་བའམ་
ས་དཀར་གྱིས་དཀྱིལ་འཁོར་སྐྱོང་ནུལ་གྱིས་བྱུགས་ལ་དེའི་སྟེང་དུ་གུར་གུམ་དང་ཙནྡན་དཀར་པོས་བྱུགས་ཏེ། ཙནྡན་དཀར་པོའམ་ཡུངས་ཀར་གྱིས་རྡོ་རྗེ་བྲིའོ། །དེའི་ཕྱོགས་གཅིག་ཏུ་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བར་བྱས་ལ། དེ་ནས་ལས་བརྩམ་པར་བྱ་སྟེ། དུས་
གསུམ་དུ་ཁྲུས་བྱེད་ཅིང་དུས་གསུམ་དུ་གོས་བརྗེ་བ་དང་། ཕྱི་རོལ་དུ་རྩྭ་དཱུར་བའི་སྟན་ལ་ཉལ་བ་དང་། གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པ་དང་། ཁ་ཟས་དུས་གཅིག་ཏུ་འོ་མ་དང་། འབྲས་སཱ་ལུའི་ཆན་བཟའ་ཞིང་དཀའ་ཐུབ་སྤྱོད་པས་ནང་དུ་ལྷ་བཤོས་
དབུལ་བར་བྱའོ། །གཏོར་མ་ཡང་ཏིལ་ཟན་དང་། འབྱུང་པོའི་ཟས་སྦྱིན་པར་བྱའོ། །བདུག་པ་ནི་བཅོམ་ལྡན་འདས་ལ་ཨ་ག་རུ་དབུལ་ལོ། །ལག་ན་རྡོ་རྗེ་ལ་ནི་གུ་གུལ་དང་། ཐང་ཆུ་དབུལ་ལོ། །བཅོམ་ལྡན་འདས་ལ་ནི་མེ་ཏོག་དྲི་ཞིམ་པོ་རྣམས་དབུལ་ལོ། །
ལག་ན་རྡོ་རྗེ་ལ་ནི་ཀ་ར་བཱི་ར་དམར་པོ་དབུལ་ལོ། །མཚན་མོ་ནི་མར་མེ་གཉིས་དབུལ་བར་བྱ་སྟེ། དུས་གསུམ་དུ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ལ་སྦྱིན་སྲེག་ཀྱང་བྱའོ། །མཇུག་ཏུ་ཞག་གསུམ་སྨྱུང་བར་བྱས་ནས་ཟླ་བ་ཉ་ལ་མཆོད་པ་རྒྱས་པར་བྱས་ཏེ། ནམ་
ཞིག་རང་བཞིན་གྱི་ཚུལ་གྱིས་འོང་བའམ། ཡང་ན་འོད་སྟོན་པའམ། ཡང་ན་རྨི་ལམ་ལེགས་པར་སྟོན་པའམ། ཡང་ན་གནོད་སྦྱིན་མོ་འམ། རིག་སྔགས་སམ། ཅི་འདོད་པ་ཐམས་ཅད་སྦྱིན་པར་འགྱུར་གྱི་བར་དུ་ཕོ་ཉ་མའི་བཟླས་བརྗོད་གྲངས་མེད་པར་བྱའོ། །བདུག་
པའི་གསང་སྔགས་ལ། ན་མོ་བ་ར་མུ་ནི་བ་ར་མུ་ནི་བ་ར་མུ་ནི་པྲ་ཏཱིཙྪ་མེ་བྷ་ག་ཏྱོ་པ་ནི་ཏཾ་པུ་ཥྤ་གནྡྷ་མཱ་ལྱེ་པ་ཧ་ར་མ་ཨི་ལི་མི་ལི་ལི་མེ། ཨི་ལི་མི་ལི་ལི་མེ་སྭཱ་ཧཱ། འདིས་དུས་གསུམ་དུ་དྲི་དང་། བདུག་པ་དང་། མེ་ཏོག་གི་ཕྲེང་བའི་མཆོད་པ་དབུལ་བར་
Vol. 95 · folio 231b
བྱའོ། །འདི་ནི་སྦྱིན་སྲེག་གི་སྔགས་ཏེ། །ན་མཿཨིནྡྲཱ་ཡ་སྭཱ་ཧཱ། ཡ་མཱ་ཡ་སྭཱ་ཧཱ། བ་རུ་ཎཱ་ཡ་སྭཱ་ཧཱ། ཨགྣ་ཡེ་སྭཱ་ཧཱ། པྲ་ཛ་བ་ཏ་ཡེ་སྭཱ་ཧཱ། བྷ་ག་བ་ག་ཏེ་སྭཱ་ཧཱ། བི་རཱུ་པཱཀྵ་ཡ་སྭཱ་ཧཱ། བཱ་ཡ་བེ་སྭཱ་ཧཱ། ཀུ་བེ་རཱ་ཡ་སྭཱ་ཧཱ། བཛྲ་པཱ་ཎ་ཡེ་སྭཱ་ཧཱ། ཛྭ་ལ་ཛྭ་ལ་མི་ལི་
ཏི་ཨི་ཏི་མི་རི་ཛཱུ་ཧི་རི་སྭཱ་ཧཱ། གསང་སྔངས་འདིས་ཨ་པ་མརྒ་དང་། ས་མི་དང་། ཤིང་འོ་མ་ཅན་གྱི་ཡམ་སྲེག་ཤིང་གི་སྲེག་བླུགས་སྣ་རེ་ཡང་བརྒྱད་བརྒྱ་བརྒྱད་བརྒྱ་ཞོ་དང་སྦྲང་རྩི་དང་མར་གྱི་ནང་དུ་སྨྱུགས་ཏེ་སྦྱིན་སྲེག་བྱས་ལ་དེའི་འོག་ཏུ་གྲངས་ངེས་པར་ཕོ་ཉ་མའི་བཟླས་བརྗོད་བྱའོ། །
གསང་སྔགས་འདིས་བཅིང་བར་བྱ་སྟེ། ན་མོ་མ་ལི་མ་ལི་མ་ཧཱ་མ་ལི། ཨི་ཏི་མི་ཏི། ཡེ་ཏྲ་བི་ཧ་རི་ཎི་ཧིཾ་སྲ་ནནྟི་ཤ་བནྡྷ། མཱ་ཛྙཱ་ན་པ་ཡ་ཏི་རཀྵ་མཾ་སརྦ་ཏྭ་ཏི། ཙི་ཧི་རི་ཀི་རི་སྭཱ་ཧཱ། ལན་བདུན་བཟླས་བརྗོད་བྱས་པའི་ཆུ་དང་སྐུད་པས་བྱའོ། །འདི་ནི་ལག་ན་རྡོ་རྗེ་སླར་གཏང་བའི་
སྔགས་ཏེ། ན་མཿཙི་ལི་ཙི་ལི་བཛྲ་པཱ་ཎི་སྭ་བྷཱ་བ་ནཱཾ་གཙྪ་པུ་ན་རཱ་ག་མ་ནཱ་ཡ། སུ་ན་པྲ་ཏི་ག་མ་ནཱ་ཡ་སྭཱ་ཧཱ། ཆུས་སླར་གཏང་བར་བྱའོ། །དེ་ལྟར་དེ་བསྒྲུབ་པ་ནི་འདོད་པ་ཐམས་ཅད་སྦྱིན་པར་འགྱུར་ཏེ། འདིས་བསྒྲུབས་ན་འདོད་པ་ཐམས་ཅད་སྦྱིན་པར་འགྱུར་ཏེ། མ་གྲུབ་ན་
ཡང་ལས་རྣམས་བྱང་བར་བྱེད་དོ། །གདོན་དབབ་པ་གཙུག་ཕུད་བཅིང་བ་ནི་ཆུས་བྱའོ། །གནོད་པར་བྱ་བ་ནི་ཤིང་ཤུན་ཐག་གུའམ། ཏ་ལའི་ལོ་མས་སྦྱིན་སྲེག་བྱའོ། །རྨི་ལྟས་ཀྱི་རིག་སྔགས་དང་བསྲུང་བའི་སྐུད་པ་ནི་ཡུངས་ཀར་དང་། ཆུ་དང་། ཐལ་བ་རྣམས་ཀྱིས་
བྱའོ། །དུག་ཞི་བར་བྱ་བ་ནི་བཟླས་བརྗོད་བྱའོ། །གདོན་བདུན་པོ་སྐྲག་པར་བྱ་བ་ལ་ནི་ལན་ཚྭའི་སྦྱིན་སྲེག་གིས་བྱའོ། །སྒོ་ལྕགས་དབྱེ་བ་དང་། གདོན་དབང་དུ་བྱ་བ་དང་། མིའི་གཙོ་བོ་དང་། མི་ཆེན་པོ་དབང་དུ་བྱ་བ་ནི་ཞག་བདུན་གྱི་བར་དུ་དུས་གསུམ་དུ་སྦྲང་རྩི་དང་།
མར་དང་། ཡུངས་ཀར་དང་། སེང་ལྡེང་གི་ཡམ་སྲེག་ཤིང་གིས་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་གིས་བྱ་སྟེ། དུས་གསུམ་དུ་ཁྲུས་བྱེད་ཅིང་གཙང་མས་གོས་གཙང་མ་བགོས་ནས་བྱའོ། །དེ་ལྟར་བྱས་ན་གནོད་སྦྱིན་མོའམ། དྲི་ཟ་མོའམ། སྲིན་མོ་ཡང་དབང་དུ་ཁུག་
Vol. 95 · folio 232a
པར་འགྱུར་རོ། །ཟླ་བ་གཅིག་གིས་ནི་འདོད་ཆགས་དང་བྲལ་བ་དང་། ཤི་བ་མ་གཏོགས་པར་སེམས་ཅན་ཐམས་ཅད་ཇི་ལྟ་ཇི་ལྟར་འདོད་པ་བཞིན་དུ་དབང་དུ་ཁུགས་པར་འགྱུར་རོ། །བློ་གྲོས་རྡོ་རྗེ་མའི་ཆོ་ག་གཉིས་པ་ནི་མར་གྱི་ངོ་ཞག་བརྒྱད་ལ་བརྩམས་ཏེ།
ཟས་སུ་འོ་མ་དང་འབྲས་ཆན་ཟ་ཞིང་ལག་ན་རྡོ་རྗེའི་མདུན་དུ་ཐབ་ཁུང་གྲུ་བཞི་པ་བྱས་ཏེ། །སེང་ལྡེང་གི་མེ་སྤར་ལ། །ཨུ་དུམ་བཱ་རའི་ཡམ་སྲེག་ཤིང་བརྒྱད་བརྒྱད་སྦྲང་རྩིའི་ནང་དུ་སྨྱུགས་པས་དུས་གསུམ་དུ་སྦྱིན་སྲེག་བྱའོ། །ཐབ་ཁུང་དུ་ཡང་རྩྭ་ཀུ་ཤས་བསྐོར་བར་བྱའོ། །ཡུངས་
ཀར་གྱིས་ཀྱང་བསྲུང་བར་བྱའོ། །སྣ་མའི་མེ་ཏོག་གིས་ཀྱང་སངས་རྒྱས་ཀྱི་གཟུགས་རྣམས་ལ་མཆོད་པར་བྱའོ། །སྣ་མའི་མེ་ཏོག་གིས་མཆོད་པ་བྱས་ནས་སྣ་མའི་མེ་ཏོག་གི་ཕྲེང་བ་ཡང་ཕྱག་དུ་དབུལ་ལོ། །ལག་ན་རྡོ་རྗེ་ལ་ཡང་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་མཚན་
མོ་ཀུ་རན་ཏས་ལེན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ལས་རྣམས་འགྲུབ་པར་འགྱུར་ཏེ། མེ་ཏོག་གི་ཕྲེང་བ་འབུལ་བར་འགྱུར་རོ། །དེ་ལྟར་འགྲུབ་པར་གྱུར་ན་ཕྱི་དེ་ཉིན་པར་མཆོད་པ་ཤིན་ཏུ་རྒྱས་པའོ། །དེ་ནས་རྡོ་རྗེ་བློ་གྲོས་མ་དེའི་བསྒྲུབ་པའི་ཆོ་ག་ཡིན་ཏེ། རས་མ་ཉམས་པ་ལ་ཚོན་
རྩི་སྦྱིན་མེད་པས་བློ་གྲོས་རྡོ་རྗེ་མ་པདྨའི་མདོག་འདྲ་མ་ལག་ན་པདྨ་ཐོགས་ཤིང་པདྨ་ལ་འདུག་པ་བྲིའོ། །དེ་ནས་ཞག་ལྔའི་བར་དུ་ནི་བ་གཅིན་དང་། ཕྱེའི་འདེ་གུ་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་པ་དང་། དུས་གསུམ་དུ་གོས་བརྗེ་བ་དང་། རྩྭ་དཱུར་བའི་སྟན་གྱི་སྟེང་དུ་ཉལ་
བར་བྱ་སྟེ། དུས་གསུམ་དུ་པདྨ་བརྒྱད་བརྒྱ་ལ་ལན་རེ་རེ་བཟླས་བརྗོད་བྱས་ཏེ་དབུལ་ལོ། །མཇུག་ཏུ་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། མཆོད་པ་ནི་རྒྱས་པར་བྱས་ནས་ལྷ་བཤོས་ཀྱང་ཕུལ་ལ་མཚན་མོ་པདྨོ་བརྒྱད་སྟོང་ཕུལ་ན་འགྲུབ་པར་འགྱུར་རོ། །འདོད་པ་ཐམས་
ཅད་སྦྱིན་པར་འགྱུར་རོ། །མཆོད་པ་ཡང་ཅི་འབྱོར་པས་བྱའོ། །འདི་ནི་བློ་གྲོས་རྡོ་རྗེ་མ་དེའི་ཆོ་ག་ཡིན་ནོ། །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཏི་བཛྲོ་བཛྲི་ནི། བཛྲ་བཛྲི་ནི་སྨ་ར་ས་མཱ་ཡཾ། བྷི་རི་བྷི་རི། ཀི་རི་ཀི་རི། བནྡྷ་བནྡྷ། ཀ་ལ་ཀ་ལ།
Vol. 95 · folio 232b
བ་ལ་བ་ལ། ར་ལ་ར་ལ། བཛྲེ། ཧ་ན་ཧ་ན་ཧ་ན། པ་ཙ་པ་ཙ་པ་ཙ། དཱུ་ཏི་བརྞ་ས་ཧ་སྲཾ་མེ་པྲ་ཡཙྪ་ཧུ་རུ་ཧུ་རུ། སིདྡྷ་ཤྩཎྜ་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཆོ་ག་ནི་ཡར་གྱི་ངོ་ཚེས་བཅུ་གསུམ་ལ་བརྩམས་ཏེ། གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པས་ཟས་མི་ཟ་བར་དུས་གསུམ་
དུ་ལས་བྱའོ། །བཅོམ་ལྡན་འདས་ལ་མེ་ཏོག་དྲི་ཞིམ་པོ་དང་། ཨ་ག་རུའི་བདུག་པ་དང་། ལྷ་བཤོས་དཀར་པོ་དང་མར་གྱི་མར་མེ་རྣམས་ཕུལ་ཏེ། ལག་ན་རྡོ་རྗེའི་ཞབས་དྲུང་དུ་ཨ་ཤ་ཀུ་རའི་སྐྱོང་ནུལ་གྱིས་དཀྱིལ་འཁོར་བྱུགས་ཏེ། དེར་གུར་གུམ་མམ། ཙནྡན་དམར་
པོས་རྡོ་རྗེ་བྲིའོ། །ལག་ན་རྡོ་རྗེ་དང་། རྡོ་རྗེ་ལ་ཡང་གུར་གུམ་དང་། ཙནྡན་དང་། མེ་ཏོག་དམར་པོ་དང་། ལྷ་བཤོས་དམར་པོ་དང་། སེར་པོ་དང་། དཀར་པོ་དང་། མར་གྱི་མར་མེ་རྣམས་དབུལ་ཞིང་། དུས་གསུམ་དུ་ཁྲུས་བྱས་ཏེ་ལས་དང་མཆོད་པ་བྱའོ། །དེ་ནས་
རྡོ་རྗེའི་དྲུང་དུ་སྣོད་སར་པའམ། ཁམ་ཕོར་སར་པའི་ནང་དུ་མེ་སྦར་ཏེ། གུ་གུལ་གྱི་རིལ་བུ་བརྒྱད་བརྒྱ་ལ་ལན་རེ་རེ་བཟླས་བརྗོད་བྱས་པས་སྦྱིན་སྲེག་བྱ་སྟེ། ཞག་གསུམ་སྨྱུང་བར་བྱས་ནས། ཟླ་བ་ཉ་ལ་ལན་བརྒྱད་སྟོང་བྱའོ། །དེའི་མཇུག་ཏུ་དངོས་གྲུབ་ཀྱི་རྟགས་གཡོ་བར་འགྱུར་
ཏེ། ཟླ་བ་དྲུག་ཚང་ནས་འབྲས་བུ་ཡོད་པར་འགྱུར་རོ། །དེ་ནས་བློ་གྲོས་རྡོ་རྗེ་མའི་ཆོ་ག་ཐ་དད་པར་བཤད་དེ་ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ཏེ། ཟས་སུ་དཀར་གསུམ་ཟ་ཞིང་། ལིག་བུ་མིག་གམ། ལྡོང་རོས་ལས་ཞོ་གཉིས་གཉིས་སམ། སྲང་རེ་རེ་བླངས་ཏེ་བཟླས་བརྗོད་
བྱས་ཏེ། དུས་གསུམ་དུ་ཁྲུས་བྱེད་ཅིང་། དུས་གསུམ་དུ་གོས་བརྗེ་བ་དང་། རྩྭ་དཱུར་བའི་སྟན་ལ་ཉལ་ཞིང་དུས་གསུམ་དུ་བརྒྱད་བརྒྱ་བཟླས་བརྗོད་བྱས་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ལ་མཇུག་ཏུ་ཞག་གསུམ་སྨྱུང་བར་བྱས་ཏེ། ཟླ་བ་ཉ་ལ་ཡང་བཅོམ་ལྡན་
འདས་དང་། ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ནས་ལིག་བུ་མིག་དང་ལྡོང་རོས་ཨ་ཤྲཏྠའི་ལོ་མ་བཞིའི་སྟེང་དུ་བཞག་ལ། གསུམ་གྱིས་བཀབ་ནས་ལག་པ་གཡས་པས་མནན་ཏེ། གཡོན་པས་ཙནྡན་དམར་པོའམ། བེ་ཀངྐ་ཏའམ། གྲོག་མཁར་གྱིས་ལས་བྱས་པའི་
Vol. 95 · folio 233a
རྡོ་རྗེ་སྲིད་དུ་སོར་བརྒྱད་ཡོད་པ་རྩེ་ལྔ་པ་བླངས་ཏེ་བསྲུང་བ་བྱས་ཤིང་ཆོ་ག་བཞིན་དུ་ལྷ་བཤོས་ཕུལ་ནས་དངོས་གྲུབ་འགྲུབ་པའི་གནས་གང་ཡིན་པར་ཉི་མའམ་ཟླ་བ་ལ་གཟའ་འཇུག་པའི་ཚེ། ནམ་དྲོ་བར་འགྱུར་བའི་དུད་པ་འཐུལ་བའམ་འབར་བར་གྱུར་གྱི་བར་དུ་བཟླས་
བརྗོད་བྱའོ། །མཆོད་རྟེན་གྱི་དྲུང་ངམ་སྐུ་གཟུགས་སམ། བྱང་ཆུབ་ཀྱི་ཤིང་དྲུང་དུ་བ་མར་སྲང་གཅིག་གསེར་རམ་དངུལ་ལམ། ཟངས་ཀྱི་སྣོད་དུ་བཞག་སྟེ། བཅོམ་ལྡན་འདས་དང་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ཏེ། ཟླ་བ་མི་མཐོང་བར་རྩྭ་དཱུར་བས་བཙུགས་ཏེ།
བཟླས་བརྗོད་བྱས་ལ་དྲོ་བར་གྱུར་ནས་འཐུངས་ན་འཇིག་རྟེན་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །དབུ་བ་བྱུང་ནས་འཐུངས་ན་ནི་ཐོས་པ་འཛིན་པར་འགྱུར་རོ། །དུད་པ་འཐུལ་ནས་འཐུངས་ན་ནི་ལུས་མི་སྣང་བར་འགྱུར་རོ། །འབར་བར་གྱུར་ནས་འཐུངས་ན་ནམ་མཁའ་ལ་
རྒྱུ་བར་འགྱུར་ཏེ། དངོས་གྲུབ་ཆེན་པོ་ཡིན་ནོ། །དེ་ནས་ནོར་བསྒྲུབ་པ་འབྱུང་སྟེ། ཙནྡན་དམར་པོ་ལས་བློ་གྲོས་རྡོ་རྗེ་མའི་གཟུགས་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། དེའི་ལག་པ་གཡས་པ་ན་པདྨ་ཐོགས་པ། གཡོན་པ་ན་རྡོ་རྗེ་ཐོགས་པར་བྱས་ཏེ། གཙང་
མའི་ཕྱོགས་སུ་གྲོག་མཁར་གྱི་ས་ལས་སྟེགས་བུ་སོར་བརྒྱད་པ་བྱས་ནས་དེར་ཁ་ནུབ་ཕྱོགས་སུ་བསྟན་ཏེ་བཞག་ལ། ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བར་བྱས་ནས་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བར་བྱས་པའི་ནང་དུ་བ་ལང་གི་ལྕི་བས་མེ་སྤར་ཏེ། དགང་བླུགས་ཕུལ་ལ་
ཙནྡན་དམར་པོའི་ཕྱེ་མ་སྦྲང་རྩི་དང་མར་དང་སྦྱར་བའི་སྲེག་བླུགས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་རོ། །དེ་ནས་ཟ་གཅིག་པ་བྱས་ཏེ། གཙང་མ་བཟླས་བརྗོད་བྱས་ལ་བརྩོན་པས་དུས་མཚམས་ཀྱི་དུས་སུ་བ་ལང་གི་རྨིག་པ་མར་གྱིས་བཀང་བས་རྩྭ་དཱུར་
བ་དང་བཅས་པར་སྦྱིན་སྲེག་བྱས་ནས་ལན་བརྒྱད་བརྒྱ་བཟླས་བརྗོད་བྱའོ། །ཉིན་གཅིག་བཞིན་དུ་དེ་བཞིན་བྱས་ནས་བ་ལང་གི་རྨིག་པ་ཇི་སྙེད་ཅིག་སྦྱིན་སྲེག་བྱས་པ་རྨིག་པ་རེ་རེ་ཞིང་བ་ལང་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །མ་ཧེ་དང་ར་ཡང་དེ་དང་འདྲའོ། །ཡང་ན་
Vol. 95 · folio 233b
འབྲས་མ་བརྡུངས་པ་མར་དང་སྦྱར་བའི་ཡུལ་མ་ག་དྷཱའི་བྲེ་ཚད་གཅིག་ཙམ་གྱི་སྲེག་བླུགས་ཆོ་ག་གོང་མ་བཞིན་ཞག་བདུན་སྦྱིན་སྲེག་བྱས་ལ་བརྒྱད་བརྒྱ་རྫོགས་ཤིང་དགང་བླུགས་ཕུལ་ན་ཉིན་རེ་ཞིང་བྲེ་རེ་རེ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་འབྲུ་ཐམས་ཅད་དབུལ་བར་བྱ་སྟེ། དཱུར་བའི་
མྱུ་གུ་སྦྱིན་སྲེག་བྱའོ། །མར་འཐུང་བར་འདོད་པས་ནི་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བར་བྱས་ཏེ། །གུ་གུལ་སྲང་གཅིག་སེང་ལྡེང་གི་ཐང་ཆུ་དང་བཅས་པ་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ནས་མར་དང་སྦྱར་ཏེ། འཐུངས་ན་ནད་ཐམས་ཅད་མེད་པར་འགྱུར་
རོ། །ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ཡུངས་ཀར་སྲང་གཅིག་ཨ་ཤྭཏྠའི་ལོ་མ་བཞིའི་སྟེང་དུ་བཞག་ནས་གསུམ་གྱིས་བཀབ་སྟེ། ལག་པས་མནན་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་ལས་ཐམས་ཅད་དང་འཇིགས་པ་ཐམས་ཅད་དང་། ཅི་ཡང་རུང་བ་ཐམས་ཅད་ལ་
མགོ་བོར་གདགས་པར་བྱའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་སྐུད་པ་ནག་པོ་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་མདུད་པ་བོར་ན་འཇིགས་པ་ཐམས་ཅད་བསྲུང་བ་རྣམས་ལ་སུ་ཡང་འགལ་བར་མི་བྱེད་དོ། །རིག་སྔགས་ཞུ་དག་པར་འདོད་ན་ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ཏེ།
ཟས་སུ་དཀར་གསུམ་ཟོས་ལ་རིག་སྔགས་ཞུ་དག་པར་འདོད་པ་དེ་གྲོ་ག་ལ་བྲིས་ནས་སྨྱུ་གུ་དང་སྣག་ཚ་དང་བཅས་པར་བུམ་པ་སར་པའི་ནང་དུ་གཞུག་གོ། །དེ་ཡང་བུམ་པ་མི་གནག་ཅིང་རྩ་བ་མེད་པའི་ནང་དུ་གཞུག་པར་བྱའོ། །མར་གྱི་མར་མེ་ཡང་སྦྱར་ལ་ལྷ་བཤོས་སུ་ཁུ་
བཅུད་དབུལ་བར་བྱའོ། །དེ་ནས་དུས་གསུམ་དུ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱེད་ཅིང་ཐང་ཆུའི་བདུག་པ་བསྲེགས་ལ། གཙང་མས་གོས་གཙང་མ་བགོས་ནས་དེ་ཉིད་ཀྱི་དྲུང་དུ་ས་ལ་ཉལ་བར་བྱའོ། །མཇུག་ཏུ་ཟ་མ་བཞི་སྨྱུང་བར་བྱས་ལ་ཟླ་བ་ཉ་ལ་མཆོད་པ་ཤིན་ཏུ་རྒྱས་པར་བྱས་
ཏེ། གྲངས་ངེས་པ་མེད་པས་བཟླས་བརྗོད་བྱས་ལ་ཚེས་བཅུ་དྲུག་ལ་ཁ་ཕྱེ་ན་ཐམས་ཅད་ཞུ་དག་པར་འགྱུར་རོ། །ཡང་ན་ལས་ཐམས་ཅད་ལ་རྡོ་རྗེ་ལག་ཏུ་བླངས་ཏེ་སྔར་བསྙེན་པ་བྱའོ། །བློ་གྲོས་རྡོ་རྗེ་མའི་ཆོ་ག་རྫོགས་སོ།། །།དེ་ནས་རྡོ་རྗེ་ནག་མོའི་ཆོ་
Vol. 95 · folio 234a
ག་བཤད་པར་བྱ་སྟེ། རས་མཉམས་པ་ལ་ཚོན་རྩི་སྦྱིན་མེད་པས་བཅོམ་ལྡན་འདས་ཀྱི་གཟུགས་འདྲིར་གཞུག་སྟེ། གཡོན་ལོགས་སུ་ནི་ལག་ན་རྡོ་རྗེ་བྲིའོ། །གཡས་ཕྱོགས་སུ་ཕོ་ཉ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བ་བྲིའོ། །
དེ་ནས་སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ་སྐུ་གཟུགས་ཀྱི་དྲུང་དུ་རས་ཀྱི་སྐུ་གཟུགས་ཁ་ནུབ་ཕྱོགས་སུ་བསྟན་ནས། དེའི་མདུན་དུ་དཀྱིལ་འཁོར་བ་ལང་གི་ལྕི་བའི་སྐྱོང་ནུལ་གྱིས་བྱུགས་ལ་དེའི་སྟེང་དུ་མཆོད་པ་བྱ་ཞིང་དེའི་སྟེང་དུ་དྲིས་ཀྱང་བྱུགས་ཏེ་དེའི་སྟེང་དུ་ཡུངས་ཀར་ལས་
སྟེགས་བུ་རྡོ་རྗེའི་དབྱིབས་འདྲ་བ་བྱས་ནས་དེའི་སྟེང་དུ་ཙནྡན་དམར་པོ་ལས་བྱས་པའི་རྡོ་རྗེ་ཤར་ཕྱོགས་སུ་བསྟན་ཏེ་གཞག་གོ། །བཅོམ་ལྡན་འདས་དང་ལག་ན་རྡོ་རྗེ་ལ་ཡང་མཆོད་དེ། དུས་གསུམ་དུ་ཀ་ར་བཱི་ར་དམར་པོའི་མེ་ཏོག་བརྒྱད་བརྒྱ་ལ་ལན་རེ་རེ་བཟླས་བརྗོད་བྱས་པས་རྡོ་
རྗེ་ལ་བསྣུན་པར་བྱའོ། །དེའི་མཇུག་ཏུ་ཟ་མ་བཞི་སྨྱུང་བ་བྱས་ལ་ཟླ་བ་ཉ་ལ་མཆོད་པ་ཤིན་ཏུ་རྒྱས་པ་བྱས་ཏེ། གཏོར་མ་ལ་སོགས་པ་ཡང་བྱས་ནས་མར་གྱི་མར་མེ་གཉིས་སྤར་ལ། ལྷག་མ་ནི་ཅི་འབྱོར་པས་བྱ་སྟེ། ནམ་དངོས་གྲུབ་ཀྱི་རྟགས་འོད་སྟོན་པའམ། རང་བཞིན་
གྱི་ཚུལ་གྱིས་འོང་བའམ། བཅོམ་ལྡན་འདས་ལ་ཕུལ་བའི་མར་མེ་མེ་ལྕེ་ཆེན་པོར་གྱུར་པའམ། རྨི་ལམ་དུ་སྟོན་པར་གྱུར་གྱི་བར་དུ་རྡོ་རྗེ་ལ་བསྣུན་ན་དེ་ནས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །མིའི་གཙོ་བོའམ་མི་ཆེན་པོ་སྐྱེས་བུའི་ཁྱད་པར་འདི་གཉིས་དབང་
དུ་བྱ་བར་འདོད་ན་ཡར་གྱི་ངོ་ཚེས་བརྒྱད་ལ་བརྩམས་ཏེ་གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པས་ཟས་སུ་དཀར་གསུམ་བཟའ་ཞིང་སྦྱིན་སྲེག་བྱ་སྟེ། བཻ་ཀངྐ་ཏའི་བུད་ཤིང་ངམ། དེ་མ་རྙེད་ན་པ་ལ་ཤའི་བུད་ཤིང་གིས་མེ་སྤར་ནས་སྦྲང་རྩི་དང་། མར་དང་ལན་ཚྭས་
སྦྱིན་སྲེག་བྱས་ན་མིའི་གཙོ་བོའམ་མི་ཆེན་པོ་དབང་དུ་འགྱུར་རོ། །དུས་གསུམ་དུ་ཡུངས་ཀར་མར་དང་སྦྱར་བའི་སྦྱིན་སྲེག་བྱ་བ་ནི་ལྷག་པར་ཡང་གཙུག་ནས་བྱུང་བའི་ཆོ་གའི་ཁྱད་པར་གྱི་ཐབས་ཡིན་ནོ། །རྡོ་རྗེ་ནག་མོའི་ཆོ་ག་རྫོགས་སོ།། །།
Vol. 95 · folio 234b
གཞན་གྱིས་མི་ཐུབ་པའི་ཆོ་ག་ལས་གདོན་ཐམས་ཅད་དབབ་པ་དང་། བཙས་པ་ཟ་བ་དང་གྲུལ་བུམ་བསལ་བ་དང་། མདངས་འཕྲོག་པ་དང་། གནོད་སྦྱིན་དང་འབྱུང་པོ་དང་སྲིན་པོ་དང་ཤ་ཟ་དང་ཡི་དགས་ལ་སོགས་པ་བསལ་བ་དང་གཞིག་པར་བྱ་བ་ནི། ཨི་རཎྜའི་ཤིང་གིས་མེ་
སྤར་ལ། །ཨེ་རཎྜའི་ཡམ་སྲེག་ཤིང་དང་ཡུངས་ཀར་མར་དང་སྦྱར་བས་ཅིག་ཤར་སྦྱིན་སྲེག་བྱའོ། །གདོན་གྱིས་མ་རུངས་པར་བྱས་པ་ལ་ནིམ་པའི་ཡམ་སྲེག་ཤིང་གིས་བྱའོ། །དབབ་པ་ལ་ནི་སེང་ལྡེང་གི་ཡམ་སྲེག་ཤིང་གིས་བྱ་སྟེ། །ཁྲག་གི་སྦྱིན་སྲེག་བྱའོ། །དེ་ནས་
གདོན་ཁུས་འདེབས་ཤིང་གཏོར་བ་དང་འཕོ་བར་འགྱུར་རོ། །འབྱུང་པོའི་ཟས་ཀྱིས་ནི་སྤྱིར་ཡང་འབེབས་པར་འགྱུར་རོ། །གསང་བ་པ་དང་ཀླུ་ནི་ཟླ་བ་ཕྱེད་ཀྱིས་དབང་དུ་འགྱུར་རོ། །གནོད་སྦྱིན་མོ་ནི་ཞག་བདུན་གྱིས་སོ། །སྐྱེས་པ་ནི་ཞག་གསུམ་གྱིས་སོ། །བུད་མེད་ནི་ཟ་
མ་བཞེས་དབང་དུ་འགྱུར་ཏེ། འདི་ལྟར་སྣ་མའི་མེ་ཏོག་དང་བེ་ཀངྐ་ཏའི་ཡམ་སྲེག་ཤིང་སྦྲང་རྩི་དང་མར་གྱི་ནང་དུ་སྨྱུགས་པས་སྦྱིན་སྲེག་བྱས་ལ་དུས་གསུམ་དུ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་བདག་བསྲུང་བར་བྱའོ། །སེམས་ཅན་ཐམས་ཅད་ཁ་བཅིང་བར་བྱ་བ་ནི་མང་
པོ་ཡང་རུང་། གཅིག་ལ་ཡང་རུང་། སྲད་བུ་ལ་མདུད་པ་བྱས་ཏེ་བཟླས་བརྗོད་ལན་བརྒྱད་བརྒྱ་དང་མདུད་པ་ལན་བརྒྱད་བརྒྱ་བྱའོ། །གཞིག་པ་ལ་ནི་ལན་ཚྭས་བྱའོ། །གདོན་གཞོམ་པ་ནི་ནིམ་པའི་ཡམ་སྲེག་ཤིང་གིས་བྱ་སྟེ། ཆོ་ག་སྔ་མ་བཞིན་དུ་བྱའོ། །རས་སྔོན་པོ་ལ་ལན་
བདུན་བཟླས་བརྗོད་བྱས་ཏེ་རོ་སྨད་དུ་བཅིངས་ན་སུས་ཀྱང་མི་ཐུབ་པའི་རྒྱན་དུ་འགྱུར་རོ། །དེ་བཞིན་དུ་གཡུལ་འགྱེད་པ་དང་། འཁྲུག་པ་དང་། འཐབ་པ་དང་། རྩོད་པ་ཐམས་ཅད་ལ་བསྲུང་བའི་ཕྱིར་བཅིངས་ན་རྒྱལ་ཞིང་ཐེབས་པར་འགྱུར་རོ། །དུར་ཁྲོད་དུ་ལས་བྱ་བ་
རྣམས་དང་། ཞི་བར་བྱ་བ་དང་རྒྱས་པར་བྱ་བ་དང་། གདོན་དགུག་པ་དང་། དམ་ཚིག་འཛིན་དུ་གཞུག་པར་བྱ་བ་ལ་ནི་ཆོ་ག་བཞིན་དུ་བཟླས་བརྗོད་དང་། རྡོ་རྗེའི་ཕྱག་རྒྱས་བྱའོ། །རྨི་ལམ་དུ་སྟོན་དུ་གཞུག་པ་ལ་ནི་གཙུག་ཕུད་དང་རས་ཀྱི་ཚར་ཚར་རམ་ཆོས་གོས་ཀྱི་གྲྭ་ལ་ལན་
Vol. 95 · folio 235a
བདུན་བཟླས་བརྗོད་བྱས་ཏེ་མདུད་པ་བྱའོ། །གཞན་གྱིས་མི་ཐུབ་པའི་ཆོ་ག་རྫོགས་སོ།། །།རིག་སྔགས་ཐམས་ཅད་ཀྱི་སྤྱིའི་ཆོ་ག་བཤད་པར་བྱ་སྟེ། ས་གཞི་མདོག་སྡུག་ཅིང་གསེག་མ་དང་རུས་པ་དང་། སྲོག་ཆགས་ཀྱི་གནས་མེད་པར་བཀྲ་ཤིས་
པའི་ཕྱོགས་སུ་མར་གྱི་ངོ་ཞག་བརྒྱད་ལས་ཡོངས་སུ་སྦྱང་བ་བརྩམས་ནས་དཀྱིལ་འཁོར་ཁྲུ་བཅུ་དྲུག་གྲུ་བཞི་པ་བྱས་ནས། མར་གྱི་ངོ་ཞག་བཅུ་བཞི་ལ་ཚོན་རྩི་སྣ་ལྔས་བྲི་བར་བྱ་སྟེ། སྒོ་བཞི་གདོད་པར་བྱའོ། །ཚོན་རྩི་འབྱུང་ཁུངས་ནས་བྱུང་བའི་ཚོན་གྱིས་བྲི་བར་བྱ་སྟེ། དཀྱིལ་འཁོར་གྱི་
དབུས་སུ་ལག་ན་རྡོ་རྗེ་གནས་པའི་སྟེགས་བུ་བྱས་ལ་དེའི་ཕྱོགས་གཅིག་ཏུ་གུར་གུམ་གྱིས་རྡོ་རྗེ་སོར་བརྒྱད་ཙམ་བྲིའོ། །དེའི་སྟེང་དུ་ཡང་ཡུངས་ཀར་གྱིས་རྡོ་རྗེ་བྱའོ། །དེའི་སྟེང་དུ་ཡང་ཙནྡན་དམར་པོ་ལས་རྡོ་རྗེ་སོར་བརྒྱད་པ་བྱས་ལ་གཞག་གོ། །དཀྱིལ་འཁོར་གྱི་ཕྱི་རོལ་ཤར་ཕྱོགས་ཀྱི་སྒོར་ནི་རྡོ་རྗེ་དང་འཁོར་
ལོ་གཞག་གོ་ལྷོ་ཕྱོགས་སུ་ནི་རྡོ་རྗེ་དང་དབྱུག་པ་གཞག་གོ། །ནུབ་ཕྱོགས་སུ་ནི་རྡོ་རྗེ་དང་ཞགས་པ་གཞག་གོ། །བྱང་ཕྱོགས་སུ་ནི་རྡོ་རྗེ་དང་བེ་ཅོན་གཞག་གོ། །དཀྱིལ་འཁོར་ཟླུམ་པོའི་ནང་དུ་ཕྱོགས་བཞི་ནས་རྡོ་རྗེ་ཐམས་ཅད་གཞག་གོ། །དེ་དག་གི་ཕྱི་རོལ་དུ་ཁྲུ་གང་ཙམ་གྱིས་དཔག་སྟེ།
དཀྱིལ་འཁོར་གྱི་མཚམས་ཀྱིས་བསྐོར་ནས་ཚེས་གཅིག་ལ་བརྩམས་ཏེ་བསྒྲུབ་པར་བྱའོ། །སྒོ་བཞིར་ནི་བུམ་པ་མི་གནག་ཅིང་རྩ་བ་མེད་པ་བཞི་འོ་མས་བཀང་སྟེ་གཞག་གོ། །ཉིན་གཅིག་བཞིན་དུ་མཚན་མོ་མར་གྱི་མར་མེ་ཡང་དབུལ་ལོ། །ལྔ་པ་སྟེ་ལག་ན་རྡོ་རྗེ་དང་བཅོམ་ལྡན་
འདས་ལ་ཡང་དབུལ་ལོ། །སྟེགས་བུ་དེར་སྐུ་གདུང་དང་ལྡན་པའི་སྐུ་གཟུགས་བཞག་ལ་དེའི་མདུན་དུ་ལྷ་དང་རྡོ་རྗེ་དྲི་ཐམས་ཅད་ཀྱིས་ལེགས་པར་བྲི་བར་བྱ་སྟེ་ཁྲུ་གང་ཚུན་དུ་བྱའོ། །དེའི་ཕྱོགས་གཅིག་ཏུ་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བར་བྱས་ལ་དེར་ཤིང་འོ་མ་ཅན་གྱི་ཡམ་སྲེག་ཤིང་
གིས་མེ་སྤར་ཏེ་དགང་བླུགས་ཕུལ་ནས། ཞོ་དང་སྦྲང་རྩི་དང་། འོ་མ་དང་། ཡུངས་ཀར་གྱིས་སྦྱིན་སྲེག་བྱས་ལ་དེ་ནས་བཟླས་བརྗོད་ལན་བརྒྱད་སྟོང་བྱའོ། །ཟས་སུ་འོ་མ་དང་ཕྱེའི་འདེ་གུ་ཟ་ཞིང་དུས་གསུམ་དུ་བདུག་པ་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པས་མཆོད་དེ་དུས་གསུམ་དུ་གོས་
Vol. 95 · folio 235b
བརྗེ་བ་དང་། མི་སྨྲ་བ་བསྒྲུབ་པར་བྱའོ། །དེའི་མཇུག་ཏུ་ཞག་གསུམ་སྨྱུང་བ་བྱས་ཏེ། ཟླ་བ་ཉ་ལ་མཆོད་པ་རྒྱས་པར་བྱས་ནས་བསྒྲུབ་ཅིང་ལག་པས་རྡོ་རྗེ་མནན་ཏེ་ནམ་དྲོ་བར་གྱུར་པ་དང་། དུད་པ་འཐུལ་བ་དང་། འབར་བར་གྱུར་པ་དང་། ནམ་མཁའ་ལ་འཕགས་པར་གྱུར་གྱི་བར་དུ་བཟླས་
བརྗོད་བྱའོ། །དེ་ནས་བླངས་ན་ལག་ན་རྡོ་རྗེ་དང་མཐུ་མཉམ་པར་འགྱུར་ཏེ་ཚེ་བསྐལ་པར་ཐུབ་ཅིང་མངོན་པར་ཤེས་པ་ལྔ་དང་ལྡན་ལ། དམོད་པ་འདོར་བ་དང་། ཕན་འདོགས་ནུས་པར་འགྱུར་རོ། །སྨྱུང་བར་འདུག་པའི་ཉིན་མོ་ནི་རྟག་ཏུ་མནན་ཏེ་བཟླས་བརྗོད་བྱའོ། །ལག་ན་རྡོ་རྗེ་དང་འཇིག་
རྟེན་སྐྱོང་བ་རྣམས་ལ་ཡང་ཕྱོགས་ཐམས་ཅད་ཀྱང་ལྷ་བཤོས་རྒྱས་པ་དབུལ་ལོ། །སྒོ་རེ་རེར་ཡང་མར་གྱི་མར་མེ་གཉིས་དབུལ་ལོ། །ནང་དུ་མར་གྱི་མར་མེ་བཞི་དབུལ་ལོ། །ཐོག་མ་ནི་དཀྱིལ་འཁོར་གྱི་གནས་བ་ལང་གི་ལྕི་བས་སྐྱོང་ནུལ་བྱུགས་ལ་དྲི་བྱུགས་ནས་གདོད་བྲི་བར་བྱའོ། །འདི་ནི་ཕོ་ཉ་མ་ཐམས་
ཅད་ཀྱི་རྡོ་རྗེ་བསྒྲུབ་པ་སྤྱིའི་ཆོ་ག་ཡིན་ཏེ་ལས་ཐམས་ཅད་ཀྱང་ལས་ཀྱི་རྡོ་རྗེ་ལག་ན་ཐོགས་པར་བྱའོ། །དེ་ནས་མེ་ཏོག་གི་ཆུན་པོ་འགུལ་བར་འགྱུར་རོ། །དེ་ལྟར་གྲུབ་ནས་ཕྱི་དེ་ཉིན་པར་མཆོད་པ་ཤིན་ཏུ་རྒྱས་པར་བྱའོ། །བློ་གྲོས་རྡོ་རྗེ་མ་བསྒྲུབ་པའི་ཆོ་ག་གསུམ་པ་ནི་རས་མཉམས་པ་ལ་ཚོན་
རྩི་སྦྱིན་མེད་པས་བློ་གྲོས་རྡོ་རྗེ་མ་པདྨའི་མདོག་ཅན་ལག་ན་པདྨ་ཐོགས་ཤིང་པདྨ་ལ་འདུག་པ་བྲིའོ། །དེ་ནས་ཞག་ལྔའི་བར་དུ་བ་གཅིན་དང་། ཕྱེའི་འདེ་གུ་ཟ་ཞིང་དུས་གསུམ་དུ་ཁྲུས་བྱ་ཞིང་དུས་གསུམ་དུ་གོས་བརྗེ་བ་དང་། རྩྭ་དཱུར་བའི་སྟན་ལ་ཉལ་བས་དུས་གསུམ་དུ་པདྨ་བརྒྱད་བརྒྱ་ལ་ལན་
རེ་བཟླས་བརྗོད་བྱས་ཏེ་དབུལ་ལོ། །ཟླ་བ་ཉ་ལ་ཉིན་མཚན་དུ་སྨྱུང་བར་བྱས་ཏེ་མཆོད་པ་རྒྱས་པར་བྱས་ནས་ལྷ་བཤོས་ཀྱང་ཕུལ་ལ་ནུབ་གསུམ་པདྨ་བརྒྱད་སྟོང་ཕུལ་ན་འགྲུབ་པར་འགྱུར་རོ། །འདོད་པ་ཐམས་ཅད་སྦྱིན་པར་འགྱུར་རོ། །བློ་གྲོས་རྡོ་རྗེ་མའི་ཆོ་ག་རྫོགས་སོ།། །།ན་མོ་
རཏྣ་ཏྲ་ཡཱ་ཡ། ན་མོ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ནི་རི་ནི་རི། པཱ་ཤྱེ་བཱ་ཤྱེ་ནེ་སྭཱ་ཧཱ། འདི་ཕོ་ཉ་མ་ལྟ་བ་མ་ཞེས་བྱ་བ་སྟེ། འདི་ནི་ལས་ཐམས་ཅད་རྒྱས་པར་བཤད་པར་བྱའོ། །གསལ་སྣང་གི་ཆོ་ག་བྱ་བར་འདོད་ན་ནི་རི་མོའི་གཟུགས་ཀྱི་མདུན་དུ་དཀྱིལ་འཁོར་སྐྱོང་ནུལ་གྱིས་བྱུགས་ཏེ།
Vol. 95 · folio 236a
བདུག་པ་དང་། མེ་ཏོག་དང་དྲི་ཕུལ་ནས་བུ་མོ་གཞོན་ནུས་བཀལ་བའི་སྐུད་པ་ཕྲ་མོ་ཉིས་བལྟབ་ཏུ་བྱས་པ་སོར་བཞི་པ་གཉིས་བྱས་ལ། དེ་ནས་ལན་བདུན་བཟླས་བརྗོད་བྱས་ཏེ་དཀྱིལ་འཁོར་དེའི་སྟེང་དུ་བཞག་ལ་དེ་ནས་རིག་སྔགས་བརྗོད་པར་བྱ་སྟེ། འདི་སྐད་དུ་ཅི་སྟེ་དོན་འདི་
འགྲུབ་པ་ལྟ་ན་གཅིག་ལ་གཅིག་འཁྲི་བར་གྱུར་ཅིག །མི་འགྲུབ་པ་ལྟ་ན་སོ་སོར་གྱེས་པར་གྱུར་ཅིག་ཅེས་བྱའོ། །དེ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལྟས་སྟོན་པར་འགྱུར་ཏེ། གཙང་ཞིང་ཚངས་པར་སྤྱོད་པ་དང་། སྨྱུང་བར་བྱས་པས་བྱའོ། །སྐྱེས་པ་དང་བུད་མེད་དབང་དུ་བྱ་བར་འདོད་ན་
དེའི་མིང་དང་ལྡན་པར་རིག་སྔགས་བརྗོད་པར་བྱ་སྟེ། མ་ད་ནའི་ཤིང་ལས་གཟུགས་བྱས་ནས་ཚ་བ་གསུམ་གྱིས་བཀང་ལ་ཚིགས་བདུན་དུ་མ་ད་ནའི་ཚེར་མ་བདུན་གྱིས་བཏབ་ནས། ཟངས་ཀྱི་ཐུར་མ་རྐུབ་ཏུ་བཙུགས་ཏེ་སྤྱི་བོར་ཕྱུང་ལ་སེང་ལྡེང་གི་མདག་མའི་དུགས་ཀྱིས་བདུག་ཅིང་། ཞག་
བདུན་གྱི་བར་དུ་ཁ་ཤར་ཕྱོགས་སུ་བསྟན་ཏེ་དུས་གསུམ་དུ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ནས་མཇུག་ཏུ་ལན་སྟོང་བྱས་ན་འགྲུབ་པར་འགྱུར་རོ། །དེ་ནས་གཞིག་པར་འདོད་ན་ཡུངས་ནག་གི་འབྲུ་ལས་གཟུགས་བྱས་ལ་རྐང་པ་གཡས་པ་ནས་བརྩམས་ཏེ། སེང་ལྡེང་གི་མེའི་ནང་དུ་དུས་
གསུམ་དུ་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་འཇིག་པར་འགྱུར་རོ། །དེ་ནས་མར་གྱི་ངོ་ཞག་བརྒྱད་ལ་གསོ་སྦྱོང་དང་ལྡན་པས་རོ་བསྲེགས་པའི་སོལ་བ་བླངས་ཏེ། ལན་བརྒྱད་སྟོང་བཟླས་བརྗོད་བྱས་ནས་དགྲའི་གཟུགས་བྲིས་ལ་རྟག་ཏུ་མགོ་བོ་དང་། སྙིང་ག་དང་ལག་པ་གཉིས་དང་། རྐང་པ་
གཉིས་སུ་ལྕགས་ཀྱི་ཕུར་བུ་རེ་བཏབ་ན་ལྕེ་འཆིངས་པར་འགྱུར་རོ། །དེ་མིང་ནས་སྨོས་ཤིང་དེའི་རྐང་པའི་དྲུང་དུ་ནིམ་པའི་བུད་ཤིང་ཁྲག་གི་ནང་དུ་སྨྱུགས་པས་མེ་བུས་པ་ཡུངས་ནག་དང་ལན་ཚྭ་དང་ཏིལ་ནག་པོ་བསྲེགས་ཏེ། ཁྲག་དང་སྦྱར་བས་དུས་གསུམ་དུ་ལན་ཉི་ཤུ་རྩ་རེ་རེ་སྦྱིན་སྲེག་
བྱས་ན་ཞག་ཉི་ཤུ་རྩ་གཅིག་གིས་འཇིག་པར་འགྱུར་རོ། །བདག་ཉིད་ཀྱི་མཐུ་བ་སྐྱེད་པར་འདོད་ན་སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་བདུག་པ་དང་། མེ་ཏོག་དང་དྲི་ཕུལ་ལ་བུམ་པ་སར་པ་ཆུས་བཀང་སྟེ། སྨན་ཐམས་ཅད་དང་ས་བོན་ཐམས་ཅད་དང་དབྱིག་རྣམས་བླུགས་ལ་ལན་
Vol. 95 · folio 236b
བརྒྱད་བརྒྱ་བཟླས་བརྗོད་བྱས་ནས་རས་མ་ཉམས་པས་སྨད་གཡོགས་བྱས་ཏེ། ཁྲུས་བྱས་ན་སྡིག་པ་ཐམས་ཅད་རབ་ཏུ་བཅོམ་པར་འགྱུར་རོ། །དེ་ནས་མིག་སྨན་བསྒྲུབ་པར་འདོད་ན་ཨུཏྤ་ལ་དམར་པོ་དང་། པདྨ་སྐྱོན་མེད་པ་དང་། པད་མོཏྟ་ར་དང་། ས་ཧ་ཙ་ར་དང་། གིའུ་ཝང་
དང་། རྡོ་ཕ་བང་ལོང་བུ་དང་། མིག་སྨན་གྱི་གཙོ་བོ་འདི་དག་གླང་པོའི་རྡུལ་དང་སྦྱར་ནས་རྒྱུན་མ་ཆད་པར་ལན་སྟོང་སྦྱིན་སྲེག་བྱ་སྟེ། སྐར་མ་རྒྱལ་ལ་མིག་བསྐུས་ནི་དེ་མ་ཐག་ཏུ་འཇིག་རྟེན་ཐམས་ཅད་ལ་དབང་སྒྱུར་བར་འགྱུར་རོ། །དེ་ནས་ལུས་མི་སྣང་བར་འདོད་ན་མིག་སྨན་གོང་མ་
དེ་ཉིད་ལྕགས་ལས་མིའི་གཟུགས་བྱས་པའི་སྤྱི་བོ་ཕུག་ལ་དེའི་ལྟོ་བ་མིག་སྨན་གྱིས་བཀང་སྟེ། ལྕགས་ཀྱི་ཕུར་བུས་བཏབ་ནས་ཞག་གསུམ་སྨྱུང་བར་བྱས་ལ་མར་གྱི་ངོ་ཞག་བཅུ་བཞིའི་ནུབ་མོ་བཟླས་བརྗོད་བྱས་ཏེ། རོ་བསྲེགས་པའི་མེ་འབར་བའི་ནང་དུ་བོར་ནས་འབྱུང་པོའི་གཏོར་
མ་ཐམས་ཅད་ཕུལ་ལ་གྲངས་ངེས་པ་མེད་པར་བཟླས་བརྗོད་བྱའོ། །དེ་ནས་རྨི་ལམ་དུ་མི་ནག་པོ་མཐོང་བར་འགྱུར་ཏེ་གྲུབ་ཟིན་ནོ་ཞེས་ཟེར་བ་དང་ནང་པར་ལངས་ཏེ་དེས་མིག་བསྐུས་ན་ལུས་མི་སྣང་བར་འགྱུར་རོ། །རྡུལ་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ། གདོང་བསྐུས་ན་རྒྱལ་
པོའི་ཕོ་བྲང་དང་རྩོད་པའི་ནང་དུ་རྒྱལ་བར་འགྱུར་ཏེ། དོན་ཡང་གྲུབ་པར་འགྱུར་རོ། །གསལ་སྣང་བྱ་བར་འདོད་ན་སྨྱུང་བ་བྱས་ལ་བདུག་པ་དང་མེ་ཏོག་དང་། དྲི་དང་ལྷ་བཤོས་ཕུལ་ཏེ་མཐེ་བོང་རྒྱ་སྐྱེགས་ཀྱི་ཁུ་བས་མདོག་བསྒྱུར་ནས་དྲི་ཞིམ་པོས་བགོས་པའི་ཏིལ་མར་གྱིས་བསྐུས་ཏེ།
བྱིས་པ་བྱད་བཟང་ལ་མདོག་གནག་པ་བྱེད་དུ་བཅུག་ནས། རིག་སྔགས་བཟླས་བརྗོད་བྱས་ན་ངེས་པར་རྟོགས་པར་འགྱུར་རོ། །ཡང་ན་མེ་ལོང་ལ་ཡང་བྱ་སྟེ། མིག་ལ་སྔགས་ཀྱིས་གདབ་བོ། །གོས་དང་རྒྱན་ཐམས་ཅད་ལ་ཡང་སྔགས་ཀྱིས་གདབ་བོ། །ལྟ་བ་མའི་ཆོ་ག་རྫོགས་
སོ།། །།དེ་ནས་ལྷ་ཀུན་ལུ་གུ་རྒྱུད། །ལག་ན་རྡོ་རྗེའི་གཡུང་དྲུང་ལས། །རྡོ་རྗེ་ལུ་གུ་རྒྱུད་གྲགས་པ། །བདག་གིས་རབ་ཏུ་བཤད་པར་བྱ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་རིག་སྔགས་ཀྱི་རྒྱལ་མོ་
Vol. 95 · folio 237a
འདི་ནི་ཐམས་ཅད་དུ་གཞན་གྱིས་མི་ཐུབ་ཅིང་དོན་ཐམས་ཅད་ལ་འགྲུབ་པ་ལགས་ཀྱིས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་སྩལ་བ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ལ་སྨན་པ་གང་ལགས་པ་བདག་གིས་
འདི་བཅོམ་ལྡན་འདས་ཀྱིས་བཞེས་སུ་གསོལ། སའི་སྟེང་གང་ན་བདུད་སྡིག་ཅན་གྱི་དབང་དུ་གྱུར་པ་དད་པ་མ་མཆིས་པ་འདོད་པ་ན་སྤྱོད་པའི་བར་གང་དག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་བགེགས་བགྱིད་པ་དེ་དག་གཞོམ་པའི་སླད་དུ་རིག་སྔགས་རྡོ་རྗེ་ལུ་གུ་རྒྱུད་ཅེས་བགྱི་བ་འདི་
བགེགས་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། ལས་ཐམས་ཅད་བགྱིད་པ། ཐམས་ཅད་གཞན་གྱིས་མི་ཐུབ་པའི་སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་འདིའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། དེ་ནས་ལག་ན་རྡོ་རྗེས་རིག་སྔགས་ཀྱི་ཚོགས་
རྣམས་ལ་བལྟས་སོ། །དེ་ནས་རིག་སྔགས་རིག་སྔགས་ཀྱི་ཚོགས་ཀྱིས་བསྐོར་བའི་རིག་སྔགས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། དེའི་ཚེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ནད་མེད་པ་ནི་རྙེད་པའི་མཆོག །ཆོག་
ཤེས་པ་ནི་ནོར་གྱི་མཆོག །ཡིད་བརྟན་པ་ནི་གཉེན་གྱི་མཆོག །མྱ་ངན་འདས་པ་བདེ་བའི་མཆོག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་རྡོ་རྗེ་འཛིན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འཁོར་དང་བཅས་པ་གཡོག་དང་བཅས་པ། ཕྱི་བཞིན་
འབྲང་བ་དང་བཅས་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་སྐྱོང་བ་བཞི་ལ་ཕྱག་འཚལ་ལོ། །དེ་ནས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྡོ་རྗེ་ལུ་གུ་རྒྱུད་བཤད་པར་བྱའོ། །རྡོ་རྗེ་ལུ་གུ་རྒྱུད་ལ་ཕྱག་འཚལ་ལོ། །རྡོ་རྗེ་མཆོག་འཛིན་པ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མཛེས་པ་ལག་ན་
འཁོར་ལོ་དང་རྡོ་རྗེ་ཐོགས་པ་ལ་ཕྱག་འཚལ་ལོ། །རིག་སྔགས་རྡོ་རྗེའི་རིགས་སུ་གཏོགས་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཞགས་པ་དང་རྡོ་རྗེ་ལུ་གུ་རྒྱུད་ལ་ཕྱག་འཚལ་ལོ། །རྡོ་རྗེ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དགའ་བར་བྱེད་པ་ལ་ཕྱག་འཚལ་ལོ། །ནོར་བུ་རྡོ་རྗེ་
Vol. 95 · folio 237b
འོད་ལ་ཕྱག་འཚལ་ལོ། །གསེར་དང་། ནོར་བུ་དང་། མུ་ཏིག་དང་། བྱི་རུ་དང་། རྡོ་རྗེ་མཛེས་པ་སྣ་ཚོགས་ཅན་ལ་ཕྱག་འཚལ་ལོ། །ལྷ་ཐམས་ཅད་ཀྱིས་ཕྱག་བྱས་ཤིང་བསྟོད་པ་ཁྱོད་ལ་ཕྱག་འཚལ་ལོ། །དྲི་ཟ་ཐམས་ཅད་ཀྱིས་མཆོད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཀླུའི་དབང་པོ་ཐམས་
ཅད་ཀྱིས་བརྗོད་པ་ཁྱོད་ལ་ཕྱག་འཚལ་ལོ། །གནོད་སྦྱིན་ཐམས་ཅད་ཀྱིས་ཕྱག་བྱས་པ་ཁྱོད་ལ་ཕྱག་འཚལ་ལོ། །འབྱུང་པོས་བརྗོད་པ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་སྐྱོང་གིས་བརྗོད་པ་ཁྱོད་ལ་ཕྱག་འཚལ་ལོ། །རིག་སྔགས་ཐམས་ཅད་ཀྱིས་ཕྱག་བྱས་པ་ཁྱོད་ལ་ཕྱག་འཚལ་ལོ། །
དབང་པོ་དང་གཤིན་རྗེ་དང་ཆུ་ལྷ་དང་། ཀུ་བེ་ར་དང་། ཕུར་བུ་དང་། དྲང་སྲོང་བདུན་གྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །དཀར་མོས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །དྲི་ལེན་གྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ནག་མོས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །མ་ཏང་གིས་
ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ཚངས་པས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །དབང་པོས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ཁྱབ་འཇུག་གིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །གཞོན་ནུས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ཉི་མ་དང་ཟླ་བས་ཕྱག་བྱས་པ་ལ་ཕྱག་འཚལ་
ལོ། །བྲམ་ཟེས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །སྔོན་གྱི་དྲང་སྲོང་གིས་མཆོད་པ་ལ་ཕྱག་འཚལ་ལོ། །རླུང་ལྷས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཕོ་ཉ་མའི་ཚོགས་ཀྱི་འཁོར་དང་བཅས་པར་མི་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་
དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ཕུར་བུ་གསུམ་པ་ལ་སོགས་པ་དང་། འཇིག་རྟེན་སྐྱོང་བ་བཞི་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་
པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་རིག་པ་མཆོག་གི་རྒྱུད་ཆེན་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་བའོ།། །།
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words