འཕགས་པ་རྡོ་རྗེ་མི་འཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 96 · folio 1b

༄༅༅། །རྒྱ་གར་སྐད་དུ། །ཨཱ་རྱ་བཛྲ་ཨ་ཛི་ཏ་ཨ་ན་ལ་པྲ་མོ་ཧ་ནཱི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་རྡོ་རྗེ་མི་འཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། །བཅོམ་ལྡན་འདས་རིན་པོ་ཆེའི་ཁང་པ་བརྩེགས་པ་ཅན་གྱི་རིའི་གངས་

རི་སུལ་གྱི་མཆོག །རི་རབ་ཀྱི་སྨད་དང་རྐེད་ལྟར་གསེར་གྱི་རྡོ་སྣ་ཚོགས་ཀྱིས་གང་ཞིང་རེའུར་བྲེས་པ་འབར་བ། རིན་པོ་ཆེའི་རྡོ་དུ་མའི་འོད་སྣ་ཚོགས་འཇའ་ལྟ་བུ་བྱུང་བའི་རྡོ་ལེབ་ཡངས་པ། མེ་ཏོག་

དྲི་ཞིམ་པོ་བཀྲམ་ཞིང་ཕྱེ་མ་དང་། བདུག་པ་དྲི་ཞིམ་པ་མང་པོས་ཕུག་གི་ནང་དང་ནགས་བསྒོས་པ། གདུགས་དང་། ཨ་ག་རུ་དང་། ཕྱེ་མ་དང་། དྲིལ་བུ་དང་། བླ་རེས་མཛེས་པར་བྱས་

པའི་རི་བོ་མཆོག་ལ་བཞུགས་ཏེ། དེ་ན་བཅོམ་ལྡན་འདས་ལྷ་རྣམས་དང་། ལྷའི་བུ་རྣམས་དང་། ལྷ་མ་ཡིན་རྣམས་དང་། ལྷ་མ་ཡིན་གྱི་བུ་རྣམས་དང་། རླུང་ལྷ་རྣམས་དང་། རླུང་ལྷའི་བུ་

Vol. 96 · folio 2a

རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། མི་འམ་ཅི་རྣམས་དང་། སྲིན་པོ་རྣམས་དང་། དྲི་ཟ་རྣམས་དང་། རིག་སྔགས་འཆང་གྲུབ་པ་རྣམས་དང་། འབྱུང་པོ་རྣམས་དང་། ལོག་འདྲེན་རྣམས་དང་།

ཤ་ཟ་རྣམས་དང་། སྣང་བ་དང་། མི་སྣང་བའི་མ་མོའི་ཚོགས་ཁྱབ་པར་བྱེད་པ་རྒྱ་ཆེན་པོ་དག་གིས་དཔག་ཚད་ལྔ་བརྒྱར་འཁོར་གྱི་དཀྱིལ་འཁོར་དུ་གྱུར་པར་འདུས་ཏེ། དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་དང་། དགེ་སློང་ཁྲི་ཉི་སྟོང་ལྔ་བརྒྱ་དང་

ཐབས་ཅིག་གོ། །བཅོམ་ལྡན་འདས་ནི་ཆོས་སྟོན་ཏེ། གནས་པར་བདེ་བ། མཉན་ན་བདེ་བ། འཁོར་བ་ལས་ངེས་པར་འབྱུང་བའི་ཆོས་སྟོན་ཏོ། །དེ་ན་ལྷ་རྣམས་དང་། ལྷའི་བུ་རྣམས་དང་། ལྷ་མ་ཡིན་རྣམས་དང་། ལྷ་མ་ཡིན་གྱི་བུ་རྣམས་དང་། རླུང་ལྷ་རྣམས་

དང་། རླུང་ལྷའི་བུ་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། མིའམ་ཅི་རྣམས་དང་། སྲིན་པོ་རྣམས་དང་། སྲིན་པོའི་བུ་རྣམས་དང་། དྲི་ཟ་རྣམས་དང་། རིག་སྔགས་འཆང་གྲུབ་པ་རྣམས་དང་། འབྱུང་པོ་རྣམས་

དང་། ལོག་འདྲེན་རྣམས་དང་། ཤ་ཟ་རྣམས་དང་། སྣང་བ་དང་། མི་སྣང་བའི་མ་མོའི་ཚོགས་རྣམས་དང་། འབྱུང་པོའི་ཚོགས་རྣམས་དང་། འབྱུང་པོའི་ཚོགས་རྣམས་རྣམ་པར་རྒྱུ་ཞིང་ཀུ་ཅོ་དང་། འཇིགས་པ་དང་ཉམ་ཐག་པའི་སྒྲ་འབྱིན་ཏོ། །བཅོམ་ལྡན་འདས་དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་སྒྲ་དེ་དག་གསན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་བཞིན་བཟངས་དག་ཅིའི་ཕྱིར་ཀུ་ཅོ་དང་། འཇིགས་པ་དང་། ཉམ་ཐག་པ་དང་། འཁྲུག་པའི་སྒྲ་འབྱིན། དེ་དག་གིས་གསོལ་

Vol. 96 · folio 2b

བ། བཅོམ་ལྡན་འདས་བདག་ཅག་གི་དབང་དུ་བགྱིས་ཏེ། གནོད་པ་དང་དྲང་བས་བཀུག་ཅིང་དྲངས་ཏེ་ཐོ་བཙམས་ན། བཅོམ་ལྡན་འདས་བསྐྱབ་ཏུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཐམས་ཅད་ཀྱི་སྟེང་གི་དཀྱིལ་འཁོར་ཡངས་པ་སྟོན་པའི་མཆོག་གི་བློ་གྲོས་

དང་། བློ་དང་། ལས་དང་། ལས་ཀྱི་མཐའ་དང་ལྡན་པ། ས་ཆེན་པོ་ལས་ས་གཞན་ཐོབ་པ་རྒྱལ་ཚབ་ཏུ་ཉེ་སྟེ། ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྗེས་སུ་དགོངས་པར་མཛད་པ་ཙམ་གྱིས་འོངས་ཏེ། རྡོ་རྗེའི་ཟོ་མ་ལྟར་དཔུང་མགོ་ཡངས་པ། རྡོ་

རྗེ་ལྟར་མཁྲེགས་པའི་ཅོད་པན་འོད་ཟེར་འཚེར་བ་ཅན། རྡོ་རྗེའི་དཔུང་རྒྱན་དང་ལྡན་པ། ལུས་མཁྲེགས་ཤིང་སྲ་བ་དང་། ལག་ན་རྡོ་རྗེ་དང་། ཞགས་པ་དང་། ལག་ན་བརྟན་པོ་འབར་བ་ཐོགས་པ། རྡོ་རྗེ་ཕུར་བུ་སྲ་བས་རབ་ཏུ་འཇོམས་པར་བྱེད་པ། མཐུ་ཆེན་པོ་གཡོག་བཞི་འབུམ་ལྔ་ཁྲི་

དང་ལྡན་པ། འཇིག་རྟེན་གྱི་ཁམས་འདི་ཀུན་དུ་སྣང་བར་བྱེད་ཅིང་རྡོ་རྗེའི་རིགས་ཀྱི་གཞོན་ནུ་དང་། རྡོ་རྗེའི་སྡེ་དང་། རྡོ་རྗེའི་བེ་ཅོན་དང་། རྡོ་རྗེའི་སྙིང་པོ་དང་། རྡོ་རྗེའི་ཏོག་དང་། རྡོ་རྗེའི་སྣང་བ་དང་། རྡོ་རྗེ་སྔོན་པོ་དང་། རིན་པོ་ཆེའི་རྡོ་རྗེ་དང་། གསང་བའི་རྡོ་རྗེ་དང་། འཁོར་ལོ་རྡོ་རྗེ་ལ་སོགས་པ་དང་། རྡོ་

རྗེའི་དམག་དཔོན་ཆེན་པོ་རྣམས་དང་། དམག་སྐྱོང་རྣམས་དང་། ས་སྐྱོང་རྣམས་དང་། རྡོ་རྗེ་རིག་པའི་རྒྱལ་པོ་ཡང་དག་པ་དང་། ཡང་དག་པ་མ་ཡིན་པ་ཡང་དག་པར་རྟོགས་པ་རྣམས་དང་། རྡོ་རྗེའི་ཡུལ་རྣམས་དང་། རྡོ་རྗེ་རྣམ་པར་འདྲེན་རྣམས་དང་ལྷན་ཅིག་ཏུ་རྡོ་རྗེ་གཞོན་ནུའི་གདོན་རྣམས་

དང་། རྡོ་རྗེ་གནོན་པོ་རྣམས་དང་། རྡོ་རྗེ་རྨི་ལམ་ངན་བྱེད་རྣམས་ཡང་དག་པར་སྐུལ། རྣམ་པར་སྐུལ་ཞིང་འཁོར་གྱི་ཁྱམས་ཆེན་པོར་འདུས་པ་ཐམས་ཅད་ལ་ཀུན་དུ་སྣང་བར་བྱེད། རྣམ་པར་སྣང་བར་བྱེད། གསལ་བར་བྱེད། རྣམ་པར་གསལ་བར་བྱེད། རབ་ཏུ་དགའ་བར་བྱེད། ཡང་དག་པར་

སྐུལ། སོ་སོར་སྐུལ་ཞིང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བླ་གོས་ཕུད་ནས་ཞབས་ལ་ཅོད་པན་གྱིས་གཏུགས་ཏེ། ལན་གསུམ་དུ་བསྐོར་བ་བྱས་ནས་ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྗེས་སུ་ཡི་རང་བ་མཛད་དེ། རྡོ་རྗེ་འཆང་ཁྱོད་སོང་ལ་ལྷ་རྣམས་

Vol. 96 · folio 3a

དང་། ལྷའི་བུ་རྣམས་དང་། ལྷ་མ་ཡིན་རྣམས་དང་། ལྷ་མ་ཡིན་གྱི་བུ་རྣམས་དང་། རླུང་ལྷ་རྣམས་དང་། རླུང་ལྷའི་བུ་རྣམས་དང་། ནམ་མཁའི་ལྡིང་རྣམས་དང་། ནམ་མཁའི་ལྡིང་གི་བུ་རྣམས་དང་། འདུས་པ་ཆེན་པོའི་བར་དག་སྒྲ་འབྱིན་ཅིང་ཉམ་ཐག་པ་མྱོང་བ་རྣམས་

ཀྱི་བསམ་པ་རྫོགས་པར་གྱིས་ཤིག །དེ་ནས་རྡོ་རྗེ་འཆང་སྟན་ལས་ལངས་ཏེ། ལྷ་དང་། ལྷ་མ་ཡིན་དང་། རླུང་ལྷ་དང་། ནམ་མཁའི་ལྡིང་དང་། འབྱུང་བོའི་ཚོགས་ཀྱི་ནང་དུ་སོང་ནས་རྗེས་སུ་སྟོན་ཅིང་རྡོ་རྗེའི་མཚོན་ཆའི་མེ་སྒྲོན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྫུ་འཕྲུལ་

གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་མེ་ལྕེ་འབར་བའི་འོད་འཕྲོ་བ་དང་། མེ་སྟག་རྣམ་པར་འཕྲོ་བ་དང་། ལྕེ་འབེབས་པའི་གློག་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་རྣམས་གཟིར་ཏེ། དེ་ནས་བསྐལ་བ་ཆེན་པོ་ལྔར་རྨི་ལམ་དང་། ཆུ་དང་། གང་གཱའི་ཀླུང་གི་བྱེ་མའི་

གྲངས་ཀྱི་ཚད་ཙམ་དག་གིས་མདངས་དང་། གཟི་བརྗིད་དང་། ཚངས་པར་སྤྱོད་པ་དང་། གཙང་མ་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། དཀའ་ཐུབ་དང་། རང་གི་ལོངས་སྤྱོད་ཐམས་ཅད་ལས་བྱུང་བའི་ལས་གྲུབ་པའི་རྡོ་རྗེ་དེ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་

དེའི་ལག་ཏུ་བྱིན་ཏོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་རབ་ཀྱི་ཆོས་སྟོན་པར་གྱུར་པ་དགྲ་བཅོམ་པ་རྣམས་ཀྱི་ཆོས་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། སྙིང་རྗེ་བྱེད་

པ། རང་གི་རྡོ་རྗེ་དང་། རིགས་ཀྱི་རིག་པ་དང་། དཀྱིལ་འཁོར་དང་། བཀླགས་པའི་ཚུལ་དུ་གྱུར་པ་དྲག་པོ་དང་། དབང་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། རླུང་ལྷ་དང་། ནམ་མཁའི་ལྡིང་གདུལ་དཀའ་རྣམས་འདུལ་བ་སྟེ། དེ་ལྟར་དེ་ལས་བྱུང་བའི་བཅོམ་ལྡན་

འདས་ཁྲོ་བོ་དྲག་པོ་རྣམས་རྨོངས་པར་བྱེད་པ། སྒྱུ་དང་ལྡན་པ་རྣམས་རྨུགས་པར་བྱེད་པ་དང་། སྡང་བ་རྣམས་སྐྱོད་པ། རྨོངས་པ་རྣམས་འཇིག་པ། དམ་པོ་རྣམས་རྩད་ནས་འདོན་པ། རྒྱས་པ་རྣམས་སྦུར་མར་རློག་པ། ཡོན་པོ་རྣམས་སྲོང་བ། གཅོད་པ་རྣམས་སྙིང་རྗེས་བྱེད་པ། འབྱུང་

Vol. 96 · folio 3b

པོ་རྣམས་སྐྲག་པར་བྱེད་པ། སྲིན་པོ་རྣམས་སྔངས་པར་བྱེད་པ། རང་གི་གསང་སྔགས་རྣམས་རྫོགས་པར་བྱེད་པ། གཞན་གྱི་གསང་སྔགས་རྣམས་ཕུར་བུས་འདེབས་པ། ནུས་པ་རྣམས་སྟོན་པར་བྱེད་པ། གསོད་པར་བྱེད་པ་གསོད་པ། གནོད་པར་བྱེད་པ་ཕུང་བར་བྱེད་པ། དེ་

དེར་སོང་ནས་ལྷ་རྣམས་དང་། ལྷའི་བུ་རྣམས་དབང་དུ་བྱེད་དེ། དེ་ལྟར་དྲག་པོ་བ་དྲག་པོ་གྲུབ་པ་དང་། ཁྱབ་འཇུག་པ་ཁྱབ་འཇུག་གྲུབ་པ་དང་། ལྷ་མ་ཡིན་པ་ལྷ་མ་ཡིན་གྲུབ་པ་དང་། དེ་དག་སྤྱིར་སྐུལ་ཞིང་དཀྱིལ་འཁོར་དུ་འཇུག །སྐྱོད་པར་བྱེད། མཐུ་སྟོན་པར་བྱེད། བརྗེད་པར་

བྱེད། རྣམ་པར་སྐྲག་པར་བྱེད་དོ། །སྟོབས་བཅུས་དགོངས་པ་བཀའ་སྩལ་པའི་རྡོ་རྗེ་འཆང་གིས་རྡོ་རྗེ་མི་འཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་གསུང་བ་དང་། གཟུངས་འདིའི་སྟོབས་དང་། བདེན་པའི་བྱིན་གྱི་རླབས་ཀྱིས་འོད་ཀྱི་འོད་ཟེར་གྱི་དཀྱིལ་འཁོར་ཆེན་པོ་ལས་

བྱུང་བའི་འོད་ཟེར་རྣམས་ཀྱིས་རྡོ་རྗེ་དང་བཅས་པའི་ལག་ན་རྡོ་རྗེ་བསྐུལ་ནས། འོད་ངེས་དེ་རབ་ཏུ་དགའ་སྟེ་རྡོ་རྗེ་ལས་སྣང་བ་བཀྱེ་བ་རྣམས་ཀྱིས་ས་གསུམ་གྱི་སྟོན་གྱི་སྐར་མ་དང་། ཟླ་བའི་འོད་ཟིལ་དུ་བརླག་པར་བྱས་ནས་སྣང་བ་གཅིག་པུར་བྱེད་ཅིང་རྒྱ་མཚོ་ཆེན་པོ་ནི་སྐེམས། རིའི་རྒྱལ་པོ་རི་

རབ་ནི་གཡོ་བར་བྱེད། གློག་གི་འཁོར་ལོ་དང་། ལྕེ་འབེབས་པའི་འབྲུག་ནི་བསྒྲགས། སྒྲ་དྲག་པོ་ནི་ཕྱུང་། བསྒྱེངས་པའི་སྒྲ་ནི་བསྒྲགས། སྐྲག་པར་བྱས་སོ། །དེ་ན་རྡོ་རྗེ་མི་འཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུགས་མེ་ལྕེ་འོད་འཕྲོ་ཆེན་པོ་ཁོང་ན་འདུག་པ། སྐྲ་ཚོགས་

གསེར་དང་རིན་པོ་ཆེ་འདྲ་བ། རྡོ་རྗེ་འཆང་བ་རྡོ་རྗེའི་བུ་མོ་ཞེས་བྱ་བའི་བཅོམ་ལྡན་འདས་མ་དེས་ལན་གསུམ་བསྐོར་བ་བྱས་ནས། ཡིད་ལས་ཆེས་མགྱོགས་པའི་ཐུགས་འོད་འཕྲོ་ཞིང་འབར་བ་ལྟ་བུར་དྲག་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྫུ་འཕྲུལ་ཆེན་པོ་ལ་སྐྱབས་སུ་སོང་ངོ་། །

དེ་འོངས་པ་དང་། འཕགས་པ་རྡོ་རྗེ་འཆང་གིས་སྨྲས་པ། སྐལ་པ་ཆེན་པོ་དགེ་མ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱིས་སེམས་དང་ལྡན་མ། འདི་དག་ལ་ལག་ཆ་དང་མཐུན་པར་བྱ་བའི་སྟོབས་བྱིན་ཅིག །དེ་ནས་གཟུངས་ཀྱིས་སྨྲས་པ། འདི་དག་བཀའ་སྩལ་པ་དེ་བཞིན་དུ་བགྱིའོ། །

Vol. 96 · folio 4a

ཞེས་ལན་གསུམ་ཚིག་ཏུ་སྨྲས་སོ། །ཐོར་ཚུགས་གསུམ་མ། ས་གསུམ་དང་། དུས་གསུམ་དང་། དྲག་པོའི་རྩེ་གསུམ་དང་། ཁྱབ་འཇུག་གི་འཁོར་ལོ་དང་། གཤིན་རྗེའི་བེ་ཅོན་དང་། ལུས་ངན་གྱི་དབྱུག་ཏོ་དང་། དབང་པོའི་རྡོ་རྗེ་དང་། ཆུ་ལྷའི་ཞགས་པ་

དང་། ལོག་འདྲེན་རྣམས་ཀྱི་བགེགས་དང་། ལྷ་མ་ཡིན་རྣམས་ཀྱི་སྒྱུ་དང་། རླུང་ལྷ་རྣམས་ཀྱི་གཟི་དང་། ཤུགས་དང་། གྲུབ་པ་རྣམས་ཀྱི་རྨོངས་བྱེད་དང་། མ་མོའི་ཚོགས་རྣམས་ཀྱི་གཅོད་པ་དང་། ཀླུ་རྣམས་ཀྱི་དམ་ཚིག་དང་། དུག་དང་། ཁྲོ་བོ་དང་། གནོད་སྦྱིན་དང་། སྲིན་

པོ་དང་། མིའམ་ཅི་དང་། ཤ་ཟ་དང་། འབྱུང་པོ་དང་། ཚངས་པའི་སྲིན་པོ་དང་། གྲུལ་བུམ་དང་། བདེན་བྲལ་དང་། གནོན་པོ་དང་། རོ་ལངས་ཀྱི་སྐབས་སུ་རྒོལ་བ་རྣམས་དང་། དེ་བཞིན་དུ་ཐམས་ཅད་ཀྱང་སྦྱོངས་ཤིག །མིག་གི་འཛུམས་པ་ཙམ་གྱིས་ཡུད་ཙམ་ལ་ཐམས་ཅད་མཆོད་ནས་

ལག་ན་རྡོ་རྗེ་ལ་སྙིང་པོ་འདི་ཕུལ་ཏེ་སྨྲས་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཏ་ཐཱ་ག་ཏ་ས་མཱ་དྷི་དྷཱ་ར་ཎཱི། མ་ཧཱ་ཨ་བར་ཏ་ཡི་ཥྱཱ་མི། ཨ་ཧི་བཛྲེ། ཀུ་ཊི་ལེ། ཀུ་ཊི་བཱ་ཀཱ་ཀུ་ལ་ཤི་ཁི། ཀ་པི་ལ་ཀེ་

ཤི། ཏ་ཊི་ཙི་ཊི་མ་ཊ་ནི། ཀ་རྐ་ཊ་མུ་ཊི་བཊྚི་བཛྲེ། མ་ཧཱ་བིདྷུ་ལློ་ལོ་ལེ། བུ་གུ་པུ་ལུ། སུ་མུ་སུ་མུ། སར་སར། ཕཊ་ཕཊ། སུ་དྱོ་ཏེ། པིཾ་ག་ལེ་ཙི་ཏེ། བི་ཙ་ཊི། ཛྭ་ལ་པིཾ་ག་ལེ། སརྦ་དེ་བ་ག་ཎ། པྲ་ཧ་ར་ཎ་མཱ་ཡཱ། སིདྡྷ་དཱ་ཡི་ཀེ་སུ་རུ་ཀེ། སུ་རུ་ཀེ། བཛྲ་གྷོ་ཎེ། བཛྲ་དྭི་ཌྷ། སཱ་ར་པྲ་ཧ་ར་ཎེ་

རཏྣ་ཏྲ་ཡ། དི་ཀྲ་ལ་བུདྡྷེ་ཏེ། བཛྲ་དྷ་ར་བི་ཤྭ་ས་ནི་ཀ །ཨ་པྲ་ཏི་ཧ་ཏ་པྲ་མརྡ་ནི་སྭཱ་ཧཱ། གང་གསང་སྔགས་འདི་རྗེས་སུ་དྲན་ནས་ཀློག་གམ། སྒོམ་མམ། འཛིན་པ་དེ་ཐོས་ནང་ན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། །འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དཀྱིལ་

འཁོར་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །དམ་ཚིག་དང་ཕྱག་རྒྱ་ལ་ཞུགས་པར་འགྱུར་རོ། །བསམ་པ་དང་རྗེས་སུ་ཡི་རང་བས་འགུགས་པར་བྱེད་དོ། །དུག་དང་། གསང་སྔགས་དང་། མདུད་པ་དང་། རྡེག་པ་དང་། འཆིང་བའི་འཇིགས་པ་ལ་སོགས་རྣམ་པར་སྐྲག་

Vol. 96 · folio 4b

པར་བྱེད་དོ། དེ་ནས་ལྷ་དང་། ལྷའི་བུ་དེ་དག་གི་དེའི་མཐུས་བཅོམ་ལྡན་འདས་རྡོ་རྗེ་འཆང་དེའི་རྣམ་པར་རོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམ་པ་མང་པོ་དུ་མ་ཡང་མྱོང་བ་ནས་སྟེང་གི་གནས་གཙང་མ་དང་། འོག་མིན་གྱི་ལྷ་དང་། འཇིག་རྟེན་གྱི་ཁམས་གཞན་ན་

གནས་པ་དག་གིས་འོད་དང་ལྡན་པའི་མེ་ཏོག་དང་། བདུག་པའི་སྤྲིན་དང་རིན་པོ་ཆེ་མང་པོའི་ཆར་རྒྱ་ཆེན་པོས་མཆོད་ནས་བསྟོད་པ་སྙན་པས་བསྟོད་དེ། སྙན་ཅིང་ཟབ་ལ་རྔ་སྒྲ་ལྟ་བུ་དང་། བསིལ་བ་དང་། བསོད་ནམས་ཀྱི་ཚིགས་སུ་བཅད་པ་དག་ཀྱང་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་དེ་

སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རྡོ་རྗེ་མི་འཕམ་པ། མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་

རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།།

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words