འདུལ་བ་གཞུང་དམ་པ
Sanskrit title (Tibetan script, as in the text) བི་ན་ཡ་ཨུད་ཏ་ར་གྲན་ཐ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 13 · folio 1a
༄༅། །འདུལ་བ་པ་བཞུགས་སོ། །
Vol. 13 · folio 1b
༄༅། །འདུལ་བ་གཞུང་དམ་པ། བམ་པོ་ཉི་ཤུ་གསུམ་པ། མདོར་ན། ཁྱེའུ་གཉིས་རྒལ་གསུམ་པ་དང་། །ཕྲིན་པ་དག་དང་དགེ་འདུན་ཞིང་། །ཡོ་བྱད་རྣམས་དང་ཕུར་པ་
དང་། །ཤིང་དང་བྱ་ཚང་རྣམ་གཉིས་སོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཁྱིམ་བདག་མགོན་མེད་པ་ལ་ཟས་སྦྱིན་གྱི་བུ་རྣམས་ཐར་བར་བྱས་པ་ནི་རྒྱས་པར་རྣམ་པར་འབྱེད་པ་ལས་ཇི་
སྐད་འབྱུང་བ་བཞིན་ནོ། །ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་གདུགས་ཚོད་ལ་སྤྱན་དྲངས་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་
རྣམས་ནི་བྱོན་གྱི་དགེ་སློང་ཞིག་གཙུག་ལག་ཁང་ན་འདུག་སྟེ་བསོད་སྙོམས་མནོས་སོ། །དེ་ན་ཁྱིམ་བདག་མགོན་མེད་པ་ལ་ཟས་སྦྱིན་གྱི་ཁྱེའུ་རྣམས་ཛེ་ཏའི་ཚལ་ན་རྩེ་བ་ལས་གཡོན་ཅན་དག་གིས་
བརྐུས་པ་དགེ་སློང་དེས་ཐོས་ཏེ། དེས་སྔགས་བསླབས་ནས་རིང་པོ་མ་ལོན་པར་དེས་འདི་སྙམ་དུ་མ་ལ་བདག་གིས་སྔགས་འདིས་སད་དོ་སྙམ་དུ་བསམས་ནས་དེས་སྔགས་དེ་བརྗོད་པ་དང་། གཡོན་
Vol. 13 · folio 2a
ཅན་དེ་དག་དཔུང་གི་ཚོགས་བཞིས་བསྐོར་བར་གྱུར་ནས་དེ་དག་གིས་ཁྱེའུ་དེ་རྣམས་བོར་ཏེ་བྲོས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་ཐོས་ནས་དེ་ལ་དགེ་སློང་དག་གིས་འདི་ནི་ཕས་ཕམ་པའི་ཉེས་པ་བྱུང་ངོ་ཞེས་སྨྲས་པ་དང་། དགེ་སློང་དེ་འགྱོད་
པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱོད་ཀྱིས་ཇི་ལྟར་བསམས་ཏེ་ཁྱེའུ་རྣམས་ཐར་བར་བྱས་ཞེས་སྨྲས་པ་དང་། སྔགས་སད་པར་བསམས་སོ་ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔགས་བརྗོད་པ་
ལ་ཉེས་པ་མེད་དོ། །ལྗོངས་ཀོ་ས་ལར་དགེ་འདུན་གྱི་ཆོས་གོས་བགོས་པ་དང་། དགེ་སློང་གཞི་པ་ཞིག་གྲོང་གཞན་དུ་སོང་ནས་དེ་ལ་ལྷན་ཅིག་སྤྱོད་པ་གཉིས་ཤིག་ཡོད་དེ་དེ་གཉིས་ཀྱིས་མཁན་པོའི་གོས་སོ་སོར་མནོས་སོ། །དེ་གཉིས་ཀྱིས་མནོས་ཏེ་དོང་བ་
དང་། གཅིག་ལ་གཅིག་མཁན་པོའི་གོས་ཁྱོད་ཀྱིས་མནོས་སམ་ཞེས་དྲིས་སོ། །ཁྱོད་ཀྱིས་ཀྱང་མནོས་ཁོ་བོས་ཀྱང་མནོས་ན་གང་གིས་མི་དབང་བར་མནོས་པས་ཕས་ཕམ་པ་བྱུང་བ་ནི་མི་ཤེས་སོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
མནོས་པ་ལ་ཉེས་པ་མེད་དེ་འོན་ཀྱང་གཞན་ཤེས་པར་བྱོས་ཤིག །གཞོངས་ཀོ་ས་ལར་དགེ་འདུན་གྱིས་གོས་བགོས་པ་དང་། དགེ་སློང་གཞི་བ་ཞིག་གྲོང་གཞན་དུ་སོང་ནས། དགེ་སློང་དེའི་མཛའ་བོ་ཞིག་ཡོད་དེ། དེས་དེའི་གོས་མནོས་ནས་དེས་འོངས་པ་
དང་། འདི་སྐད་དུ་ཚེ་དང་ལྡན་པ་འདི་ནི་ཁྱོད་ཀྱི་གོས་ཡིན་ཏེ་ཁོ་བོས་མནོས་ནས་འོངས་སོ་ཞེས་སྨྲས་པ་དང་། ངས་ཁྱོད་ལ་མ་བཅོལ་ཏོ་ཞེས་སྨྲས་ནས། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་
Vol. 13 · folio 2b
ཉེས་པ་མེད་དེ་མ་བཅོལ་བར་རྙེད་པ་མ་མནོད་ཅིག །མནོས་ན་ནི་ཉེས་བྱས་སུ་འགྱུར་རོ། །གཞོངས་ཀོ་ས་ལར་གོས་རྣམས་བགོས་པའི་ཚེ་དགེ་སློང་ཞིག་ན་བ་དང་དེའི་ནད་གཡོག་གིས་གོས་མནོས་ནས་དེས་ཁྱེར་ཏེ་སོང་བ་དང་། དགེ་སློང་དེ་ཡང་དུས་ལས་འདས་ཏེ་དགེ་སློང་
དེས་ཇི་ལྟར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སྔར་དུས་ལས་འདས་ལ་ཕྱིས་མནོས་ན་ནི་དེ་ཉིད་དུ་སླར་ཕུལ་ཅིག །འོན་ཏེ་སྔར་མནོས་ལ་ཕྱིས་དུས་ལས་འདས་ན་ནི་ཡོ་བྱད་གཞན་ཇི་ལྟ་བ་དེ་ལྟར་བྱོས་ཤིག །དགེ་སློང་ཞིག་གིས་དགེ་སློང་
ཞིག་ལ་ཚེ་དང་ལྡན་པ་ཚུར་ཤོག །ཆུང་ངུ་ཆུང་ངུ་ནས་མ་བྱིན་པར་བླངས་པ་དང་ཉེས་པར་མི་འགྱུར་རོ་ཞེས་སྨྲས་པ་དང་། དགེ་སློང་དག་གིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱོར་བ་གཅིག་གིས་རིན་ཐང་བརྩི་བར་བྱའོ། །
ཁྱིམ་བདག་ཅིག་དགེ་འདུན་གྱི་ཞིང་རྨེད་པ་དང་། དེ་ལ་དགེ་སློང་གཞི་བ་ཞིག་འོངས་ནས་འདི་སྐད་དུ་ཁྱིམ་བདག་ཡང་ན་ཤས་བྱིན་ཅིག །ཡང་ན་ཞིང་མ་རྨེད་ཅིག་ཅེས་སྨྲས་ཀྱང་དེས་མ་མཉན་ཏེ་རྨོས་པ་དང་། དགེ་སློང་དེས་ཐོང་བའི་རྩེ་མོར་ཉལ་ལོ། །དེ་ནས་ཁྱིམ་བདག་
དེས་ཐོང་བ་བོར་ནས་འདི་སྐད་དུ་དགེ་སྦྱོང་འདི་ལྟ་བུ་དང་བྲལ་བར་ཤོག་ཤིག་ཅེས་འཕྱ་ཞིང་སྤོང་སྟེ་མི་སྙན་པར་ཟེར་བ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཕྱིན་ཆད་དགེ་སློང་གིས་འདི་ལྟར་ལུས་མི་སྡུག་པར་མ་
བྱེད་ཅིག །དགེ་སློང་ཞིག་གིས་དགེ་སློང་ཞིག་ལ་འདི་སྐད་དུ་ཚེ་དང་ལྡན་པ་ཚུར་ཤོག་མཆོད་རྟེན་གྱི་ནོར་བརྐུས་ཀྱང་བདག་ཅག་གཉིས་ལ་ཉེས་པར་མི་འགྱུར་རོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མཆོད་རྟེན་གྱི་ཡོ་བྱད་སྲུང་མ་ཡོད་པ་
ལས་ནི་དེ་སྟེ་རིན་ཐང་ཚང་ན་ཕས་ཕམ་པར་འགྱུར་རོ། །དགེ་སློང་གཞི་བ་ཞིག་དགེ་འདུན་གྱི་ཞིང་རྨེད་དུ་བཅུག་པ་དང་། དེ་ནས་ཤིན་ཏུ་མི་རིང་བ་ཞིག་ན་ཁྱིམ་བདག་ཅིག་ཀྱང་ཞིང་རྨེད་དེ། ཁྱིམ་བདག་དེ་འོངས་ནས་བཙུན་པ་ཁོ་བོའི་ཞིང་མ་རྨོ་ཤིག་ཅེས་སྨྲས་པ་དང་། འདི་ཁྱོད་
Vol. 13 · folio 3a
ཀྱི་མ་ཡིན་ཏེ་དགེ་འདུན་གྱི་ཞིང་ངོ་། །བཙུན་པ་ཁོ་བོའི་དབང་དུ་མི་མ་ཡིན་པ་བསྟན་ཏོ་ཞེས་སྨྲས་ནས། ཁྱིམ་བདག་དེས་སྔོན་མཚམས་སུ་ཕུར་པ་བཏབ་པ་དེ་བརྐོས་སོ། །དེ་བརྐོས་ནས་བསྟན་པ་དང་དེས་ཐོང་བ་བོར་ནས་ཁྱིམ་བདག་དེ་སོང་བའི་འོག་ཏུ་དེས་དེའི་ཕུར་
པ་ནང་དུ་བསྣུར་ཏེ་ཞིང་རྨེད་པ་དང་། ཁྱིམ་བདག་དེ་སླར་འོངས་ནས། བཙུན་པ་ད་གཟོད་ཀྱང་ཁོ་བོ་རྒྱལ་ན་ཅིའི་ཕྱིར་ད་དུང་ཡང་ཞིང་རྨེད་ཅེས་སྨྲས་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་དངོས་པོ་ཚང་ན་ཕས་ཕམ་
པར་འགྱུར་རོ། །དགེ་སློང་ཞིག་གིས་ཁྱིམ་བདག་གི་མེ་ཏོག་གི་ཤིང་ཞིག་མ་བྱིན་པར་བླངས་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་དངོས་པོ་ཚང་ན་ཕས་ཕམ་པར་འགྱུར་རོ། །འབྲས་བུའི་ཤིང་ཡང་དེ་བཞིན་ནོ། །
དགེ་སློང་གི་འཆག་སར་ཤིང་ཞིག་སྐྱེས་ཏེ། དེ་ལ་འོལ་བའི་ཚང་འཆས་ནས་དེས་དེ་དག་འཆག་པ་ལ་ཤིང་འདོར་ཞིང་སྐད་འབྱིན་པ་དང་། དེས་དེའི་ཚང་བཤིག་ནས་དེ་སྐད་འབྱིན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ལ་དགའ་བོ་འོལ་བ་ཅིའི་ཕྱིར་
སྐད་འབྱིན་ཅེས་རྨས་པ་དང་། དགེ་སློང་དག་གིས་འོལ་བའི་ཚང་བཤིག་པའི་སླད་དུའོ། །འོལ་བའི་ཚང་མ་གཞིག་ཅིག །སུས་བཤིག་པ་དེ་ལ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་འོལ་བའི་ཚང་བཤིག་ནས་ཚོན་བསྐོལ་བ་དེ་ཡང་རྒྱས་པར་དེ་བཞིན་ནོ། །
མདོར་ན། ལ་ཕུག་སྡོང་བུ་འབྲས་བུ་དང་། །འདབ་མ་མེ་ཏོག་རྣམ་གསུམ་དུ། །རྟ་དང་རྟ་ཞོན་རྐུ་བ་དང་། །གྲུ་རྒལ་བ་དང་ནོར་བུའོ། །མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་ལ་ལ་ཕུག་གི་ར་བ་ཞིག་ཡོད་དེ་དེར་དགེ་སློང་ཞིག་སོང་ནས་འདི་སྐད་དུ་ལ་ཕུག་སློང་ཞེས་སྨྲས་པ་
དང་། བཙུན་པ་རིན་སྩོལ་ཅིག །རིན་མེད་དོ། །རིན་མེད་པར་ཇི་ལྟར་གསོལ། ཆོས་ཀྱི་ཕྱིར་རིན་མེད་པར་བྱིན་ཅིག །བཙུན་པ་དེ་སྟེ་འདིར་འོངས་སོ་ཅོག་ལ་རིན་མེད་པར་བྱིན་ན་ཁོ་བོ་ཅག་གི་ཟས་དང་གོས་ཅུང་ཟད་ཀྱང་མེད་པར་འགྱུར་རོ་ཞེས་སྨྲས་པ་དང་། ཅི་ཅུང་ཟད་ཀྱང་
Vol. 13 · folio 3b
མི་སྦྱིན་ནམ། ཅུང་ཟད་ཀྱང་མི་གསོལ་ལོ་ཞེས་སྨྲས་ནས། དེས་ལ་ཕུག་གི་ར་བ་དེ་སྔགས་ཀྱིས་བསྐམས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་མོད་ཀྱི་ཉེས་པ་སྦོམ་པོར་འགྱུར་རོ། །ལ་ཕུག་གི་ར་བ་ཇི་ལྟ་བ་བཞིན་དུ་སྡོང་བུའི་ར་བ་དང་།
ལོ་མའི་ར་བ་དང་། འབྲས་བུའི་ར་བ་རྣམས་ཀྱང་དེ་བཞིན་ནོ། །རྟ་ཞིག་རྩྭ་ཟ་ཞིང་འདུག་པ་དང་། དགེ་སློང་ཞིག་གིས་རྩྭ་ཆང་བ་གང་བླངས་ནས་རྟའི་མདུན་དུ་བསྒྲེངས་པ་དང་། དེ་ཡང་དེའི་ཕྱི་བཞིན་དུ་འོང་བར་གྱུར་ནས། དགེ་སློང་དེས་འདི་ལྟར་བརྐུ་བར་བྱའོ་སྙམ་སྟེ་ལུས་
རྣམ་པར་བསྒྱུར་བ་དང་། དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་ནི་མེད་ཀྱི་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་ཚོང་པ་འགྲོན་པ་མང་པོ་དག་ཅིག་དང་ལྷན་ཅིག་གཞོངས་ཀོ་ས་ལར་དོང་ནས་མྱ་ངན་གྱི་ལམ་ཞིག་
ཏུ་ཕྱིན་པ་དང་། ཚོང་པ་དེ་རྟ་ལ་ཞོན་ནས་དེ་དག་གིས་བཙུན་པ་མྱ་ངན་གྱི་ལམ་འདི་ནི་འཇིགས་པ་དང་བཅས་ཀྱིས་རྟ་ལ་བཅིབས་ལ་མྱུར་དུ་བཞུད་དོ་ཞེས་སྨྲས་པ་དང་། དགེ་སློང་དག་གིས་རྟ་ལ་ཞོན་ཏེ་དེ་དག་གིས་དེར་འདི་ལྟར་བརྐུ་བར་བྱའོ་སྙམ་ནས་ལུས་རྣམ་པར་བསྒྱུར་བ་དང་། དགེ་
སློང་དེ་དག་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་ནི་མེད་དེ་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་རིན་པོ་ཆེས་གང་བའི་གྲུ་དང་ལྷན་ཅིག་རྒལ་བ་ལས་དེས་དེར་འདི་ལྟར་བརྐུ་བར་བྱའོ་སྙམ་ནས་ལུས་རྣམ་པར་བསྒྱུར་བ་དང་།
དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་ནི་མེད་དེ་ཉེས་པ་སྦོམ་པོར་འགྱུར་རོ། །ཚོང་པ་ཞིག་གི་གྲུ་རིན་པོ་ཆེས་གང་བ་ཆུར་བྱིང་བ་དང་། དེ་བྲེལ་བ་དང་རིན་པོ་ཆེའི་སྒྲོམ་ཆུས་ཁྱེར་ཏེ་དགེ་སློང་དག་ཅིག་འོག་ན་ཆུ་ལ་འཁྲུ་
ཞིང་འདུག་པ་དེ་དག་གིས་རིན་པོ་ཆེའི་སྒྲོམ་མཐོང་ནས་དེ་དག་གིས་དེ་ཕྱུང་བ་དང་། ཚོང་པ་དེས་མཐོང་སྟེ། བཙུན་པ་དག་རིན་པོ་ཆེའི་སྒྲོམ་འདི་ནི་བདག་གི་ལགས་སོ་ཞེས་སྨྲས་པ་དང་། འདི་ཆུས་ཁྱེར་བ་ལས་ངེད་ཀྱིས་རྙེད་དོ། །བཙུན་པ་དག་བདག་གིས་གྲུ་རིན་པོ་ཆེས་
Vol. 13 · folio 4a
གང་བ་ཆུར་བྱིང་སྟེ། དེ་ནས་ཁོ་བོ་བྲེལ་བ་དང་། རིན་པོ་ཆེའི་སྒྲོམ་བུ་འདི་ཆུས་ཁྱེར་ཏེ། རིན་པོ་ཆེའི་སྒྲོམ་འདི་ནི་བདག་གི་ལགས་སོ་ཞེས་སྨྲས་པ་དང་། དེ་སྟེ་ཁྱོད་ཀྱི་ཡིན་ན་ཁྱེར་ཅིག །དགེ་སློང་དེ་དག་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་གཞི་བ་ཞིག་གིས་ཕྱོགས་བཞིའི་དགེ་འདུན་གྱི་ཡོ་བྱད་རྐུ་སེམས་ཀྱིས་གནས་ནས་གནས་སུ་སྤོས་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་
པ་སྦོམ་པོར་འགྱུར་རོ། །རྐུན་པོ་དག་ཅིག་གིས་བ་ཞིག་ཁྲིད་དེ་དགོན་པའི་གནས་སུ་འཛེགས་ནས་དེ་དག་གིས་དེར་བཏགས་ཏེ་དོང་བ་དང་། གནས་དེར་དགེ་སློང་དག་ཉིན་པར་སྤྱོད་པའི་ཕྱིར་དོང་བ་དང་། དེ་དག་གིས་བ་དེ་མཐོང་ནས་དེ་དག་གིས་སྙིང་རྗེ་སྟེ་བཏང་བ་དང་། དེ་
དག་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་བྱས་སུ་འགྱུར་རོ། །མདོར་ན། རོ་དང་གསེར་གྱི་ཕྲེང་བ་དང་། །བྱན་ལག་བྱི་བ་རྣམ་པ་གཉིས། །རི་དགས་གསུམ་དང་ཀོག་ཚེ་གཉིས། །རྙི་དང་བྱ་
རྒྱ་བྱ་ཚང་ངོ་། །མཉན་དུ་ཡོད་པ་ན་གཞན་དག་རོ་ལ་གསོལ་བ་འདེབས་ཏེ། ཁྱིམ་བདག་དེས་ཀྱང་དགོས་པ་ཞིག་གསོལ་ནས། དེའི་དགོས་པ་དེ་གྲུབ་པ་དང་། དེས་དེ་ལ་རས་དཀར་པོ་ཞིག་གིས་གཡོགས་ཏེ་བཞག་པ་ལ་དགེ་སློང་ནག་པོ་དགའ་བོ་ཞེས་བྱ་བ་དེ་དེར་སོང་ནས་
རས་དེ་བླངས་པ་དང་། དེ་ལ་དགེ་སློང་རྣམས་ཀྱིས་ཁྱོད་ལ་ཕས་ཕམ་པའི་ཉེས་པ་བྱུང་ངོ་། །དངོས་པོ་གང་གི་ཕྱིར། ཁྱོད་ཀྱིས་རོའི་རས་མ་བྱིན་པར་བླངས་པའི་ཕྱིར་རོ་ཞེས་སྨྲས་པ་དང་། དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་
ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །གྲོང་ཁྱེར་ཡངས་པ་ཅན་ན་རོ་གསེར་གྱི་ཕྲེང་བ་བཏགས་པ་ཞིག་རང་ལ་བསྲུང་ཞིང་འདུག་གོ་ཞེས་དགེ་སློང་ནག་པོ་དགའ་བོ་ཞེས་བྱ་བ་དེས་ཐོས་ཏེ་དེ་དེར་སོང་ནས། རོ་དེ་ལ་འཐོག་པ་ལས་རོ་དེ་སྨྲ་བ་དང་། དེ་དཔའ་བ་ལ་ནུས་
Vol. 13 · folio 4b
པས་ན་དེས་གསེར་གྱི་ཕྲེང་བ་ཕྲོགས་ཏེ་ཁྱེར་བ་དང་། དགེ་སློང་རྣམས་ཀྱིས་ཐོས་ནས་དེ་ཡང་དེ་བཞིན་དུ་རྒྱས་པར་རོ། །བུད་མེད་མང་ཞིག་ཆུ་བོ་མ་ཛི་ར་བ་ཏིའི་ངོགས་སུ་གོས་དང་རྒྱན་རྣམས་བཞག་སྟེ་ཁྲུས་བྱེད་པ་ན། སྤྲེའུ་ཞིག་ཤིང་ལས་བབས་ནས་རྒྱན་རྣམས་ཁྱེར་ཏེ་ཤིང་
ལ་སླར་འཛེགས་པ་དང་། དེ་དག་སླར་བྱུང་ནས་གོས་རྣམས་བགོས་ཏེ་རྒྱན་རྣམས་ཐོགས་ཞེས་བྱས་ན་མུ་ཏིག་གི་དོ་ཤལ་མེད་ནས་གང་གི་ཚེ་མ་རྙེད་པ་དེའི་ཚེ་དོང་ངོ་། །དེ་ནས་སྤྲེའུ་དེས་མུ་ཏིག་གི་དོ་ཤལ་དེ་དེ་ཉིད་དུ་སླར་བོར་བ་དང་། དགེ་སློང་དག་ཅིག་ཤིན་ཏུ་མི་རིང་བ་ཞིག་ན་
འཆག་ཅིང་འཁོད་པ་དེ་དག་གིས་མུ་ཏིག་གི་དོ་ཤལ་དེ་མཐོང་ནས་བླངས་ཏེ་བུད་མེད་དེ་དག་ལ་བྱིན་ནོ། །བུད་མེད་དག་ན་རེ་ཁྱོད་ཀྱིས་མུ་ཏིག་གི་དོ་ཤལ་འདི་བརྐུས་སོ་ཞེས་སྨྲས་པ་དང་། འདི་ངེད་ཅག་གིས་མ་བརྐུས་ཀྱིས་ཁྱེད་ཅག་ཁྲུས་བྱེད་པ་ན་སྤྲེའུ་ཞིག་ཤིང་ལས་བབས་ནས་
མུ་ཏིག་གི་དོ་ཤལ་འདི་བླངས་ཏེ་སླར་ཤིང་ལ་འཛེགས་སོ། །གང་གི་ཚེ་ཁྱོད་ཀྱིས་བཙལ་ཏེ་མ་རྙེད་ནས་དོང་བ་དེའི་ཚེ་སླར་བབས་ཏེ་དེ་ཉིད་དུ་བཞག་གོ། །དགེ་སློང་དེ་དག་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་གིས་བྱན་
ལག་གི་ཚང་བཤིག་སྟེ་སྒོ་ང་བླངས་པ་དང་། བྱན་ལག་དེ་སྒྲ་འབྱིན་ཏེ་དེ་བཞིན་རྒྱས་པར་རོ། །དགེ་སློང་མང་ཞིག་གཙུག་ལག་ཁང་ཞིག་ན་འཁོད་པ་དང་བྱི་བ་དག་ཅིག་བྱི་ཁུང་ནས་བྱུང་སྟེ་ནོར་དང་ཟས་བརྐུས་ཤིང་བྱི་ཁུང་དུ་སླར་སོང་བ་དང་། དེ་དག་འདི་སྙམ་དུ་གྱུར་ཏོ། །
བདག་ཅག་གི་ལ་རྐུ་བ་དེ་སུ་ཞིག་སྙམ་དུ་བསམས་ཏེ། དགེ་སློང་དག་གིས་བསོད་སྙོམས་ལས་བསྐོར་ནས་གདུགས་ཚོད་ལ་སྡོད་ཅིང་འདུག་པ་དང་། བྱི་བ་དེ་ཡང་ཁུང་བུ་ནས་བྱུང་སྟེ། ཁ་ཟས་ཁྱེར་ནས་དེ་བཞིན་དུ་བྱི་ཁུང་དུ་སླར་སོང་བ་དང་། དགེ་སློང་དེ་དག་འདི་སྙམ་དུ་
བདག་ཅག་ལ་རྐུ་བ་ནི་འདི་ཡིན་ནོ་སྙམ་དུ་བསམས་ཏེ། དེ་དག་གིས་དེ་བཟུང་ནས་དགེ་སློང་དག་ལ་བསྟན་ཏེ་བདག་ཅག་ལ་རྐུ་བ་ནི་འདི་ཡིན་ནོ་ཞེས་སྨྲས་པ་དང་། དགེ་སློང་དེ་དག་གིས་སྨྲས་པ་ཁྱེད་ལ་ཕས་ཕམ་པའི་ཉེས་པ་བྱུང་ངོ་། །དངོས་པོ་གང་ལས་ཁྱེད་ཀྱིས་བྱི་བ་ལ་མ་
Vol. 13 · folio 5a
བྱིན་པར་བླངས་པས་སོ་ཞེས་སྨྲས་པ་དང་། དགེ་སློང་དེ་དག་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་ཀྱིས་དགེ་སློང་རྣམས་ཀྱི་གང་ཡིན་པ་དེ་ལོང་ཤིག །བྱི་བའི་གང་ཡིན་པ་དེ་ནི་མི་བླང་བར་བྱའོ། །བྱི་བས་བཅའ་
བ་དང་བཟའ་བའི་རྣམས་ཁྱེར་ཏེ་འོངས་ཤིང་དགེ་སློང་ཞིག་གི་མལ་སྟན་གྱི་འོག་ཏུ་བཞག་པ་དང་། དགེ་སློང་དེས་ནང་པར་སྔར་སོ་ཤིང་ཟོས་གདོང་བཀྲུས་ནས་བྱིན་ལེན་བྱས་ཏེ། དེ་ཟོས་པ་དང་དགེ་སློང་དག་གིས་ཚེ་དང་ལྡན་པ་ཁྱོད་རྟག་པར་ལག་པ་དང་། རྐང་པ་ལེགས་པར་
བཀྲུས་ཀྱང་བསོད་སྙོམས་ལ་གྲོང་དུ་མི་འཇུག་ན། དེ་ཅིའི་ཕྱིར་ཞེས་སྨྲས་པ་དང་། བདག་ནི་བྱི་བས་བཅའ་བ་དང་བཟའ་བ་ཁྱེར་ཏེ་འོངས་ཤིང་མལ་སྟན་གྱི་འོག་ཏུ་འཇོག་སྟེ་བདག་གིས་སྔར་བྱིན་ལེན་བྱས་ནས་ཟོས་སོ་ཞེས་སྨྲས་པ་དང་། ཚེ་དང་ལྡན་པ་ཁྱོད་ནི་ཕས་ཕམ་པའི་ཉེས་པ་བྱུང་
ངོ་། །དངོས་པོ་གང་གི་ཕྱིར། ཁྱོད་ཀྱིས་བྱི་བའི་བཅའ་བ་དང་བཟའ་བ་མ་བྱིན་པར་བླངས་པའི་ཕྱིར་རོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་ནི་ཚེ་སྔ་མ་ལ་བྱི་བའི་ཕ་ཡིན་ཏེ། དེ་ཕ་
ལ་བྱམས་པས་ན་དགེ་སློང་དེ་ལ་ཁ་ཟས་ཁྱེར་ཏེ་འོངས་ཤིང་བྱིན་པས་ཉེས་པ་མེད་དོ། །རི་དགས་ཤིག་རྔོན་པས་བསྙགས་ནས་གཙུག་ལག་ཁང་དུ་འོངས་པ་དང་རྔོན་པ་དེ་དག་གིས་བདག་ཅག་གི་རི་དགས་དེ་ནི་བསྙགས་ཏེ་གཙུག་ལག་ཁང་དུ་སོང་གིས་སླར་བྱིན་ཅིག་ཅེས་
སྨྲས་པ་དང་། དེ་དག་གིས་གང་གི་ཚེ་མ་ཐོབ་པ་དེའི་ཚེ་བོར་ཏེ་དོང་བ་དང་། དགེ་སློང་དེ་དག་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །རྔོན་པས་རི་དགས་མདས་ཕོག་པ་དེ་ཡང་དེ་བཞིན་དུ་རྒྱས་པར་བྱའོ། །རྔོན་པས་རི་དགས་ཤིག་
མདའ་དུག་ཅན་གྱིས་ཕོག་པ་གཙུག་ལག་ཁང་དུ་འོངས་པ་དང་། རྔོན་པ་དེ་དག་གིས་བདག་ཅག་གིས་རི་དགས་འདི་མདའ་དུག་ཅན་གྱིས་ཕོག་སྟེ། གདོན་མི་ཟ་བར་འཆིས་སླར་བྱིན་ཅིག་ཅེས་སྨྲས་པ་དང་། དགེ་སློང་དེ་དག་གིས་སླར་མ་བྱིན་ནས་དེ་དག་གིས་བོར་ཏེ་དོང་ངོ་། །དེ་
Vol. 13 · folio 5b
དག་དོང་བའི་འོག་ཏུ་རི་དགས་དེ་ཡང་དུས་ལས་འདས་ནས་དགེ་སློང་དེ་དག་གིས་ཇི་ལྟར་བྱ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྔོན་པ་དེ་དག་ལ་སླར་བྱིན་ཅིག །དགེ་སློང་གིས་རྔོན་པ་ལ་གནོད་པར་བྱ་བའི་ཕྱིར་ཀོག་ཚེ་བཅད་ན་ཉེས་པ་སྦོམ་པོར་འགྱུར་རོ། །
སྙིང་རྗེ་བས་བཅད་ན་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་བྱའི་རྙི་ཡང་གནོད་པར་བྱ་བའི་ཕྱིར་བཅད་ན་ཉེས་པ་སྦོམ་པོར་འགྱུར་རོ། །སྙིང་རྗེ་བར་བསམས་ཏེ་བཅད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བྱ་རྒྱ་གནོད་པར་བྱ་བའི་ཕྱིར་བཅད་ན་ཉེས་པ་སྦོམ་པོར་འགྱུར་རོ། །
སྙིང་རྗེ་བར་བསམས་ཏེ་བཅད་ན་ཉེས་བྱས་སུ་འགྱུར་རོ། །བྱ་ཚང་ཡང་དེ་བཞིན་ནོ། །མདོར་ན། གོས་འཚོང་བ་དང་ཚོང་འདུས་པ། །བཅའ་བ་གྲུ་གསུམ་ཐུག་པ་དང་། །ཟོང་དང་དངོས་པོ་ཆོས་གོས་སོ། །དགེ་སློང་ཞིག་གིས་གོས་འཚོང་བ་ར་རོ་བ་ཞིག་གིས་རས་ཞིག་
བླངས་ནས་ཁྱེར་ཏེ་སོང་བ་དང་། གོས་འཚོང་བས་མཐོང་ནས་དེས་དེ་ལ་རས་མ་རྐུ་ཞེས་སྨྲས་པ་དང་། བསྟན་ནས་ཁྱེར་ཏེ་འོང་ངོ་ཞེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་ནི་མེད་དེ་ཉེས་པ་སྦོམ་པོར་
འགྱུར་རོ། །དགེ་སློང་ཞིག་གིས་ཚོང་འདུས་པ་ལ་སྐྱིན་པོར་མང་ཞིག་བླངས་པ་དང་། དེས་སྐྱིན་པ་བདས་ན་དེས་འདི་སྙམ་དུ་འདི་ལ་མི་སྦྱིན་ནོ་སྙམ་བསམས་པ་དང་། དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ་ཉེས་པ་
སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་ན་བ་དང་དེ་ཁུར་བ་གྲུ་གསུམ་དང་། ཐུག་པ་ལ་དད་ནས་དེས་འདི་སྙམ་དུ་ཁུར་བ་གྲུ་གསུམ་དང་། ཐུག་པ་བྱས་ཏེ་དགེ་འདུན་ལའང་གསོལ། བདག་ཀྱང་བཟའོ་སྙམ་སྟེ། དེས་ནད་གཡོག་རྣམས་ལ་དགེ་འདུན་ལའང་གསོལ།
ཁོ་བོ་ཡང་བཟས་ཁུར་བ་གྲུ་གསུམ་དང་། ཐུག་པ་ཡང་སྦྱོར་ཅིག་ཅེས་སྨྲས་ནས། དེས་དེ་ལ་རིན་བྱིན་པ་དང་དེ་དག་གིས་འདི་སྙམ་དུ་བདག་ཅག་ལ་ཁུར་བ་གྲུ་གསུམ་དང་། ཐུག་པ་ཅི་དགོས་ཀྱིས་འདི་གཅིག་པུ་ལ་ཁུར་བ་གྲུ་གསུམ་དང་། ཐུག་པ་བྱིན་ལ་རིན་དེ་བགོའོ་སྙམ་
Vol. 13 · folio 6a
བསམས་ནས་དེ་དག་གིས་དེ་ལ་ཁུར་བ་གྲུ་གསུམ་དང་། ཐུག་པ་བྱིན་ཏེ་རིན་བགོས་པ་དང་། དགེ་སློང་དེ་དག་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་
ནད་པ་ཞིག་ཡོད་དེ། དེ་ལ་ཟོང་མང་དུ་ཡོད་པས་དེས་འདི་སྙམ་དུ་འདི་དག་ནི་བདག་ཤི་བ་དང་དགེ་འདུན་གྱིས་བགོས་སོ་སྙམ་དུ་བསམས་ནས། དེས་ནད་གཡོ་བ་རྣམས་ལ་ཚེ་དང་ལྡན་པ་དག་ཁོ་བོ་ལ་སྲན་ཆུང་གི་ཚོད་མ་ཞིག་བྱིན་ཅིག་ཅེས་སྨྲས་ནས་དེ་དག་གིས་དེ་ལ་སྲན་ཆུང་གི་ཚོད་
མ་ཞིག་བྱས་ཏེ་བྱིན་པ་དང་། ནད་གཡོག་དེ་དག་བྲེལ་བར་གྱུར་ནས། དེས་ཟོང་དང་སྲན་ཆུང་གི་ཚོད་མར་བསྲེས་ནས་འཐུངས་པ་དང་། དེ་ཁ་ཟས་ལྕི་བས་དུས་ལས་འདས་ཏེ་དགེ་སློང་དེ་དག་འདུས་ནས་དུར་ཁྲོད་དུ་བོར་རོ། །དེ་དག་གིས་དེ་བོར་ནས་ནད་གཡོག་རྣམས་ལ་དགེ་
སློང་དེའི་ཟོང་མང་པོ་བགོ་བར་བྱས་ཁྱེར་ཏེ་ཤོག་ཅེས་སྨྲས་པ་དང་། དགེ་སློང་དག་གིས་བཙལ་ནས་མ་རྙེད་དེ། དེ་དག་སྟན་ལས་ལངས་ཏེ་དོང་ངོ་། །དགེ་སློང་དེ་གཅན་གཟན་གྱིས་ལྟོ་དྲལ་ཏེ་རྒྱུ་མ་དྲངས་སོ། །རྒྱུ་མ་དྲངས་པ་དང་ཟོང་རྣམས་ས་ལ་བྱུང་ཞིང་འདུག་གོ། །དགེ་
སློང་ཞིག་དུར་ཁྲོད་དུ་མི་རོ་ལ་རྟོག་ཏུ་སོང་བ་དང་། དེས་ཟོང་དེ་མཐོང་ནས་དེ་དག་ཁྱེར་ཏེ་དགེ་འདུན་ལ་ཕུལ་བ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ནད་པ་ཞིག་ཡོད་དེ་དེ་ལ་ཤིང་གི་དངོས་པོ་མང་དུ་ཡོད་
པ་དང་། དེས་ནད་གཡོག་རྣམས་ལ་ཚེ་དང་ལྡན་པ་དག་དགེ་སློང་རྣམས་བོས་ཤིག །དགེ་འདུན་ལ་འབུལ་ལོ། །མཆོད་རྟེན་ལ་འབུལ་ལོ། །གང་ཟག་རྣམས་ལ་འབུལ་ལོ་ཞེས་སྨྲས་པ་དང་། ནད་གཡོག་རྣམས་འདི་སྙམ་དུ་དགེ་འདུན་དང་མཆོད་རྟེན་ལ་ཕུལ་ན་བདག་ཅག་
གིས་ཅུང་ཟད་ཀྱང་མི་ཐོབ་བོ་སྙམ་ནས། དེ་དག་གིས་དགེ་སློང་མ་བོས་སོ། །དགེ་སློང་དེ་ཡང་དུས་ལས་འདས་ནས་དེ་དག་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ནད་པ་དང་མི་མཐུན་པར་ནད་གཡོག་གིས་མ་བྱེད་ཅིག །ནད་
Vol. 13 · folio 6b
པས་ཇི་ལྟར་བསྒོ་བ་བཞིན་དུ་དེ་དག་གིས་བསྒྲུབ་པར་བྱའོ། །འོན་ཏེ་རྣམ་གྲངས་གཞན་ཞིག་ཏུ་འགོད་པར་གྱུར་ན་ཡང་ཇི་ལྟར་ནད་པས་བསྒོ་བ་དེ་ལྟར་བྱོས་ཤིག །དགེ་སློང་ནད་པ་ཞིག་ཡོད་དེ། དེ་ལ་ལྷུང་བཟེད་དང་ཆོས་གོས་མང་དུ་ཡོད་པ་དང་། དས་ནད་གཡོག་རྣམས་ལ་དགེ་
སློང་རྣམས་བོས་ཤིག་མཆོད་རྟེན་ལ་འབུལ་ལོ། །དགེ་འདུན་ལ་འབུལ་ལོ། །གང་ཟག་ལ་འབུལ་ལོ་ཞེས་སྨྲས་པ་དེ་ཡང་དེ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །མདོར་ན། ཙན་ད་ལ་ཀ་སོ་ད་ཡི། །སྦྱར་མ་དང་ནི་བརྙ་བ་དང་། །སུ་ཤི་མ་དང་བཟང་སྦྱིན་དང་། །
རང་གིར་འདུ་ཤེས་ལྷུང་བཟེད་བླངས་པ་དང་། །ཨ་ཛི་ཏ་དང་ཤ་ཤི་གུབ་ཏ་དང་། །རང་གི་གོས་རྣམས་བརྐུས་པའོ། །མདོ་ཚིགས་སུ་བཅད་པ་འདི་ནི་ཇི་ལྟར་རྣམ་པར་འབྱེད་པ་ལས་འབྱུང་བ་བཞིན་ནོ། །མདོར་ན། དགེ་སློང་མ་ཡང་གཉིས་ལྡན་དང་། །མཽད་གལ་བུ་དང་
གཞན་ཡང་གཉིས། །པི་ལིན་ད་ཡི་གཉིས་པོ་དང་། །ཉེ་དགའ་བོ་དང་སྤོང་བ་པོའོ། །དགེ་སློང་མ་གཉིས་དང་ལྡན་པ་ན་ཇི་ལྟར་འདུལ་བ་བཞིན་ནོ། །མཉན་དུ་ཡོད་པའི་ཚོང་པ་དག་ཅིག་གྲུ་ཆེན་པོར་ཞུགས་ནས་རྒྱ་མཚོ་མཆིང་རྣམ་རྒལ་ཏེ་དེ་དག་རྒྱ་མཚོ་མཆིང་རྣམ་གྱི་ནང་ནས་དོང་བ་དང་གྲུ་བོ་ཆེ་
ཀླུས་བཟུང་ནས་ལྷ་བྲན་རྣམས་ལ་གསོལ་ཀྱང་མ་བཏང་བ་དང་། དེ་ན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་གྲོང་དུ་ཉེ་བར་འགྲོ་བའི་དགེ་བསྙེན་ཞིག་ཡོད་དེ། དེས་འདི་སྙམ་དུ་དེ་སྟེ་འཕགས་པ་མཽད་གལ་གྱི་བུ་ཆེན་པོས་དགོངས་ན་ནི་བཀྲ་ཤིས་པར་གྱུར་ཅིག་ཅེས་བསམས་པ་དང་། གནས་བརྟན་གྱིས་
ཀྱང་དགོངས་ཏེ་ཇི་ལྟར་སེམས་སྙོམས་པར་ཞུགས་པས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་དུ་གྱུར་ནས། གྲུའི་དངོར་འདུག་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། ཀླུ་དེ་དག་སྐྲག་སྟེ། གྲུ་བོ་ཆེ་དེ་བཏང་ནས་ཚོང་པ་རྣམས་བདེ་བར་མཉན་དུ་ཡོད་པར་ཕྱིན་ཏེ།
ཐམས་ཅད་ནི་འཕགས་པ་མཽད་གལ་གྱི་བུའི་མཐུའོ་ཞེས་བརྗོད་ནས། དགེ་སློང་དག་གིས་འདི་ཇི་ལྟ་ཞེས་དྲིས་པ་དང་། དེ་ལྟར་གྱུར་པ་རྒྱས་པར་སྨྲས་ཏེ། དེ་ནས་དགེ་སློང་དེ་དག་གིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་ནི་ཕས་ཕམ་པའི་ཉེས་པ་བྱུང་ངོ་། །དངོས་པོ་གང་
Vol. 13 · folio 7a
གི་ཕྱིར། ཀླུས་གྲུ་ཟིན་པ་མ་བྱིན་པར་བཏང་ངོ་ཞེས་སྨྲས་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་ཀྱིས་ཇི་ལྟར་བསམས་ཏེ་བཏང་ཞེས་སྨྲས་པ་དང་། རྫུ་འཕྲུལ་རྣམ་པར་སྤྲུལ་པར་བསམས་
སོ། །མཽད་གལ་གྱི་བུས་རྫུ་འཕྲུལ་གྱིས་བཏང་བ་ལ་ནི་ཉེས་པ་མེད་དོ། །མཉན་དུ་ཡོད་པའི་ཚོང་པ་དག་ནོར་ཁྱེར་ཏེ་ལྗོངས་རྒྱུར་དོང་ནས་དེ་དག་མྱ་ངམ་གྱི་ནང་དུ་ཕྱིན་པ་དང་། འགྲོན་པ་མང་པོ་དེ་དག་རྐུན་པོས་བསྐོར་ནས་དེ་དག་གིས་ལྷ་རྣམས་ལ་གསོལ་ཀྱང་མ་བཏང་བ་དང་།
དེ་དག་གི་ནང་ན་ཚེ་དང་ལྡན་པ་མཽད་གལ་གྱི་གྲོང་དུ་ཉེ་བར་འགྲོ་བའི་ཚོང་པ་ཞིག་ཡོད་པ་དེས་འདི་སྙམ་དུ་དེ་སྟེ་གནས་བརྟན་གྱིས་དགོངས་ན་ནི་བཀྲ་ཤིས་པར་གྱུར་ཅིག་ཅེས་བསམས་པ་དང་། གནས་བརྟན་གྱིས་ཀྱང་དགོངས་ནས་ཇི་ལྟར་སེམས་སྙོམས་པར་ཞུགས་པས་རྐུན་པོ་རྣམས་དཔུང་
གི་ཚོགས་ཡན་ལག་བཞི་པས་བསྐོར་བར་གྱུར་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། རྐུན་པོ་དེ་དག་སྐྲག་སྟེ། འགྲོན་པ་མང་པོ་རྣམས་བཏང་སྟེ་བྲོས་པ་དང་། ཚོང་པ་དེ་དག་བཀྲ་ཤིས་ཤིང་བདེ་བར་མཉན་དུ་ཡོད་པར་ཕྱིན་ཏོ། །དེ་དག་གིས་ཇི་ལྟར་གྱུར་པ་
དགེ་སློང་རྣམས་ལ་རྒྱས་པར་སྨྲས་ཏེ་སྔ་མ་བཞིན་ནོ། །པི་ལིན་དའི་བུ་གཉིས་ནི་རྒྱས་པར་འདུལ་བ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །ཤཱཀྱའི་བུ་ཉེ་དགའ་བོ་དབྱར་གྱི་ཟླ་བ་ཐ་མ་ལ་གང་དུ་དགེ་སློང་ཇི་སྙེད་ཅིག་དབྱར་ཚུལ་དུ་ཞུགས། གང་དུ་དགེ་འདུན་གྱི་རྙེད་པ་ཇི་སྙེད་ཅིག་རྙེད་
ཅེས་གཙུག་ལག་ཁང་དུ་རྒྱུ་ཞིང་སྤྱོད་དེ། དེ་གནས་གང་དང་གང་དུ་ཕྱིན་པའི་དགེ་སློང་དེ་དག་གིས་ཚིག་སྙན་པས་བསུ་བ་དང་། ཁྱེད་བདེ་བར་གནས་སམ་ཞེས་དྲིས་ཏེ་འདུག་ནས་དགེ་འདུན་གྱི་རྙེད་པ་ཅི་ཡོད་པ་འོན་ཅིག་དང་བགོས་ལ། གང་ཁོ་བོའི་གོས་ཀྱི་སྐལ་བ་དེ་ནི་
བཀུར་རོ་ཞེས་སྨྲས་པ་དང་། དེ་དག་གིས་ཁྱེར་ཏེ་འོངས་ནས་དེའི་མདུན་དུ་བཞག་པ་དང་། དེ་བགོས་ནས་དགེ་འདུན་གྱི་གནས་བརྟན་གྱི་གོས་ཀྱི་སྐལ་བ་ཁྱེར་ཏེ་ལངས་པ་དང་། དེས་ཡང་གནས་བརྟན་ད་དུང་མ་བཞུད་པར་བཞུགས་ཤིག་ཅེས་སྨྲས་པ་དང་། ཉེ་དགའ་བོ་
Vol. 13 · folio 7b
ཡང་གཏམ་སྙན་པ་གཏམ་སྣ་ཚོགས་བདེ་བ་ལ་སྤོབས་པ་དང་ལྡན་ཏེ། རིགས་པ་དང་གྲོལ་བ་ལ་སྤོབས་པས་ན་དེས་ཇི་ལྟར་གནས་བརྟན་ལ་དད་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་དང་། དེས་བདག་གི་གོས་ཀྱི་སྐལ་བ་ཅི་ཡོད་པ་ཚེ་དང་ལྡན་པ་བཞེས་ཤིག་ཅེས་སྨྲས་
པ་དང་། དེ་བཞིན་དུ་གནས་བརྟན་གཉིས་པ་དང་། གནས་བརྟན་གསུམ་པ་དང་དགེ་སློང་དེ་དག་ལས་མང་ཞིག་གིས་གོས་དེ་ལ་བྱིན་ནས། དེས་གོས་དེ་དག་ཁུར་དུ་ཁྱེར་ཏེ་ཛེ་ཏའི་ཚལ་དུ་ཞུགས་པ་དང་། དགེ་སློང་དག་གིས་ཚེ་དང་ལྡན་པ་ཉེ་དགའ་བོ་ལ་གོས་འདི་དག་
ག་ལས་བརྙེས་ཞེས་དྲིས་ནས། དེས་དེ་དག་ལ་དེ་ལྟ་བུར་གྱུར་པ་རྒྱས་པར་སྨྲས་སོ། །དེ་ལྟ་བུ་འབྱུང་མོད་ཀྱི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་ད་དུང་བསླབ་པའི་གནས་མ་བཅས་སོ། །རྒན་ཞུགས་གཉིས་ནི་རྒྱས་པར་ཇི་ལྟར་འདུལ་བ་ལས་འབྱུང་བ་བཞིན་ནོ། །དགེ་
སློང་གིས་གཞན་གྱི་དབྱར་གྱི་གོས་སྐལ་བ་མ་ལེན་ཅིག །སུས་བླངས་པ་དེ་ཉེས་བྱས་སུ་འགྱུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོའི་ལྷན་ཅིག་སྤྱོད་པ་སྤོང་བ་པོ་ཞེས་བྱ་བ་དེས་པ། ཚུལ་ཁྲིམས་དང་ལྡན་པ་ཞིག་སྟེ། དེ་ཁྱིམ་བདག་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་
ཏེ། དེ་ལ་བུ་གཉིས་ཤིག་ཡོད་དེ་ཁྱིམ་བདག་དེ་ཡང་ནད་ཀྱིས་བཏབ་བོ། །དེ་དེ་ལ་ནད་འདྲིར་སོང་བ་དང་། དེས་དེ་ལ་ནོར་བྱིན་ནོ། །གཉིས་པོས་ནི་ཅི་ཡང་མ་ཐོབ་ནས་དེས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འཁངས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་སྤོང་བ་པོ་ཆད་པས་
བཅད་པ་དང་། དེ་སྔོན་སློབ་མ་ལས་རབ་ཏུ་བྱུང་བས་ན་དེས་སློབ་མ་ལྔ་བརྒྱ་ཙམ་ཞིག་གཟེངས་བསྟོད་དེ་བདག་གི་མཁན་པོ་ལ་བཟོད་པ་གསོལ་ཅིག་ཅེས་སྨྲས་པ་དང་། ཁྱོད་ཀྱི་མཁན་པོ་ལ་བཟོད་པ་ཇི་ལྟར་བྱ། ཁྱོད་ཀྱིས་ཁྱེའུ་རྣམས་ཁྲིད་ལ་མཁན་པོའི་དྲུང་དུ་དེངས་
ཤིག་དང་། དེས་ཁྱེད་ཅག་ལ་ཆོས་འཆད་པར་འགྱུར་གྱིས་གང་གི་ཚེ་ཆོས་བཤད་ཟིན་པར་གྱུར་པ་དེའི་ཚེ་ཁྱེའུ་དང་བུ་མོ་རྣམས་བོར་ལ་དེངས་ཤིག་དང་། དེ་དག་ངུས་པས་བུ་མོ་དང་ཁྱེའུ་དེ་དག་ཁྲིད་དེ་དེང་ཞེས་དེ་ཟེར་བ་དང་། དེ་ལ་དེ་སྟེ་སྤོང་བ་པོ་ལ་ཡང་བཟོད་པར་
Vol. 13 · folio 8a
མཛད་དམ་ཞེས་སྨྲོས་ཤིག་ཅེས་སྨྲས་པ་དང་། དེ་དག་གིས་ཇི་ལྟར་བསྒོ་བ་བཞིན་གང་གི་ཚེ་ཆོས་བཤད་ཟིན་པ་དེའི་ཚེ་ཁྱེའུ་དང་བུ་མོ་རྣམས་བོར་ཏེ་དོང་བ་དང་། དེ་དག་རབ་ཏུ་ངུས་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། ཁྱེའུ་དང་བུ་མོ་འདི་དག་ཁྲིད་ལ་དེང་འདི་དག་ཅིའི་
ཕྱིར་དོང་ཞེས་སྨྲས་པ་དང་། དེ་དག་གིས་དེ་སྟེ་སྤོང་བ་པོ་ལ་ཡང་བཟོད་པར་མཛད་དམ་ཞེས་སྨྲས་པ་དང་། བཟོད་པར་བྱས། ཉེས་བྱས་ཀྱི་ཉེས་པ་བཤགས་པར་གྱིས་ཤིག །མདོར་ན། ཕག་དང་བུ་རམ་ཤིང་གི་སྡོང་བུ་དང་། །གནག་དགའ་བོ་ཡི་ཆོས་གོས་དང་། །མར་བྲེ་གང་དང་
ཨ་ག་རུ། །གཟིག་དང་སེང་གེ་ལྔ་པའོ། །ཕག་དང་བུ་རམ་ཤིང་གི་སྡོང་བུ་དང་། གནག་དགའ་བོའི་ཆོས་གོས་རྣམས་ནི་རྒྱས་པར་ཇི་ལྟར་འདུལ་བ་ལས་འབྱུང་བ་བཞིན་ནོ། །དགེ་སློང་བསོད་ནམས་ཆེ་བ་ཚོང་པ་རྣམས་ལ་གྲགས་པ་དེ་ལ་ཚོང་པ་གཞན་ཞིག་གིས་དེ་ལ་ཅི་དགོས་པ་དང་ཅི་
མཁོ་བ་རྣམས་བདག་གིས་གསོལ་ལོ་ཞེས་བསྟབས་པ་དང་། དགེ་སློང་དེའི་ནད་གཡོག་དེས་འདི་སྙམ་དུ་ཚོང་པ་དེ་ཡང་དང་ཡང་དུ་སྟོབས་ན་དེ་ལ་བདག་གིས་ཇི་ལྟར་སྙིང་ནས་སྟོབས་སམ། ཁ་འགྲོན་ཙམ་དུ་སྟོབས་བགམ་མོ་སྙམ་དུ་བསམས་ནས་དེ་དེའི་དྲུང་དུ་སོང་སྟེ། འདི་སྐད་དུ་མཁན་པོ་ལ་མར་
ཞིག་དགོས་སོ་ཞེས་སྨྲས་པ་དང་། དེ་ལ་མར་བྲེ་གང་བྱིན་ནས་ཡང་བཙུན་པ་སྲན་མའི་ཁུ་བའམ་ཤ་ཁུའང་རུང་སྟེ་ཅི་དགོས་པ་འདི་ནས་སྣོམས་ཤིག་ཅེས་སྨྲས་པ་དང་། དེ་ལྟར་བགྱིའོ་ཞེས་སྨྲས་ནས་དགེ་སློང་དེས་མར་དེ་དགེ་སློང་དེའི་སྲན་མའི་ཁུ་བ་དང་ཤའི་ཁུ་བ་རྣམས་སུ་ཅུང་ཟད་
བླུགས་སོ། །ཇི་ཙམ་ཞིག་ན་ཚོང་པ་དེ་དགེ་སློང་དེ་ལ་འཕགས་པ་ཁོ་བོས་ཁྱོད་ལ་མར་ནི་སྔར་བསྐུར་རོ། །དེ་སྟེ་གཞན་ཡང་སྲན་མའི་ཁུ་བའམ་ཤ་ཁུ་ཡང་རུང་སྟེ། ཅི་དགོས་པ་དེ་དག་ལོང་ཤིག་ཅེས་སྤྲིང་བ་དང་། དགེ་སློང་དེས་ནད་གཡོག་དེ་ལ་ཚོང་པ་འདི་ཞེས་བྱ་བ་ལ་མར་
བླངས་སམ་ཞེས་དྲིས་ནས་བླངས་སོ་ཞེས་སྨྲས་པ་དང་། འོ་ན་ཕས་ཕམ་པའི་ཉེས་པ་བྱུང་ངོ་། །མཁན་པོ་ལ་ཚོང་པ་དེ་ཡང་དང་ཡང་དུ་སྟོབས་ནས་བརྟག་ཅིང་བགམ་པའི་ཕྱིར་བདག་གིས་བླངས་ནས་མཁན་པོ་ཡིར་བགྱིས་སོ་ཞེས་སྨྲས་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས།
Vol. 13 · folio 8b
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ་དེ་ནས་འདི་དང་འདི་བླང་ངོ་ཞེས་དྲིས་ཏེ་སོང་ཤིག །མདོར་ན། བདེ་བ་ལྡན་དང་འདུ་ཤེས་དང་། །ཆུང་མ་གཉིས་དང་སྡིག་ཅན་ལྔ། །མངལ་ན་གནས་པ་བཅུར་བྱས་དང་། །དགེ་སློང་མ་ཡིན་གཞན་ཡང་བཅུ། །སངས་
རྒྱས་བཅོམ་ལྡན་འདས་ཡུལ་བྲྀ་ཛིའི་ཐང་ཤིང་གི་གནས་ན་བཞུགས་ཏེ། ཀླུང་བདེ་ལྡན་གྱི་ངོགས་ཀྱི་དགེ་སློང་རྣམས་ལ་བསླབ་པའི་གནས་མ་བཅས་པས་ལས་དང་པོ་པ་རྣམས་ལ་ཉེས་པ་མེད་པར་གྱུར་པ་ན་དགེ་སློང་དག་ཐེ་ཚོམ་དང་ཡིད་གཉིས་དང་འགྱོད་པ་རྣམས་སྐྱེས་ཏེ།
བདག་ཅག་གིས་བསླབ་པའི་གནས་མ་བཅས་པར་དགེ་སློང་མང་ཞིག་ལ་འཆི་བར་བསྟབས་ན། བདག་ཅག་གི་ལས་དང་པོ་གང་ཡིན་སྙམ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུང་བདེ་ལྡན་གྱི་དྲུང་དུ་དགེ་སློང་དག་གནས་མ་བཅས་པ་ན་འདས་པ་དང་བཅས་པ་ནི་
ཐམས་ཅད་དུ་ལས་དང་པོ་པ་སྟེ། ལས་དང་པོ་ལ་ཉེས་པ་མེད་དོ། །དགེ་སློང་གིས་མི་ལ་མི་མ་ཡིན་པར་འདུ་ཤེས་ཏེ་འཚོ་བ་དང་ཕྲལ་བ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ལ་མི་མ་ཡིན་པར་འདུ་ཤེས་ན་ཉེས་པ་སྦོམ་པོར་
འགྱུར་རོ། །མི་མ་ཡིན་པ་ལ་མི་མ་ཡིན་པར་འདུ་ཤེས་ནའང་ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ཡིན་པ་ལ་ཐེ་ཚོམ་ནའང་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་ཡུན་རིང་ཞིག་ཏུ་ནད་ཀྱིས་གཟིར་ནས་དེས་བདག་ལ་འདི་ཅི་དགོས་སྙམ་དུ་བསམས་ནས་དགེ་སློང་དེས་མཛའ་བོའི་
དྲུང་དུ་སོང་སྟེ་འདི་སྐད་དུ་གྲི་བྱིན་ཞེས་སྨྲས་པ་དང་། ཁྱོད་ལ་གྲི་ཅིར་དགོས། རེ་ཞིག་བྱིན་ཅིག་ཅེས་སྨྲས་ནས། དེས་བྱིན་པ་དང་། དེ་གནས་ཁང་དུ་ཞུགས་ཏེ་སྒོ་བཅད་དེ་གཏན་པ་བཅུག་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས། བདག་ཉིད་ཀྱིས་སྲོལ་ཀོང་བཅད་དོ། །དེ་དེ་ལྟར་གྲི་ལག་
ན་ཐོགས་བཞིན་དུ་དུས་ལས་འདས་པ་དང་། དགེ་སློང་དེས་ཉི་མ་གཉིས་སམ་གསུམ་ལོན་ནས་འདི་སྙམ་དུ་དགེ་སློང་དེས་གྲི་ཁྱེར་ཏེ་སོང་གིས་སོང་ལ་བལྟའོ། །སྙམ་དུ་བསམས་ནས། དེ་དེའི་གནས་ཁང་དུ་སོང་བ་དང་། དགེ་སློང་དེ་སྐྱིལ་མོ་ཀྲུང་བཅས་ཏེ་སྲོལ་ཀོང་བཅད་དེ་གྲི་ཐོགས་
Vol. 13 · folio 9a
བཞིན་དུ་དུས་ལས་འདས་པར་མཐོང་ནས། དགེ་སློང་དེ་འགྱོད་པ་སྐྱེས་ནས། གང་ཅུང་ཟད་འདི་དུས་ལས་འདས་པ་ཐམས་ཅད་ནི་རྒྱུ་བ་དག་ལས་བྱུང་སྟེ། དེ་སྟེ་བདག་གིས་གྲི་མ་བྱིན་པར་གྱུར་ན་ནི་འདི་ཡང་བདག་ཉིད་ཀྱིས་འཚོ་བ་དང་ཕྲལ་བར་མི་འགྱུར་རོ་སྙམ་དུ་བསམས་པ་
དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཕྱིན་ཆད་ནད་པ་ལ་བབ་བབ་ཏུ་གྲི་མ་སྦྱིན་ཅིག །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་སོང་ནས་དེ་གྲོང་དུ་ཕྱིན་པ་དང་། དེའི་བུད་མེད་དེས་བཙུན་པ་ཚུར་སྤྱོན་མི་ཚངས་པར་སྤྱད་དོ་ཞེས་སྨྲས་པ་དང་། དགེ་
སློང་གིས་ཁྱོད་ཀྱི་ཁྱོ་དེ་ནི་ཁྲོ་ལ་མི་སྲུན་ནོ་ཞེས་སྨྲས་པ་དང་། དེས་བཙུན་པ་ཇི་ནས་ཁྲོ་ལ་མི་སྲུན་པར་མི་འགྱུར་བ་དེ་ལྟར་བགྱིའོ་ཞེས་སྨྲས་ནས། དེས་དེ་ལ་དུག་བྱིན་པ་དང་། ཁྱིམ་བདག་དེ་དུས་ལས་འདས་སོ། །དགེ་སློང་དེ་ཞག་གཅིག་འདས་པ་དང་ཁྱིམ་དེར་སོང་བ་དང་། བུད་
མེད་དེས་བཙུན་པ་ཚུར་སྤྱོན་མི་ཚངས་པར་སྤྱད་དོ་ཞེས་སྨྲས་པ་དང་། སྲིང་མོ་དེ་སྐད་མ་ཟེར་ཅིག །ཁོ་བོ་ནི་ཚངས་པར་སྤྱོད་པ་ཡིན་ནོ། །དེས་བཙུན་པ་གང་གི་ཚེ་ཁོ་མོས་ཁྱོ་འཚོ་བ་དང་ཕྲལ་བ་དེའི་ཚེ་གདོད་ཚངས་པར་སྤྱོད་དམ་ཞེས་སྨྲས་པ་དང་། ཅི་ཁྱོད་ཀྱིས་ཁྱོ་འཚོ་བ་དང་ཕྲོལ་ཅིག་
ཅེས་ཁོ་བོས་སྨྲས་སམ། ཁྱོད་ཀྱི་ཁྱོ་འདི་ཁྲོ་ལ་མི་སྲུན་པའོ་ཞེས་མ་སྨྲས་སམ། ཅི་ཁོ་བོས་ཁྱོད་ཀྱི་ཁྱོ་འདི་ཁྲོ་ལ་མི་སྲུན་པའོ་ཞེས་ནི་སྨྲས་ཀྱི། ཁྱོད་ཀྱི་ཁྱོ་འདི་འཚོ་བ་དང་ཕྲོལ་ཅིག་ཅེས་ནི་མ་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཉེས་པ་མེད་དོ། །དགེ་སློང་གྲོང་གཞན་དུ་གྲོང་དུ་ཉེ་བར་སོང་ནས་བྱེད་པ་ལས་ཁྱོད་ཀྱི་ཁྱོ་འདི་ནའོ་ཞེས་བྱ་བ་ནི་རྒྱས་པར་རོ། །དགེ་སློང་ཞིག་གིས་གསད་པར་བསམས་ཏེ། བརྡེགས་པ་ལས་དུས་ལས་འདས་ན་ཕས་ཕམ་པར་འགྱུར་རོ། །དུས་ལས་མ་འདས་ན་ཉེས་པ་སྦོམ་པོར་
འགྱུར་རོ། །དགེ་སློང་ཞིག་གིས་མ་བསྲུང་བའི་ཕྱིར་མངལ་ན་གནས་པ་མཉེས་པ་ལས་མངལ་ན་གནས་པ་ཤི་ན་ཕས་ཕམ་པར་འགྱུར་རོ། །མ་ཤི་ན་ཉེས་པ་སྦོམ་པོར་འགྱུར་རོ། །གཉིས་ཀ་ཤི་ན་ཕས་ཕམ་པར་འགྱུར་རོ། །གཉིས་ཀ་མ་ཤི་ན་ཉེས་པ་སྦོམ་པོར་འགྱུར་རོ། །མངལ་
Vol. 13 · folio 9b
ན་གནས་པའི་མི་ཤི་བ་ཕྱུང་ན་ཉེས་པ་སྦོམ་པོར་འགྱུར་རོ། །བྱོལ་སོང་གི་མངལ་ན་གནས་པ་ཕྱུང་ན་ཡང་ཉེས་པ་སྦོམ་པོར་འགྱུར་རོ། །དེ་ལྟར་དགེ་སློང་མས་བྱས་ནའང་དེ་བཞིན་ནོ།། །།འདུལ་བ་གཞུང་དམ་པ། བམ་པོ་ཉི་ཤུ་བཞི་པ། མདོར་ན། རྩབ་མོ་རྣམ་
པ་ལྔ་པ་དང་། །ལས་གསར་དག་དང་རྡོ་བ་དང་། །བ་ལང་རྭ་དང་ཝ་མོ་དང་། །སྟན་དང་སྨྱོན་པར་གྱུར་པའོ། །དགེ་སློང་ཞིག་གིས་དགེ་འདུན་ལ་བཏུང་བ་རྩབ་མོ་བྲིམས་པ་དང་། དེར་དགེ་སློང་མང་ཞིག་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་མཛའ་བོ་གཉིས་ཤིག་འཁོད་པ་ལས་གཅིག་ནད་ཀྱིས་བཏབ་སྟེ་ཉལ་ནས། དེས་ནད་གཡོག་ལ་ཚེ་དང་ལྡན་པ་རྩབ་མོ་ཞིག་རྙེད་ན་ནི་ཁོ་བོ་བདེ་བར་འགྱུར་རོ། །ཞེས་སྨྲས་ཏེ། རྒྱས་པར་ནི་འདུལ་བ་ལས་ཇི་སྐད་འབྱུང་བ་བཞིན་
ནོ། །བྲམ་ཟེ་ཞིག་གློག་པའི་ནད་ཀྱིས་གཟིར་བ་དང་། དེ་དགེ་སློང་ཞིག་གི་དྲུང་དུ་སོང་སྟེ་འདི་སྐད་དུ་བཙུན་པ་གལ་ཏེ་རྩབ་མོ་ཞིག་རྙེད་ན་ནི་བདེ་བར་འགྱུར་རོ་ཞེས་སྨྲས་པ་དང་། ཁྱོད་བྲམ་ཟེ་ལོག་པར་ལྟ་བ་རྩབ་མོ་ཅིར་དགོས། བཙུན་པ་སྔོན་བདག་ནད་ཀྱིས་བཏབ་པ་ན་ཡང་རྩབ་
མོ་ཞིག་འཐུངས་པས་བདག་བདེ་བར་གྱུར་ཏོ། །དགེ་སློང་དེས་རྩབ་མོ་བླུད་པ་དང་། དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་དུར་ཁྲོད་དུ་མི་རོ་ལ་རྟོག་ཏུ་སོང་བ་དང་། དེ་ན་མི་ཞིག་
གསལ་ཤིང་ཞིག་བཙུགས་ཤིང་འདུག་པ་དང་། དེས་དགེ་སློང་ལ་བཙུན་པ་དེ་སྟེ་ཁོ་བོ་ལ་རྩབ་མོ་ཞིག་བླུད་ན་ནི་ཁོ་བོ་བདེ་བར་འགྱུར་རོ། །ཞེས་སྨྲས་པ་དང་། དགེ་སློང་དེས་དེ་ལ་རྩབ་མོ་བླུད་ནས་དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །རྐུན་པོ་ལྔ་བརྒྱ་ཞིག་དགེ་སློང་མ་ཞིག་གིས་རྩབ་མོ་བླུད་པ་དང་། དེ་དག་ཀྱང་དུས་ལས་འདས་ཏེ་རྒྱས་པར་ནི་འདུལ་བ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །དགོན་པ་གསར་ཅན་ཞེས་བྱ་བ་ན་གནས་ཁང་སར་པ་ཞིག་རྩིག་པ་ལས་དགེ་སློང་ཞིག་
Vol. 13 · folio 10a
གི་ལག་པ་ནས་ཕ་གུ་ཞིག་ལྷུང་བ་དང་། འོག་ན་ལས་བྱེད་པ་ཞིག་འདུག་པ་དེའི་སྟེང་དུ་ལྷུང་ནས་དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། བག་ཡོད་པར་བྱོས་ལ་གྲོགས་གྱིས་ཤིག །
དགོན་པ་ལ་དགེ་འདུན་གྱིས་གནས་ཁང་སར་པ་རྩིག་པ་ན་དགེ་སློང་ཞིག་བླ་གབ་མེད་པའི་སྟེང་ན་སོ་ཕག་འཇོག་པའི་ལག་པ་ནས་སྟེའུ་ལྷུང་སྟེ། འོག་ན་རྩི་གུ་མཁན་ལས་བྱེད་པའི་སྟེང་དུ་ལྷུང་ནས་དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། ཉེས་པ་མེད་དེ། བག་ཡོད་པར་བྱོས་ལ་གྲོགས་གྱིས་ཤིག །དགོན་པར་དགེ་འདུན་གྱི་དུགས་བྱ་བའི་ཁང་པ་ཞིག་རྩིག་སྟེ། དགེ་སློང་དག་གདུང་མ་སྟེང་དུ་འདྲེན་པ་ལས་དགེ་སློང་ཉུང་ལ་ཁུར་ཆེ་ཞིང་ལྕི་བས་དེ་དག་གིས་བཏང་བ་དང་། འོག་ན་ཤིང་མཁན་
ཤིང་འཇོག་པའི་སྟེང་དུ་ལྷུང་ནས་དེ་དུས་ལས་འདས་སོ། །དགེ་སློང་དེ་དག་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཉུང་ངུ་མས་ཁུར་ལྕི་བ་མ་འདེགས་ཤིག །སྐས་འདེགས་པའང་དེ་བཞིན་ནོ། །དགོན་པར་དུགས་བྱ་བའི་ཁང་པ་ཞིག་རྩིག་
སྟེ། དེ་ན་དགེ་སློང་ཞིག་སེལ་པོའི་ནང་དུ་འཇིམ་པ་སྟེང་དུ་སྐྱེད་པ་ན་ཐག་པ་ངན་ཏེ་ཆད་པས་འོག་ན་རྩིག་གུ་མཁན་ལས་བྱེད་པའི་སྟེང་དུ་འཇིམ་པའི་སེལ་པོ་ལྷུང་ནས་དེ་དུས་ལས་འདས་སོ། །དགེ་སློང་དེ་དག་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་
པ་མེད་ཀྱིས་བག་ཡོད་པར་བྱོས་ལ་གྲོགས་གྱིས་ཤིག །བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་སོ། །དགེ་སློང་ཞིག་རིའི་དྲུང་ན་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པ་དང་། དགེ་སློང་ཞིག་གིས་རིའི་རྩེ་མོ་ནས་རྡོ་བ་བསྒྲིལ་བ་དགེ་སློང་དེའི་སྟེང་དུ་ལྷུང་ནས་དགེ་སློང་དེ་དུས་ལས་
འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་རྟོགས་ལ་བག་ཡོད་པར་བྱོས་ལ་རྡོ་བསྒྲིལ་བར་བྱའོ། །དགེ་སློང་ཞིག་བ་ལང་གི་ནང་དུ་སོང་བ་དང་། གླང་མི་སྲུན་པ་ཞིག་གིས་བརྡུངས་ནས་ཁྱེའུ་ཞིག་གི་སྟེང་དུ་འགྱེལ་བ་དང་
Vol. 13 · folio 10b
ཁྱེའུ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བག་ཡོད་པར་བྱོས་ལ་བ་ལང་གི་ནང་དུ་སོང་ཤིག །དགེ་སློང་ཞིག་ནད་ཡུན་རིང་པོས་སྒུར་བོར་གྱུར་པ་དང་། དེ་འདི་སྙམ་དུ་བདག་གསོན་ཏེ་ཅི་རུང་གིས་སོང་ལ་བདག་ཉིད་
གཡང་ས་ནས་མཆོང་ངོ་སྙམ་དུ་བསམས་ཏེ། དེས་བདག་ཉིད་གཡང་ས་ནས་མཆོངས་པ་དང་། དྲུང་ན་ཝ་མོ་ཞིག་མི་རོ་ལ་ཟ་བ་དེའི་སྟེང་དུ་དགེ་སློང་ལྷུང་ནས་ཝ་མོ་དེ་ནི་དུས་ལས་འདས་སོ། །དགེ་སློང་དེ་ནི་དྲང་པོར་གྱུར་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། དེ་ལྟར་ལུས་ཀྱིས་ལོག་པར་འགྱུར་བ་མ་བྱེད་ཅིག །དགེ་སློང་ནད་པ་ཞིག་སྟན་གྱི་སྟེང་ན་འདུག་པ་ལ་དེའི་ནད་གཡོག་གིས་ཚེ་དང་ལྡན་པ་ལོངས་ཞེས་སྨྲས་པ་དང་། དེས་ཀྱང་ཁོ་བོ་མ་བསླང་ཤིག་ཤིར་འོང་ངོ་ཞེས་སྨྲས་
ཀྱང་ཚེ་དང་ལྡན་པ་ལོངས་ཞེས་སྨྲས་ནས། དེ་ལངས་པ་དང་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་སྨྱོན་པ་ཞིག་ལ་གསོད་སམས་ཀྱིས་
བརྡེགས་ཏེ་དེ་དུས་འདས་ན་ནི་ཕས་ཕམ་པར་འགྱུར་རོ། །དུས་མ་འདས་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། ཡོ་བྱད་མང་དང་མ་ཞུ་དང་། །ཕོལ་མིག་གཉིས་དང་ཟས་མ་ཡིན། །སྨན་དང་ཟས་བཟང་སྤྱོད་ལམ་དང་། །ཉེས་པ་མེད་དེ་གཞན་ཡང་སྦྱར། །དགེ་སློང་ཞིག་
ནད་ཡུན་རིང་པོས་གཟིར་ནས་དེའི་ནད་གཡོག་སྐྱོ་སྟེ་དེ་ལ་ཁྱོད་མྱུར་དུ་འཆི་བར་འགྱུར་གྱིས་ནད་གཡོག་མི་བྱའོ་ཞེས་སྨྲས་ཏེ་དེས་ནད་གཡོག་མ་བྱས་པས་དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་
མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་སྣོད་སྤྱད་དང་ཡོ་བྱད་མང་བ་ཞིག་ན་བ་དེ་ལ་ཁྱོད་ཀྱི་ནད་གཡོག་མི་བྱའོ། །ཤི་ན་ཡང་དགེ་འདུན་གྱི་བགོ་བ་མང་པོར་འགྱུར་རོ་ཞེས་སྨྲས་ནས། དེས་དེའི་ནད་གཡོག་མ་བྱས་པ་དང་། དེ་དུས་ལས་འདས་སོ། །དགེ་སློང་དེ་
Vol. 13 · folio 11a
འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་ཟས་མ་ཞུ་བར་འདུག་པ་དང་། ནད་གཡོག་གིས་རེ་ཞིག་རྐྱོངས་ཤིག་ཞེས་སྨྲས་པ་དང་། དེས་ནད་གཡོག་ལ་ཁོ་བོ་
ཤིར་འོང་གིས་མ་བརྐྱང་ཤིག་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རྐྱོངས་ཤིག་ཅེས་སྨྲས་ནས། དེས་བརྐྱང་བ་དང་། དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་
འགྱུར་རོ། །དགེ་སློང་གིས་ཕོལ་མིག་མ་སྨིན་པར་བརྟོལ་ཏེ་དེ་དུས་ལས་འདས་ན་ཉེས་པ་སྦོམ་པོར་འགྱུར་རོ། །སྨིན་པར་བརྟོལ་ན་ཉེས་པ་མེད་དོ། །དགེ་སློང་མས་ཕོལ་མིག་མ་སྨིན་པར་བརྟོལ་ཏེ་དུས་ལས་འདས་ན་ཉེས་པ་སྦོམ་པོར་འགྱུར་རོ། །སྨིན་པར་བརྟོལ་ན་ཉེས་
པ་མེད་དོ། །དགེ་སློང་ཞིག་ན་བ་དང་དེ་དང་འཕྲོད་པའི་ཟས་ནི་མ་རྙེད་ནས་དེའི་ནད་གཡོག་གིས་མི་འཕྲོད་པའི་ཟས་ཤིག་བྱིན་ནས་ཚེ་དང་ལྡན་པ་འདི་ལས་ཅི་ཡོག་པ་ཟོ་ཤིག །དེས་ཟོས་ཏེ་དུས་ལས་འདས་ན་ཉེས་པ་སྦོམ་པོར་འགྱུར་རོ། །དེ་དང་འཕྲོད་པའི་ཟས་ཤིག་བྱིན་
པ་ལས་དུས་ལས་འདས་ན་ཉེས་པ་མེད་དོ། །དགེ་སློང་ཞིག་ན་བ་དང་དེ་དང་འཕྲོད་པའི་སྨན་མ་རྙེད་ན་དེའི་ནད་གཡོག་ཀྱང་དེ་བཞིན་ནོ། །དགེ་སློང་ནད་པ་ཞིག་གིས་ནད་གཡོག་ལ་ཚེ་དང་ལྡན་པ་ནད་གཡོག་ཁོ་བོ་གནས་ཁང་ནས་ཕྱིར་ཕྱུང་ཤིག །ཕྱིས་ཤིག །ཁྲུས་
ཤིག །ཁོ་བོ་ནང་དུ་ཁྲིད་ཅིག །འདུག་ཏུ་ཆུག་ཅིག་ཅེས་སྨྲས་ནས། འདུག་ཏུ་ཡང་བཅུག །སྙེས་སུ་ཡང་བཅུག་པ་ལས་དུས་ལས་འདས་ན། ཐམས་ཅད་ལའང་ཉེས་པ་མེད་དོ། །མདོར་ན། ཁར་བ་ཕོ་ལོང་ཆུ་རྣམས་དང་། །དགོན་པ་གཉིས་དང་བླ་གཏུན་དང་། །
ཁྲོས་པ་ཐལ་མོ་བརྣངས་པའོ། །དགེ་སློང་ཞིག་འདུག་པ་ན་ཡུར་ཏེ་དགེ་སློང་གིས་དེ་ལ་ཁར་བས་བསྐྱོད་པ་དང་། དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། དེའི་ཚེ་ན་དེ་ལ་མཚོན་ལྟ་བུ་ཞེས་
Vol. 13 · folio 11b
བྱ་བའི་རླུང་བྱུང་ངོ་། །གཞན་ཡང་ཕོ་ལོང་གིས་ཕོག་སྟེ་དུས་ལས་འདས་པ་དང་། གཞན་ཡང་ཆུས་ཕོག་སྟེ་དུས་ལས་འདས་པ་འདི་དག་ཀྱང་དེ་བཞིན་དུ་རྒྱས་པར་བཤད་དོ། །བཅུ་བདུན་སྡེ་རྣམས་ཀྱང་རྒྱས་པར་ནི་རྣམ་པར་འབྱེད་པ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །ཁྱིམ་
བདག་གཞན་ཞིག་གསར་དུ་དད་དེ་དེས་དུས་སར་པའི་འབྲུ་སར་པ་དང་། འབྲས་བུ་སར་པ་དེ་དང་དེ་དག་དགེ་འདུན་ལ་ཕུལ་ཏེ་བདག་ཉིད་ཕྱིས་ཟའོ། །དགོན་པ་པ་གཞན་ཞིག་ཁྱིམ་དེར་སོང་བ་དང་། ཁྱིམ་བདག་དེས་འདི་སྙམ་དུ་ད་ཕྱིན་ཆད་དགེ་འདུན་ལ་མི་དབུལ་བར་
དགོན་པ་པ་འདི་ལ་དབུལ་ལོ་སྙམ་བསམས་ནས་དེས་དེ་ལ་བྱིན་ནོ། །དགེ་སློང་དེ་དག་གིས་ཁྱིམ་བདག་དེ་སྔོན་ཆད་ནི་དུས་སར་པའི་འབྲུ་སར་པ་དང་། འབྲས་བུ་སར་པ་དེ་དང་དེ་དག་དགེ་འདུན་ལ་ཕུལ་ནས་ཕྱིས་བདག་ཉིད་ཟ་ན་དེ་ནི་དེས་མ་བྱིན་པས་ན་དགེ་སློང་དགོན་པ་
པ་ཞིག་ཁྱིམ་དེར་སོང་བ་དེས་བཀག་པར་གྱུར་གྱིས་སོང་ལ་དེ་བོས་ཤིག་ཅེས་སྨྲས་པ་དང་། དེ་དག་གིས་བོས་ནས་དགོན་པ་པ་ཁྱིམ་བདག་དེ་ནི་དུས་སར་པའི་འབྲུ་སར་པ་དང་། འབྲས་བུ་སར་པ་དེ་དང་དེ་དག་དགེ་འདུན་ལ་ཐོག་མར་ཕུལ་ནས་ཕྱིས་བདག་ཉིད་ཟ་ན་ཁྱོད་དེའི་
ཁྱིམ་དུ་སོང་ནས་ཁྱོད་ཀྱིས་བཀག་པར་གྱུར་ཏོ་ཞེས་སྨྲས་པ་དང་། བཙུན་པ་མ་བཀག་གོ། །མ་བསྒོའོ་ཞེས་སྨྲས་ནས་དེ་དག་གིས་འདི་སྨྲར་མི་བཏུབ་ཀྱིས་ཁྲིད་ལ་དོང་དུ་ཆུག་ཤིག་ཅེས་སྨྲས་ཏེ། དེ་དག་གིས་དེ་དོང་དུ་བཅུག་པས་དེ་དུས་ལས་འདས་སོ། །དགེ་སློང་དག་
འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །ཁྱིམ་བདག་གཞན་ཞིག་དགེ་སློང་གི་དགེ་འདུན་དབྱར་གནས་པ་རྣམས་ལ་ཆོས་གོས་འབུལ་བ་ལས་དགེ་སློང་དགོན་པ་པ་ཞིག་ཁྱིམ་དེར་འོངས་ནས་
ཁྱིམ་བདག་དེ་འདི་སྙམ་དུ་ད་ཕྱིན་ཆད་དགེ་འདུན་ལ་མི་དབུལ་བར་དགོན་པ་པ་འདི་ལ་དབུལ་ལོ་སྙམ་དུ་བསམས་ནས་དེས་དགོན་པ་པ་དེ་ལ་བྱིན་པ་དང་། དགེ་སློང་དེ་དག་འདི་སྙམ་དུ་ཁྱིམ་བདག་དེ་དགེ་སློང་གི་དགེ་འདུན་དབྱར་གནས་པ་རྣམས་ལ་གོས་འབུལ་ན་དགེ་སློང་དགོན་
Vol. 13 · folio 12a
པ་པ་ཞིག་དེར་སོང་བ་དེས་བཀག་པར་གྱུར་པ་སྙམ་གྱིས་སོང་ལ་དེ་བོས་ཤིག་ཅེས་སྨྲས་པ་དང་། དེ་དག་གིས་དེ་བོས་ནས་དགོན་པ་པ་ཁྱིམ་བདག་དེ་ནི་དགེ་སློང་གི་དགེ་འདུན་དབྱར་གནས་པ་རྣམས་ལ་གོས་དབུལ་བ་ལས་ད་མི་དབུལ་བ་ནི་ཁྱོད་དེའི་ཁྱིམ་དུ་སོང་ནས་
བཀག་པར་མ་གྱུར་ཏམ་ཞེས་དྲིས་ན། བཙུན་པ་བདག་གིས་ནི་མ་བཀག་གོ། །མ་བསྒོའོ་ཞེས་སྨྲས་པ་དང་། དེ་དག་གིས་འདི་སྨྲར་མི་བཏུབ་ཀྱིས་ཁྲིད་ལ་སྒོ་ལེབ་ཀྱི་བར་དུ་ཚིར་ཅིག་ཅེས་སྨྲས་ནས་དེ་དག་གིས་སྒོ་ལེབ་ཀྱི་བར་དུ་བཙིར་བ་དང་། དེ་དུས་ལས་འདས་སོ། །དགེ་
སློང་དེ་དག་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་བསོད་སྙོམས་སྤྱོད་པ་དང་སྒོ་དོག་པ་ཞིག་ན་བླ་གཏུན་ཞིག་བསྒྲེང་ཞིང་འདུག་པ་ལས་དེའི་ཆོས་གོས་ཀྱི་གྲྭས་བསྔོས་
པས་ཁྱེའུའི་སྟེང་དུ་འགྱེལ་ནས་ཁྱེའུ་དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། བག་ཡོད་པར་བྱོས་ལ་བསོད་སྙོམས་སྤྱོད་ཅིག །བྲམ་ཟེ་ཞིག་གིས་ནང་པར་སྔར་བཀྲ་ཤིས་པ་དང་།
ལྟས་བྱས་ནས་ཁྱིམ་གྱི་ནང་ན་འདུག་པ་དང་། དགེ་སློང་ཞིག་ཁྱིམ་དེར་བསོད་སྙོམས་སྤྱོད་པ་ལ་དེ་ཁྲོས་ནས་ཕུལ་བ་དང་། དགེ་སློང་དེ་ཁྱེའུ་ཞིག་གི་སྟེང་དུ་འགྱེལ་ནས་ཁྱེའུ་ཤི་བར་གྱུར་ཏོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཉེས་པ་མེད་དོ། །དགེ་སློང་ཐལ་མོའི་རིག་སྔགས་འདེབས་ཤིང་དེ་ལག་པས་བྱུགས་ཏེ་ཐལ་མོ་ཅིག་བསྣུན་པ་དང་། དེ་དུས་ལས་འདས་སོ། །དགེ་སློང་དེ་དག་འགྱོད་པ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་ནི་མེད་དེ། བག་ཡོད་པར་བྱོས་
ལ་ཐལ་མོ་སྣུན་ཅིག །དགེ་སློང་ཞིག་བརྣངས་ཏེ་ཤི་ལ་ཐུག་པ་དང་དེ་ལ་དགེ་སློང་ཞིག་གིས་ཁུ་ཚུར་ཅིག་བསྣུན་ནས་བརྣངས་པ་དེ་ཁྲག་དང་བཅས་ཏེ་བྱུང་ནས་དགེ་སློང་དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
Vol. 13 · folio 12b
ཕས་ཕམ་པའི་ཉེས་པ་མེད་དེ། ཅི་ནས་ཀྱང་བག་ཡོད་པར་བྱས་ཏེ་བརྣངས་པ་ཡང་བྱུང་བར་གྱུར་ལ་དུས་ལས་ཀྱང་འདས་པར་མི་འགྱུར་བ་དེ་ལྟར་བསྣུན་པར་བྱའོ། །མདོར་ན། སྟན་གཉིས་པ་དང་ཕ་གཉིས་དང་། །གཞན་ཡང་བཏང་བ་གཉིས་པ་དང་། །འདྲ་བར་གྱུར་
པ་སྤྲེའུ་དང་ནི། །རྐུན་པོ་རྣམས་ལ་བསྡིགས་པའོ། །ཚེ་དང་ལྡན་པ་འཆར་ཀ་ནག་པོས་མ་བརྟགས་པར་སྟན་ལ་འདུག་པར་ནི་རྣམ་པར་འབྱེད་པ་ལས་ཇི་སྐད་དུ་རྒྱས་པར་འབྱུང་བ་བཞིན་ནོ། །སྦོམ་མོ་དགའ་ལྡན་མོ་ཡང་དེ་བཞིན་དུ་སྦྱར་རོ། །དགེ་སློང་ཞིག་གིས་
ཕ་ལམ་དུ་ཕུལ་ནས་དུས་ལས་འདས་པ་ཡང་རྣམ་པར་འབྱེད་པ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །དགེ་སློང་རྒན་ཞུགས་ཕ་སྤད་གཉིས་ཤིག་ལྷན་ཅིག་ཏུ་ཛེ་ཏའི་ཚལ་དུ་དོང་བ་ལས་གཙུག་ལག་ཁང་གི་གྲོང་དུ་ཕྱིན་པ་དང་། ཕས་བུ་ལས་འདིར་གཟིག་རྣམས་ཀྱིས་འཇིགས་
པར་འགྱུར་གྱི་ནང་དུ་འཁོད་དོ་ཞེས་སྨྲས་པ་དང་། བུས་དེ་ལ་རྒན་ཞུགས་དེང་ཁྱིམ་པ་དང་ལྷན་ཅིག་ཏུ་འཁོད་ན་དེ་དག་དང་བདག་ཅག་ཏུ་བྱེ་བྲག་ཅི་ཡོད་ཅེས་སྨྲས་པ་དང་། བུ་ཁྱོད་ནི་མེལ་ཚེ་བྱོས་ཤིག་ཁོ་བོ་ཉལ་ལོ་ཞེས་སྨྲས་སོ། །དེ་ནས་རྒན་ཞུགས་དེ་ཉལ་བ་དང་།
དགེ་སློང་དེ་ཡང་ཉལ་ལོ། །རྒན་ཞུགས་དེ་སྔུར་པ་ཅན་ཞིག་སྟེ། དེའི་སྒྲས་གཟིག་འོངས་ནས་དེས་དེའི་མགོ་བོ་ནས་བཟུང་བ་དང་། དེས་སྒྲ་ཕྱུང་ནས་གཟིག་གིས་བཏང་སྟེ་བྲོས་སོ། །དགེ་སློང་དེས་མེ་མར་བླངས་ནས་བརྟགས་ན་དུས་ལས་འདས་ཏེ་འདི་སྙམ་
དུ་དེས་ནང་དུ་འཁོད་དོ་ཞེས་ཟེར་ན་ཡང་བདག་གིས་དེའི་ཚིག་མ་མཉན་པས་གང་ཅུང་ཟད་འདི་དུས་ལས་འདས་པར་གྱུར་པ་དེ་ཐམས་ཅད་ནི་བདག་གིས་ཉེས་སོ་སྙམ་སྟེ། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ།
མེལ་ཚེ་བྱོས་ཤིག །དགེ་སློང་ཞིག་གིས་གསད་སེམས་ཀྱིས་དགེ་སློང་ཞིག་འཇིགས་པ་དང་བཅས་པའི་གནས་སུ་བཏང་བ་དང་། དེ་དུས་ལས་འདས་ན་ཕས་ཕམ་པར་འགྱུར་རོ། །དུས་ལས་མ་འདས་ན་ཉེས་པ་སྦོམ་པོར་འགྱུར་རོ། །བཅོམ་ལྡན་འདས་གྲོང་ཁྱེར་
Vol. 13 · folio 13a
ཡངས་པ་ཅན་ན་བཞུགས་ཏེ། དགེ་སློང་དག་ནགས་ཆེན་པོར་ཉིན་པར་སྤྱོད་དུ་དོང་ངོ་། །དེས་དེར་སྤྲེའུ་ཞིག་བསད་པ་དང་། དགེ་སློང་ཞིག་གིས་ཁྱོད་ལ་ཕས་ཕམ་པའི་ཉེས་པ་བྱུང་ངོ་། །དངོས་པོ་གང་གི་ཕྱིར། མིའི་འཚོ་བ་དང་བྲལ་བ་དང་། མི་དང་འདྲ་བ་འདི་གཉིས་ལ་བྱེ་
བྲག་ཅི་ཡོད་ཅེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ལྟུང་བར་འགྱུར་རོ། །རྐུན་པོ་བསྡིགས་པ་ཡང་རྒྱས་པར་འདུལ་བ་ལས་ཇི་ལྟར་འབྱུང་བ་བཞིན་ནོ། །མདོར་ན། མགོ་
ལྡན་སྔོན་གྱི་སྨན་པ་དང་། །འགེགས་ཏེ་ཤི་བར་གྱུར་པ་དང་། །གྲོང་ཁྱེར་ཡངས་པ་ཅན་གནས་དང་། །འགེག་ཐག་ཆད་དང་བརྒྱུགས་པའོ། །མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་ལས་བུ་ཁྱེའུ་ཞིག་བཙས་ཏེ་ཆེན་པོར་གྱུར་པ་དང་། མགོ་བོས་སོ་ཕག་
བསྲེགས་པ་ཚོགས་པས་དེའི་མིང་མགོ་ལྡན་དུ་བཏགས་སོ། །དེ་ཇི་ཙམ་ན་རབ་ཏུ་བྱུང་ནས་དེ་དོན་ཅིག་ལ་གྲོང་དུ་ཞུགས་པ་དང་། ཁྱིམ་བདག་གཞན་ཞིག་གི་ཆུང་མ་ཞིག་ཀྱང་ཁྱེའུ་ཞིག་ཁྲིད་དེ་རྗེས་བཞིན་དུ་འོངས་ནས་དེ་ཡང་གློ་གཡས་གཡོན་ལྟ་ཞིང་སོང་ངོ་། །དེ་ལ་ལུག་
ཐུག་ཅིག་གིས་སྙོགས་པ་དང་དགེ་སློང་དེས་ཀྱང་མགོ་བོ་བཏུད་དེ་སོང་བ་ལས་དེས་ཀྱང་བདག་ལ་བརྡུངས་པར་ཤེས་ནས་ལུག་ཐུག་དེས་དེ་ལ་བརྡུངས་པ་དང་། དགེ་སློང་དེ་ཁྱེའུའི་སྟེང་དུ་འགྱེལ་ནས་ཁྱེའུ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། ཉེས་པ་ནི་མེད་དེ། དགེ་སློང་སྤྱོད་ལམ་དེ་ལྟ་བུར་མ་འགྲོ་བར་གཉའ་ཤིང་སྲིད་དུ་ལྟོས་ཤིག །སྔོན་སྨན་པ་ལས་རབ་ཏུ་བྱུང་བ་གཞན་ཞིག་གིས་དགེ་སློང་ནད་པ་ཞིག་གི་དྲུང་དུ་འོངས་པ་དང་། དེས་དེ་ལ་གཏར་ཁ་ཐོབ་ཤིག་ཅེས་སྨྲས་ནས། དེས་
ཀྱང་དེ་ལ་གཙགས་བུ་ཅིག་བཏབ་སྟེ། གཙགས་བུ་དེ་སླར་ཕྱུང་བ་དང་། དགེ་སློང་དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་ནི་མེད་དེ། ཕྱིན་ཆད་དགེ་སློང་དག་མ་བསླབས་པར་སྨན་དཔྱད་མ་
Vol. 13 · folio 13b
བྱེད་ཅིག །དགེ་སློང་ནད་པ་གཞན་ཞིག་ནད་མ་སོས་ནས། དེ་འདི་སྙམ་དུ་བདག་འཚོ་སྟེ་ཅི་རུང་གིས་བདག་ཉིད་འཆིའོ་སྙམ་དུ་བསམས་ཏེ། དགེ་སློང་དེས་ནད་གཡོག་ལ་འདི་སྐད་དུ་ཚེ་དང་ལྡན་པ་ཐག་པ་ཞིག་བྱིན་ཅིག་ཅེས་སྨྲས་སོ། །དེས་དེ་ལ་བྱིན་ནས་དེ་འགགས་པ་དང་། དེ་
དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། དགེ་སློང་གིས་བབ་བབ་ཏུ་ནད་པ་ལ་ཐག་པ་མ་སྦྱིན་ཅིག །དགེ་སློང་ཞིག་བསོད་སྙོམས་སྤྱོད་པ་ན་གྲོང་ཁྱེར་ཡངས་པ་ཅན་ན་གནས་པ་དག་ཀྱང་མདའ་
དང་། གཞུ་ལག་ན་ཐོགས་པ་འོངས་ནས་དགེ་སློང་དེས་བཞིན་བཟངས་ཁོ་བོ་མ་གསད་པར་འདི་ལ་འཕོངས་ཤིག་ཅེས་སྨྲས་པ་དང་། དེས་མདའ་འཕངས་ནས་དེ་དེར་བསད་དོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་
དེ། དགེ་སློང་གིས་དེ་སྐད་མ་བསྒོ་ཤིག །དགེ་སློང་ནད་པ་གཞན་ཞིག་ཀྱང་རྒྱས་པར་ནི་སྔ་མ་ཇི་ལྟ་བ་བཞིན་དུ་ཐག་པ་ཁྱེར་ནས་ནགས་ཆེན་པོར་སོང་བ་དང་། དེས་དེར་ཤིང་ལ་འཛེགས་ནས་ཐ་གུ་དེས་བཏགས་ཏེ་དེས་ལྐོག་མ་ཞགས་མིག་ཏུ་བཅུག་ནས་ལུས་མཆོངས་པ་
དང་། ཐག་པ་ཆད་ནས་དེའི་འོག་ན་ཁྱི་བུ་བྱུང་བ་ཞིག་འདུག་སྟེ་དེའི་སྟེང་དུ་དགེ་སློང་ལྷུང་བ་དང་། ཁྱི་དེ་བུ་དང་བཅས་ཏེ་དུས་ལས་འདས་ཏེ། དགེ་སློང་དེ་དག་གིས་ཐོས་ནས་རྒྱས་པར་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དགེ་སློང་སྔ་མ་ནི་ཉེས་པར་འགྱུར་གྱི་ཕྱི་མ་ལ་ཉེས་པ་མེད་དོ། །དགེ་སློང་ལུས་ཀྱིས་འདི་ལྟར་བརྩལ་བ་ནི་མ་བྱེད་ཅིག །བྱས་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གཞན་ཞིག་གྲོང་དུ་དོན་ཅིག་ཡོད་དེ། དེས་དགེ་སློང་ནད་སོས་ནས་རིང་པོར་མ་ལོན་པ་ཞིག་ཁྲིད་དེ་སོང་བ་
དང་། ལམ་དུ་རྐུན་པོས་སྐྲག་ནས་དེས་དེ་ལ་ཚེ་དང་ལྡན་པ་སྐྱེན་པར་འདོང་ཞེས་སྨྲས་པ་དང་། དེས་མི་ནུས་སོ་ཞེས་སྨྲས་ནས། དགེ་སློང་གིས་ཚུར་ཤོག་བཅོམ་མ་རེ་ཞེས་སྨྲས་ནས། དེས་དེ་ལྟར་ཁྲིད་དེ་དེ་ཡང་གྲོང་དུ་ཁྲིད་པ་དང་དུས་ལས་འདས་སོ། །དེ་འདི་
Vol. 13 · folio 14a
སྙམ་དུ་དེ་སྟེ་བདག་གིས་དགེ་སློང་དེ་ཁྲིད་དེ་མ་འོངས་ན་ཤི་བར་མི་འགྱུར་རོ་སྙམ་བསམས་ནས་དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཕྱིན་ཆད་དགེ་སློང་གིས་ནད་པ་ཉམ་ཆུང་བར་གྱུར་པ་དེ་ལྟ་བུ་ལམ་
དུ་མ་བཀྲི་ཤིག །མདོར་ན། བདེ་ལྡན་འདུ་ཤེས་བསྒོ་བ་དང་། །དགྲ་བཅོམ་བྲམ་ཟེ་དབང་པོ་དང་། །ཆོས་གོས་དག་དང་བསོད་སྙོམས་དང་། །གྲོང་དུ་ཉེར་འགྲོ་རྣམ་པ་གཉིས། །སངས་རྒྱས་བཅོམ་ལྡན་འདས་ཡུལ་བྲྀ་ཛིའི་འོད་མའི་ཚལ་གྱི་གྲོང་ན་བཞུགས་
སོ། །ཀླུང་བདེ་ལྡན་གྱི་ངོགས་ན་གནས་པའི་དགེ་སློང་རྣམས་ལ་བསླབ་པའི་གནས་མ་བཅས་པས་ལས་དང་པོ་པ་ལ་ཉེས་པ་མེད་དེ། བདག་ཅག་གིས་བསླབ་པའི་གནས་མ་བཅས་པ་ན་མེད་ལ་མེད་བཞིན་དུ་མི་ལས་བླ་མར་གྱུར་པའི་ཆོས་ཤིག་རིགས་མང་པོ་ལ་སྨྲས་
ན། བདག་ཅག་གི་ལས་དང་པོ་པ་གང་ཡིན་སྙམ་ནས་དོགས་པ་དང་། འཛེམ་པ་དང་འགྱོད་པ་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བསླབ་པའི་གནས་མ་བཅས་པ་ན་ཀླུང་བདེ་ལྡན་གྱི་ངོགས་ན་གནས་པའི་དགེ་སློང་རྣམས་ཀྱིས་
འདས་པ་དང་བཅས་པ་ནི་ཐམས་ཅད་ལས་དང་པོ་པ་ཡིན་པས། ལས་དང་པོ་པ་ལ་ཉེས་པ་མེད་དོ། །དགེ་སློང་ཞིག་གིས་མི་ལ་མི་མ་ཡིན་པར་འདུ་ཤེས་ཏེ་མེད་ལ་མེད་བཞིན་དུ་མི་ལས་བླ་མར་གྱུར་པའི་ཆོས་སྨྲས་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། མི་ལ་མིར་འདུ་ཤེས་ན་ཕས་ཕམ་པར་འགྱུར་རོ། །མི་མ་ཡིན་པ་ལ་ཐེ་ཚོམ་ན་ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་ཁྱིམ་བདག་ཅིག་ལ་མེད་ལ་
མེད་བཞིན་དུ་མི་ལས་བླ་མར་གྱུར་པའི་ཆོས་སྨྲས་པ་དང་། ཁྱིམ་བདག་དེ་ཡེངས་ནས་བཙུན་པ་ཅི་གསུང་ཞེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་ནི་མེད་དེ། ཉེས་པ་སྦོམ་པོར་
Vol. 13 · folio 14b
འགྱུར་རོ། །ཁྱིམ་བདག་ཅིག་གིས་དགེ་སློང་ཞིག་ལ་བཙུན་པ་ཁྱོད་དགྲ་བཅོམ་པ་ལགས་ཀྱིས་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་ཀྱི་མཆག་རྣམས་འོས་སོ་ཞེས་སྨྲས་པ་དང་། ཅང་མི་སྨྲ་བས་ཁས་བླངས་པ་ཡིན་ཏེ་ཉེས་པ་
སྦོམ་པོར་འགྱུར་རོ། །ཁྱིམ་བདག་ཅིག་གིས་དགེ་སློང་ཞིག་ལ་སྡིག་པ་མེད་པའི་ཆོས་ཚངས་པ་དང་ལྡན་ནམ་ཞེས་སྨྲས་ན་ཅང་མི་སྨྲ་བས་ཁས་བླངས་པ་ཡིན་ཏེ། ཉེས་པ་སྦོམ་པོར་འགྱུར་རོ། །དེ་སྟེ་བཙུན་པ་དགྲ་བཅོམ་པ་ཡིན་ན་བདག་གི་བསོད་སྙོམས་བཞེས་ཤིག་ཅེས་
སྨྲས་པ་དང་། དེ་ཅང་མི་སྨྲ་བས་ཁས་བླངས་པ་ཡིན་ཏེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གཞན་གྱི་གྲོང་དུ་ཉེ་བར་འགྲོ་ཞེས་དེ་སྔ་དྲོའི་དུས་སུ་ཤམ་ཐབས་བགོས་ཏེ་གྲོང་དུ་སོང་བ་དང་། དེ་ལ་ཁྱིམ་བདག་གིས་བཙུན་པ་དེ་སྟེ་དགྲ་བཅོམ་པ་ལགས་ན་ནང་དུ་
གཤེགས་ཤིག་ཅེས་སྨྲས་པ་དང་། ཅང་མི་སྨྲ་བར་ནང་དུ་འོངས་ན་ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སྟན་ལ་འདུག་ཟན་ལོང་ལ་གསོལ་ཅིག །རྗེས་སུ་ཡི་རང་བ་གྱིས་ཤིག །སླར་བྱུང་ཤིག་ཅེས་སྨྲས་པ་དང་། དེ་ཅང་མི་སྨྲ་ན་ཁས་བླངས་པས་ཉེས་པ་སྦོམ་པོར་འགྱུར་རོ། །
དགེ་སློང་ཞིག་གྲོང་གཞན་ཞིག་ན་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། སྔ་དྲོ་ཤམ་ཐབས་བགོས་ནས་གྲོང་དེར་སོང་བ་དང་། ཁྱིམ་བདག་གིས་བཙུན་པ་དེ་སྟེ་དགྲ་བཅོམ་པ་ལགས་ན་ཁྱིམ་གྱི་ནང་དུ་གཤེགས་ཤིག་ཅེས་སྨྲས་པ་དང་། ཁོ་བོ་དགྲ་བཅོམ་པ་ཅུང་ཟད་ཀྱང་མ་ལགས་
ན་དེ་སྟེ་ཁྱོད་བཟོད་ན་ནི་ནང་དུ་མཆིའོ་ཞེས་སྨྲས་ན་ཉེས་པ་མེད་དོ། །སྟན་ལ་བཞུགས་བཤོས་དང་སྐྱུ་རུམ་དང་བཅའ་བ་རྣམས་བཞེས་ལ་གསོལ་ཅིག །རྗེས་སུ་ཡི་རང་བར་གྱིས་ཤིག །སླར་བྱུང་ཤིག་ཅེས་སྨྲས་པ་དང་། ཁོ་བོ་ནི་དགྲ་བཅོམ་པ་ཅུང་ཟད་ཀྱང་མ་ལགས་
ན་དེ་སྟེ་ཁྱོད་ཀྱིས་བཟོད་ན་ཕྱིར་འབྱུང་ངོ་། །ཞེས་སྨྲས་ན་ཉེས་པ་མེད་དོ། །ཁྱིམ་བདག་གིས་དགེ་སློང་ཞིག་ལ་བཙུན་པ་ཁྱོད་དབང་པོའི་སྒོ་རྣམས་ནི་ཤིན་ཏུ་བསྡམས་ཤིང་ལེགས་པར་བསྲུངས་པའོ་ཞེས་སྨྲས་པ་དང་། ཅང་མི་སྨྲ་བར་ཁས་བླངས་ན་ཉེས་པ་སྦོམ་པོར་འགྱུར་
Vol. 13 · folio 15a
རོ། །སླར་ཕྱུང་ཤིག་ཅེས་སྨྲས་པ་ལས་ཁོ་བོ་དགྲ་བཅོམ་པ་ནི་ཅུང་ཟད་ཀྱང་མ་ལགས་སོ་ཞེས་སྨྲས་ནས་ཕྱིར་བྱུང་ན་ཉེས་པ་མེད་དོ། །མདོར་ན། དྲུག་བྱས་དང་ནི་མངོན་ཤེས་དང་། །མེ་ཡི་ཕུང་པོ་མེད་པ་དང་། །མ་འདའ་གི་ནི་སྒྲ་རྣམས་དང་། །དྲི་ཟ་དང་ནི་
ལྷ་མ་ཡིན། །རྫིང་བུ་བརྡུང་དང་འབའ་ལ་ཧ། །དཀའ་ཐུབ་འོག་མ་རྒྱུན་དུ་གཉིས། །འཐབས་པ་གཉིས་དང་ཁྱེའུ་གནས་བདེ་བར་འོངས། །མཛེས་པ་དང་ནི་འདི་གཉིས་དང་། །མདོའི་ཚིགས་སུ་བཅད་པ་གཉིས་པོ་རྒྱས་པར་ཤེས་པར་བྱའོ། །མདོར་ན། འཆར་ཀ་
སྦོམ་པོ་ནམ་མཁའ་དང་། །མགོ་ལ་ལག་པ་གཉིས་ཀྱིས་བྱུགས། །སྒྲེའུ་དུགས་ཁང་ཁྲུས་ལས་དང་། །གནས་དང་ཚུལ་བཞིན་མ་ཡིན་པའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བསླབ་པའི་གནས་མ་བཅས་པ་ལས་དང་པོ་ལ་ཉེས་པ་མེད་པར་གྱུར་པ་ན་ཚེ་དང་ལྡན་
པ་འཆར་ཀ་འདི་སྙམ་དུ་བདག་གིས་ནི་བསླབ་པའི་གནས་མ་བཅས་པར་ལན་མང་ཞིག་ཏུ་བསམས་བཞིན་དུ་ཁུ་བ་ཕྱུང་ན་བདག་གིས་ལས་དང་པོ་གང་ཡིན་སྙམ་ནས་ཐེ་ཚོམ་དུ་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླབ་པའི་གནས་མ་བཅས་པ་ན་འཆར་
ཀས་འདས་པ་དང་བཅས་པ་ནི་ཐམས་ཅད་ཀྱང་ལས་དང་པོ་པ་སྟེ། ལས་དང་པོ་པ་ནི་ཉེས་པ་མེད་དོ། །དགེ་སློང་ཞིག་གིས་སྦུར་བུར་ཕྱུང་ངམ། ནམ་མཁའ་ལ་སྤྱོད་དམ། ནམ་མཁའ་ལ་ཕྱུང་ངམ། ཕོ་མཚན་མནམས་སམ། བཙིར་ཏེ་དགའ་བར་ཚོར་རམ། བཙིར་ཏེ་
བཏང་ཕྱུང་ངམ། འཕགས་པ་ལས་བཏང་ངམ། བརྩམས་ནས་སླར་བཏང་ཡང་རུང་སྟེ། ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་བརླས་བསྔོས་ཏེ་ཁུ་བ་ཕྱུང་བ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཉེས་པ་མེད་དོ། །དགེ་སློང་ཞིག་ལ་བུད་མེད་ཞིག་གིས་ལག་པ་གཉིས་ཀྱིས་རྐང་པ་གཉིས་ལ་ཕྱག་འཚལ་བ་དང་། དེས་ཁུ་བ་ཕྱུང་སྟེ། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །རི་དགས་སྒྲའི་མ་ས་ག་མ་དགེ་སློང་
Vol. 13 · folio 15b
རྣམས་ཀྱི་རྐང་པ་ལ་ཕྱག་འཚལ་ཏེ། དེས་ཚེ་དང་ལྡན་པ་དགའ་བོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་བ་དང་། དེས་དེ་ཁུ་བ་ཕྱུང་ནས་རི་དགས་སྒྲའི་མ་ས་ག་མའི་མགོ་བོར་ལྷུང་བ་དང་། དེ་ཕྱོགས་གཅིག་ཏུ་སོང་སྟེ་ལག་པ་གཉིས་མགོ་ལ་བྱུགས་ནས་འདི་སྐད་དུ་ཚངས་པ་
མཚུངས་པར་སྤྱོད་པ་དེ་དག་ནི་བཅོམ་ལྡན་འདས་ཀྱི་དྲུང་ན་ཤིན་ཏུ་ཉོན་མོངས་པར་ཚངས་པར་སྤྱད་པ་སྤྱོད་དེ་བདག་གིས་ནི་རྙེད་པ་རབ་ཏུ་རྙེད་དོ་ཞེས་མགུ་བར་བརྗོད་པ་བརྗོད་དོ། །ཚེ་དང་ལྡན་པ་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་
དེ། སྒྲེའུ་ཆོངས་ཤིག །དགེ་སློང་ཞིག་གིས་སྒྲེའུ་ལ་རེག་སྟེ་ཁུ་བ་ཕྱུང་ངོ་། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་དུགས་ཁང་ན་ལས་བྱེད་པ་ལས་ཁུ་བ་བྱུང་ངོ་། །དགེ་སློང་དེ་འགྱོད་པ་སྐྱེས་
ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་གནས་ནས་གནས་སུ་འཆག་པ་ན་དེ་ཁུ་བ་བྱུང་སྟེ། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་ལྷག་མའི་ཉེས་པ་ནི་མེད་ཀྱིས་ཉེས་པ་སྦོམ་པོར་
འགྱུར་རོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའང་དེ་བཞིན་ནོ། །མདོར་ན། བུད་མེད་རྣམ་པ་ལྔར་བྱས་དང་། །གནོད་པ་ལ་ཡང་རྣམ་པ་ལྔ། །གཟུང་བ་ལ་ཡང་ལྔར་བྱས་ཏེ། །དུར་ཁྲོད་པ་ལ་དྲུག་ཏུའོ། །དགེ་སློང་ཞིག་ལ་མ་དང་། སྲིང་མོ་དང་། བུ་མོ་དང་། ཆུང་
མ་དང་། མཛའ་ན་མོ་རྣམས་ཀྱིས་འགྲོགས་ནས་རིང་པོར་མ་ལོན་པར་མགུལ་ནས་འཁྱུད་པ་དང་ཁུ་བ་བྱུང་ངོ་། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་གིས་བུད་མེད་མེ་ལས་ཕྱུང་། ཆུ་དང་། གཡང་
ས་དང་། མཚོན་དང་། གཅན་གཟན་དང་། མི་མ་ཡིན་པ་རྣམས་ལས་ཐར་བར་བྱས་པ་དང་། དེ་ཁུ་བ་བྱུང་ངོ་། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ལ་བུད་མེད་ཅིག་གིས་རྐང་པས་བཟུང་ངམ། བྱིན་པ་
Vol. 13 · folio 16a
དང་། པུས་མོ་དང་། བརླ་དང་། མཛུབ་མོ་རྣམས་ཀྱིས་བཟུང་བ་དང་། དེ་ཁུ་བ་བྱུང་ངོ་། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་གིས་རྣམ་པར་སྔོས་པ་ལས་ཁུ་བ་བྱུང་བ་དང་། བམ་པ་དང་
སྦོས་པ་དང་རྣམ་པར་དམར་བ་དང་། རྣམ་པར་ཞིགས་པ་དང་། ཀེང་རུས་ལ་ཁུ་བ་ཕྱུང་ན་ཐམས་ཅད་དགེ་འདུན་གྱི་ལྷག་མར་འགྱུར་རོ། །མདོར་ན། འཕྲུག་པ་འདྲུད་པ་མཛུབ་མོ་དང་། །ཆུ་ལས་སྦྲིད་པར་གྱུར་པ་དང་། །ནང་གི་དགུར་ནི་བྱས་པ་དང་། །སྤྱོད་པ་རྣམ་པ་ཉི་ཤུའོ། །
དགེ་སློང་ཞིག་གིས་འཕྲུག་པ་ལས་ཁུ་བ་བྱུང་ན་ཉེས་པ་མེད་དོ། །འདྲུད་པའང་དེ་བཞིན་ནོ། །དགེ་སློང་དེས་ཕོ་མཚན་ལས་བཟུང་བ་དང་། ཁུ་བ་བྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་བསོད་སྙོམས་ལ་
སྤྱོད་པ་དེ་ན་ན་ཆུང་གཞོན་ནུ་ཞིག་གདངས་ཏེ་འདུག་པར་གྱུར་པས་འཕགས་པ་ཚུར་སྤྱོན་ཁོ་མོ་ལ་འདི་དང་འདི་ལྟ་བུ་མཛོད་ཅེས་སྨྲས་ནས་དེས་དེར་མཛུབ་མོ་བཅུག་གོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །
དགེ་སློང་ཞིག་ཁྲུས་བྱེད་པ་ན་ཕོ་མཚན་ཆུའི་རྒྱུན་དུ་བསྡད་པ་དང་དེ་སྦྲིད་པས་ཁུ་བ་བྱུང་ངོ་། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་མགོ་བོ་དང་། རྣ་བ་དང་། སྣའི་ནང་དུ་ཁུ་བ་ཕྱུང་
ན་ཐམས་ཅད་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་ཞིག་གིས་རྩིབ་ལོགས་དང་། རྒྱབ་དང་། བྲང་དང་། ལྟོ་གཉེར་དང་། སྐྲའི་ནང་དུ་ཁུ་བ་ཕྱུང་ན་ཐམས་ཅད་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་གིས་ལག་པ་དང་། ཕྲག་པ་དང་། དཔུང་བའི་
ནང་དུ་ཁུ་བ་ཕྱུང་ན་ཐམས་ཅད་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་གིས་རྐེད་པ་དང་། བྱིན་པ་དང་། རྐང་པ་དང་། བརླ་རྣམས་ཀྱི་ནང་དུ་ཁུ་བ་ཕྱུང་ན་ཐམས་ཅད་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་ཞིག་གིས་ལ་བ་དང་། ཕྱིང་བ་དང་། པར་ཏང་
Vol. 13 · folio 16b
དང་། སྔས་རྣམས་སུ་ཁུ་བ་ཕྱུང་ན་ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་ཁྲི་དང་། ཁྲིའུ་དང་། ཤིང་སྟན་དང་། ཁྲི་བར་དུ་ཁུ་བ་ཕྱུང་ན་ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་བུམ་པ་དང་། བུམ་བུ་དང་། སྐྱོགས་དང་། བུམ་
པའི་ནང་དུ་ཁུ་བ་ཕྱུང་ན་ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་རྡོ་དང་། ཞལ་ཞལ་བྱས་པ་དང་། ཞལ་ཞལ་བྱས་པའི་ནང་དང་། སྒོ་གཏན་དང་། ཤ་མེར་མེར་པོ་རྣམས་སུ་ཁུ་བ་ཕྱུང་ན་ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། འཆར་ཀ་
འདུ་ཤེས་རྐང་པ་ཕྲག་པ་དང་། །མ་དང་སོར་མོ་མེད་ལས་ཕྱུང་བ་དང་། །རྐང་པ་ལ་སོགས་བཟུང་བ་དང་། །སྔོ་ལ་སོགས་ལས་འཁྱུད་པའོ། །ཚེ་དང་ལྡན་པ་འཆར་ཀས་བསླབ་པའི་གནས་མ་བཅས་པ་ན་བདག་གིས་བུད་མེད་མང་པོ་དང་ལྷན་ཅིག་ལུས་ཀྱིས་ཀུན་ཏུ་རེག་པར་གྱུར་ན་
དེ་དག་ལ་བདག་གི་ལས་དང་པོ་པ་ནི་གང་ཡིན་སྙམ་དུ་བསམས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླབ་པའི་གནས་མ་བཅས་པ་ན་འཆར་ཀ་འདས་པ་དང་བཅས་པ་ཐམས་ཅད། ལས་དང་པོ་པ་སྟེ་ལས་དང་པོ་པ་ལ་ཉེས་པ་མེད་དོ། །དགེ་སློང་ཞིག་
གིས་ནི་མིའི་བུད་མེད་ལ་མི་མ་ཡིན་པར་འདུ་ཤེས་ཏེ་བཟུང་ངོ་། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ལ་མིར་འདུ་ཤེས་ན་དགེ་འདུན་གྱི་ལྷག་མར་འགྱུར་རོ། །རྒྱས་པར་ནི་རྣམ་པ་བཞིར་ཤེས་པར་བྱའོ། །དགེ་སློང་གིས་བུད་མེད་ཅིག་ལ་
རྐང་པས་ཕུལ་ན་ཉེས་བྱས་སུ་འགྱུར་རོ། །བུད་མེད་ཀྱིས་དགེ་སློང་ལ་རྐང་པས་ཕུལ་ན་ཉེས་པ་མེད་དོ། །དགེ་སློང་གིས་བུད་མེད་ལ་ཕྲག་པས་ཕུལ་ན་ཉེས་བྱས་སུ་འགྱུར་རོ། །བུད་མེད་ཀྱིས་དགེ་སློང་ལ་ཕྲག་པས་ཕུལ་ན་ཉེས་པ་མེད་དོ། །དགེ་སློང་ཅིག་གིས་མའི་མགུལ་
ནས་འཁྱུད་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་ལ་བུད་མེད་ཀྱིས་སོར་མོས་བཟུང་ངོ་། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་
Vol. 13 · folio 17a
སློང་ཞིག་གིས་བུད་མེད་ཅིག་མེ་དང་། ཆུ་དང་། གཡང་ས་དང་། མཚོན་དང་། གཅན་གཟན་དང་། མི་མ་ཡིན་པ་རྣམས་ལས་ཐར་བར་བྱས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་
ལ་བུད་མེད་ཅིག་གིས་རྐང་པས་བཟུང་། བྱིན་པ་དང་། པུས་མོ་དང་། བརླ་དང་། སོར་མོས་བཟུང་ངོ་། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་གིས་བུད་མེད་ཀྱི་རོ་སྔོན་པོར་གྱུར་པའི་མགུལ་ནས་འཁྱུད།
བམ་པ་དང་། རུལ་བ་དང་། རོ་དམར་པོར་གྱུར་པ་དང་། འཐོར་བ་དང་། ཀེང་རུས་རྣམས་ཀྱི་མགུལ་ནས་འཁྱུད་ན་ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། གྲེད་ནས་རྡེག་འཆོས་བུ་མོ་དང་། །མུན་པ་བུད་མེད་ཕྲད་པ་དང་། །བུད་མེད་གཞོན་ནུས་འགྲོང་
གདངས་པ། །སྟན་ལྔ་པ་དང་བཅུ་གསུམ་མོ། །བུད་མེད་ཅིག་གྲེད་དེ་རྡེག་འཆོས་པ་དང་། དགེ་སློང་ཞིག་གིས་བསླང་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གྲེད་དེ་རྡེག་འཆོས་པ་ལས་བུད་མེད་ཅིག་གིས་བསླང་ན་ཉེས་པ་མེད་དོ། །དགེ་སློང་རྒན་པོ་ཞིག་བུ་མོ་
ལ་ལྟར་སོང་ནས་བུ་མོ་དེའི་པང་བར་འདུག་གོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་ནམ་ཕྱེད་ན་གཅིན་གཅི་ཞིང་འདུག་པ་དང་། བུད་མེད་ཅིག་ཀྱང་ཕྱིར་བྱུང་སྟེ་འོང་བ་དང་། མུན་པའི་ནང་དུ་
གདོང་ཐུགས་སུ་ཕྲད་དེ་དེ་རྡེག་འཆོས་ནས་དེའི་སྟེང་དུ་འགྱེལ་ཏོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་གྲོང་དུ་བསོད་སྙོམས་ལ་ཞུགས་པ་དང་། ན་ཆུང་གཞོན་ནུ་མ་ཞིག་འགྲོང་གདངས་ཏེ་
འདུག་ནས་དེས་འཕགས་པ་ཚུར་སྤྱོན་འདི་དང་འདི་མཛོད་ཅིག་ཅེས་སྨྲས་པ་དང་། དེས་དེར་བོང་བ་བཅུག །བསོད་སྙོམས་བཅུག་པས་བཙངས། ཁར་བས་བཙོགས་ཤིང་རྡེག་ན་ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་བུད་མེད་ལ་ཆོས་བཤད་
Vol. 13 · folio 17b
པ་དང་། དེས་དེའི་སྟན་རྐང་པ་དང་། བརླ་དང་། བྱིན་པ་དང་། རྐེད་པ་དང་། རྩིབ་ལོགས་དང་། རྒྱབ་དང་། ལག་པ་དང་། ཕྲག་པ་དང་། མགོ་རྣམས་ཀྱིས་ཕུལ་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། འཆར་ཀ་བདེ་དང་འདུ་ཤེས་དང་། །
བུང་བུ་གནས་ངན་ལེན་པ་དང་། །སྲིང་མོ་སྤྱོད་པ་ངན་པར་བཅས། །ཁོ་བོས་མཐོང་དང་ཁྱོད་ཀྱི་མདུན། །དེ་དང་དེ་སྟེ་དེ་ཡིད་མགུ། །བསླབ་པའི་གནས་མ་བཅས་པ་ལས་དང་པོ་ལ་ཉེས་པ་མེད་པ་ན། ཚེ་དང་ལྡན་པ་འཆར་ཀས་འདི་ལྟར་བདག་གིས་བུད་མེད་
མང་ཞིག་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། བདག་གི་ལས་དང་པོ་གང་ཡིན་སྙམ་ནས་ཐེ་ཚོམ་དུ་གྱུར་པ་ནི་རྒྱས་པར་རོ། །དེས་དེ་ལྟར་གྱུར་པ་དགེ་སློང་རྣམས་ལ་སྨྲས་པ་དང་། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། བསླབ་པའི་གནས་མ་བཅས་པ་ན་འཆར་ཀ་འདས་པ་དང་བཅས་པ་ནི་ཐམས་ཅད་ལས་དང་པོ་པ་སྟེ། ལས་དང་པོ་པ་ལ་ནི་ཉེས་པ་མེད་དོ། །དགེ་སློང་ཞིག་གིས་མིའི་བུད་མེད་ལ་མི་མ་ཡིན་པར་འདུ་ཤེས་ཏེ་གནས་ངན་ལེན་གྱི་ཚིག་སྨྲས་སོ། །དགེ་
སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ལ་མིར་འདུ་ཤེས་ན་ནི་དགེ་འདུན་གྱི་ལྷག་མར་འགྱུར་རོ། །རྒྱས་པར་ནི་དྲི་བར་བྱའོ། །རྫུ་འཕྲུལ་དང་ཆོ་འཕྲུལ་གྱི་ཆོས་སུ་སྨྲ་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ། །ཆོ་འཕྲུལ་མེད་པའི་ཆོས་སུ་སྨྲ་ན་ནི་དགེ་
འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་ཞིག་བུད་མེད་ཅིག་གི་དྲུང་དུ་སོང་ནས་འདི་སྐད་དུ་སྲིང་མོ་རྒྱ་རྣ་རུ་ཞིག་བྱིན་ཅིག་ཅེས་སྨྲས་པ་དང་། འཕགས་པ་ཁྱད་ལ་རྒྱ་རྣ་རུ་ཅི་ཞིག་བགྱི། མོས་གོ་ནས་འཕགས་པ་རྒྱ་རྣ་རུ་སྟ་གོན་བགྱིས་ལགས་སོ། །ཞེས་སྨྲས་པ་དང་། དགེ་སློང་
དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གྲོང་དུ་བསོད་སྙོམས་ལ་སྤྱོད་པ་ན་བུད་མེད་ཅིག་འགྲོང་གདངས་ཏེ་འདུག་ནས་འཕགས་པ་འདི་བཞིན་མཛོད་ཅེས་སྨྲས་པ་དང་། ཁྱོད་ཀྱི་ལུས་སྐལ་བ་འདི་ལྟ་བུ་
Vol. 13 · folio 18a
དང་མཐུན་པས་བོང་བུ་དང་འདི་ལྟར་འདི་བཞིན་བྱོས་ཤིག །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་རང་བཞིན་གྱིས་གནས་ངན་ལེན་གྱི་
ཚིག་སྨྲ་བ་ཞིག་སྟེ། དེས་བུད་མེད་ཅིག་ལ་གནས་ངན་ལེན་གྱི་ཚིག་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་མ་ཞིག་ནང་པར་སྔར་ལངས་ཏེ།
ཁྲུས་བྱས་མིག་སྨན་གྱིས་བསྐུས། མགོ་བཤད་དེ་ཆོས་གོས་རྙིང་ཆགས་བྱས་པ་གྱོན་ནས་མཉན་དུ་ཡོད་པར་སོང་བ་དང་། དགེ་སློང་ཞིག་བསོད་སྙོམས་སྤྱོད་པ་དེས་དེ་མཐོང་ནས་དེས་སྲིང་མོ་ཁྱོད་སྐྱེས་པ་ལ་སྟེག་ཅིང་སྤྱད་པ་སྤྱོད་དོ་ཞེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་རྒན་པོ་ཞིག་བུ་མོ་ལྟར་སོང་བ་དང་། དེའི་བུ་མོ་ལོག་པར་སྤྱོད་པ་ཞིག་སྟེ། དེས་བུ་མོ་འདི་ལྟར་ཁྱིམ་གཉིས་འཇིག་པར་མ་བྱེད་ཅིག །དེས་མི་ཐུབ་པ་ན་ཇི་ལྟར་བགྱི་ཞེས་སྨྲས་པ་དང་། དེ་སྟེ་
མི་ཐུབ་ན་དེར་མགལ་དུམ་ཆུག་ཤིག་ཅེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གྲོང་གཞན་དུ་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་སྔ་དྲོ་ཤམ་
ཐབས་བགོས་ནས་གྲོང་དེར་སོང་བ་དང་། དེས་ཁྱིམ་བདག་དེའི་ཆུང་མ་ལ་སྲིང་མོ་ཁོ་བོ་ལ་བྱིན་ཅིག་ཅེས་སྨྲས་པ་དང་། འཕགས་པ་ཁྱོད་ལ་ཅི་གསོལ། སྲིང་མོ་ཁོ་བོ་ལ་དེ་བྱིན་ཅིག་ཅེས་སྨྲས་པ་དང་། མོས་གོ་སྟེ་འཕགས་པ་སྟ་གོན་བགྱིས་སོ་ཞེས་སྨྲས་པ་དང་། དགེ་
སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །སྲིང་མོ་ཁྱོད་ལ་གང་མཐོང་བའོ། །འཕགས་པ་བདག་ལ་ཅི་ཞིག་གཟིགས། སྲིང་མོ་ཁྱོད་ལ་གང་མཐོང་བ་དེ་བྱིན་ཅིག །མོས་གོ་ནས་འཕགས་པ་སྟ་གོན་བགྱིས་སོ་
Vol. 13 · folio 18b
ཞེས་སྨྲས་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །སྲིང་མོ་ཁྱོད་ཀྱི་མདུན་ན་ཅི་ཡིན་པ་དེ་བྱིན་བཙུན་པ་བདག་གི་མདུན་ན་ཅི་མཆིས། སྲིང་མོ་ཁྱོད་ཀྱི་མདུན་ན་གང་ཡོད་པ་དེ་བྱིན་ཅིག །མོས་
གོ་ནས་འཕགས་པ་སྟ་གོན་བགྱིའོ་ཞེས་སྨྲས་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གྲོང་གཞན་དུ་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ནས་
ལྷུང་བཟེད་ཁྱེར་ཏེ་གྲོང་དེར་སོང་བ་དང་། ཁྱིམ་པ་དེའི་ཆུང་མ་དེ་ལ་སྲིང་མོ་ཁྱོད་ཀྱིས་ཡིད་དུ་འོང་བ་གང་ཡིན་པ་དེ་བྱིན་ཅིག་ཅེས་སྨྲས་པ་དང་། འཕགས་པ་བདག་ལ་ཡིད་དུ་འོང་བ་ཅི་ཞིག་མཆིས། སྲིང་མོ་ཁྱོད་ཀྱི་ཡིད་དུ་འོང་བ་གང་ཡིན་པ་དེ་བྱིན་ཅིག །མོས་གོ་ནས་
འཕགས་པ་སྟ་གོན་བགྱིའོ་ཞེས་སྨྲས་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ།། །།འདུལ་བ་གཞུང་དམ་པ། བམ་པོ་ཉི་ཤུ་ལྔ་
པ། མདོར་ན། དགའ་དང་ཡིད་དུ་འོང་བ་དང་། །ཆུ་དང་བཅའ་བ་རྣམས་དང་ཡང་། །ཐུག་པ་དག་དང་བཟའ་བའི་རྣམས། །སྨྲས་པ་དག་ཀྱང་དེ་བཞིན་ནོ། །དགེ་སློང་ཞིག་གྲོང་གཞན་ཞིག་ཏུ་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། ཁྱིམ་བདག་དེས་ཆུང་མ་ལ་དགེ་སློང་དེ་ཅི་
དགའ་བ་བྱིན་ཅིག་ཅེས་སྨྲས་ཏེ་སོང་ངོ་། །དགེ་སློང་དེའང་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ནས་ལྷུང་བཟེད་ཁྱེར་ཏེ་ཁྱིམ་དེར་སོང་བ་དང་། བུད་མེད་དེས་བཙུན་པ་ཁྱིམ་བདག་གི་མཆིད་ནས་དགེ་སློང་དེ་ཅི་དགྱེས་པ་སྩོལ་ཅིག་ཅེས་མཆི་ན། འཕགས་པ་ཁྱོད་ཅི་དགྱེས།
སྲིང་མོ་བདག་ནི་ཁྱོད་ཉིད་ལ་དགའོ་ཞེས་སྨྲས་པ་དང་། མོས་ཀྱང་གོ་ནས་འཕགས་པ་སྟ་གོན་བགྱིའོ་ཞེས་སྨྲས་སོ། །དགེ་སློང་དེ་བདག་ལ་དགེ་འདུན་གྱི་ལྷག་མའི་ཉེས་པ་མ་བྱུང་གྲང་སྙམ་དུ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་
Vol. 13 · folio 19a
ལྷག་མའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །ཡིད་དུ་འོང་ངོ་ཞེས་བྱ་བའང་དེ་བཞིན་ནོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་སྔ་དྲོ་ཤམ་ཐབས་བགོས་ནས་གྲོང་དེར་སོང་བ་དང་། ཁྱིམ་བདག་དེའི་ཆུང་མ་ལ་སྲིང་མོ་
བདག་ལ་ཆུ་ལུད་ཅིག་ཅེས་སྨྲས་པ་དང་། བཙུན་པ་ཆབ་བཅུས་ཏེ་མཆིས་གཞེས་ཤིག །སྲིང་མོ་ཁྱོད་ཉིད་ཆུ་ཡིན་ནོ་ཞེས་སྨྲས་པ་དང་། མོས་ཀྱང་གོ་ནས་འཕགས་པ་སྟ་གོན་བགྱིའོ་ཞེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཉེས་པ་སྦོམ་པོར་འགྱུར་རོ། །སྲིང་མོ་བདག་ལ་བཅའ་བ་བྱིན་ཅིག །བཙུན་པ་ཆོས་ཀྱི་བར་དུ་གཞེས་ཤིག །སྲིང་མོ་བདག་གི་བཅའ་བ་ཁྱོད་ཉིད་ཡིན་ནོ། །དེས་འཕགས་པ་སྟ་གོན་བགྱིའོ་ཞེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །སྲིང་མོ་བདག་ལ་ཐུག་པ་བྱིན་ཅིག །བཙུན་པ་བསྒྲལ་གྱི་བར་དུ་གཞེས་ཤིག །སྲིང་མོ་ཁྱོད་ཉིད་ཁོ་བོའི་ཐུག་པའོ། །དེས་འཕགས་པ་སྟ་གོན་བགྱིའོ་ཞེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་སྔ་དྲོ་ཤམ་ཐབས་བགོས་ཏེ་གྲོང་དེར་སོང་ནས། དེས་ཁྱིམ་བདག་གི་ཆུང་མ་དེ་ལ་སྲིང་མོ་བདག་ལ་ཟན་བྱིན་ཅིག་ཅེས་སྨྲས་པ་དང་། འཕགས་པ་
བསྒྲལ་གྱི་བར་དུ་གཞེས་ཤིག །སྲིང་མོ་ཁྱོད་ཉིད་བདག་གི་ཟན་ནོ། །དེས་གོ་ནས་འཕགས་པ་སྟ་གོན་བགྱིའོ་ཞེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་བུད་མེད་ལ་གནས་
ངན་ལེན་གྱི་ཚིག་སྨྲས་ན། དེ་མ་གོ་ནས་མོས་བཙུན་པ་དེ་ཇི་སྐད་གསུང་ཞེས་དྲིས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། རི་དགས་བུ་དང་
Vol. 13 · folio 19b
སྤྲིང་བ་དང་། །མིང་དང་འཕགས་པ་ཆུང་མ་གསུམ། །སྨད་འཚོང་གཉིས་དང་བུད་མེད་དང་། །གཞོན་ནུ་སྐྱེས་པ་ཁུ་ཚུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཛེ་ཏའི་ཚལ་མགོན་མེད་པ་ལ་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བསླབ་པའི་གནས་མ་བཅས་
ཏེ་ལས་དང་པོ་པ་ལ་ཉེས་པ་མེད་པ་ནི་རི་དགས་ལྟ་བུའི་བུ་ནག་པོ་དེ་འདི་སྙམ་དུ་བསླབ་པའི་གནས་མ་བཅས་པར་བདག་གིས་རིགས་མང་ཞིག་ལ་སྨྱན་བྱས་ན་བདག་གི་ལས་དང་པོ་གང་ཡིན་ཞེས་སེམས་ལ་ཐེ་ཚོམ་དང་དོགས་པ་དང་འགྱོད་པ་སྐྱེས་ནས། དེས་དེ་ལྟར་གྱུར་པ་དགེ་
སློང་རྣམས་ལ་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླབ་པའི་གནས་མ་བཅས་པ་ན་རི་དགས་ལྟ་བུའི་བུ་ནག་པོས་འདས་པ་དང་བཅས་པ་ཐམས་ཅད་ལས་དང་པོ་པ་སྟེ་ལས་དང་པོ་པ་ལ་ཉེས་པ་མེད་དོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་
ཉེ་བར་འགྲོ་བ་ཡིན་ཏེ། དེ་གྲོང་དེར་སོང་བ་དང་། ཁྱིམ་བདག་དེས་སྨྲས་པ། འཕགས་པ་བུད་མེད་འདི་ཞེས་བགྱི་བ་ལ་ཚུར་ཤོག་ཤིག་ཅེས་བགྱི་བར་སྤྱོད་དམ། དེ་ན་རེ་ནུས་ཏེ་ལན་སླར་སྐྱེལ་མ་ནུས་སོ་ཞེས་སྨྲས་པ་དང་། འོ་ན་དྲན་ཏེ་གྲུབ་པར་ཇི་ལྟར་ཤེས་པར་
བྱ། གནས་འདི་ཞེས་བྱ་བར་དགེ་སློང་ཞིག་གཞག་གོ། །དགེ་སློང་དེ་ཁྱིམ་གཞན་ཞིག་ཏུ་བཏང་སྟེ། དགེ་སློང་དེ་ཡང་སླར་བྱུང་བ་མཐོང་ནས། དེས་དེ་ལ་ཚེ་དང་ལྡན་པ་སྐད་ཅིག་འདི་ན་འདུག་ཤིག་ཅེས་སྨྲས་པ་དང་། དེ་གནས་དེར་འདུག་ནས་ཁྱིམ་བདག་དེ་ཕྱིར་
བྱུང་སྟེ། དགེ་སློང་དེ་ལ་བཙུན་པ་ལེགས་སོ་ལེགས་སོ་ཞེས་བྱ་བའི་དོན་དེ་གྲུབ་མོད་ཅེས་སྨྲས་པ་དང་། དེ་ཅི་ཞིག་བརྡའོ་ཞེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མད་དོ། །དགེ་སློང་ཞིག་གྲོང་གཞན་ཞིག་
ཏུ་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་གྲོང་དེར་ཕྱིན་པ་དང་། ཁྱིམ་བདག་དེས་སྨྲས་པ། དགེ་སློང་དེ་ལ་འཕགས་པ་བུད་མེད་འདི་ཞེས་བགྱི་བ་ལ་འདི་ལྟར་ཚུར་ཤོག་ཅེས་ཕྲིན་བགྱི་བར་སྤྱོད་དམ། དེས་ནུས་སོ་ཞེས་སྨྲས་ནས་སོང་སྟེ་བསྒོ་བ་དང་། བུད་མེད་དེས་བཙུན་པ་ཁོ་
Vol. 13 · folio 20a
མོ་ནི་མི་འཚལ་ཏོ་ཞེས་ནས་དེ་དག་གི་དོན་དེ་མ་གྲུབ་བོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །ཁྱིམ་བདག་ཅིག་གི་ཆུང་མས་ཉེས་པ་
ཅུང་ཟད་ཅིག་བྱས་ཏེ། དེས་དེ་ལ་རྡོག་པས་བརྡེགས་ནས་བསྐྲད་པ་དང་། དེ་ན་ཡང་དགེ་སློང་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེས་དེ་གཉིས་བསྡུམས་ནས་དེ་གཉིས་དུམ་པར་གྱུར་ཏོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དེ་སྟེ་རྡོ་གསུམ་བོར་བའམ་ཤགས་བཀྱེ་སྟེ་ཆུང་མ་མ་ཡིན་པར་བསྒྲགས་པ་དེ་དག་གིས་སྨྱན་བྱས་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་གྲོང་དེར་ཕྱིན་པ་དང་། ཁྱིམ་བདག་དེས་སྨྲས་པ།
འཕགས་པ་སྨད་འཚོང་མ་འདི་ཞེས་བགྱི་བ་ལ་ཚུར་ཤོག་ཤིག་ཅེས་ཕྲིན་བགྱི་བར་སྤྱོད་དམ། དེས་ནུས་སོ་ཞེས་སྨྲས་ནས་དེར་སོང་སྟེ་མོ་ལ་བསྒོ་བ་དང་། དེ་འདི་སྙམ་དུ་ཕ་གིར་ཉལ་དུ་མི་ཁོམ་གྱིས་ང་ཉལ་ལོ་སྙམ་དུ་བསམས་ནས་དེ་ཉལ་བ་ལས་ནམ་ལངས་ནས་དེ་གཉིས་ཀྱི་དོན་དེ་མ་གྲུབ་
བོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་ནི་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་གྲོང་དེར་ཕྱིན་པ་དང་། ཁྱིམ་བདག་དེས་སྨྲས་
པ། བཙུན་པ་སྨད་འཚོང་མ་འདི་ཞེས་བགྱི་བ་ལ་ཚུར་ཤོག་ཅེས་ཕྲིན་བགྱི་བར་སྤྱོད་དམ། དེས་ནུས་སོ་ཞེས་སྨྲས་ནས་དེ་སོང་སྟེ་བསྒོ་བ་དང་། མོ་ཡང་འོང་བ་ལས་བར་དུ་གཞན་གྱིས་ཕྲོགས་ནས་དེ་གཉིས་ཀྱི་དོན་དེ་མ་གྲུབ་བོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་གྲོང་དེར་ཕྱིན་པ་དང་། ཁྱིམ་བདག་དེས་སྨྲས་པ། འཕགས་པ་བུད་མེད་འདི་ཞེས་བགྱི་བ་ལ་ཕྲིན་འདི་སྐད་བགྱི་བར་སྤྱོད་དམ། དེས་ནུས་སོ་ཞེས་
Vol. 13 · folio 20b
སྨྲས་ཏེ་སོང་ནས་དེ་ལ་བསྒོ་བ་དང་། དེ་ཡང་རྒྱན་ཐོགས་ཏེ་ཆས་མ་ཐག་ཏུ་ཁྱོ་འོངས་ནས་དེ་གཉིས་ཀྱི་དོན་མ་གྲུབ་བོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །ཁྱིམ་བདག་གཉིས་ཤིག་མཛའ་སྟེ་དེ་གཉིས་ཀྱི་
ཆུང་མ་སྦྲུམ་པར་གྱུར་པ་དང་། དེ་སྟེ་ཁྱོད་ལས་བུ་མོ་ཞིག་བཙས་ཏེ་ཁོ་བོ་ལས་ཁྱེའུ་ཞིག་བཙས་ན་ཁྱོད་ཀྱི་བུ་མོ་ཁོ་བོའི་ཁྱེའུ་ལ་བྱིན་ཅིག །འོན་ཏེ་ཁོ་བོའི་བུ་མོ་ལ་ཁྱོད་ཀྱི་ཁྱེའུ་བཙས་ན་ནི་ཁྱོད་ཀྱི་ཁྱེའུ་ལ་སྦྱིན་ནོ། །དེ་ནས་གཅིག་ལ་ནི་ཁྱེའུ་ཞིག་བཙས། གཅིག་ལ་ནི་བུ་མོ་
ཞིག་བཙས་པ་དང་ཁྱིམ་བདག་དེ་དུས་ལས་འདས་སོ། །དེ་དུས་ལས་འདས་པས་ཁྱིམ་སྲིད་ཀྱང་དམས་པར་གྱུར་ཏེ། ཁྱིམ་བདག་དེས་བུ་མོ་མི་སྦྱིན་ནོ་སྙམ་དུ་བསམས་པ་དང་། ཁྱེའུ་དེས་ཐོས་ནས་དེ་ན་དགེ་སློང་ཞིག་གྲོང་གཞན་དུ་ཉེ་བར་འགྲོ་བ་ཡིན་ཏེ། གྲོང་དེར་ཕྱིན་པ་
དང་། དེ་ལ་ཁྱེའུས་སྨྲས་པ། འཕགས་པ་བུ་མོ་འདི་ཞེས་བགྱི་བ་ལ་ཁྱོད་བདག་གི་མ་དང་ཕ་གཉིས་ཀྱིས་མ་བཙས་པར་བདག་ལ་བྱིན་ན་བདག་ཀྱང་ལས་སྨིན་པས་ལོངས་སྤྱོད་དམས་པར་གྱུར་ཏེ། ལོངས་སྤྱོད་ལྟ་ད་རུང་ཡང་རྙེད་པར་འགྱུར་གྱིས་ད་ཡང་ཁོ་བོ་མ་བཏང་
ཤིག་ཅེས་ཕྲིན་བགྱི་བར་སྤྱོད་དམ། དེས་ནུས་སོ་ཞེས་སྨྲས་ནས་དེ་སོང་སྟེ་བསྒོ་བ་དང་། བུ་མོ་དེ་མ་དང་ཕའི་དྲུང་ནས་བྲོས་ཏེ་དེའི་དྲུང་དུ་སོང་ནས་དེ་གཉིས་འདུས་པར་གྱུར་ཏོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་
ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །ཁྱིམ་བདག་ཅིག་གིས་བུད་མེད་ལ་ཁོ་མོ་ལ་འདི་བདག་གི་སྐབས་ཕྱེ་ཤིག་ཅེས་སྨྲས་པ་ན། དེས་བདག་མི་ཁོམ་མོ་ཞེས་སྨྲས་པ་དང་། ཁྱོད་ཇི་ཙམ་ན་ཁོམ་པ་བདག་གིས་ཇི་ལྟར་རྟོགས་པར་བྱ། ཁོ་མོ་ལ་གྲོང་དུ་ཉེ་བར་འགྲོ་
བའི་དགེ་སློང་ཞིག་ཡོད་ཀྱིས་དེར་རྒྱབ་ཏུ་ཁུ་ཚུར་ཅིག་བརྒྱབ་པ་ན་ཤེས་པར་མཛོད་ཅིག །དགེ་སློང་དེ་ཡང་གྲོང་དེར་འོངས་པ་དང་། བུད་མེད་དེས་སྨྲས་པ། འཕགས་པ་ཁྱིམ་བདག་འདི་ཞེས་བགྱི་བའི་རྒྱབ་ཏུ་ཁུ་ཚུར་ཅིག་མཛད་པར་སྤྱོད་དམ། དེས་ནུས་སོ་ཞེས་སྨྲས་ཏེ་སོང་
Vol. 13 · folio 21a
ནས་ཁྱིམ་བདག་དེའི་རྒྱབ་ཏུ་ཁུ་ཚུར་ཅིག་བརྒྱབ་པ་དང་། དེ་བཙུན་པ་དོན་གྲུབ་ཀྱིས་ལེགས་སོ་ལེགས་སོ་ཞེས་སྨྲས་པ་དང་། འདི་ནི་ཅི་ཞིག །དེ་ནི་བརྡའོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་
མའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། གྲོང་དུ་ཉེར་འགྲོ་རྣམ་གཉིས་དང་། །གཞན་ཡང་དགེ་འདུན་རྣམས་ཀྱི་གཉིས། །གོས་དང་ནད་པར་གྱུར་པ་དང་། །གཞོན་ནུ་མ་དང་རྣམ་པ་ལྔ། །དགེ་སློང་ཞིག་གྲོང་གཞན་གྱི་གྲོང་དུ་ཉེ་བར་འགྲོ་བ་
ཡིན་ཏེ། དེ་གྲོང་དེར་ཕྱིན་ནས་བུད་མེད་དེས་སྨྲས་པ། འཕགས་པ་ཁྱིམ་བདག་འདི་ཞེས་བྱ་བ་ལ་ཚུར་སྤྱོན་ཞེས་ཕྲིན་བགྱི་བར་སྤྱོད་དམ། དེ་སྟེ་དགེ་འདུན་ལ་བཤོས་སྦྱོར་ནུས་ན་ནི་ནུས་སོ་ཞེས་སྨྲས་པ་དང་། དེས་རྒྱུ་སྦྱིན་ནས་དགེ་སློང་དེས་བཤོས་སྦྱར་ཏེ་ཁྱིམ་བདག་དེ་
བོས་པ་དང་། དེ་གཉིས་ཕྲད་པར་གྱུར་ཏོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་ནི་མེད་དེ་ཉེས་པ་སྦོམ་པོར་འགྱུར་རོ། །དེ་ལྟར་ཁྱིམ་བདག་ལ་ཡང་དེ་བཞིན་ནོ། །ཁྱིམ་བདག་གི་ཆུང་མ་གཟུགས་
ལེགས་ལ་སྡུག་ཅིང་མཛེས་པ་ཞིག་གཞོངས་གྱད་གནས་ཞེས་བྱ་བའི་བློན་པོ་ཆེན་པོ་གཞན་ཞིག་གིས་བཏུས་ཏེ། དེས་དེ་ལ་ཕྲིན་པ་དུ་མར་བཏང་ཡང་བུད་མེད་དེ་མ་བཏུབ་ནས་ཁྱིམ་བདག་དེ་དུས་ལས་འདས་སོ། །དེ་དུས་ལས་འདས་ནས་ཉེས་པ་ཅུང་ཟད་ཅིག་གི་ཕྱིར་བློན་པོ་ཆེན་
པོ་དེས་དེ་ཅི་ནས་ཀྱང་ཕྱིར་ཡང་བདག་ཅག་གནོད་པ་མེད་པར་བདེ་བར་འགྱུར་བའི་ཐབས་ཅུང་ཟད་ཀྱང་མེད་དམ་ཞེས་སྨྲས་པ་དང་། ཐབས་ཤིག་ཡོད་དེ། བློན་པོ་ཆེན་པོ་དེས་ཁོ་མོ་ལ་བདས་ཏེ། དེས་ཕྲིན་པ་ལན་དུ་མར་བཏང་ཡང་ཁོ་མོ་མ་བཏུབ་བོ་ཞེས་ཟེར་རོ། །འོ་ན་བུ་མོ་
སྤྲོ་བར་གྱིས་ཤིག་དང་། ཁྱོད་གཅིག་པུའི་མཐུས་སྐྱེ་བོ་འདི་རྣམས་བདེ་བར་འགྱུར་རོ་ཞེས་སྨྲས་པ་དང་། མོས་དེ་ལ་འོ་ན་ད་ཕྲིན་པ་སུ་བཏང་ཞེས་སྨྲས་ནས་བདག་ཅག་ལ་གྲོང་དུ་ཉེ་བར་འགྲོ་བའི་དགེ་སློང་ཡོད་ཀྱིས་དེ་ཕྲིན་པར་བཏང་ངོ་། །དགེ་སློང་དེ་ཡང་གྲོང་དེར་ཕྱིན་ནས་
Vol. 13 · folio 21b
ཁྱིམ་བདག་གི་ཆུང་མ་དེས་སྨྲས་པ། འཕགས་པ་བློན་པོ་ཆེན་པོ་འདི་ཞེས་བགྱི་བ་ལ་ཁོ་མོའི་ཁྱིམ་འདི་དང་། ཁོ་མོའི་ནོར་འདི་དང་། རྫས་འདི་དག་ཐམས་ཅད་འབུལ་གྱིས་ཚུར་སྤྱོན་ཞེས་བགྱི་བར་སྤྱོད་དམ། ནུས་སོ་ཞེས་སྨྲས་ཏེ། དེ་སོང་ནས་དེ་ལ་བསྒོ་བ་དང་། དེ་གཉིས་དུམ་
པར་གྱུར་ནས་དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །ཁྱིམ་བདག་གི་ཆུང་མ་ཞིག་གིས་དགེ་འདུན་གྱི་གཙུག་ལག་ཁང་ཞིག་བརྩིགས་ཏེ། དེས་དེར་ཆོས་གོས་དང་རྗེས་སུ་ཕན་པའི་སྨན་རྣམས་འབུལ་བ་ལས་
ཁྱིམ་བདག་གི་ཆུང་མ་དེ་དུས་ལས་འདས་ནས། དེ་དུས་ལས་འདས་པ་དང་གཙུག་ལག་ཁང་དེར་ཆོས་གོས་དང་རྗེས་སུ་ཕན་པའི་སྨན་རྣམས་འབུལ་བ་སུ་ཡང་མེད་དེ། དགེ་སློང་དག་གིས་ཁྱིམ་བདག་དེའི་དྲུང་དུ་སོང་སྟེ་འདི་སྐད་དུ་ཁྱིམ་བདག་ཁྱོད་ཀྱི་ཆུང་མ་དེས་གཙུག་ལག་ཁང་ཇི་ལྟར་བྱས་པ་དེ་ལྟར་
ཁྱོད་ཀྱིས་ཀྱང་ཆོས་གོས་དང་རྗེས་སུ་ཕན་པ་དང་ནད་པའི་སྨན་ཅུང་ཟད་མི་འབུལ་ལམ་ཞེས་སྨྲས་པ་དང་བཙུན་པ་ཆུང་མ་དེ་ནི་བསོད་ནམས་དང་ལྡན་ལ་མཐུ་ཆེན་མོ་ཞིག་སྟེ། གང་ཅུང་ཟད་སྨྲས་པ་དེ་ཐམས་ཅད་དེའི་ཕྱིར་བགྱིད་ན། དེ་སྟེ་བདག་ལ་ཁྱིམ་བདག་འདི་ཞེས་བྱ་བའི་ཆུང་མས་ཟན་བསྐྱལ་
བར་བགྱི་ན་དེ་བཞིན་དུ་ད་དུང་ཡང་འབུལ་བར་རྔོ་ཐོག་གོ་ཞེས་སྨྲས་པ་དང་། དགེ་སློང་དེ་དག་ཁྱིམ་བདག་དེའི་ཆུང་མའི་དྲུང་དུ་སོང་ནས་འདི་སྐད་དུ་ཁྱིམ་བདག་གི་ཆུང་མ་ཁྱོད་ཀྱིས་ཁྱིམ་བདག་འདི་ཞེས་བྱ་བ་ལ་ཟན་སྦྱིན་པར་ནུས་སམ་ཞེས་སྨྲས་ནས་བཙུན་པ་མི་ནུས་སོ། །ཁོ་མོའི་ཁྱིམ་འདི་
ཉིད་ན་བྱ་བ་མང་དུ་ཡོད་པ་དེ་ཉིད་ཀྱང་མི་ནུས་ན་གཞན་ལ་བསྐྱལ་བ་ལྟ་ཅི་སྨོས། དེ་དག་གིས་ཁྱིམ་བདག་གི་ཆུང་མ་སྤྲོ་བར་གྱིས་ཤིག །མཆོད་རྟེན་ལ་འབུལ་ལོ། །དགེ་འདུན་ལ་འབུལ་བར་འགྱུར་རོ་ཞེས་བསྒོ་བ་དང་། ཁྱིམ་བདག་གི་ཆུང་མའང་དད་པ་ཞིག་སྟེ། དེས་དད་དོ་ཞེས་
སྨྲས་ནས་དེ་གཉིས་ཡང་དང་ཡང་དུ་འདྲུལ་བ་དང་དུམ་པར་གྱུར་ཏོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །ཁྱིམ་བདག་ཅིག་གིས་དགེ་འདུན་གྱི་གཙུག་ལག་ཁང་ཞིག་བརྩིགས་ཏེ་དེས་དེར་ཆོས་གོས་དང་ན་བའི་སྨན་རྣམས་
Vol. 13 · folio 22a
འབུལ་ཞིང་རྗེས་སུ་ཕན་འདོགས་པ་ལས་ཁྱིམ་བདག་དེ་དུས་ལས་འདས་ཏེ། དེ་ཡང་རྒྱས་པར་ནི་དེ་བཞིན་ནོ། །ཁྱིམ་བདག་གི་ཆུང་མ་དེས་དེ་སྟེ་ཁྱིམ་བདག་འདི་ཞེས་བགྱི་བའི་ཕྱིར་ལས་རྣམས་ལ་བཏང་ན་ནི་འདི་བཞིན་དུ་ཡང་འབུལ་བར་ནུས་སོ་ཞེས་
སྨྲས་པ་ཡང་རྒྱས་པར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་གྲོང་དེར་ཕྱིན་ནས། ཁྱིམ་བདག་གིས་སྨྲས་པ། འཕགས་པ་མིང་འདི་ཞེས་བགྱི་བའི་ཆུང་མ་ལ་
ཚུར་ཤོག་ཅེས་ཕྲིན་བགྱི་བར་སྤྱོད་དམ་ནུས་སོ་ཞེས་སྨྲས་ནས་དེ་སོང་སྟེ་བསྒོ་བ་དང་། བུད་མེད་དེ་ཡང་ནད་ཀྱིས་བཏབ། ཁྱིམ་བདག་དེ་ཡང་ནད་ཀྱིས་བཏབ་པར་གྱུར་ཏེ། དེ་གཉིས་ཀ་ནད་ཀྱིས་བཏབ་ནས་དོན་དེ་མ་གྲུབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་གྲོང་དེར་ཕྱིན་པ་དང་། བུད་མེད་དེས་སྨྲས་པ། འཕགས་པ་ཁྱིམ་བདག་འདི་ཞེས་བྱ་བ་ལ་ཚུར་སྤྱོན་ཞེས་ཕྲིན་བགྱི་བར་སྤྱོད་དམ། ནུས་སོ་ཞེས་སྨྲས་ནས་དེ་དེར་སོང་སྟེ་
དེ་ལ་བསྒོ་བ་དང་། ཁྱིམ་བདག་དེ་ཡང་ནད་ཀྱིས་བཏབ་པར་གྱུར། བུད་མེད་དེ་ཡང་ནད་ཀྱིས་བཏབ་པར་གྱུར་ཏེ། གཉིས་ཀ་ནད་ཀྱིས་བཏབ་པས་དོན་དེ་མ་གྲུབ་བོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །
དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་སྔ་དྲོ་ཆོས་གོས་དང་ཤམ་ཐབས་བགོས་ལྷུང་བཟེད་ཁྱེར་ཏེ་གྲོང་དེར་ཕྱིན་པ་དང་། ཁྱིམ་བདག་དེས་སྨྲས་པ། ཁྱིམ་བདག་འདི་ཞེས་བགྱི་བ་ལ་ཁྱོད་ཀྱི་བུ་མོའམ་སྲིང་མོ་ཅིག་བདག་གི་བུ་ལ་སྩོལ་ཅིག་ཅེས་ཕྲིན་
བགྱི་བར་སྤྱོད་དམ། ནུས་སོ་ཞེས་སྨྲས་ནས། དེ་སོང་སྟེ་བསྒོ་བ་དང་། ཁྱེའུ་དེ་ནི་དུས་ལས་འདས་བུ་མོ་དེ་སྒུར་མོར་རམ། སྨྱོན་མར་གྱུར་ཏམ། གཞན་ལ་བྱིན་པར་གྱུར་ནས། དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་
Vol. 13 · folio 22b
འགྱུར་རོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། སྔ་དྲོ་ཆོས་གོས་དང་ཤམ་ཐབས་བགོས་ནས་ལྷུང་བཟེད་ཁྱེར་ཏེ་གྲོང་དེར་ཕྱིན་པ་དང་། རྒྱས་པར་འདི་ཡང་དེ་བཞིན་དུ་བྱ་སྟེ། ཁྱེའུ་དེ་ནད་ཀྱིས་བཏབ་པ་དང་བུ་མོ་དེ་ཡང་ནད་ཀྱིས་བཏབ་བམ། སྒུར་མོར་
གྱུར་ཏམ། གཞན་ལ་བྱིན་ཡང་རུང་ངོ་། །དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །འདུལ་བར་བྱེད་པ་རྫོགས་སྷོ།། །།འདུལ་བ་གཅིག་ཡན་ཆད་སྒོ་གསུམ་གྱིས་བསྡུས་པའི་མདོ་སྡེ། བཤད་
པ་དང་པོ་གཉིས་པོ་དང་། །གསུམ་པོ་ཡང་ནི་དེ་བཞིན་ཏེ། །བརྩོན་པ་ཐ་མར་བྱས་ནས་ནི། །བསྡུས་པ་འདི་ནི་ངེས་པར་སྨྲས། །སྒོ་དང་པོའི་མདོ་བསྡུས་པ་སྟེ། །བཤད་པ་མི་མཁས་གསོལ་བ་དང་། །ཀུན་དཀྲིས་ཉེས་བྱུང་དེ་བཞིན་ཏེ། །མཁས་པ་དང་ནི་བསྒོས་པ་ཡང་། །
མང་དུ་ཐོས་པ་ཆོས་སྤངས་པའོ། །བཤད་པ་བསྡུས་པ་སྨོད་པ་དང་། །ལྟ་བ་ཕྱེ་མང་གཉིས་པོ་དང་། །སྐུར་པ་དག་དང་བཞི་པོ་དང་། །གསོ་སྦྱིན་གཉིས་ཀྱང་དེ་བཞིན་ནོ། །འདི་ལྟ་སྟེ། སྡོམ་པ་དང་ལྡན་པའི་རྒྱུ་གཅིག་གིས་ཉེས་པ་ཐམས་ཅད་བརྗོད་པར་འགྱུར་རོ། །
འདི་ལྟ་སྟེ། སྡོམ་པ་མེད་པའི་རྒྱུ་གཅིག་གིས་ཉེས་པ་ཐམས་ཅད་མི་བརྗོད་པར་འགྱུར་རོ། །འདི་ལྟ་སྟེ། སྡོམ་པ་མེད་པའི་རྒྱུ་གཅིག་ཏུ་ཉེས་པ་ཐམས་ཅད་མ་འདུས་པར་འགྱུར་རོ། །འདི་ལྟ་སྟེ། སྡོམ་པ་དང་ལྡན་པའི་རྒྱུ་གཅིག་ཏུ་ཉེས་པ་ཐམས་ཅད་འདུས་པར་འགྱུར་རོ། །ངག་
ལས་བྱུང་བའི་ཁ་ན་མ་ཐོ་བ་རྣམས་ཀྱི་ནང་ན་དེ་བཞིན་གཤེགས་པ་ལ་མེད་བཞིན་དུ་སྐུར་པ་བཏབ་པ་གཅིག་པུ་ཉེས་པ་ཆེའོ། །ལུས་ལས་བྱུང་བའི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་གང་ཡིན་པ་དེ་གཅིག་པུ་ཉེས་པ་ཆེའོ། །
འདི་ལྟ་སྟེ། ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་དགེ་འདུན་ཕྱེ་བ་གཅིག་པུ་ཉེས་པ་ཆེའོ། །མང་པོ་ལས་བྱུང་བའི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་པ་གཅིག་པུ་ཉེས་པ་ཆེའོ། །ཕྲ་མ་ལས་བྱུང་བའི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་གང་དེ་བཞིན་
Vol. 13 · folio 23a
གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་འབྱེད་པར་བྱེད་པ་གང་ཡིན་པ་དེ་གཅིག་པུ་ཉེས་པ་ཆེའོ། །གང་ཟག་ལས་བྱུང་བའི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་མེད་བཞིན་དུ་སྐུར་པ་བཏབ་པ་གཅིག་པུ་ཉེས་པ་ཆེའོ། །སྲོག་གཅོད་པ་ལས་བྱུང་བའི་ཁ་ན་མ་ཐོ་བ་
ཐམས་ཅད་ཀྱི་ནང་ན་རང་སངས་རྒྱས་འཚོ་བ་དང་ཕྲལ་བ་གཅིག་པུ་ཉེས་པ་ཆེའོ། །མ་བྱིན་པར་ལེན་པ་ལས་བྱུང་བའི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་གང་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མངའ་བ་ལས་བརྐུས་པ་གང་ཡིན་པ་དེ་གཅིག་པུ་ཉེས་པ་ཆེའོ། །མི་
ཚངས་པར་སྤྱོད་པ་ལས་བྱུང་བའི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་དགྲ་བཅོམ་པ་ཡིན་ལ་མ་ཡང་ཡིན་པ་ལ་མི་ཚངས་པར་སྤྱོད་པ་གཅིག་པུ་ཉེས་པ་ཆེའོ། །བརྫུན་དུ་སྨྲ་བ་ལས་བྱུང་བའི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་མེད་པ་ལ་མེད་བཞིན་དུ་མི་ལས་བླ་མར་གྱུར་པའི་ཆོས་
སྨྲས་པ། གཅིག་པུ་ཉེས་པ་ཆེའོ། །ཆོས་དང་ལྡན་པའི་གསོ་སྦྱིན་བཞག་པ་གཅིག་ནི་འདི་ལྟ་སྟེ། རྩ་བ་མེད་པའོ། །ཆོས་དང་ལྡན་པའི་གསོ་སྦྱིན་བཞག་པ་གཅིག་ནི་འདི་ལྟ་སྟེ། རྩ་བ་དང་བཅས་པའོ། །གཅིག་པ་རྫོགས་སྷོ།། །།མདོར་ན། མི་
མཁས་པ་ལ་གསུམ་དུ་བྱ། །གཞན་ཡང་ལྷག་མར་བཅས་པ་གསུམ། །རྫོགས་པ་མ་ལུས་ཀྱིས་བྱ་དང་། །ངག་གིས་བྱ་དང་ལུང་མི་སྟོན། །ཉེས་པ་གཉིས་ཏེ། མི་དགེ་བ་དང་། ལུང་དུ་མི་སྟོན་པའོ། །མི་དགེ་བ་ལ་ཡང་གཉིས་ཏེ། ལྷག་མ་དང་བཅས་པ་དང་། ལྷག་
མ་མ་ལུས་པའོ། །ལུང་དུ་མི་སྟོན་པ་ལ་གཉིས་ཏེ། ལྷག་མ་དང་བཅས་པ་དང་། ལྷག་མ་མ་ལུས་པའོ། །ཉེས་པ་ལ་ཡང་གཉིས་ཏེ། ལྷག་མ་དང་བཅས་པ་དང་། ལྷག་མ་མ་ལུས་པའོ། །ལྷག་མ་དང་བཅས་པ་ལ་གཉིས་ཏེ། མི་དགེ་བ་དང་ལུང་དུ་མི་སྟོན་པའོ། །
ལྷག་མ་མ་ལུས་པ་ལའང་གཉིས་ཏེ། མི་དགེ་བ་དང་ལུང་དུ་མི་སྟོན་པའོ། །ཉེས་པ་ལ་ཡང་གཉིས་ཏེ། ལུས་ལས་བྱུང་བ་དང་། ངག་ལས་བྱུང་བའོ། །ལུས་ལས་བྱུང་བ་ལའང་གཉིས་ཏེ། ལྷག་མ་དང་བཅས་པ་དང་། ལྷག་མ་མ་ལུས་པའོ། །གཞན་ཡང་
Vol. 13 · folio 23b
ལུས་ལས་བྱུང་བ་གཉིས་ཏེ་མི་དགེ་བ་དང་། ལུང་དུ་མི་སྟོན་པའོ། །གཞན་ཡང་ལུས་ལས་བྱུང་བ་གཉིས་ཏེ། དམིགས་པ་དང་། མི་དམིགས་པའོ། །ངག་ལས་བྱུང་བའང་གཉིས་ཏེ། ལྷག་མ་དང་བཅས་པ་དང་། ལྷག་མ་མ་ལུས་པའོ། །གཞན་ཡང་ངག་ལས་
བྱུང་བ་གཉིས་ཏེ། མི་དགེ་བ་དང་། ལུང་དུ་མི་སྟོན་པའོ། །གཞན་ཡང་ངག་ལས་བྱུང་བ་གཉིས་ཏེ། དམིགས་པ་དང་། མི་དམིགས་པའོ། །ཉེས་པ་ནི་གཉིས་ཏེ། ལུང་དུ་སྟོན་པ་དང་། ལུང་དུ་མི་སྟོན་པའོ། །གཞན་ཡང་ཉེས་པ་གཉིས་ཏེ། བསྒྲིབས་པ་དང་།
མ་བསྒྲིབས་པའོ། །མདོར་ན། གསོལ་བ་གཞག་པར་འོས་པ་དང་། །མ་གཞག་སླར་བསླང་དེ་བཞིན་ཏེ། །དབྱེ་བ་རྣམ་པ་ལྔར་བྱས་ནས། །ནར་མ་དག་དང་སྨྲ་བའོ། །ཉེས་པ་གཉིས་ཏེ། གསོལ་བར་བྱ་བ་དང་། གསོལ་བ་མེད་པའོ། །གཞན་ཡང་ཉེས་པ་གཉིས་
ཏེ། གཞག་པར་འོས་པ་དང་། མི་གཞག་པར་འོས་པའོ། །གཞན་ཡང་ཉེས་པ་གཉིས་ཏེ། གནང་བའི་ཁ་ན་མ་ཐོ་བ་དང་། མ་གནང་བའི་ཁ་ན་མ་ཐོ་བའོ། །གཞན་ཡང་ཉེས་པ་གཉིས་ཏེ། སླར་བསླང་དུ་ཡོད་པ་དང་། བསླང་དུ་མེད་པའོ། །གཞན་ཡང་ཉེས་པ་
གཉིས་ཏེ། འབྱེད་པར་བྱེད་པ་དང་། མི་འབྱེད་པར་བྱེད་པའོ། །འབྱེད་པར་བྱེད་པ་ཡང་གཉིས་ཏེ། ལྷག་མ་དང་བཅས་པ་དང་། ལྷག་མ་མ་ལུས་པའོ། །མི་འབྱེད་པར་བྱེད་པ་ལ་ཡང་གཉིས་ཏེ། མི་དགེ་བ་དང་། ལུང་དུ་མི་སྟོན་པའོ། །གཞན་ཡང་འབྱེད་པར་མི་བྱེད་
པ་ཡང་གཉིས་ཏེ། ལྷག་མ་དང་བཅས་པ་དང་། ལྷག་མ་མ་ལུས་པའོ། །གཞན་ཡང་ཉེས་པ་གཉིས་ཏེ། ནར་མ་དང་། སྐད་ཅིག་མའོ། །གཞན་ཡང་ཉེས་པ་གཉིས་ཏེ། སྨྲ་བ་དང་། མི་སྨྲ་བའོ། །མདོར་ན། ཀུན་ཏུ་དཀྲིས་དང་བསྒྲིབས་པ་མེད། །ཐུན་མོང་བ་དང་
བདུན་པོ་དང་། །སངས་རྒྱས་དུས་དང་ཡུལ་དག་དང་། །ཤིན་ཏུ་ཆགས་དང་ཕྱོགས་རྣམས་སོ། །ཉེས་པ་གཉིས་ཏེ། ཀུན་ཏུ་དཀྲིས་པ་དང་། མ་དཀྲིས་པའོ། །བསྒྲིབས་པར་འགྲོ་བ་དང་། མ་བསྒྲིབས་པར་འགྲོ་བའོ། །ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའོ། །
Vol. 13 · folio 24a
དགེ་སློང་མའི་ཐུན་མོང་བ་དང་། དགེ་སློང་གི་ཐུན་མོང་བའོ། །དགེ་སློང་གི་ཐུན་མོང་བ་དང་། དགེ་སློབ་མའི་ཐུན་མོང་བའོ། །དགེ་སློང་གི་ཐུན་མོང་བ་དང་། དགེ་ཚུལ་མའི་ཐུན་མོང་བའོ། །དགེ་སློང་གི་ཐུན་མོང་བ་དང་། དགེ་ཚུལ་ཕའི་ཐུན་མོང་བའོ། །
དགེ་སློང་གི་ཐུན་མོང་བ་དང་། དགེ་བསྙེན་ཕའི་ཐུན་མོང་བའོ། །དགེ་སློང་གི་ཐུན་མོང་བ་དང་། དགེ་བསྙེན་མའི་ཐུན་མོང་བའོ། །སངས་རྒྱས་ཀྱི་དུས་དང་། ནར་མའོ། །ཡུལ་ལས་གནང་བ་དང་། ཡུལ་ལས་མི་གནང་བའོ། །ཤིན་ཏུ་ཆགས་པ་དང་། ཤིན་ཏུ་
མ་ཆགས་པའོ། །ཕྱོགས་གཅིག་པ་དང་། ཕྱོགས་ཐམས་ཅད་པའོ། །མདོར་ན། ཀློག་པ་སྦོམ་པོར་གཞན་པ་དང་། །ལྕི་བ་རྣམ་སྨིན་དེ་བཞིན་ཏེ། །བསླང་བ་རྣམ་པ་བཞི་པོ་དང་། །བཤགས་པ་རྗེས་སུ་བརྟེན་པའོ། །རྣམ་པར་སྨིན་པ་དང་བཅས་པ་དང་། རྣམ་
པར་སྨིན་པ་མེད་པའོ། །སླར་བསླང་དུ་རུང་བ་དང་། སླར་བསླང་དུ་མི་རུང་བའོ། །སླར་བསླང་དུ་རུང་བ་ལ་ཡང་གཉིས་ཏེ། བཤགས་པ་དང་། དང་པོ་ནས་སྡོམ་པ་བྱིན་པའོ། །གཞན་ཡང་སླར་བསླང་དུ་རུང་བ་གཉིས་ཏེ། བཏགས་པ་དང་། དོན་དམ་པའོ། །སླར་
དབྱུང་དུ་མི་རུང་བ་གཉིས་ཏེ། མ་མཐོང་བ་དང་། མི་འཆགས་པའོ། །བརྟེན་པ་ལ་གཉིས་ཏེ། དགེ་འདུན་ལ་བརྟེན་པ་དང་། གང་ཟག་ལ་བརྟེན་པའོ། །བཤགས་པ་ལ་གཉིས་ཏེ། དགེ་འདུན་དང་། གང་ཟག་ལའོ། །མདོར་ན། མཁས་པ་དག་ནི་གསུམ་དུ་བྱ། །
ངོ་ཚ་བ་དང་རྣམ་གཉིས་དང་། །རྒོལ་དང་ཞལ་ནས་གསུངས་པ་དང་། །བརྟན་པ་དང་ནི་གསོལ་བའོ། །ཉེས་པ་མ་བྱུང་བ་ལ་ཉེས་པ་མ་བྱུང་བར་མཁས་པ་དང་། ཉེས་པ་བྱུང་བར་མཁས་པའོ། །གཞན་ཡང་མཁས་པ་ལ་གཉིས་ཏེ། ཉེས་པ་བྱུང་བ་སླར་བསླང་བ་ལ་
མཁས་པ་དང་། ཉེས་པ་མ་བྱུང་བ་རྣམ་པར་དག་པར་བྱ་བ་ལ་མཁས་པའོ། །ངོ་ཚ་བ་ལ་གཉིས་ཏེ། བག་དང་བཅས་པ་དང་། བག་མེད་པའོ། །རྒོལ་བར་བྱེད་པ་ལ་ཉེས་པར་འགྱུར་བ་གཉིས་ཏེ། དགེ་འདུན་དང་། གང་ཟག་ལས་སོ། །སྨྲ་བ་ལས་བྱུང་བའི་ཉེས་
Vol. 13 · folio 24b
པ་གཉིས་ཏེ། ཞལ་ནས་གསུངས་པ་དང་། བཤད་པའོ། །གཞན་ཡང་སྨྲ་བ་ལས་བྱུང་བ་གཉིས་ཏེ། བརྟན་པ་དང་། མི་བརྟན་པའོ། །གཞན་ཡང་སྨྲ་བ་ལས་བྱུང་བ་གཉིས་ཏེ། གསོལ་བ་འདེབས་པ་དང་། གསོལ་བ་མི་འདེབས་པའོ། །མདོར་ན། བསྐོས་
དང་སྡོམ་དང་བརྟགས་པ་དང་། །ཉན་པ་ཤིན་ཏུ་སེམས་པ་དང་། །རབ་ཤེས་ཐབ་མོ་མི་མཐུན་དང་། །རང་བཞིན་ངེས་སྨྲ་ཤེས་རབ་བོ། །དགེ་འདུན་གྱི་ཞལ་ཏ་བ་གཉིས་ཏེ། བསྐོས་པ་དང་། མ་བསྐོས་པ་དང་། སྡོམ་པ་དང་། མི་སྡོམ་པ་དང་། བརྟགས་པར་སྨྲ་བ་
དང་། མ་བརྟགས་པར་སྨྲ་བ་དང་། ཉན་པ་དང་། སྒྲོགས་པ་དང་། སེམས་པ་དང་། མི་སེམས་པ་དང་། རབ་ཏུ་ཤེས་པ་དང་། རབ་ཏུ་ཤེས་པར་མི་བྱེད་པ་དང་། ཐབ་མོ་བྱེད་པ་དང་། ཐབ་མོ་མི་བྱེད་པ་དང་། མི་མཐུན་པ་དང་། མཐུན་པ་དང་། རང་བཞིན་དུ་གནས་
པ་དང་། རང་བཞིན་དུ་གནས་པ་མ་ཡིན་པ་དང་། དེ་བཞིན་དུ་ངེས་པར་སྨྲ་བ་དང་། ངེས་པ་མ་ཡིན་པར་སྨྲ་བ་དང་། ཤེས་རབ་ཅན་དང་། འཆལ་པའི་ཤེས་རབ་ཅན་ནོ། །མདོར་ན། མང་དུ་ཐོས་པ་ཁ་ཏོན་ལོབས། །རྫོགས་དང་ངེས་པར་གྱུར་པ་དང་། །བསྙེན་བཀུར་བྱེད་ངན་
བྱས་པ་དང་། །ཆོས་ཤེས་པ་དང་བདུན་པའོ། །དགེ་འདུན་གྱི་ཞལ་ཏ་བ་གཉིས་ཏེ། མང་དུ་ཐོས་པ་དང་། ཉུང་ངུ་ཐོས་པ་དང་། ལུང་ཁ་ཏོན་ལོབས་པ་དང་། ལུང་ཁ་ཏོན་མ་ལོབས་པ་དང་། ལུང་རྫོགས་པ་དང་། ལུང་མ་རྫོགས་པ་དང་། ངེས་པ་དང་། ངེས་པ་མ་ཡིན་
པ་དང་། བསྙེན་བཀུར་བྱེད་པ་དང་། བསྙེན་བཀུར་མི་བྱེད་པ་དང་། ཆོས་ཤེས་པ་དང་། ཆོས་མི་ཤེས་པ་དང་། དོན་ཤེས་པ་དང་། དོན་མི་ཤེས་པ་དང་། དུས་ཤེས་པ་དང་། དུས་མི་ཤེས་པ་དང་། ཚོད་ཤེས་པ་དང་། ཚོད་མི་ཤེས་པ་དང་། བདག་ཉིད་ཤེས་པ་དང་།
བདག་ཉིད་མི་ཤེས་པ་དང་། འཁོར་ཤེས་པ་དང་། འཁོར་མི་ཤེས་པ་དང་། གང་ཟག་དམ་པ་དང་། གང་ཟག་དམ་པ་མ་ཡིན་པ་ཤེས་པ་དང་། གང་ཟག་དམ་པ་དང་། གང་ཟག་དམ་པ་མ་ཡིན་པ་མི་ཤེས་པའོ། །མདོར་ན། ཆོས་དང་འདུལ་བ་ཉེས་པ་དང་། །ལྷག་མར་
Vol. 13 · folio 25a
བཅས་དང་ལྕི་བ་དང་། །སྤྱད་པར་སྨྲས་པ་སྨ་བབ་དང་། །བཅས་པ་མ་ཡེངས་ལོག་པར་ལྟུང་། །དགེ་འདུན་གྱི་ཞལ་ཏ་བ་གཉིས་ཏེ། དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་ཤིང་ཤིན་ཏུ་འདའ་བར་བྱེད་པ་གསུངས་པ་བཞིན་མི་སྨྲ་བ། ཆོས་བཞིན་མི་སྨྲ་བ།
ཆོས་དང་གཉེར་བའི་ཆོས་ཀྱི་རྗེས་བཞིན་མི་བྱེད་པ་སྟེ། ཆོས་མ་ཡིན་པ་ལ་ཆོས་སུ་བརྗོད་ཆོས་ལ་ཆོས་མ་ཡིན་པར་བརྗོད་ཅིང་། དེ་དག་ལ་སྨྲས་པའི་ལན་སླར་གློན་པ་ནི་ཆོས་མཐུན་པ་དག་གིས་སྨད་པའི་གནས་སུ་འགྱུར་རོ། །དགེ་འདུན་གྱི་ཞལ་ཏ་བ་གཉིས་ཏེ། དེ་བཞིན་
གཤེགས་པ་ལ་སྐུར་བ་མི་འདེབས་ཤིང་། ཤིན་ཏུ་འདའ་བར་མི་བྱེད་པ་གསུངས་པ་བཞིན་སྨྲ་བ། ཆོས་ཀྱི་རྗེས་སུ་ཆོས་བཞིན་དུ་བྱེད་དེ། ཆོས་ལ་ཆོས་བཞིན་དུ་བརྗོད། ཆོས་མ་ཡིན་པ་ལ་ནི་ཆོས་མ་ཡིན་པར་བརྗོད་པ། དེ་དག་ལ་སྨྲས་པའི་ལན་སླར་མི་གློན་པ་ནི་ཆོས་
མཐུན་པ་དག་གིས་སྨད་པའི་གནས་སུ་མི་འགྱུར་རོ། །མདོ་བར་མ་སྟེ། སྐུར་པ་འདེབས་པར་བྱེད་པ་དང་། །བསྡིགས་པ་ཉེས་པར་བཅས་པ་དང་། །ཁ་ན་མ་ཐོ་བྱིས་པ་དང་། །བར་མའི་མདོར་ནི་ཡང་དག་བསྡུས། །དགེ་འདུན་གྱི་ཞལ་ཏ་བ་གང་ཆོས་མ་ཡིན་པ་ལ་
ཆོས་སུ་བརྗོད། ཆོས་ལ་ཆོས་མ་ཡིན་པར་བརྗོད་པའི་ཆོས་དེ་གཉིས་དང་ལྡན་པ་ནི་བསྡིགས་པར་བྱའོ། །སྨད་པར་བྱའོ། །བསྐྲད་པར་བྱའོ། །སྤང་བར་བྱའོ། །ཕྱོགས་མེད་པར་བྱའོ། །ཞུམ་པར་བྱའོ། །སྤ་གོང་བར་བྱའོ། །དོགས་པ་དང་། ཐེ་ཚོམ་དང་།
འགྱོད་པ་རྣམས་བསྐྱེད་པར་བྱའོ། །ནར་བར་བྱ། གནད་དུ་ཕེབས་པར་བྱ། སྐྱོན་ཅན་དུ་བྱའོ། །དགེ་འདུན་གྱི་ཞལ་ཏ་བ་གང་ཆོས་ལ་ཆོས་སུ་བརྗོད། ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་བརྗོད་པའི་ཆོས་དེ་གཉིས་དང་ལྡན་པ་ནི་བསྡིགས་པར་མི་བྱའོ། །སྨད་པར་མི་
བྱའོ། །བསྐྲད་པར་མི་བྱའོ། །སྤང་བར་མི་བྱའོ། །ཕྱོགས་མེད་པར་མི་བྱའོ། །ཞུམ་པར་མི་བྱའོ། །སྤ་གོང་བར་མི་བྱའོ། །དོགས་པ་དང་། ཐེ་ཚོམ་དང་། འགྱོད་པ་རྣམས་བསྐྱེད་པར་མི་བྱའོ། །ནར་བར་མི་བྱའོ། །གནད་དུ་ཕེབས་པར་མི་བྱའོ། །སྐྱོན་
Vol. 13 · folio 25b
ཅན་དུ་མི་བྱའོ། །དགེ་འདུན་གྱི་ཞལ་ཏ་བ་གང་གིས་ཆོས་མ་ཡིན་པ་ལ་ནི་ཆོས་སུ་བརྗོད། ཆོས་ལ་ནི་ཆོས་མ་ཡིན་པར་བརྗོད་པའི་ཆོས་དེ་གཉིས་དང་ལྡན་པ་ནི་ཉེས་པ་དང་བཅས་པར་འགྱུར་ཏེ། དོགས་པ་དང་བཅས། ཐེ་ཚོམ་དང་བཅས། འགྱོད་པ་དང་བཅས། བྱ་
བ་དང་བཅས་པ་དང་། མི་གཙང་བ་དང་། བསླང་དུ་མེད་པའོ། །དགེ་འདུན་གྱི་ཞལ་ཏ་བ་གང་ཆོས་ལ་ཆོས་སུ་བརྗོད། ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་བརྗོད་པའི་ཆོས་དེ་གཉིས་དང་ལྡན་པ་ནི་ཉེས་པ་དང་བཅས་པར་མི་འགྱུར་ཏེ། དོགས་པ་དང་བཅས་པ་མ་ཡིན། ཐེ་
ཚོམ་དང་བཅས་པ་མ་ཡིན། འགྱོད་པ་དང་བཅས་པ་མ་ཡིན། བྱ་བ་དང་བཅས་པ་མ་ཡིན། གཙང་བ་དང་། བསླང་དུ་རུང་བའོ། །དགེ་འདུན་གྱི་ཞལ་ཏ་བ་གང་གིས་ཆོས་མ་ཡིན་པ་ལ་ནི་ཆོས་སུ་བརྗོད། ཆོས་ལ་ནི་ཆོས་མ་ཡིན་པར་བརྗོད་པའི་ཆོས་དེ་གཉིས་དང་ལྡན་
པ་ནི་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་ཏེ། ཉེ་བའི་ཁ་ན་མ་ཐོ་བ་དང་བཅས་པ་དང་། གནོད་པ་དང་བཅས་པ་དང་། རྗེས་སུ་གདུང་བ་དང་བཅས་པ་དང་། གདུང་བར་བྱ་བ་དང་བཅས་པའོ། །དགེ་འདུན་གྱི་ཞལ་ཏ་བ་གང་གིས་ཆོས་ལ་ཆོས་སུ་བརྗོད། ཆོས་མ་ཡིན་པ་ལ་
ནི་ཆོས་མ་ཡིན་པར་བརྗོད་པའི་ཆོས་དེ་གཉིས་དང་ལྡན་པ་ནི་ཁ་ན་མ་ཐོ་བ་དང་བཅས་པར་མི་འགྱུར་ཏེ། ཉེ་བའི་ཁ་ན་མ་ཐོ་བ་དང་བཅས་པ་མ་ཡིན། གནོད་པ་དང་བཅས་པ་མ་ཡིན། རྗེས་སུ་གདུང་བ་དང་བཅས་པ་མ་ཡིན། གདུང་བར་བྱ་བ་དང་བཅས་པ་མ་ཡིན་ནོ། །དགེ་
འདུན་གྱི་ཞལ་ཏ་བ་གང་གིས་ཆོས་མ་ཡིན་པ་ལ་ནི་ཆོས་སུ་བརྗོད། ཆོས་ལ་ནི་ཆོས་མ་ཡིན་པར་བརྗོད་པའི་ཆོས་དེ་གཉིས་དང་ལྡན་པ་ནི་བྱིས་པ་གླེན་པ་མི་གསལ་བ་མི་མཁས་པ་སྐྱེས་བུ་དམ་པ་མ་ཡིན་པར་རིག་པར་བྱ་སྟེ། བདག་ཉིད་དྲེགས་པ་མ་སྤངས་པས་ཁ་ན་མ་ཐོ་བ་དང་
བཅས་པར་འགྱུར་རོ། །ཉེ་བའི་ཁ་ན་མ་ཐོ་བ་དང་བཅས་པ་ཅུང་ཟད་ཙམ་ལ་ཡང་མཁས་པ་རྣམས་ཀྱིས་སྨད་པར་འགྱུར་ཏེ། བསོད་ནམས་མ་ཡིན་པ་མང་པོ་བགྲང་དུ་མེད་ཅིང་གྲངས་མེད་ཚད་མེད་པར་འཕེལ་ནས་ཇི་ལྟར་མདའ་འཕངས་པ་བཞིན་ལུས་འགྱེལ་ནས་ཤི་བའི་
Vol. 13 · folio 26a
འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་སྟེ། ངན་སོང་དུ་སྐྱེ། ངན་འགྲོར་སྐྱེ། ལོག་པར་ལྟུང་བར་སྐྱེ། ངན་སོང་དུ་འགྲོ། ངན་འགྲོར་འགྲོ། ལོག་པར་ལྟུང་བར་འགྲོ། ངན་སོང་དུ་སྐྱེ། ངན་འགྲོར་སྐྱེ། ལོག་པར་ལྟུང་བར་
སྐྱེ་བར་འགྱུར་ཏེ། ཡུན་རིང་པོར་འཕྱན་ཅིང་འཁོར་བར་འཕྱན་པས་ན་འཁོར་བ་ལས་སླར་མི་ལྡོག་གོ། །དགེ་འདུན་གྱི་ཞལ་ཏ་བ་གང་གིས་ཆོས་ལ་ཆོས་སུ་བརྗོད་ཅིང་། ཆོས་མ་ཡིན་པ་ལ་ནི་ཆོས་མ་ཡིན་པར་བརྗོད་པའི་ཆོས་དེ་གཉིས་དང་ལྡན་པ་ནི་མཁས་པ་གསལ་བ་ཡིད་
རྣོ་བ་ཤེས་པ་སྐྱེས་བུ་དམ་པ་ཡིན་པར་རིག་པར་བྱ་སྟེ། བདག་ཉིད་དྲེགས་པ་སྤངས་པས་ཁ་ན་མ་ཐོ་བ་དང་བཅས་པ་མ་ཡིན་པར་འགྱུར། ཉེ་བའི་ཁ་ན་མ་ཐོ་བ་དང་བཅས་པ་མ་ཡིན་པ་ཅུང་ཟད་ཙམ་ཡང་མཁས་པ་རྣམས་ཀྱིས་བསྔགས་པར་འགྱུར་ཏེ། བསོད་ནམས་མང་
པོ་བགྲང་དུ་མེད་ཅིང་གྲངས་མེད་ཚད་མེད་པར་འཕེལ་ནས་ཇི་ལྟར་མདའ་འཕངས་པ་བཞིན་འདི་ནས་ལུས་འགྱེལ་ན་ཡང་བདེ་བར་འགྲོ་བ་མཐོ་རིས་ཀྱི་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། ངན་སོང་དུ་མི་སྐྱེ། ངན་འགྲོར་མི་སྐྱེ། ལོག་པར་ལྟུང་བར་མི་སྐྱེ། ངན་སོང་དུ་མི་འགྲོ།
ངན་འགྲོར་མི་འགྲོ། ལོག་པར་ལྟུང་བར་མི་འགྲོ། ངན་སོང་དུ་སྐྱེ་བར་མི་འགྱུར། ངན་འགྲོར་སྐྱེ་བར་མི་འགྱུར། ལོག་པར་ལྟུང་བར་མི་འགྱུར། ཡུན་རིང་པོར་འཁོར་བ་ན་མི་འཁྱམ་སྟེ་འཁོར་བ་ལས་ལྡོག་གོ། །ཇི་ལྟར་ཆོས་དང་ཆོས་མ་ཡིན་པ་ལ་ནག་པོ་དང་དཀར་
པོའི་ཕྱོགས་སུ་རྣམ་གྲངས་ལྔར་སྨྲས་པ་དེ་བཞིན་དུ་འདུལ་བ་དང་འདུལ་བ་མ་ཡིན་པ་ལ་ཡང་ནག་པོ་དང་དཀར་པོའི་ཕྱོགས་སུ་རྣམ་གྲངས་ལྔར་བརྗོད་པར་བྱའོ། །དེ་བཞིན་དུ་ལྷག་མ་དང་བཅས་པའི་ཉེས་པ་དང་། ལྷག་མ་མ་ལུས་པའི་ཉེས་པ་ཡང་ནག་པོ་དང་དཀར་པོའི་
ཕྱོགས་སུ་རྣམ་གྲངས་ལྔར་བརྗོད་པར་བྱའོ། །དེ་བཞིན་དུ་ཉེས་པ་ལྕི་བ་དང་ཉེས་པ་ཡང་བ་ཡང་ནག་པོ་དང་དཀར་པོའི་ཕྱོགས་སུ་རྣམ་གྲངས་ལྔར་བརྗོད་པར་བྱའོ། །དེ་བཞིན་དུ་སྨྲས་པ་དང་མ་སྨྲས་པར་བརྗོད་པར་ཡང་ནག་པོ་དང་དཀར་པོའི་ཕྱོགས་སུ་རྣམ་གྲངས་ལྔར་བརྗོད་
Vol. 13 · folio 26b
པར་བྱའོ། །དེ་བཞིན་དུ་སྨ་ཕབ་པ་དང་སྨ་མ་ཕབ་པར་བརྗོད་པ་ཡང་ནག་པོ་དང་དཀར་པོའི་ཕྱོགས་སུ་རྣམ་གྲངས་ལྔར་བརྗོད་པར་བྱའོ། །དེ་བཞིན་དུ་བཅས་པ་དང་མ་བཅས་པར་བརྗོད་པ་ཡང་ནག་པོ་དང་དཀར་པོའི་ཕྱོགས་སུ་རྣམ་གྲངས་ལྔར་བརྗོད་པར་བྱའོ། །དེ་བཞིན་
དུ་ཕྱུང་བ་དང་མ་ཕྱུང་བར་བརྗོད་པ་ཡང་ནག་པོ་དང་དཀར་པོའི་ཕྱོགས་སུ་རྣམ་གྲངས་ལྔར་བརྗོད་པར་བྱའོ། །ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་རྣམས་ཀྱང་རྒྱས་པར་ནག་པོ་དང་དཀར་པོའི་ཕྱོགས་སུ་འདི་ཡང་དེ་བཞིན་དུ་རྣམ་གྲངས་ལྔར་བརྗོད་པར་བྱའོ། །
མདོར་ན། བསྡིགས་སྤང་ནན་ཏུར་བྱས་པ་དང་། །དབྱུང་བར་བྱ་བའི་བར་དུ་སྟེ། །བྱ་བ་དག་ལ་གཉིས་སུ་བྱ། །ཉེས་དམིགས་རྩོད་པ་དེ་བཞིན་ནོ། །བསྡིགས་པར་བྱ་བ་ལ་གཉིས་ཏེ། ཆད་པའི་ལས་དང་། དགེ་འདུན་གྱིས་བསྒོ་བའོ། །སྤང་བར་བྱ་བ་
ལ་ཡང་གཉིས་ཏེ། ཆད་པའི་ལས་དང་། དགེ་འདུན་གྱིས་བསྒོ་བའོ། །གཞན་ཡང་སྤང་བར་བྱ་བ་ལ་གཉིས་ཏེ། ཆད་པའི་ལས་དང་། དགེ་འདུན་གྱིས་སྤང་བའོ། །བསྙེན་བཀུར་བྱེད་པ་ལ་རྣམ་པ་གཉིས་ཏེ། ཆད་པའི་ལས་དང་། མུ་སྟེགས་ཅན་གྱིས་
བསྙེན་བཀུར་བྱེད་པའོ། །གཞན་ཡང་བསྙེན་བཀུར་བྱེད་པ་ལ་རྣམ་པ་གཉིས་ཏེ། ཆད་པའི་ལས་དང་། དངོས་པོ་སྤྱད་པའོ། །ཡིད་མགུ་བར་བྱ་བ་ལ་རྣམ་པ་གཉིས་ཏེ། ཆད་པའི་ལས་དང་། ང་རྒྱལ་སྤང་བའོ། །གཞན་ཡང་ཡིད་མགུ་བར་བྱ་བ་ལ་
རྣམ་པ་གཉིས་ཏེ། ཆད་པའི་ལས་དང་། དངོས་པོ་སྤྱོད་པའོ། །གཞི་ནས་བསླང་སྟེ་ཡིད་མགུ་བར་བྱ་བ་ལ་རྣམ་པ་གཉིས་ཏེ། ཆད་པའི་ལས་དང་། སྨད་པའོ། །སྨད་པ་ལ་ཡང་རྣམ་པ་གཉིས་ཏེ། ཆད་པའི་ལས་དང་། སོ་སོར་ཐར་པ་ལ་སྨད་པའོ། །བསྐྲད་པ་ལ་རྣམ་
པ་གཉིས་ཏེ། ཆད་པའི་ལས་དང་། དགེ་འདུན་གྱི་འོག་ཁྲིམས་སུ་བཅས་པའོ། །སླར་བསྡུམ་པར་བྱ་བ་ལ་རྣམ་པ་གཉིས་ཏེ། ཆད་པའི་ལས་དང་། དགེ་འདུན་གྱི་འོག་ཁྲིམས་བཅས་པའོ། །བསྐར་བ་ལ་རྣམ་པ་གཉིས་ཏེ། ཆད་པའི་ལས་དང་། དགེ་འདུན་གྱིས་
Vol. 13 · folio 27a
མཁྱེན་པའོ། །ཚངས་པ་ལ་རྣམ་པ་གཉིས་ཏེ། ཆད་པའི་ལས་དང་། དགེ་བའི་སེམས་བསྐྱེད་པའོ། །གཞན་ཡང་ཚངས་པ་ལ་རྣམ་པ་གཉིས་ཏེ། ཆད་པའི་ལས་དང་། བསླབ་པ་ཡོངས་སུ་རྫོགས་པའོ། །གང་ཟག་གཉིས་ལ་བསྡིགས་པའི་ལས་བྱ་
སྟེ་སྨད་པ་དང་། བསྐྲད་པ་དང་། བསྡུམ་པ་དང་། མ་མཐོང་བའི་ཕྱིར་སྤང་བ་དང་། སླར་ལས་མི་བྱེད་པའི་ཕྱིར་སྤང་བ་དང་། སྡིག་པ་ལ་ལྟ་བ་མ་བཏང་བའི་ཕྱིར་སྤང་བའི་ལས་དང་ཆད་པ་དང་གཞི་ནས་བསླང་བའི་ཆད་པ་དང་། ཡིད་མགུ་བར་བྱ་བ་དང་། གཞི་ནས་བསླང་
བའི་ཡིད་མགུ་བར་བྱ་བ་དང་། གཞི་ནས་བསླང་བ་དང་། ཚངས་པར་སྤྱོད་པའི་ལས་རྣམས་བྱའོ། །དགེ་སློང་དང་དགེ་སློང་མ་གཉིས་ལ་བསྡིགས་པའི་ལས་རྣམས་བྱ་སྟེ། སྨད་པ་དང་། བསྐྲད་པ་དང་། སླར་བསྡུམ་པ་དང་། མ་མཐོང་བའི་ཕྱིར་སྤང་བ་དང་། སླར་ལས་མ་
བྱས་པ་དང་། ལྟ་བ་མ་བཏང་བས་སྤང་བ་རྣམས་ཀྱི་ལས་བྱའོ། །བསྙེན་པར་རྫོགས་པ་དང་། བསྙེན་པར་མ་རྫོགས་པ་གཉིས་ལ་ཆད་པ་དང་། གཞི་ནས་བསླང་བའི་ཆད་པ་དང་། ཡིད་མགུ་བ་དང་། གཞི་ནས་བསླང་བའི་མགུ་བ་དང་། གཞི་ནས་བསླང་བ་དང་། དབྱུང་བའི་
ལས་རྣམས་བྱའོ། །དགེ་སློབ་མ་དང་། དགེ་ཚུལ་ཕ་ཡང་དེ་བཞིན་ནོ། །ཉེས་པ་ལས་བྱུང་བ་ལ་རྣམ་པ་གཉིས་ཏེ། དམིགས་པ་དང་མི་དམིགས་པའོ། །ཉེས་པ་དབྱུང་བ་ལ་རྣམ་པ་གཉིས་ཏེ། དམིགས་པ་དང་། མི་དམིགས་པའོ། །རྩོད་པ་ལ་རྣམ་པ་གཉིས་ཏེ། དགེ་
སློང་ཕ་དང་། དགེ་སློང་མའོ། །གཞན་ཡང་རྩོད་པ་ལ་རྣམ་པ་གཉིས་ཏེ། དགེ་སློང་དང་། དགེ་སློབ་མའོ། །གཞན་ཡང་རྩོད་པ་ལ་རྣམ་པ་གཉིས་ཏེ། དགེ་སློང་དང་། དགེ་ཚུལ་མའོ། །གཞན་ཡང་རྩོད་པ་ལ་རྣམ་པ་གཉིས་ཏེ། དགེ་སློང་དང་། དགེ་ཚུལ་ཕའོ། །
འདུལ་བ་གཅིག་པོ་ཡན་ཆད་པའི་སྒོ་དང་པོ་རྫོགས་སྷོ།། །།འདུལ་བ་གཞུང་དམ་པ། བམ་པོ་ཉི་ཤུ་དྲུག་པ། དེ་ལ་སྒོ་གཉིས་པའི་མདོར་བསྡུས་པ་སྟེ། ཉེས་པ་གསུམ་དང་མི་རིགས་པར། །བཅས་པ་འདས་པར་བཅས་པ་དང་། །ཆད་པ་དེ་བཞིན་
Vol. 13 · folio 27b
ལས་གཉིས་ཏེ། །རྗེས་སུ་བསྟན་དང་དབྱུང་དེ་བཞིན། །མདོར་ན། རྡུལ་གྱི་ཉེས་པ་གསུམ་པོ་དང་། །འདུལ་བ་དག་དང་སྒོ་གསུམ་དང་། །སྡུད་པ་གཉིས་དང་ལས་གཉིས་དང་། །བསླབ་པར་བྱ་བ་རྣམ་པ་གཉིས། །རྡུལ་གསུམ་ལ་འདོད་ཆགས་ཀྱི་རྡུལ་དང་། ཞེ་སྡང་
གི་རྡུལ་དང་། གཏི་མུག་གི་རྡུལ་ཏོ། །ལུས་ལས་བྱུང་བའི་ཉེས་པ་གསུམ་སྟེ། འདོད་ཆགས་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའོ། །ངག་ལས་བྱུང་བའི་ཉེས་པ་གསུམ་སྟེ། འདོད་ཆགས་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་།
གཏི་མུག་ལས་བྱུང་བའོ། །འདུལ་བ་མ་ཡིན་པ་ལས་བྱུང་བ་རྣམ་པ་གསུམ་སྟེ། འདོད་ཆགས་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའོ། །འདུལ་བ་ལ་རྣམ་པ་གསུམ་སྟེ། འདོད་ཆགས་འདུལ་བ་དང་། ཞེ་སྡང་འདུལ་བ་དང་། གཏི་མུག་
འདུལ་བའོ། །གནས་གསུམ་དུ་ཉེས་པ་ཐམས་ཅད་འདུས་པར་འགྱུར་ཏེ་བྱུང་བ་དང་། བཅས་པ་དང་། རྣམ་པར་ཕྱེ་བའོ། །ལས་རྣམ་པ་གསུམ་གྱི་ཉེས་པ་ཐམས་ཅད་མཉམ་པར་འཇུག་པར་འགྱུར་ཏེ། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་
བཞིའི་ལས་རྣམས་སོ། །ལས་རྣམ་པ་གསུམ་གྱིས་ན་གཟུ་བོར་བྱེད་དེ། ལས་དང་སོ་སོར་ཐར་པའི་ལས་དང་། ཆད་པའི་ལས་སོ། །བསླབ་པ་ལ་རྣམ་པ་གསུམ་སྟེ། ལྷག་པའི་ཚུལ་ཁྲིམས་ལ་བསླབ་པ་དང་། ལྷག་པའི་སེམས་ལ་བསླབ་པ་དང་། ལྷག་པའི་ཤེས་
རབ་ལ་བསླབ་པའོ། །གཞན་ཡང་བསླབ་པ་གསུམ་སྟེ། ཀུན་ཏུ་སྤྱོད་པ་ལ་སློབ་པ་དང་། ལྷག་པའི་འདུལ་བ་དང་། ལྷག་པའི་སོ་སོར་ཐར་པ་ལ་སློབ་པའོ། །མདོར་ན། ཉེས་པར་འགྱུར་བ་གསུམ་པོ་དང་། །རྩོད་པ་ལ་ཡང་རྣམ་པ་གསུམ། །ལས་དང་དགེ་འདུན་འབྱེད་
པ་དང་། །ཤིན་ཏུ་བཅས་པའང་དེ་བཞིན་ནོ། །ཉེས་པར་འགྱུར་བའི་ལས་གསུམ་གྱིས་ཉེས་པར་འགྱུར་ཏེ། ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་སོ། །རྩོད་པ་རྣམ་པ་གསུམ་སྟེ། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མི་སྟོན་པའོ། །ལས་གསུམ་
Vol. 13 · folio 28a
སྟེ། ཆོས་ཀྱི་ལས་དང་། ཆོས་མ་ཡིན་པའི་ལས་དང་། མཐུན་པའི་ལས་སོ། །དགེ་འདུན་འབྱེད་པ་ལ་རྣམ་པ་གསུམ་སྟེ། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མི་སྟོན་པའོ། །གནས་གསུམ་གྱིས་ན་བཅས་པས་མི་ཆགས་ཏེ། བྱུང་བ་དང་།
བཅས་པ་དང་། རྗེས་སུ་བཅས་པའོ། །མདོར་ན། གནས་པར་མི་རིགས་མི་གནས་དང་། །སོ་སོར་གནས་པའང་དེ་བཞིན་ཏེ། །མཆོད་པ་བསྙེན་བཀུར་ཕྱག་བྱ་དང་། །ལྡང་བར་བྱ་དང་ཐལ་མོ་སྦྱར། །གནས་གསུམ་གྱིས་གནས་པའི་འོས་མ་ཡིན་པར་
འགྱུར་ཏེ། ཉེས་པ་དང་། ཉེས་པ་མེད་པ་དང་བཅས་པའོ། །རྣམ་པ་གསུམ་གྱིས་ན་མི་གནས་པར་འགྱུར་ཏེ། ཉེས་པ་དང་། ཉེས་པ་མེད་པ་དང་བཅས་པའོ། །རྣམ་པ་གསུམ་གྱིས་ན་སོ་སོར་གནས་པར་འགྱུར་ཏེ། ཉེས་པ་དང་། ཉེས་པ་མེད་པ་དང་བཅས་
པའོ། །མཆོད་པར་འོས་པ་གསུམ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། སློབ་པ་དང་། མི་སློབ་པ་རྣམས་སོ། །གཞན་ཡང་མཆོད་པར་འོས་པ་རྣམ་པ་གསུམ་སྟེ། སློབ་དཔོན་དང་། མཁན་པོ་དང་། ཚངས་པ་
མཚུངས་པར་སྤྱོད་པ་ཤིན་ཏུ་རྒན་པ་རྣམས་སོ། །ཇི་ལྟར་མཆོད་པར་འོས་པ་དེ་བཞིན་དུ་བསྙེན་བཀུར་བྱ་བ་དང་། ཕྱག་བྱ་བ་དང་། ལྡང་བ་དང་། ཐལ་མོ་སྦྱར་བའི་འོས་རྣམས་ཀྱང་རིགས་པར་ཤེས་པར་བྱའོ། །མདོར་ན། བཅས་པ་གཉིས་སུ་བྱ་བ་དང་། །སྐབས་
དབྱེ་རྣམ་པ་བཞི་པོ་དང་། །སྡོམ་པ་དང་ནི་གྲོགས་པོ་དང་། །བཞག་པ་དེ་ནི་ཐ་མའོ། །བཅས་པ་རྣམ་པ་གསུམ་སྟེ། བྱུང་བ་ལས་བཅས་པ་དང་། ཉེས་པ་ལས་བཅས་པ་དང་། རྣམ་པར་དབྱེ་བར་བཅས་པའོ། །གཞན་ཡང་བཅས་པ་རྣམ་པ་གསུམ་སྟེ། རྗེས་སུ་བསྲུང་
བར་བཅས་པ་དང་། རྗེས་སུ་བསྟན་པར་བཅས་པ་དང་། རྗེས་སུ་ཕན་པར་བཅས་པའོ། །སྐབས་དབྱེ་བ་རྣམ་པ་གསུམ་སྟེ། སྐབས་དབྱེ་བ་དང་། སོ་སོར་སྐབས་དབྱེ་བའོ། །གཞན་ཡང་སྐབས་དབྱེ་བ་རྣམ་པ་གསུམ་སྟེ། དད་པས་སྐབས་དབྱེ་བ་དང་། ཡོངས་སུ་དག་
Vol. 13 · folio 28b
པས་སྐབས་དབྱེ་བ་དང་། ནོར་གྱིས་སྐབས་དབྱེ་བའོ། །གཞན་ཡང་སྐབས་དབྱེ་བ་རྣམ་པ་གསུམ་སྟེ། ལྷུང་བཟེད་ཀྱི་སྐབས་དབྱེ་བ་དང་། ཆོས་གོས་ཀྱི་སྐབས་དབྱེ་བ་དང་། ཟང་ཟིང་གི་སྐབས་དབྱེ་བའོ། །གཞན་ཡང་སྐབས་དབྱེ་བ་རྣམ་པ་གསུམ་སྟེ། སྨན་གྱི་སྐབས་
དབྱེ་བ་དང་། དུས་སུ་སྐབས་དབྱེ་བ་དང་། མ་ངེས་པར་སྐབས་དབྱེ་བའོ། །སྡོམ་པ་རྣམ་པ་གསུམ་སྟེ། དགེ་འདུན་གྱི་སྡོམ་པ་དང་། སྦྱིན་བདག་གི་སྡོམ་པ་དང་། སྨན་པའི་སྡོམ་པའོ། །གྲོགས་པོ་རྣམ་པ་གསུམ་སྟེ། ཐ་མ་དང་། འབྲིང་དང་། དམ་པའོ། །གཞག་པ་
རྣམ་པ་གསུམ་སྟེ། རྙེད་པ་གཞག་པ་དང་། མཚམས་གཞག་པ་དང་། གང་ཟག་གཞག་པའོ། །མདོར་ན། འདས་དང་བཅས་པ་རྣམ་བཞི་དང་། །ཉེས་པ་རྣམ་པ་གཉིས་པོ་དང་། །བསྒོ་བ་ལ་ཡང་རྣམ་བཞི་དང་། །ཞལ་ཏ་བ་ལ་རྣམ་གཉིས་སོ། །ཕྱག་བྱས་ན་འདས་
པ་དང་བཅས་པར་འགྱུར་བ་རྣམ་པ་གསུམ་སྟེ། སྔོན་ཉེས་པ་བྱུང་བ་དང་། རྐུན་གནས་པ་དང་། སོ་སོར་གནས་པ་ལའོ། །གཞན་ཡང་ཕྱག་བྱས་ན་འདས་པ་དང་བཅས་པར་འགྱུར་བ་རྣམ་པ་གསུམ་སྟེ། ངོ་ཚ་བ་མེད་པ་དང་། འཁོན་པ་དང་། རྗེས་སུ་ཕྱོགས་པའོ། །
ཕྱག་མ་བྱས་ན་འདས་པ་དང་བཅས་པར་འགྱུར་བ་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བཙུན་པ་རྣམས་དང་། ཚངས་པ་མཚུངས་པར་སྤྱོད་པ་ཤིན་ཏུ་རྒན་པ་ལའོ། །གཞན་ཡང་ཕྱག་མ་བྱས་ན་འདས་པ་
དང་བཅས་པར་འགྱུར་བ་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། མཁན་པོ་དང་། ཚངས་པ་མཚུངས་པར་སྤྱོད་པ་ཤིན་ཏུ་རྒན་པ་རྣམས་སོ། །ཕྱག་མ་བྱས་ཀྱང་ཉེས་པ་མེད་པ་རྣམ་པ་གསུམ་སྟེ། སྔར་ཉེས་
པ་བྱུང་བ་དང་། རྐུན་གནས་དང་། སོ་སོར་གནས་པའོ། །གཞན་ཡང་ཕྱག་མ་བྱས་ཀྱང་ཉེས་པ་མེད་པ་རྣམ་པ་གསུམ་སྟེ། ངོ་ཚ་བ་མེད་པ་དང་། འཁོན་པ་དང་། རྗེས་སུ་ཕྱོགས་པའོ། །བསྒོ་བ་རྣམ་པ་གསུམ་སྟེ། དགེ་འདུན་གྱིས་བསྒོ་བ་དང་། གང་ཟག་གིས་
Vol. 13 · folio 29a
བསྒོ་བ་དང་། སོ་སོར་ཐར་པས་བསྒོ་བའོ། །གཞན་ཡང་བསྒོ་བ་རྣམ་པ་གསུམ་སྟེ། དགེ་འདུན་གྱིས་བསྒོ་བ་དང་། སྡེས་བསྒོ་བ་དང་། དགེ་འདུན་གྱི་གནས་བརྟན་གྱིས་བསྒོ་བའོ། །གཞན་ཡང་བསྒོ་བ་རྣམ་པ་གསུམ་སྟེ། སློབ་དཔོན་གྱིས་བསྒོ་བ་དང་།
མཁན་པོས་བསྒོ་བ་དང་། དགེ་འདུན་གྱིས་བསྒོ་བའོ། །གཞན་ཡང་བསྒོ་བ་ལ་རྣམ་པ་གསུམ་སྟེ། རྒྱལ་པོས་བསྒོ་བ་དང་། རྐུན་པོས་བསྒོ་བ་དང་། རིགས་པར་བྱེད་པའི་རིགས་ཀྱིས་བསྒོ་བའོ། །དགེ་འདུན་གྱི་ཞལ་ཏ་བ་རྣམ་པ་གསུམ་སྟེ། མཁས་པ་དང་མཁས་པ་བས་ཀྱང་མཁས་
པ་དང་མཁས་པ་བས་མཁས་པའི་ཡང་མཁས་པ་རྣམས་སོ། །གཞན་ཡང་དགེ་འདུན་གྱི་ཞལ་ཏ་བ་རྣམ་པ་གསུམ་སྟེ། བསྐོས་པ་དང་། མ་བསྐོས་པ་དང་། གནང་བའོ། །མདོར་ན། ཆད་པ་ཤེས་པ་དབྱུང་བ་དང་། །རྟེན་པ་མཁན་པོ་སྡུད་པ་དང་། །སྨན་གཉིས་སྤང་བར་བྱ་
བ་དང་། །རྗེས་སུ་གནང་བ་ཡུལ་དང་ལས། །རྒྱུ་རྣམ་པ་བཞིས་ན་ཆད་པའི་ལས་དང་ཡིད་མགུ་བར་སྤྱོད་པའི་དགེ་སློང་གིས་ཞག་ཏུ་ཆད་པ་བགྲང་བར་བྱ་སྟེ། དྲང་པོར་གནས་པའི་དགེ་སློང་དང་ལྷན་ཅིག་སྐྱ་རེངས་བྱུང་བ་དང་། དགེ་སློང་མེད་པའི་གནས་སུ་སོང་སྟེ་སྐྱ་
རེངས་བྱུང་བ་དང་། མ་ཚང་བ་ལ་ཆད་པ་མེད་པ་དང་། ཆད་པ་ཡིད་མགུ་བ་དགེ་སློང་རྣམས་ལ་བརྗོད་པར་མི་འདོད་པ་རྣམས་སོ། །ཤེས་པ་ལ་རྣམ་པ་བཞི་སྟེ། བྱུང་བ་ཤེས་པ་དང་། ཉེས་པ་ཤེས་པ་དང་། ཉེས་པ་མེད་པ་ཤེས་པ་དང་། ལངས་པ་ཤེས་པའོ། །
བསླང་བ་ལ་རྣམ་པ་བཞི་སྟེ། མཐོང་བས་བསླང་བ་དང་། བཤགས་པས་བསླང་བ་དང་། སྔ་ནས་མ་བྱས་པས་བསླང་བ་དང་། མཐོལ་བས་བསླང་བའོ། །རྟོན་པ་ལ་རྣམ་པ་བཞི་སྟེ། དོན་ལ་རྟོན་གྱི་ཡི་གེ་ལ་མ་ཡིན་པ་དང་། ཆོས་ལ་རྟོན་གྱི་གང་ཟག་ལ་མ་ཡིན་པ་
དང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་བཀྲི་བའི་དོན་ལ་མ་ཡིན་པ་དང་། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མ་ཡིན་པའོ། །མཁན་པོ་ལ་རྣམ་པ་བཞི་སྟེ། མཁན་པོ་ཆོས་ཀྱིས་སྡུད་ལ་ཟང་ཟིང་གིས་མ་ཡིན་པ་ཡང་ཡོད། མཁན་པོ་ཟང་ཟིང་གིས་སྡུད་ལ་ཆོས་
Vol. 13 · folio 29b
ཀྱིས་མ་ཡིན་པ་ཡང་ཡོད། མཁན་པོ་ཆོས་ཀྱིས་ཀྱང་སྡུད་ཅིང་ཟང་ཟིང་གིས་ཀྱང་སྡུད་པ་ཡང་ཡོད། མཁན་པོ་ཆོས་ཀྱིས་ཀྱང་མི་སྡུད་ཅིང་ཟང་ཟིང་གིས་མ་ཡིན་པ་ཡང་ཡོད་དོ། །དེ་ལ་མཁན་པོ་གང་གིས་ཆོས་ཀྱིས་སྡུད་ལ་ཟང་ཟིང་གིས་མ་ཡིན་པ་དེ་ལྟ་བུའི་མཁན་པོ་ལ་
ནི་ཤེས་པར་བྱ་སྟེ་གནས་པར་བྱའོ། །དེ་ལ་མཁན་པོ་གང་ཟང་ཟིང་གིས་སྡུད་ལ་ཆོས་ཀྱིས་མ་ཡིན་པ་དེ་ལྟ་བུའི་མཁན་པོ་ལ་ནི་བལྟས་ཏེ་འགྲོ་བར་བྱའོ། །དེ་ལ་མཁན་པོ་གང་ཆོས་ཀྱིས་ཀྱང་སྡུད་ལ་ཟང་ཟིང་གིས་ཀྱང་སྡུད་པ་དེ་ལྟ་བུའི་མཁན་པོ་ནི་གཤེར་ཟིན་
ཀྱང་ནམ་འཚོའི་བར་དུ་གནས་པར་གྱིས་ཤིག །དེ་ལ་མཁན་པོ་གང་ཆོས་ཀྱིས་ཀྱང་མི་སྡུད་ཟང་ཟིང་གིས་མ་ཡིན་པ་དེ་ལྟ་བུའི་མཁན་པོ་ལ་ནི་མ་འགྲོ་ཞེས་བསྒོ་ཡང་མི་བལྟ་བར་འགྲོ་བར་བྱའོ། །བསྡུ་བའི་དངོས་པོ་བཞི་སྟེ། སྦྱིན་པ་དང་། ཚིག་སྙན་པ་དང་།
དོན་སྤྱད་པ་དང་། དོན་མཐུན་པ་རྣམས་སོ། །སྨན་རྣམ་པ་བཞི་སྟེ། སྨན་ཉིད་མི་རུང་ལ་ཉེན་ཀོར་མི་རུང་བ་ཡང་ཡོད། སྨན་ཉིད་མི་རུང་ལ་ཉེན་ཀོར་རུང་བ་ཡང་ཡོད། སྨན་ཉིད་རུང་ལ་ཉེན་ཀོར་མི་རུང་བ་ཡང་ཡོད། སྨན་ཉིད་རུང་ལ་ཉེན་ཀོར་རུང་བ་ཡང་ཡོད་དོ། །དོན་གྱི་མཐུ་བཞི་
ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་སྨན་གནང་སྟེ། དུས་ཀྱི་མཐུ་དང་། ཡུལ་གྱི་མཐུ་དང་། གང་ཟག་གི་མཐུ་དང་། བྱུང་བའི་མཐུའོ། །སྤང་བ་ལ་རྣམ་པ་བཞི་སྟེ། ཁ་ན་མ་ཐོ་བ་དང་། ཆད་པས་གཅད་པ་དང་། ཕན་གདགས་པ་དང་། དམ་
པའི་ཆོས་ལ་གནས་པའོ། །རྗེས་སུ་གནང་བ་རྣམ་པ་བཞི་སྟེ། ཁ་ན་མ་ཐོ་བ་མེད་པ་དང་། ཆད་པས་མ་བཅད་པ་དང་། ཕན་གདགས་པ་དང་། བདེ་བར་སྤྱོད་པའོ། །ཡུལ་རྣམ་པ་བཞིར་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་བསླབ་པ་བཅའ་སྟེ། ཡེ་ཤེས་ཀྱི་ཡུལ་དང་།
ཆོས་ཀྱི་ཡུལ་དང་། གང་ཟག་གི་ཡུལ་དང་། ཆོ་འཕྲུལ་གྱི་ཡུལ་ལོ། །ལས་རྣམ་པ་བཞི་སྟེ། ཕན་གདགས་པའི་ལས་དང་། ནན་ཏུར་གྱི་ལས་དང་། ཆད་པའི་ལས་དང་། སྤྱོད་པ་ལ་གནས་པའི་ལས་རྣམས་སོ། །མདོར་ན། ལས་ལ་ཁས་ལེན་དད་པ་དང་། །འཇེབས་
Vol. 13 · folio 30a
པར་བཅས་པའི་ལས་ལྔ་དང་། །རྣམ་དག་ལས་དང་འདུལ་བ་དང་། །ནན་ཏུར་ཆད་པ་དེ་བཞིན་ནོ། །ལས་ཁས་བླང་བ་རྣམ་པ་ལྔ་སྟེ། བདག་ཉིད་ཀྱི་ལས་བྱེད་པ་དང་། མངོན་སུམ་དུ་གྱུར་ནས་ཁས་ལེན་པ་དང་། དད་པ་འབུལ་བ་དང་། རང་གི་ལྟ་བ་ཁས་བརྗོད་
པ་དང་། ཅང་མི་སྨྲ་བར་ཁས་ལེན་པ་རྣམས་སོ། །མཚམས་ཀྱི་ནང་དུ་མངོན་སུམ་དུ་མི་གནས་པ་ལྔས་དད་པ་ཕྱིན་པའི་ལས་བྱའི། མང་པོ་མངོན་སུམ་དུ་འདུས་པའི་ནང་དུ་ནི་མ་ཡིན་ཏེ། རྐུན་གནས་དང་། སོ་སོར་གནས་པ་དང་། མི་གནས་པ་དང་། རྗེས་སུ་ཕྱོགས་པ་དང་།
དགེ་སློང་མ་སུན་ཕྱུང་བའོ། །མ་བྱས་པར་མི་གནང་བའི་ལས་བྱ་བ་ལྔ་ནི་གནས་འདི་ཞེས་བྱ་བར་ཁྱོད་ལ་བྱའོ། །འདིར་དགེ་འདུན་གྱི་ནང་དུ་ཁྱོད་ལ་བྱའོ། །གནས་གཞན་གྱི་དགེ་འདུན་དག་གི་ནང་དུ་ཁྱོད་ལ་བྱའོ། །ཉེས་པ་དེ་ལྟ་བུ་ཁྱོད་ལ་བྱའོ། །ཞེས་དེས་དེ་ལ་ཉེས་པས་
བསྡིགས་ནས་ཉེས་པ་རབ་ཏུ་བཞག་སྟེ། དམ་དེམ་དང་བཅས། འཇེབས་པ་དང་བཅས། གསོབ་ཏུ་དབྱུང་བ་དང་། བཅས་པར་བྱས་ནས་གཏོང་བའོ། །བཤགས་པའི་ལས་དང་། བྱིན་གྱིས་བརླབས་པའི་ལས་དང་། བསྒོ་བའི་ལས་དང་། རྗེས་སུ་གནང་བའི་ལས་དང་།
སྤྱོད་པ་ལ་གནས་པའི་ལས་སོ། །རྣམ་པར་དག་པའི་ལས་ལྔ་སྟེ། ཆད་པ་དང་། གཞི་ནས་བསླང་བའི་ཆད་པ་དང་། ཡིད་མགུ་བ་དང་། གཞི་ནས་བསླང་བའི་ཡིད་མགུ་བ་དང་། དབྱུང་བ་རྣམས་སོ། །གདུལ་བའི་དངོས་པོ་ལྔ་སྟེ། བསྡིགས་པ་དང་། སྨད་པ་དང་། བསྐྲད་
པ་དང་། སླར་བསྡུམ་པ་དང་། སྤང་བ་རྣམས་སོ། །སྨད་པའི་དངོས་པོ་རྣམ་པ་ལྔ་སྟེ། བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་། བསྡུམ་པ་དང་། སྤང་བ་རྣམས་སོ། །ཆད་པའི་ལས་རྣམ་པ་ལྔ་སྟེ། དེ་དག་ནས་སྤང་བའི་བར་དུ་བརྗོད་པར་བྱའོ། །མདོར་ན། དགེ་
འདུན་ནང་ན་སྤྱོད་པ་གཉིས། །གནས་བརྟན་བག་མེད་སྒོ་གཉིས་དང་། །ཤེན་དམན་གྱུར་དང་རྩོད་པ་དང་། །བདག་དང་བདག་ཤེས་དེ་བཞིན་ནོ། །དགེ་འདུན་གྱི་ནང་ན་སྤྱོད་པའི་དགེ་སློང་གིས་དགེ་འདུན་གྱི་དྲུང་དུ་འགྲོ་བ་ན་ཆོས་རྣམ་པ་ལྔས་དྲན་པ་ནང་དུ་ཉེ་བར་གཞག་
Vol. 13 · folio 30b
སྟེ། དགེ་འདུན་གྱི་ནང་དུ་འགྲོ་བར་བྱའོ། །ལྔ་གང་ཞེ་ན། རིམ་གྲོར་བཅས་པ་དང་། བསྟི་སྟང་དུ་བཅས་པ་དང་། འཇིགས་པའི་དབང་དུ་འགྱུར་བར་བཅས་པ་དང་། དམན་པའི་ཡིད་དུ་བཅས་པ་དང་། ཕྱག་དར་བ་དང་མཉམ་པའི་སེམས་དང་སྟན་ལ་འདུག་པར་མཁས་
པའོ། །དགེ་འདུན་གྱི་ནང་ན་སྤྱོད་པའི་དགེ་སློང་གིས་གཞན་ཡང་ཆོས་རྣམ་པ་ལྔས་ནང་དུ་དྲན་པ་ཉེ་བར་གཞག་སྟེ། དགེ་འདུན་གྱི་ནང་དུ་འགྲོ་བར་བྱའོ། །ལྔ་གང་ཞེ་ན། བྱམས་པའི་སེམས་དང་། ཕན་པའི་སེམས་དང་། སྙིང་བརྩེ་བའི་སེམས་དང་། སྙན་
པར་སྨྲ་བ་དང་། ཚིག་རྩུབ་པོ་མི་སྨྲ་བ་རྣམས་སོ། །དགེ་འདུན་གྱི་ནང་ན་ཆོས་མ་ཡིན་པར་རྩོད་པའང་ཡོད་དེ། དེ་ལ་དགེ་འདུན་གྱི་ནང་ན་སྤྱོད་པའི་དགེ་སློང་གིས་ཆོས་དང་མཐུན་པའི་ཕྱོགས་ལ་བརྟེན་པར་བྱའོ། །ཡང་ན་རང་གི་ལྟ་བ་བརྗོད་ནས་སྟན་ལས་ལངས་ཏེ་
འགྲོ་བར་བྱ་སྟེ། དེའི་གླེང་གཞི་མི་དཀྲུག་པར་རྣལ་འབྱོར་དུ་བརྩོན་པར་གནས་པར་བྱའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་གནས་བརྟན་གྱི་དགེ་སློང་ནི་བསྡིགས་པར་བྱའོ། །ཚར་གཅད་པར་བྱའོ། །སྤང་བར་བྱའོ། །ཕྱོགས་མེད་པར་བྱའོ། །སྨ་དབབ་པར་བྱའོ། །
སྤ་གོང་བར་བྱའོ། །དོགས་པ་དང་། ཐེ་ཚོམ་དང་། འགྱོད་པ་རྣམས་སྐྱེ་བར་བྱའོ། །དམ་དེམ་དུ་བཅས། འཇེབས་པར་བཅས། གསོག་ཏུ་དབྱུང་བར་བཅས་པར་བྱ་སྟེ། ལྔ་གང་ཞེ་ན། ཚུལ་ཁྲིམས་ངན་པ་ཡིན། ཚུལ་ཁྲིམས་ལ་ཉེས་པ་བྱུང་ཞིང་ལོག་པར་ལྟ་བ་ཡིན།
ཕྱིན་ཅི་ལོག་ཏུ་ལྟ་ཞིང་ངོ་ཚ་མེད་པ་ཡིན། འཁོར་ངོ་ཚ་མེད་ཅིང་རྒོལ་བ་དང་། སླར་རྒོལ་བའི་དགེ་སློང་རྣམས་འཐབ་པ་དང་། མཚང་འདྲུ་བ་དང་། འཁོན་པ་དང་། འཁྲུགས་པ་རྣམས་སུ་བསྐུལ་བ་ཡིན། རྒོལ་བ་དང་། སླར་རྒོལ་བའི་དགེ་སློང་རྣམས་ཆོས་མ་ཡིན་པ་
ལ་སྟེན་དུ་འཇུག་པའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་དགེ་སློང་ནི་དགེ་བསྙེན་མ་རྣམས་ཀྱིས་མ་དད་པ་ཚོར་བར་བྱ་བར་རིགས་ཏེ། ལྔ་གང་ཞེ་ན། ཁྱིམ་པ་རྣམས་ལ་ཁ་ཟེར་བ་དང་། ཁྱིམ་པ་རྣམས་ལ་མི་སྙན་པར་སྨྲ་བ་དང་། ཁྱིམ་པ་རྣམས་ཀྱི་སྐྱོན་ནས་བརྗོད་པ་དང་། ཁྱིམ་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words