འདུལ་བ་གཞུང་དམ་པ

Sanskrit title (Tibetan script, as in the text) བི་ན་ཡ་ཨུད་ཏ་ར་གྲན་ཐ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 13 · folio 150b

འདུན་གྱི་ལྷག་མའི་ཉེས་པ་བྱུང་ནས་དེ་འགྱོད་པ་སྐྱེས་པ་དང་། དེ་སྐྱ་བོ་བསེང་བསེང་པོར་གྱུར་ལ་རིད་ཅིང་ཉམ་ཆུང་སྟེ། རྨྱ་ལ་ལུས་མ་བརྟས་པར་གྱུར་ནས་དེ་ལ་དགེ་སློང་དག་གིས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཅིའི་ཕྱིར་སྐྱ་བོ་བསེང་བསེང་པོར་གྱུར་ལ་རིད་ཅིང་ཉམ་ཆུང་

ལ་རྨྱ་སྟེ་ལུས་མ་བརྟས་པར་གྱུར་པ་དེའི་ནད་སྨྲོས་ཤིག་ཅེས་སྨྲས་པ་དང་། དེ་ཅང་མི་སྨྲ་ནས་ནམ་དེ་དང་མཛའ་བའི་དགེ་སློང་གིས་མཐོང་སྟེ་དྲིས་པ་དང་། དེས་དེ་ལ་རྒྱས་པར་སྨྲས་པ་དང་། དེས་ཚེ་དང་ལྡན་པ་དེ་ལྟ་ན་དགེ་སློང་རྣམས་ལ་བརྗོད་ཀྱིས་ཤོགས་ཤིག་ཅེས་སྨྲས་

སོ། །དེ་ལྟར་བརྗོད་ན་བདག་ཉིད་མཆིའོ་ཞེས་སྨྲས་པ་དང་། དེས་དེ་ལྟ་ན་ཚུར་ཤོག །ཡུལ་གཞན་དུ་དོང་ལ་དེར་དེ་དག་བཤགས་སོ། །ཞེས་སྨྲས་པ་དང་། དེས་ཀྱང་ཁས་བླངས་ནས་དེ་དང་དེ་ལྷན་ཅིག་ཏུ་ཡུལ་གཞན་དུ་སོང་བ་ལས་དེ་ལམ་ཕྱེད་དུ་དུས་འདས་

པ་དང་། དགེ་སློང་དེས་བསམས་པ། གང་གིས་དོན་གྱི་ཕྱིར་བདག་འགྲོ་བ་དེ་ནི་དུས་འདས་ན་ད་ཅིའི་ཕྱིར་འགྲོ། ཕྱིར་ལྡོག་གོ་སྙམ་ནས་དེ་ཕྱིར་ལོག་པ་དང་། དེ་ལ་དགེ་སློང་དག་གིས་བདེ་བར་འོངས་སམ། ཚེ་དང་ལྡན་པ་བདེ་བར་འོངས་སམ། ཅི་ཁྱེད་བདེ་བར་སྤྱད་དམ་ཞེས་

སྨྲས་པ་དང་། དེ་ངུ་བར་གྱུར་ནས་དེ་ལ་དགེ་སློང་དག་གིས་ཚེ་དང་ལྡན་པ་ཅིའི་ཕྱིར་ངུ་ཞེས་སྨྲས་པ་དང་། གང་བདག་དང་ལྷན་ཅིག་ཏུ་སོང་བའི་དགེ་སློང་དེ་དུས་འདས་པའི་ཕྱིར་རོ་ཞེས་སྨྲས་པ་དང་། དེ་དག་གིས་ཚེ་དང་ལྡན་པ་ཅིའི་ཕྱིར་ངུ་། འདུས་བྱས་ཐམས་ཅད་ནི་ཆོས་

ཉིད་ཀྱིས་དེ་བཞིན་ནོ་ཞེས་སྨྲས་སོ། །དེས་དེ་ནི་ཉེས་པ་དང་བཅས་བཞིན་དུ་དུས་འདས་སོ་ཞེས་སྨྲས་པ་དང་། དགེ་སློང་རྣམས་ཀྱིས་དེས་དམྱལ་བར་རིང་དུ་གནས་པར་གྱུར་པས་ན་ངུ་བ་འདི་ནི་རིགས་སོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་

འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་རིགས་ཀྱི་བུ་དེ་ནི་ཉེས་པ་དེ་ལས་ཕྱིན་ཏེ། ངས་ནི་བསམ་པ་ལས་ཉེས་པ་ཕྱིན་པར་གསུངས་ཀྱིས་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ། །དེ་ལྟ་བས་ན་གང་དེ་ལྟར་རང་བཞིན་གྱིས་ངོ་ཚ་བ་དང་

Vol. 13 · folio 151a

ལྡན་པ་དེས་གཅིག་གི་མདུན་དུ་ཤོགས་ཤིག་པར་གནང་ངོ་། །དེས་ནི་གཅིག་གི་མདུན་དུ་ཤོགས་ཤིག །དེ་ལ་ཐེ་ཚོམ་མ་བྱེད་ཅིག་ཅེས་གསུངས་པ་དང་། འདོད་ཆགས་དང་བྲལ་བ་མ་ཡིན་པ་སྐྱེ་བོ་ཐ་དད་པ་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་

དང་། མ་ལྟ་བུ་འཛིན་པ་ཁ་ཅིག་དང་། དགེ་འདུན་གྱི་གནས་བརྟན་དང་། གྲགས་པ་དང་། བསོད་ནམས་ཆེན་པོ་ཁ་ཅིག་གིས་མ་བརྟགས་པས་ན་དགེ་འདུན་གྱི་ལྷག་མའི་ཉེས་པ་བྱུང་སྟེ། དེ་དག་ཆད་པར་སྤྱོད་པ་ལ་ལྷན་ཅིག་སྤྱོད་པ་དང་། ཉེ་གནས་དང་བྲམ་ཟེ་དང་ཁྱིམ་

བདག་དང་གཞན་ཡང་རུང་ཉུང་ངུ་ཐོས་པའི་དགེ་སློང་རྣམས་ཀྱིས་ཀྱང་དཔྱས། ཁ་ཅིག་ནི་མི་དགའ་བར་གྱུར་ཏེ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་ཀྱང་ཕྱིས་མི་བྱ་བར་ཤིན་ཏུ་

བསམ་པ་བརྟུན་ཏེ་གཅིག་པོའི་མདུན་དུ་ཤོགས་ཤིག །འདི་ལ་ཐེ་ཚོམ་མ་བྱེད་ཅིག །རྐྱང་པའི་ནང་ནས་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་གཉིས་པའོ།། །།མདོར་ན། གཞག་པའི་རིགས་པ་གཞག་པར་བྱ། །བདུན་ལོན་ནས་ཀྱང་འགྲོ་བར་བྱ། །མཉམ་དུ་

མ་ཟིན་དེ་བཞིན་ཏེ། །གང་གི་ཀོ་བ་མི་རུང་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ལ་གཙུག་ལག་ཁང་སྐྱོང་གི་རེས་བབ་བོ། །ཡུལ་ཀོ་ས་ལའི་རྒྱལ་

པོ་གསལ་རྒྱལ་ཛེ་ཏའི་ཚལ་དུ་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་གང་ན་བ་དེར་སོང་སྟེ་དྲུང་དུ་ཕྱིན་པ་དང་། རྐང་པ་ལ་ཕྱག་འཚལ་ནས་ཆོས་ཉན་པའི་ཕྱིར་མདུན་དུ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་མདོ་

སྡེ་ལ་ཞུགས་ནས་དེ་ལས་ཕྱེ་ནས་ཅུང་ཟད་ཙམ་ཞིག་རྒྱས་པར་བཤད་ནས། མདོར་འཆད་པ་ལ་ཞུགས་པ་དང་། རྒྱལ་པོས་འཕགས་པ་བདག་ལ་བྲེལ་བ་མེད་ཀྱིས་མདོར་མ་བཤད་ཅིག་ཅེས་སྨྲས་སོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་སྨྲས་པ་དང་། ཚེ་དང་ལྡན་

Vol. 13 · folio 151b

པ་ཀུན་དགའ་བོས་རྒྱལ་པོ་ཆེན་པོ་ཁྱོད་ལ་བྲེལ་བ་མེད་ཀྱང་བདག་ལ་བྲེལ་བ་ཡོད་དོ་ཞེས་སྨྲས་པ་དང་། འཕགས་པ་ཀུན་དགའ་བོ་ཅི་ཞིག་བྲེལ་ཅེས་སྨྲས་པ་དང་། ཁང་སྐྱོང་བྱ་དགོས་སོ་ཞེས་སྨྲས་པ་དང་། འཕགས་པ་ཀུན་དགའ་བོ་ཡང་ལས་ཀྱི་རེས་མཛད་དམ།

ལྷ་བདག་ནི་དགེ་འདུན་གྱི་ནང་དུ་གཏོགས་པས་ན་ལས་བགྱི་འཚལ་ལོ་ཞེས་སྨྲས་པ་དང་། རྒྱལ་པོས་འདི་བདག་གིས་བྱ་བ་ཡིན་ནོ་སྙམ་དུ་བསམས་ནས། དེ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་

འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་རྒྱལ་པོ་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བ་སྟེ། གང་བདག་གིས་བགྱི་བའི་ལས་ནི་བདག་བགྱིད་དོ། །གང་ནང་གི་བཙུན་མོས་བགྱི་བའི་རིགས་པ་ཡང་ནང་གི་བཙུན་མོས་བགྱིད་དོ། །གང་གཞོན་ནུས་བགྱི་བའི་རིགས་པ་

ཡང་གཞོན་ནུས་སོ། །གང་བློན་པོའམ། བློན་པོ་ཆེན་པོའམ། དམག་དཔོན་ནམ། གྲོང་མི་འམ། གཞོངས་པ་ཡང་རུང་སྟེ་གཞོངས་པ་ཉིད་ཀྱིས་ལས་བགྱིད་དོ། །བཅོམ་ལྡན་འདས་ཀྱང་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་སྟེ། ཨེ་མའོ་བཅོམ་ལྡན་འདས་བརྩེ་བ་ཅན་

གྱིས་ཀྱང་གཞག་པར་འོས་པ་གཞག་ལ་ལས་ཀྱི་རེས་མི་བསྐོ་བར་ཅི་གནང་ཞེས་གསོལ་པ་དང་། རྒྱལ་པོ་གསལ་རྒྱལ་གྱིས་གསོལ་པ་བཞིན་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་ཞལ་གྱིས་བཞེས་སོ། །རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་ཅང་མི་གསུང་བས་ཞལ་

གྱིས་བཞེས་པར་རིག་ནས་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་མཉན་དུ་ཡོད་པ་ན་གནས་ཤིང་

འཁོད་པའི་དགེ་སློང་ཐམས་ཅད་འདུན་ཁང་དུ་སྡུས་ཤིག་ཅེས་གསུངས་པ་དང་། བཙུན་པ་བཀའ་བཞིན་འཚལ་ཞེས་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ་མཉན་དུ་ཡོད་པ་ན་དགེ་སློང་ཇི་སྙེད་གནས་པ་དེ་ཐམས་ཅད་འདུན་ཁང་དུ་བསྡུས་

Vol. 13 · folio 152a

ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་མཉན་དུ་

ཡོད་པ་ན་དགེ་སློང་ཇི་སྙེད་གནས་ཤིང་མཆིས་པ་དེ་ཐམས་ཅད་འདུན་ཁང་དུ་འདུས་ཏེ་མཆིས་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དུས་ལ་བབ་པར་དགོངས་ཤིག །དེ་ནས་བཅོམ་ལྡན་འདས་འདུན་ཁང་གང་ན་བ་དེར་བཞུད་དེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་མདུན་ན་

གདན་བཏིང་བ་ལ་བཞུགས་ཏེ་བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་དེང་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ངའི་དྲུང་དུ་འོངས་ཏེ། ཨེ་མའོ་བཅོམ་ལྡན་འདས་གཞག་པའི་རིགས་པ་རྣམས་ནི་ཞོག་ལ། ལས་ཀྱི་རེས་ལ་བཀའ་སྩལ་པའི་

མི་རིགས་སོ་ཞེས་ཟེར་གྱིས་ཁྱེད་ཅག་གིས་དེང་ཕན་ཆད་གཞག་པའི་རིགས་པ་རྣམས་ལས་ལ་མ་བསྐོ་བར་ཞོག་ཅིག །བཅོམ་ལྡན་འདས་ཀྱིས་གཞག་པའི་རིགས་པ་རྣམས་ལས་ལ་མ་བསྐོ་ཤིག་ཅེས་གསུངས་པ་དང་། དགེ་སློང་དག་གིས་གང་གཞག་པར་རིགས་པ་མ་

ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་ལྟ་བུ་འཛིན་པ་དང་། མང་པོ་འཆད་པ་དང་། དགེ་འདུན་གྱི་གནས་བརྟན་དག་ནི་གཞག་པར་རིགས་པའོ། །དེ་ལ་མདོ་སྡེ་འཛིན་པ་ནི་དེ་ཉིད་ལས་སོ། །དེ་

བཞིན་དུ་འདུལ་བ་འཛིན་པ་དང་། མ་ལྟ་བུ་འཛིན་པ་དང་། མང་པོ་ལ་འཆད་པ་དང་། དགེ་འདུན་གྱི་གནས་བརྟན་དག་ཀྱང་དེ་ཉིད་ལས་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་ལྟ་བུ་འཛིན་པ་དེ་ནི་དེ་ཉིད་ལས་ཡིན་ནོ་

ཞེས་གསུངས་པ་དང་། དྲུག་སྡེ་དག་གིས་མདོ་སྡེའི་ལེའུ་གཅིག་གཉིས་བཀླགས་ནས་ངེད་ཅག་ནི་མདོ་སྡེ་འཛིན་པ་ཡིན་པས་ན་ངེད་ལ་ལས་ཀྱི་རེས་མ་དབབ་ཅིག་ཅེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་

Vol. 13 · folio 152b

ལྡན་འདས་ཀྱིས་བཀའ་སྩལ་པ། གང་མདོ་སྡེ་ཐམས་ཅད་འཛིན་པ་དེ་ནི་མདོ་སྡེ་འཛིན་པ་སྟེ། དེ་ནི་ལས་ལ་མ་བསྐོ་ཤིག་དེ་བཞིན་དུ་ཕས་ཕམ་པ་གཅིག་གམ་གཉིས་ལྷོགས་པ་དག་གིས་ངེད་ཀྱང་འདུལ་བ་འཛིན་པའོ། །དེ་བཞིན་དུ་རབ་ཏུ་བྱེད་པ་གཉིས་བཀླགས་པས་

ཀྱང་ང་ནི་མ་ལྟ་བུ་འཛིན་པ་ཡིན་གྱིས་ལས་ཀྱི་རེས་ལ་མ་བསྐོ་ཤིག་ཅེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་འདུལ་བ་ཐམས་ཅད་འཛིན་པ་དང་། མ་ལྟ་བུ་ཐམས་ཅད་

འཛིན་པ་ནི་ལས་ལ་མ་བསྐོ་ཤིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རི་བྲགས་ཀྱི་གྲོང་དག་ཅིག་ལོག་ནས་དམག་རུ་གཅིག་བཏང་བ་དང་། དེ་དག་གིས་སླར་བཅོམ་བཏགས་ནས་ལྷགས་སོ། །དེ་བཞིན་དུ་ལན་གཉིས་

ལན་གསུམ་དུ་བཏང་ཡང་སླར་བཏགས་བཅོམ་ནས་ལྷགས་སོ། །བློན་པོ་དག་གིས་གསོལ་པ། ལྷ་རི་བྲགས་ཀྱི་གྲོང་དག་གི་མཐུ་ནི་ཆེར་གྱུར། ལྷའི་མཐུ་ནི་འགྲིབས་ན་དེ་ལ་ལྷ་ཉིད་གཤེགས་ན་ནི་རི་བྲགས་ཀྱི་གྲོང་དེ་དག་ཀྱང་གདོད་ཁུགས་པར་འགྱུར་གྱི་གཞན་གྱིས་

མི་ནུས་སོ་ཞེས་སྨྲས་པ་དང་། རྒྱལ་པོས་ངའི་ཡུལ་ན་ཇི་སྙེད་མཚོན་ཆའི་མཐུས་འཚོ་བ་དེ་ཐམས་ཅད་མ་འཁོད་པར་ཤེག་ཤིག་ཅེས་དྲིལ་ཆེན་པོ་བསྒྲགས་སོ། །དེ་ནས་རྒྱལ་པོ་མཐུ་ཆེན་པོ་དང་ལྷན་ཅིག་ཏུ་གྲོང་རྡལ་དེར་ལྷགས་ནས་ཐམས་ཅད་བསྐོར་ཏེ་འཁོད་དོ། །འོན་

ཀྱང་དེ་དག་ནགས་ཚལ་སྟུག་པོ་ལ་བརྟེན་ནས་མ་ཕེབས་པ་དང་། བློན་པོས་ལྷ་ཁྱིམ་བདག་མགོན་མེད་ཟས་སྦྱིན་དེ་བསོད་ནམས་རབ་ཏུ་རྒྱས་ཤིང་ལྷ་རྣམས་ཀྱིས་ཡོངས་སུ་ཟིན་པས་དེ་འདིར་མཆིས་ན་གདོན་མི་འཚལ་བར་རི་བྲགས་ཀྱི་གྲོང་ཕེབས་པར་འགྱུར་རོ་ཞེས་སྨྲས་

པ་དང་། དེ་ནས་རྒྱལ་པོས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བསྟི་སྟང་ཆེར་བྱས་ནས་ཁྱིམ་བདག་ཁྱོད་ཀྱི་ངོ་བལྟ་བར་འདོད་དོ་ཞེས་ཡི་གེ་སྤྲིང་ངོ་། །དེ་ཡི་གེ་དེ་ཐོས་མ་ཐག་ཏུ་རིངས་བཞིན་དུ་སོང་སྟེ་རི་བྲགས་ཀྱི་གྲོང་རྡལ་དེར་ཕྱིན་ཏོ། །འོན་ཀྱང་གྲོང་རྡལ་དེ་མ་ཕེབས་ནས་

Vol. 13 · folio 153a

ཁྱིམ་བདག་མགོན་མེད་ཟས་སྦྱིན་དེ་རིང་དུ་ཐོགས་པར་གྱུར་ནས། དེ་དགེ་སློང་རྣམས་མ་མཐོང་བའི་ཕྱིར་སྐྱ་བོ་བསེང་བསེང་པོ་རིད་ཅིང་ལུས་མ་བརྟས་པར་གྱུར་ནས། རྒྱལ་པོས་མཐོང་སྟེ་དྲིས་པ། ཁྱིམ་བདག་ཁྱོད་བུ་དག་དྲན་ནམ་ཞེས་སྨྲས་པ་དང་།

དེས་ལྷ་བདག་བུ་དྲན་པ་ནི་མ་ལགས་ཀྱི། འཕགས་པ་རྣམས་བལྟ་བར་འཚལ་བའི་སླད་དུའོ་ཞེས་སྨྲས་པ་དང་། རྒྱལ་པོས་བློན་པོ་དག་ལ་ངས་བཀའ་སྩལ་པ་སྐད་དུ་མ་ཟེར་བར་ཅི་ནས་འཕགས་པ་རྣམས་འདིར་བྱོན་པའི་ཐབས་སུ་སྦྱོར་ཅིག་ཅེས་ཡི་གེ་སྤྲིང་བ་དང་། བློན་པོ་

དག་གིས་ཡི་གེ་བཀླགས་ནས་གྲོས་བྱེད་པ་ལ་ཞུགས་ཏེ། ཀྱེ་དེ་ལ་ཐབས་ཇི་ལྟར་བྱ་ཞེས་སྨྲས་པ་དང་། བློན་པོ་རྒན་པོ་གཞན་ཞིག་གིས་དེ་ལྟ་བླས་དེའི་ཐབས་ཤིག་བདག་གིས་སྦྱར་ལ་དགྱེ་བར་བྱའོ་ཞེས་སྨྲས་ནས། དེས་ཛེ་ཏའི་སྒོ་ན་ཨར་ཌ་ཚངས་སྦྱིན་གྱི་སྐྱེད་མོས་ཚལ་ཞིག་

ཡོད་པ་རྙིངས་ཏེ། མདའ་ལྟ་བུའི་ཚལ་དུ་གྱུར་པ་དེ་བཅོས་ལེགས་བྱས། མཆོད་རྟེན་གྱི་དག་ར་ནས་སྐྱེད་མོས་ཚལ་དེར་ཡུར་བ་དྲང་ངོ་ཞེས་སྲད་བུ་བྲེས་པ་དང་། དེ་དག་ཉིད་ལ་གནོད་པས་ན་ལྷ་ལྟ་ཞིང་འདོང་བར་འགྱུར་རོ་ཞེས་ཏེ། དེ་ནས་དེ་དག་གིས་སྐྱེད་མོས་ཚལ་

རྙིང་པ་དེ་འཆོས་པ་ལ་ཞུགས། དབུ་སྐྲ་དང་སེན་མོའི་མཆོད་རྟེན་གྱི་དབུས་སུ་སྲད་བུ་བྲེས་ན་སྲད་བུ་འདིའི་རྒྱུད་བཞིན་དུ་ཡུར་བ་བརྐོའོ་ཞེས་སྨྲས་པ་དང་། དགེ་སློང་གཙུག་ལག་ཁང་ན་གནས་པ་དང་། ཉིན་པར་སྤྱོད་དུ་དོང་བ་དེ་དག་འདུས་ཏེ་བློན་པོ་དེའི་གན་དུ་དོང་ནས་བཞིན་བཟངས་

འདི་ཅི་ཞིག་རྩོམ་ཞེས་སྨྲས་པ་དང་། འཕགས་པ་རྣམས་ལྷས་བདག་ཅག་ལ་ངའི་ཕའི་སྐྱེད་མོས་ཚལ་རྙིང་པ་ཆོས་ཤིག་དང་། ང་དེར་འོང་ངོ་ཞེས་ཡི་གེ་མཆིས་པས་ན་འདི་དག་བདག་ཅག་གིས་ཕྱི་བདར་བགྱིས་ཏེ་དེར་ཆུ་དྲང་བའི་ཡུར་བ་བརྐོའོ་ཞེས་སྨྲས་པ་དང་། ཅི་ཁྱེད་ཀྱིས་

བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་གཞིག་གམ། དེ་ལྟར་མ་བྱེད་ཅིག་ཅེས་སྨྲས་པ་དང་། འཕགས་པ་དག་ལྷའི་བཀའ་བཞིན་ནི་བདག་ཅག་གིས་མི་བགྱིར་མི་རུང་སྟེ། བདག་ཅག་ལ་མགོ་གཉིས་སུ་མ་མཆིས་ཀྱིས་ལྷའི་བཀའ་བཅག་ཏུ་མི་རུང་ངོ་ཞེས་སྨྲས་

Vol. 13 · folio 153b

པ་དང་། བཞིན་བཟངས་ངེད་ཀྱིས་ལྷ་ལ་གསོལ་གྱིས་དེའི་བར་དུ་སྡོད་ཅིག་ཅེས་སྨྲས་པ་དང་། འཕགས་པ་བདག་ཅག་གིས་བསྡད་ཀྱིས་གསོལ་བ་མཛད་དུ་གསོལ་ཞེས་སྨྲས་པ་དང་། བཞིན་བཟངས་ལྷ་འདུག་པ་དེར་ཇི་སྲིད་ཡོད། འཕགས་པ་ལམ་རིང་ངོ་། །བཞིན་

བཟངས་ཞག་གཅིག་ནས་བདུན་གྱིས་སླར་འཁོར་ཏམ། སླར་མི་འཁོར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ན་དགེ་སློང་དག་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཕྱིར་ཞག་བཞི་

བཅུར་བྱིན་གྱིས་རློབས་ལ་མཚམས་ཀྱི་ཕྱི་རོལ་དུ་འདོང་བར་གནང་ངོ་། །དགེ་སློང་དག་གིས་ཇི་ལྟར་བྱིན་གྱིས་བརླབ་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་རྣམས་ཐིང་སྟེ་གཎྜཱི་རྡུངས་ལ་དྲིས་པའི་ལན་གློན་པའི་དགེ་སློང་ཅིག་བསྐོས་ཏེ་དགེ་འདུན་ཐམས་ཅད་

འདུས་ནས་འཁོད་པ་དང་། སྔར་དགེ་སློང་གཅིག་གམ་གཉིས་སམ། གསུམ་ཡང་རུང་དད་པར་གྱིས་ཏེ། སངས་རྒྱས་སྲུང་དང་ཆོས་བྱིན་དང་། དགེ་འདུན་སྡེ་ཁྱེད་རྣམས་གནས་འདིའི་མཚམས་ཀྱི་ནང་དུ་དབྱར་སྔ་མའམ། ཕྱི་མ་ཡང་རུང་ཚུལ་དུ་ཞུགས་པ་ལས་དགེ་

འདུན་གྱི་དོན་གྱི་ཕྱིར་ཞག་བཞི་བཅུར་བྱིན་གྱིས་བརླབས་ཏེ། མཚམས་ཀྱི་ཕྱི་རོལ་དུ་དོང་ལ་ཁྱེད་དབྱར་གྱི་གནས་འདིར་ཏེ། དབྱར་འདིར་གནས་པར་དད་དམ་ཞེས་བསྒོ་ལ། དེ་སྟེ་དད་ན་དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་དང་ལས་བྱོས་ཤིག །གསོན་ཅིག་བཙུན་པའི་དགེ་

འདུན་རྣམས། སངས་རྒྱས་སྲུང་དང་། ཆོས་བྱིན་དང་། དགེ་འདུན་སྡེ་འདི་དག་མཚམས་ཀྱི་ནང་གནས་འདིར་དབྱར་སྔ་མ་འམ་ཕྱི་མ་ཚུལ་དུ་ཞུགས་པ་ལས། འདི་དག་དགེ་འདུན་གྱི་དོན་གྱི་ཕྱིར་ཞག་བཞི་བཅུར་བྱིན་གྱིས་བརླབས་ཏེ། མཚམས་ཀྱི་ཕྱི་རོལ་དུ་འདོང་ཞིང་འདི་

དག་དབྱར་གནས་འདི་ལགས་ཏེ། དབྱར་འདིར་གནས་ན་དེ་སྟེ་དགེ་འདུན་རྣམས་ཀྱིས་བཟོད་ཅིང་དུས་ལ་བབ་ན་དགེ་འདུན་གྱིས་གནང་ལ། དགེ་འདུན་གྱིས་སངས་རྒྱས་སྲུང་དང་། ཆོས་བྱིན་དང་། དགེ་འདུན་སྡེ་དག་ཞག་བཞི་བཅུར་སྐོས་ཤིག །སངས་རྒྱས་སྲུང་དང་། ཆོས་

Vol. 13 · folio 154a

བྱིན་དང་། དགེ་འདུན་སྡེས་དགེ་འདུན་གྱི་དོན་གྱི་ཕྱིར་ཞག་བཞི་བཅུར་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱི་རོལ་དུ་དོང་ལ། དེ་དག་དབྱར་གནས་འདི་ལགས་ཏེ་དབྱར་འདིར་གནས་སོ། །འདི་ནི་གསོལ་བའོ། །ལས་ཀྱང་འདི་བཞིན་དུ་བྱོས་ཤིག །

གསོན་ཅིག་བཙུན་པའི་དགེ་འདུན་རྣམས། སངས་རྒྱས་སྲུང་དང་། ཆོས་བྱིན་དང་། དགེ་འདུན་སྡེ་འདི་དག་དགེ་འདུན་གྱི་དོན་གྱི་ཕྱིར་ཞག་བཞི་བཅུར་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱི་རོལ་དུ་འདོང་ཞིང་། འདི་དག་དབྱར་གནས་འདི་ལགས་ཏེ། ཚེ་དང་ལྡན་པ་རྣམས་

ལས་གང་ལ་སངས་རྒྱས་སྲུང་དང་། ཆོས་བྱིན་དང་། དགེ་འདུན་སྡེ་དག་གིས་དགེ་འདུན་གྱི་དོན་གྱི་ཕྱིར་ཞག་བཞི་བཅུར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་མི་བཟོད་པ་དེ་དག་ནི་སྨྲོས་ཤིག །དགེ་འདུན་གྱིས་སངས་རྒྱས་སྲུང་དང་། ཆོས་བྱིན་དང་། དགེ་

འདུན་སྡེ་འདི་དག་དགེ་འདུན་གྱི་དོན་གྱི་ཕྱིར་ཞག་བཞི་བཅུར་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱི་རོལ་དུ་མཆིས་ལ་དེ་དག་དབྱར་གནས་འདི་ལགས་ཏེ་དབྱར་འདིར་གནས་པར་དགེ་འདུན་གྱིས་བཟོད་ཅིང་གནང་བས་ན་ཅང་མི་གསུང་སྟེ་དེ་དེ་བཞིན་དུ་འཛིན་ཏོ། །གང་ལ་དགེ་འདུན་གྱིས་ཞག་

བཞི་བཅུར་བསྐོས་པ་དེ་དག་བྱིན་གྱིས་རློབས་ཏེ། མཚམས་ཀྱི་ཕྱི་རོལ་དུ་དོང་ཤིག་དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །བྱིན་གྱིས་བརླབ་པ་ནི་འདི་བཞིན་དུ་གྱིས་ཤིག །དགེ་སློང་གཅིག་གི་མདུན་དུ་ཐལ་མོ་སྦྱོར་ལ་འདུག་སྟེ་ཚིག་འདི་སྐད་དུ་དགོངས་ཤིག །ཚེ་དང་ལྡན་པ་བདག་

མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་གནས་དབྱར་སྔ་མའམ་ཕྱི་མ་ཡང་རུང་ཟླ་བ་གསུམ་མཚུངས་པ་ལས། བདག་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་དོན་གྱི་ཕྱིར་ཞག་བཞི་བཅུར་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱི་རོལ་དུ་མཆིས་ལ་བདག་གི་དབྱར་འདི་ལགས་ཏེ་དབྱར་

འདིར་གནས་སོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་སྨྲོས་ཤིག །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་ཞག་གཅིག་ཏུ་བྱིན་གྱིས་བརླབས་ལ་མཚམས་ཀྱི་སླད་རོལ་དུ་མཆི་བར་རུང་ངམ། ཨུ་པཱ་ལི་རུང་ངོ་། །དེ་བཞིན་

Vol. 13 · folio 154b

དུ་ཞག་གཉིས་སམ། ཞག་གསུམ་མམ། ཞག་བཞིའམ། ཞག་ལྔ་འམ། ཞག་དྲུག་གམ། ཞག་བདུན་ནམ། ཞག་བརྒྱད་དམ། ཞག་དགུ་འམ། ཞག་བཅུའམ། ཞག་ཉི་ཤུའམ། ཞག་སུམ་ཅུའམ། ཞག་བཞི་བཅུའི་བར་དུ་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་

ཕྱི་རོལ་དུ་འགྲོ་བར་རུང་ངོ་། །བཙུན་པ་ཞག་བཞི་བཅུ་ཕན་ཆད་བྱིན་གྱིས་བརླབ་པར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་མཚམས་ཀྱི་ནང་དུ་ནི་ཞག་མང་དུ་གནས་པར་བྱའི་མཚམས་ཀྱི་ཕྱི་རོལ་དུ་ནི་ཞག་ཉུང་ངུ་གནས་པར་བྱའོ། །ཡང་གསོལ་པ།

བཙུན་པ་བཅོམ་ལྡན་འདས་ཀྱིས་ཞག་གཅིག་ཏུ་བྱིན་གྱིས་བརླབ་པར་བྱོས་ཤིག་ཅེས་གསུངས་ན། སུའི་མདུན་དུ་བྱིན་གྱིས་བརླབ་པར་བགྱི། ཨུ་པཱ་ལི་དེ་ནི་དགེ་སློང་གཅིག་གི་གན་དུའོ། །དེ་བཞིན་དུ་ཞག་གཉིས་སམ། ཞག་གསུམ་མམ། ཞག་བཞིའམ། ཞག་

ལྔའམ། ཞག་དྲུག་གི་བར་དུ་བྱིན་གྱིས་བརླབ་པར་བྱའོ། །ཞག་དྲུག་ཕན་ཆད་ནས་ཞག་བཞི་བཅུའི་བར་དུ་ནི་དགེ་འདུན་ལ་གསོལ་ཏེ་བསྐོས་ན་དགེ་འདུན་ནམ་གང་ཟག་གི་མདུན་དུ་ཡང་རུང་ཅི་དགའ་བར་བྱིན་གྱིས་རློབས་ཤིག །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་

པ་ཨུ་པཱ་ལིས་ཞུས་པ། བཙུན་པ་པགས་པ་མི་རུང་བ་དེའི་ཤ་ཡང་མི་རུང་བ་ལགས་སམ། ཨུ་པཱ་ལི་པགས་པ་མི་རུང་བ་དེའི་ཤ་ཡང་མི་རུང་བའོ། །དེའི་རྒྱུས་པ་དང་། རུས་པ་དག་ཀྱང་མི་རུང་བའོ། །རྐྱང་པའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་གསུམ་པའོ།། །།

འདུལ་བ་གཞུང་དམ་པ། བམ་པོ་སུམ་བཅུ་རྩ་དགུ་པ། མདོར་ན། གཟུགས་ཅན་སྙིང་པོ་མལ་གོས་དང་། །ཕྱི་མོ་དུས་འདས་དེ་བཞིན་ཏེ། །བྱ་རོག་འུག་པ་བྱ་རྒོད་དང་། །དེ་དག་བཟའ་བར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་

ད་ཀ་གནས་པ་ན་བཞུགས་པའི་ཚེ་གང་གི་ཚེ་རྒྱལ་པོ་མ་སྐྱེས་དགྲ་ལྷ་སྦྱིན་གྱིས་བསླུས་ནས་དེའི་ཕ་ཆོས་ཅན་ཆོས་བཞིན་དུ་རྒྱལ་པོ་བྱེད་པ་འཚོ་བ་དང་ཕྲལ་བ་དེའི་ཚེ་མལ་གོས་དག་མཐོང་བ་དང་ངུ་བར་གྱུར་ནས། བློན་པོ་དག་གིས་ལྷ་རྒྱལ་པོ་བགྲེས་པོ་ནི་འཕགས་པ་དག་ལ་དགྱེས་

Vol. 13 · folio 155a

ན་གཟིམས་ཆ་འདི་དག་ཀྱང་དགེ་འདུན་ལ་དབུལ་བའི་རིགས་སོ་ཞེས་སྨྲས་པ་དང་། དེས་མལ་གོས་དེ་དག་གཙུག་ལག་ཁང་དུ་ཕུལ་ལོ། །དགེ་སློང་དག་གིས་དེ་སྒོ་ཁང་དུ་བཏིང་སྟེ་བཞག་གོ། །དེ་དུས་ཕྱི་ཞིག་ན་རྒྱལ་པོས་གཙུག་ལག་ཁང་དུ་

འོངས་ནས་དེས་དེ་མཐོང་བ་དང་ངུ་བར་གྱུར་ཏོ། །བློན་པོ་དག་གིས་འཕགས་པ་དག་ཁྱེད་ལ་སྦྱིན་པ་ནི་མི་མཐོང་བར་བྱ་བའི་ཕྱིར་ན་སྒོ་ཁང་དུ་བཏིང་བ་འདི་ནི་ཉེས་པའི་དམིགས་སུ་གྱུར་ཏོ་ཞེས་སྨྲས་པ་དང་། དེ་དག་ཅང་མི་ཟེར་བར་འདུག་གོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་

བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྒོ་ཁང་དུ་མ་གདིང་ཤིག་ཅེས་བཀའ་སྩལ་ནས། ཡང་ཐོག་ཏུ་བཏིང་བ་དང་། དེ་ཉིད་ཉེས་པའི་དམིགས་སུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་ཡང་ཐོག་ཏུ་གདིང་བར་མ་བྱེད་ཅིག་ཅེས་བཀའ་སྩལ་པ་

དང་། གནས་ཁང་དུ་བཏིང་སྟེ་བཞག་གོ། །མ་དད་པ་དག་གིས་རྒྱལ་པོའི་མལ་གོས་ནི་དགེ་སློང་དག་གིས་ངེས་པར་བཙོངས་ཏེ་ཟོས་པས་ན་དེ་སྔོན་སྣང་ན་ད་མི་སྣང་ངོ་ཞེས་དཔྱས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེས་བརྒྱད་དམ། བཅུ་བཞིའི་

ཚེ་ཡང་ཐོག་ཏུ་ཐིང་ལ་ཞོག་ཤིག །མ་དད་པ་དག་གིས་མཐོང་ནས་ལྷའི་མལ་སྟན་དག་ནི་དགེ་སློང་དག་གིས་བཙོངས་ནས་ཟོས་ཏེ་མེད་དོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

ཡོན་དུ་ཕུལ་བའི་དངོས་པོ་འདི་ནི་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཡིན་ནོ་ཞེས་མཐའ་མ་ལ་ཡི་གེར་བྲིས་ཏེ་ཞོག་ཤིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ཕྱི་མོ་སྡུག་ཅིང་ཡིད་དུ་འོང་བ་ཞིག་དུས་འདས་པ་དང་། དེ་ཕྱིར་

ཕྱུང་སྟེ་བསྲེགས་ནས། ཤི་བའི་ཆོ་ག་བྱས་ཏེ་ནང་པར་སྔར་གོས་ཀྱང་གཤེར། སྐྲ་ཡང་གཤེར་བཞིན་དུ། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འདུག་

Vol. 13 · folio 155b

གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ནང་པར་སྔར་སྐྲ་ཡང་གཤེར། གོས་ཀྱང་གཤེར་བཞིན་དུ་འདིར་ཅི་ལ་འོངས། བཙུན་པ་བདག་གི་ཕྱི་མོ་རབ་

ཏུ་སྡུག་ཅིང་ཡིད་དུ་འོང་བ་ཞིག་དུས་འདས་པ་དང་། དེ་ཕྱིར་ཕྱུང་སྟེ་བསྲེགས་ནས་ཤི་བའི་ཆོ་ག་བགྱིས་ཏེ། དེའི་ཕྱིར་ནང་པར་སྔར་གོས་ཀྱང་གཤེར། སྐྲ་ཡང་གཤེར་བཞིན་དུ་འདིར་མཆིས་སོ། །རྒྱལ་པོ་ཆེན་པོ་ཕྱི་མོ་རབ་ཏུ་སྡུག་གམ། བཙུན་པ་རབ་ཏུ་སྡུག་ཅིང་ཡིད་དུ་

མཆི་སྟེ། བཙུན་པ་ཕྱི་མོ་སོས་པར་བྱས་བལ་གླང་མང་པོ་འཚལ་ཞེས་མཆི་བ་ཞིག་མཆིས་ན་ཡང་བདག་གིས་བལ་གླང་མང་པོ་ཡང་གཏོང་ངོ་། །དེ་བཞིན་དུ་རྟ་མང་པོ་དང་། ཤིང་རྟ་མང་པོ་དང་། རྒྱལ་སྲིད་ཕྱེད་འཚལ་ན་ཡང་ཕྱི་མོ་སོས་ན་རྒྱལ་སྲིད་ཕྱེད་ཀྱང་གཏོང་ཕོད་

དོ། །བཙུན་པ་བདག་གིས་དེ་ལ་དེ་བཞིན་དུ་མྱ་ངན་དང་། དེ་བཞིན་དུ་ཉོན་མོངས་པ་དང་། དེ་བཞིན་དུ་མྱ་ངན་གྱིས་གཟིར་བཞིན་དུ་བསྒྲིམས་ཀྱང་ཕྱི་མོ་སྡུག་ཅིང་ཡིད་དུ་འོང་བ་དུས་འདས་པ་དང་། བདག་གིས་འདི་སྙམ་དུ་བསམས་སོ། །བཅོམ་ལྡན་འདས་ཀྱིས་ལེགས་

པར་གསུངས་པ་ནི་ངོ་མཚར་ཆེ་སྟེ། སེམས་ཅན་ཐམས་ཅད་དང་། སྲོག་ཆགས་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་འཚོ་བའི་མཐའ་ནི་འཆི་བར་འགྱུར་རོ། །མཐར་ནི་འཆི་བ་ལ་ཐུག་པས་ན་སྐྱེས་ན་འཆིའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་ངོ་མཚར་

ཆེའོ་ཞེས་གསོལ་པ་དང་། རྒྱལ་པོ་ཆེན་པོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། སེམས་ཅན་ཐམས་ཅད་དང་། སྲོག་ཆགས་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་ཀྱང་འཚོ་བའི་མཐའ་ནི་འཆི་བར་འགྱུར་ཏེ། མཐར་འཆི་བ་ལ་ཐུག་པས་ན་སྐྱེས་ཕན་ཆད་མི་འཆི་བ་མེད་

དོ། །རྒྱལ་པོ་ཆེན་པོ་གང་རྒྱལ་རིགས་ཆེ་ཞིང་མཐོ་བ་དང་། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དང་། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དེ་དག་ཀྱང་འཚོ་བའི་མཐའ་ནི་འཆི་བར་འགྱུར་ཏེ། མཐར་འཆི་བ་ལ་ཐུག་པས་ན་སྐྱེས་ཕན་ཆད་མི་འཆི་བ་མེད་དོ། །ཡང་རྒྱལ་པོ་

Vol. 13 · folio 156a

ཆེན་པོ་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བ་སྐྱེ་བོ་མང་པོ་ལ་དབང་ཞིང་བརྩོན་འགྲུས་ཐོབ་པ། ས་གཞི་ཆེན་པོའི་དཀྱིལ་འཁོར་ཡང་རབ་ཏུ་བཏུལ་ཅིང་གནས་པར་བྱེད་པ་དེ་ལྟ་བུ་དག་ཀྱང་འཚོ་བའི་མཐའ་ནི་འཆི་བར་འགྱུར་ཏེ། མཐར་འཆི་བ་ལ་ཐུག་

པས་ན་སྐྱེས་ཕན་ཆད་མི་འཆི་བ་མེད་དོ། །རྒྱལ་པོ་ཆེན་པོ་ཡང་འདི་ལྟར་རྒྱལ་པོ་ལས་དྲང་སྲོང་དུ་གནས་ན་གནས་པ་འབྲས་བུ་རང་ལྷུང་ཟ་བ་རྩ་བ་དང་འབྲས་བུས་འཚོ་བ་དེ་ལྟ་བུ་ཡང་འཚོ་བའི་མཐའ་ནི་འཆི་བར་འགྱུར་ཏེ། མཐར་འཆི་བ་ལ་ཐུག་པས་ན་སྐྱེས་ཕན་ཆད་མི་འཆི་

བ་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་ལྷ་ཚེ་རིང་པོ་ཁ་དོག་དང་ལྡན་པ་མང་བ་གཞལ་མེད་ཁང་མཐོན་པོ་ན་འདུག་ཀྱང་དེ་དག་གནས་དེ་ནས་འཆི་འཕོ་བའི་ཆོས་སུ་འགྱུར་རོ། །འདི་ལྟར་ཡང་རྒྱལ་པོ་ཆེན་པོ་དགྲ་བཅོམ་པ་ཟག་པ་ཟད་པ། བྱ་བ་བསྒྲུབས་པ་ཁུར་བོར་བ། རང་

གི་དོན་ཐོབ་པ། སྲིད་པར་སྦྱོར་བ་ཟད་པ། ཡང་དག་པའི་བཀའ་ལ་སེམས་ཀྱིས་རྣམ་པར་གྲོལ་བ་དེ་དག་གི་ལུས་ཀྱང་རྗེ་བའི་ཆོས་སུ་འགྱུར་རོ། །ཡང་འདི་ལྟར་རྒྱལ་པོ་ཆེན་པོ་རང་སངས་རྒྱས་བསེ་རུ་འདྲ་བ། བདག་གཅིག་པུ་དུལ་བ། བདག་གཅིག་པུ་ཞི་བ། བདག་

གཅིག་པུ་མྱ་ངན་ལས་ཟློ་བ་དེ་དག་ཀྱང་ལུས་རྗེ་བའི་ཆོས་སུ་འགྱུར་རོ། །ཡང་འདི་ལྟར་རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོབས་བཅུ་དང་ལྡན་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་དམ་པ།

སེང་གེའི་སྒྲ་སྒྲོགས་པ་དེ་ལྟ་བུའི་སྐུ་ཡང་རྗེ་བའི་ཆོས་སུ་འགྱུར་རོ། །རྒྱལ་པོ་ཆེན་པོ་རྣམ་པ་དེ་ལྟ་བུ་ཐམས་ཅད་ཀྱང་དེ་བཞིན་དུ་རིག་པར་གྱིས་ཤིག །གང་སེམས་ཅན་ཐམས་ཅད་དང་། སྲོག་ཆགས་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་ཀྱང་འཚོ་བའི་མཐའ་ནི་

འཆི་བར་འགྱུར་ཏེ། མཐར་འཆི་བ་ལ་ཐུག་པས་ན་སྐྱེས་ཕན་ཆད་མི་འཆི་བ་མེད་དེ། སེམས་ཅན་ཐམས་ཅད་ཀྱང་འཚོ་བའི་མཐའ་ནི་འཆི་བར་འགྱུར་ཏེ། ཇི་ལྟར་ལས་བྱས་དེ་ཡིས་ནི། །བསོད་ནམས་སྡིག་པའི་འབྲས་བུར་འགྲོ། །སྡིག་པའི་ལས་ནི་དམྱལ་བར་ལྟུང་། །

Vol. 13 · folio 156b

བསོད་ནམས་བྱས་པས་མཐོ་རིས་འགྲོ། །ཁ་ཅིག་ལམ་ལ་བསྒོམས་པས་ནི། །ཟག་པ་མེད་པར་མྱ་ངན་འདའ། །སངས་རྒྱས་དང་ནི་རང་སངས་རྒྱས། །སངས་རྒྱས་ཀྱི་ནི་ཉན་ཐོས་རྣམས། །ལུས་ནི་རྣམ་པར་འདོར་འགྱུར་ན། །སྐྱེ་དགུ་མ་རབས་སྨོས་ཅི་དགོས། །

དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་སྟེ། བདག་གི་ཁྱིམ་དུ་ཕྱིན་པ་དང་། ཕྱི་མོའི་

མལ་གོས་སྟོང་པར་མཐོང་ནས་ཡང་སྡུག་པ་ཤི་བའི་མྱ་ངན་གྱིས་སེམས་འཁྲུགས་ནས་བློན་པོ་དག་ལ་སྨྲས་པ། ཀྱེ་ངས་མལ་གོས་འདི་མཐོང་ནས་རབ་ཏུ་མི་དགའ་བ་སྐྱེས་ཀྱིས་སོང་ལ་འཕགས་པའི་དགེ་འདུན་དག་ལ་འདི་ཕུལ་ཅིག །དེ་དག་གིས་ཀྱང་ཛེ་ཏའི་ཚལ་དུ་འཕགས་

པའི་དགེ་འདུན་དག་ལ་ཕུལ་བ་དང་། དགེ་སློང་དག་གིས་སྒོ་ཁང་དུ་བཏིང་སྟེ་བཞག་གོ། །དེ་ནས་དུས་ཕྱི་ཞིག་ན་རྒྱལ་པོ་དེ་གཙུག་ལག་ཁང་དུ་འོངས་ནས་དེས་དེ་མཐོང་བ་དང་། དེ་ངུས་སོ། །བློན་པོ་དག་གིས་འཕགས་པ་དག་གིས་འདི་མི་བསྟན་པའི་ཕྱིར་ཁྱེད་ལ་དབུལ་ན་

སྒོ་ཁང་དུ་བཏིང་བ་དེ་ཉིད་ཉེས་པའི་དམིགས་སུ་གྱུར་ཏོ་ཞེས་སྨྲས་པ་དང་། དེ་དག་ཅང་མི་ཟེར་བར་འདུག་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་ཁང་དུ་མ་གདིང་བར་ཡང་ཐོག་ཏུ་ཐིང་

ཤིག །དེ་ཡང་ཉེས་པའི་དམིགས་སུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་ཐོག་ཏུ་མ་གདིང་བར་གནས་ཁང་དུ་ཐིང་ཤིག །དེ་གནས་ཁང་དུ་བཏིང་བ་དང་། མ་དད་པ་དག་གིས་རྒྱལ་མོའི་མལ་གོས་ནི་དགེ་སློང་རྣམས་ཀྱིས་བཙོངས་ཏེ་ཟོས་གོར་

མ་ཆག །སྔ་ན་ནི་སྣང་ན་ད་མི་སྣང་ངོ་ཞེས་འཕྱ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེས་བརྒྱད་དམ་བཅུ་བཞིའི་དུས་སུ་ཡང་ཐོག་ཏུ་ཐིང་ལ་ཞོག་ཤིག །མ་དད་པ་དག་གིས་མཐོང་ནས། འདི་ནི་ལྷ་མོའི་མལ་གོས་མ་ཡིན་གྱི། དགེ་སློང་དག་གིས་

Vol. 13 · folio 157a

ངེས་པར་བཙོངས་ཏེ་ཟོས་སོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཕུལ་བའི་གོས་སོ་ཞེས་ཡི་གེར་བྲིས་ཏེ་ཞོག་

ཤིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་མཉན་དུ་ཡོད་པར་སེར་བ་དྲག་པོ་ཞིག་བབ་ནས་དེར་རི་དགས་དང་བྱ་མང་ཞིག་ཤིའོ། །སྐྱེ་བོ་མང་པོ་དག་ཐོ་རངས་སྔར་ལངས་ནས་རི་དགས་དང་བྱ་གང་བཟར་རུང་བ་ལ་སོགས་པ་ནི་བསྡུས་ཏེ་ཁྱེར། བྱ་རོག་ལ་སོགས་ཏེ་

བཟར་མི་རུང་བ་ནི་བོར་རོ། །དྲུག་སྡེ་རྣམས་ཆོས་ཀྱིས་མང་དུ་ཟ་ཞིང་རིང་དུ་ཉལ་ལོ། །དེ་དག་རིང་ཞིག་ནས་ནམ་ལངས་ཏེ་ཐོས་མ་ཐག་ཏུ་མྱུར་དུ་རིངས་པར་དོང་ནས་དེ་དག་གིས་བྱ་རོག་དང་། འུག་པ་དང་། བྱ་རྒོད་དང་། བྱ་ཆུ་སྐྱར་མོ་དག་བླངས་ཏེ་འོང་བ་བྲམ་ཟེ་དང་ཁྱིམ་བདག་

གིས་མཐོང་ནས་དེ་དག་གིས་འཕགས་པ་འདིས་ཅི་ཞིག་བྱ་ཞེས་སྨྲས་པ་དང་། དེ་དག་གིས་བཟའོ་ཞེས་སྨྲས་ནས། འཕགས་པ་འདི་དག་ནི་བཟར་མི་རུང་གིས་བོར་ཅིག་ཀྱེ་གཞན་རྙེད་ན་ཡང་བླང་ན་འདི་ཅིའི་ཕྱིར་མི་བཟའ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་

ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྱ་རོག་ལ་སོགས་པ་ཤ་བཟར་མི་རུང་བའི་ཤ་མ་ཟ་ཤིག །ཟོས་ན་འདས་པ་དང་བཅས་པར་འགྱུར་རོ། །རྐྱང་པའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་བཞི་པའོ།། །།མདོར་ན། ཁྱི་དང་ཁྲ་དང་

འུག་པ་དང་། །མི་ཤ་ཟ་བའི་བྱ་དག་དང་། །རྟ་དང་དྲེའུ་ཝ་དང་ནི། །སྤྲེའུ་རྣམས་བཟའ་བར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མུ་གེ་བྱུང་ནས་ཁྱིམ་པ་དག་ཁྱིའི་ཤ་ཟ་བ་ལ་

ཞུགས་པ་དང་། དྲུག་སྡེ་དག་མཉན་དུ་ཡོད་པར་བསོད་སྙོམས་ལ་དོང་སྟེ། ཁྱིམ་གང་ནས་གང་དུ་འོངས་པ་དེ་དང་དེར་འཕགས་པ་ཅུང་ཟད་ཙམ་ཡང་མ་མཆིས་སོ་ཞེས་སྨྲས་པ་དང་། དེ་ནས་ཡང་ཁྱིམ་བདག་གཞན་ཞིག་ཏུ་འོངས་པ་དང་། དེ་ན་རྫེའུ་ནང་དུ་ཁྱི་ཤ་ཞིག་འཚོད་

Vol. 13 · folio 157b

དེ་ཁོལ་ཞིང་འདུག་གོ། །ཁྱིམ་བདག་གི་ཆུང་མས་འཕགས་པ་ཅུང་ཟད་ཀྱང་མ་མཆིས་ཀྱིས་བཞུད་ཅིག་ཅེས་སྨྲས་པ་དང་། དེ་དག་གིས་སྨྲས་པ། རྫེའུ་ནང་ན་ཁོལ་ཞིང་འདུག་པ་དེ་ཅི་ཡིན། འཕགས་པ་འདི་ནི་ཁྱི་ཤའོ། །ཅི་ཁྱེད་ཅག་ཁྱི་ཤ་ཟའམ། འཕགས་པ་མུ་

གེ་བྱུང་བས་ན་འཚལ་ལོ། །དེ་ལྟར་ན་ངེད་ཅག་ཀྱང་བྱིན་ཅིག །འཕགས་པ་ཁྱེད་ཀྱང་གསོལ་ལམ། ཀྱེ་ངེད་ཅག་གི་སྲོག་ཁྱེད་ལ་རྟེན་ན་ཁྱེད་ཅག་ཟ་ན་ངེད་ཅག་ཀྱང་ཅིའི་ཕྱིར་མི་བཟའ། དེ་དག་གིས་བྱིན་ནོ། །དེ་བྱིན་པ་དང་ཁྱེར་ཏེ་སོང་ངོ་། །ཁྱི་དག་གིས་སྣར་བསྣམས་པ་

ཚོར་ནས་དེ་དག་གིས་བསྐོར་ཅིང་། བདག་བདག་གི་སྐད་ཀྱིས་ཟུགས་ཤིང་དུ་སྟེ་ཕྱི་བཞིན་དུ་འབྲང་བ་བྲམ་ཟེ་དང་ཁྱིམ་བདག་གིས་མཐོང་ནས་དེ་དག་གིས་སྨྲས་པ། འཕགས་པ་ཅིའི་སླད་དུ་ཁྱི་དག་གིས་གཙེས་བཞིན་དུ་འདོང་། དེ་དག་གིས་སྨྲས་པ། བདག་ཅག་བསོད་

སྙོམས་ཁྱི་ཤ་ཅུང་ཟད་ཅིག་རྙེད་དོ། །འཕགས་པ་ཅི་ཁྱེད་ཅག་ཁྱིའི་ཤ་ཟའམ། ཀྱེ་འདི་ལྟ་བུ་བསོད་སྙོམས་མི་རྙེད་པའི་དུས་ན་ངེད་ཅག་ཅི་ལྟོགས་བཞིན་དུ་འཆིའམ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ།

གང་དགེ་སློང་དག་གིས་ཁྱི་ཤ་ཟོས་པས་ནི་ཉེས་པའི་དམིགས་སུ་གྱུར་ཏེ། དེ་བས་ན་དགེ་སློང་དག་ཁྱི་ཤ་མ་ཟ་ཤིག །དགེ་སློང་དག་གིས་ཁྱི་ཤ་ཟོས་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་དག་གིས་ཁྲ་དང་། འུག་པ་དང་། བྱ་མི་

ཤ་ཟ་བ་དེ་དག་གི་ཤ་ཡང་ཟ་བ་དང་། བྲམ་ཟེ་དང་ཁྱིམ་བདག་མ་དད་པ་དག་འཕྱ་བར་གྱུར་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྲ་དང་། འུག་པ་དང་། མི་ཤ་ཟ་བ་དག་གི་བྱའི་

ཤ་མ་ཟ་ཤིག །དགེ་སློང་དག་གིས་ཁྲ་དང་། འུག་པ་དང་། མི་ཤ་ཟ་བ་དག་གི་བྱའི་ཤ་ཟོས་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མ་བྱིན་པར་ལེན་པ་དག་གིས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་དྲེའུ་ཞིག་བརྐུས་ཏེ་ཁྲིད་ནས་

Vol. 13 · folio 158a

ནགས་སྟུག་པོའི་ནང་དུ་བསད་དེ་ཤ་ཁྱེར་ནས་མགོ་སུག་བོར་ཏེ་དོང་ངོ་། །དྲུག་སྡེ་རྣམས་ཆོས་ཀྱིས་གོམས་པ་ནི་ནང་པར་སྔར་ལངས་ནས་ཁང་སྟེང་དུ་བྱུང་སྟེ་ཕྱོགས་བཞིར་བལྟས་ནས་དུད་པ་གང་ན་ཆེ་བ་དང་། བྱ་རྒོད་གང་ན་ལྡིང་བ་ཕྱོགས་བཞིར་བལྟས་ནས་དེར་དོང་

ངོ་། །དེ་དག་གིས་ནགས་སྟུག་པོ་ན་བྱ་རྒོད་ལྡིང་བ་མཐོང་ནས། དེ་དག་ནགས་སྟུག་པོར་རྒྱུག་ཅིང་རིངས་པར་དོང་བ་དང་། ནགས་སྟུག་པོ་དེ་ནི་དྲེའུའི་མགོ་དང་རྐང་ལག་དང་མཇུག་མ་དག་མཐོང་ནས། དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བོ་རྡུལ་ཁྲོད་པ་ཞིག་རྙེད་ན་བླང་

ངམ་ཞེས་པ་དང་། ལེགས་ཀྱིས་བླང་ངོ་ཞེས་ནས་དེ་དག་གཅིག་ཏུ་བསྡུས་པ་དང་། དྲེའུ་རྫི་ཡན་མན་ཚོལ་བས་མཐོང་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་ནི་དྲང་སྲོང་གི་རྒྱལ་མཚན་འཛིན་ན་ཅིའི་ཕྱིར་ངན་དུ་སྤྱོད་པ་མཛད། ངེད་ཅག་གིས་ཅི་ཞིག་ཉེས་ཞེས་སྨྲས་

པ་དང་། རྒྱལ་པོའི་དྲེའུ་ནི་ཁྱེད་ཅག་གིས་བསད་དོ་ཞེས་སྨྲས་པ་དང་། སྡིག་པ་ཞི་བར་གྱུར་ཅིག་ངེད་ཅག་ནི་མི་གསོད་དོ། །འོ་ན་སུས་བསད་ཅེས་པ་དང་། མ་བྱིན་པར་ལེན་པ་དག་གིས་བསད་དེ། ངེད་ཅག་གིས་ནི་མགོ་དང་། རྐང་པ་དང་། མཇུག་མ་དག་རྡུལ་ཁྲོད་

པར་བྱིན་གྱིས་བརླབས་སོ། །དེ་དག་གིས་ཅི་འཕགས་པ་ཁྱེད་ཅག་དྲེའུ་ཤ་བསྣམས་སམ་ཞེས་སྨྲས་པ་དང་། ཟའོ་ཞེས་སྨྲས་པས་དེ་དག་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

གང་དགེ་སློང་དག་སྲོག་ཆགས་དྲེའུ་ཤ་ཟོས་པ་ནི་ཉེས་པའི་དམིགས་སུ་འགྱུར་ཏེ། དེ་བས་ན་དགེ་སློང་དག་གིས་སྲོག་ཆགས་རྨིག་ཟླུམ་གྱི་ཤ་མ་ཟ་ཤིག །དེ་སྟེ་ཟོས་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་དག་གིས་ཝའི་ཤ་

ཟོས་པ་དང་། བྲམ་ཟེ་དང་ཁྱིམ་བདག་གིས་མཐོང་ནས་སྨྲས་པ། བཙུན་པ་འདི་ཅི་ལགས། ཝའི་ཤའོ། །ཅི་འཕགས་པ་དག་ཀྱང་ཝའི་ཤ་བསྣམས་སམ། ཟའོ་ཞེས་སྨྲས་པ་དང་། དེ་དག་འཕྱ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་

Vol. 13 · folio 158b

གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བ་ནི་ཡུས་ཏེ། དགེ་སློང་དག་དེ་བས་ན་ཝའི་ཤ་མ་ཟ་ཤིག །དགེ་སློང་དག་གིས་ཝའི་ཤ་ཟོས་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་

ན་སྟེ། ཛེ་ཏའི་ཚལ་ན་སྤྲེའུ་ཞིག་ཤིང་ཀ་ནས་ཤིང་ཀར་རྒྱུ་བ་ལས་ལྷུང་ནས་དུས་འདས་ཏེ། དྲུག་སྡེ་དག་གིས་རྫེའུ་ཞིག་གི་ནང་དུ་བཅུག་སྟེ་འཚེད་པ་དང་། བུད་མེད་གཞན་ཞིག་བུ་ཆུང་ངུ་ཞིག་སྟོར་ནས་དེ་ཚོལ་ཞིང་ཛེ་ཏའི་ཚལ་དུ་འོངས་ན། དྲུག་སྡེ་རྣམས་རྫེའུའི་ནང་དུ་

སྤྲེའུ་བཙོས་པ་མཐོང་ངོ་། །མཐོང་ནས་དེས་དྲུག་སྡེ་དག་གིས་བདག་གི་བུ་འདིར་མ་བཙོས་སམ་སྙམ་བསམས་ཏེ་རྟོག་པ་ལ་ཞུགས་པ་དང་། ཇི་ཙམ་ཞིག་ན་ལྷུང་ལྷུང་ཁོལ་བ་དང་སྤྲེའུའི་ལག་པ་གྱེན་དུ་བྱུང་བ་དང་། དེས་བྲང་བརྡུངས་ཏེ་ཀྱི་ཧུད་བུ་ཀྱི་ཧུད་བུ་ཞེས་སྨྲས་པ་དང་། དེའི་

རྐང་པ་ཡང་བྱུང་སྟེ། ཀྱི་ཧུད་བུ་ཀྱི་ཧུད་བུ་ཞེས་ཡང་སྨྲས་པ་དང་། དྲུག་སྡེ་དག་གིས་ཅིའི་ཕྱིར་དེ་ལྟར་བྱེད་ཅེས་སྨྲས་པ་དང་། དེས་རྐང་ལག་བྱུང་བ་འདི་ནི་བདག་གི་བུའོ་ཞེས་སྨྲས་པ་དང་། ཇི་ཙམ་ནས་མཇུག་མ་ཡང་བྱུང་ངོ་། །དྲུག་སྡེ་དག་གིས་ཅི་ཁྱོད་ཀྱི་བུ་འཇུག་མ་ཡོད་

དམ་ཞེས་སྨྲས་པ་དང་། དེ་སྐྱེངས་ཏེ་སྨྲས་པ། འཕགས་པ་འདི་ནི་སྤྲེའུ་འམ། དེ་དག་གིས་སྨྲས་པ་སྤྲེའུའོ། །འཕགས་པ་དག་སྤྲེའུ་ཤ་ཡང་བསྣམས་སམ། དེས་ཟའོ་ཞེས་སྨྲས་པ་དང་། དེ་དག་འཕྱ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་

ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྤྲེའུ་ནི་མི་ཤ་དང་འདྲས། དེ་བས་ན་དགེ་སློང་དག་སྤྲེའུའི་ཤ་མ་ཟ་ཤིག །དགེ་སློང་དག་གིས་སྤྲེའུའི་ཤ་ཟོས་ན་འདས་པ་དང་བཅས་པར་འགྱུར་རོ། །རྐྱང་པའི་སྒོ་དང་པོའི་མདོའི་ཚིགས་སུ་

བཅད་པ་ལྔ་པའོ།། །།མདོར་ན། ཕོར་བུ་གོས་དང་པགས་པ་དང་། །འདབ་མའི་ཕོར་བུས་མི་སྦྱིན་ནོ། །ལྕགས་ཀྱི་སྦུ་བུ་མ་གཏོགས་པར། །ནོར་བུ་ཁར་བས་བཏང་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་

Vol. 13 · folio 159a

དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་མཉན་དུ་ཡོད་པ་ན་དགེ་སློང་གཞན་ཞིག་ན་སྟེ། དེ་རབ་ཏུ་ནད་ཀྱིས་གཟིར་ནས་དེ་སྨན་པའི་དྲུང་དུ་སོང་སྟེ་ནད་མེད་ཅིག་ཅེས་ནས་བཞིན་བཟངས་བདག་ནི་རྣམ་པ་འདི་ལྟ་བུ་ཞིག་ཏུ་ན་བར་གྱུར་ན་སྨན་གྱི་ཐབས་སྟོན་ཅིག་

ཅེས་སྨྲས་པ་དང་། སྨན་པས་འཕགས་པ་མས་གཏང་བའི་སྨན་གྱིས་ཤིག་ཅེས་སྨྲས་པ་དང་། དེས་བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་སྨྲས་པ་དང་། འཕགས་པ་ཁྱེད་ཀྱི་སྟོན་པ་ནི་ཐུགས་རྗེ་ཅན་ལགས་ཀྱིས་རྗེས་སུ་གནང་བར་འགྱུར་རོ་ཞེས་

སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སྨན་པས་བསྒོ་ལ་དེས་སོས་པར་འགྱུར་ན་མས་གཏང་བ་བྱོས་ཤིག་དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །བཅོམ་ལྡན་འདས་ཀྱིས་མས་གཏང་

བའི་སྨན་ཐོང་ཤིག་ཅེས་གསུངས་པ་དང་། དེ་དག་གིས་ཕོར་བུས་བླུགས་པ་དང་། བོ་སྟེ་མ་རུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕོར་བུས་མ་བླུགས་ཤིག་ཅེས་གསུངས་པ་དང་། གོས་ཀྱི་མཐའ་མས་བླུགས་པ་དང་དེ་ཡང་ཉེས་པའི་དམིགས་སུ་གྱུར་

ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གོས་ཀྱི་མཐའ་མས་མ་བླུགས་ཤིག་ཅེས་གསུངས་ན། པགས་པའི་ནང་ནས་བླུགས་པ་དང་དེ་ཡང་ཉེས་པའི་དམིགས་སུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། པགས་པའི་ནང་ནས་མ་བླུགས་ཤིག་

ཅེས་གསུངས་པ་དང་། འདབ་མའི་ཕོར་བུའི་ནང་ནས་བླུགས་ཏེ། དེ་ཡང་ཉེས་པའི་དམིགས་སུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདབ་མའི་ཕོར་བུའི་ནང་ནས་མ་བླུགས་པར་སྦུ་བུའི་ནང་ནས་བླུགས་པར་གྱིས་ཤིག །དེས་ལྕགས་ཀྱི་སྦུ་

བུ་ནས་བླུགས་པ་དང་། དེ་ནང་དུ་བཅུག་ན་རབ་ཏུ་ཚ་ཞིང་རྩུབ་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྕགས་ཀྱི་སྦུ་བུ་མ་གཏོགས་པར་ནོར་བུའི་སྦུ་བུའམ། ཁར་བའི་སྦུ་བུས་གཏང་བར་གྱིས་ཤིག །རྐྱང་པའི་སྒོ་དང་པོའི་མདོའི་ཚིགས་

Vol. 13 · folio 159b

སུ་བཅད་པ་དྲུག་པའོ།། །།མདོར་ན། བུ་རམ་ཤིང་དང་ཞོ་ཞག་འབྲུ་མར་དང་། །གསོ་མ་བསྲེགས་པའི་ཐུག་པ་དང་ནི་མར། །རྩ་བ་འབྲས་བུ་སྡོང་པོ་ལོ་མར་བཅས། །ཐུག་པ་ཐམས་ཅད་བླུད་པར་བྱ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་

ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་སྨན་གཅིག་ལས་དེ་ཉིད་སྔ་དྲོ་བ་དེ་ཉིད་ཕྱི་དྲོ་བ་དེ་ཉིད་ཞག་བདུན་པ། དེ་ཉིད་ནམ་འཚོའི་བར་དུ་རུང་བར་འགྱུར་བ་མཆིས་སམ་

ཨུ་པཱ་ལི་བུ་རམ་ཤིང་ནི་སྔ་དྲོའིའོ། །དེའི་ཁུ་བ་ནི་ཕྱི་དྲོ་བའོ། །བུ་རམ་ནི་ཞག་བདུན་པའོ། །བུ་རམ་ཤིང་དང་བུ་རམ་བསྲེགས་པའི་ཐལ་བ་ནི་ནམ་འཚོའི་བར་དུའོ། །ཨུ་པཱ་ལི་ཞོ་ནི་སྔ་དྲོ་བའོ། །ཞོའི་ཆུ་ནི་ཕྱི་དྲོ་བའོ། །མར་ནི་བདུན་པའོ། །ཞོ་བསྲེགས་པའི་ཐལ་བ་ནི་ནམ་

འཚོའི་བར་དུའོ། །ཨུ་པཱ་ལི་ཤ་ནི་སྔ་དྲོ་བའོ། །ཚིལ་བུ་ནི་བདུན་པའོ། །ཤ་བསྲེགས་པའི་ཐལ་བ་ནི་ནམ་འཚོའི་བར་དུའོ། །ཨུ་པཱ་ལི་ཏིལ་ནི་སྔ་དྲོ་བའོ། །ཏིལ་གྱི་མར་ནི་བདུན་པའོ། །ཏིལ་བསྲེགས་པའི་ཐལ་བ་ནི་ནམ་འཚོའི་བར་དུའོ། །གླེང་གཞི་ནི་མཉན་དུ་ཡོད་

པ་ན་སྟེ། དགེ་སློང་ཞིག་ན་བར་གྱུར་ནས་སྨན་པས་མཐོང་སྟེ། འཕགས་པ་གསོ་མའི་ཐུག་པ་བྱོས་ལ་འཐུང་ཤིག་ཅེས་སྨྲས་པ་དང་། དེས་དེ་ལྟར་གྱུར་པ་དགེ་སློང་རྣམས་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། དེ་ལྟར་སྨན་པས་བསྒོ་བ་དེ་བཞིན་དུ་གྱིས་ཤིག་དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་གཞན་དག་ཅིག་ཡང་ན་བར་གྱུར་ནས་དེ་དག་ཁ་ཅིག་ལ་ནི་སྨན་པས་ཡུངས་ཀར་གྱི་ཐུག་པ་འཐུང་ཤིག་ཅེས་

བསྒོ། ཁ་ཅིག་ལ་ནི་རྩ་བའི་ཐུག་པ་འཐུང་ཤིག་ཅེས་བསྒོ། ཁ་ཅིག་ལ་ནི་སྡོང་བུའི་ཐུག་པ་འཐུང་ཤིག་ཅེས་བསྒོ། ཁ་ཅིག་ལ་ནི་འབྲས་བུའི་ཐུག་པ་འཐུང་ཤིག་ཅེས་བསྒོ་བ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་

Vol. 13 · folio 160a

ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངས་རྗེས་སུ་གནང་གིས་སྨན་པས་ནད་པ་ལ་ལུང་བསྒོ་ན་ཐམས་ཅད་ཀྱི་ཐུག་པའང་འཐུང་ཤིག་དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །རྐྱང་པའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་བདུན་པའོ།། །།མདོར་ན།

བུ་རམ་ཆུ་དང་བཏུང་བ་དེ་བཞིན་ཏེ། །ཞག་བདུན་བཞག་པར་གྱུར་པ་དང་། །གཞན་གྱི་ཕྱིར་ཡང་བསྔོ་བ་དང་། །རྗེས་སུ་ཕན་གདགས་མྱ་བར་བྱ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་

ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་ཏེ་གཞོངས་སྤྱོད་ཅིང་གཤེགས་པ་དང་། དེ་དག་རི་བྲགས་ཀྱི་གྲོང་གཞན་ཞིག་ཏུ་ཕྱིན་ཏེ། རི་བྲགས་ཀྱི་གྲོང་དེ་ན་ཁྱིམ་བདག་གཞན་ཞིག་གནས་པ་དེ་གདུལ་བའི་དུས་ལ་བབ་པར་མཁྱེན་ནས། བཅོམ་ལྡན་འདས་རི་བྲགས་ཀྱི་གྲོང་དེར་

བྱོན་པ་དང་། ཁྱིམ་བདག་དེས་བཅོམ་ལྡན་འདས་མཐོང་ནས་དེ་དད་པ་སྐྱེས་ཏེ་བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་སོ། །བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་རང་བཞིན་མཁྱེན་ནས་ཇི་ལྟར་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་

བའི་ཆོས་དེ་ལྟ་བུ་བཤད་ནས་ཁྱིམ་བདག་དེས་ཐོས་པ་དང་འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །ཇི་ཙམ་དགེ་སློང་དེ་དག་ལམ་གྱི་ངལ་བས་གཟིར་ནས་ལོག་པའི་ལྷ་ཁང་དང་། བཀད་ས་དང་།

སྐྱེད་མོས་ཚལ་དང་། ཤིང་དྲུང་དག་ཏུ་གློས་ཕབ་སྟེ་ཉལ་ཞིང་འཁོད་པ་དང་། ཁྱིམ་བདག་དེ་རབ་ཏུ་དད་པ་ཐོབ་པས་ན་བཀད་ས་དང་། ལྷ་ཁང་དང་། ཤིང་དྲུང་དག་ཏུ་རིམ་གྱིས་དགེ་སློང་དག་ལ་ཕྱག་བྱ་བའི་ཕྱིར་སོང་བ་དང་། དགེ་སློང་དག་གནས་ན་ཉལ་ཞིང་འདུག་པ་དེས་

མཐོང་ནས། འཕགས་པ་དག་བསྟན་པ་ལ་ཤིན་ཏུ་བརྩོན་པར་བགྱི་བ་ལ་ཅིའི་སླད་དུ་ན་གཟིམས་ཤིང་འཁོད་ཅེས་སྨྲས་པ་དང་། དེ་དག་གིས་ཁྱིམ་བདག་ལམ་གྱི་ངལ་བས་གཟིར་ཞིང་ཉམ་ཆུང་སྟེ་དགེ་བའི་ཕྱོགས་སྤྱོད་པར་མི་ནུས་སོ་ཞེས་སྨྲས་པ་དང་། དེས་འཕགས་པ་རྣམས་དེ་

Vol. 13 · folio 160b

ལྟར་ན་ནི་ཕྱི་དྲོ་བུ་རམ་གསོལ་བར་བཅོམ་ལྡན་འདས་ཀྱིས་གནང་ན། བདག་འཚལ་ཏེ་མཆིས་གསོལ་ཅིག་ཅེས་སྨྲས་པ་དང་། དེ་དག་ལས་ཁ་ཅིག་ན་དེ་ཁྱིམ་བདག་དེ་ལགས་ཀྱིས་བཟའ་བར་བགྱིའོ། །ཁ་ཅིག་གིས་ཚེ་དང་ལྡན་པ་ཁྱིམ་བདག་འབེར་ཏྲ་སི་དག་གིས་བུ་རམ་བཟའ་བ་

ལ་བརྟེན་ནས་དེས་དགྲ་བཅོམ་པ་མངོན་དུ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་དེ་བཞིན་རྗེས་སུ་གནང་ན་བདག་ཅག་ནི་དེ་ལྟར་ལམ་གྱི་ངལ་བས་གཟིར་ཏེ། འཇིག་རྟེན་ན་མ་དད་པ་དག་ནི་གྲོང་ན་འཁོད་བཞིན་དུ་ཟའོ་ཞེས་མི་དགའ་བར་འགྱུར་གྱིས་གུད་དུ་འདོང་ངོ་ཞེས་སྨྲས་པ་དང་། ཁ་ཅིག་

གིས་ཡང་ཚེ་དང་ལྡན་པ་དེ་ལྟར་འདོང་ན་བཅོམ་ལྡན་འདས་ལ་ཞུའོ་ཞེས་སྨྲས་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་རམ་ནི་ཐམས་ཅད་དུ་བཟའ་བར་བྱ་སྟེ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །བཅོམ་ལྡན་

འདས་ཀྱིས་ཐམས་ཅད་དུ་བུ་རམ་ཟོ་ཤིག་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་གིས་ཟོས་པ་དང་། དེ་དག་ལམ་གྱི་ངལ་བས་སྐོམ་གྱིས་གདུངས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་རམ་གྱི་ཆུ་གྱིས་ལ་འཐུང་ཤིག །སངས་རྒྱས་བཅོམ་ལྡན་

འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བུ་རམ་ཆུ་ཞག་བདུན་པར་བྱིན་གྱིས་བརླབས་ཏེ་འཚལ་ན་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་ཇི་ཙམ་གྱི་བར་དུ་བཞག་ལ་བཏུང་བར་བགྱི། ཨུ་པཱ་ལི་ཇི་ཙམ་ན་དང་བར་གྱུར་ཏེ་སྐྱུར་པོར་མ་གྱུར་ཅིང་རང་བཞིན་མ་

ཉམས་པའི་བར་དུའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་གསོ་སྦྱིན་དང་། ཚུལ་ནས་བྱུང་བ་དང་། ཆོས་གོས་བྱིན་གྱིས་བརླབས་པ་དང་། གོས་བསྔོ་བ་དང་། གང་ཟག་གཅིག་པོ་མགྲོན་དུ་བོས་པ་དང་། འདི་ལྔ་ནི་རང་གིས་བསམས་པས་

འགྲུབ་བོ། །ཞེས་གསུངས་སོ། །དགེ་སློང་དེ་དག་གང་དུ་མགྲོན་དུ་བོས་པ་དེར་དེ་ལས་གཞན་དུ་ཡང་མགྲོན་དུ་བོས་སམ་དེ་ལས་ལྷག་པར་ཡང་རུང་སྟེ། གཅིག་ཏུ་ནི་བདག་ཉིད། གཉིས་སུ་ནི་བདག་གི་སེམས་བཏང་ནས་གཞན་གཏང་བའོ། །མུ་གེའི་དུས་ལ་བབ་སྟེ་

Vol. 13 · folio 161a

དགེ་སློང་རྣམས་བསོད་སྙོམས་ཀྱིས་ཤིན་ཏུ་ཕོངས་པར་གྱུར་ཏོ། །དད་པའི་བྲམ་ཟེ་དང་ཁྱིམ་བདག་དག་གིས་དགེ་སློང་གནས་བརྟན་དག་ཟས་ལ་མགྲོན་དུ་བོས་པ་དང་། ཁྱིམ་བདག་ཅིག་ལ་ཁས་བླངས་ཏེ་གཞན་བཏང་ངོ་། །བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། དེ་ལྟ་བས་ན་ངས་མུ་གེ་བྱུང་ཞིང་སྡུག་བསྔལ་ལ་རྙེད་དཀའ་བའི་དུས་ན། ཇི་སྙེད་དུ་མགྲོན་དུ་བོས་པ་དེ་ཐམས་ཅད་བདག་གིར་བྱ་བར་གྱིས་དེ་ལ་བདག་ཀྱང་ཟོ་ཤིག །དགེ་སློང་དག་ཀྱང་བགོ་བར་བྱའོ། །དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་གཞན་གྱི་

དེར་དོང་བ་དང་། དེ་དག་གིས་འཕགས་པ་ཁྱེད་ནི་བདག་ཅག་གིས་མགྲོན་དུ་མ་བོས་ཀྱི་འདི་ཞེས་བགྱི་བའི་གནས་བརྟན་བདག་ཅག་གིས་སྤྱན་དྲངས་སོ་ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། བདག་ཉིད་སོང་ལ་བྱིན་ལེན་བྱས་ཏེ་ཁམ་གཉིས་སམ་གསུམ་ཟོ་ལ་འདི་སྐད་དུ་ཁྱིམ་བདག་དགེ་སློང་འདི་དག་ཟས་ཀྱིས་བྲེལ་ཏེ། འདི་ལ་སྦྱིན་གྱིས་རྗེས་སུ་ཡི་རང་བར་གྱིས་ཤིག་ཅེས་སྨྲོས་ཤིག །དེ་བཞིན་དུ་གཉིས་སམ་གསུམ་མམ་ཇི་སྙེད་མགྲོན་དུ་བོས་པ་

ཐམས་ཅད་ལ་བྱིན་ཅིག །ཐམས་ཅད་དེ་ལྟར་བྱས་ནས་ཐ་མར་མགྲོན་དུ་བོས་པ་ནི་ཇི་ཙམ་འགྲངས་པར་བཟའ་བར་བྱ་སྟེ། འདི་ལ་ཐེ་ཚོམ་དུ་མ་བྱེད་ཅིག །རྐྱང་པའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་བརྒྱད་པའོ།། །།མདོར་ན། མར་རམ་དེ་སྟེ་འབྲུ་མར་རམ། །གཞན་

ཡང་བཞག་པར་གྱུར་པ་དང་། །མིག་སྨན་གྱི་ནི་གབ་ཚེ་དང་། །ཡངས་པ་ཅན་དང་རུང་བའི་གནས། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་གཞན་ཞིག་རླུང་ནད་ཀྱིས་བཏབ་

པ་དེས་སྨན་པའི་གན་དུ་སོང་སྟེ། བཞིན་བཟངས་བདག་ལ་འདི་འདྲ་བའི་ནད་ཀྱིས་བཏབ་ན་སྨན་སྟོན་ཅིག་ཅེས་སྨྲས་སོ། །དེས་འཕགས་པ་མར་འདི་ཙམ་ཞིག་གསོལ་དང་འཚོ་བར་འགྱུར་རོ་ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་

Vol. 13 · folio 161b

གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སྨན་པས་མར་འཐུང་ཤིག་པར་བསྒོ་ན་བཏུང་བར་བྱའོ། །དགེ་སློང་དེས་འཐུངས་པ་དང་ཉིན་པར་བདེ་ཡང་མཚན་མོ་ཡང་རླུང་ནད་ལངས་སོ། །དགེ་སློང་དག་གིས་སྨན་པ་ལ་དྲིས་པ་

དང་། དེས་མཚན་མོ་ཡང་འཐུང་ཤིག་ཅེས་སྨྲས་སོ། །དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མཚན་མོ་ཡང་འཐུང་ཤིག་ཅེས་བཀའ་སྩལ་པ་དང་། དེས་མང་དུ་བསགས་ནས་ཞག་བདུན་དུ་བྱིན་གྱིས་བརླབས་ཏེ་དེ་སོས་

པར་གྱུར་ཏོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་གཞན་ཞིག་ནད་ཀྱིས་བཏབ་ནས་དེ་ཡང་སྨན་པའི་དྲུང་དུ་སོང་སྟེ། ནད་མེད་ཅིག་ཅེས་བྱས་ནས་བཞིན་བཟངས་བདག་ལ་འདི་འདྲ་བའི་ནད་ཅིག་གིས་བཏབ་ན་སྨན་གྱི་ཐབས་སྟོན་ཅིག་ཅེས་སྨྲས་སོ། །དེས་འཕགས་

པ་འབྲུ་མར་འདི་ཙམ་ཞིག་འཐུངས་ན་སོས་པར་འགྱུར་རོ་ཞེས་བསྒོ་བ་དང་། དེ་ལྟར་གྱུར་པ་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སྨན་པས་འབྲུ་མར་འཐུང་ཤིག་ཅེས་བསྒོ་

ན་འབྲུ་མར་འཐུང་ཤིག །དགེ་སློང་དེས་འཐུངས་པ་དང་། ཉིན་པར་སོས་ཀྱང་མཚན་མོ་ཡང་རླུང་ནད་དེ་ལངས་སོ། །དགེ་སློང་དག་གིས་སྨན་པ་ལ་དྲིས་པ་དང་། དེས་མཚན་མོ་ཡང་འཐུང་ཤིག་ཅེས་བསྒོའོ། །དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚན་མོ་ཡང་འཐུང་ཤིག །དེས་འབྲུ་མར་བསགས་ཏེ་ཞག་བདུན་དུ་བྱིན་གྱིས་བརླབས་ནས་འཐུངས་པ་དང་སོས་པར་གྱུར་ཏོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་གཞན་ཞིག་ནད་ཀྱིས་བཏབ་པ་དང་། དེ་ཡང་

སྨན་པའི་དྲུང་དུ་སོང་ནས་ནད་མེད་ཅིག་ཅེས་སྨྲས་ནས། བཞིན་བཟངས་བདག་ལ་ནད་འདི་ལྟ་བུ་ཞིག་གིས་བཏབ་ན་སྨན་གྱི་ཐབས་སྟོན་ཅིག་ཅེས་སྨྲས་སོ། །དེས་མར་རམ་འབྲུ་མར་འདི་ཙམ་ཞིག་འཐུངས་ན་སོས་པར་འགྱུར་རོ་ཞེས་སྨྲས་པ་དང་། དེ་བཤེས་ཉུང་བས་བཙལ་

Vol. 13 · folio 162a

ཀྱང་མ་རྙེད་ནས་ཡང་སྨན་པའི་དྲུང་དུ་སོང་ནས་བཞིན་བཟངས་ཁྱོད་ཀྱིས་བསྒོ་ཡང་ཁོ་བོས་འབྲུ་མར་ཡང་མ་རྙེད་ན་མར་ལྟ་ག་ལ་རྙེད་གཞན་ལྟ་ཅུང་ཟད་ཅི་རུང་སྟོན་ཅིག་ཅེས་སྨྲས་པ་དང་། དེས་འཕགས་པ་འདི་ཞེས་བྱ་བའི་དགེ་སློང་ཞིག་གིས་འབྲུ་མར་སྦྱར་ན།

འདི་ཞེས་བྱ་བ་ཞིག་གིས་མར་སྦྱར་གྱིས་དེའི་གན་དུ་སོང་དང་། གལ་ཏེ་སྦྱར་བ་དེའི་ལྷག་པ་ཡོད་ཀྱང་སྲིད་དོ་ཞེས་སྨྲས་པ་དང་། དེ་དག་གི་དྲུང་དུ་སོང་ནས་བསླངས་ན། དེ་དག་གིས་ཚེ་དང་ལྡན་པ་དེ་ཞག་བདུན་ལས་འདས་ཏེ་སྦགས་པར་གྱུར་པས་མེད་དོ་ཞེས་སྨྲས་པ་དང་།

དེ་དེ་ལྟར་གྱུར་པ་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པའི་ཐབས་རྟོགས་ལ་མར་རམ་འབྲུ་མར་གཞན་ཅི་ཡང་རུང་བཞག་པ་ཡང་བླས་བཟའ་བར་བྱ་སྟེ། དེ་ལ་ཐེ་ཚོམ་དུ་མ་

བྱེད་ཅིག །བཅོམ་ལྡན་འདས་ཀྱིས་མར་རམ་འབྲུ་མར་རམ་གཞན་ཅི་ཡང་རུང་བཞག་པ་ཡང་བླས་ཟོ་ཤིག །དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་ཅེས་བཀའ་སྩལ་ན་བྱིན་ལེན་བྱེད་པ་མེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱིན་ལེན་བྱེད་པའི་མི་མེད་ན་བྱིན་ལེན་མ་བྱས་ཀྱང་

བླས་ཟོ་ཤིག །གང་གི་ཚེ་ན་བ་ན་གནང་བ་དེ་སོས་ནས་མ་སྤྱོད་ཅིག །སྤྱད་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ་བཙུན་པ་བཅོམ་ལྡན་འདས་ཀྱིས་མིག་སྨན་གྱི་སྣོད་

གང་ཚེ་ཆོངས་ཤིག་ཅེས་བཀའ་སྩལ་ན། ཅི་འདྲ་བ་བཅང་བར་བགྱི། ཨུ་པཱ་ལི་རིན་པོ་ཆེ་ལས་བྱས་པ་མ་གཏོགས་སོ། །ཡང་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡུལ་ཡངས་པ་ན་མི་རུང་བ་རྣམ་པ་བཅུ་སྤོང་ལ། རུང་བའི་ཁང་པ་བྱིན་གྱིས་བརླབ་པར་གྱིས་

ཤིག་ཅེས་བཀའ་སྩལ་ན། ཅི་བཙུན་པ་ཁང་པ་འོག་རུང་བར་བྱིན་གྱིས་བརླབས་ན་ཁང་པའི་སྟེང་ཡང་རུང་བར་བྱིན་གྱིས་བརླབས་པར་འགྱུར་རམ། ཨུ་པཱ་ལི་ཇི་ལྟར་སྟེང་གི་བཞིན་དུ་ངོས་ཀྱི་ཡང་བརྗོད་པར་བྱའོ། །རྐྱང་པའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་དགུ་པའོ།། །།

Vol. 13 · folio 162b

མདོར་ན། རྩ་སྡོང་ལོ་མ་འབྲས་བུ་རྣམས། །ཐམས་ཅད་ཆང་གིས་སྦགས་པ་དང་། །ཁ་ཟས་མེད་པར་བཀྲུས་པ་དང་། །ཡང་ན་ཟས་ངན་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་དངོས་པོ་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་རྒྱལ་པོ་

ཟས་གཙང་མས་ཤཱཀྱའི་རིགས་རེ་རེ་ཞིང་ཡང་ཤཱཀྱ་ལྔ་བརྒྱ་ཞིག་བཅོམ་ལྡན་འདས་ཀྱི་གཡོག་ཏུ་ཕུལ་བ་དང་། དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་རབ་ཏུ་ཕྱུང་ངོ་། །དེ་དག་སྔོན་ལུས་ཆང་གིས་གསོས་པས་ན་དེ་དག་ཆང་མེད་ནས་ལུས་ལ་ནད་ཞུགས་སོ། །བཅོམ་ལྡན་འདས་

ཀྱིས་གཟིགས་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཀུན་དགའ་བོ་ཅིའི་ཕྱིར་ན་ཤཱཀྱ་དག །རྙི་རྙི་བོར་གྱུར་ཅེས་བཀའ་སྩལ་པ་དང་། དེ་ལྟར་གྱུར་པ་བཅོམ་ལྡན་འདས་ལ་ཞིབ་མོར་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། དེ་ལྟར་ན་ངས་གནང་བ་ནི་ཆང་དུ་འགྱུར་བ་རྩ་བ་དང་སྡོང་པོ་ལ་སོགས་པ་བསྐམས་ལ་ཕྱེ་མར་གྱིས་ཏེ་རས་དཀར་པོའི་ནང་དུ་ཐུམ་པོར་གྱིས་ལ་ཆང་གི་མཐུ་ཞིལ་བ་རྫ་མ་མ་གང་བའི་ནང་དུ་ལྷུགས་ཤིག་དེ་ནས་སླར་ཕྱུང་སྟེ་ལག་པ་ཁྲུས་ལ་ཆུ་ཁ་ཟས་མེད་པ་དང་བསྲེས་ཏེ་

འདང་བར་ཚོགས་ལ་འཐུང་ཤིག །དེ་སྐོམ་ན་སྔ་དྲོ་ཡང་རུང་། ཕྱི་དྲོ་ཡང་རུང་སྟེ་ཐེ་ཚོམ་མ་བྱེད་པར་འཐུང་ཤིག །དེ་ལྟར་བྱོས་དང་དེ་དག་ཆང་ལ་སྲེད་པ་དང་འབྲལ་བར་འགྱུར་རོ། །དགེ་སློང་ཁྱེད་སྟོན་པ་ང་ལ་དམིགས་ན་ནི་ཆང་མ་འཐུང་ཤིག །མ་བླུད་ཅིག །རྩ་མཆོག་

གིས་ཀྱང་མ་རེག་ཤིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་གཞན་ཞིག་ན་བར་གྱུར་ནས་དེ་ལ་སྨན་པས་ཟས་ངན་པ་བྱིན་ཅིག་ཅེས་བསྒོ་བ་དང་། དེ་ལ་དགེ་སློང་ཁ་ཅིག་གིས་ནི་ཤེས་ཀྱི་ཁ་ཅིག་གིས་མི་ཤེས་པ་དེ་དག་གིས་ཚེ་དང་ལྡན་པ་ཨུ་པཱ་ལི་ལ་དྲིས་པ་དང་།

དེས་དེ་དག་ཞིབ་ཏུ་སྨྲས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་དགེ་སློང་སྭ་ཏེ་ལ་ཟས་ངན་པ་བྱིན་ཅིག་ཅེས་གསུངས་པ་ནི་ཅི་དེ་ཡང་བྱིན་ལེན་བགྱི་འཚལ་ལམ། ཨུ་པཱ་ལི་དེ་ཡང་བྱིན་ལེན་བྱོས་ཤིག །སུ་ལས་བྱིན་

Vol. 13 · folio 163a

ལེན་བགྱི། ཨུ་པཱ་ལི་དེ་ནི་དགེ་བསྙེན་དད་པ་ལས་སོ། །རྐྱང་པའི་སྒོ་དང་པོའི་ཚིགས་སུ་བཅད་པ་བཅུ་པ་སྟེ། སྒོ་དང་པོ་རྫོགས་སོ།། །།མདོར་བསྡུས་པར་ན། སྣོད་དང་ཆོས་གོས་གཉི་ག་དང་། །ཀོ་ས་ལ་དང་སར་པ་དེ་བཞིན་ཏེ། །བསྒྲགས་དང་

ཆོས་གོས་སྣ་ཚོགས་དང་། །ལྷན་ཅིག་པ་ཡང་དགེ་སློང་མ་རྣམས་ནི། །ཐ་མར་བྱས་ཏེ་བསྡུས་པའི་མདོར་གསུངས་སོ། །མདོར་ན། སྣོད་དང་ཡོ་བྱད་གཙུག་ལག་ཁང་། །འགྲོན་པ་མང་བཅོམ་གོས་རྣམས་དང་། །གོས་དང་གདུགས་དང་དེ་བཞིན་ཤིང་། །དུར་ཁྲོད་པ་དང་དེ་བཞིན་

སྤངས། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཁྱིམ་བདག་གཞན་ཞིག་གིས་རི་བྲགས་ཀྱི་གྲོང་གཞན་ཞིག་ཏུ་ཡོ་བྱད་ཐམས་ཅད་དང་ལྡན་པའི་གཙུག་ལག་ཁང་ཞིག་བརྩིགས་ནས་ཕྱོགས་བཞིའི་

དགེ་འདུན་ལ་ཕུལ་ལོ། །དེ་ན་མལ་སྟན་དང་། སྣོད་སྤྱད་མང་དུ་གྱུར། དགེ་སློང་ནི་ཉུང་ངུ་གནས་ཏེ། དེའི་ནང་ནས་ཁ་ཅིག་གིས་ཚེ་དང་ལྡན་པ་དག་མལ་སྟན་དང་སྣོད་སྤྱད་དང་། ཡོ་བྱད་མ་སྤྱད་ན་དེ་དག་ཆུད་ཟོས་པར་འགྱུར་གྱིས། དེ་དག་ལས་བདག་ཅག་ལ་སྤྱད་པར་ཅི་ཙམ་དགོས་

པ་དེ་ཙམ་ཞིག་བཅངས་ལ། དེའི་ལྷག་མ་རྣམས་ནི་གཙུག་ལག་ཁང་གཞན་དུ་དབུལ་ལོ་ཞེས་སྨྲས་ནས། དེ་དག་གིས་དེ་བཞིན་བྱས་སོ། །ཇི་ཙམ་ཞིག་ན་བསོད་སྙོམས་པ་གཞན་ཞིག་གཞོངས་སྤྱད་པ་སྤྱོད་ཅིང་གཙུག་ལག་ཁང་དེར་འོངས་པ་དང་། དགེ་སློང་དེ་དག་གིས་ངལ་

བསོར་བཅུག་ནས་དེ་ཡང་དགེ་འདུན་དེ་དག་གི་ནང་ན་རྒན་པ་ཞིག་སྟེ། གཙུག་ལག་ཁང་དུ་ལམ་གྱི་ངལ་བསོ་ནས་དེས་དེ་དག་ལ་ཚེ་དང་ལྡན་པ་མལ་སྟན་མཆིས་སམ་ཞེས་སྨྲས་ན། མེད་དོ་ཞེས་སྨྲས་པ་དང་། དགེ་སློང་དག་གིས་ཇི་ལྟར་ཡིན་པ་དེ་ལ་ཞིབ་ཏུ་སྨྲས་སོ། །དེ་གདིང་བ་མེད་

པར་ས་ལ་དེ་བཞིན་དུ་ཉལ་ནས་ནང་པར་སྔར་ལངས་ཏེ། ལྡེ་མིག་ཀྱོག་པོ་དང་། ལྡེ་མིག་ཁྱེར་ནས་ཁྱིམ་བདག་དེའི་ཁྱིམ་དུ་སོང་བ་དང་། དེ་ནས་ཁྱིམ་བདག་དེས་དེ་ལ་བདེ་བར་བྱོན་ཏམ་ཞེས་པའི་ཚིག་བརྗོད་ནས་སྟན་ཁྱེར་ཏེ་ཕྱིར་བྱུང་བ་དང་། བསོད་སྙོམས་པ་དེ་སྤྱོད་ལམ་ཞི་བའི་

Vol. 13 · folio 163b

ཚུལ་དུ་འདུག་གོ། །བསོད་སྙོམས་པས་ཀྱང་དེ་ལ་ནོར་ལས་བསོད་ནམས་བྱ་བའི་དངོས་པོ་བདུན་གྱི་ཡོན་ཏན་རྒྱས་པར་བརྗོད་པ་དང་། ཁྱིམ་བདག་གིས་འཕགས་པ་བདག་གིས་དེ་ཐམས་ཅད་བགྱིས་སོ་ཞེས་སྨྲས་པ་དང་། བསོད་སྙོམས་པས་ཁྱིམ་བདག་ཁྱོད་ཀྱི་གཙུག་ལག་

ཁང་ན་མལ་སྟན་དག་ཡོད་མེད་དེ། མདང་ང་ཡང་གདིང་བ་མེད་པར་སའི་སྟེང་ན་དེ་བཞིན་དུ་ཉལ་ཉལ་ཏེ་འདིར་འོངས་སོ། །ཁྱེད་ན་རེ་དེ་ཐམས་ཅད་བདག་གིས་དེ་བཞིན་དུ་བགྱིས་སོ་ཞེས་ཟེར་ན། འདི་ཅི་ཉེས་ཞེས་སྨྲས་པ་དང་། ཁྱིམ་བདག་གིས་འཕགས་པ་ཁོ་བོས་ནི་དེར་མལ་

སྟན་དང་སྣོད་སྤྱད་དང་། ཡོ་བྱད་རྣམས་མང་དུ་སྦྱར་ན་འཕགས་པ་དེ་དག་གིས་གཙུག་ལག་ཁང་གཞན་དུ་གདོན་མ་ཟོས་པར་བཏང་ངོ་ཞེས་སྨྲས་པ་དང་། དེས་ཁྱིམ་བདག་ཉིད་ཀྱིས་གཙུག་ལག་ཁང་གི་ལྡེ་མིག་ཀྱོག་པོ་དང་། ལྡེ་མིག་ངོ་ཤེས་སམ་ཞེས་སྨྲས་པ་དང་།

འཕགས་པ་ཤིན་ཏུ་འཚལ་ཏོ། །དེས་དེ་བསྟན་པ་དང་། དེས་འཕགས་པ་བཞུད་ཅིག་བདག་ཀྱང་མཆིའོ་ཞེས་སྨྲས་སོ། །དེས་བསོད་སྙོམས་བསོད་པ་དང་། ཁྱིམ་བདག་ཀྱང་རྗེས་བཞིན་དུ་འོངས་ནས། དེས་དགེ་སློང་རྣམས་བསྡུས་ནས་འཕགས་པ་བདག་གིས་འདིར་

མལ་སྟན་དང་། སྣོད་སྤྱད་དང་། ཡོ་བྱད་མང་དུ་ཕུལ་ན་དེ་དག་གར་མཆིས་ཞེས་སྨྲས་པ་དང་། དེས་ཇི་ལྟར་གྱུར་པ་དེ་དག་ཐམས་ཅད་ཁྱིམ་བདག་ལ་སྨྲས་པ་དང་། དེས་ཉེས་པ་ངོར་བརྗོད་དེ་སྨྲས་པ། ཁྱོད་ཀྱིས་མ་ལེགས་པར་བྱས་ཏེ། དེ་ཡང་དེར་བས་ན་ད་ཅི་སླར་བླང་

དུ་རུང་ངམ་འོན་ཏེ་མི་རུང་དེ་དག་གིས་སྨྲས་པ། མི་རུང་ངོ་། །འཕགས་པ་ཁོ་བོས་ནི་དེར་མ་ཕུལ་གྱིས་སོང་ལ་སླར་ལོང་ཤིག །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་གཞན་དུ་མ་

དབུལ་ཅིག །ཇི་ལྟར་དམིགས་པ་དེ་བཞིན་སྤྱད་པར་བྱའོ། །གཞན་དུ་ན་གང་གིས་བྱིན་པ་ལ་རིན་ཐང་བཞིན་དུ་ཕོབ་ཤིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་རྣམས་འགྲོན་པ་མང་པོ་དང་ལྷན་ཅིག་ཏུ་གཞོངས་སྤྱད་པ་སྤྱོད་ཅིང་དོང་བ་དང་། དེ་དག་ཆོས་ཀྱིས་རྡུལ་

Vol. 13 · folio 164a

གྱིས་འཇིགས་པ་ན་ཡང་ན་ནི་འགྲོན་པ་དག་གི་མདུན་དུ་དོང་། ཡང་ན་ཕྱི་བཞིན་དོང་ངོ་། །ཇི་ཙམ་ན་འགྲོན་པ་མང་པོ་རྣམས་རྐུན་པོས་བཅོམ་ནས་སྐྱེ་བོ་མང་པོ་རྣམས་ཀྱིས་ནོར་བོར་ཏེ་བྲོས་པ་དང་། རྐུན་པོ་རྣམས་ཀྱིས་ནོར་ཀུན་བཀུར་མ་ནུས་ནས་དེ་དག་གིས་བཟང་

བ་བདམས་ཏེ་ཁྱེར་ཏེ་དོང་ངོ་། །དྲུག་སྡེ་རྣམས་འགྲོན་པ་མང་པོའི་ཕྱི་བཞིན་དུ་འབྲངས་ཏེ་དོང་བ་ལས་གནས་དེར་ཕྱིན་པ་དང་། དེ་དག་གིས་ནོར་མང་པོ་བོར་བ་མཐོང་སྟེ། དེ་ནས་དགའ་བོ་ཉེ་དགའ་བོ་ཕྱག་དར་ཁྲོད་པ་རྙེད་ཀྱིས་བླང་ངོ་ཞེས་སྨྲས་པ་དང་། དེ་དག་གིས་དེ་ལས་ཀྱང་

གོས་རྣམས་བདམས་ཏེ་ཁྱེར་རོ། །འགྲོན་པ་མང་པོ་རམ་མདའ་དང་ལམ་སྲུངས་སུ་བཅས་ཏེ་སླར་ལོག་པ་དེ་དག་གིས་དྲུག་སྡེ་དག་གིས་ཁྱེར་བ་རྣམས་ངོ་ཤེས་ནས། དེ་དག་གིས་གང་རྐུན་པོ་རྣམས་ཀྱིས་བོར་བ་དེ་ཡང་དགེ་སྦྱོང་མགོ་རེག་རྣམས་ཀྱིས་བརྐུས་སོ་ཞེས་བསམས་སོ། །

དྲུག་སྡེ་རྣམས་ལ་ཁ་ངན་དུ་འཕགས་པ་དག་དྲང་སྲོང་གི་རྒྱལ་མཚན་འཛིན་པ་དེ་ལྟ་བུའི་ལོག་པར་སྤྱོད་པ་དག་སྤྱོད་པ་ཞེས་སྤྱོས་ཏེ་ཉེས་པ་ངོར་བརྗོད་པ་དང་། དེ་དག་གིས་འགྲོན་པ་མང་པོ་རྣམས་རྐུན་པོས་བཅོམ་སྟེ་ངེད་ཀྱིས་ནི་མ་ཡིན་གྱི། ངེད་ཀྱིས་ཕྱག་དར་ཁྲོད་ཀྱི་གོས་རྙེད་དོ་

ཞེས་སྨྲས་པ་དང་། དེ་དག་གིས་ཕྱག་དར་ཁྲོད་ཀྱི་གོས་ནི་མ་ལགས་སོ་ཞེས་སྨྲས་པ་དང་། དེ་ལན་མེད་ནས་ཅང་མི་སྨྲ་བར་འདུག་གོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་

འགྲོན་པ་མང་པོ་འཕྱ་བ་ནི་ཡུས་ཏེ། དེ་བས་ན་དགེ་སློང་དག་གིས་འགྲོན་པ་མང་པོ་བཅོམ་པའི་གོས་མ་བཀུར་ཅིག །དགེ་སློང་དག་གིས་འགྲོན་པ་མང་པོ་བཅོམ་པའི་གོས་ཁྱེར་ན་འདས་པ་དང་བཅས་པར་འགྱུར་རོ། །གཞན་ཡང་དད་པར་གྱུར་པ་དེ་དག་གིས་འཕགས་པ་དག་

ཅི་བདེར་སྣོམས་ཤིག་ཅེས་སྨྲས་ན་དགེ་སློང་དག་ཐེ་ཚོམ་དུ་གྱུར་ནས་མི་ལེན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་ཅི་བདེར་ཁྱེར་ཅིག་ཅེས་སྨྲས་ན། ལོང་ལ་ཐེ་ཚོམ་དུ་མ་བྱེད་ཅིག །གླེང་གཞི་ནི་རྒྱལ་པོའི་ཁབ་ན་སྟེ། དགེ་སློང་དྲུག་སྡེ་དག་གིས་བསིལ་བ་

Vol. 13 · folio 164b

ཚལ་གྱི་དུར་ཁྲོད་དུ་དོང་བ་དང་། ཤི་བའི་ཡོ་བྱད་གདུགས་དང་། ཤིང་དང་། གོས་དག་མང་པོ་བོར་བ་དེ་དག་གིས་མཐོང་ནས་དེའི་ནང་ནས་གཅིག་གིས་དགའ་བོ་ཉེ་དགའ་བོ་ཕྱག་དར་ཁྲོད་ཀྱི་གོས་རྙེད་ཀྱིས་བཀུར་རོ་ཞེས་སྨྲས་པ་དང་། དགའ་བོ་ལེགས་སོ་ལེགས་ཀྱིས་

བཀུར་རོ་ཞེས་སྨྲས་ནས་དེ་དག་གིས་བླངས་ཏེ་དོང་ངོ་། །དུར་ཁྲོད་ཀྱི་སྲུང་མ་རིགས་ངན་དག་འོངས་ནས་དེས་བསམས་པ། དུར་ཁྲོད་འདི་ན་ཅུང་ཟད་ཀྱང་མེད་པས་ན་ཁ་ཅིག་གིས་དུར་བརྐུས་པར་གདོན་མི་ཟའོ་སྙམ་བསམས་ནས། ཡང་འདི་སྙམ་དུ་གང་གིས་བརྐུས་པ་དེ་བརྙོགས་

པས་སླར་ཡང་འོང་བར་གདོན་མི་ཟས་མངོན་པར་གབ་སྟེ་འདུག་གོ་སྙམ་དུ་བསམས་ཏེ་ནགས་སྟུག་པོའི་ནང་དུ་ཞུགས་ནས་ཉིན་གཅིག་བཞིན་དུ་སྡོད་ཅིང་འདུག་པ་དང་། དྲུག་སྡེ་དག་ཞག་བདུན་ནམ་བརྒྱད་ལོན་ཏེ་དགའ་བོ་ཉེ་དགའ་བོ་བདག་ཅག་གིས་དུར་ཁྲོད་དུ་མ་དོང་ནས་ད་རིང་

ཞིག་ལོན་ཏེ་ཅུང་ཟད་ཙམ་རྙེད་ཀྱང་སྲིད་ཀྱིས་ཡང་འདེང་ངོ་ཞེས་སྨྲས་པས་དེ་དག་དོང་ངོ་། །ཇི་ཙམ་དེ་ན་གོས་དང་། གདུགས་དང་། ཤིང་དག་བོར་བ་དེ་དག་གིས་བླང་བར་བརྩམས་པ་དང་རིགས་ངན་ནགས་ཚལ་སྟུག་པོ་ན་འདུག་པ་དེས་མཐོང་ནས་བརྒྱུགས་ཏེ་འོངས་ནས། དེས་འཕགས་

པ་དག་བདག་ཅག་ཕུ་ནུ་དང་། གཉེན་དང་གྲོགས་པོ་དག་རྒྱལ་པོའི་བཀའ་བཞིན་དུ་བྱེད་པ་ཡང་དུར་ཁྲོད་ཀྱི་གོས་འདིའི་ཕྱིར་ཡིན་ན་ཁྱེད་ཅག་གིས་ཅིའི་ཕྱིར་བདག་པོ་ཡོད་པའི་དུར་ཁྲོད་ཀྱི་ཤི་བའི་ཡོ་བྱད་དག་བཀུར་བར་བྱ་ཞེས་སྨྲས་པ་དང་། དེ་དག་གིས་བཞིན་བཟངས་ངེད་ཅག་

གིས་ནི་ཕྱག་དར་ཁྲོད་པའི་གོས་བླངས་སོ། །དེས་འཕགས་པ་འདི་ལ་དེ་དག་ཕྱག་དར་ཁྲོད་ཀྱི་གོས་ཡིན་ན་རབ་ཏུ་ལེགས་སོ་ཞེས་སྨྲས་པ་དང་། དེ་དག་ལན་མེད་ནས་ཅང་མི་ཟེར་བར་འདུག་གོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། དགེ་སློང་དག་རིགས་ངན་འཕྱ་བ་ནི་ཡུས་ཏེ། དེ་བས་ན་དགེ་སློང་དག་བདག་པོ་ཡོད་པའི་དུར་ཁྲོད་ནས་ཕྱག་དར་ཁྲོད་ཀྱི་གོས་མ་ལེན་ཅིག །དགེ་སློང་དག་གིས་བདག་པོ་ཡོད་པའི་དུར་ཁྲོད་ཀྱི་ཕྱག་དར་ཁྲོད་པའི་གོས་བླངས་ན་འདས་པ་དང་བཅས་པར་

Vol. 13 · folio 165a

འགྱུར་རོ། །གཞན་ཡང་དད་པར་གྱུར་པ་དག་གིས་དེ་ལ་འཕགས་པ་དག་ཅི་བདེ་བར་ཁྱེར་ཅིག་ཅེས་སྨྲས་པ་དང་། དགེ་སློང་དག་ཐེ་ཚོམ་དུ་གྱུར་ཏེ་མ་བླངས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་བདེ་བར་ལོང་ཤིག་ཅེས་ཟེར་ན་བླང་བར་

བྱ་སྟེ་དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །རྐྱང་པའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་དང་པོའོ།། །།འདུལ་བ་གཞུང་དམ་པ། བམ་པོ་བཞི་བཅུ་པ། མདོར་ན། གོས་ལ་སོགས་པ་ཤིང་བལ་དང་། །ལྷ་ཁང་ནས་འཕྲོག་དེ་བཞིན་ཏེ། །དགེ་འདུན་གྱི་ནི་ཆོས་

གོས་གསུམ། །གང་ཟག་དག་ལས་བསླང་མི་བྱ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དྲུག་སྡེ་དག་བཞོན་པ་མང་པོའི་ཤིང་རྟ་དང་ལྷན་ཅིག་ལམ་དུ་ཞུགས་ནས་ལམ་གྱི་ཕྱེད་དུ་ཕྱིན་པ་དང་།

ཤིང་རྟ་གཅིག་གི་སྲོག་ཤིང་ཆག་ནས་ཚོང་པ་དེས་སྲོག་ཤིང་ཡང་བརྗེས་ནས་སྲོག་ཤིང་ཆག་པ་བོར་ཏེ་སོང་ངོ་། །ཉེ་དགའ་བོས་ཤིང་རྟའི་སྲོག་ཤིང་དེ་བླངས་ཏེ་ལམ་པོ་ཆེའི་བཞི་མདོར་བོར་ནས་སྨྲས་པ། དགའ་བོ་ཉེ་དགའ་བོ་འདི་ནི་བདག་ཅག་གིས་སྲོག་ཤིང་དབང་ཕྱུག་ཅེས་བྱ་བའི་

ལྷ་རྟེན་དུ་བཅའ་བའི་ཕྱིར་བཅུགས་སོ་ཞེས་བྱས་ཏེ་དོང་བ་ལས་ཁྱིམ་བདག་གཞན་དག་གིས་ཀྱང་དེར་སྟེགས་བུ་བརྩིགས་སོ། །གཞན་ཞིག་གིས་ཀྱང་དེ་ལ་གསོལ་བ་བཏབ་སྟེ། གལ་ཏེ་བདག་གིས་དོན་འདི་དང་འདི་ལྟ་བུ་ཞིག་གྲུབ་ན་བདག་གིས་འདིར་ཁང་པ་བརྩིགས་ལ་

བྲམ་ཟེ་བརྒྱ་རྩ་བརྒྱད་ལ་སྟོན་མོ་བྱའོ་ཞེས་སྨྲས་པ་ལས་དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པས་དེའི་དེ་ཡང་གྲུབ་ནས་དེས་དེ་ཇི་ལྟར་དམ་བཅས་པ་ཐམས་ཅད་བསྒྲུབས་ནས་དེ་ལོག་པའི་ལྷ་ཁང་དུ་གྱུར་ཏེ་ལྷ་ཁང་པས་ཀྱང་བྱིན་གྱིས་བརླབས་སོ། །དེ་ནས་ཚོང་པ་འགྲོན་པ་

མང་པོ་དག་ཅིག་ལམ་དེར་ཞུགས་པ་དང་དེར་གོས་དང་། བལ་དང་། ཤིང་བལ་དག་མང་དུ་ཕུལ་ལོ། །དྲུག་སྡེ་དག་སླར་ལོག་པའི་ཚེ་ལྷ་ཁང་དེ་རབ་ཏུ་རྒྱས་པར་མཐོང་ནས་དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བོ་ཤིང་རྟའི་སྲོག་ཤིང་དབང་ཕྱུག་གོས་དང་། བལ་དང་། ཤིང་

Vol. 13 · folio 165b

བལ་དག་རབ་ཏུ་མང་ཤིང་ཕུན་སུམ་ཚོགས་པ་དེ་བཀུར་རོ་ཞེས་དེ་དག་གིས་བླང་བར་བརྩམས་པ་དང་། ལྷ་ཁང་པ་དག་ལྷགས་ཏེ། དེ་དག་གིས་འཕགས་པ་དག་ལྷ་ཁང་འདི་ནི་བདག་ཅག་གི་སྟེང་འདི་ནི་ལས་དང་བྱི་དོར་བདག་ཅག་གིས་བགྱིས་ན་ལྷའི་གོས་རྣམས་ཅིའི་ཕྱིར་ལེན་

ཅིང་དབྲོག །ཁྱེད་ཅག་མ་བྱིན་པར་ལེན་པ་མ་སྤངས་སམ་ཞེས་སྨྲས་པ་དང་། དེ་དག་གིས་བཀྲེན་པ་འདི་ཇི་ལྟར་ཁྱེད་ཀྱི་ལྷ་ཁང་ངེད་ཅག་གིས་ཤིང་རྟ་སྲོག་ཤིང་ཆག་པ་ཞིག་རྟེན་ཐབས་སུ་བཙུགས་ཏེ་བཞག་གོ། །ཞེས་སྨྲས་སོ། །ལྷ་ཁང་པ་དེས་ཀུ་ཆོ་བཏོན་པ་དང་། དེ་ནས་ཉེ་དགའ་

བོ་ཁྲོས་ནས་དེ་རྡོག་པ་གཅིག་བརྒྱབ་ནས་བསྒྱེལ་བར་བྱས་སོ། །དེ་ནས་དེ་སྙེམས་ཤིང་དྲེགས་པ་རྣམས་སྤ་གོང་ནས་འཕགས་པ་ཁྱེད་དམ་གཞན་གྱིས་བྱས་པར་གྱུར་ནས་ཡང་བདག་ཅག་ནི་འདི་ལ་རྟེན་ཅིང་འཚོ་བ་ཡང་འདི་ལ་བལྟས་ན་ཅིའི་ཕྱིར་ཁྱེད་ཀྱིས་འཕགས་པའི་ཆོས་མ་ཡིན་པ་བྱེད་

ཅེས་སྨྲས་པ་དང་། དེ་དག་མ་སྤོབས་ཏེ་ཅང་མི་ཟེར་བར་འདུག་གོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལོག་པར་ལྟ་བའི་ལྷ་ཁང་ན་གནས་པ་དག་འཕྱ་བ་ནི་ཡུས་ཏེ། དེ་ལྟ་

བས་ན་དགེ་སློང་དག་གིས་ལྷ་ཁང་བདག་པོ་ཡོད་པའི་གོས་ལ་སོགས་པ་བླང་བར་མི་བྱའོ། །དགེ་སློང་དག་གིས་ལྷ་ཁང་བདག་པོ་ཡོད་པའི་གོས་ལ་སོགས་པ་བླངས་ན་འདས་པ་དང་བཅས་པར་འགྱུར་རོ། །ལོག་པའི་ལྷ་ཁང་པ་དད་པ་གཞན་ཞིག་གིས་ཅི་བདེར་སྤྱོད་ཅིག་ཅེས་

སྨྲས་པ་དང་། དགེ་སློང་དེ་དག་ཐེ་ཚོམ་སྐྱེས་ཏེ་མ་བླངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ཅི་བདེར་བྱས་པ་ནི་བླང་བར་བྱ་སྟེ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་ནད་པ་ལ་སྐུལ་ཅིག་ཅེས་གསུངས་

པ་དང་། ཇི་ཙམ་ཞིག་ན་དགེ་སློང་ཞིག་ན་བར་གྱུར་པ་དེའི་ནད་གཡོག་གིས་ཚེ་དང་ལྡན་པ་དགེ་འདུན་ལ་ཅུང་ཟད་ཅིག་ཕུལ་ཅིག་ཅེས་སྨྲས་པ་དང་། དེས་ཀྱང་བདག་ལ་ཅུང་ཟད་ཙམ་ཡང་མེད་མོད་ཀྱི་ཆོས་གོས་གསུམ་དབུལ་ལོ་ཞེས་སྨྲས་པ་དང་། དེ་ཅང་མི་ཟེར་བར་འདུག་གོ། །དེ་ཆོས་གོས་

Vol. 13 · folio 166a

གསུམ་ཕུལ་ནས་དེ་དག་གིས་བཙོངས་ཏེ་བགོས་སོ། །དགེ་སློང་དེ་ཕྱིར་སོས་ཏེ་ལངས་ནས་ཆོས་གོས་གསུམ་གྱིས་ཕོངས་པར་གྱུར་ཏེ། དེ་ལྟར་གྱུར་པ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་

སློང་དག་གིས་དགེ་སློང་ལ་དགེ་འདུན་གྱི་ཕྱིར་ཆོས་གོས་གསུམ་མ་བསླང་ཤིག་བསླངས་ན་འདས་པ་དང་བཅས་པར་འགྱུར་རོ། །དགེ་འདུན་གྱིས་ཀྱང་མ་བླང་ཤིག །དེ་སྟེ་བླངས་ན་ཡང་མ་འགེད་ཅིག །བགོས་ན་འདས་པ་དང་བཅས་པར་འགྱུར་རོ། །རྐྱང་པའི་སྒོ་གཉིས་

པའི་མདོའི་ཚིགས་སུ་བཅད་པ་གཉིས་སོ།། །།མདོར་ན། གཉི་ག་ལ་ཡང་གནང་བ་དང་། །རྣམ་པ་ཐ་དད་རྗེས་སུ་གནང་། །སུམ་ཆ་དང་ཡང་དགེ་ཚུལ་དང་། །དགེ་སློབ་མ་དང་དགེ་ཚུལ་མ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་

ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དྲུག་བཅུ་ཞིག་ལྗོངས་རྒྱུ་བ་སྤྱོད་ཅིང་རི་བྲགས་ཀྱི་གྲོང་ཞིག་ཏུ་ཕྱིན་ནས་དེ་ན་ཁྱིམ་བདག་དད་པ་ཞིག་གནས་པས་དེས་དེ་དག་དེའི་ཁྱིམ་དུ་བཤོས་ལ་སྤྱན་དྲངས་ནས་དེས་དགེ་སློང་རེ་རེ་ཞིང་རས་ཡུག་རེ་རེ་དབུལ་ལོ་སྙམ་དུ་བསམས་

སོ། །དེ་དག་ཟན་ཟ་བ་ལ་ཞུགས་པ་དང་། དགེ་སློང་མ་དྲུག་བཅུ་ཞིག་ཀྱང་ལྗོངས་རྒྱུ་བ་སྤྱོད་ཅིང་རི་བྲགས་ཀྱི་གྲོང་དེར་ཕྱིན་པ་དང་། བསོད་སྙོམས་སློང་བ་ལ་ཞུགས་སོ། །གཞན་ཞིག་གིས་ཁྱིམ་བདག་འདིའི་ཁྱིམ་ན་དགེ་སློང་དག་བཤོས་གསོལ་གྱིས་དེར་བཞུད་ཅིག་ཅེས་

སྨྲས་པ་དང་། དེ་དག་དེར་དོང་སྟེ་དེ་དག་གིས་ཀྱང་ཟན་ཟོས་པ་དང་། དེ་ནས་ཁྱིམ་བདག་དེས་རས་ཡུག་དྲུག་བཅུ་ཞིག་རྒན་རིམས་ཀྱི་མདུན་དུ་བཞག་གོ། །དགེ་སློང་དག་ཇི་ལྟ་བུར་བགོ་བ་མི་ཤེས་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་སྡེ་གཉིས་ཀྱིས་འཐོབ་པ་ཡིན་གྱིས། དགེ་འདུན་སྡེ་གཉིས་སུ་གོས་ཤིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཅིག་གིས་གཙུག་ལག་ཁང་ཞིག་བརྩིགས་ཏེ། དེས་དེའི་ཞལ་

Vol. 13 · folio 166b

བསྲོས་ཏེ། དགེ་འདུན་སྡེ་གཉིས་བཤོས་གསོལ་ནས་རྙེད་པ་ཡང་མང་དུ་ཕུལ་ཏེ་དགེ་སློང་དག་གིས་བགོས་པ་དང་། དགེ་སློང་དག་ངེད་ཅག་ལ་ནི་ཆོས་གོས་གསུམ་དགོས་ཀྱིས། དགེ་ཚུལ་ཕ་དག་གི་སྟོད་གཡོགས་དང་མཐང་གོས་སུ་ཟད་ན། ཇི་ལྟར་བདག་ཅག་དང་

མཉམ་པར་བགོ་ཞེས་འཕྱའོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དང་དགེ་སློང་མ་ནི་སྐལ་བ་མཉམ་པར་བགོས་ཤིག །དགེ་ཚུལ་ཕ་དང་། དགེ་ཚུལ་མ་དང་། དགེ་སློབ་མ་དག་ལ་

ནི་སུམ་ཆ་ཅིག་བྱིན་ཅིག །བཅོམ་ལྡན་འདས་ཀྱིས་དགེ་ཚུལ་ཕ་དག་ལ་སུམ་ཆ་ཅིག་བྱིན་ཅིག་ཅེས་བཀའ་སྩལ་པ་དང་། ཇི་ཙམ་ཞིག་ན་དགེ་ཚུལ་ཕ་གཞན་ཞིག་ལོ་ཉི་ཤུ་ཡང་ཚང་ཞིང་བསྙེན་པར་རྫོགས་པར་ཡང་འདོད་ན་དེ་ལ་དགེ་སློང་གིས་ཚེ་དང་ལྡན་པ་ལོ་ཉི་ཤུ་ཚང་ན་ཅིའི་ཕྱིར་

བསྙེན་པར་རྫོགས་པར་མི་བྱེད་ཅེས་སྨྲས་པ་དང་། དེས་ཀྱང་བཅོམ་ལྡན་འདས་ཀྱིས་ནི་བདག་ཅག་གི་རྙེད་པ་འདི་ལྟ་བུར་བཅས་ན་སྟོད་གཡོགས་དང་མཐང་གོས་སུ་མི་ལྡང་ན་ཆོས་གོས་གསུམ་ལྟ་ཅི་སྨོས། ཇི་ལྟར་བསྙེན་པར་རྫོགས་པར་བྱ་ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་

སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ཚུལ་ཕ་བསྙེན་པར་རྫོགས་པར་འདོད་པ་དང་། དགེ་སློབ་མ་ལ་སུམ་གཉིས་བྱིན་ཅིག །དགེ་ཚུལ་ཕ་དང་དགེ་ཚུལ་མ་གཞན་ནི་སྐལ་བ་སུམ་ཆར་ཟད་དོ། །རྐྱང་པའི་སྒོ་གཉིས་ཀྱི་

མདོའི་ཚིགས་སུ་བཅད་པ་གསུམ་པའོ།། །།མདོར་ན། ཀོ་ས་ལ་ན་དྲུག་བཅུ་དང་། །བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་། །སྒྲ་ཅན་ཟིན་དང་དཔལ་སྦེད་དང་། །གཙུག་ལག་ཁང་དང་མཆོད་རྟེན་དེ་བཞིན་ཏེ། །གདུགས་དང་བྲིས་པ་དེ་བཞིན་སྦྱར། །ཟན་ལ་མགྲོན་དུ་བོས་

པའོ། །སངས་རྒྱས་བཅོམ་ལྡན་འདས་ཀོ་ས་ལར་ལྗོངས་རྒྱུ་ཞིང་སྤྱོད་པ་ན་རི་བྲགས་ཀྱི་གྲོང་གཞན་ཞིག་ཏུ་བྱོན་ནས་རི་བྲགས་ཀྱི་གྲོང་དེ་ན་ཁྱིམ་བདག་ཅིག་གནས་པས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དུ་བཅས་པར་ཁྱིམ་དུ་བཤོས་ལ་སྤྱན་དྲངས་སོ། །དགེ་སློང་མ་དྲུག་བཅུ་

Vol. 13 · folio 167a

ཞིག་ལྗོངས་རྒྱུ་བ་སྤྱོད་པ་ན་རི་བྲགས་ཀྱི་གྲོང་དེར་ཕྱིན་ནས་དེ་དག་ཀྱང་དེར་ཟན་ཟོས་པ་དང་། བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ལྷན་ཅིག་ཏུ་བཤོས་གསོལ་ནས། ཁྱིམ་བདག་དེས་རས་ཡུག་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞིག་རྒན་

རིམས་ཀྱི་མདུན་དུ་བཞག་གོ། །དགེ་སློང་དག་གིས་ཇི་ལྟར་བགོ་བ་མི་ཤེས་ནས་དགེ་སློང་མ་དག་གིས་དེ་ལ་གཞན་བྱར་ཅི་ཡོད། སྔོན་ཡང་དགེ་འདུན་སྡེ་གཉིས་བཤོས་གསོལ་བ་ལས་བདག་ཅག་གིས་རྙེད་པའི་ཕྱེད་ཐོབ་ན་ད་ཡང་བདག་ཅག་ལ་རྙེད་པའི་ཕྱེད་བྱིན་ཅིག་ཅེས་སྨྲས་

སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དུ་དགེ་སློང་མ་མང་ལ་དགེ་སློང་ཕ་ཉུང་ན་དེར་རྙེད་པ་དགེ་འདུན་གཉི་གར་བགོས་ཤིག །གང་ན་དགེ་སློང་ཕ་མང་ལ་དགེ་སློང་མ་ཉུང་ན་དེར་མགོ་གྲངས་

བཞིན་དུ་བགོས་ཤིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དག་བཤོས་ལ་སྤྱན་དྲངས་སོ། །དགེ་སློང་གི་དགེ་འདུན་དག་ནི་དོང་། བཅོམ་ལྡན་འདས་ནི་གཙུག་ལག་ཁང་ན་བཞུགས་ཏེ་བཤོས་ཚུར་

མནོས་སོ། །རྣམ་པ་ལྔའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་གཙུག་ལག་ཁང་ན་བཞུགས་ཤིང་བཤོས་མནོས་ཏེ་གསོལ་ལོ། །ལྔ་གང་ཞེ་ན། ལྷ་རྣམས་ལ་ཆོས་འཆད་པར་བཞེད་པ་ཡིན། ནད་པ་དག་གཟིགས་པར་བཞེད་པ་ཡིན། མལ་སྟན་དག་གཟིགས་པར་

བཞེད་པ་ཡིན། ནང་དུ་ཡང་དག་འཇོག་ལ་འཇུག་པར་བཞེད་པ་ཡིན། ཉན་ཐོས་རྣམས་ཀྱི་འདུལ་བ་ལ་བསླབ་པའི་གནས་འཆའ་བར་བཞེད་པ་ཡིན་ནོ། །དོན་འདི་ནི་བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ཀྱི་འདུལ་བ་ལ་བསླབ་པའི་གནས་བཅའ་བར་བཞེད་པའི་ཕྱིར་གཙུག་

ལག་ཁང་ན་བཞུགས་ཤིང་བཤོས་མནོས་ཏེ་གསོལ་ལོ། །ཁྱིམ་བདག་དེ་རྒན་པ་དག་ལ་མངོན་པར་དད་ནས་དེར་རྒན་རིམས་སུ་མར་དང་། མར་ལས་བཙོས་པའི་བཅའ་བ་རྣམས་བྲིམས། བར་མ་དག་ལ་ནི་འབྲུ་མར་དང་འབྲུ་མར་ལས་བཙོས་པའི་བཅའ་བ་དག་བྲིམས།

Vol. 13 · folio 167b

གཞོན་ནུ་ལ་ནི་འབྲུ་མར་གྱི་ཚིགས་མ་དག་བྲིམས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་སྒྲ་ཅན་ཟིན་བཅོམ་ལྡན་འདས་ཀྱི་བཤོས་མནོས་ཏེ། དེས་བཅོམ་ལྡན་འདས་ཀྱི་བཤོས་མནོས་ནས་འོངས་པ་དང་། བཅོམ་ལྡན་འདས་ཀྱིས་སྒྲ་ཅན་ཟིན་ལ་དགེ་སློང་གི་དགེ་འདུན་བསོད་

པའི་ཟས་ཀྱིས་ཚིམ་པར་བྱས་སམ་ཞེས་སྨྲས་པ་དང་། དེས་གསོལ་པ། བཙུན་པ་རྒན་པའི་རྣམས་ཚིམ་མོ། །སྒྲ་ཅན་ཟིན་ཁྱོད་ཅིའི་ཕྱིར་རིད་ཅིང་ཉམ་ཆུང་ཞིང་དེ་སྐད་ཟེར་བ་སྨྲོས་ཤིག །དེས་ཚིགས་སུ་བཅད་དེ་སྨྲས་པ། འབྲུ་མར་གྱིས་ནི་མཐུར་འགྱུར་ཏེ། །མར་

གྱིས་ཀྱང་ནི་མདངས་སུ་འགྱུར། །འབྲུ་མར་ཚིགས་ཀྱི་ཚོད་མས་ནི། །མདངས་མ་མཆིས་ན་སྟོབས་ལྟ་ཞིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲ་ཅན་ཟིན་ཅི་ཡིན་པ་དེ་སྨྲོས་ཤིག །དེས་དེ་ལྟར་གྱུར་པ་བཅོམ་ལྡན་འདས་ལ་ཞིབ་མོར་གསོལ་ཏོ། །བཅོམ་

ལྡན་འདས་ཀྱིས་སྒྲ་ཅན་ཟིན་ལ་དེ་ན་གནས་བརྟན་སུ་ཞིག་འདུག་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་མཁན་པོ་མཆིས་སོ། །སྒྲ་ཅན་ཟིན་ལ་དགེ་སློང་ཤཱ་རིའི་བུས་ནི་འོག་མ་དག་མ་བརྟགས་པས་ན་ངན་དུ་ཟོས་པ་ཡིན་ནོ། །དེ་ལྟ་བུ་བྱུང་བའི་ཕྱིར་བཅོམ་ལྡན་

འདས་ཀྱིས་དགེ་སློང་གི་དགེ་འདུན་དག་བསྡུས་ནས། དགེ་སློང་གི་དགེ་འདུན་གྱི་མདུན་དུ་གདན་བཏིང་བ་ལ་བཞུགས་ཏེ། ཉན་ཐོས་རྣམས་ཀྱི་འདུལ་བ་ལ་བསླབ་པའི་གནས་བཅའ་བའི་ཕྱིར་དགེ་སློང་དང་དགེ་འདུན་གྱི་གནས་བརྟན་དགེ་སློང་གིས་མཚུངས་པར་སྤྱད་པའི་

ཆོས་ངས་བཅའ་སྟེ། དགེ་འདུན་གྱི་གནས་བརྟན་དགེ་སློང་གིས་ཟན་འབྲིམ་པའི་ཚེ་སྙོམས་པར་བྲིམས་ཤིག་ཅེས་བསྒོ་ཤིག་དེས་ཚོད་མ་སྣ་རེ་རེ་ལའང་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལན་ཚྭའམ་དང་པོར་གང་བྲིམས་པ་དེའི་ཚེ་སྨྲོས་ཤིག །

ཐམས་ཅད་ལ་ནི་མ་ཡིན་ནོ། །དགེ་འདུན་གྱི་གནས་བརྟན་དགེ་སློང་གིས་ཇི་ལྟ་བུར་མཚུངས་པར་སྤྱད་པའི་ཆོས་བཞིན་མ་བྱས་ན་འདས་པ་དང་བཅས་པར་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ཀྱིས་བདག་གིས་ཟན་ཟོས་པ་སྨད་དོ་ཞེས་ཐོས་ནས། དེས་

Vol. 13 · folio 168a

བདག་གིས་ཟན་ཟོས་པ་སྟོན་པས་སྨད་ན་འདི་ལྟར་འདུག་པའི་མི་རིགས་སོ་ཞེས་བསམས་ནས་དེས་སྐྱུགས་ཏེ་བཏང་ངོ་། །དགེ་སློང་དག་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་

འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ཟན་ཟོས་པ་སྨད་པ་དང་། དེས་སླར་སྐྱུགས་པ་ལ་གཟིགས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་འབའ་ཞིག་མ་ཡིན་གྱི་སྔོན་འདས་པའི་དུས་ན་ཡང་ངས་དེ་ལ་ཟན་ཟོས་པ་སྨད་པ་དང་། དེའི་ཕྱིར་

སྐྱུགས་སོ། །དགེ་སློང་དག་ཉོན་ཅིག །སྔོན་བྱུང་བ་ནི་གྲོང་ཁྱེར་གཞན་ཞིག་ན་མང་པོ་འཆད་པའི་བྲམ་ཟེ་ཞིག་གནས་ཏེ། དེ་བྲམ་ཟེའི་བུ་དང་ལྷན་ཅིག་ཏུ་ལྗོངས་རྒྱུ་ཞིང་སྤྱོད་པ་ན་རི་བྲགས་ཀྱི་གྲོང་ཞིག་ཏུ་ཕྱིན་ནས་དེ་རྫིང་ཞིག་གི་འགྲམ་དུ་བྲམ་ཟེ་དེས་བྲམ་ཟེའི་བུ་དེར་བཞག་ནས་ཅུང་

ཟད་ཅིག་སྡོད། ང་གྲོང་དུ་ཕྱེ་ལ་སོགས་པ་བསླངས་ཏེ་སླར་འོང་ངོ་། །དེ་དེ་ན་འདུག་པ་དང་། ཁྱི་ཤ་ཅན་ཞིག་རྫིང་དུ་ཆུ་གྲོག་འཐུང་དུ་འོངས་སོ། །དེ་ལ་བྲམ་ཟེའི་བུས་ཀྱེ་སྐྱེས་བུ་བདག་ཀྱང་ཆུ་གྲོག་ཅིག་གསོལ་ཅིག་ཅེས་སྨྲས་སོ། །དེས་ཀྱང་ལོ་མ་ལ་སྣོད་དྲུབས་ཤིག་ཅེས་སྨྲས་

པ་དང་། དེས་སྣོད་དྲུབས་སོ། །དེས་དེ་ལ་ཁྱིའི་པགས་པ་ལས་བྱས་པའི་སྒྱེའུའི་ནང་ནས་བྱུང་བའི་ཕྱེ་བྱིན་ནོ། །དེ་སྣུམ་པ་དང་བྲམ་ཟེའི་བུས་ཕྱེ་འདི་སྣུམ་ན་ཅི་ཞིག་ཅེས་དྲིས་པ་དང་། འདི་ནི་པགས་པ་ལས་སྒྱེའུ་བྱས་པའི་མཐུ་སྟེ། དེས་སྒྱེའུ་དག་ཅི་ལས་བྱས་པ་ཞིབ་མོར་བྱས་ན།

བྲམ་ཟེའི་བུ་དེས་མ་གོའོ། །བྲམ་ཟེ་དེ་སླར་འོངས་ནས་དེས་བྲམ་ཟེའི་བུ་ཁྱོད་སོང་ལ་ཆུ་གྲོག་རྒྱུ་སློངས་ཤིག་ཅེས་སྨྲས་པ་དང་། དེས་ཆུ་གྲོག་འཚལ་ལགས་སོ་ཞེས་སྨྲས་སོ། །སུས་བྱིན་མི་ཕ་བིས་བྱིན་ནོ། །དེས་ཕ་བི་ནི་ཁྱི་ཤ་ཅན་ཏེ། དེས་ཁྱོད་ལ་ཕྱེ་བྱིན་ན་དེ་ཁྱོད་ཀྱིས་སྡིག་

པར་གྱུར་ཏོ་ཞེས་སྨྲས་ནས། དེས་དེ་ལ་རབ་ཏུ་སྨད་པ་དང་། དེས་ཟོས་པ་སླར་སྐྱུགས་སོ། །དགེ་སློང་དག་མི་ཤེས་སམ། གང་མང་པོ་འཆད་པའི་བྲམ་ཟེ་དེ་ནི་ད་ལྟར་གྱི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་བྲམ་ཟེའི་བུ་དེ་ནི་ད་ལྟར་གྱི་དགེ་སློང་ཤཱ་རིའི་བུ་སྟེ། དེའི་ཚེ་ན་

Vol. 13 · folio 168b

ཡང་ངས་ཟས་ཟོས་པ་ལ་རབ་ཏུ་སྨད་ནས་དེས་སྐྱུགས་སོ། །ད་འདིར་ཡང་ངས་ཟོས་པ་ལ་རབ་ཏུ་སྨད་ནས་འདིར་ཡང་སྐྱུགས་པར་གྱུར་ཏོ། །གླེང་གཞི་ནི་རྒྱལ་པོའི་ཁབ་ན་སྟེ། དེའི་ཚེ་ན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་ཁྱིམ་བདག་མེ་སྐྱེས་ཀྱི་སྲིང་མོའི་ཁྱོ་གཅེར་བུ་པའི་དགེ་

བསྙེན་དཔལ་སྦེད་ཅེས་བྱ་བ་ཞིག་འདུག་སྟེ། ཁྱིམ་བདག་མེ་སྐྱེས་དད་པ་དེས་འདི་སྙམ་དུ་དཔལ་སྦེད་འདི་དགེ་འདུན་དག་ལ་ཡོན་འབུལ་དུ་བསྐུལ་ལོ་སྙམ་བསམས་ནས། དེས་དེ་ལ་དཔལ་སྦེད་དགེ་འདུན་དག་ལ་མཆོད་པ་དང་། ཡོན་ཕུལ་ཅིག་དང་ཁྱོད་ཀྱི་བསོད་ནམས་སུ་

འགྱུར་རོ་ཞེས་སྨྲས་སོ། །དཔལ་སྦེད་ཀྱིས་སྨྲས་པ། ངས་ཀྱང་དགེ་འདུན་དག་ལ་མཆོད་ཅིང་ཡོན་དབུལ་བར་བྱ། ཁྱོད་ཀྱིས་ཀྱང་གང་པོ་ལ་སོགས་ཏེ་རབ་ཏུ་བྱུང་བའི་དགེ་འདུན་དག་ལ་མཆོད་ཅིང་བཤོས་གསོལ་ཅིག །མེ་སྐྱེས་ཀྱིས་འདི་སྙམ་དུ་བསམས་པ། དེ་སྟེ་ཁས་

མ་བླངས་ན་དཔལ་སྦེད་ཀྱིས་ཀྱང་དགེ་འདུན་ལ་མཆོད་པའི་བར་ཆད་དུ་འགྱུར་ན། སེམས་ཅན་ཐམས་ཅད་ལ་སྦྱིན་པ་ལྟ་ཉེས་པ་མེད་ཀྱིས་གཅེར་བུ་པའི་དགེ་འདུན་དག་ཟས་བྱིན་ཏེ་བདག་གིས་དེས་དགེ་འདུན་ལ་མཆོད་ཅིང་ཡོན་འབུལ་བའི་བར་ཆད་མི་བྱའོ་སྙམ་དུ་བསམས་ནས་

དེས་ཟས་སྦྱིན་ནོ་ཞེས་ཁས་བླངས་ནས་དཔལ་སྦེད་ཀྱིས་འདི་སྙམ་དུ་བདག་གིས་དང་པོར་སངས་རྒྱས་ལ་སོགས་ཏེ་དགེ་སློང་གི་དགེ་འདུན་དག་སྔར་བཤོས་གསོལ་ན་ནི་མེ་སྐྱེས་ཀྱིས་ཕྱིས་ཟན་མི་སྦྱིན་གྱིས་གང་པོ་ལ་སོགས་ཏེ་རབ་ཏུ་བྱུང་བའི་དགེ་འདུན་དག་བཤོས་སྔར་གསོལ་པ་

དང་། ངས་ཕྱིས་ཟས་སྦྱིན་ནོ་སྙམ་བསམས་ནས། མེ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ། །མེ་སྐྱེས་ཁྱོད་ཀྱིས་དང་པོ་ཟན་བྱིན་ཅིག་དང་། ངས་ཀྱང་ཕྱིས་དགེ་སྦྱོང་གཽ་ཏ་མ་དང་ཉན་ཐོས་ཀྱི་དགེ་འདུན་དག་ལ་ཟན་སྦྱིན་ནོ། །དེས་ཀྱང་ཁས་བླངས་ནས་དེ་ནས་ཁྱིམ་བདག་

མེ་སྐྱེས་ཀྱིས་གང་པོ་དག་གང་ན་འདུག་པ་དེར་ཕྱིན་ནས་གང་པོ་དང་ལྷན་ཅིག་རབ་ཏུ་དགའ་ཞིང་མགུ་བའི་གཏམ་སྣ་ཚོགས་དག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་མེ་སྐྱེས་ཀྱིས་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །གང་པོ་

Vol. 13 · folio 169a

ཁྱོད་སང་བདག་གི་ཁྱིམ་དུ་གཅེར་བུ་པ་མང་པོ་དང་། དགེ་འདུན་དང་ལྷན་ཅིག་ཏུ་བཤོས་གསོལ་གྱིས་ཁས་ལོང་ཤིག །གང་པོས་བསམས་པ། ཁྱིམ་བདག་འདི་ནི་གོར་མ་ཆག་པར་དགེ་སྦྱོང་གཽ་ཏ་མ་ལ་སུན་པར་གྱུར་ནས་བདག་ཅག་ལ་རབ་ཏུ་

དད་པར་གྱུར་ཏེ་དེ་ནི་བདག་ཅག་གི་རྙེད་པ་རབ་ཏུ་རྙེད་པ་སྟེ། གང་པོ་བདག་ཅག་གི་དགེ་འདུན་གྱི་རིགས་ལ་རབ་ཏུ་དད་པར་གྱུར་ཏོ་སྙམ་ནས་དེས་ཁས་བླངས་སོ། །དེ་ནས་ཁྱིམ་བདག་མེ་སྐྱེས་དེ་དག་སྤྱན་དྲངས་ནས་སོང་ངོ་། །དེ་ནས་ཁྱིམ་བདག་མེ་སྐྱེས་ཀྱིས་དེའི་ནུབ་མོ་

རབ་ཏུ་བསོད་པའི་བཅའ་བ་དང་བཟའ་བའི་ཁ་ཟས་དག་སྦྱར་ནས། ནང་པར་སྔར་ལངས་ཏེ་ལངས་ནས་སྟན་བཏིང་། རིལ་བ་དག་ཆུས་བཀང་སྟེ་བཞག་ནས་གང་པོ་དག་ལ་སྤྱན་འདྲེན་པའི་དུས་གསོལ་པ། ཀྱེ་གང་པོ་བཤོས་རྣམས་བཤམས་ཀྱིས་དུས་མཁྱེན་པར་མཛོད་

ཅིག །དེ་དག་དོང་བ་དང་། དཔལ་སྦེད་ཀྱིས་དེའི་གནས་སུ་འོངས་ཏེ་སྨྲས་པ། འཕགས་པ་གང་པོ་དགེ་སྦྱོང་གཽ་ཏ་མ་ནི་ཁྱིམ་བདག་གི་ཁྱིམ་དུ་བཞུད་དེ་དེ་ནང་དུ་བཞུད་ཀར་སྒོའི་ཐེམ་པ་ལ་ཞབས་བཞག་ནས་འཛུམ་པ་སྟོན་ཏེ། དེ་ནས་ཉན་ཐོས་ཀུན་དགའ་བོ་ཞེས་བྱ་བས་སྟོད་

གཡོགས་ཕྱོགས་གཅིག་ཏུ་གཟར། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་ཉན་ཐོས་དག་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། བཙུན་པ་ཅིའི་རྒྱུ་ཅིའི་རྐྱེན་གྱིས་འཛུམ་པ་མཛད་

ཅེས་ཞུས་པ་དང་། དེས་ཀྱང་ཀུན་དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་ཉན་ཐོས་དག་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་སྟོན་པར་མི་མཛད་དེ། དེ་ཇི་ལྟ་བུར་དགོངས་པ་བཞིན་ལུང་བསྟན་ཏོ་ཞེས་སྨྲས་

ནས། དེ་ལ་སྐྱེ་བོ་མང་པོ་དག་ཀྱང་རབ་ཏུ་དད་པར་གྱུར་གྱིས་ཁྱོད་ཀྱིས་ཀྱང་ཁྱིམ་བདག་མེ་སྐྱེས་ཀྱི་ཁྱིམ་དུ་འགྲོ་བའི་ཚེ་དེ་ལྟར་བྱ་བའི་རིགས་སོ། །འོན་ཀྱང་སྐྱེ་བོ་མང་པོ་དག་རབ་ཏུ་དད་པར་འགྱུར་རོ། །དེས་ཁས་བླངས་སོ། །དེ་ནས་གང་པོ་གཅེར་བུ་པ་མང་པོས་བསྐོར་ནས་

Vol. 13 · folio 169b

ཁྱིམ་བདག་མེ་སྐྱེས་ཀྱི་ཁྱིམ་དུ་ཕྱིན་པ་དང་། ཁྱིམ་བདག་མེ་སྐྱེས་ཀྱི་སྒོའི་ཐེམ་པ་ལ་རྐང་པ་བཞག་སྟེ་རྟ་གད་དུ་བགད་པ་དང་། དེའི་ནང་ནས་གཅེར་བུ་པ་གཅིག་ཅིག་གིས་རྐང་པ་ལ་བཏུད་དེ་བཅོམ་ལྡན་འདས་སྐྱེས་བུ་དམ་པ་ཁྱོད་ལྟ་བུ་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ་ཞེས་དྲིས་

པ་དང་། ཀྱེ་ཆུ་བོ་དྲེགས་བྲལ་གྱི་འགྲམ་ན་སྤྲེའུ་ཕོ་ཞིག་གིས་སྤྲེའུ་མོ་ཞིག་མཐོང་ནས་དེ་ལ་སེམས་རབ་ཏུ་ཆགས་ཏེ་སྤྲེའུ་མོ་དེ་ལ་རྒལ་ལོ་སྙམ་ནས་བརྒྱུགས་པ་དང་གྲེད་དེ་ཤིང་གི་རྩེ་མོ་ནས་རྡེག་འཆོས་ནས་དུས་འདས་སོ། །དེའི་ཚེ་ང་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་འདོད་

པའི་རྒྱུས་སྡུག་བསྔལ་བ་ཆེར་གྱུར་ཏོ་སྙམ་མོ། །དེ་སྐད་དུ་ཁ་ནས་བྱུང་མ་ཐག་ཏུ་ཁྱིམ་བདག་མེ་སྐྱེས་ཀྱིས་ཐོས་ནས་དེས་བསམས་པ། བུ་ཟན་མོའི་བུ་གང་པོ་ནི་ཁབ་འཚོང་བ་སླར་ཁབ་རྡུང་བའི་ཁྱིམ་དུ་ཁབ་འཚོང་བར་སེམས་པ་བཞིན་ཏེ། ཇི་ནས་འདི་ལ་ཀྱལ་ཀ་ཞིག་བྱའོ་སྙམ་ནས་

དེ་དག་དབྱུག་གུ་ཅན་མང་པོ་ཐམས་ཅད་བདེ་བར་འདུག་པ་དང་། ཁྱིམ་བདག་དེས་གཙང་ཞིང་བསོད་པའི་བཅའ་བ་དང་བཟའ་བས་ཕོར་པ་བཀང་ནས་སྟེང་དུ་ཚོད་མ་བླུགས་ཏེ་བྱིན་ནོ། །གང་པོ་གཅིག་པོ་ལ་ནི་ཕོར་པའི་ཞབས་སུ་ཚོད་མ་བླུགས་ནས་སྟེང་དུ་འབྲས་ཆན་གྱིས་གཡོགས་ཏེ་བྱིན་

ནོ། །གཅེར་བུ་པ་ཕལ་དག་ཟ་ཞིང་འདུག་པ་དང་གང་པོས་བསམས་པ། གོར་མ་ཆག་པར་དེས་ནི་ང་ལ་སྟོན་པར་དམིགས་ཏེ། དེས་ཚོད་མ་ཞིམ་པོ་དང་ཁ་ཟས་བཟང་པོ་སྦྱིན་པར་བསམས་སོ་སྙམ་ནས་ཇི་ཙམ་ཚོད་མ་བྲིམས་ཟིན་པ་དང་། དེས་བསམས་པ། དེ་ནི་བྲེལ་བས་

བརྗེད་ཀྱིས་བདག་གིས་བསྐུལ་ལོ་སྙམ་ནས་དེས་བོས་ནས་ཁྱིམ་བདག་ང་ལ་ནི་འབྲས་ཆན་འབའ་ཞིག་འོངས་ཀྱིས་ཚོད་མ་ནི་མེད་དོ་ཞེས་སྨྲས་པ་དང་། དེས་སླར་ཚིགས་སུ་བཅད་དེ་སྨྲས་པ། མི་མཐོང་བ་ནི་མཐོང་བར་བྱེད། །མཐོང་བར་བྱ་བ་མི་མཐོང་སྟེ། །དྲེགས་བྲལ་འགྲམ་

གྱི་སྤྲེའུ་མཐོང་ལ། །ཕོར་བུའི་ནང་གི་ཚོད་མ་མིན། །གང་པོ་ཡང་དེའི་གདོང་བལྟས་པ་དང་། དེས་ཕོར་བུའི་ཞབས་ན་ཚོད་མ་འདུག་པ་བསྟན་ཏེ། གང་པོ་ཁྱོད་ཀྱིས་ཆུ་བོ་དྲེགས་བྲལ་གྱི་འགྲམ་ན་སྤྲེའུ་འདུག་པ་ནི་མཐོང་། ཕོར་བུའི་ནང་ན་ཚོད་མ་འདུག་པ་ནི་མ་མཐོང་ངོ་ཞེས་སྨྲས་

Vol. 13 · folio 170a

པ་དང་། དེས་བསམས་པ། འདིས་བདག་སྐྱེངས་པར་བྱས་ཀྱིས་ཅི་ནས་ཀྱང་འཇིག་རྟེན་འདི་ནས་ཕ་རོལ་གཉི་གར་ཕན་པར་མི་འགྱུར་བ་དེ་ལྟར་སྦྱིན་པའི་ཡོན་ཏན་བརྗོད་དོ་སྙམ་དུ་བསམས་པ་དང་མེ་སྐྱེས་ཀྱིས་དེ་སྐྱེངས་པར་ཤེས་ནས་སྦྱིན་པའི་ཡོན་ཏན་བརྗོད་པའི་

ཚེ་དེའི་མདུན་དུ་མ་འདུག་གོ། །དེས་ཟན་ཟོས་ནས་སྦྱིན་པའི་ཡོན་ཏན་བཀླགས་པ། སྦྱིན་བདག་གིས་ནི་སྦྱིན་པའི་དུས། །དགེ་སྦྱོང་གཞན་ནི་ཟ་བའི་དུས། །ལྷག་མ་གཞན་ལ་འོང་བའི་དུས། །བསོད་ནམས་མི་དགེ་ཡོད་མ་ཡིན། །སྒོ་བ་ཞིག་འདུག་པ་དེས་སྦྱིན་པའི་ཡོན་ཏན་

བརྗོད་པ་ལ་ཉན་ཉན་ཏེ་ཐོས་ནས་ཁྲོས་པ་འདི་འདྲ་བའི་སྡིག་ཅན་ཟས་ཟོས་ལ་བསྲུང་ཡང་མི་ནུས་ཏེ། འདི་འདྲ་བའི་སྦྱིན་པའི་ཡོན་ཏན་ལྟ་ག་ལ་སྲིད་ཀྱིས་བུ་ཟན་མོའི་བུ་འདི་ལ་ཀྱལ་ཀ་ཞིག་བྱའོ་སྙམ་ནས་དེས་འབྲས་ཁུ་བུམ་པ་གང་སྒོ་དྲུང་དུ་ཕོའོ། །སྒོ་གཏན་གྱི་གདང་ཕྱེད་ཙམ་དྲངས་

ཏེ་བཞག་པ་དང་གཅེར་བུ་པ་དེ་ཕྱིར་བྱུང་བ་དང་འབྲས་ཁུ་ལས་གྲེད་དེ་ཀླད་པ་སྒོ་གཏན་ལ་ཕོག་ནས་ཁྲག་བྱུང་ངོ་། །དེ་ནས་སྒོ་བ་དེས་མཐོང་སྟེ། ཚིགས་སུ་བཅད་དེ་སྨྲས་པ། སྒོ་གཏན་ཕྱུང་བའི་དུས་ལ་བབ། །འབྲས་ཁུ་ཕོ་བའི་དུས་བབ་པས། །མགོ་བོ་སྣད་པའི་དུས་ཡིན་གྱིས། །

དགེ་དང་མི་དགེའི་དུས་མེད་དོ། །དེ་ཀླད་པ་ལ་ཁྲག་ཟག་བཞིན་དུ་ཁྱིམ་བདག་དཔལ་སྦེད་གང་ན་བ་དེར་སོང་སྟེ་དྲུང་དུ་ཕྱིན་པ་དང་། དཔལ་སྦེད་ཀྱིས་མཐོང་ནས་བཙུན་པ་གང་པོ་ཅི་ཉེས་ཞེས་དྲིས་པ་དང་། དེས་སྨྲས་པ། མེ་སྐྱེས་ཀྱིས་འདི་འདྲ་བར་གནོད་པ་བྱས་སོ། །

དཔལ་སྦེད་ཀྱིས་སྨྲས་པ་དང་། ཁྱོད་ནི་གསོན་པོར་ཐར་གྱིས་སྡོད་ཅིག་དང་། ཅི་ནས་འདི་ལྟར་དགེ་སྦྱོང་གཽ་ཏ་མ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་ཁོ་བོའི་ཁྱིམ་ནས་གསོན་བཞིན་དུ་ཕྱིར་མི་འབྱུང་བར་བྱས་མི་དགར་མ་བྱེད་ཅིག །དཔལ་སྦེད་ཀྱིས་བསམས་པ། འདིའི་དགྲ་

ལ་ལན་གླན་གྱིས་སྤྱན་འདྲེན་དུ་འགྲོའོ། །དེ་སྟེ་དགེ་སྦྱོང་གཽ་ཏ་མ་དེ་ཐམས་ཅད་མཁྱེན་པ་ཡིན་ན་ནི་མགྲོན་དུ་བོས་ཀྱང་ཁས་ལེན་དུ་མི་བཏུབ་བོ། །དེ་སྟེ་ཐམས་ཅད་མཁྱེན་པ་མ་ཡིན་ན་ནི་ཁས་ལེན་ཏོ་སྙམ་དུ་བསམས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་

Vol. 13 · folio 170b

དང་། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་དགའ་བའི་གཏམ་སྣ་ཚོགས་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་དཔལ་སྦེད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་སང་བདག་གི་ཁྱིམ་དུ་དགེ་སློང་གི་

དགེ་འདུན་དང་ལྷན་ཅིག་བཤོས་ལ་གཤེགས་པར་ཞལ་གྱིས་བཞེས་ཤིག་ཅེས་སྤྱན་དྲངས་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། གང་གིས་ང་ལས་བདེན་པ་མཐོང་བར་འགྱུར་བ་དེ་འདི་ལྟར་བྱེད་དོ། །དེ་སྟེ་ངས་ཁས་མ་བླངས་ན་ནི་བདེན་པའི་བར་ཆད་དག་ཏུ་འགྱུར་ཏེ།

ཇི་ནས་ཁས་བླང་ངོ་སྙམ་ནས་གཤེགས་པར་ཞལ་གྱིས་བཞེས་སོ། །དཔལ་སྦེད་ཀྱིས་བསམས་པ། འདི་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། དེ་སྟེ་ཐམས་ཅད་མཁྱེན་པ་ཡིན་ན་ནི་འདི་ལྟར་ཁས་མི་ལེན་པའི་རིགས་ན། ཇི་ནས་འདི་ཐམས་ཅད་མཁྱེན་དུ་མི་འགྱུར་བར་དགྲའི་ལན་

གླན་ནོ་སྙམ་ནས་དེ་ནས་དེ་ཁྱིམ་དུ་སོང་སྟེ། དེའི་ཁྱིམ་གྱི་སྒོ་ཀར་དོང་ཆེན་པོ་བརྐོས་ནས་ནང་དུ་ཤིང་ཀ་དི་དའི་མེ་མདག་དུད་པ་མེད་པས་བཀང་ནས་དེའི་སྟེང་དུ་རྩྭས་གཡོགས་ནས་སས་བཀབ་སྟེ་བཞག་གོ། །དུག་རྣོན་པོས་བཟའ་བ་དང་བཏུང་བ་སྦྱར་ཏོ། །དེ་ནས་མེ་སྐྱེས་ཀྱི་

སྲིང་མོས་དཔལ་སྦེད་ལ་ཇོ་བོ་ཅི་ཞིག་མཛད་ཅེས་དྲིས་པ་དང་། དེས་སྨྲས་པ། དགྲ་གསད་པར་བྱའོ། །ཇོ་བོ་ལ་དགྲ་སུ་མཆིས། དགེ་སྦྱོང་གཽ་ཏ་མའོ། །ཇི་སྟེ་ཇོ་བོ་ཁྱོད་ཀྱི་དགྲ་བཅོམ་ལྡན་འདས་ཡིན་ན་མཛའ་བོ་སུ་ཞིག་མཆིས་ཀྱིས་ཇོ་བོ་འདི་ལྟ་བུ་འཕགས་པས་ཆོས་

མ་ཡིན་པའི་ལས་བྱ་བར་མི་རིགས་པར་སོམས་ཤིག་ཅེས་སྨྲས་པ་དང་། དེ་ནས་དཔལ་སྦེད་ཀྱིས་བསམས་པ། འདི་ཡང་མེ་སྐྱེས་ཀྱི་གཉེན་དུ་འོང་སྟེ་དགེ་སྦྱོང་གཽ་ཏ་མ་ལ་དད་པས་ན་གསང་ཤོར་བར་འགྱུར་རོ་སྙམ་ནས་དེས་མོ་མཛོད་ཀྱི་ནང་དུ་བཅུག་སྟེ་སྒོ་ལྕགས་བཅུག་ནས་

བཞག་གོ། །གང་པོ་ལ་སོགས་པ་གཅེར་བུ་པ་ཐམས་ཅད་བོས་ནས་ངས་དགྲ་བསད་པ་ལ་ལྟར་ཤོག་ཤིག །དགེ་སྦྱོང་གཽ་ཏ་མ་གསད་པའི་ཕྱིར་སྒོར་དོང་ཆེན་པོ་བརྐོས་ནས་ནང་དུ་སེང་ལྡེང་གི་མེ་མདག་གིས་བཀང་སྟེ་བཞག །ཁ་ཟས་དང་སྐོམ་གྱི་ནང་དུའང་དུག་རྣོན་པོས་

Vol. 13 · folio 171a

བཀང་ངོ་། །དེ་དག་ཡིད་རབ་ཏུ་དགའ་ནས་མྱུར་ཞིང་རིངས་སུ་དོང་སྟེ་ཡང་ཐོག་གི་སྟེང་དུ་འཛེགས་ཏེ་འཁོད་ནས་དེང་བདག་ཅག་བདེ་བར་འཁོད་དོ། །དགེ་སྦྱོང་གཽ་ཏ་མ་མེའི་དོང་གི་ནང་དུ་ཇི་ལྟར་ཚིག་པ་དང་། དུག་རྣོན་པོས་རབ་ཏུ་ཞེན་པ་དང་། ཡན་

མན་དུ་ས་ལ་ཇི་ལྟར་འགྱེལ་བ་དག་བལྟའོ། །དཔལ་སྦེད་ཀྱིས་གདན་བཏིང་ནས་བཅོམ་ལྡན་འདས་སྤྱན་འདྲེན་པས་དུས་གསོལ་ཏེ། གཽ་ཏ་མ་བཤོས་ཀྱང་སྦྱར་ལགས་ཀྱིས། ཀྱེ་གཽ་ཏ་མ་དུས་ལ་བབ་པར་དགོངས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་

བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་དགེ་སློང་དག་ལ་འདི་སྐད་དུ་དཔལ་སྦེད་ཀྱི་ཁྱིམ་དུ་དེ་བཞིན་གཤེགས་པ་མ་གཤེགས་པར་དགེ་སློང་སུ་ཡང་སྔར་མ་འདོང་ཤིག །བཙུན་པ་དེ་བཞིན་དུ་བགྱིའོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ། དགེ་

སློང་དག་ལ་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་དཔལ་སྦེད་ཀྱི་ཁྱིམ་དུ་དེ་བཞིན་གཤེགས་པ་མ་གཤེགས་པར་སྔར་དགེ་སློང་སུ་ཡང་མ་འདོང་ཤིག་ཅེས་བཀའ་སྩལ་ཏོ་ཞེས་བསྒོའོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ན་ཤམ་ཐབས་མནབས། ལྷུང་བཟེད་དང་། ཆོས་གོས་བསྣམས་

ཏེ། དགེ་སློང་མང་པོས་བསྐོར་ནས་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བྱས་ཏེ་དཔལ་སྦེད་ཀྱི་ཁྱིམ་གང་ན་བ་དེ་ལོགས་སུ་གཤེགས་སོ། །དེ་ནས་འོད་མའི་ཚལ་ན་གནས་པའི་ལྷ་བྲན་རྣམས་སྡུག་བསྔལ་ཞིང་ཡིད་མི་དགའ་བས་གཟིར་ཏེ། མྱུར་ཞིང་རིངས་པར་བཅོམ་ལྡན་འདས་གང་ན་

བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་སྙིང་རྗེའི་ཚིག་གིས་འདི་སྐད་དུ་བཅོམ་ལྡན་འདས་དཔལ་སྦེད་ཀྱི་ཁྱིམ་དུ་གཤེགས་པའི་མི་རིགས་སོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་དེ་ན་གནོད་པ་ཅི་ཞིག་ཡོད། བཅོམ་

ལྡན་འདས་དཔལ་སྦེད་ནི་བཅོམ་ལྡན་འདས་ལ་མ་རུང་བར་བགྱི་བའི་སླད་དུ་བཤམས་སོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་དེ་བཞིན་གཤེགས་པ་ནི་གནོད་པ་ཐམས་ཅད་དང་བྲལ་ན་དེས་ང་ལ་གནོད་པ་ཅི་ཞིག་བྱར་ཡོད། ལྷ་བྲན་གྱིས་གསོལ་པ།

Vol. 13 · folio 171b

བཅོམ་ལྡན་འདས་དེས་བཅོམ་ལྡན་འདས་དགྲོངས་པའི་སླད་དུ་དོང་ཆེན་པོའི་ནང་དུ་སེང་ལྡེང་གི་མེ་མདག་གིས་བཀང་ངོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་གང་འདོད་ཆགས་ཀྱི་མེ་དང་། ཞེ་སྡང་གི་མེ་དང་། གཏི་མུག་གི་མེ་དག་ཀྱང་ཡེ་ཤེས་ཀྱི་

ཆུས་བཏབ་ན་ཞི་བར་འགྱུར། མེའི་ནང་ན་ཐ་མ་དེས་ཅི་ཞིག་བྱར་ཡོད་ཀྱིས་མྱ་ངན་མ་བྱེད་པར་འདུག་ཤིག །ལྷ་བྲན་གྱིས་གསོལ་པ། དེ་གཅིག་པུ་མ་ལགས་ཀྱི་གཞན་དག་གིས་ཀྱང་བཅོམ་ལྡན་འདས་དགྲོངས་པའི་སླད་དུ་བྱ་བ་སྦྱར་ཏེ། དུག་རྣོན་པོ་མི་བཟད་པས་ཁ་ཟས་

དང་བཏུང་བའི་ནང་དུ་སྦྱར་ཏོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་དུག་གི་གཉེན་པོ་ཡེ་ཤེས་ཀྱིས་འདོད་ཆགས་ཀྱི་དུག་དང་། ཞེ་སྡང་གི་དུག་དང་། གཏི་མུག་གི་དུག་ཀྱང་རབ་ཏུ་བཏང་། རབ་ཏུ་སྐྱུགས། རབ་ཏུ་བོར་ན་དུག་གི་ནང་ན་ཐ་མ་དེས་

བྱར་ཅི་ཞིག་ཡོད། བདག་སླར་ལོག་ལ་བདག་གི་ལས་ལ་ནན་ཏན་བྱོས་ཤིག །དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་བྱོན་པ་དང་། རྒྱལ་པོའི་ཁབ་ན་གནས་པའི་ལྷ་དག་གིས་སྔ་མ་བཞིན་དུ་གསོལ་པ་དང་། ལྷ་དེ་དག་ལ་བཅོམ་ལྡན་འདས་ཀྱིས་ལྷ་སྔ་མ་བཞིན་དུ་བསྒོ་སྟེ་

སླར་བཀྱེའོ། །དེ་ནས་དཔལ་སྦེད་ཀྱི་ཁང་པའི་སྒོར་བྱོན་པ་དང་དཔལ་སྦེད་ཀྱི་ཁྱིམ་གྱི་ལྷས་སྔ་མ་བཞིན་དུ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་དེ་དག་ཀྱང་ལྷ་སྔ་མ་བཞིན་དུ་བསྒོ་སྟེ་སླར་བཀྱེའོ། །དེ་ནས་དཔལ་སྦེད་ཀྱི་ཆུང་མས་བསམས་པ། ད་ནི་བཅོམ་ལྡན་འདས་

སྒོ་དང་པོར་ཕྱིན་ཅིང་ད་ཙམ་ནི་དོང་གི་སྟེང་དུ་ཞབས་གཞོག་གོ། །ད་ཙམ་ནི་དོང་གི་ཁ་རྩྭས་གཡོགས་པའི་སྟེང་ནས་ལྷུང་སྟེ་ད་ཙམ་ནི་བཅོམ་ལྡན་འདས་མེའི་ནང་དུ་ལྷུང་བས་དུད་པས་ཀྱང་འཚལ། མཆི་མ་ཡང་བྱུང་། མེ་ལྕེས་ཆོས་གོས་ཚིག་པའི་དུད་པའང་བྱུང་ངོ་སྙམ་ནས་མི་

དགའ་བ་དེས་ཁང་པའི་ནང་དུ་བཅུག་པས་ཡིད་མི་དགའ་བ་སྐྱེས་ནས་མིག་མཆི་མས་གང་ཞིང་ངོ་འཛུམ་གནགས་ནས་བརྟབས་མི་དགེ་བ་ལ་རྟོག་སྟེ་ངུ་ཞིང་འདུག་གོ། །དེ་ནས་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཕན་པ་ལ་རབ་ཏུ་འཇུག་པའི་ཡིད་ཀྱིས་སྒོ་བར་མར་

Vol. 13 · folio 172a

བྱོན་ནས་མེའི་དོང་གི་སྟེང་དུ་ཞབས་བཞག་པ་དང་། དེ་ནས་མེའི་དོང་གི་སྟེང་དུ་ཞབས་བཞག་མ་ཐག་ཏུ་དེ་ཐམས་ཅད་ཀྱང་མཚེའུ་པད་མོ་ཅན་དུ་གྱུར་ཏེ། ཨུད་པ་ལ་དང་། པད་མོ་དང་། ཀུ་མུ་ད་དང་། པུཎྜ་རཱི་ཀ་དག་གིས་ནི་ཁེབས། བྱ་ངང་པ་དང་། ཀཱར་ཎྜ་དང་།

ངུར་བ་ལ་སོགས་པ་ཆུ་ན་སྤྱོད་པའི་བྱ་རྣམས་ཀྱིས་བརྒྱན་ཏེ། བྱ་དེ་དག་ཀྱང་སྐད་སྣ་ཚོགས་འབྱིན་པ་ནི་ཇི་ལྟར་ལྷའི་རྫིང་མན་ད་ཀ་བཞིན་ནོ། །ནམ་མཁའ་ལ་གནས་པའི་ལྷ་དག་གིས་ཀྱང་ལྷའི་མེ་ཏོག་ཀུ་མུ་ད་དང་། ལྷའི་མེ་ཏོག་ཁ་དོག་དང་ལྡན་པས་སྟེང་ནས་གཏོར་ཏོ། །

དེ་ནས་བཅོམ་ལྡན་འདས་པད་མའི་སྙིང་པོའི་སྟེང་དག་ཏུ་ཞབས་བཞག་སྟེ་དཔལ་སྦེད་ཀྱི་ཁྱིམ་དུ་བྱོན་པ་དང་། ཁྱིམ་བདག་དཔལ་སྦེད་ངོ་མཚར་ཆེ་བའི་མིག་གིས་བགྲད་དེ་བལྟས་ནས། བཙུན་པ་གང་པོ་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་ལ་ལྟོས་ཤིག་ཅེས་སྨྲས་

པ་དང་། གང་པོ་མི་དགའ་བའི་བཞིན་དུ་བསྒྱུར་ནས། ཁྱིམ་བདག་དགེ་སྦྱོང་གཽ་ཏ་མ་ལ་དད་དམ་དེའི་སྒྱུ་མ་ལ་དད་དམ་ཞེས་སྨྲས་པ་དང་། དཔལ་སྦེད་ཀྱིས་སྨྲས་པ། བཙུན་པ་གང་པོ་དེ་ལྟར་འདི་ལྟ་བུས་བསྒྲུབ་དུ་རུང་ན་ནི་ཁྱོད་ཀྱང་ཐམས་ཅད་མཁྱེན་པ་ན་སྒྱུ་མ་དེ་ལྟ་བུ་བྱོས་

ལ་སྟོན་ཅིག །དེ་ལྟ་བུས་ང་དང་ངའི་མཛའ་བོ་དང་ཕུ་ནུ་དག་ཀྱང་བསྒྲུབ་པར་གྱིས་ཤིག །གང་པོས་བསམས་པ་དགོས་པ་མ་གྲུབ་པར་གྱུར་ཏེ། སླར་འགྲོའོ་སྙམ་ནས་དེས་དེ་ལ་སྤྱོས་ཏེ་ཁང་པའི་སྟེང་ནས་བབས་ཏེ་སྐྱེངས་ནས་བཅོམ་ལྡན་འདས་ལ་མངོན་དུ་འབྱུང་བར་མ་

ནུས་ཏེ། དེ་ནས་འགྲོས་དལ་ཞིང་བགས་ཀྱིས་སོང་ནས་གདོང་ཡང་ས་ལ་བལྟས་ཏེ་དཔལ་སྦེད་ཀྱི་ཁྱིམ་ནས་བྱུང་སྟེ་བྲོས་ཏེ་སོང་ངོ་། །དེ་ནས་ཁྱིམ་བདག་དཔལ་སྦེད་ཁྱིམ་བདག་མེ་སྐྱེས་ཀྱི་སྲིང་མོ་གང་ན་བ་དེར་སོང་སྟེ་ཕྱིན་ནས། སྒོ་ལྕགས་ཕྱེ་སྟེ་བཟང་མོ་ཚུར་ཤོག །དེ་

བཞིན་གཤེགས་པའི་ཞབས་ལ་ཕྱག་འཚོལ་ཅིག་ཅེས་སྨྲས་པ་དང་། དེས་བསམས་པ། འདི་བདག་ལ་སླུ་བར་བྱེད་དོ་སྙམ་ནས་སྙིང་རྗེ་བའི་ཚིག་གིས་དལ་ནས་སྨྲས་པ། སྡིག་པའི་གྲོགས་པོས་བསླུས་ཏེ་བསད་ན་བདག་ལ་བགམ་དུ་ཅི་ཞིག་ཡོད་ཅེས་སྨྲས་པ་དང་། དེས་

Vol. 13 · folio 172b

བཟང་མོ་བདེན་པར་ཟེར་ཏེ་བགམ་པ་ནི་མ་ཡིན་གྱིས། བཅོམ་ལྡན་འདས་དགྲོངས་པར་མ་ནུས་པས། ད་བཅོམ་ལྡན་འདས་ལ་མངོན་དུ་འབྱུང་བར་མི་ནུས་ཀྱིས། ད་ཁྲིད་ལ་སོང་ཤིག་ཅེས་སྨྲས་པ་དང་། དེ་ནས་དཔལ་སྦེད་ཀྱི་ཆུང་མ་དེ་དགའ་བ་སྐྱེས་ནས་མགུ་བའི་ཡིད་

ཀྱིས་དཔལ་སྦེད་ཁྲིད་དེ་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཟོད་པར་མཛོད་ཅིག །ཁྱིམ་བདག་འདི་མི་དགེ་བའི་གྲོགས་པོས་བསླུས་

པས་ན་བཅོམ་ལྡན་འདས་ལ་མི་དགེ་བའི་རྣམ་པ་འདི་ལྟ་བུ་དག་བགྱིས་སོ་ཞེས་སྨྲས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་གླང་པོ་ཆེའི་སྣ་འདྲ་བའི་ཕྱག་བརྐྱང་ནས་གསུངས་པ། ཁྱིམ་བདག་ལོངས་ཤིག་དང་བཟོད་དོ། །དེ་བཞིན་གཤེགས་པ་ལ་ནི་མཛའ་བ་དང་དགྲར་བྱེ་

བྲག་མི་འབྱེད། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མཛའ་བ་དང་། དགྲར་བྱེ་བྲག་མི་འབྱེད། ཙན་དན་དང་སྟེ་འུར་མཚུངས་སོ་ཞེས་གསུངས་པ་དང་། དེ་ནས་ཁྱིམ་བདག་དཔལ་སྦེད་དེ་བཞིན་གཤེགས་པ་ལ་རབ་ཏུ་དགའ་བ་

སྐྱེས་ནས། མོས་པའི་ཡིད་ཀྱིས་བཅོམ་ལྡན་འདས་ལ་ཅུང་ཟད་ཅིག་གཞེས་ཤིག །བདག་གིས་བཤོས་ད་གདོད་སྦྱར་རོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་བཞིན་གཤེགས་པ་ལ་སྤྱན་འདྲེན་པས་དུས་གསོལ་ཏེ། གཽ་ཏ་མ་

བཤོས་དག་ཀྱང་སྦྱར་ལགས་ཀྱིས། ཀྱེ་གཽ་ཏ་མ་དུས་མཁྱེན་པར་མཛོད་ཅིག་ཅེས་ཟེར་ན་ད་ཡང་ཅིའི་ཕྱིར་ན་འདི་སྐད་དུ་སྨྲ། དེས་གསོལ་པ། བཙུན་པ་བདག་ནི་མི་དགེ་བའི་གྲོགས་པོ་ལ་ལྟ་བར་གྱུར་པའི་བློས་ལོག་པར་ལྟ་བ་གསུམ་དུ་འགྲོ་བའི་སྡིག་པས་དེ་ལ་གཞོལ་ཏེ་

ཀུན་ལ་སྡུག་པར་འགྲོ་བ་གཉིས་ཀྱང་བགགས་ནས་བཅོམ་ལྡན་འདས་ལ་གནོད་པར་བྱ་བའི་ཕྱིར་ཞུགས་སོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་བཞིན་གཤེགས་པ་ནི་གནོད་པ་ཐམས་ཅད་དང་བྲལ་ན་ཅིའི་ཕྱིར་ང་ལ་གནོད་པར་འགྱུར།

Vol. 13 · folio 173a

བཙུན་པ་བདག་གིས་དུག་རྣོན་པོས་ཞལ་ཟས་དང་། སྐྱེམས་ཀྱི་ནང་དུ་སྦྱར་གྱིས་དེ་དག་ཕོ་ལ་གདོད་སྦྱར་རོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གང་འདོད་ཆགས་ཀྱི་དུག་དང་། ཞེ་སྡང་གི་དུག་དང་། གཏི་མུག་གི་དུག་ཀྱང་

རབ་ཏུ་སྐྱུགས་ཤིང་བོར་ན་དུག་ངན་པ་འདི་ལྟ་བུ་ཅི་ཞིག་བྱར་ཡོད་ཀྱིས་གང་སྦྱར་བ་དེ་ཁྱེར་ཏེ་ཤོག་ཤིག །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་མདུན་དུ་གདན་བཏིང་བ་ལ་བཞུགས་ཏེ། བཞུགས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་

སོང་ལ་དགེ་སློང་དག་ལ་འདི་སྐད་དུ་ནམ་རྒན་རིམས་སུ་འབྱོར་ཚོགས་སོ་ཞེས་སྐད་མ་ཕྱུང་གི་བར་དུ་སུ་ཡང་ཟན་མ་ཟ་ཞིག་པར་སྒོ་ཤིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་དག་ལ་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་རྒན་རིམས་སུ་འབྱོར་ཚོགས་

སོ་ཞེས་སྐད་མ་ཕྱུང་གི་བར་དུ་སུ་ཡང་ཟན་མ་ཟ་ཞིག་ཅེས་བྱུང་ངོ་། །དེ་ནས་དགེ་སློང་གི་དགེ་འདུན་དེ་དག་བདེ་བར་འཁོད་ནས། ཁ་ཟས་དག་བསྙེན་པ་དང་། འཕྲུལ་དང་། རྫུ་འཕྲུལ་དང་། ཆོ་འཕྲུལ་གྱིས་དཔལ་སྦེད་ཀྱི་ཁྱིམ་དུ་རྒན་རིམས་སུ་འབྱོར་ཚོགས་ཞེས་སྐད་ཕྱུང་བ་

དང་། ཁ་ཟས་དང་སྐོམ་དག་ཀྱང་དུག་མེད་པར་གྱུར་ཏོ། །དཔལ་སྦེད་དེ་དོགས་བཞིན་དུ་ཁ་ཟས་དང་སྐོམ་དག་འབྲིམ་ཞིང་བསམས་པ། རྒན་རིམས་ནས་གཞོན་ནུ་དག་གི་དྲུང་དུ་འོངས་པ་དང་། ད་ཙམ་དགེ་སློང་རྒན་རིམས་དག་ནི་དུག་རྣོན་པོས་འགྱེལ་གོར་མ་ཆག་གོ། །གཞོན་

ནུ་ནས་ཡང་རྒན་རིམས་ཀྱི་དྲུང་དུ་འོངས་ནས་ཡང་འདི་སྙམ་དུ་སེམས་ཏེ། དེའི་བློ་ཡང་དེ་ལྟ་བུར་སྐྱེས་ནས། བཅོམ་ལྡན་འདས་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དུག་སྤངས་ཀྱི། ཉན་ཐོས་ཐམས་ཅད་ཀྱི་མ་ཡིན་སྙམ་དུ་བསམས་ནས། དེ་ལྟར་དགེ་སློང་

དག་ཐམས་ཅད་ཀྱིས་བཤོས་གསོལ་ན་གཅིག་ལ་ཡང་གནོད་པར་མ་གྱུར་ཏོ། །ཆུང་ངུ་ན་དེའི་ལྷག་མ་ཟོས་པ་དག་ལ་ཡང་གནོད་པར་མ་གྱུར་ཏོ། །དེ་ནས་ཁྱིམ་བདག་དཔལ་སྦེད་ཕྱི་ཕྱིར་དད་པ་སྐྱེས་སོ། །དེ་ཆུང་མ་དང་གཉིས་ཀྱིས་བཅོམ་ལྡན་འདས་བཤོས་གསོལ་ནས།

Vol. 13 · folio 173b

ལྷུང་བཟེད་ཕྱུང་སྟེ་ཕྱག་བཅབས་པར་ཤེས་ནས་སྟན་དམའ་བ་ཞིག་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་ཉན་པའི་ཕྱིར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་སྦེད་དང་ཆུང་མའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་དག་མཁྱེན་

ནས་འཕགས་པའི་བདེན་པ་བཞིའི་ཆོས་རབ་ཏུ་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་དོ། །ཁྱིམ་བདག་དཔལ་སྦེད་ཀྱིས་དེ་ཐོས་ནས་འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །དེས་བདེན་པ་མཐོང་

ནས་དགའ་བའི་ཚིག་ལན་གསུམ་སྨྲས་ཏེ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཕན་བཏགས་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། སྡུག་པ་དང་། མཛའ་བོ་དང་། གཉེན་དང་། འཁོར་གྱིས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷས་

ཀྱང་མ་བགྱིས། སྔ་མའི་མི་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་། བྲམ་ཟེ་དག་གིས་ཀྱང་མ་བགྱིས་ཏེ། བཅོམ་ལྡན་འདས་ཀྱིས་བདག་གི་མཆི་མ་དང་ཁྲག་གི་རྒྱ་མཚོ་ནི་བསྐམས། རུས་པའི་རི་ལས་ནི་བསྒྲལ། ངན་སོང་གི་སྒོ་ནི་བཅད། མཐོ་རིས་ཀྱི་སྒོ་ནི་ཕྱེ་སྟེ།

བདག་ནི་ལྷ་དང་མིའི་གནས་སུ་བཞག་གོ་ཞེས་སྨྲས་ནས། ཡང་གསོལ་པ། ཉེས་པ་མང་བ་མ་རུངས་པ། །ངན་དུ་འགྲོ་བའི་ལམ་རྣམས་ཏེ། །ཁྱོད་ཀྱི་མཐུས་ནི་དེ་དག་བཅད། །མཐོ་རིས་འགྲོ་བའི་སྒོ་ཕྱེ་བསོད་ནམས་ཅན། །མྱ་ངན་འདའ་བའི་ལམ་ཡང་བདག་གིས་ཐོབ། །

ཁྱོད་ལ་བརྟན་པས་ཐོབ་པ་ཉེས་བྲལ་བའི། །བདག་གི་མིག་ནི་དག་ཅིང་རྣམ་པར་དག །འཕགས་པ་དགྱེས་པའི་གནས་བཞི་ཐོབ། །སྡུག་བསྔལ་རྒྱ་མཚོ་ཕ་རོལ་རྒལ། །སྐྱེ་བོ་ལྷ་མིན་ལྷ་དང་མི་ཡིས་མཆོད། །སྐྱེ་བ་ན་བ་རྒ་ཤི་རྣམ་པར་བྲལ། །སྲིད་པ་སྟོང་དུའང་རྙེད་པར་

ཤིན་ཏུ་དཀའ། །ཐུབ་པ་ཁྱོད་མཐོང་དེང་ནི་འབྲས་བུར་ལྡན། །བཙུན་པ་བདག་ནི་མངོན་པར་རྒལ་ཏེ་མངོན་པར་རྒལ་ལོ་ད་ནི་བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིས། དེང་ཕན་ཆད་ནམ་མཚོའི་བར་དུ་སྲོག་དང་བསྡོས་ཏེ་སྐྱབས་སུ་

Vol. 13 · folio 174a

མཆི་ནས་མངོན་དུ་དད་ཀྱིས། བདག་ལ་དགེ་བསྙེན་དུ་ཟུང་ཤིག །བཙུན་པ་དེང་ཕན་ཆད་མུ་སྟེགས་ཅན་གཅེར་བུ་པ་དང་། གཅེར་བུ་མ་དང་། གཅེར་བུ་པའི་ཉན་ཐོས་རྣམས་ལ་ནི་སྒོ་བཅད། བཅོམ་ལྡན་འདས་ཀྱི་ཉན་ཐོས་དང་། དགེ་སློང་དང་། དགེ་

སློང་མ་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མ་ལ་ནི་སྒོ་དབྱེའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔལ་སྦེད་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བསྟབས། ཡང་དག་པར་གཟེངས་བསྟོད། རབ་ཏུ་དགའ་བར་བྱས་ནས་གདན་ལས་

བཞེངས་ཏེ་བཞུད་དོ། །དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུད་དུ་གདན་བཏིང་བ་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་ཁྱིམ་བདག་དཔལ་སྦེད་ཀྱི་ཁྱིམ་དུ་དེ་ལྟ་བུའི་

གནོད་པ་དག་བྱུང་བ་དེ་ལ་དེར་དེ་བཞིན་གཤེགས་པས་མཁྱེན་པར་མ་གྱུར་ན་གོར་མ་ཆག་པར་དགེ་སློང་རབ་ཏུ་མང་པོ་ཞིག་དུག་གིས་དུས་བྱས་པར་འགྱུར། ཁྱིམ་བདག་དེས་ངན་དུ་སྤྱད་པས་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ་། །དེ་བས་ན་དགེ་འདུན་གྱི་གནས་

བརྟན་གྱི་དགེ་སློང་ལ་མཚུངས་པར་སྤྱོད་པའི་ཆོས་བཅའོ། །དགེ་འདུན་གྱི་གནས་བརྟན་དགེ་སློང་གི་རྒན་རིམས་སུ་འདུག་ནས་ཁ་ཟས་དག་བཤམས་ཏེ་འོངས་པ་དང་། སྔར་ཆུང་ངུ་ན་ལན་ཚྭ་ཙམ་ཡང་མ་བླང་ཤིག །རྒན་རིམས་སུ་འབྱོར་ཚོགས་ཞེས་སྐད་མ་ཕྱུང་བར་

བླངས་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་ཁྱིམ་བདག་གཞན་ཞིག་གིས་གཙུག་ལག་ཁང་ཆེན་པོ་ཞིག་རྩིག་པ་ལ་ཞུགས་པ་ལས། དེས་ཕྱེད་ཙམ་བརྩིགས་པ་དང་དུས་འདས་སོ། །དེའི་བུ་ཁྱིམ་གྱི་བདག་པོར་གྱུར་ནས་དགེ་

སློང་དག་གིས་དེའི་གན་དུ་སོང་སྟེ་བཞིན་བཟངས་ཁྱོད་ཀྱི་ཕས་གཙུག་ལག་ཁང་རྩིག་པ་ལ་ཞུགས་པ་དང་། དེ་ཡང་ཕྱེད་ཙམ་ཟིན་པ་དང་དུས་འདས་སོ། །དེ་ནི་ཁྱོད་ཀྱིས་མཇུག་བསྒྲུབ་པའི་རིགས་སོ་ཞེས་སྨྲས་པ་དང་། དེ་དད་པ་ཆུང་སྟེ་གཙུག་ལག་ཁང་དེ་ནི་ཆེ་བས་ན་

Vol. 13 · folio 174b

དེ་ཙམ་རྩིག་སུས་ནུས་ཀྱིས། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་ནི་ཆེན་པོ་དེ་བཤིག་ལ་ཆུང་ངུར་བསྐྱུངས་ཏེ་བགྱིའོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་རྩིག་མི་ནུས་ན་

ཤིག་ལ་ཆུང་ངུར་བྱོས་ཤིག །དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་གཞན་ཞིག་གིས་གཙུག་ལག་ཁང་ཆུང་ངུ་ཞིག་རྩིག་པར་ཞུགས་པ་ལས། དེ་ཡང་ཕྱེད་ཙམ་ཟིན་པ་དང་དུས་འདས་སོ། །དེའི་བུ་ཡང་ཁྱིམ་གྱི་བདག་པོར་གྱུར་ནས།

དེ་ལ་དགེ་སློང་དག་གིས་དེ་ལ་བཞིན་བཟངས་ཁྱོད་ཀྱི་ཕས་གཙུག་ལག་ཁང་ཕྱེད་བརྩིགས་ནས་ལུས་པ་དེ་ཁྱོད་ཀྱིས་མཇུག་སྒྲུབས་ཤིག་ཅེས་སྨྲས་པ་དང་། དེ་རབ་ཏུ་དད་པ་ཞིག་སྟེ་འཕགས་པ་དག་བདག་ནི་ཆེར་བགྱིད་པར་དད་ན་དེ་ནི་ཆུང་སྟེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་

གནང་ན་སྔ་མ་བཤིག་ལ་ཆེན་པོ་ཞིག་བརྩིག་གོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་ནུས་ན་ཆུང་ངུ་བཤིག་སྟེ་ཆེར་བརྩིག་པར་གནང་གིས་དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །

དེ་བཞིན་དུ་ཁྱིམ་བདག་གཞན་ཞིག་གིས་མཆོད་རྟེན་ཆེན་པོ་ཞིག་བརྩིག་པར་བྱས་པ་ལས་ཕྱེད་ཙམ་ཟིན་པ་དང་དེ་དུས་འདས་སོ། །དེའི་བུ་ཡང་ཁྱིམ་གྱི་བདག་པོར་གྱུར་ནས་དེ་ལ་དགེ་སློང་དག་གིས་བཞིན་བཟངས་ཁྱོད་ཀྱི་ཕས་མཆོད་རྟེན་ཕྱེད་ཙམ་བརྩིགས་ཤིང་འདུག་ན་དེ་ཁྱོད་ཀྱིས་མཇུག་

སྒྲུབས་ཤིག་ཅེས་སྨྲས་པ་དང་། དེ་ཡང་མ་དད་པ་ཞིག་སྟེ་འཕགས་པ་དེ་ཚེ་ཆོས་པས་རྩིག་པར་མི་ནུས་ན། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་དེ་ལ་བདག་གིས་དེ་སླར་བཤིག་ལ་ཆུང་ངུར་བགྱིའོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་

གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གཙུག་ལག་ཁང་ནི་ཆེན་པོ་ལས་ཆུང་ངུར་བསྒྱུར་དུ་ཡང་རུང་ཆེར་ཡང་རུང་གི །མཆོད་རྟེན་ནི་ཆེན་པོ་ལས་ཆུང་ངུར་མ་སྐྱུང་ཤིག །ཆུང་ངུར་བྱས་ན་འདས་པ་དང་བཅས་པར་འགྱུར་རོ། །ཁྱིམ་བདག་

Vol. 13 · folio 175a

གཞན་ཞིག་གིས་ཡང་མཆོད་རྟེན་ཆུང་ངུ་ཞིག་རྩིག་ཏུ་ཞུགས་པ་ལས་ཕྱེད་ཙམ་ཟིན་པ་དང་དེ་དུས་འདས་སོ། །དེའི་བུ་ཡང་ཁྱིམ་གྱི་བདག་པོར་གྱུར་ནས་དགེ་སློང་དག་གིས་དེ་ལ་བཞིན་བཟངས་ཁྱོད་ཀྱི་ཕས་མཆོད་རྟེན་རྩིག་ཏུ་ཞུགས་པ་ལས་ཕྱེད་ཙམ་ཟིན་པ་དང་

དེའང་དུས་ལས་འདས་ན། ད་ཁྱོད་ཀྱིས་མཇུག་སྒྲུབས་ཤིག་ཅེས་སྨྲས་པ་དང་། དེ་ཡང་རབ་ཏུ་དད་པ་ཞིག་སྟེ། བདག་ནི་ཆེར་དད་པ་ལགས་ཀྱིས། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་ཆེར་བསྐྱེད་པར་བགྱིའོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་

ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་ཆུང་ངུ་བཤིག་སྟེ་ཆེན་པོར་བྱེད་ནུས་ན་གནང་གིས་བྱོས་ཤིག །དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །མཆོད་རྟེན་དང་གདུགས་རྙིངས་ཤིང་ཞིག་པ་ཡང་དེ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཆོས་ཤིག་ཅེས་བཀའ་

སྩལ་པ་དང་། གཞན་ཞིག་གིས་གདུགས་ཕབ་ནས་སླར་མ་བསྒྲུབས་ཀྱི་བར་དུ་དུས་འདས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་མ་མ་ཟིན་གྱི་བར་དུ་སྔ་མ་དབབ་པར་མ་བྱེད་ཅིག །དེ་བཞིན་དུ་སྐུ་གཟུགས་འཇིམ་པ་ལ་བྱས་པ་དག་རྙིངས་ནས། དགེ་

སློང་དག་ཐེ་ཚོམ་སྐྱེས་ནས་མ་བྱས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དང་འདྲ་བའམ། དེ་ལས་ལྷག་པར་ནི་བྱོས་ཤིག །ཆུང་ངུ་ནི་མ་ཡིན་ནོ། །དེ་བཞིན་དུ་རི་མོར་བྲིས་པ་དག་ཀྱང་རི་མོ་བྱེད་པ་དང་། དགེ་སློང་དག་ཐེ་ཚོམ་སྐྱེས་ནས་རི་མོར་མ་བྲིས་ནས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱིད་ན་དེ་ཉིད་ཀྱི་རྒྱུད་སླར་བྲིས་ཤིག །དེ་བཞིན་དུ་སངས་རྒྱས་ཀྱི་བཀའི་གླེགས་བམ་དག་བྱིད་པར་གྱུར་ནས། དགེ་སློང་དག་གིས་ཐེ་ཚོམ་སྐྱེས་ནས་མ་བྲིས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱིད་ན་སངས་རྒྱས་ཀྱི་

བཀའ་སླར་བྲིས་ཤིག །དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །རྐྱང་པའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་བཞི་པའོ།། །།འདུལ་བ་གཞུང་དམ་པ། བམ་པོ་བཞི་བཅུ་རྩ་གཅིག་པ། མདོར་ན། གསར་བུས་འཇུག་པར་བྱ་བ་དང་། །འཁོར་རྣམས་རྣམ་པ་ལྔ་ཡིས་

Vol. 13 · folio 175b

དང་། །ཡོན་དང་སྣོད་དང་རོལ་མོ་དང་། །དགེ་བསྙེན་དག་ནི་བསྒྲགས་པའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་འཛམ་བུའི་གྲིབ་མ་ན་བཞུགས་པའི་སྐུ་གཟུགས་ལ་དུས་ཀྱི་མཆོད་རྟེན་ཆེན་པོ་དང་བཅས་པར་བྱོས་ལ། གྲོང་ཁྱེར་གྱི་ནང་དུ་བཀུར་བར་གྱིས་

ཤིག་ཅེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་སུས་བཀུར་བར་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གཞོན་ནུ་དག་གིས་ཁྱེར་ཅིག །བཅོམ་ལྡན་འདས་ཀྱིས་དགེ་སློང་གཞོན་ནུ་དག་གིས་ཁྱེར་ཅིག་པར་བཀའ་སྩལ་པ་དང་། དེ་འཁོར་མེད་

པར་གྱུར་པས་ན་མི་མཛེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མའི་འཁོར་ལྔ་དང་ཆོས་ཤིག །དད་པའི་བྲམ་ཟེ་དང་ཁྱིམ་བདག་གིས་ཡོན་ཕུལ་ན་སུས་ཀྱང་མ་བླངས་པ་དང་། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་བླང་བར་བྱོས་ཤིག །གཞོན་ནུས་བླང་ངམ་རྒན་པོ་རྣམས་ཀྱིས་བླང་བ་དེ་དག་གིས་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་པོ་རྣམས་ཀྱིས་ལོང་ཤིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་

སློང་དེ་དག་གིས་བཀུར་བར་བྱོས་ཤིག་དང་། དགེ་སློང་གནས་བརྟན་དག་གིས་ཁྱེར་ཏེ་ངལ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གནས་བརྟན་དག་གིས་བསྲུངས་ལ་གཞན་གྱིས་བཀུར་བར་གྱིས་ཤིག །དགེ་སློང་དག་གིས་རོལ་མོ་མེད་

པར་དོང་བ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀྱིས་གནང་ན་ནི་སྐུ་གཟུགས་གཤེགས་པའི་ཚེ་བདག་གིས་རོལ་མོ་སྦྱར་རོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་ལྟར་ན་གནང་གིས་སྦྱོར་ཅིག །སངས་རྒྱས་

བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་དགེ་སློང་རོལ་མོ་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །ནམ་མཆོད་པའི་དུས་ན་འདི་སྐད་དུ་བཞིན་བཟངས་སྟོན་པ་ལ་མཆོད་པར་བྱོས་ཤིག་ཅེས་སྒོ་ཤིག །རྐྱང་པའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་

Vol. 13 · folio 176a

ལྔ་པའོ།། །།མདོར་ན། སྒྲོགས་པར་བྱེད་དང་སྣོད་སྦེད་དང་། །ཤིང་རྟ་ཐ་དད་བྱེད་པ་དང་། །སྣོད་རྣམས་བགེད་པ་དད་པ་དང་། །མདོའི་ཚིགས་སུ་བཅད་པར་བརྗོད་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་

སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དུས་སྟོན་ཆེན་པོ་གྱིས་ལ་ཤིང་འཛམ་བུའི་གྲིབ་མ་ན་བཞུགས་པའི་སྐུ་གཟུགས་གྲོང་ཁྱེར་དུ་གཤེགས་པར་རྒྱས་པར་བྱོས་ཤིག་ཅེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་བྲམ་ཟེ་དང་ཁྱིམ་བདག་དག་ལ་མ་

སྦྲན་པར་དོང་ངོ་། །དེ་དག་གིས་ཨེ་མའོ་འཕགས་པ་དག་ངེད་ཅག་ལ་སྔར་སྦྲན་ན་ནི་ངེད་ཀྱིས་ཡོན་རྣམས་སྟ་གོན་བྱ་བ་ཞིག་ཅེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞག་བདུན་

ནམ་བརྒྱད་ཀྱི་སྔ་རོལ་ནས་དུས་ཀྱི་མཆོད་སྟོན་ཆེན་པོ་བྱེད་དོ་ཞེས་གྲོང་ཁྱེར་དང་། ཚོང་དུས་དང་། སྲང་དང་། ལམ་དང་། ལམ་གྱི་བཞི་མདོ་དག་ཏུ་བསྒྲག་པར་བྱོས་ཤིག །དེ་དག་གིས་དུས་སྟོན་ནོ་དུས་སྟོན་ནོ་ཞེས་བསྒྲགས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞག་དུས་

ཐོབ་ལ་ཞག་འདི་སྙེད་ཅིག་ན་དུས་སྟོན་བྱེད་དོ་ཞེས་སྦྲོན་ཅིག །དེ་ལྟར་བྱས་ཀྱང་འཇིག་རྟེན་ཐམས་ཅད་ཀྱིས་མ་ཐོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོ་ག་ལ་བྲིས་ལ་བལ་གླང་གི་སྟེང་དུ་ཞོག་སྟེ། ཚོང་དུས་དང་། སྲང་དང་། ལམ་དང་། ལམ་གྱི་བཞི་མདོ་

དག་ཏུ་བསྒྲགས་པར་གྱིས་ཤིག །གང་གི་ཉིན་མོ་བཅོམ་ལྡན་འདས་ཀྱི་དུས་སྟོན་ཆེན་པོ་བྱེད་པ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་གནས་བརྟན་དང་། གནས་བརྟན་དག་གིས་ནི་ཡོན་རྣམས་སྲུང་ཤིག །གཞོན་ནུ་རྣམས་ཀྱིས་ནི་ཁྱེར་ཅིག་ཅེས་བཀའ་སྩལ་པ་དང་། དེས་

ཁྱེར་ཏེ་བབ་བབ་ཏུ་བོར་བ་དང་། མ་བྱིན་པར་ལེན་པ་དག་གིས་བརྐུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣོད་སྤྱད་སྦེད་པའི་དགེ་སློང་སྐོས་ཤིག །བསྐོ་བ་ནི་འདི་ལྟར་བསྐོའོ། །སྟན་བཏིང་ལ་གཎྜཱི་བརྡུངས་ཤིང་དྲིས་པ་ལ་ལན་གློན་པའི་དགེ་སློང་བསྐོས་ཏེ།

Vol. 13 · folio 176b

དགེ་སློང་གི་དགེ་འདུན་རྣམས་ཚོགས་ཤིང་འཁོད་པ་དང་། སྔར་ནི་དད་པར་བྱོས་ཤིག །ཁྱོད་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་སྣོད་སྦེད་པར་བསྐོ་ན་དད་དམ་ཞེས་དྲིས་ཏེ། དད་ན་དེས་ཀྱང་དད་དོ་ཞེས་སྨྲོས་ཤིག །དེའི་འོག་ཏུ་དགེ་སློང་ཅིག་གིས་གསོལ་པ་དང་ལས་བྱོས་ཤིག །

གསོན་ཅིག་བཙུན་པའི་དགེ་འདུན་རྣམས། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྦེད་པར་དད་ན། དེ་སྟེ་དེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་ཤིག་དང་མིང་འདི་ཞེས་བགྱི་བ་སྣོད་སྦེད་པར་བསྐོས་ཏེ། སྣོད་སྦེད་པ་མིང་འདི་ཞེས་བགྱི་བ་དགེ་འདུན་

གྱི་སྣོད་སྦེད་དེ། འདི་ནི་གསོལ་བའོ། །ལས་ཀྱང་འདི་ལྟར་བྱ་སྟེ། གསོན་ཅིག་བཙུན་པའི་དགེ་འདུན་རྣམས་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྦེད་པར་དད་དེ། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་སྣོད་སྦེད་པར་བསྐོ་སྟེ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་

སྣོད་སྦེད་ན་ཚེ་དང་ལྡན་པའི་རྣམས་ལས་གང་ལ་མིང་འདི་ཞེས་བགྱི་བ་སྣོད་སྦེད་དུ་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་ལ་མི་བཟོད་པ་དག་ནི་སྨྲོས་ཤིག །དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་སྣོད་སྦེད་པར་བསྐོ་སྟེ། དགེ་འདུན་གྱིས་བཟོད་ཅིང་

གནང་བས་ན་ཅང་མི་གསུང་སྟེ། དེ་དེ་བཞིན་དུ་འཛིན་ཏོ། །དེར་ཡང་རྙེད་པ་དག་མང་དུ་བྱུང་ནས་དགེ་སློང་མ་དག་གིས་འཕགས་པ་དག་བདག་ཅག་ལ་རྙེད་པའི་སྐལ་བ་སྩོལ་ཅིག་ཅེས་སྨྲས་ཀྱང་དགེ་སློང་དག་གིས་མ་བྱིན་ནོ། །དེ་དག་གིས་ཕྱི་དེ་ཉིན་མོ་ཤིང་རྟ་གཞན་ཞིག་

བཤམས་པ་དང་། བྲམ་ཟེ་དང་ཁྱིམ་བདག་དག་གིས་འཕགས་མ་དག་ཤིང་རྟ་འདི་ཉིད་དམ་འོན་ཏེ་གཞན་ཞིག་ཅེས་དྲིས་ན། དགེ་སློང་མ་དེ་དག་གིས་ཀྱང་རྙེད་པ་མང་དུ་གྱུར་ཏོ། །དགེ་སློང་མ་དག་གིས་རྙེད་པ་དང་བཀུར་སྟི་ལ་ངོམས་པར་གྱུར་པ་དགེ་སློང་དག་གིས་མཐོང་

ནས་འཕགས་པ་ཁྱེད་ཀྱིས་ཁོ་མོ་ཅག་ལ་རྙེད་པ་མ་བྱིན་མོད་ཀྱི། བདག་ཅག་གིས་ཀྱང་ཤིང་རྟ་ལོགས་ཤིག་ཏུ་བཤམས་པས་བདག་ཅག་ལ་ཡང་རྙེད་པ་མང་དུ་ཐོབ་པར་གྱུར་ཏོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་

Vol. 13 · folio 177a

ལྡན་འདས་ཀྱིས་དགོངས་པ། དགེ་སློང་དག་གང་ཉེས་པའི་དམིགས་སུ་གྱུར་པ་ནི་དགེ་སློང་མ་དག་གིས་དུས་སྟོན་གྱི་ཚེ་ཤིང་རྟ་གུད་དུ་བཤམས་པས་དེ་བས་ན་དགེ་སློང་དང་དགེ་སློང་མ་དག་གིས་ཤིང་རྟ་ལོགས་ཤིག་ཏུ་མི་བཤམ་པར་དགོངས་ནས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མས་ནི་མི་རིགས་པར་བྱས་ཏེ། དེ་བས་ན་དགེ་སློང་མས་དུས་སྟོན་གྱི་ཚེ་ཤིང་རྟ་ལོགས་ཤིག་ཏུ་མ་ཤོམ་ཤིག །དགེ་སློང་མ་དག་གིས་དུས་སྟོན་གྱི་ཚེ་ཤིང་རྟ་ལོགས་ཤིག་ཏུ་བཤམས་ན་དབྱེན་བྱས་པ་དང་།

ཉེ་བའི་ཉེས་པ་སྦོམ་པོར་འགྱུར་རོ། །སྣོད་དེ་དག་དེ་བཞིན་དུ་འདུག་པ་དང་དགེ་སློང་དག་གིས་ཇི་ལྟར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བགོས་ཤིག་ཅེས་གསུངས་པ་དང་། དེ་དག་ཇི་ལྟར་བགོ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣོད་བགེད་པའི་

དགེ་སློང་ཅིག་སྐོ་ཤིག །བསྐོ་བ་ནི་འདི་ལྟར་བྱའོ། །སྟན་ཐིང་སྟེ་གཎྜཱི་རྡུངས་ལ་དྲིས་པ་ལ་ལན་གློན་པའི་དགེ་སློང་སྐོས་ལ་དགེ་འདུན་ཐམས་ཅད་འདུས་ཏེ་འཁོད་པ་དང་སྔར་དད་པར་བྱོས་ཤིག །ཁྱོད་དགེ་འདུན་གྱི་སྣོད་བགེད་པར་བསྐོན་དད་དམ་ཞེས་དྲིས་ལ། དེ་སྟེ་དད་དོ་ཞེས་ཟེར་ན་དེའི་འོག་

ཏུ་དགེ་སློང་གཅིག་གིས་གསོལ་པ་དང་ལས་བྱོས་ཤིག །གསོན་ཅིག་བཙུན་པའི་དགེ་སློང་རྣམས། སྣོད་བགེད་པ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་བགེད་པར་དད་ན། དེ་སྟེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་ལ་དགེ་འདུན་གྱིས་མིང་འདི་

ཞེས་བགྱི་བ་འདི་སྣོད་བགེད་པར་སྐོས་ཤིག །མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་སྣོད་བགེད་དེ་འདི་ནི་གསོལ་བའོ། །ལས་ཀྱང་འདི་ལྟར་བྱོས་ཤིག །གསོན་ཅིག་བཙུན་པའི་དགེ་འདུན་རྣམས་མིང་འདི་ཞེས་བགྱི་བ་སྣོད་བགེད་པར་དད་ནས་དགེ་འདུན་གྱི་སྣོད་བགེད་དེ། དགེ་འདུན་

གྱིས་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་སྣོད་བགེད་པར་ཚེ་དང་ལྡན་པ་རྣམས་གང་བཟོད་པ་ནི་ཅང་མ་གསུང་ཤིག །མི་བཟོད་པ་ནི་སྨྲོས་ཤིག །དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་སྣོད་བགེད་པར་བསྐོས་ཏེ། དགེ་འདུན་གྱིས་བཟོད་ཅིང་གནང་བས་ན་ཅང་མི་གསུང་སྟེ་དེ་དེ་བཞིན་

Vol. 13 · folio 177b

དུ་འཛིན་ཏོ། །རྐྱང་པའི་སྒོ་གཉིས་ཀྱི་མདོའི་ཚིགས་སུ་བཅད་པ་དྲུག་པའོ།། །།མདོ་བར་མ་སྟེ། རྣམ་པ་ཐ་དད་བྱས་དང་ཡོན། །གང་གི་ཚེ་ན་གཅིག་ལས་ལྷག །གང་གི་ཚེ་ན་གཉིས་ལས་གཅིག །བདག་གིར་བྱ་བར་མི་རུང་ངོ་། །སངས་རྒྱས་བཅོམ་ལྡན་འདས་

མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་དུས་སྟོན་ཆེན་པོ་བྱུང་བ་ན་རྙེད་པ་མང་པོ་དང་ལྡན་པར་གྱུར་ནས། དགེ་སློང་དག་གིས་ཇི་ལྟར་བྱ་བའི་ཐབས་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གོས་

སྦེད་པའི་དགེ་སློང་གིས་སྟན་ཐིང་ལ་གཎྜཱི་བརྡུངས་ཏེ་དྲིས་པ་ལ་ལན་གློན་པའི་དགེ་སློང་བསྐོས་ལ་དགེ་འདུན་ཐམས་ཅད་འདུས་ཤིང་འཁོད་པའི་ནང་དུ་བཙོང་བར་བྱའོ། །དེ་དག་གིས་སུས་རིན་ཐང་གདབ་པར་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་

གནས་བརྟན་གྱིས་ཐོབ་ཤིག །དེ་དག་གིས་དེ་ཉིད་ཉོར་བཅུག་པ་དང་། དེ་ཉིད་ལ་ཉོར་མ་གཞུག་ཤིག །དགེ་འདུན་གྱི་གནས་བརྟན་གྱིས་རིན་ཆེར་བཏབ་སྟེ་སུས་ཀྱང་མ་ཉོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆེར་མ་གདབ་ཤིག་ཅེས་གསུངས་པ་དང་ཤིན་ཏུ་ཆུང་

ངུ་བཏབ་བོ། །ཤིན་ཏུ་ཆུང་ངུ་ཡང་མ་གདབ་པར་རན་པར་ཐོབ་ཤིག །གང་གིས་ཐོག་མར་རིན་ཐང་བསྐྱེད་པ་དེ་ཉིད་ཉོར་ཆུག་ཅེས་སྨྲས་པ་དང་དེ་ལ་མ་བཙོང་བར་གང་གི་ཚེ་རིན་ཐང་སུས་ཀྱང་མ་བསྐྱེད་ན་གདོད་དེ་ཉིད་ལ་ཚོང་ཤིག །དྲུག་སྡེ་དག་གིས་རིན་ཆེར་བཏབ་སྟེ་

རིན་ཆེར་བསླངས་ན་དགེ་འདུན་གྱི་དོན་གྱི་ཕྱིར་ངེད་ཀྱིས་རིན་ཐང་བསྐྱེད་དོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཉོ་བ་དེས་རིན་ཐང་སྐྱེད་ཅིག །གཞན་གྱིས་རིན་ཐང་བསྐྱེད་ན་འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་རིན་ཐང་བསྐྱེད་དེ་

ཉོས་ནས་བཀྲུས་ཤིང་བགོས་སོ། །རིན་ལེན་པ་ལ་དེ་ཉིད་སླར་བྱིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིན་མ་འོངས་ཀྱི་བར་དུ་དེ་ལ་མ་སྦྱིན་ཅིག །རིན་མ་བྱིན་པར་བགོས་ན་འདས་པ་དང་བཅས་པར་འགྱུར་རོ། །རྐྱང་པའི་སྒོ་གཉིས་ཀྱི་མདོའི་ཚིགས་སུ་བཅད་པ་བདུན་པའོ།། །།

Vol. 13 · folio 178a

མདོར་ན། གཙུག་ལག་ཁང་ནི་ཞིག་པ་དང་། །ལྕི་བའི་ཕྱིར་ནི་དབེན་པར་བྱ། །ནམ་ཞིག་འཇིགས་པར་གྱུར་པ་ན། །སྐད་ཅིག་བརྙ་བ་དགེ་འདུན་གྱི། །སངས་རྒྱས་བཅོམ་ལྡན་འདས་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་

བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གནས་ཁང་ལྔ་རྩེག་ཏུ་བྱོས་ཤིག །དྲི་གཙང་ཁང་ནི་བདུན་རྩེག་སྒོ་ཁང་ཡང་བདུན་རྩེག་ཏུ་བྱོས་ཤིག་ཅེས་བཀའ་སྩལ་ཏོ། །དགེ་སློང་མའི་གནས་ཁང་ནི་སུམ་རྩེག་གོ། །དྲི་གཙང་ཁང་ནི་ལྔ་རྩེག་གོ། །སྒོ་ཁང་

ཡང་ལྔ་རྩེག་གོ། །སྟེང་གི་ལྕིད་ཀྱིས་རྩིག་པ་འཇིག་ཏུ་བྱེད་དེ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟེང་མའི་རིམ་གཅིག་ཕྲི་ཤིག །འོན་ཀྱང་འཇིག་པར་གྱུར་པ་དང་། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་རིམ་གཉིས་ནས་བཞིའི་བར་དུ་ཕྲི་ལ་འོག་ཁང་གཅིག་པུ་ཞོག་ཤིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་རྣམས་ལ་འཇིགས་པ་དག་བྱུང་ནས། གཙུག་ལག་ཁང་སྟོང་པར་བྱས་ཏེ། དགེ་འདུན་གྱི་མལ་སྟན་

ཡང་བོར་ནས་བྲོས་ཏེ་དོང་བ་དང་། མ་བྱིན་པར་ལེན་པ་དག་གིས་བརྐུས་སོ། །བརྐུས་པས་དགེ་སློང་དག་ཕོངས་པར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་མལ་

སྟན་བོར་ཏེ་མ་འདོང་ཤིག །གང་དུ་དོང་བ་དེར་ཁྱེར་ཅིག །བཅོམ་ལྡན་འདས་ཀྱིས་གང་དུ་འདོང་བར་ཁྱེར་ཅིག་ཅེས་བཀའ་སྩལ་པ་དང་། དགེ་སློང་ཞིག་གིས་བགོ་བ་དག་ཁྱེར་ཏེ་དགེ་སློང་དག་དང་ལྷན་ཅིག་ཏུ་བྲོས་ཏེ་དོང་བ་དང་། དེ་ན་ནུབ་མོ་དགེ་སློང་ཞིག་གིས་ཚེ་དང་

ལྡན་པ་འདི་ནི་དགེ་འདུན་གྱི་ནང་ན་ང་ནི་རྒན་ཏེ་ཇི་ལྟར་རྒན་རིམས་སུ་དབང་ངོ་ཞེས་སྨྲས་པ་དང་དེ་བྱིན་ནོ། །དེས་དེ་བྱིན་ནས་ཇི་ཙམ་ནམ་ནངས་པ་དང་། དེས་བསྒོ་བ་འདིས་ཁྱེར་ཅིག་ཅེས་སྨྲས་པ་དང་། དེས་སྨྲས་པ་གང་གི་ཚེ་བསྒོ་བར་བགོས་པ་དེའི་ཚེ་ན་ནི་ཁྱོད་རྒན་པོས་

Vol. 13 · folio 178b

ཁྱེར་ལ་ད་བཀུར་བའི་ཚེ་ནི་ང་ལ་སྦྱིན་ནམ་ཁྱོད་ཉིད་ཁྱེར་ཅིག །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གིས་འཇིགས་པའི་ཚེ་ཁྱེར་ཁྱེར་བ་དེ་ཉིད་ཀྱིའོ། །གང་གི་ཚེ་འཇིགས་པ་མེད་པར་གྱུར་ན་ཡང་

བཅོམ་ལྡན་འདས་ཀྱིས་གནང་ངོ་ཞེས་སླར་མ་ཕུལ་བ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རེ་ཞིག་ངས་དགེ་འདུན་གྱི་མལ་སྟན་དག་གནང་གི་གཏན་དུ་ནི་མ་ཡིན་གྱི། འཇིགས་པ་

དང་བྲལ་ན་སླར་ཕུལ་ལ་རྒན་རིམས་སུ་བྱིན་ཅིག །རྐྱང་པའི་སྒོ་གཉིས་ཀྱི་མདོའི་ཚིགས་སུ་བཅད་པ་བརྒྱད་པའོ།། །།མདོར་ན། ཛེ་ཏའི་ཚལ་དུ་མཆོད་སྟོན་ཚེ། །རྔ་ཆེན་གྱིས་ནི་འདུ་བར་བྱ། །གྲལ་ནི་ཆོལ་བར་འཁོད་པ་དང་། །དགེ་སློང་ལས་ནི་ཞལ་ཏར་བསྐོ། །སངས་རྒྱས་བཅོམ་

ལྡན་འདས་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་པས་བཅོམ་ལྡན་འདས་ལ་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་དུས་སྟོན་ཆེན་པོ་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

ཁྱིམ་བདག་ངས་གནང་གིས་བྱོས་ཤིག །དེ་ཛེ་ཏའི་ཚལ་དུ་དུས་སྟོན་བྱས་པ་དང་། དགེ་སློང་དག་མ་འདུས་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་མཆོད་སྟོན་ཆེན་པོ་བྱེད་ན་གཎྜཱི་དང་། རྔ་དང་། དུང་བུས་ཤིག་དང་། དགེ་སློང་དག་གདུགས་ཚོད་ལ་བབ་པར་དུས་རིག་པར་འགྱུར་

རོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་རྔ་དང་དུང་དག་གི་སྒྲས་བརྡེགས་ན་ཆོལ་བར་འཁོད་དོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ལས་ཞལ་ཏ་བ་བསྐོས་ཏེ་ཅི་ནས་རྒན་རིམས་སུ་འཁོད་

ཅིག །ཇི་ལྟར་རྒན་རིམས་སུ་འཁོད་པ་དང་། ནམ་ཟས་དག་རྒན་རིམས་ནས་བྲིམས་ཏེ། གཞོན་ནུའི་གན་དུ་ཕྱིན་ཙམ་ནས་གདུགས་ཚོད་ཀྱང་ཡོལ་ཏེ། དགེ་སློང་དག་ཟས་ཀྱི་བར་ཆད་དུ་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་།

Vol. 13 · folio 179a

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྔ་བརྒྱ་ཕྲེང་དུ་གྱིས་ལ་ཁ་ཟས་ནི་རྒན་རིམས་ཀྱི་མདུན་དུ་ཞོག་ཤིག །དགེ་སློང་དག་གིས་དེ་བཞིན་དུ་བྱས་པ་དང་ཁྱིམ་བདག་ནི་བཟའ་བ་འབྲིམ་པ་ལ་རྐུའོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་

འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྲིམ་པའི་སྤྱན་པ་དགེ་སློང་སྐོས་ཤིག །དེ་དག་ཀྱང་ཁ་ཟས་ཀྱི་བར་ཆད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་སྔར་ཟན་བྱིན་ལ་ཕྱིས་ཞལ་ཏ་བྱེད་དུ་ཆུག་ཤིག །རྐྱང་པའི་

སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་དགུ་པའོ།། །།མདོར་ན། དགེ་སློང་མ་ནི་མང་དུ་གྱུར། །དགེ་སློང་དང་པོ་ཡི་རང་དང་། །གཅིག་དང་གཉིས་དང་མང་པོ་དང་། །བུ་ཆུང་རབ་ཏུ་དགར་གྱུར་པའོ། །སངས་རྒྱས་བཅོམ་ལྡན་འདས་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་

ཀུན་དགའ་ར་བ་ན་བཞུགས་ཏེ། རི་བྲགས་ཀྱི་གྲོང་གཞན་ཞིག་ན་ཁྱིམ་བདག་ཞིག་གནས་པ་དེས་དགེ་སློང་མ་མང་ཞིག་བཤོས་ལ་སྤྱན་དྲངས་ནས་ཇི་ཙམ་ཞིག་ན་དགེ་སློང་གཅིག་ཅིག་འགྲོན་པ་མང་པོ་དང་ལྷན་ཅིག་ཏུ་ལྗོངས་རྒྱུ་བ་སྤྱོད་ཅིང་རི་བྲགས་ཀྱི་གྲོང་དེར་ཕྱིན་པ་དང་། དེ་དེར་

བསོད་སྙོམས་ལ་ཞུགས་ན་དེ་ན་གཞན་ཞིག་གིས་དེ་ལ་འཕགས་པ་ཁྱིམ་འདི་ན་དགེ་སློང་མ་དག་བཤོས་གསོལ་ཞིང་འཁོད་ཀྱིས་དེར་བཞུད་ཅིག་ཅེས་སྨྲས་པ་དང་། དེ་ཡང་དེར་སོང་ནས་དགེ་འདུན་མའི་གནས་བརྟན་སྦོམ་མོ་དགའ་ལྡན་འདུག་སྟེ། དེས་འཕགས་པ་དེ་སྟེ་སྦྱིན་

པའི་ཡོན་ཏན་བརྗོད་ནུས་ན་ནི་རྒན་རིམས་སུ་བཞུགས་ཤིག །དེ་སྟེ་མི་ནུས་ན་ཕྱོགས་གཅིག་ཏུ་བཤོས་བསྣོམས་ལ་བཞུད་ཅིག་ཅེས་སྨྲས་པ་དང་། དེ་སྐྱེངས་ནས་དེས་བསམས་པ་དེ་སྟེ་བདག་གིས་སྦྱིན་པའི་ཡོན་ཏན་བརྗོད་ཀྱི་བར་དུ་འདུག་ན་ནི་འགྲོན་པ་མང་པོ་དག་ཀྱང་དོང་བར་

འགྱུར་གྱིས་ཕྱོགས་གཅིག་ཏུ་ཟན་ཟོས་ཏེ་འགྲོའོ་སྙམ་ནས་ཕྱོགས་གཅིག་ཏུ་ཟན་ཟོས་ཏེ་སོང་ངོ་། །རིམ་བཞིན་དུ་མཉན་དུ་ཡོད་པར་ཕྱིན་པ་དང་། དགེ་སློང་དག་གིས་ཚེ་དང་ལྡན་པ་བདེ་བར་འོངས་སམ། ཅི་བདེ་བར་སྤྱད་དམ་ཞེས་སྨྲས་པ་དང་། དེས་སྨྲས་པ། ག་ལ་ཞིག་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words