དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་རྡོ་རྗེ་བཀོད་པའི་རྒྱུད་རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་བྱ་བའི་མདོ

Sanskrit title (Tibetan script, as in the text) སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཛྙཱན་གུ་ཧྱ་ཨརྠ་གཪྦྷ་བྱཱུ་ཧ་བཛྲ་ཏནྟྲ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 97 · folio 243a

དུས་གནས་འཇིག་ནུབ་མཚན་ཉིད་ལས། །ཐ་དད་བྱེ་བྲག་ཐམས་ཅད་དུ། །བཤིག་ནས་མེད་སྨྲ་ཡོད་ཅེས་འདོད། །མོས་པ་ཆུང་བས་དེ་ལས་མིན། །གང་འདིར་རྣལ་འབྱོར་ཕྱོགས་རིག་པ། །འདི་ཀུན་གང་འདིར་ཁོ་ན་བས། །དངོས་མེད་རྣམ་ཤེས་ཉིད་

དུ་སྣང་། །དེ་ཉིད་མ་བཅོས་དེ་བཞིན་ཉིད། །ཡོད་པས་ཆོས་སྐུ་རྟག་པར་འདོད། །ངེས་པར་འབྱེད་པའི་རྣལ་འབྱོར་པ། །གང་དག་སྒྱུ་མའི་མཚན་ཉིད་དུ། །སྣང་བས་ཀུན་རྫོབ་བྱ་བ་བྱེད། །ངེས་པར་དབྱེ་བ་མེད་པའོ། །ལ་ལ་དེ་ལྟར་དེ་ངེས་ཏེ། །དེ་ལས་མ་གཏོགས་དེ་

འོང་མིན། །དེ་ཉིད་དེས་ནི་དངོས་མེད་ཕྱིར། །དམ་པ་ཉིད་དུ་མེད་པའོ། །ལ་ལ་གང་མ་ཟིན་པའི་ཕྱིར། །དེ་སྣང་བ་ནི་གང་ནའང་རུང་། །ཕྲ་རབ་ས་ནི་རྣམ་ཀུན་མཁྱེན། །སླུ་འདྲིད་པ་ལྟར་ཡོད་མ་ཡིན། །དམ་པ་ཉིད་ཀྱི་དམ་པ་གང་། །ཆོས་ཉིད་ཡེ་ནས་སངས་རྒྱས་ལ། །

དེ་མིན་ལྟ་བ་བཟློག་པའི་ཕྱིར། །ཡེ་ནས་སངས་རྒྱས་ཞེས་བརྗོད་པ། །ཐ་སྙད་ཙམ་དུ་བརྗོད་པར་ཟད། །ཡེ་ནས་བརྗོད་པ་ཚིག་གི་ལམ། །ཐ་སྙད་གཉིས་དང་བྲལ་བ་ལ། །སྒྲོ་སྐུར་ཚིག་གི་སྙད་མི་གདགས། །བརྗོད་པའི་ཐ་སྙད་ཚིག་ལམ་འདས། །ནམ་མཁའ་འདི་ནི་

ཡོད་མེད་ཅེས། །བླུན་པོ་རྣམས་ནི་རྩོད་པར་འགྱུར། །མཁས་པ་རྣམས་ནི་དེ་ལྟ་མིན། །གང་དེ་རྩོད་ལ་ངོ་མཚར་ཆེ། །དེ་བཞིན་ཉིད་འདི་ཡོད་མེད་ཅེས། །བྱིས་པ་རྣམས་ནི་རྩོད་པར་འགྱུར། །སྐྱེས་བུ་གང་དག་དེ་ལྟ་མིན། །རྩོད་པ་ཤེས་རབ་འཆལ་པར་ཟད། །འདི་

ལྟར་སྣང་བའི་ཆོས་ཐམས་ཅད། །ཡེ་འམ་ངང་གིས་སངས་རྒྱས་ལ། །མིན་ལས་ཡིན་པར་འགྱུར་མ་ཡིན། །ངོ་བོ་ཉིད་ཀྱི་དེ་ཉིད་ལ། །ཡིན་དང་མིན་ཞེས་ཅི་བྱར་ཡོད། །ནམ་མཁའ་འདི་ནི་མེད་དོ་ཞེས། །མི་ཤེས་གང་གིས་རྟོག་པར་བྱེད། །གང་ཤེས་ཡེ་ནས་ཡང་མི་

རྟོག །མིན་པར་མི་རྟོག་ཚིག་མི་བརྗོད། །རྒྱུ་དང་ལས་དང་རྣམ་གྲངས་ལ། །མཚན་ཉིད་ངེས་པ་ངོ་བོ་དང་། །འབྲས་བུ་དགོས་ཆེད་རེ་རེ་འབྱུང་། །འདི་ལྟར་འདིར་ནི་གང་གི་རྒྱུ། །རང་འབྱུང་དེ་ཉིད་རྟོག་དཔྱོད་བཅས། །གང་དག་གང་ལ་སྐྱེ་མཆེད་པ། །གཉིས་པོ་འདི་

Vol. 97 · folio 243b

དག་ཉིད་ཀྱི་རྒྱུ། །གང་ལས་གང་མིན་ཇི་སྙེད་པ། །ཁྱད་པར་བྱེ་བྲག་ཐ་དད་པ། །ངེས་འབྱེད་འཇུག་འབྲེལ་སྦྱོར་བཅས་པ། །དེ་འཛིན་ཕྱིན་ཅི་མ་ལོག་པ། །མངོན་འབྱིན་དོན་འདོད་འབྲེལ་པའོ། །རྣམ་གྲངས་རྣམ་གཉིས་དོན་བཞིན་ནོ། །ཀུན་ལ་ངེས་པར་

བྱེད་པ་ཡིན། །དེ་ཉིད་མ་འདྲེས་ཡོངས་རྫོགས་པ། །དངོས་མེད་མི་རྟོག་ཡོངས་སུ་རྫོགས། །སོ་སོ་ཐ་དད་བསམ་མི་ཁྱབ། །མ་འདྲེས་དེ་ལྟར་ཇི་བཞིན་བྱེད། །གང་འདིར་ཕྱིན་ཅི་མ་ལོག་པར། །ཡོངས་སུ་ཆུབ་པ་ཕུལ་ཉིད་དོ། །ཀུན་ནས་མ་རྨོངས་ཐམས་ཅད་

གསལ། །གང་ལ་མ་འགགས་ཐོགས་པ་མེད། །ཀུན་འཇུག་གང་མ་རིག་པ་གཅོད། །སྐྱེ་མཆེད་ཀུན་དུ་གྱུར་པ་ཉིད། །གང་མཆེད་གང་གི་རླུང་ཞུགས་པ། །མཁས་པའི་ཡེ་ཤེས་ཚད་མེད་པའོ། །གང་ལ་ལོག་པ་དེ་ཉིད་དག །དེ་ཉིད་ཕུལ་དུ་ཕྱིན་པའི་ཕྱིར། །

དམིགས་བུ་གསལ་བའི་སྒྲོན་མ་ཡིས། །དེ་ཉིད་དེ་ལ་བལྟ་བར་བྱ། །སྒྲོན་མའི་སྣང་བ་མི་ཤེས་པ། །མཐོང་བྱ་ཀུན་ལ་མུན་པས་བསྒྲིབས། །ནམས་ཀྱང་སྣང་བར་མི་འགྱུར་ཏེ། །ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ། །སྒྲོན་མ་འབར་བ་གང་སྲེལ་བ། །ཀུན་ལ་མུན་

པས་སངས་གསལ་བའི། །མ་ནོར་མ་བཅོས་དེ་བཞིན་ཉིད། །སྒྲོན་མ་དམིགས་བུས་མཐོང་བར་འགྱུར། །དེ་ལྟར་དམ་པའི་གྲོགས་པོ་དག །རིན་ཆེན་སྒྲོན་མ་འབར་བའི་མེ། །མུན་སྣང་དམིགས་བུར་མ་བསྲེལ་བར། །དེ་ཉིད་གསེར་མཐོང་ག་ལ་རིགས། །གྲོགས་

པོ་དག་དེ་དག་ནི་སྒྲོན་མ་དམ་པ་བསྲེལ་བར་བྱའོ་ཞེས་དགོངས་པ་དམ་པ་ལེགས་པར་བགྲོས་པར་ཤེས་པར་བྱའོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རྣལ་འབྱོར་མིག་གི་སྒྲོན་མ་བསྟན་པའི་ལེའུ་སྟེ་དྲུག་ཅུ་པའོ།། །།དེ་ནས་

ཡང་ལང་ཀའི་མངའ་བདག་ལ་སོགས་པ་དམན་པ་དམ་པའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་དྲི་བ་ཡོངས་སུ་དྲིས་པ། །ཀྱེ་གསང་བ་པའི་བདག་པོ་ཁྱད་པར་དུ་བླ་མར་འགྲོ་བར་བྱའོ་ཞེས་དམ་བཅའ་བར་དགོངས་པ་དེ་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་སྐད་

Vol. 97 · folio 244a

ཅེས་གསོལ་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་གྲོགས་པོ་དག་ཁྱད་པར་དུ་འགྲོ་བར་བྱ་བ་དེ་ནི་ལེགས་སོ། །ཤིན་ཏུ་རབ་ཏུ་ལེགས་སོ། །ས་དེ་ནི་འདི་ལྟར་ས་མཁན་དམ་པ་རྣམས་ཀྱི་རྣལ་འབྱོར་གྱིས་ཡོངས་སུ་སྣང་བ་ཞེས་བྱ་བའི་སྒྲོན་མ་

ལེགས་པར་བཀོད་པ་ནི་འདི་ལྟ་སྟེ། ས་དང་ས་ཡི་ཁྱད་པར་ནི། །གང་འདིར་ཡོངས་ཀྱིས་མེད་པ་ལ། །ཤེས་བྱ་གཅོད་པའི་ཁྱད་པར་གྱིས། །རང་རིག་མཐོ་དམན་རིམ་པར་ཟད། །དཔེར་ན་རྒྱལ་པོའི་དཀོར་མཛོད་ནས། །ཆེ་ཆུང་ཐབས་འདོད་གང་སུ་དག །

དཀའ་ཐུབ་ཕྱི་ནང་ཁྱད་པར་གྱིས། །སྤྱོད་སྒོ་འཇུག་པའི་ལས་ཐབས་ལས། །མཐོ་དམན་རྩལ་གྱིས་གང་ལེན་པ། །རྒྱལ་པོ་གཅིག་ལ་སྤྱོད་ན་ཡང་། །རིན་ཆེན་སྣ་འགའ་ཁྱད་པར་དག །ཐབས་ཆེན་སྒོ་དགུ་སོ་སོར་སྤྱོད། །རྒྱལ་པོར་གྱུར་ན་དེ་ནོར་ཀུན། །དབང་

བསྐུར་བྱེད་པའི་བདག་པོ་ཡིན། །མི་གནས་མ་བཅོས་དེ་བཞིན་ཉིད། །ཤེས་བྱ་དེ་ལས་མེད་པ་ལ། །གང་འདི་རྩལ་གྱི་ཁྱད་པར་གྱིས། །སོ་སོའི་འཇུག་སྒོ་ཀུན་ནས་སྤྱོད། །དེ་ཡི་དེ་ཉིད་དེ་གཅིག་ལ། །རྩལ་འཕང་མཐོ་དམན་ཁྱད་པར་གྱིས། །ས་ཡི་གོ་

འཕང་ཁྱད་པར་དུ། །རིག་པ་དེ་ལྟར་སྣང་བ་ཡིན། །གང་འདིར་ཐམས་ཅད་གཅིག་པ་ལ། །དེ་མཐོང་མི་མཐུན་དེ་དབང་གིས། །དཔེར་ན་འབྱུང་གནས་སྒོ་མངས་བཞིན། །ས་དང་རྣམ་ཐར་སོ་སོའི་སྒོ། །གཅིག་ལ་སྣ་ཚོགས་དེ་ལྟར་སྣང་། །ས་དང་རྣམ་ཐར་གང་

དག་ལ། །འཇུག་པ་ལ་སོགས་ས་སྦྱངས་ཀྱང་། །ཀུན་གྱི་རྩ་བ་འདིར་བཅད་པས། །གཅིག་སྟེ་ཐ་དད་ཡོངས་ཀྱིས་མེད། །དེ་ནི་རི་དང་ལྷུན་པོ་དང་། །ཀུན་དུ་རྒྱུ་དང་གཞོན་ནུ་ལྟར། །མཐོང་ཐོས་སྟོན་པའི་ཁྱད་པར་ནི། །དོན་གྱིས་དེ་ལྟར་ཡོད་པ་ཡིན། །དེས་ན་ཆོས་རྣམས་

ཐམས་ཅད་ཀྱི། །གནས་པའི་ས་ཉིད་སེམས་ཡིན་པས། །ནམ་མཁའ་ལྟ་བུའི་དཔེ་མཚོན་ཏེ། །ཀུན་གྱི་ས་འདིར་ཤེས་པར་བྱ། །འདི་ལྟར་གང་ཤེས་རྣལ་འབྱོར་པ། །ལམ་གྱི་ཐབས་ལ་མཁས་པ་ཡི། །ལམ་སྟོར་ལམ་བཙལ་ལམ་རྙེད་པས། །ཉེ་ལམ་བདེར་རྙེད་

Vol. 97 · folio 244b

གྲུབ་པའོ། །གང་རྙེད་དེ་རྙེད་དེར་གནས་པ། །རྣལ་འབྱོར་སྤྱོད་པའི་ས་པ་སྟེ། །ས་ཀུན་གཅིག་ཏུ་ཡོངས་རྫོགས་ལ། །རིག་པ་མཆོག་འབྲིང་ཐ་མའི་ཕྱིར། །གཅིག་པའང་ཁྱད་པར་བཅུར་སྣང་བ། །གང་གི་ཆེད་དུ་བགྲང་བར་བྱ། །འདི་དག་གནས་འཛིན་སྤྱོད་

པའི་ས། །རྣམ་པ་བཅུ་ཕྲག་གཅིག་གིས་རྫོགས། །འགྱུར་དབང་མ་ངེས་ས་འདི་ལ། །བཅོས་མ་ཕྲ་མེན་སྤྱོད་པ་དང་། །ཚུལ་རྟགས་འཛིན་དང་མོས་པ་དང་། །ལེགས་པར་འདུན་པའི་རྣལ་འབྱོར་ལྔ། །འཇུག་ལྡོག་ལྟུང་དང་བཅས་པ་ཡི། །ཀུན་དུ་འཁོར་ཞིང་མ་

ངེས་པའོ། །འདུན་པ་སེམས་པའི་རྣལ་འབྱོར་པ། །གནས་ཤིང་སྦྱོང་བའི་ས་ཞེས་བྱ། །བརྟེན་པས་གཞི་ཡི་ས་འདི་ལ། །དང་པོ་ལས་ཅན་རྣལ་འབྱོར་པ། །བསླབ་པ་སྤྱོད་དང་ངེས་པ་ལ། །དག་དང་མ་དག་གིས་སྤྱོད་པའོ། །བཀའ་སྡོད་ལས་ཀྱི་རྣལ་འབྱོར་པ། །གནས་

ཤིང་སྦྱོང་བའི་ས་ཞེས་བྱ། །གལ་ཆེན་སྤྱོད་པའི་ས་འདི་ལ། །རིགས་ཆེན་འབྱེད་པའི་རྣལ་འབྱོར་ཉིད། །གནས་ཤིང་སྦྱོང་བའི་ས་ཡིན་ཏེ། །ཡང་མི་ང་ཡི་ས་རྣམས་ཀུན། །གཅོད་སྦྱོང་སྦྱོར་བའི་ཚུལ་ཉིད་ཀྱིས། །ལེགས་ཉེས་སྟོབས་ཆེན་འགྱེད་པའོ། །

བསླབ་པ་རྒྱུན་གྱི་ས་འདི་ལ། །གཡོ་དང་ཐོབ་དང་བརྟན་པའི་དྲོད། །དེ་བཞིན་རྟགས་ཆེན་གཡོ་བ་དང་། །ཐོབ་པ་ཉིད་དང་བརྟན་པ་ཡི། །རྣལ་འབྱོར་རྣམ་པ་དྲུག་པོ་དག །བསླབ་པའི་མཐའ་བཅུ་མཐར་ཕྱིན་ཅིང་། །ཇི་ལྟར་ཟླ་བ་ཡར་གསལ་བཞིན། །བསླབ་

པའི་ཡེ་ཤེས་འཕེལ་འགྱུར་ཏེ། །དོན་ལ་མི་སྐྲག་ངོ་མཚར་སྐྱེ། །སྦྱོང་སེམས་འཇུག་པའི་སེམས་དཔའ་དེས། །ངན་འགྲོར་མི་ལྡོག་དགོན་པར་འཇུག །བར་ཆད་དག་ཀྱང་དེ་ལ་འབྱུང་། །གསང་སྒོ་ལུང་གི་རྣལ་འབྱོར་དང་། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དང་། །

མཚན་མ་རྟགས་ཀྱི་རྣལ་འབྱོར་གསུམ། །གནས་ཤིང་སྦྱོང་བའི་ས་ཞེས་བྱ། །བསོད་ནམས་གཏེར་གྱི་ས་འདི་ལ། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ཉིད། །མོས་པ་དག་ཅིང་འདུན་པའི་གནས། །རྩལ་ཆེན་བློ་ཡི་བསྟི་གནས་ས། །བསླབ་པའི་མཐའ་བཅུ་སྤྱིར་ཆིབ་བའོ། །

Vol. 97 · folio 245a

བརྟེན་པས་ཁྱད་པར་འགྲོ་འདི་ལ། །དབུགས་ཆེན་འབྱིན་པའི་རྣལ་འབྱོར་པ། །རིགས་ཆེན་འཛིན་དང་མཉམ་རྫོགས་ཆེ། །ངེས་པར་སྤྱོད་དང་རྩལ་ཆེན་སྦྱོར། །ཡུལ་ལ་འཇུག་དང་རིག་པ་སྦྱོར། །བདུན་ཉིད་རྫོགས་པར་འགྲོ་བ་སྟེ། །བསླབ་པའི་རྒྱུ་འབྲས་

མཐའ་བཅུ་ལ། །གོམས་པར་བྱེད་པའི་ཚུལ་དུ་སྦྱོར། །ངལ་བསོ་བ་ལས་ཐམས་ཅད་མཐོང་། །མི་ལྡོག་ས་ལ་གོམས་བྱར་མེད། །འདི་དག་སྦྱོར་བའི་གཞི་གཅིག་ཀྱང་། །སོ་སོ་ཐུན་མོང་མ་ཡིན་པའི། །སྒྲིབ་པ་ལས་ཞེས་རྩི་བྱེད་ཅིང་། །ཡེ་ཤེས་རེ་རེ་འཆར་

པའོ། །དེས་ན་བསླབ་པའི་མཐའ་གཅིག་ལ། །མི་ལྡོག་ལ་སོགས་རྫོགས་ཆེན་རྣམས། །གང་དེར་བདེན་པ་རེ་རེ་ལ། །རྩལ་འབྱུང་རེ་རེ་འཆར་བ་སྟེ། །ཐ་མ་རང་འབྱུང་ཉིད་ཀྱིས་རྫོགས། །མཐར་ཕྱིན་པ་དང་ཐོབ་པ་དང་། །མི་ལྡོག་རྣམས་ལ་རིམ་པ་བཞིན། །

རྨི་ལམ་དང་ནི་སྒྲ་བརྙན་དང་། །མངོན་སུམ་ངེས་པ་ཅི་རིགས་པར། །རྣལ་འབྱོར་རྡོ་རྗེ་ལུང་སྟོན་པ། །རྡོ་རྗེ་རྡོ་རྗེ་རྣལ་འབྱོར་པ། །ཞེས་བྱར་ཉིད་དང་ས་ཁམས་དང་། །ཞིང་ཁམས་ཀུན་དུ་བསྒྲགས་བྱས་ནས། །རྣལ་འབྱོར་དམ་པར་འབྱིན་པའོ། །དམིགས་པའི་

འབྲས་བུ་སྐྱེ་འདི་ལ། །གྲུབ་པའི་རྣལ་འབྱོར་རྣལ་འབྱོར་ཆེ། རྫོགས་པར་འབྱུང་བའི་རྣལ་འབྱོར་གསུམ། །རྒྱལ་བའི་ཐུགས་ལམ་རྒྱལ་སྐྱེས་ཤིང་། །རྒྱལ་བའི་སྲས་པོ་གདུང་འཚོབ་པ། །ཁྱད་པར་རྩལ་འཕང་ཀུན་རྫོགས་ཤིང་། །གང་ལ་ཏིང་འཛིན་སྦྱོར་བའོ། །

གནས་པས་མི་འགྱུར་ས་འདི་ལ། །རྨད་འབྱུང་རོལ་པའི་རྣལ་འབྱོར་དང་། །ཚོགས་ཆེན་འདུས་དང་རྩལ་ཆེན་རྫོགས། །གསུམ་དུ་རྫོགས་པར་ཤེས་བྱ་སྟེ། །ཕྱག་རྒྱ་ཆེན་པོ་སྒྱུ་མ་ཡིན། །འཁོར་ལོས་སྒྱུར་བའི་རྒྱལ་ཆེན་པོ། །མཐོང་བའི་གནས་ནས་བཅུ་དྲུག་ས། །

རྫོགས་པའི་གནས་ན་ལོངས་སྤྱོད་པའོ། །བདལ་བ་ཆོས་ཉིད་ས་འདི་ལ། །རོལ་པ་རྒྱན་གྱི་རྣལ་འབྱོར་དང་། །བདེ་བ་ཆེན་དང་ཐིག་ལེར་རྫོགས། །གསུམ་ཉིད་དུ་ནི་སྣང་བ་ལ། །ཡུལ་དོན་ཡེ་ཤེས་དེས་སྦྱར་ན། །ཤེས་པར་བྱས་པས་ཐམས་ཅད་རྫོགས། །སྒྱུ་མའི་

Vol. 97 · folio 245b

སྒྱུ་མ་ཡིན་སྤྱོད་པའོ། །རྫོགས་པ་སྤྱིར་འཆིབ་ས་འདི་ལ། །བཅུ་པ་ཐ་མ་དང་པོ་ལས། །མཐར་རྫོགས་ཀུན་གྱི་རྟོག་ཡིན་ཏེ། །ཀློང་ཡངས་ནམ་མཁའི་སྙིང་པོ་ལ། །སྤྲིན་མེད་ཉི་མ་འབུམ་གྱིས་བདལ། །ཅི་སྣང་ཅི་ཡང་མ་ཡིན་པ། །མི་སྐྱེ་མི་འགག་ངོ་བོ་ལ། །ཇི་ལྟར་

བལྟས་དགུ་དེར་སྣང་བ། །བདལ་ཁྱབ་མི་རྒྱ་རླབས་ཀྱིས་བཅད། །དེ་ཡང་དམ་པའི་ཁྱད་པར་གྱིས། །བདག་ཉིད་ཆེན་པོའི་རྣལ་འབྱོར་དང་། །ལྷུན་གྱིས་གྲུབ་དང་ཀློང་ཡངས་ཆུབ། །གསུམ་རྫོགས་རང་འབྱུང་བདལ་བའོ། །འདི་དག་རྣལ་འབྱོར་སྤྱོད་པའི་ས། །ཁྱད་པར་

གང་ལ་ཁྱད་པར་སྣང་། །གང་ཁྱད་མེད་ལ་དེ་ཁྱད་མེད། །རྩལ་འཕང་མཐོ་དམན་རྣལ་འབྱོར་པས། །མཐོ་དམན་གོ་འཕང་ས་བགྲོད་བྱ། །གང་འདིར་དྲི་བའི་མཆོག་སྣང་བ། །དམ་པར་གྱུར་པའི་ལང་ཀའི་བདག །གང་འདིར་རྣལ་འབྱོར་ཀུན་སྦྱོར་བ། །ངེས་པའི་

ས་བཅུ་རྩ་བ་འདིར། །གང་གི་རྩ་བ་ཡན་ལག་ལས། །བཅུ་གཉིས་བདུན་གཉིས་རྫོགས་པའོ། །དེས་ན་ས་ཡི་ཁྱད་པར་ལས། །རྒྱ་ཆེ་བ་དང་གྲངས་མང་ཡང་། །རྣལ་འབྱོར་ས་འདི་སྦྱར་བར་བྱའོ། །ས་དང་ས་ཡི་འབྱུང་གནས་པ། །ཀུན་གཞི་ཀུན་གྱིས་ཆེན་ཏེ། །

གང་གི་ས་ཆེན་འདི་ནོན་ན། །ས་རྣམས་སྐད་ཅིག་ཙམ་བགྲོད་པའོ། །གྲོགས་པོ་དག་དེ་དག་ནི་ཁྱད་པར་བླ་མར་འགྲོ་བར་བྱའོ། །ཞེས་དམ་བཅའ་བར་དགོངས་པ་ཡོངས་སུ་བགྲོས་པར་ཤེས་པར་བྱའོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རྣལ་

འབྱོར་སའི་སྒྲོན་མ་བསྟན་པའི་ལེའུ་སྟེ་དྲུག་ཅུ་གཅིག་པའོ།། །།དེ་ནས་ཡང་ལང་ཀའི་བདག་པོ་ལ་སོགས་པ་དམན་པ་དམ་པ་རྣམས་ཀྱིས་གསང་བ་པའི་བདག་པོ་ལ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་ཡུལ་ལ་འཇུག་པར་བྱའོ་ཞེས་དམ་བཅའ་བར་

དགོངས་པ་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་སྐད་ཅེས་ཡོངས་སུ་དྲིས་པ་ལས། གསང་བ་པའི་བདག་པོས་ཡོངས་སུ་སྨྲས་པ། ཀྱེ་གྲོགས་པོ་དག་ཡུལ་ནི་འདི་ལྟར་གང་གི་ཞིང་ཡོངས་སུ་སྦྱོང་བར་འདོད་པ་རྣམས་ཀྱིས་གང་དུ་དགོངས་པའི་ཡུལ་དེ་ཁོ་ན་ཉིད་དང་། །

Vol. 97 · folio 246a

གང་ལ་འབྱུང་བའི་ཡུལ་མཐའ་ཡས་པའི་འཁོར་བ་རྣམས་ལ་འཇུག་པར་བྱའོ། །དེ་ནི་དཔེར་ན་བཙོ་བླག་མཁན་དག་གིས། །རས་སྦྱངས་གང་དུ་བྱ་བ་འཇེན་པ་ལྟར། །གང་འདིར་ལས་ཀྱི་དང་པོ་ལས། །གང་དེ་སྦྱར་བ་རབ་ཏུ་གཅེས། །དེ་སྐད་ཅེས་སྨྲས་པས།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལང་ཀའི་བདག་པོ་དེས་འདི་སྐད་ཅེས་སྨྲས་སོ། །གསང་བ་པའི་བདག་པོ་གང་ཐམས་ཅད་ནས་ཐམས་ཅད་དུ་ཡེ་ནས་སངས་རྒྱས་པས་ནད་གདོད་སངས་རྒྱས་པར་བྱར་མེད་ཕན་ཅད་དགོངས་པའི་ཡུལ་ལ་སྦྱོར་བ་དང་། སྙིང་རྗེའི་

ཡུལ་དུ་གྱུར་པ་གང་ཡང་མེད་ལགས་ན། འདིར་སྙིང་རྗེའི་ཡུལ་དུ་གྱུར་པ་གང་ལགས། སུ་ཞིག་སྙིང་རྗེའི་ཡུལ་དུ་གྱུར་དེ་སྐད་ཅེས་སྨྲས་པ་དང་། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ་དེ་དེ་ལྟར་ཀུན་ཀྱང་ཡེ་སངས་རྒྱས་ཕན་ཆད་དེ་ཁོ་ན་ཉིད་པས་སྙིང་

རྗེའི་ཡུལ་དང་དགོངས་པའི་ཡུལ་གང་ཡང་མེད་ན་ཡང་གང་ཇི་ལྟར་ཡང་ཆོས་ཉིད་ལས་མི་འདའ་བའི་ཚུལ་གྱིས་གང་དང་ཡང་འགལ་ཞིང་འགལ་བར་མི་བྱའོ། །ནང་གི་དོན་ཉིད་བྱེད་པ་ནི་དམ་ཚིག་ཆེན་པོ་ཡིན་ལ། ཡེ་ནས་སངས་རྒྱས་པས་དོན་བྱར་མེད་པ་ནི་སྙིང་རྗེ་

ཆེན་པོ་ཡིན་ནོ། །དགོངས་པ་དམ་པ་ལ་འཇུག་མི་དགོས་པར་ཤེས་པ་ནི་དགོངས་པ་དམ་པའི་ཡུལ་དེ་ཁོ་ན་ཉིད་ལ་ཞུགས་པ་ཉིད་དུ་རིག་པར་བྱའོ། །ལང་ཀའི་བདག་པོ་འདི་ལྟ་སྟེ། དགོངས་པ་དམ་པར་གང་བཞུགས་པ། །ཟབ་པ་བས་ཀྱང་ཆེས་ཟབ་པས། །དེ་ཉིད་

གཏིང་ནས་ཐག་གཅད་ཕྱིར། །གསང་བའི་ཡུལ་བཞི་སྐྱེ་བོ་དང་། །ལྷན་ཅིག་ཅི་ལའང་མི་བརྣལ་ལོ། །དེ་ཡང་ཡོངས་སུ་རྫོགས་པ་གང་། །བྱ་བས་བྱ་བ་མེད་ན་ཡང་། །དེ་ཡི་རང་བཞིན་ཕན་གཞན་པ། །ཡིན་པས་གང་འདིར་ཕན་པར་བྱ། །གང་གི་དོན་དང་འགལ་

འགྱུར་བ། །དེ་ལས་གྱུར་པའི་ཡོ་བྱད་དག །རུས་སྦལ་མགོ་ལ་འོངས་པ་ལྟར། །མུ་མཐའ་མེད་པས་བཤུག་པར་བྱ། །ཅི་ཕྱིར་ཀུན་དུ་རྣལ་འབྱོར་པས། །རྣལ་འབྱོར་དམ་པ་ཉིད་ལས་མིན། །གལ་ཏེ་གང་གི་དབང་གིས་ན། །དམ་པའི་དོན་དང་འགལ་འགྱུར་ཏེ། །དེ་དང་

Vol. 97 · folio 246b

མི་མཐུན་ཉེན་ཆེན་འབྱུང་། །གལ་ཏེ་དེ་ལ་དེ་འབྱུང་ན། །མགོན་བཙུན་དེ་ལ་དེ་ལས་མེད། །དེ་གང་མ་ཟིན་འབན་ཐག་ཆད། །གང་གི་དོན་དུ་གང་འགྱུར་ན། །ཕྲ་མོའི་ཕྲ་མོ་ཕྲ་ཡན་ཆད། །ཐམས་ཅད་ཐམས་ཅད་ཇི་ལྟ་བར། །ནན་ཏན་གྱིས་ནི་དགའ་ནས་བྱ། །སློང་

མོ་པ་དང་སློང་ལ་དགའ། །སློང་ལ་འཚོ་བའི་ཚེ་སྤྱོད་རྣམས། །སྡེ་དང་ཚན་དང་གྲར་བྱས་ཏེ། །སྙིང་རྗེ་ཁུད་པའི་ཞིང་དུ་བྱ། །སྨན་དང་འབྲུ་དང་རྩི་རྣམས་དང་། །བཅུད་ཀྱི་མཆོག་ཏུ་གྱུར་པ་དག །བཏགས་སམ་ཕྱེ་མར་བྱས་ནས་ཀྱང་། །ཀླུང་ངམ་ཆུ་གང་མཚོ་ཆེན་

དུ། །དོར་ཏེ་ཆགས་མེད་སྦྱིན་པར་བྱ། །གང་གི་རྟེན་དུ་ཁས་བླངས་ཏེ། །ནད་གསོ་གང་སློབ་སྤྱོད་སྒོམ་གྲ། །བཙུགས་ཏེ་བསྟི་གནས་མཆོག་བྱ་ཞིང་། །དུས་ཀྱི་འཁོར་ལོའི་མཆོད་སྦྱིན་བྱ། །གང་ལ་དམ་པའི་ལུང་བྱུང་བ། །གསུང་གི་མཆོད་རྟེན་ཀུན་རྟེན་ཏེ། །བརྗོད་

དང་བསྙེན་བཀུར་བསྟི་གནས་ཀྱིས། །རྒྱ་ཆེ་ཡངས་པའི་ལམ་རྣམས་བྱ། །གང་གི་དམ་པ་འཕེལ་འགྱུར་བ། །འདི་ལྟར་ངེས་པའི་དམ་པ་དག །སྨྲའམ་སྦྱིན་ནམ་བསྟན་ནམ་ཁྲིད། །དེ་ཡི་ཡེ་ཤེས་ཚད་མེད་འགྱུར། །གོམས་དང་གོམས་པར་བྱེད་པ་ཡིས། །གང་དེ་

དག་པར་བྱ་བའི་ཕྱིར། །བསམ་ཡུལ་བྱ་བ་མང་པོ་ལ། །དེ་ཉིད་ཡུལ་གྱི་རྩལ་རྣམས་སྦྱང་། །དམ་པའི་འཁོར་ལོ་རབ་བསྐོར་ཏེ། །རྒྱུད་སྦྱང་ལྷག་པའི་ཤེས་རབ་བལྟ། །ཤོ་གམ་སྲང་དང་ཤོ་གམ་ལམ། །མི་བདེའི་གནོད་པ་ཀུན་བསལ་ཏེ། །ཚད་མེད་

སྙིང་རྗེའི་འཁོར་ལོ་བསྐོར། །སྦྱིན་པའི་འཁོར་ལོ་རྒྱུན་མི་གཅད། །ཆུ་འམ་ས་འམ་ནམ་མཁའ་འམ། །མེ་འམ་དེ་བཞིན་རླུང་རྣམས་ལ། །སྐུ་གདུང་སྤེལ་མཆོད་རིང་བསྲེལ་རྣམས། །བརྩམ་པའི་ལས་ཆེན་འཁོར་ལོར་བྱ། །མཚམས་མེད་ཟློག་པར་བྱེད་པ་

ཡི། །ལུས་སེམས་རྒྱུད་ལ་རྡུལ་རླགས་ཏེ། །འཕགས་པའི་སྤྲིན་ཚོགས་ཕོ་བྲང་དུ། །རྡུལ་སྙེད་ལུས་ཀྱིས་མཆོད་སེམས་བཤགས། །རྒྱལ་མཉེས་ལས་ཀྱི་ཤིང་བསྲེགས་པ། །ཐབས་ཆེན་སྦྱོར་བའི་ལམ་ཆེན་ལས། །རྣམ་བཞི་མེ་ཡི་ལས་མཆོག་བྱ། །

Vol. 97 · folio 247a

དེས་ནི་མཚམས་མེད་བཟློག་པ་ཡིན། །སྙིང་རྗེ་འབྱུང་བའི་དཀྱིལ་འཁོར་དག །གང་ལྟར་གོམས་ལྟར་ནན་ཏན་བྱ། །དེ་ལ་སོགས་པའི་རྩ་བ་དག །དོན་དུ་མི་འགྱུར་ཀུན་སྤངས་ཏེ། །ནན་ཏན་ཚོགས་ཀྱིས་དཔུང་ཆེན་བསྐྱེད། །འདི་ལྟར་ལས་ཀྱི་ལྡང་

སོགས་པ། །གཞན་དུ་སྤྱོད་པ་མ་ཡིན་ཏེ། །རྩེ་གཅིག་དོན་ལྡན་རྣལ་འབྱོར་པ། །རྒྱུད་སྦྱོང་དོན་ལྡན་བྱ་ཕྱིར་དང་། །གལ་ཏེ་རྩལ་ཞན་མ་ལྡན་ན། །དགེ་བསགས་སྟང་ཆེན་ཀུན་བསྡོངས་ཏེ། །གང་འདིར་བསགས་པའི་དོན་བགྲངས་ཤིང་། །གདུང་བའི་ཤུགས་ཕྱུང་

རྩལ་སྤྲུགས་ན། །ཉི་ཤར་ཆུ་ཀླུང་ཟླ་བརྙན་ལྟར། །རང་བཞིན་ཤུགས་ཀྱིས་འབྱུང་བར་གཅེས། །དེ་ཕྱིར་ཆུང་ངུ་ཡན་ཆད་ཀྱང་། །དམ་པའི་དོན་དུ་འགྱུར་བར་བྱ། །གང་འདིར་ཟིན་དང་མ་ཟིན་པའི། །དངོས་པོ་བརྟན་གཡོ་ལ་སོགས་ཀུན། །དེ་བཞིན་ཉིད་དུ་བློ་བཞག་ན། །

སྙིང་རྗེ་ཆེན་པོ་དེ་ཉིད་དོ། །ལང་ཀའི་བདག་པོ་དེ་ལྟར་ན། །ཡུལ་གང་མེད་པའི་ཚུལ་གྱིས་ནི། །འཇུག་པ་མེད་ལས་གང་འཇུག་པ། །ཡུལ་ལ་འཇུག་པ་དམ་པའོ། །དེ་སྐད་ཅེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་གང་གི་

རྒྱུན་དུ་ཡུལ་ལ་འཇུག་པའི་ངེས་པ་དམ་པ་རྙེད་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཡུལ་དམ་པ་ལ་འཇུག་པའི་ལེའུ་སྟེ་དྲུག་ཅུ་གཉིས་པའོ།། །།དེ་ནས་ཡང་ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་སེམས་དཔའ་དེ་

དག་གིས་གསང་བ་པའི་བདག་པོ་ལ་མཚོན་པའི་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་མེ་ལོང་བརྟག་པར་བྱའོ་ཞེས་དམ་བཅའ་བར་དགོངས་པ་དེ་ཇི་ལྟར་ཡོངས་སུ་བརྟག་པར་བགྱི། དེ་སྐད་ཅེས་དྲིས་པ་པས། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་

གྲོགས་པོ་དག་གང་ལ་གང་གིས་མཚོན་པས་ཤེས་པར་འགྱུར་བའི་མེ་ལོང་ནི་འདི་ལྟར། སྣང་དང་བརྟགས་དང་འབྱུང་བ་དང་། །མི་ཆགས་འབྱུང་སྣང་དག་པ་དང་། །གནས་འབྱུང་མཐུན་པ་རྣམ་པ་བཅུ། །སྒྱུ་མ་སྨིག་རྒྱུ་ཆུ་ཟླ་དང་། །རྨི་ལམ་སྒྲ་བརྙན་མིག་ཡོར་དང་། །

Vol. 97 · folio 247b

མགལ་མེ་དྲི་ཟའི་གྲོང་ཁྱེར་དང་། །སྤྲུལ་པ་གཟུགས་བརྙན་མེ་ལོང་བཅུ། །མཐུན་པའི་དམིགས་བཅུ་མཚོན་པར་གཞག །དངོས་པོ་མེད་ཀྱང་དངོས་པོར་སྣང་། །དངོས་པོར་སྣང་དུ་བཏུབ་པའི་དཔེ། །ཇི་ལྟར་སྒྱུ་མའི་རང་བཞིན་ནི། །སྐྱེས་བུ་གང་གི་རྩོལ་བ་དང་། །སྨན་

དང་སྔགས་ཀྱི་སྦྱོར་བ་ལས། །དབང་པོ་ཡིད་འཕྲོག་ཅིར་ཡང་སྣང་། །དེ་ལ་འགྲོ་འོང་དངོས་པོ་མེད། །འདི་ལྟར་གསང་བའི་རང་བཞིན་ཡང་། །མེད་རྒྱུ་འབྱུང་བའི་སྦྱོར་བ་ལས། །ཇི་ལྟར་སྣང་འབྱུང་རང་བཞིན་མེད། །གང་འདིར་སྨིག་རྒྱུའི་རང་བཞིན་ནི། །འཇིག་འབྱུང་

གཡོ་བའི་དུས་དག་ལ། །དེ་དང་དེ་ཡི་རང་བཞིན་ལས། །བྱིས་པ་གདུངས་པའི་འདུ་ཤེས་ཀྱིས། །ཆུ་ཡི་འདུ་ཤེས་ཉེར་གཞག་ཀྱང་། །ཚིམ་པའི་རྒྱུ་དེར་ག་ལ་འགྱུར། །དེ་བཞིན་དེ་ཡི་ཁྱད་པར་ཡང་། །ཀུན་ནས་རང་བཞིན་སྟོང་པ་ལ། །ཐ་སྙད་མཚན་མ་མིང་དུ་

བཏགས། །དེ་ཉིད་སྟོང་པས་དེ་མི་དམིགས། །གང་འདིར་ཆུ་ཡི་ཟླ་བ་ནི། །སྒྲིབ་མེད་མཁའ་ལ་ཟླ་ཤར་བ། །གཟུགས་བརྙན་དང་བའི་ཆུ་ན་སྣང་། །དེ་ལ་བརྟགས་པའི་དངོས་པོ་མེད། །དེ་བཞིན་གང་ཡང་བཀོད་མེད་པར། །དེ་ཉིད་མཁའ་ལས་གང་གསལ་བ། །གང་

འདིར་སྣང་བ་དེ་ཉིད་དེ། །དེ་ཉིད་དངོས་མེད་འཛིན་རྟོག་བྲལ། །ཇི་ལྟར་རྨི་ལམ་རང་བཞིན་ནི། །གང་ཞིག་གཉིད་ཀྱིས་ནོན་པ་ན། སྐད་ཅིག་ཐང་ཅིག་ཡུད་ཙམ་དང་། །ལོ་ལ་སོགས་པ་ཇི་སྙེད་དུ། །བདེ་སྡུག་སྣ་ཚོགས་མྱོང་བར་སྣང་། །དེ་སངས་ཅི་ཡང་མི་

དམིགས་ལྟར། །སྟོང་ཉིད་ཅིར་ཡང་མེད་པ་ལ། །སྤྱོད་པའི་ཁྱད་པར་ཅིར་སྤྱད་ཀྱང་། །སྤྱོད་ལ་མ་ཆགས་ཇི་བཞིན་པས། །བརྟགས་ན་དམིགས་པ་ཀུན་དང་བྲལ། །སྒྲ་བརྙན་འབྱུང་བའི་རང་བཞིན་ནི། །རང་གི་གནས་ལ་སྒྲས་རྐྱེན་པས། །དེ་བཞིན་དེ་ལྟར་སྒྲ་བརྙན་

འབྱུང་། །དེ་ཉིད་ཅི་ཡང་མེད་འབྱུང་ཡིན། །གསང་སྔགས་གསང་བའི་བྱིན་བརླབས་དག །གང་གི་ཆེད་དུ་མེད་འབྱུང་བ། །ཅི་ཡང་མེད་ལ་ཅི་ཡང་འབྱུང་། །མེད་རྒྱུ་བཏགས་ཆགས་བལྟས་པར་སྣང་། །གང་འདིར་མིག་ཡོར་རང་བཞིན་ནི། །མིག་ནད་ཅན་ལ་རྫས་སྣང་བ། །

Vol. 97 · folio 248a

འཁྲུལ་པའི་ངོ་ལ་སྣང་བར་ཟད། །ཇི་ལྟར་སྣང་བ་གང་ཡང་མེད། །སྤྲོས་བྲལ་རང་བཞིན་སྟོང་ཉིད་ལས། །ཆོ་འཕྲུལ་རྣམ་པ་ཅི་སྣང་བ། །ཆོ་འཕྲུལ་ཉིད་དུ་སྣང་བར་ཟད། །སྣང་བ་དེ་དག་གང་ཡང་མེད། །ཆུ་དང་ནམ་མཁའ་དང་བ་ལས། །ཆུ་བུར་སྤྲིན་ཚོགས་

ཐ་དད་འབྱུང་། །རང་འབྱུང་རང་ཞིའི་རང་བཞིན་པས། །ཆུ་ཉིད་ནམ་མཁའ་ཉིད་དུ་དག །སྣང་དང་མི་སྣང་ཇི་སྙེད་པ། །ཐམས་ཅད་ཐམས་ཅད་དེ་ཉིད་ལས། །རང་འབྱུང་རང་གི་ཇི་བཞིན་པར། །དག་པ་ཉིད་དུ་ངེས་པའོ། །དྲི་ཟའི་གནས་དེ་ངེས་མེད་པ། །དེ་ཡི་གཟུགས་ནི་གར་བྱུང་

བར། །གྲོང་ཁྱེར་དེ་ཡང་དེ་བཞིན་འབྱུང་། །འབྱུང་བ་ཉིད་ན་དེར་མི་བརྟག །ཇི་བཞིན་པ་ཡི་དེ་བཞིན་ཉིད། །གནས་པ་གནས་པ་གར་གནས་པར། །དེ་ཉིད་གཞལ་མེད་ཁང་ཆེན་སྣང་། །སྣང་བ་དེ་ལྟར་གནས་མ་ཡིན། །ཇི་ལྟར་སྤྲུལ་པའི་རང་བཞིན་ནི། །མེད་འབྱུང་

གཅིག་ལས་དུ་མར་འབྱུང་། །གང་འབྱུང་འཁོར་ལོའི་རྒྱུན་ལྟར་སྣང་། །སྣང་བའི་འབྱུང་རྒྱུན་འཆད་མ་ཡིན། །མི་མཉམ་མཉམ་པའི་རང་བཞིན་ལས། །ཇི་ལྟ་བ་ལྟར་དེ་འབྱུང་བ། །གང་འདིར་འབྱུང་བ་རྒྱུན་མི་འཆད། །དེ་ལ་ཟད་མེད་འཕེལ་བ་མེད། །གང་འདིར་གཟུགས་

བརྙན་གང་སྣང་བ། །བཞིན་དང་བཞིན་འབྱུང་དང་བ་ལས། །བརྟེན་ནས་དེ་བཞིན་གཟུགས་བརྙན་འབྱུང་། །དེ་ཉིད་དེ་གཉིས་ཐ་དད་མིན། །གང་འདིར་རྒྱུ་འབྲས་སོ་སོ་བས། །རྒྱུ་ཉིད་འབྲས་བུ་དེ་ཉིད་རྒྱུ། །དེ་བས་དེ་ལ་དེ་གཉིས་མེད། །དེ་བཞིན་ཉིད་དོ་དེ་ཁོ་ནའོ། །དེས་ན་ཇི་

སྙེད་པ་ཡི་ཆོས། །ཇི་བཞིན་ཉིད་དུ་གཅིག་པས་ན། །གང་ལྟར་ཅི་སྣང་ཅི་བྱུང་ཡང་། །མི་གཡོ་བ་ལས་འབྱུང་སྣང་མེད། །ཟབ་མོ་གསང་བ་དམ་པ་འདི། །མཁའ་ལ་རྟོག་འདྲ་གཏིང་དཔག་དཀའོ། །རྣལ་འབྱོར་མི་ལྡན་གང་རྟོག་པ། །བརྟགས་པས་རྟོགས་པར་མི་འགྱུར་

རོ། །དཔེར་ན་ཉི་མའི་སྙིང་པོ་ནི། །མིག་གི་དབང་པོས་རབ་བརྟགས་ན། །སྙིང་པོ་དེ་གང་མི་རྟོགས་ཀྱི། །འོད་འབར་ཟིལ་གྱིས་མིག་རྫིལ་འགྱུར། །དེ་བཞིན་བྱིས་པ་བློ་ཞན་པས། །སྙིང་པོ་དོན་ལ་ཅིར་བརྟགས་ཀྱང་། །གསང་བའི་སྙིང་པོ་མི་མཐོང་གི། །བློ་ཞན་བྱིས་པ་ག་

Vol. 97 · folio 248b

ཆད་རྒྱལ། །དེས་ན་གསང་བ་དམ་པ་འདི། །མཚོན་པས་ཤེས་པར་མི་ནུས་ཀྱང་། །གང་ལ་རྨོངས་པའི་ཚོགས་མཚོན་ཕྱིར། །རྣལ་འབྱོར་ཅན་ལ་ཕྱོགས་ཙམ་མོ། །བསམ་དུ་མེད་པའི་ཆོས་ཉིད་འདི། །བསམ་དང་བྲལ་བས་དེ་བཞིན་གཞག །མི་བརྟག་གཞག་

པའི་ཆོས་འདི་གང་། །བྱིས་པ་རྣམས་ལ་ངས་མ་བསྟན། །བརྗོད་པས་མཚོན་པ་ལས་འདས་པས། །འདི་ཞེས་བསྟན་དུ་ག་ལ་ཡོད། །མེད་པས་བསྟན་པའི་དམིགས་མི་རྙེད། །མི་དམིགས་ཆོས་ལ་ཚིག་ལམ་མེད། །ཆོས་ཀུན་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་

ལ་ཡང་མཚན་ཉིད་མེད། །ནམ་མཁའི་དབུས་མཐའ་མི་དམིགས་བཞིན། །ཆོས་ཀུན་མཐའ་དབུས་མུ་དང་བྲལ། །ནམ་མཁའ་གང་མིང་རྗོད་བྱེད་པ། །བརྗོད་པ་དེ་ཉིད་དངོས་པོ་སྟེ། །དེ་ཡི་ཐ་སྙད་མིང་བརྗོད་ཀྱང་། །ནམ་མཁའ་དེ་ལ་འགག་མི་འགྱུར། །འདི་ལ་མི་

རྟོག་གང་བརྗོད་པ། །བརྗོད་པ་དེ་ཉིད་རྣམ་རྟོག་སྟེ། །རྣམ་རྟོག་རྣམ་རྟོག་ཅི་བརྗོད་ཀྱང་། །དེ་ལ་གཉིས་མེད་འགག་མི་འགྱུར། །གང་འདིར་གཉིས་སུ་འདོད་པ་དང་། །དབུས་མཐའ་འབྱེད་པ་ཐམས་ཅད་གོལ། །མཉམ་ཞེས་བྱ་བའི་ཐ་སྙད་ཀྱང་། །གཉིས་དང་དབུས་

མཐའ་རྣམ་འབྱེད་ལས། །ཀྱེ་མ་འདི་གཅིག་ཆོས་ཀྱི་སྤུན། །ཐམས་ཅད་དེ་ལས་མེད་བཞིན་དུ། །གཉིས་འདི་ཕན་ཆད་རྣམ་རྟོག་ཡིན། །ཀུན་ཀྱང་ངེས་པ་འདི་ལྟར་ཞོག །གྲོགས་པོ་དག་དེ་དག་ནི་མེ་ལོང་བརྟག་པར་བྱའོ་ཞེས་དགོངས་པ་དམ་པ་ངེས་པར་བགྲོས་པར་

ཤེས་པར་བྱའོ། །དེ་སྐད་ཅེས་སྨྲས་པས་ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཡང་དག་པར་ངེས་པར་འཇོག་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཉེ་བར་མཚོན་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་

ཅུ་གསུམ་པའོ།། །།དེ་ནས་ཡང་ལང་ཀའི་བདག་པོ་ལ་སོགས་པ་དམན་པ་དམ་པ་རྣམས་ཀྱིས་གསང་བ་པའི་བདག་པོ་ལ་གང་དུ་འདིར་མདོ་བཅུ་བཀོད་པའི་དགུ་པ་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་ཆ་མཐུན་པར་སྦྱར་བར་བྱའོ་ཞེས་དམ་

Vol. 97 · folio 249a

བཅའ་བར་དགོངས་པ་དེ་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་སྐད་ཅེས་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་དེ་དག་ནི་འདི་ལྟར་ཡོངས་སུ་ཤེས་པར་བྱ་སྟེ། མུན་པ་ཆེན་པོ་མུན་འཁྲིགས་པའི། །བྱིས་པའི་ཁམས་

ཀྱི་གྲོང་ཁྱེར་དུ། །རྟག་པ་རྒྱུན་གྱི་འཁོར་མོར་འདིར། །ངེས་པར་འཇུག་པའི་བྱ་བ་དག །དགོངས་པ་དམ་པ་ཀུན་འདུས་པས། །གང་གི་སྤྱོད་ཡུལ་གང་གྱུར་པ། །ཇི་ལྟར་གསུངས་པ་ཇི་སྙེད་པ། །འདིར་ནི་གསུམ་དུ་ཤེས་པར་བྱ། །ཆ་མཐུན་མཐུན་འཇུག་ཐབས་

འཛུད་པ། །སྦྱོར་དང་སྤྱོད་པ་བསྲེ་བ་ཡིས། །ཐམས་ཅད་ཐམས་ཅད་ཅི་རིགས་པར། །དམ་པའི་དོན་དུ་ངེས་པར་སྦྱོར། །ལང་ཀའི་བདག་པོ་འདི་ལྟ་སྟེ། །ཆ་མཐུན་སྦྱོར་བ་གང་འཇུག་པ། །གང་ཞིག་གང་དུ་དེར་ངེས་ལ། །དེ་དག་ཉིད་དང་མཐུན་པར་སྤྱད། །ཡོངས་ཀྱིས་

དེ་དང་མཐུན་བསྟན་ན། །དེ་ཉིད་དེ་ལ་འགྱུར་བར་བྱ། །དེ་དག་དམ་པར་བྱ་བའི་ཕྱིར། །དེ་དག་མཐུན་པས་གང་སྦྱར་བས། །ཡིད་ཀུན་དྲངས་ཏེ་བཅུག་ཅིང་བྱ། །གང་གི་ཡིད་འཕྲོག་འདྲེན་འཇུག་པ། །ཇི་ལྟར་ཡིད་འོང་དེ་ཁོ་ན། །ནན་ཏན་གྱིས་ནི་དེ་ཉིད་དོ། །དཔེར་ན་

མུན་པའི་ཁམས་དག་ན། །གང་གིས་གང་དག་གང་གྱུར་པ། །དེ་ཡི་ཡིད་ལ་དེ་ཞུགས་ཏེ། །དེ་དང་དེ་གཅིག་མི་གཞན་པས། །དེ་ནས་དེ་ཡི་དེ་རིག་ནས། །དེ་ཡི་དབང་སྒྱུར་ཐབས་ཐོབ་སྟེ། །དེ་ཉིད་སྒྱུར་བའི་ཚིག་ལམ་འབྱུང་། །དེ་འདས་དམ་པ་ཁོ་ན་ཡི། །ཡིད་ལ་ཞུགས་

པས་ཨེ་མའོ་འཁྲུལ། །འདིར་ཉེས་འདིར་ལོག་ལྡང་སོགས་བསྔོ། །དེ་ནང་འདི་ནི་ཁོ་ནས་བྱས། །གང་འདིར་དམ་པར་འཇུག་འདི་ལ། །དམ་པ་ཁོ་ནར་འཇུག་པར་འོས། །དེས་ན་དེ་ཡི་དེ་ཉིད་དེ། །འོན་པས་གང་གི་དེ་ཉིད་ཀྱང་། །འོན་ཅིང་དམ་པའི་ཡུལ་ལ་འཇུག །ལང་

ཀའི་བདག་པོ་ཇི་ལྟར་ན། །དེ་ཡང་ཇི་ལྟ་བུ་ཞེ་ན། །ཁོ་བོས་མཐོང་ཐོས་སྐད་ཅིག་ན། །བདག་གི་བཤེས་གཉེན་དམ་པ་དེས། །འདུས་པ་ཕལ་མོ་ཆེ་དག་ལ། །ལམ་འདི་རྒྱ་ཆེར་བསྟན་པའི་ཚེ། །འཁོར་དེར་འདུས་པར་གྱུར་པ་ཡི། །ལྷ་མོ་ཀླུ་མོ་རིགས་ངན་མོ། །བུ་མོ་དྲུག་

Vol. 97 · folio 249b

གི་འཁོར་འདུས་པས། །དགའ་བས་གླུ་བྲོ་གར་གྱིས་བསྟན། །དགྱེས་པ་ཆེན་པོའི་གཉིས་པས་བསྟབས། །དེ་ཚེ་དམ་པའི་ཡུལ་མིན་ཡང་། །དམ་པ་གསང་བ་མཆོག་ཉིད་ཀྱིས། །དེ་ཉིད་སྤྱོད་མཐུན་དགྲོལ་བ་ཡིས། །ཡུལ་གྱི་དམ་པ་ཉིད་དུ་དགོངས། །གང་དེས་སྲས་ཀྱི་

ཚོགས་འདུས་ལ། །ཀྱེ་མ་འདུས་པ་ཆེན་པོའི་ཚོགས། །ང་ཡི་གདུང་རྒྱུད་རིགས་བྱུང་གང་། །ལྷ་ཡི་རོལ་མོ་གླུ་བྲོ་གར། །སྙན་དང་འཇོ་སྒེག་མཛེས་པའི་སྟབས། །གང་གི་ཡིད་འཕྲོག་འཇུག་འདྲེན་ཐབས། །གླུ་ཡི་ཡན་ལག་སུམ་བརྒྱ་དང་། །སྟབས་དང་གར་ཐབས་མི་

ཟད་པས། །ཀུན་སྡུད་ཀུན་མཉེས་ཆ་མཐུན་སྦྱོར། །དམ་པ་དེ་ཡིས་དེ་གསུངས་པ། །དེ་ནས་སྲས་ཀྱི་དེ་ཁོ་ན། །བློ་གྲོས་ཐབས་ལྡན་ཉིད་ཀྱིས་འདིར། །གང་དག་གང་འདུལ་རིག་ནས་ནི། །འཇིག་རྟེན་དྲུག་དང་མཐུན་སྦྱོར་ཕྱིར། །གང་གི་གནས་ནས་མཐུན་གཡོས་ཏེ། །

གར་མཆོག་གློག་ལྟར་འགྱུར་བ་ཡི། །དཔལ་ལྡན་ལག་པ་བྱེ་བ་ཡིས། །ནམ་མཁའི་ཁམས་འདི་ཡོངས་བཀང་ནས། །གོམ་པའི་སྟོབས་ཀྱིས་གར་བྱེད་ཅིང་། །གླུ་ཡི་ཡན་ལག་སུམ་བརྒྱའི་སྒྲ། །སྲིད་གསུམ་འབྲུག་སྒྲས་གང་བ་ལྟར། །མཐའ་ཐུག་མེད་པའི་

འཇིག་རྟེན་དྲུག །གང་བས་ཡིད་འཕྲོག་འདྲེན་པར་བྱེད། །ཐེག་ཆེན་རྨད་འབྱུང་གསང་བའི་ཚིག །ཚིག་གཅིག་བསྒྱུར་བས་ཚིག་མཐའ་ཡས། །ཚིག་ལམ་རབ་ཏུ་བྲལ་བའི་དོན། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་སྟོན། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྨད་འབྱུང་

རོལ་པའི་དོན་འབྱུང་ངོ་། །ཆ་མཐུན་སྦྱོར་བའི་ཁྱད་པར་ལས། །འཇིག་རྟེན་དྲུག་ཏུ་རོལ་པ་འབྱུང་། །འཁོར་བའི་ལམ་རྒྱུད་གཅད་པའི་ཕྱིར། །འཇིག་རྟེན་དྲུག་གི་སྙིང་པོ་ལ། །ཐུགས་རྗེ་ཐབས་ཀྱི་འོད་འཕྲོས་པས། །རྒྱུད་དྲུག་དངོས་པོ་ཐམས་ཅད་བསྲེགས། །སྤྱོད་ལམ་

མ་ཆགས་ཡེ་ཤེས་ཀྱིས། །ཆ་མཐུན་ཐབས་སུ་སྦྱར་བའི་ཕྱིར། །འཇིག་རྟེན་བྱིས་པའི་སྤྱོད་པ་བཞིན། །འཇིག་རྟེན་བུ་མོ་དྲུག་དང་རོལ། །སྟབས་དྲུག་བསྐྱོད་པས་འགྲོ་དྲུག་བསྒྲལ། །གླུ་དྲུག་བླངས་པས་ཡུལ་དྲུག་དྲངས། །ཚིག་དྲུག་བསྒྲགས་པས་དོན་དྲུག་རྫོགས། །

Vol. 97 · folio 250a

ལེ་ལོ་གཡེང་བའི་ས་གཞི་ལ། །བརྩོན་འགྲུས་མྱུར་བ་ཅང་ཤེས་སྟབས། །ཚངས་པའི་དབྱངས་ཀྱི་སྙན་པའི་གླུ། །དོན་གྲུབ་རྡོ་རྗེ་གསང་བའི་ཚིག །ང་རྒྱལ་རི་བོའི་ས་གཞི་ལ། །དཔའ་བོ་ཚམ་ངམ་གྱད་ཀྱི་སྟབས། །སིལ་སྙན་འབུམ་གྱིས་སྙན་པའི་གླུ། །ཞི་

གནས་མི་རྟོག་ནམ་མཁའི་ཚིག །ཀུན་ནས་འདུས་པའི་ས་གཞི་ལ། །ཁྱུ་མཆོག་ལྔ་ཡིས་རོལ་པའི་སྟབས། །གླུ་གར་ཡིད་འཕྲོག་སྙན་པའི་གླུ། །འཛིན་པའི་རྟོད་ཕུར་འབྱིན་པའི་ཚིག །གཏི་མུག་འདུས་པའི་ས་གཞི་ལ། །སེང་གེ་རྔམ་པས་རོལ་པའི་སྟབས། །ཀ་ལ་

པིང་གའི་དབྱངས་སྙན་གླུ། ཡེ་ནས་དོན་གྱིས་གསལ་བའི་ཚིག །ཆགས་པ་འདུས་པའི་ས་གཞི་ལ། །རྡོ་རྗེ་ཁྱུང་ཆེན་ལྡིངས་པའི་སྟབས། །འབྲུག་ཆེན་འདིར་བས་སྙན་པའི་གླུ། །ཡིད་བཞིན་ནོར་བུ་འབར་བའི་ཚིག །ཞེ་སྡང་འདུས་པའི་ས་གཞི་ལ། །ཁྲོ་བོ་མ་རུངས་ཁྲོས་པའི་སྟབས། །སྲིན་

མོ་མ་རུངས་ཁྲོས་པའི་གླུ། །རྡོ་རྗེ་བུ་ཡུག་སྐར་མདའི་ཚིག །རྨད་འབྱུང་གསང་བའི་དཀྱིལ་འཁོར་ནས། །ཡེ་ཤེས་འབར་བའི་མེ་འབྱུང་བས། །ཁམས་གསུམ་འཁོར་བའི་བུད་ཤིང་བསྲེགས། །སྲིད་གསུམ་འཁོར་བའི་ཁྲག་མཚོ་བསྐམས། །ང་རྒྱལ་རི་བོ་རྨང་ནས་བཤིག །ཞེ་སྡང་

འབར་བའི་མེ་དབལ་གསད། །གཏི་མུག་མུན་པ་གཏན་ནས་བཅོམ། །འཁོར་བ་འདུས་པའི་འདམ་རྫབ་བསྐམས། །ལང་ཀའི་བདག་པོ་འདི་དག་ནི། །གང་གི་ཆ་དང་མཐུན་སྦྱར་བས། །དམ་པའི་དོན་ལ་སྦྱར་བ་ཡིས། །བྱིས་པ་འདྲིད་པའི་རོལ་པའོ། །ལང་ཀའི་བདག་པོ་

གཞན་ཡང་གང་། །ཐབས་འཛུད་བསྲེ་བའི་བརྟུལ་ཞུགས་ནི། །འཇིག་རྟེན་ལོག་སྲེད་ཇི་ལྟ་བར། །བརྟུལ་ཞུགས་སྤྱོད་པའི་ཁྱད་པར་སྤྱོད། །ཝ་དང་ཅང་ཤེས་གྱི་ལིང་དང་། །ཤིན་ཏུ་གླང་ཆེན་མྱོས་འདྲ་བ། །དཔའ་བརྟུལ་ཟ་བྱེད་གཏུམ་རྔམ་འཁྲུག །མཁའ་ལྡིང་ཁྱུང་

ཆེན་གང་མི་ལྟ། །གཏུམ་ཐུང་སྡོང་ཆེན་འཇིགས་འདྲིལ་བ། །གང་ཐུབ་མི་ལྡོག་རྒྱ་མཚོའི་གསེར། །མུན་ལྟར་ལྐུགས་པའི་བློ་ཚུལ་ལྡན། །ལྷུན་པོ་མི་འགྱུར་བརྟན་པ་ཆེ། །མཁའ་ལྟར་ཡངས་དོག་ཀུན་དང་བྲལ། །གནམ་ལྕགས་ལྕེ་ཡི་དྲག་ཤུལ་ཅན། །དྲག་

Vol. 97 · folio 250b

ཤུལ་ཆེན་པོ་བརྟུལ་ཞུགས་བདག །ཁུ་འཕྲིག་ལྟ་བུ་ཟན་ཅན་བློ། །ངེས་པའི་ང་རྒྱལ་གླང་ཆེན་བརྟུན། །ཟླ་མེད་སེང་གེ་གཅིག་བརྗོད་པ། །རེག་འཇམ་བྱ་ལྟར་ཆགས་འགྲོགས་པ། །སྒྱུ་མ་སྒྱུ་མའི་ཚུལ་འདྲིད་པ། །གང་ལ་རྟོགས་མེད་ཀུན་སྤྱོད་ཉིད། །ཐོགས་མེད་ཟ་

བྱེད་མྱུར་སྤྱོད་ཟ་བྱེད་ཁ། །ཡུད་ལྟར་མྱུར་འགྱོགས་གློག་ལྟར་འགྱུར། །གང་གི་གང་བསྲུང་ནམ་མཁའ་ལྡིང་། །ས་ཐུབ་བག་ལེན་རྒྱལ་འཁོར་སྐྱོད། །རྣལ་འབྱོར་བརྟུལ་ཞུགས་ཆེན་པོ་ནི། །བཅུ་གཉིས་དང་ནི་གསུམ་བློར་ལྡན། །གང་འདིར་ཉམས་སུ་ལེན་བྱེད་

པ། །རྣལ་འབྱོར་གསང་བའི་ཐབས་མཆོག་སྟེ། །གང་ལ་འཛུད་པས་བསྲེ་བ་ཡི། །ཚུལ་ཁྲིམས་ཐམས་ཅད་གཅིག་སྤྱོད་པའོ། །ལང་ཀའི་བདག་པོ་གཞན་ཡང་གང་། །མཐུན་པས་འཇུག་པར་སྤྱོད་པ་ནི། །དེ་ཉིད་དེ་ལྟར་དེ་བཞིན་ཏེ། །གང་དང་འདྲ་ཚུལ་གང་ཡིན་

པའོ། །འདོད་ཆགས་ཕོ་མོར་གྱུར་པ་ལ། །ཕོ་མོར་འདོད་ལས་ཕོ་མོར་སྣང་བ་གང་ཡིན་ལ། །ཕོ་མོ་མེད་ལས་ཕོ་མོ་སྣང་བ་མཐུན་འཇུག་སྤྱོད། །འདོད་ལ་ཆགས་པས་ཁྲོ་འགྱུར་ལ། །ཁྲོ་བར་འདོད་ལས་ཁྲོ་བར་སྣང་བ་གང་ཡིན་ལ། །ཁྲོ་བ་མེད་ལས་ཁྲོ་བར་སྣང་བ་

མཐུན་འཇུག་སྤྱོད། །འདོད་ལ་ཆགས་པས་མུན་སྣང་ལ། །མུན་པར་འདོད་ལས་མུན་པར་གྱུར་པ་གང་ཡིན་ལ། །མུན་པ་མེད་ལས་མུན་པར་སྣང་བ་མཐུན་འཇུག་སྤྱོད། །ཇི་ལྟར་གང་ལྟར་དེ་བཞིན་དུ། །དེ་ལ་སོགས་པ་མཐའ་ཡས་པར། །ཐམས་ཅད་ཐམས་ཅད་དེར་

སྣང་བ། །མཐུན་འཇུག་སྤྱོད་པས་དོན་བྱེད་ཡིན། །ལང་ཀའི་བདག་པོ་དེ་དག་ནི་མཐུན་པར་འཇུག་པར་བྱའོ་ཞེས་དེ་སྐད་ཅེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་དམན་པ་དམ་པ་རྣམས་མཐའ་ཐུག་པ་མེད་པའི་ལྟ་སྤྱོད་ལ་ཡོངས་སུ་རྟོག་པ་མེད་པར་གྱུར་

ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་སྒྱུ་མ་རོལ་པས་རྣམ་པར་རོལ་པས་རྣམ་པར་གྲོལ་བའི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་བཞི་པའོ།། །།དེ་ནས་ཡང་ལང་ཀའི་བདག་པོས་གསང་བ་པའི་བདག་པོ་ལ་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་

Vol. 97 · folio 251a

བ་པའི་བདག་པོ་ནད་གསོ་བར་བྱའོ་ཞེས་དམ་བཅའ་དགོངས་པ་དེ་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། །དེ་སྐད་ཅེས་ཡོངས་སུ་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་འདི་ལྟར་གྲོང་ཁྱེར་གསུམ་གྱི་ནད་པ་གསོ་བར་

བྱའོ། །ནད་ཀྱི་གཞི་རྩལ་མཁས་པར་བྱའོ། །ནད་སྦྱང་བའི་ཐབས་ལ་བརྩོན་པར་བྱའོ། །སྨན་པ་དམ་པ་རྣམས་བསྟེན་པར་བྱའོ། །གཉེན་པོ་དམ་པའི་སྨན་བསྲེལ་ཞིང་སྤེལ་བར་བྱའོ། །སྨན་སྦྱར་བ་ལ་མཁས་པར་བྱའོ། །སྨན་གྱི་ལམ་བསྲུང་བར་བྱའོ། །ནད་

པའི་ཚོགས་དང་མི་འབྲལ་བར་བྱའོ། །ནད་ཀྱི་རྒྱུན་གཅད་པར་བྱའོ། །ནད་ཀྱི་གཉེན་པོར་འགྱུར་བར་བྱའོ། །ལང་ཀའི་བདག་པོ་དེ་ལ་གྲོང་ཁྱེར་གསུམ་ནི་མི་སྣང་བའི་གྲོང་ཁྱེར་དང་། ཀུན་སྣང་བའི་གྲོང་ཁྱེར་དང་། ཕྱེད་སྣང་བའི་གྲོང་ཁྱེར་རོ། །ནད་ཀྱི་གཞི་རྩ་

ནི་མུན་པ་ཆེན་པོ་ལས་བྱུང་བའི་ཟུག་རྔུའོ། །ནད་སྦྱང་བའི་ཐབས་ནི་སྨན་དང་སྨན་པར་སྦྱོར་བའོ། །སྨན་པ་དམ་པ་ནི་བཤེས་གཉེན་དམ་པའོ། །གཉེན་པོ་དམ་པའི་སྨན་ནི་ཞི་གནས་ལྷག་མཐོང་ངོ་། །སྨན་སྦྱར་བ་ནི་དེ་དག་དེ་ཉིད་དུ་སྦྱོར་བའོ། །སྨན་གྱི་

ལམ་གསུང་བ་ནི་དེ་བཞིན་ཉིད་ལས་མི་འདའ་བའོ། །ནད་པའི་ཚོགས་དང་མི་འབྲལ་བ་ནི་འཁོར་བ་ལ་མི་སྐྱོ་བའོ། །ནད་ཀྱི་རྒྱུན་གཅད་པར་བྱ་བ་ནི་ཐམས་ཅད་དེ་ཉིད་དུ་ངེས་པའོ། །ནད་ཀྱི་གཉེན་པོར་གྱུར་པ་ནི་འཁོར་བ་ཡོངས་སུ་སྒྲོལ་བའོ། །ལང་ཀའི་བདག་

པོ་དེ་ཡང་གང་། །ཁོ་བོས་མཐོང་ཐོས་སྐབས་ཤིག་ན། །ཀུན་གྱི་བཤེས་གཉེན་དམ་པ་དེས། དུར་ཁྲོད་བདག་པོ་བཏུལ་བའི་ཚེ། །འཇིག་རྟེན་གཙོ་བོ་ཀུན་འདུས་ནས། །སྲས་ཀྱི་ཚོགས་སུ་བཀོད་པ་ཡི། །འདུས་པ་ཕལ་མོ་ཆེ་དག་ལས། །འཁོར་དེར་འདུས་

པར་གྱུར་པ་ཡི། །ཞར་ལས་གྱུར་པའི་ལོག་སྡེ་པ། །སྨན་གྱི་བརྟུལ་ཞུགས་ཆེར་སྤྱོད་པ། །དྲང་སྲོང་ནག་པོ་ཀ་ལ་ཡིས། །གང་དེར་འདུན་ནས་དོན་གསོལ་པ། །ཆེ་མཆོག་སྨན་གྱི་རྒྱལ་པོ་ཁྱོད། །དུག་འཇོམས་སྨན་གྱི་དཀྱིལ་འཁོར་འཛིན། །ནད་དོ་ཅོག་གི་

Vol. 97 · folio 251b

དགྲར་གྱུར་པས། །ཟུག་རྔུའི་ནད་རྣམས་ཞི་བར་མཛོད། །དེ་སྐད་ཞུ་བ་འདུན་པ་ལས། །ཆེ་མཆོག་སྨན་གྱི་རྒྱལ་པོ་དེས། །དྲང་སྲོང་དེ་ལ་རྗེས་དགོངས་ནས། །སྔོན་འདུས་གསུངས་པ་གང་གསུངས་པ། །ཁམས་གསུམ་ཟ་མ་ཏོག་ནང་དུ། །སྲིད་གསུམ་སེམས་ཅན་དུག་

ཆེན་རྣམས། །དུས་གསུམ་སངས་རྒྱས་རྩི་སྦྱར་བས། །རང་འབྱུང་བདུད་རྩིའི་དཀྱིལ་འཁོར་རྫོགས། །དེ་སྐད་ངེས་པར་གསུངས་པ་ལས། །ནག་པོ་ཀ་ལས་དོན་གསོལ་པ། །རང་བཞིན་སྣང་བའི་ལུས་འདི་ལས། །ཡོ་བྱད་ཆེན་པོ་ལྔ་བྱུང་བ། །དུག་ལྔ་སེལ་བའི་བདུད་རྩི་སྟེ། །

དྲང་སྲོང་རྣམས་ཀྱི་སྨན་གྱི་མཆོག །དེ་སྐད་ངེས་པར་འདུན་པ་ལས། །སྨན་པ་དམ་པས་འདི་སྐད་གསུངས། །རང་འབྱུང་གདོད་ནས་དག་པ་སྟེ། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་

སེམས་ཅན་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་མཆོག །དེ་སྐད་ཅེས་གསུངས་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་ཀ་ལ་ནག་པོས་ཡང་གསོལ་པ། །རང་ལས་བྱུང་བས་གཞན་བྱུང་མིན། །དངས་སྙིགས་ཁོ་ནར་ཟད་པས་དག །རྩ་བ་བརྒྱད་དང་

ཡན་ལག་སྟོང་། །ཉིས་སྦྱར་ལྔ་དག་རྫོགས་པར་འགྱུར། །དེ་སྐད་ཞུ་བ་འདུན་པ་ལས། །འཁོར་དེར་འདུས་པར་གྱུར་པའི་སྲས། །བློ་གྲོས་ཐབས་ལྡན་ཁྱོད་ཉིད་ཀྱིས། །ཞེན་པ་འགྲོལ་བའི་ཐབས་འདི་སྨྲས། །ཟག་པ་ཕྱི་མ་རྫས་ལྔ་པོ། །འབྱུང་བ་དང་ནི་ཟས་ཁམས་

ཀྱི། །རྒྱུན་གྱི་རྒྱུ་ལས་བྱུང་བས་ན། །རང་ལས་མ་བྱུང་གཞན་འབྱུང་ཡིན། །གྲོགས་པོ་དམ་པས་དེ་སྨྲས་པས། །ཀ་ལ་ནག་པོས་ཡང་སྨྲས་པ། །ཇི་ལྟར་གལ་ཏེ་དེ་ལྟར་ན། །འགལ་བ་ཉིད་དུ་ཡིན་ཟིན་ན། །རང་འབྱུང་རང་འབྱུང་ཞེས་བྱ་བའི། །ཆོས་དེ་གང་ནས་རྙེད་པར་

འགྱུར། །དེ་སྐད་དྲི་བ་དྲིས་པ་ལས། །དམ་པ་ཉིད་ཀྱིས་དེས་བླན་པ། །རྒྱུ་དང་རྐྱེན་ལས་མ་བརྟེན་པར། །གང་ཞིག་འབྱུང་བའི་ཆོས་ཡོད་ན། །གཞན་ལས་མ་བྱུང་བྱེད་མེད་པས། །ཆོས་དེ་རང་འབྱུང་ཉིད་དུ་འདོད། །དེ་སྐད་སྨྲས་པས་དེ་ལན་དུ། །ཀ་ལ་ནག་པོས་འདི་སྐད་

Vol. 97 · folio 252a

དུ། །སྤངས་པས་སྤོང་བར་མི་འགྱུར་ཏེ། །བདག་ལས་རྒྱུན་དུ་འབྱུང་བའི་ཆོས། །གཞན་ལས་མ་བྱུང་རྒྱུ་འབྲས་མེད། །ཆོས་དེ་གང་ཡིན་རང་འབྱུང་ཡིན། །དེ་ལ་དེ་ཡིས་འདི་སྐད་དུ། །མི་སྤང་དང་དུ་བླང་བའི་ཆོས། །དུས་དང་རྣམ་པ་ཐམས་ཅད་དུ། །

འདུ་འབྲལ་མེད་པར་གནས་འོས་ན། །འབྱུང་རྒྱུན་འགགས་ན་དེ་རྒྱུན་འགག །དེ་ལ་འདི་ལྟར་འདི་སྐད་དུ། །ནག་པོ་ཀ་ལས་སླར་བླན་པ། །བདུད་རྩི་ཡིན་པས་རང་གཉེར་གྱི། །ལས་རྣམས་སོ་སོར་བྱེད་པར་ནུས། །འཇིག་རྟེན་དག་ན་ཕན་འདོགས་པ། །གང་ནུས་དེ་ལ་རྩི་

ཞེས་གྲགས། །དེ་ལ་འདིར་ནི་འདི་སྐད་དུ། གྲོགས་མཆོག་དམ་པས་དེ་ལོན་པ། །བདུད་རྩི་ཞེས་ནི་བརྗོད་པ་ལས། །བདུད་རྩིའི་ལས་ནི་གཉིས་ཡོད་དེ། །ནད་གསོ་ཤི་བ་སློང་བྱེད་ན། །དེ་གཉིས་མཐུ་དང་ཡང་མི་ལྡན། །དེ་སྨྲས་ལན་དུ་འདི་སྐད་དུ། །ཀ་ལ་ནག་པོས་དེ་

བླན་པ། །སྔོན་གྱི་རྒྱལ་བ་གྲངས་མེད་ཀྱིས། །བརྟུལ་ཞུགས་འདི་ལྔ་གཙོར་སྤྱད་ན། །དམ་ཚིག་དམ་པར་བཟུང་བས་ན། །སྔོན་གྱི་དམ་ཚིག་ཡིན་པར་གྲགས། །དེ་ལ་དམ་པས་འདི་སྐད་དུ། །སངས་རྒྱས་དམ་ཚིག་ཡིན་ངེས་ན། །དང་པོ་ནས་བཟུང་རྫོགས་པར་དུ། །

དེ་དང་མི་འབྲལ་ལྡན་དགོས་ན། །ཟག་རྒྱུན་ཆད་ན་འབྲལ་འགྱུར་འགལ། །དེ་ལ་ཀ་ལས་འདི་སྐད་དུ། །བདག་དེ་རྟག་པར་འགྱུར་བ་ཡིས། །ཟག་པ་དེ་ཡང་རྟག་པ་སྟེ། །ཀུན་ནས་ཀུན་དུ་མི་འབྲལ་ཞིང་། །ཟད་ནས་བྲལ་བ་ག་ལ་ཡོད། །དེ་ལ་དམ་པས་འདི་སྐད་དུ། །ཕྱི་དང་

ནང་གི་ཟག་པ་རྣམས། །ཐམས་ཅད་ཐམས་ཅད་ཀུན་ཟད་པས། །ས་དང་རྣམ་ཐར་ལས་རྣམས་ལྟ། །ཅི་སྨོས་ཀུན་སྣང་ཟག་ལམ་ཟད། །དེ་ལ་ཀ་ལས་འདི་སྐད་དུ། །ཇི་ལྟར་གལ་ཏེ་དེ་ལྟར་ན། །འགལ་བ་ཉིད་དུ་ཡིན་ཟིན་ན། །ཐམས་ཅད་མཉམ་པར་འཆེས་པ་རྣམས། །

མཉམ་པ་ཉིད་དུ་མི་འགལ་ལམ། །དེ་ལ་དམ་པས་འདི་སྐད་དུ། །ཀུན་དུ་མ་འདྲེས་མི་ཤེས་པར། །བཟང་པོའི་ཚིག་ལ་བློ་གཏོད་ཅིང་། །ཀུན་དུ་བཟང་པོར་ཁས་འཆེས་པ། །མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར། །ཡོངས་སུ་རྫོགས་པར་ཀུན་མཉམ་ཡང་། །མ་འདྲེས་པར་

Vol. 97 · folio 252b

ཡང་ཀུན་དུ་སྣང་། །ཡོངས་རྫོགས་དོན་དུ་མ་མཐོང་བར། །རྫོགས་སྤྱོད་ལོག་པའི་ལམ་པ་ཡིན། །གསང་ཆེན་ཐེག་པའི་ཚིག་དང་སྒྲ། །གཅིག་ལ་མི་གཅིག་སོ་སོར་སྣང་། །ངོ་བོ་ཉིད་ཀྱིས་རྣམ་པར་ཕྱེ། །གང་ཉིད་ངེས་པར་གྲོལ་བར་སྣང་། །ངེས་པར་ཟག་འབྱུང་

རྩར་འདོད་ན། །དེ་དག་དེ་བཞིན་མ་བཅོས་པར། །ཡེ་ནས་སྟོང་ཉིད་རྟོག་མེད་པ། །ཡིན་པར་ངེས་པ་དེ་ཁོ་ནའོ། །དེ་དག་ཅི་ཕྱིར་རྩི་ཞེ་ན། །རྣལ་འབྱོར་ནད་ནི་རྣམ་རྟོག་སྟེ། །རྟག་པར་འཁོར་བའི་གཏིང་མཐར་འཆི། །རྟོག་པའི་རྩ་བ་ཕྱི་ནང་གི། །ཀུན་ནས་ཟག་པ་

རྣམ་ལྔ་ཡིན། །དེ་ཀུན་དེ་བཞིན་ཉིད་སྟོང་དུ། །རྟོག་བྲལ་མུ་མཐའ་མེད་འབྱུང་བས། །ནད་གསོ་ཤི་བ་སློང་བའོ། །དམ་པ་མཆོག་དེས་དེ་བླན་པས། །མཚན་མར་ཞེན་ལས་དེ་འགྲོལ་ཏེ། །དེ་ཉིད་དེར་ངེས་རྙེད་གཞན་མིན། །དེ་ཉིད་ཆེ་མཆོག་སྨན་པར་འགྱུར། །

ལང་ཀའི་བདག་པོ་དེ་དག་ནི་ནད་གསོ་བར་བྱའོ་ཞེས་ངེས་པར་ཐོས་པ་རྣམ་པར་བགྲོས་པ་སྟེ་འདི་ལྟར་ངེས་པར་ཤེས་པར་བྱའོ། །གསང་བ་པའི་བདག་པོས་དེ་སྐད་ཅེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་དམན་པ་དམ་པ་རྣམས་མཚན་པའི་རྟོག་པ་ལས་

ཡོངས་སུ་གྲོལ་བར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རང་འབྱུང་བདུད་རྩིའི་ལེའུ་སྟེ་དྲུག་ཅུ་ལྔ་པའོ།། །།ཁམ་པོ་བཅུ་པ་སྟེ་ཐ་མར་ཟུག་པ། དེ་ནས་ཡང་ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་

དཔའ་རྣམས་ཀྱིས་གསང་བ་པའི་བདག་པོ་ལ་གསོལ་པ། ཀྱེ་གསང་བ་པའི་བདག་པོ་ཉིད་ཀྱི་རྒྱ་ཆེར་བགྲོས་པའི་གསང་བ་དམ་པ་འདི་ཇི་སྐད་དུ་བརྗོད་པར་བགྱི། མདོ་ནི་གང་དུ་འདུས་པ་ལགས། །དེ་སྐད་ཅེས་གསོལ་པ་ལས། གསང་བ་པའི་བདག་པོས་སྨྲས་

པ། ཀྱེ་ལང་ཀའི་བདག་པོ་ཁོ་བོས་ཇི་ལྟ་བ་བཞིན་བགྲོས་པའི་གསང་བ་དམ་པ་འདི་ནི་བརྗོད་པའི་རྣམ་གྲངས་བརྒྱད་དུ་བརྗོད་པར་བྱའོ། །མདོ་ནི་བཅུར་འདུས་པར་ཤེས་པར་བྱའོ། །ལང་ཀའི་བདག་པོ་དེ་ལ་རྣམ་གྲངས་བརྒྱད་གང་ཞེ་ན། སངས་རྒྱས་ཀུན་གྱི་

Vol. 97 · folio 253a

དགོངས་པ་འདུས་པའི་མདོ་ཆེན་པོ་ཞེས་ཀྱང་བྱའོ། །སྙིང་པོ་ཞེས་ཀྱང་བྱའོ། །རྡོ་རྗེ་དགོད་པའི་རྒྱུད་ཅེས་ཀྱང་བྱའོ། །རྣལ་འབྱོར་རྫོགས་པའི་ལུང་ཞེས་ཀྱང་བྱའོ། །ཀུན་འདུས་རིག་པའི་མདོ་ཞེས་ཀྱང་བྱའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་ཀྱང་བྱའོ། །

ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་ཀྱང་བྱའོ། །ཐེག་པ་ཆེན་པོ་བྱུང་ཚུལ་བསྟན་པའི་མདོ་ཞེས་ཀྱང་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལང་ཀའི་བདག་པོ་གང་ལ་དགོངས་པ་དེ་ཉིད་ལས་མི་འདའ་བ་དང་། གང་གི་སྤྱོད་ཡུལ་མ་ཡིན་ཞིང་། མེད་པ་ལས་ཐམས་ཅད་འབྱུང་

བ་དང་། གང་གི་ཡེ་ཤེས་ཡོངས་སུ་བཀོད་པ་དང་། འདི་ལྟར་གང་ངེས་པ་རྣལ་འབྱོར་དུ་ལུང་སྟོན་པ་དང་། འདིར་ཀུན་ནས་རྔུབ་པ་དང་། དམ་པ་རྣམས་ཀྱིས་མངོན་པར་ཆུད་པ་དང་། གང་ལ་མ་འདྲེས་པར་བཀོད་པ་དང་། གནས་སྐབས་བཅུ་གཉིས་སུ་ངེས་པར་

བྱུང་ཞིང་འབྱུང་བའི་ཕྱིར་རོ། །ལང་ཀའི་བདག་པོ་མདོ་བཅུར་འདུས་པ་གང་ཞེ་ན། གང་མཐའ་བཅུ་ཁོ་ནར་འདུས་པ་སྟེ། དེ་ཡང་འདི་ལྟར་གཞི་གཟུང་བར་བྱའོ། །རྒྱུད་དགྲོལ་བར་བྱའོ། །སྒོ་དབྱེ་བར་བྱའོ། མཐར་ཕྱིན་པར་བྱའོ། །ཐམས་ཅད་འདུ་བར་བྱའོ། །ལ་དོར་

བར་བྱའོ། །ས་གཅད་པར་བྱའོ། །ཉམས་རྙེད་པར་བྱའོ། །ཚེགས་ཆུང་བར་བྱའོ། །མདོ་གཅིག་ཏུ་བྱའོ། །ལང་ཀའི་བདག་པོ་དེ་ལ་ཆོས་ཐམས་ཅད་ཀྱི་གཞི་ནི་དམ་ཚིག་ཡིན་པར་ཤེས་པར་བྱའོ། །དམ་ཚིག་གནས་ནི་འདི་ལྟ་སྟེ། །བསྲུང་བྱ་བསྲུང་དུ་མེད་པ་ནི། །ཆོས་ཉིད་

དམ་ཚིག་དམ་པ་ཡིན། །ཀུན་ཀྱང་དམ་པ་ཉིད་ཡིན་པས། །གང་ལའང་འགལ་བར་མི་བྱའོ། །སུ་ལ་དམ་པ་འདི་གནས་པ། །རིག་འཛིན་དམ་པའི་ས་པ་ཡིན། །བསྲུང་བར་བྱ་བའི་ཡུལ་རྣམས་ལ། །སྒྱུ་གསོག་གཡོ་མེད་དམ་པ་ཉིད། །ཟབ་སངས་རྒྱ་ཆེ་དམ་པ་འདིར། །འདི་

སྐད་གྲུགས་པའི་ཚུལ་ཁྲིམས་དང་། །རྟོག་པའི་བྱ་བ་ཇི་སྙེད་པར། །ཀུན་འདིར་དམ་བསྲུངས་རྣམ་པར་དག །དམ་ཚིག་འདི་ནི་རྨད་པོ་ཆེ། །ཀུན་གྱི་ཐུན་མོང་མ་ཡིན་ཕྱིར། །མོས་པ་ཆུང་ངུ་ཐམས་ཅད་ལ། །བསྲུང་བའི་མཚམས་དག་གཟུང་བར་བྱའོ། །ཐེག་ཆེན་ཡོངས་སུ་

Vol. 97 · folio 253b

གསང་བ་དག །སྣོད་མ་ཡིན་པར་གྱུར་པ་ལ། །ཕྱི་དང་ནང་དང་གསང་བ་ཡི། །སྦ་བའི་ཐབས་སུ་བསྲུང་བར་བྱ། །བསྟན་པའི་གནས་མིན་སྣོད་གང་དག །རྣམ་པ་བཞིས་བསྡུས་བྱེ་བྲག་རྣམས། །མ་འོངས་རབ་འབྱོར་དམ་པ་ཡིས། །བརྟགས་ནས་གསང་བར་

བྱ་ཕྱིར་བཤད། །གསང་ཆེན་ཡིད་བཞིན་ནོར་བུ་འདི། །སྐྱོན་ཡོད་ཉེས་པ་མ་ཡིན་ཏེ། །བློ་ཆུང་རྣམས་ལ་ཕན་དོན་དུ། །ཐུགས་རྗེ་ཐབས་ཀྱིས་ཤིན་ཏུ་གསང་། །འཇིག་རྟེན་པ་དང་ཐེག་དམན་དང་། །ལོག་སྲེད་ལོག་ལ་ཕྱོགས་ལ་ཞེན། །དད་མེད་བློ་ཞན་གཡེང་

རྨུགས་ཤིང་། །གང་ལ་མི་བརྩོན་མུན་པར་མཚུངས། །འདི་ལོག་དམ་ཉམས་འདི་ལས་ལོག །བྱང་ཆུབ་ཐག་པ་གཏིང་ནས་ཆད། །སེམས་ཀྱི་མྱུ་གུ་རྩ་ཚིག་པ། །ངན་འགྲོའི་འདམ་དུ་ཁ་སྤུབ་ཡིན། །གསང་བའི་དོན་རྣམས་སྒྲར་སྨྲ་ཡང་། །གབ་པའི་གསང་བ་འདི་

མི་ཤེས། །གཡོན་ཅན་ཤེས་རློམ་གྲོགས་རྣམས་ལ། །གསང་བར་འོས་པ་ལྷག་པར་སྨྲ། །ཡན་ལག་རྣམ་བཞི་དེ་ཉིད་ལ། །སྒྲ་ཐོས་དོན་མེད་ཉམས་མི་ལེན། །གང་གིས་གང་གཏད་མི་ཐུབ་པ། །བཅུད་མེད་འཁོར་བར་ཟག་པ་ཡིན། །ལྟ་དང་དམ་ཚིག་སྤྱོད་པ་

ཡི། །དམ་པའི་མཛོད་གསུམ་སྒྲར་སྨྲ་ཡང་། །ཞེན་པའི་མཐའ་མེད་གནས་མ་གྱུར། །གཡོ་སྒྱུ་ཕྲག་དོག་སེར་སྣས་གདུངས། །བྱ་མེད་ཆོས་ལ་ངེས་འཛིན་ཅིང་། །དེ་ལ་དེ་ཉིད་དེ་མེད་པར། །རྣལ་འབྱོར་ཅན་ལ་དམན་ཟེར་བ། །དམ་པ་ཕམ་འགྱུར་འཁོར་བར་འབོ། །ཚུལ་

རྟོག་ཚོད་ལེན་ཁྱད་ཚིག་འདྲེན། །ཁ་གསག་ལྕེ་གཉིས་སྒྱུར་བྱེད་ཅིང་། །གང་ལ་དམོད་རྨོངས་དམ་ཅན་ཏེ། །ཚེ་གཅིག་དྲེགས་པའི་ཆེད་ཕྱིར་རུང་། །རྐུ་གཡོ་སྒྱུ་ལྡན་སླུ་འདྲིད་པ། །ཟང་ཟིང་ཕྱིར་འབྲེང་ཚིག་ལ་དགའ། །རློམ་སེམས་བརྗོད་འདོད་ཚུལ་འཆོས་པ། །ལོག་སྨྲ་

དུག་ཅན་ཐ་མར་ལྟུང་། །འདི་ལྟར་ཕམ་འགྱུར་སྣོད་ངན་ལ། །གསང་ཆེན་གསང་བ་དེ་ཁོ་ན། །ཟབ་ཅིང་གཏིང་དཔག་དཀའ་བས་ན། །བསྟན་ཀྱང་ཕམ་ལྟུང་གནས་སུ་འགྱུར། །དེ་བས་བསྟན་པར་བྱ་བ་མིན། །གལ་ཏེ་བསྟན་པར་གྱུར་ན་ནི། །སྟོན་སྨྲ་ཉན་བྱེད་དེ་དག་

Vol. 97 · folio 254a

གང་། །མཐོང་ཡུན་ཕུང་བྱེད་གཉིས་སྲེག་འགྱུར། །རྣལ་འབྱོར་མཁས་གསལ་དོན་ལྡན་ལ། །རྣལ་འབྱོར་མི་ཤེས་གང་དག་གིས། །དྲེགས་པའི་དབང་གིས་ཕྲག་དོག་གིས། །བསམ་པའི་རྣམ་གྲངས་ཅི་བསྐྱེད་པ། །དེ་སྙེད་བསྐལ་པའི་གྲངས་

མཉམ་པར། །འབྲས་བུ་མི་བཟད་མྱོང་བར་འགྱུར། །གལ་ཏེ་བདེ་བར་རྗེས་ལེན་པ། །དེ་སྙེད་བསྐལ་པར་གཟོད་འཇུག་དགོས། །མཁས་གསལ་དོན་ལྡན་གྱིས་ཀྱང་ནི། །གོང་མ་བཞིན་དུ་ངེས་བསམས་ན། །དེ་ཡང་གནས་ངན་ལེན་པ་སྟེ། །མཁས་པས་དེ་ལ་སྐྱོབ་མི་

ནུས། །རྣལ་འབྱོར་ཚུལ་བྱུང་དམ་པ་ལ། །མཚོན་ཆའི་ཚིག་གིས་དེ་དཀྲུགས་ཤིང་། །སྒྲོ་སྐུར་གླུ་གླེང་ངན་བརྗོད་ན། །དམྱལ་བའི་རྡོ་རྗེར་དེ་ལྟུང་འགྱུར། །ཞར་ལས་བྱུང་བའི་རྣམ་སྨིན་ཡང་། །ཇི་ལྟ་བ་ཉིད་དེ་ལྟར་འགྱུར། །སྐལ་བ་དམན་པའི་རྣལ་འབྱོར་པ། །རྩ་ཉམས་

སྐྱོན་ཅན་རང་བཞིན་ནི། །ངན་རྒྱུ་ཁྲོ་གཏུམ་ལྡན་པ་དང་། །མི་བཟད་ཕྲ་མེན་ལས་སྤྱོད་བྱེད། །གང་དག་མི་ཤེས་ངང་ཚུལ་ཅན། །བྱིས་པའི་རང་བཞིན་བློ་ཞན་པས། །ཤིན་ཏུ་དམན་པའི་ལྟ་བ་ཡིས། །ཚུལ་འཆོས་པ་ལ་ལྟོས་པར་བྱེད། །གང་དག་དམ་པའི་དམ་པར་

ལྡན། །བྱམས་ཚུལ་རྟག་ཏུ་བཟོད་གནས་པ། །ཚུལ་ཤིས་དོན་རྣམས་དེ་བཞིན་སློང་། །དེ་ལ་གང་དག་འདུན་པ་མེད། །དམ་ཚིག་སྤྲེའུ་ལྟར་སྤྱོད་བཞིན་དུ། །བྱང་ཆུབ་སྙིང་པོ་ཐོབ་པ་ཡི། །སངས་རྒྱས་ནམ་ཡང་མི་འབྱུང་ངོ་། །འབྱུང་བར་ཡང་དག་ངས་མ་

མཐོང་། །རྒྱལ་བའི་སྲས་གྱུར་རྣལ་འབྱོར་པ། །ལམ་སྟོན་སྐྱོན་སེལ་མཁས་པ་ལ། །གང་དག་ཁ་ཅིག་དྲེགས་དབང་གིས། །དེ་སྤོང་ཐབས་ཀྱིས་དེ་དམར་བྱེད། །དེ་ནི་འཁོར་བའི་གཏིང་རྡོ་སྟེ། །ནམས་ཀྱང་ཐར་པའི་ཁར་མི་འབྱུང་། །མི་ཤེས་རྨོངས་པའི་རྣལ་འབྱོར་

པ། །ཡང་དག་དམ་པར་ངེས་འགྲོ་བའི། །རྗེས་སུ་འགྲོ་བར་མི་བྱེད་ཅིང་། །ཟང་ཟིང་འདོད་པར་གང་ལྟ་བའི། །རྗེས་སུ་འགྲོ་ཞིང་དེར་འདུན་བྱེད། །དེ་ནི་ལོག་པའི་ལམ་པ་ཡིན། །རྣལ་འབྱོར་ལྟ་དང་བྱང་ཆུབ་ཁེ། །འབན་ཐག་ཆད་པར་བློ་མི་འབྱུང་། །ཟང་ཟིང་འདོད་དང་

Vol. 97 · folio 254b

གཡོ་སྤྲུལ་ཁེ། །ཆུང་ངུའང་ཅི་སྒྲུབ་སྲོག་དང་སྡོ། །རྣལ་འབྱོར་དམ་པའི་རང་བཞིན་ཅན། །བུམ་སྣོད་ནང་གི་སྒྲོན་མ་ལྟར། །རིག་པ་མཛོད་ཀྱི་དོན་ལྡན་ཡང་། །སྲོག་ཆགས་རྐུན་པོའི་སྡེར་མོ་ལྟར། །ཁོང་ནས་གང་སྦས་དོན་སྟོན་ལ། །གང་འདིར་བླུན་པོས་ཅིར་མི་མཐོང་། །

དཔེར་ན་འདི་འདྲ་ཚུལ་གཅིག་སྟེ། །གང་གི་ལུས་ལ་གཏེར་འཆང་མི། །བླུན་པོར་གྱུར་པའི་མི་དག་གཉིས། །གནས་གཅིག་གཉིས་མཚུངས་ཁྱད་མེད་འདྲ། །གསང་འདི་སྔགས་པ་རྗོད་བྱེད་ཅིང་། །གསང་བ་དོན་དུ་གཉེར་བ་མེད། །ཏིང་འཛིན་བསྔགས་པ་རྗོད་

བྱེད་ཅིང་། །ཏིང་འཛིན་དོན་དུ་གཉེར་བ་མེད། །ཡང་དག་བསྔགས་པ་རྗོད་བྱེད་ཅིང་། །ཡང་དག་དོན་དུ་གཉེར་བ་མེད། །དམ་ཚིག་བསྔགས་པ་རྗོད་བྱེད་ཅིང་། །དམ་ཚིག་དོན་དུ་གཉེར་བ་མེད། །ཇི་ལྟར་འགྲོ་གང་ལ་ལ་དག །ནོར་བུ་རིན་ཆེན་འདི་འདྲ་སྟེ། །འདོད་

པའི་ཡོན་ཏན་ཀུན་འབྱུང་ཞེས། །དེ་ཡི་ཡོན་ཏན་རྒྱ་ཆེར་བརྗོད། །དེ་ལ་འགྲོ་གང་གཞན་དག་གིས། །དེ་ལྟར་འདོད་པ་འབྱུང་འགྱུར་བ། །དེ་དག་ཅུང་ཟད་ཡོད་དམ་ཞེས། །དྲིས་ཀྱང་མེད་པས་སླར་སྨྲས་པ། གང་ཞིག་དགོས་པ་སྐོང་བ་ཡི། །ཡོན་ཏན་ཆུང་ཟད་སྨོས་

པར་ཟད། །དེ་ཉིད་བདག་ལ་མེད་ཅེས་སྨྲ། །དེ་བཞིན་རྣལ་འབྱོར་མི་བརྩོན་པས། །བསླབ་པར་བྱ་བའི་ཆོས་བྲལ་བས། །དམ་པའི་བསྔགས་པ་རྗོད་བྱེད་ཀྱང་། །དེ་དག་ལ་ནི་དམ་པ་མེད། །དེ་ལ་སོགས་པའི་ལོངས་སྤྱོད་རྣམས། །དམ་པ་ཉིད་དང་ཕྲད་པར་དཀའ། །

རྣལ་འབྱོར་ཆོས་འཛིན་གང་དག་གིས། །རྣལ་འབྱོར་ཉམས་འགྱུར་ལོག་སྲེད་ཅན། །གསང་བ་འཇིགས་པའི་སྒྲར་བལྟས་ནས། །དེ་དག་སྡིག་པ་མཐོང་བ་ལྟར། །འཆད་ཅིང་ས་བཅིང་གང་བྱེད་པ། །སྐྱེས་བུ་དེ་ནི་དམ་པའི་སྲས། །དཔེར་ན་གང་དེ་གང་དག་གིས། །

གང་གི་རྒྱལ་ཁྲིམས་འདས་འགྱུར་ན། །རང་དགའ་མི་གཏོང་ལུགས་དང་སྦྱོར། །བཀའ་ཡི་ཡོ་སྲོངས་དཀའ་བ་དེ། །རྒྱལ་པོའི་ཐུགས་མཉེས་དམ་པ་ཞེས། །ཀུན་ལ་སྣང་བ་གྲགས་པར་འགྱུར། །ལྡུམ་རར་དུག་གི་སྡོང་སྐྱེས་ན། །ལྡུམ་པས་དུག་དེ་ཤེས་མ་ཐག །

Vol. 97 · folio 255a

རྩད་ནས་ཕྱུང་སྟེ་མེད་པར་བྱེད། །ཅི་ཕྱིར་ལྡུམ་ཟས་དེ་དག་ལ། །དུག་འཕེལ་གྱུར་ན་འཆི་ཕྱིར་རོ། །གང་དག་ཉམས་འགྱུར་དུག་ཅན་དེ། །བརྟུལ་ཞུགས་ཅན་གྱི་རྣལ་འབྱོར་པས། །གནས་སམ་ལོ་ཡིས་ཤུགས་ཏེ་སྤང་། །གང་དག་མི་སྤོང་མགོན་བྱེད་

པ། །དེ་དག་གསང་བའི་དམ་སྲི་ཡིན། །དོན་ལ་རྣལ་འབྱོར་གང་ཞིག་གིས། །ཐ་ཚིག་ཟབ་མོར་བཅས་རྣམས་ལ། །བསྲུང་བའི་བསམ་པ་མི་གཡོ་བཞིན། །རྩ་བ་ཡན་ལག་བཅས་རྣམས་ལ། །གལ་ཏེ་མ་ཚོར་ཞིག་འགྱུར་ཡང་། །རྣམ་སྨིན་ཡོད་ཀྱང་རྩ་མི་ཉམས། །

ཇི་ལྟར་གླང་པོ་ཨེ་ན་ཡ། །ཤི་ནས་རོར་ནི་གྱུར་མོད་ཀྱང་། །གི་ཝང་རྩིས་ནི་དོན་བྱེད་ལྟར། །རྣལ་འབྱོར་ཉམས་ཏེ་རོར་གྱུར་ཀྱང་། །གཞན་གྱི་དམ་པར་དེ་འགྱུར་ཞིང་། །དེ་ཡི་དོན་བྱེད་ནུས་པ་ཡིན། །དེ་ལྟ་མོད་ཀྱང་འདི་ཀུན་རྣམས། །རྨི་ལམ་དུ་ཡང་མཐོང་མི་བྱ། །

ཅི་ཕྱིར་འོ་མ་ཉུང་ངུ་ཞིག །རུལ་བས་འོ་མ་ཀུན་རུལ་བཞིན། །རྣལ་འབྱོར་ཉམས་འགྱུར་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུངས་འགྱུར། །འཁོར་བའི་གཡུལ་རྒྱལ་བྱེད་པ་ཡི། །ལོག་པའི་རྣལ་འབྱོར་ཐམས་ཅད་ཀུན། །དོན་དམ་ངེས་པའི་རྣལ་འབྱོར་པས། །

ཐམས་ཅད་བསྒྲིམས་ཏེ་སྤང་བར་བྱ། །གལ་ཏེ་མ་སྤངས་ལོག་སྤྱོད་ན། །འཁོར་བའི་གཡུལ་ནི་རྒྱལ་འགྱུར་ཏེ། །བདེན་པའི་བྱིན་བརླབས་མཐུ་ཆུང་འགྱུར། །ཀུན་ཀྱང་དགེ་སྤྱད་དོན་ཆུང་ཞེས། །ཡང་དག་དོན་ལ་ཡིད་འབྱུང་ཞིང་། །ལོག་པའི་ཆོས་ལ་གཞོལ་བར་

འགྱུར། །ཀུན་གྱིས་ལོག་པའི་ལས་སྤྱད་པས། །ཡིད་དུ་མི་འོང་སྣ་ཚོགས་འབྱུང་། །དེས་ན་སྒྲོ་སྐུར་གཉིས་བྱས་པས། །བཀའ་ཡི་ཆད་པ་གང་ཡིན་པ། །ཡེ་ཤེས་ཅན་ལྟ་རང་བཞིན་གྱིས། །ནམ་ཡང་གནོད་པ་ཡང་མི་མཛད། །དེ་ཡི་འཁོར་ན་གནས་པ་ཡི། །དེ་

དག་མ་རུངས་མཐུ་ཆེན་རྣམས། །རྣལ་འབྱོར་ལོག་པར་སྤྱོད་རྣམས་ཀྱི། །སྐྱོན་མཐོང་ཙམ་ན་ཆད་པས་གཅོད། །ཐམས་ཅད་ངན་འགྲོར་སྤྱིའུ་ཚུགས་ལྷུང་། །སྒྲུབ་པའི་གནོད་མཆོག་གཅིག་ཡོད་དེ། །འདི་དང་མི་མཐུན་ཀུན་རྫོགས་པའི། །རྒྱུད་ལྡན་དོན་ལྡན་དང་ཚུལ་

Vol. 97 · folio 255b

བཟང་། །ཅི་ལའང་ཆགས་མེད་སྟོང་ལྡན་སེམས། །ཤེས་རབ་རྣམ་གྲོལ་ལྡེ་མིག་གིས། །གཏི་མུག་ཐ་རམ་བློ་ཕྱེ་ནས། །ཆོས་ཀྱི་རྒྱལ་པོའི་མིག་ལྡན་པས། །མཐའ་དང་དཔུང་བྲལ་དམ་པའི་ཡུལ། །མ་ནོར་ལམ་དུ་འཇུག་ཤེས་པས། །སྡོང་ཆེན་སྡོང་པོར་རབ་ཏུ་དུལ། །ཐ་

ཚིག་ལུང་ལས་འབྱུང་བ་བཞིན། །དྲང་སྲོང་དཀའ་ཐུབ་དམ་པ་དེ། །དམ་པའི་དམ་པ་ཉིད་ཡིན་པས། །དེ་ལ་གསང་སྒོ་དབྱེ་བར་བྱ། །ཇི་ལྟར་དཀའ་ཐུབ་ཐུབ་པ་ལྟར། །དེ་ལྟར་ཡིད་བཞིན་ནོར་བུ་སྟེ། །ཡིད་འོང་འདོད་དང་བདེ་བ་འབྱུང་། །རིག་འཛིན་རྒྱལ་བ་ཀུན་

ཡུམ་མོ། །དེ་བཞིན་དཀའ་ཐུབ་དམ་པ་འདི། །གནས་པས་རྟེན་པའི་གཞི་ཡིན་ཏེ། །དཀའ་ཐུབ་ཀུན་གྱི་སྲོག་ཀྱང་ཡིན། །དམ་པ་ཀུན་གྱི་ནོར་མཆོག་གོ། །དམ་པ་འདི་ནི་འཇིགས་པའི་སྐྱབས། །དམ་པའི་བགྲོད་པའི་ལམ་མི་མཆོག །དམ་པ་ཆུ་བོ་སྒྲོལ་བའི་གྲུ། །དེ་

བཞིན་དངོས་གྲུབ་དམ་པ་ཡིན། །དམ་ཚིག་གྲོགས་ཀྱི་མཆོག་ཡིན་ཏེ། །དམ་ཚིག་ལོང་བའི་དམིགས་བུ་ཡིན། །གཞན་སྡེ་འཇོམས་པའི་དམག་དཔུང་ཡིན། །འཁོར་བའི་གཡུལ་ལས་རྒྱལ་བར་བྱེད། །དེས་ན་དམ་པའི་གཏན་ཚིགས་ཡིན། །ཅི་ནས་གང་གི་སྒོ་

གསུམ་པོ། །དག་པ་གསུམ་གྱི་མཐའ་བཟུང་ནས། །གང་འདིར་དབང་བཞི་སུན་མི་འབྱུང་། །སྒོ་གསུམ་མི་གནོད་དང་བཅས་གཟུང་། །ཡོངས་སུ་མ་ཉམས་མདོ་བཞིའོ། །མཐར་ཕྱིན་རྒྱ་རྟགས་རྣམ་བཞིར་བཅས། །མདོ་དྲན་པ་ལ་བགྲང་ཞིང་བསྔོ། །འདུལ་བའི་རྒྱུན་

ལྡན་ཐ་ཚིག་ཅན། །མོས་པ་ཆུང་བའི་བུ་རྣམས་ཀྱིས། །ཕྲ་མོའི་ཕྲ་མོ་ཕྲ་ཡན་ཅད། །ནན་ཏན་གྱིས་ནི་བསྲུང་བར་བྱ། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །གསུང་དང་སྤྱོད་དང་ཡིད་འོང་དང་། །མི་འདོར་ཤེས་བྱ་གྲུབ་པ་དང་། །མེད་དང་ཕྱལ་བ་གཅིག་པོ་དང་། །ལྷུན་

གྱིས་གྲུབ་པ་རྣམ་པ་བཅུ། །ལྟ་བ་འདི་ལས་འབུམ་ཕྲག་འབྱུང་། །རྣལ་འབྱོར་རྣལ་འབྱོར་ཐམས་ཅད་ཀྱི། །སྤྱད་པར་བྱ་ཡི་ནོར་མཆོག་ཡིན། །རྣལ་འབྱོར་དམ་པའི་རིགས་རྒྱུད་ལས། །ངེས་པར་བརྟགས་ཏེ་སྤྱོད་པའི་བུ། །ཟབ་མོར་རྫོགས་མཆོག་བདེ་བ་ཡི། །བློ་ལ་

Vol. 97 · folio 256a

ངེས་པའི་ལུང་འདི་བསྟན། །འདི་ཡི་སྔོན་འགྲོ་དམ་ཚིག་སྟེ། །ཟབ་མོ་ལ་སོགས་ཀུན་སྔོན་དུ། །རྡོ་རྗེ་ཐ་ཚིག་དྲག་པོ་ཡི། །གཅན་འཕྲང་ལམ་རྣམས་བསྲུང་བའི་ཕྱིར། །སྤྱི་དང་ཁྱད་པར་དམ་ཚིག་རྣམས། །ངེས་པའི་དོན་གྱིས་བཙན་རེད་ན། །དེ་ནི་དབྱིག་

གི་སྣོད་ཆེན་ཡིན། །དེ་ལྟར་དམ་པའི་སྡོམ་པ་ལ། །གནས་ནས་དུས་ཀྱི་སྐབས་དག་ཏུ། །བསྲུང་བྱ་ཐུབ་པར་བྱ་བ་ནི། །བརྟུལ་ཞུགས་སྤྱོད་པའི་དམ་ཚིག་དག །དམ་ཚིག་ཀུན་གྱི་ཐོག་མར་འགྲོ། །དོན་དུ་མི་འགྱུར་ཀུན་སྤངས་ནས། །ཀུན་དང་མཐུན་ཕྱིར་དེ་ལྟར་སྤྱད། །

མི་ཤིགས་པ་ནི་སེང་གེ་སྟེ། །གཅན་གཟན་རྒྱལ་པོ་ཡིན་པས་སོ། །ཟ་མ་ཏོག་ནི་རྒྱལ་པོའི་མཛོད། །དུག་སྤྱོ་བ་ནི་དེར་མི་རིགས། །རིན་ཆེན་མྱུ་གུའི་ལྕུག་ཕྲན་དག །བྲེགས་ཏེ་འབྱུང་རྒྱུན་གཅད་མ་ཡིན། །གངས་ཀྱི་ཞུན་ཆུ་ཕལ་པ་ཡང་། །མཁས་པས་བཏུང་བར་མི་

བྱའོ། །པདྨའི་ཟེ་འབྲུ་ཁ་མི་དབྱེ། །ཟླ་ཟེར་མ་ཡིན་དབྱེ་མི་བྱ། །མ་བརྟགས་བུག་རྡོལ་ཅན་སྣོད་དུ། །བདུད་རྩི་སྨན་བླུགས་ཟག་པར་འགྱུར། །དོན་མེད་བཅོས་མའི་ཚུལ་རྟགས་ཅན། །བསྲེལ་ཞིང་སྤྱད་པར་བྱ་བ་མིན། །ཤེལ་དཀར་རིན་ཆེན་སྒོ་ང་དག །འདམ་ཁུང་

རྫབ་ཏུ་བསྣུབ་མི་བྱ། །སེང་གེ་དཀར་མོའི་འོ་མ་དག །གསེར་སྣོད་མ་ཡིན་བླུགས་མི་བྱ། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །བསྲེག་པར་བྱ་བ་ཡང་མ་ཡིན། །ཁྱུང་ཆེན་གཤོག་པ་མཁར་བརྐྱང་བ། །དེ་དག་གཅག་པར་བྱ་བ་མིན། །གནམ་ལྕགས་མེ་ཡི་དུར་མོ་དག །

བརྡབ་པར་བྱ་བ་མ་ཡིན་ནོ། །སྟག་སེང་རོལ་པས་ལས་བྱས་པའི། །ལས་ཀྱི་རྗེས་ལ་བཟླས་མི་བྱ། །རྡོ་རྗེ་བྲག་ཆེན་གཏམས་པའི་གཞི། །གཞིག་པར་བྱ་བ་ག་ལ་ཡིན། །རྡོ་རྗེ་རྭ་བའི་རེ་ག་དེ། །བསྡམ་བྱ་དྲལ་བར་བྱ་བ་མིན། །བུད་ཤིང་སྲེག་པའི་སྒྲོན་མ་དེ། །འཐོར་

རླུང་དྲག་པོས་བསྐྱོད་མི་བྱ། །རྡོ་རྗེ་ཚིག་གི་ཆུ་རྒྱུན་དག །འོལ་ཀར་གཅད་པར་བྱ་བ་མིན། །རྒྱལ་པོ་བཀའ་རྟགས་ཕྱག་རྒྱ་དག །རྣམ་ཞར་དབྱི་བར་མི་བྱའོ། །རྡོ་རྗེ་ཕ་ལམ་གཏམས་པའི་མཁར། །རྨང་ནས་བཟློག་པར་མི་བྱའོ། །གཙུག་གི་ཡིད་བཞིན་ནོར་བུ་དེ། །

Vol. 97 · folio 256b

རྒྱལ་མཚན་རྩེ་ལས་དཔོག་མི་བྱ། །རྣལ་འབྱོར་ཐབས་ཀྱི་ཁྱད་པར་ཅན། །རྩལ་ཅན་རྣམས་ཀྱི་དམ་ཚིག་སྟེ། །སྐལ་ལྡན་དག་གི་ནོར་མཆོག་ཡིན། །རྒྱུན་དུ་སྦྱང་བའི་ནོར་མཆོག་ནི། །རྡོ་རྗེ་ལས་ཀྱི་བསམ་གཏན་དག །རྡོ་རྗེ་གོ་ཕུར་ཏྲོམ་ཆེན་གྱིས། །སྲོག་

ལ་བར་ཆད་བྱེད་པའི་དགྲ། །ཉོན་མོངས་ཐིབས་པོ་དེ་གཞོམ་བྱ། །སྙོམ་ལས་ལེ་ལོའི་གཞིར་གྱུར་པ། །ཐུགས་ཐུབ་ར་ཅོད་ང་རྒྱལ་རི། །དྲེགས་བྱེད་དབང་པོ་ཉམས་པའི་བཅུད། །དཔའ་བྱེད་རྐྱེན་ཡང་བསྡམ་པར་བྱ། །ཐེག་ཆེན་གསང་སྔགས་མ་གཏོགས་པ། །མཚན་

མ་གང་དག་བྱིས་པའི་ཚིག །ཟུར་ཡང་བརྗོད་པར་མི་བྱ་ཞིང་། །ཐམས་ཅད་དེ་ཉིད་ཁོ་ནར་བྱ། །ཇི་ལྟར་གསད་པའི་མི་གང་དག །གཤེད་མ་མིས་ནི་གསོད་པའི་ཚེ། །ཐར་པའི་ཐབས་ལ་བརྩོན་པ་ལྟར། །ལེ་ལོ་དགྲ་བཅོམ་བརྩོན་པར་འབད། །རྣལ་འབྱོར་སྒྲིབ་པའི་

གགས་བསལ་བ། །དཀའ་ཐུབ་སྡོམ་པའི་མདུད་པ་ཅན། །འདོད་སྤྱོད་ཞེན་དང་མི་མཐུན་དང་། །གཅིག་ལ་གང་འདིར་མི་གཅིག་པ། །ཕྱི་ནང་ཅན་དང་གནོད་སྦྱོར་ཅན། །འདོད་མྱོས་བྱིང་རྨུགས་བརྐམ་པ་དག །དད་མེད་རྩ་ཉམས་འཕྱར་གཡེང་ཅན། མཁས་

པ་ཡོངས་ཀྱིས་སྤང་བར་བྱ། །དེ་ནི་རྣལ་འབྱོར་བགེགས་ཡིན་ཏེ། །རྣལ་འབྱོར་བར་དུ་གཅོད་པར་བྱེད། །རྣལ་འབྱོར་ངེས་པར་ཞུགས་པ་ལ། །རྒྱུན་གྱི་བར་དུ་གཅོད་པའི་བདུད། །རྣམ་རྟོག་འཕྲིག་པ་ཆེན་པོ་དང་། །གང་ལ་བཏང་སྙོམས་ལེ་ལོ་དང་། །ལོངས་སྤྱོད་

འདུ་འཛི་གཡེང་བ་དང་། །ཚིག་རྩུབ་མཚོན་ཆ་རྣོན་པོ་དང་། །ཁྲོ་གཏུམ་ངང་ཐུང་ཤིན་ཏུ་འཁྲུག །རྣལ་འབྱོར་སྦྱོར་བའི་བདུད་ལྔ་ཡིན། །ཡང་དག་དོན་ལ་སྒྲིབ་པ་སྟེ། །གཉེན་པོ་བྱང་ཆུབ་སེམས་མཆོག་གིས། །ཞི་བ་ཆེན་པོའི་ངང་དུ་བཟློག །རྣལ་འབྱོར་ནོར་

ལ་འཕྲོག་པའི་དགྲ། །ཐབས་ལ་མཁས་པས་དུལ་བར་བྱ། །གང་གི་རྣལ་འབྱོར་རང་བཞིན་བཅོས། །དྲང་སྲོང་ཉིད་ལས་ཉམས་འགྱུར་ཏེ། །ཁ་ན་མ་ཐོ་གྲགས་པ་ཡིས། །དེ་དག་བཅས་དགར་འགྱུར་བའི་དགྲ། །ལྟ་དམན་སྤྱོད་རྩིང་འཆོལ་བ་ཡིས། །ལུགས་པོར་

Vol. 97 · folio 257a

འདི་ལས་ལོག་པར་སྤྱོད། །བཀའ་ལོག་ཕྲ་མེན་ལས་སྤྱོད། །བཀའ་ལོག་ཕྲ་མེན་ལས་སྤྱོད་པས། །དོན་དུ་མི་འགྱུར་འཆལ་བའི་དགྲ། །འདའ་ཀ་རྡོ་རྗེ་དཀའ་ཐུབ་དམ། །ཀློང་དུ་མ་གྱུར་ཕྱལ་བས་འཆལ། །རྩ་བ་རུལ་བའི་ལྗོན་ཤིང་བཞིན། །འཆད་པས་དྲུག་པོར་འབྱུང་བའི་དགྲ། །རྣལ་

མ་ཉིད་ལ་སྦྱོར་བ་དེ། །གང་ལ་ངེས་པའི་ཚིག་མེད་ན། །དོན་རྣམས་གྲུབ་པ་མ་ཡིན་ཏེ། །འབྲས་བུར་མི་འགྱུར་གོལ་བའི་དགྲ། །རྣལ་འབྱོར་རྣལ་འབྱོར་སྤྱོད་པ་ལ། །དམ་པའི་ནོར་མཆོག་འཕྲོག་པའི་དགྲ། །ཐབས་ལ་མཁས་པའི་བློ་གྲོས་ཀྱིས། །སྐྱོན་གྱི་དགྲ་བཞི་

བཟློག་པར་བྱ། །སྲིད་གསུམ་སྣང་བའི་ཞིང་འདི་དག །རྣམ་དག་ཞིང་དུ་ངེས་པ་སྟེ། །ས་རྣམས་ཅིག་ཅར་སྦྱངས་པས་ན། །ཞིང་རྣམས་དམ་པའི་མཆོག་ཡིན་ནོ། །འདོད་སྤྱོད་མཆོད་པའི་ཚོགས་འདི་དག །ཡོ་བྱད་ཆེན་པོའི་མཆོག་ཡིན་ཏེ། །དགོངས་པ་དམ་པ་ཀུན་མཉེས་

པའི། །རྨད་དུ་བྱུང་བའི་མཆོད་པའོ། །འཁོར་བ་དུར་ཁྲོད་གནས་འདི་དག །བདེ་བ་ཆེན་པོའི་གནས་ཡིན་ཏེ། །མ་ནོར་མ་བཅོས་ཆོས་ཀྱི་དབྱིངས། །རྩོལ་མེད་ལྷུན་གྱིས་གྲུབ་པའི་སའོ། །ཀུན་གྱི་རྩ་བ་དུག་ཆེན་ལྔ། །ཡེ་ཤེས་ཆེན་པོ་ལྔ་ཉིད་དེ། །ཀུན་ཤེས་རང་རིག་

རང་བྱུང་བས། །རྣལ་འབྱོར་རང་རིག་མིག་ལྡན་པའོ། །ལང་ཀའི་བདག་པོ་འདི་དག་ནི། །དམ་ཚིག་གསང་བའི་མཆོག་ཡིན་ཏེ། །དམ་པས་གདམས་པའི་ཚིག་འདི་ལ། །གང་དག་ངེས་པའི་རྣལ་འབྱོར་ཡིན། །ཇི་ལྟར་ས་གཞི་གཤིན་པ་ལ། །བརྟེན་ནས་ས་བོན་བཏབ་

པ་ལས། །དམ་པ་ཁོ་ན་འཇུག་པར་འོས། །འུན་པས་གང་གི་དེ་ཉིད་ཀྱང་། །འུན་ཅིང་དམ་པའི་ཡུལ་ལ་འཇུག །ལང་ཀའི་བདག་པོ་ཇི་ལྟར་ན། །དེ་ཡང་ཇི་ལྟ་བུ་ཞེ་ན། །ཁོ་བོ་མཐོང་ཐོས་སྐབས་གཅིག་ན། །བདག་གི་བཤེས་གཉེན་དམ་པ་དེས། །འདུས་པ་ཕལ་

པོ་ཆེ་དག་ལ། །ལམ་འདི་རྒྱ་ཆེར་བསྟན་པའི་ཚེ། །འཁོར་འདིར་འདུས་པར་གྱུར་པ་ཡི། །ལྷ་མོ་ཀླུ་མོ་རིགས་ངན་མོ། །བུ་མོ་དྲུག་གི་འཁོར་འདུས་པས། །འབྲས་དྲུག་སྨིན་པར་གྱུར་པ་ཡིས། །གང་དག་འཚོ་བའི་སྲོག་འཛིན་ལྟར། །ཆོས་རྣམས་ཀུན་གྱི་གཞིར་གྱུར་

Vol. 97 · folio 257b

པས། །དམ་ཚིག་འདི་ལ་གནས་པ་ནི། །བླ་མེད་བྱང་ཆུབ་རྣམ་སྨིན་པས། །དགེ་བའི་སྲོག་འཛིན་དམ་པའོ། །གལ་ཏེ་ཉམས་པར་གྱུར་པ་ན། ཆད་པའི་སྐྱེ་གནས་དམྱལ་ཆེན་བརྒྱད། །མི་བཟད་སྡུག་བསྔལ་དྲག་པོ་ཡིས། །འཁོར་ལོ་མཚོན་ཆ་བཞིན་དུ་འཁོར། །ལང་

ཀའི་བདག་པོ་གང་འདི་ལས། །ཉམས་པར་གྱུར་པ་གང་ཞེ་ན། །ཀུན་དུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་བཟླས་ཉམས་ཞར་ཉམས་ལྔ། །རྟག་པར་རྒྱུན་གྱི་ཁོར་མོར་འབྱུང་། །གང་དེ་བཀང་བར་བྱ་བའི་ཐབས། །རྣམ་པ་

ལྔར་ནི་བཤད་པར་བྱ། །ལས་དང་རྫས་དང་འདུན་པ་དང་། །ཏིང་ངེ་འཛིན་དང་དེ་ཉིད་དོ། །ལས་ནི་རྣམ་ལྔས་སྐོང་འགྱུར་ཏེ། །དང་པོ་འབུམ་ཁྲི་གསུམ་པ་སྟེ། །རྩ་ཉམས་ཁྲི་ལྔ་སྟོང་གསུམ་མོ། །ཡན་ལག་ཉམས་པར་གྱུར་པ་ལ། །སྟོང་ལྔ་བརྒྱ་གསུམ་ཐོན་པར་བྱ། །

བཟླས་ཉམས་བརྒྱ་ལྔ་བཅུ་གསུམ་མོ། །ཞར་གྱིས་ཉམས་པར་གྱུར་པ་ལ། །བཅོ་ལྔ་གཅིག་གསུམ་དག་གིས་སྐོངས། །རྫས་ནི་རིན་ཆེན་སྣ་ལྔ་ཡིས། །རིགས་ཀྱི་དམ་ཚིག་གང་ཉམས་ལས། །བླ་མ་རིགས་ལྔ་གང་དག་ལ། །ཐ་ཚིག་གང་རླག་ནོར་དེས་བསླུ། །འདུན་

པ་དད་པ་དང་བ་ཡིས། །གདུང་བའི་ཤུགས་ཀྱི་ང་རོ་ཡིས། །རྟག་པར་རྨ་ག་ཆད་པ་ནི། །དམྱལ་ཆེན་གནས་ན་སྤྱོད་བཞིན་དུ། །གཉེན་པོ་མཆོག་ཏུ་དེ་འགྱུར་ཏེ། །དེ་ནི་སྐོང་བ་དམ་པའོ། །ཏིང་ངེ་འཛིན་གྱི་ཐབས་ཆེན་ཡང་། །འཇིག་རྟེན་སྲེག་ལ་མེ་དགོས་ཀྱང་། །བག་

ཆགས་སྲེག་ལ་མེ་མི་དགོས། །རིག་པའི་ཡེ་ཤེས་མེ་བྱུང་བས། །སྒྲིབ་པའི་བུད་ཤིང་ཐམས་ཅད་བསྲེགས། །འཇིག་རྟེན་གཏོར་ལ་རླུང་དགོས་ཀྱང་། །མཚན་མ་འབུད་ལ་རླུང་མི་དགོས། །རིག་པའི་ཡེ་ཤེས་རླུང་བྱུང་བས། །མཚན་མའི་རྡུལ་ཀུན་རྣམ་པར་འཕྱག །

ལུས་བཀྲུ་བ་ལ་ཆུ་དགོས་ཀྱང་། །སེམས་བཀྲུ་བ་ལ་ཆུ་མི་དགོས། །རིག་པའི་ཡེ་ཤེས་ཆུ་བྱུང་བས། །བག་ཆགས་ལྗན་ལྗིན་ཐམས་ཅད་དག །སྟོང་ཉིད་ཆུ་བོ་ཁྲུས་ཀྱི་རྫིང་། །དེ་བཞིན་ཉིད་ཀྱི་ནམ་མཁའ་ནས། །འབར་འཕྲོ་མེ་ཡི་བསྐལ་པར་ཚིག །དེ་ནི་སྐམས་པ་

Vol. 97 · folio 258a

དམ་པའི་མཆོག །དེ་ཉིད་དེ་ཡི་ཐབས་མཆོག་ཀྱང་། །རྣལ་འབྱོར་དམ་པ་གང་ཞིག་དག །ཉམས་པའི་ཆད་པ་བྱུང་བ་ལ། །དེ་བཞིན་དེ་ཉིད་མ་གཡོས་ཀྱང་། །མགོན་སྐྱབས་དེ་ལས་གཞན་མེད་དེ། །ཉམས་དང་མ་ཉམས་ཐ་སྙད་མེད། །བཀང་

ངམ་མི་བཀང་ཚིག་ལམ་བྲལ། །ལང་ཀའི་བདག་པོ་དེ་དག་ནི་གཞི་ཡོངས་སུ་གཟུང་བ་རྣམ་པར་བགྲོས་པར་ཤེས་པར་བྱའོ། །དེ་སྐད་ཅེས་སྨྲས་པས་ལང་ཀའི་བདག་པོ་ལ་སོགས་པ་དམན་པ་རྣམས་དམ་པ་རྣམས་ཀྱི་ནོར་ལ་ཡོངས་སུ་སྤྱོད་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་

དགོངས་པ་འདུས་པའི་མདོ་ཆེན་པོ་ལས་དམ་ཚིག་གསང་བའི་མཆོག་གི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་དྲུག་པའོ།། །།དེ་ནས་ཡང་གསང་བ་པའི་བདག་པོས་སྨྲས་པ། ཀྱེ་གྲོགས་པོ་དམ་པ་དག་རྒྱུད་ཡོངས་སུ་གྲོལ་བ་ནི་དམ་པ་ལ་རག་ལས་པ་སྟེ། དེ་ཡང་གང་ཞེ་ན།

འདི་ལྟ་སྟེ། བླ་མེད་སྙིང་པོ་སྨིན་པའི་རྐྱེན། །བློ་གྲོས་ཆེན་པོ་དྲི་བའི་ཡུལ། །ལམ་སྟོར་ས་མཁན་བཤེས་གཉེན་མགོན། །མུན་སེལ་སྒྲོན་མའི་རིན་པོ་ཆེ། །མཐོང་མིག་དབང་པོ་ཡིད་རྣམ་ཤེས། །ཆུ་བོ་རབ་མེད་སྒྲོལ་བའི་གྲུ། །འཇིགས་པའི་རྫོང་ཆེན་རྟེན་པའི་

མཁར། །འཁོར་བའི་གཅོང་འབྱིན་སྨན་པའི་མཆོག །མཚོ་གླིང་རིན་ཆེན་ལེན་བྱེད་པའི། །དེད་དཔོན་དམ་པའི་བླ་མ་དེ། །སྔོན་དུ་ངེས་པར་ཤེས་པར་བྱ། །སྡེ་མཛོད་གཏེར་ཁྱིམ་ཁང་ཆེན་དང་། །རྣམ་འགྲེལ་ལྡེ་མིག་བཅུ་གཉིས་དང་། །ངེས་མདོ་དམ་པ་དེ་ཉིད་

བཅུ། །མཐའ་བཅུ་ཡན་ལག་མདོ་རྩ་བ། །གང་འདིར་སྐབས་བཅུ་རྫོགས་ལྡན་ནམ། །སྐྱོན་གྱི་མཐའ་རྣམས་ཟད་འགྱུར་ཞིང་། །ཡོན་ཏན་རྒྱ་མཚོའི་ཕ་རོལ་ཕྱིན། །དམ་པའི་ཚད་ལ་བབ་མ་བབ། །དེ་ལ་བཤེས་གཉེན་མགོན་བལྟས་ན། །མཐར་ཆུབ་ཡོངས་སུ་

རྫོགས་ཞེའམ། །གང་རིག་དེ་ཡུལ་མ་ཡིན་པར། །ཐབས་དང་ཡན་ལག་བཅས་པ་ཡིས། །གཞན་གྱི་ཡུལ་ནས་བརྟག་པར་བྱ། །བརྟགས་པས་བསྔོ་བ་ཀུན་ལྡན་ན། །གཞན་གྱི་ཡུལ་ལ་འགྲོ་མི་བྱ། །དམ་པའི་ཡོ་བྱད་ལྔ་རྫོགས་ན། །དམན་པའི་ཡོ་བྱད་མེད་

Vol. 97 · folio 258b

ལ་མིན། །ངེས་པར་ཀུན་དུ་བཟང་ཉིད་ན། །གང་གི་བལྟ་ཡུལ་ངན་ལ་མིན། །སྒྲོན་མེ་འཚུབ་རླུང་བསྐྱོད་ལ་མིན། །འདོད་འཆལ་ཚིག་འཆལ་དམན་ལ་མིན། །བླུན་རྨུགས་རྨོངས་ལ་ག་ལ་སྲིད། །འཇིག་རྟེན་པའི་སྐྱོན་དེ་བཞིན་དུ། །དམ་པ་དེ་དག་ཇི་ལྟར་

ཡང་། །ས་མཁན་ལམ་ལ་མཁས་ངེས་ན། །ཇི་ལྟར་བཟོད་པར་བྱ་དཀའ་ཡང་། །ཐམས་ཅད་ཐམས་ཅད་བཟོད་པར་བྱ། །དམ་པ་འདི་ནི་ས་མཁན་ཏེ། །འདི་ནི་བདག་གི་མགོན་ཡིན་པས། །འཇིག་རྟེན་པ་ཡི་ཐ་སྙད་ཀུན། །ངེས་པར་ཐམས་ཅད་སྒྱུ་མ་ཡིན། །གང་

འདིར་གྱི་ན་ཙམ་འདི་དག །དམ་པར་གང་ལ་འགོག་མ་ཡིན། །སྐད་ཅིག་ཙམ་གྱིས་མཐོང་འདི་ལ། །དེ་ལྟ་ཞིག་ན་འདི་ལྟ་ལ། །དེ་སྲིད་ཙམ་དུ་བཟོད་པར་ཟད། །ཅི་གར་གར་ཅིག་འབྱུང་འཇོམས་སྒྲུབས། །ལོག་པས་གྱིན་ད་གྱིན་ད་འདི། །དམ་པའི་དོན་དུ་མི་སྦྱོར་རམ། །

སྙམ་དུ་བརྟགས་ཏེ་དམ་པར་བྱ། །ཡུན་གྱི་དོན་སྲིད་ཆེན་པོ་ལ། །དམིགས་ནས་བློ་གྲོས་ཕྱིར་བསྐྱེད་དེ། །བདེ་མཆོག་བདེ་བའི་དམ་པ་དང་། །སྐད་ཅིག་ཙམ་གྱི་ཐ་སྙད་འདིས། །བཏང་སྙོམས་བྱ་བ་ག་ལ་སྲིད། །གང་འདིར་མགོན་མེད་བདག་འཁྱམས་ན། །གང་

གིས་ཕྱོགས་འདི་དག་ལ་ནི། །ཕན་འབྱུང་རིགས་ཅན་སུ་ག་ན། །དམ་པ་མ་གཏོགས་གཅིག་འགའ་མེད། །འདི་ན་ཕན་དང་མགོན་མང་ཞིང་། །དམན་པར་འབྲེལ་བ་གང་ཡོད་ཀྱང་། །ལོག་པར་བསྒྲུབ་པའི་བློ་གྲོས་མཁན། །གཡང་སར་མཆོངས་པའི་སྔ་བགྲོས་

མཁན། །དོན་ལ་འགོག་སྙམ་ཡོད་མིན་ཏེ། །བཤེས་གཉེན་སྐྱབས་མེད་ཅི་སླད་དུ། །ཀུན་ཀྱང་དམངས་རིགས་གྲོང་ཁྱེར་འགྲོ། །བྱམས་བློའི་ཡུལ་དུ་ག་ལ་རུང་། །གང་འདིར་མུན་པར་འཁྱམས་པ་ལ། །བདེ་མཆོག་སྣང་བའི་ལམ་སྟོན་པ། །སྐྱབས་ཆེན་དམ་པ་

གང་དེ་ལགས། །གཞན་གྱིས་བསྐྱབ་པར་ནུས་མ་ཡིན། །དེས་ན་དམ་པ་གང་དག་ལ། །བསྙེན་པས་ཤིན་ཏུ་བསྟེན་པར་བྱ། །གང་འདིར་སྣང་བའི་ཚུལ་འབྱུང་ན། །དམ་པ་ཉིད་དུ་འདུན་པར་གསོལ། །དམ་པར་སྣང་བ་ཐོབ་ཕན་ཆད། །དམ་པ་དེ་ལས་འགལ་འགྱུར་

Vol. 97 · folio 259a

ལས། །རྡུལ་གྱི་ཆ་ཡང་མི་བྱའོ། །རྒྱ་མི་བཅག་ཅིང་ལུང་མི་བོར། །འདུན་པ་ནས་བཟུང་ལས་རུང་བའི། །བར་དུ་དེ་ལ་ལྟོས་དགོས་སོ། །གང་འདིར་ངོ་གང་མ་ཟིན་པས། །བཏང་སྙོམས་ཙམ་དུ་ཚུལ་བསད་ན། །དེ་ལ་དམ་པའི་དོན་མེད་དེ། །དེ་རྐྱེན་དེ་དང་

མི་ལྡན་པས། །བསླབ་པའི་ཡུལ་བཟླས་ཐེ་ཚོམ་ཟོས། །ལེ་ལོས་ཡུལ་ལ་མི་བརྩོན་ཞིང་། །ཕྱལ་བས་དེ་ལ་མ་གུས་པས། །ཤེས་བྱ་མུན་པའི་ཚོགས་ཀྱིས་བསྒྲིབས། །གང་གིས་ནམ་མཐོང་ཐིབས་ཀྱིས་འགགས། །གང་ལ་བྱིས་པ་ཤེད་མི་འབྱེ། །མདུད་པའི་

བཅིང་བ་དེ་ལས་བྱུང་། །ཤེས་རྒྱུད་གྲོལ་བར་ག་ལ་སྲིད། །དམ་པའི་ཡོ་བྱད་ལྔ་དབུལ་བའི། །ཕོངས་པ་དེ་ཡིས་གཞན་བསྒྲལ་ན། །དེ་ཡང་དབུལ་པོ་ཉིད་དུ་འགྱུར། །འཚོ་བ་དམ་པ་དང་བྲལ་བས། །ལོངས་སྤྱོད་ཆེན་པོས་ཕོངས་པ་ཡི། །མུ་གེའི་དགོན་པ་ཉིད་དུ་ལྟུང་། །

དེ་ལྟའི་གང་ཟག་དམན་པ་དེ། །དམ་པར་གཟུང་བར་གྱུར་ཕན་ཆད། །དམ་པར་ངེས་དང་མ་ངེས་ཀྱང་། །བཀའ་བཅག་ལུགས་པོར་ག་ལ་སྲིད། །གལ་ཏེ་དེ་ཡི་རྒྱ་ཉམས་ན། །དམྱལ་བ་རྡོ་རྗེར་དེ་འགྲོ་སྟེ། །མི་བཟད་སྡུག་བསྔལ་མྱོང་བར་འགྱུར། །དམྱལ་བསྲུང་ཁྱི་

ནི་ལུ་དེ་ཞེས། །གྲགས་པ་སེང་གེ་གཟུགས་འདྲ་བ། །མཆེ་བ་གཟངས་རིངས་དབལ་རྣོ་བས། །རྦད་ཅིང་མཚོན་ཆའི་ལམ་དུ་བདས། །སྤུ་གྲི་རྣོ་དབལ་རལ་གྲི་ནགས། །ནང་དུ་ག་ཆད་རྒྱུགས་སྐྱབས་མེད། །ཁྲོ་ཆུ་ཁོལ་མོ་ཐལ་སྐྱོ་ཡི། །ཆུ་བོ་རབ་མེད་ནང་དུ་

འབྱིང་། །རྩེ་གསུམ་མདུང་དང་མདའ་བོ་ཆེ། །ཁབ་འདྲ་དབལ་རྣོ་གཟངས་རིངས་དང་། །ཆུ་གྲི་རལ་གྲི་རྣོས་གང་བའི། །མུན་དོང་མེ་འབར་ནང་དུ་ལྟུང་། །སྡུག་བསྔལ་རྒྱུད་པ་དེ་དག་ལས། །ཐར་པའི་སྐབས་ནི་མི་སྲིད་དོ། །སློབ་མར་གྱུར་ན་སེམས་ལྡན་པས། །དམ་པ་

དེ་ལ་ཉེས་བྱེད་གང་། །སངས་རྒྱས་ཀུན་ལ་ཉེས་བྱས་པས། །དེ་དག་རྟག་ཏུ་སྤྱིའུ་ཚུགས་འགྲོ། །དམ་པ་ཀུན་དང་མཉམ་སྦྱོར་བའི། །དམ་པ་ཉིད་ལས་གང་འདས་པ། །རྣལ་འབྱོར་དམ་པ་དབང་གྱུར་པ། །ཐམས་ཅད་འཁྲུགས་ནས་ཁྲག་ཆེན་འཐུང་། །དམ་པའི་ཡི་

Vol. 97 · folio 259b

གེ་འབྲུ་བཀོད་པ། །དབུགས་ཆེན་ནང་དུ་ཤར་ནས་ཀྱང་། །ལྕགས་ཀྱི་སྡིག་པ་མགོ་དགུ་པ། །རག་ཤ་ཡག་ཤར་གྱུར་པ་དེས། །བསད་ནས་དམྱལ་བ་ཆེན་པོར་བརྒྱུད། །རྣམ་པར་འཚེ་དང་ནོར་འཕྲོག་དང་། །བགེགས་དང་སྡིག་པའི་དུག་དབལ་གྱིས། །ཉམས་

པ་དེ་ལ་འཚེ་བར་བྱེད། །སྡིག་ཅན་ཡིན་ཏེ་འཆི་བར་འགྱུར། །རྒྱལ་པོའི་ཆད་པ་ལ་སོགས་པ། །འཇིགས་པ་བརྒྱད་རྣམས་དེ་ལ་འབྱུང་། །ཤོ་གམ་གཅན་ཆེན་ལ་སོགས་པ། །གནོད་སྦྱིན་གྱིས་བསད་མི་བདེར་འགྲོ། །ཅི་ཕྱིར་ལྷ་སྲིན་སྡེ་བརྒྱད་ལས། །གཏུམ་ཕོ་

གཏུམ་མོ་དམ་ཅན་ཀུན། །ཆོས་སྲུང་བཀའ་ཡི་ལས་མཁན་ཡིན། །བཀའ་ཡི་ལས་ལ་དུས་མི་འདོར། །དེས་ན་ཆོས་ལ་སྤྱོད་པ་ཡི། །དམ་པར་འཇུག་པའི་བུ་རྣམས་ཀྱིས། །ནམ་ཡང་ཞབས་ལ་མི་སྨོད་ཅིང་། །བཀའ་ཟུར་གཅག་པར་མི་བྱའོ། །གང་གིས་རྩེ་གཅིག་

ཆོས་བསྲུངས་ན། །ཆོས་ལ་བསྲུང་བའི་སྲུང་མ་རྣམས། །གཏུམ་པོ་མཐུ་ཆེན་རྣམས་ཀྱིས་ཀྱང་། །བུ་བཞིན་རྟག་ཏུ་སྲུང་བར་བྱེད། །ཆོས་སྲུང་བ་ཡང་གང་ཞེ་ན། །ཆོས་རྣམས་ཀུན་ལ་མ་རྨོངས་ཤིང་། །ངེས་པར་ཤེས་པ་གང་ཡིན་པ། །ཆོས་སྲུང་བ་ལ་མཁས་

པར་འགྱུར། །གང་ཞིག་ཀུན་ལ་མི་མཁས་ཤིང་། །རྨོངས་པའི་ལྟ་བ་བརྟན་པ་ཅན། །བསྒྱུར་བས་ཅིས་ཀྱང་མི་འགྱུར་ཏེ། །ནམས་ཀྱང་ཆོས་ནི་སྲུང་མི་འགྱུར། །གལ་ཏེ་དུས་ནི་ཐམས་ཅད་དུ། །དམ་པ་དེ་དང་དེ་གཅིག་ན། །རྒྱུད་ཞན་སྐྱོ་ངས་སྙོམ་ལས་ཀྱིས། །

དེ་དང་འགལ་ན་ལྟུང་གྲིབ་རྒྱུ། །དེས་ན་དམ་པའི་ལུང་མི་གཅག །ཚད་མར་ངེས་པ་དམ་པའི་ལུང་། །ཐམས་ཅད་ལྡེམ་དགོངས་ཅན་ཡིན་ཏེ། །ཡུལ་དང་འཚམ་པར་སྦྱོར་བ་ཡིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །ཇི་ལྟར་ལོག་སྲེད་ཅན་དག་གིས། །སུ་དག་འཇིག་

རྟེན་འདྲེན་གང་ལགས། །ཀྱེ་མ་འཇིག་རྟེན་དགའ་བྱེད་ཁྱོད། །ཐམས་ཅད་དགའ་བར་སྟོན་ཤེས་ན། །བདག་ལྟར་དགའ་བའི་དོན་བསྟན་ནས། །འབྲས་བུ་གདོན་མི་ཟ་ཤེས་ན། །ཐམས་ཅད་མཁྱེན་ཅེས་དེ་ལ་བྱ། །དེ་ལྟར་མོས་པ་གང་བསྟན་པ། །ཕ་མ་བྲམ་

Vol. 97 · folio 260a

ཟེ་རྒྱལ་པོ་རྣམས། །བསད་བརླག་ཡོངས་སུ་བཅོམ་བྱས་ན། །དེ་དག་རྟག་ཏུ་བདེ་བའི་མཆོག །དེ་བསྟན་དེ་ཡིས་དེ་སྤྱད་ནས། །བདེ་མཆོག་བདེ་དང་ལྡན་པ་ཡིན། །དེ་བཞིན་བཀའ་ཡི་ལྡེམ་དགོངས་ལ། །མདོ་དང་དོན་གལ་ཆེ་ཡོད་པས། །

སྐྱབས་ཆེན་དམ་པར་བཟུང་བ་དེ། །ཚད་མ་དམ་པར་ཡིད་ཆེས་ན། །དེ་ཡི་ལུགས་ཀྱང་དམ་པར་བྱ། །ལང་ཀའི་བདག་པོ་གང་གི་ཚེ། །གསང་བ་མཆོག་གི་བདག་པོ་དེས། །ཁོ་བོ་ལ་ནི་འདི་སྐད་བསྒོ། །སེམས་དཔའ་རྡོ་རྗེ་འཛིན་པ་ཉོན། །བསྐལ་པ་འབུམ་གྱི་

སངས་རྒྱས་པས། །སློབ་དཔོན་གཉན་པར་ཤེས་པར་བྱ། །ཅིའི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །སློབ་དཔོན་དག་ལ་བརྟེན་ནས་བྱུང་། །སློབ་དཔོན་དག་ལ་མ་བརྟེན་པར། །སངས་རྒྱས་རྣམས་ཀྱང་མི་འབྱུང་སྟེ། །འབྱུང་བར་ཡང་དག་ངས་མ་མཐོང་། །བྱུང་

ན་དམ་པའི་ལུགས་དང་འགལ། །དོན་དང་ལྡན་པའི་དམ་པ་ལ། །དུས་གསུམ་དུས་ནི་ཐམས་ཅད་དུ། །ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །བདེ་གཤེགས་རྒྱལ་བ་ཀུན་བྱོན་ན། །སྔགས་དང་འདུན་པས་ཕྱག་མཛད་དོ། །སེམས་དཔའ་ལྷ་དང་མི་དག་དང་། །དེ་

བཞིན་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་ལོག་ལྟ་ཅན་དག་གིས། །རིག་པ་འཛིན་པ་ཀུན་འདུས་ནས། །སྤྲུལ་པའི་མེ་ཏོག་ཀུན་འཐོར་ཞིང་། །བླ་མ་བཤེས་གཉེན་དམ་པ་ཁྱོད། །བདག་ཅག་རྣམས་ཀྱི་ཕ་ལགས་སོ། །བླ་མ་བཤེས་གཉེན་དམ་པ་ཁྱོད། །

བདག་ཅག་རྣམས་ཀྱི་མ་ལགས་སོ། །བླ་མ་བཤེས་གཉེན་དམ་པ་ཁྱོད། །བདག་ཅག་རྣམས་ཀྱི་མགོན་ལགས་སོ། །མི་ཤེས་རྨོངས་པའི་བློ་གྲོས་མཁན། །ལམ་སྟོར་རྣམས་ཀྱི་ས་མཁན་ལགས། །མུན་ཁུང་འཁྱམས་པའི་སྒྲོན་མ་ལགས། །གདུང་བ་སེལ་

བའི་རིན་པོ་ཆེ། །ཉི་མའི་ཞལ་ལ་ཕྱག་འཚལ་འདུད། །ནམ་མཁའི་ཐུགས་ལ་ཕྱག་འཚལ་འདུད། །ཟླ་བའི་སྐུ་ལ་ཕྱག་འཚལ་འདུད། །པདྨའི་ཞབས་ལ་ཕྱག་འཚལ་འདུད། །འདི་ལྟར་དགའ་དང་གུས་པ་ཡིས། །སྔགས་དང་འདུན་པས་ཕྱག་མཛད་དོ། །དེའི་ཕྱིར་

Vol. 97 · folio 260b

རྒྱལ་བ་ཐམས་ཅད་དང་། །སེམས་དཔའ་རིག་པ་འཛིན་པ་རྣམས། །དམ་པའི་དམ་པ་ལས་བྱུང་བས། །དཔེར་ན་མ་ཡིས་བུ་བསྐྱེད་ལྟར། །དེ་བཞིན་དམ་པ་ཤེས་པར་གྱིས། །དམ་པ་དེ་ཡི་རང་བཞིན་ཡང་། །ཡིད་བརྟེན་སེམས་དང་དུལ་བ་དང་། །ཚད་མེད་

ཡངས་པའི་བློ་གྲོས་དང་། །རྐྱེན་ཐུབ་བཟོད་ལྡན་ཀུན་དུ་དྲང་། །གསོང་པོར་སྤྱོད་ལ་གྱ་གྱུ་མེད། །སེམས་ཅན་ཉེན་ཅན་ཐམས་ཅད་ལ། །ཐབས་ཀྱིས་མི་འཇིགས་སྣ་ཚོགས་སྦྱིན། །དཔའ་བོ་མཐུར་ལྡན་བརྩོན་འགྲུས་ཆེ། །ཤེས་བྱའི་ཡུལ་ནི་ཐམས་ཅད་

ལ། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །སྲིད་པར་ཞུས་ཀྱང་ཟད་མི་ཤེས། །བརྟགས་ཤིང་ཡོན་ཏན་ཕྱི་ཕྱིར་འབྱུང་། །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ལེགས་དང་ཉེས་པའི་ལས་རྣམས་ལ། །དགའ་དང་མི་དགའ་རྟོག་

འཛིན་མེད། །རི་དགས་རྒྱལ་པོ་སེང་གེ་ལྟར། །གཟི་ལྡན་བརྗིད་ཆེ་ཡུལ་མི་འཇུག །འདུ་འཛི་དམན་པའི་ལས་རྣམས་སྤངས། །འཕྱོ་དང་གཡེང་བྲལ་གང་ན་རྟག །སེང་གེ་ལྟ་བུར་གཅིག་པུར་གནས། །དགོན་པའི་རྒྱུ་དང་དབེན་ལམ་བསྟེན། །འདི་དང་གང་ལྡན་དམ་པའི་

འོས། །དམ་པ་ཐམས་ཅད་བཀུར་གནས་སོ། །རང་བཞིན་དེ་དང་མི་ལྡན་ཡང་། །དམ་པའི་མཛོད་དང་གཉེར་ལྡན་ན། །དམ་པར་གཟུང་ཞིང་དམ་པར་བྱ། །ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །དམ་པར་གྱུར་པའི་བླ་མ་ལ། །བཀུར་གནས་རིམ་གྲོ་ཆེར་བྱས་པས། །

འཁོར་བའི་རྒྱ་མཚོ་ལས་རྒལ་འགྱུར། །ཅི་ཕྱིར་ཞིང་རབ་གཤིན་པ་ལ། །ས་བོན་བཏབ་ན་རྒྱས་འཕེལ་བཞིན། །བསོད་ནམས་དམ་པའི་ཞིང་རབ་ལ། །ཏིལ་འབྲུ་མི་སྟོར་འཕེལ་མི་འགྱུར། །འཁོར་བའི་མཐའ་ལས་སྐྱོབ་པ་ཡི། །བཤེས་གཉེན་དམ་པ་བཞི་ཡོད་

དེ། །ཁུངས་དང་ལུང་དང་དབང་འགྱུར་དང་། །བློ་གྲོས་ངེས་པའི་ཚད་ལྡན་བཞི། །དེ་ལས་གཉེན་པོ་བཞི་འབྱུང་སྟེ། །སེམས་བསྐྱེད་སྟོབས་དང་འགྱོད་སྟོབས་དང་། །ལས་ཀྱི་སྟོབས་དང་དམིགས་པའི་སྟོབས། །ལོག་པའི་སྟོབས་རྣམས་འཇོམས་པར་བྱེད། །ཆུ་བོ་

Vol. 97 · folio 261a

བཞི་ལས་རྒལ་བར་འགྱུར། །རྒྱུད་ཀུན་ཡོངས་སུ་གྲོལ་འགྱུར་ཏེ། །དམ་པའི་དམ་པར་དེ་ཉིད་འགྱུར། །དེ་སྐད་གསུངས་ནས་ཅང་མི་གསུང་། །དེས་ན་ལང་ཀའི་བདག་པོ་འདིར། །བློ་ལྡན་དགའ་དང་གུས་པ་ཡིས། །དམ་པར་གྱུར་ཏོ་འཚལ་

རྣམས་ལ། །འདུན་སར་ལན་གསུམ་གུས་བྱས་ཏེ། །ཞབས་ལ་སྤྱི་བོས་གཏུག་པར་བྱ། །དམ་པའམ་ཡང་ན་མ་ངེས་རྣམས། །དམ་པའི་ཆོས་སོགས་འདུས་བྱས་ཏེ། །ཁ་ན་མ་ཐོ་གཞོམ་བྱའི་ཕྱིར། །འཇིག་རྟེན་སྲི་ཞུའི་འདུན་པ་བྱ། །ལུང་འབྱུང་གང་སྨོད་

འཕེལ་གཏམ་ལ། །ཡང་དུ་འདུན་པས་འདུན་ཐབས་སྦྱར། །སྲི་ཞུ་སྒྲ་ཡིས་མཚམས་བཟུང་སྟེ། །གང་དེ་རྣམས་ནི་ཅི་བདེར་དྲན། །བདེ་དང་བླང་བ་ལངས་པ་དང་། །དོན་བྱེད་ཞུ་སོགས་སྐབས་རྣམས་སུ། །རྒྱུད་མཉེན་སྲི་ཞུ་གུས་ལྡན་པས། །གྱོང་སེམས་མེད་སྡོ་ནན་

ཏན་བྱ། །ཀུན་ནས་གཟེམ་མདོག་བག་ལ་གནས། །གསོང་པོར་སྨྲ་ཞིང་གྱ་གྱུ་མེད། །ཅི་ཕྱིར་དམ་པར་གྱུར་པ་ལ། །མ་ངེས་གྱ་གྱུའི་ལས་བྱས་པས། །དམ་པར་གྱུར་པ་ཀུན་བསླུས་ཏེ། །དམྱལ་བ་རྡོ་རྗེར་དེ་ལྟུང་འགྱུར། །བརྩོན་དང་འགྲུས་ལྡན་ངང་ཚུལ་བཟང་། །

བརྡེག་ཅིང་གསང་ཐུབ་སྤྱོད་པ་དག །ཡ་བག་བཞིན་བཟངས་མཛེས་ཐབས་ལྡན། །སྦོ་གསུམ་བཟང་སྤྱོད་མཐའ་གསུམ་བསྡམ། །དམ་པ་ཉིད་དང་མཐུན་བཞིན་སྤྱོད། །གསལ་ལ་དག་པས་གོ་རྣམས་དབྱེ། །དམ་པའི་ནང་ན་བདེར་འདུག་ཚེ། །ཀུན་གྱི་ཚིག་ལམ་ལ་མི་

འབྱུང་། །གང་དག་བཟང་དང་ངན་སྤྱོད་ལ། །འཐིང་སླད་སྨོད་པ་ཡང་མི་བྱ། །བདག་ལ་བཟང་དང་ངན་བརྗོད་ཅིང་། །ཀུན་མཐོང་ཀུན་བརྗོད་སྒྲོ་སྐུར་དང་། །གང་དག་ཚིག་ལམ་འདྲེན་འདོད་ན། །ཚིག་ལམ་བཅད་ན་བདེ་བ་ཐོབ། །དམ་པའི་ཡུལ་ན་གནས་རྣམས་སུ། །

ཁོང་ཁྲོ་ཚིག་རྩུབ་ཁྱལ་མི་སྨྲ། །བག་ཡངས་ཚུལ་གྱིས་བྱ་བ་མིན། །ཚུལ་མེད་ཚུལ་དང་མི་ལྡན་པའི། །ཉམ་ང་མེད་པར་སྨྲ་མི་བྱ། །ཕོད་དང་ལྕོགས་དང་གང་མཐོང་དང་། །སྟོང་འཕྱོར་རྔོམ་ལ་སོགས་མི་བྱ། །གཞན་ལ་ཁྱད་ཀྱིས་གསད་པའི་ཚིག །གང་རིས་གཅད་པར་

Vol. 97 · folio 261b

མི་བྱའོ། །དམ་པའི་གནས་སུ་གྱུར་པ་ལ། །རྗེས་སུ་རིགས་དང་འཐད་པའི་ཡོན། །ནོར་གྱི་དབྱིག་དང་ན་བཟའི་མཆོག །རྩི་མཆོག་ཟས་ལ་སོགས་པ་རྣམས། །དབུལ་དང་གསོལ་བས་མཉེས་པར་བྱ། །དེས་ནི་ནད་དང་དབུལ་ལ་སོགས། །བཀྲེས་དང་ཚ་བའི་སྡུག་

བསྔལ་གྱིས། །ནམས་ཀྱང་འདེབས་པར་མི་འགྱུར་རོ། །ཞུ་བ་དབུལ་བ་ནད་པ་དང་། །ལུང་བྱང་འདུན་པར་འདུག་པ་དང་། །དམ་པའི་སྤྱོད་པ་མ་རྟོགས་པ། །དམ་པ་དག་དང་གནས་གཅིག་ཏུ། །ཞབས་འབྲིང་མ་རྟོགས་ནམས་ཀྱང་མིན། །འདི་ལྟར་མ་བྱས་ཉེས་བྱས་

སོ། །སྐུ་ཡི་གྲིབ་མ་མི་འགོམ་ཞིང་། །ཞབས་རྗེས་བརླམ་པར་མི་བྱའོ། །ན་བཟའ་ཆགས་གདན་རྟེན་ལ་སོགས། །ནམས་ཀྱང་འགོམ་པར་བྱ་བ་མིན། །དམ་པའི་ལུང་བྱུང་མིང་གིས་བསྒྲུབ། །མིང་ལྕོགས་མ་ཡིན་མ་ལྕོགས་ན། །སྒྱུ་སོགས་མེད་པ་གནས་དོར་རོ། །

དམ་པའི་དཀོར་རྣམས་སྲོག་བཞིན་བསྲུང་། །དེ་ཡི་ཉེ་གནས་དམ་པ་བཞིན། །དེ་ཡི་འཁོར་གཡོག་ཉེ་དུ་བཞིན། །རྟག་ཏུ་མཉམ་པའི་སེམས་ཀྱིས་བལྟ། །ཁྲི་མལ་སྟན་བདེ་བླ་མའི་ཐབས། །མི་གུས་ལ་སོགས་མི་ཚུལ་རྣམས། །དམ་པའི་ཐད་དུ་ཡོང་མི་

མཛེས། །བྱས་ན་སྲི་ཞུ་དམ་ཚིག་ཉམས། །མགོ་ལ་ཟེར་ལྡིར་གདུགས་ཐོགས་དང་། །ལག་རྟེན་ལུས་བརྟེན་དེ་བཞིན་སྟོད། །གང་འདིར་མ་རབ་ཐོར་བུའི་ཐབས། །སྣང་བའི་ཡུལ་ནས་བྱ་མ་ཡིན། །དམངས་རིགས་གདོལ་པ་གཡུང་མོའི་ཚུལ། །དམ་པའི་གཟིགས་

ཡུལ་ནམས་ཀྱང་མིན། །ཁུ་ལྗོ་སྨྱོན་པ་ཀུན་དུ་རྒྱུའི། །སྤྱོད་པ་དམ་པའི་ཡུལ་དུ་མིན། །སྣང་བའི་ལུང་ལ་གང་འབྱུང་སྤྱོད། །ཇི་ལྟར་སྤྱོད་བྱུང་སྤྱོད་པ་བྱུང་། །འཇམ་དལ་ཐོས་འཕྲིགས་དོགས་བཞིན་སྤྱད། །དམ་པའི་སྤྱོད་པའི་སྣང་ཡུལ་ནས། །བག་མེད་ཆེ་བའི་

ཐབས་མི་བྱ། །བསྒྲུབས་ནས་མཛེས་པའི་ཚུལ་བཟུང་སྟེ། །བག་དང་ལྡན་པས་གནས་པར་བྱ། །ལུས་ཀྱི་དོར་བ་གང་དག་ཀུན། །མཐོང་ཚོར་ཡུལ་ནས་ཡོད་མི་བྱ། །སྣང་བ་ལུས་ཀྱི་བྱ་བྱེད་རྣམས། །བློ་གྲོས་ལྡན་པས་བྱ་བ་མིན། །འདུས་ནས་འདུ་གང་བྱེད་སྤྱོད་རྣམས། །

Vol. 97 · folio 262a

དམ་པའི་འདུན་སར་རིགས་མ་ཡིན། །འཕྱོ་གཡེང་བརྐམ་དང་མ་ཞི་བའི། །སྤྱོད་ཚུལ་ཡུལ་ནས་མི་བྱའོ། །ཁམས་ལས་བྱུང་བའི་ལུས་སྤྱོད་རྣམས། །བསྒྲིབས་སམ་ཕག་གམ་བསྐྱོར་བཀབ་ནས། །ཐམས་ཅད་བདེ་བསྐྱུང་འཇམ་བྱས་ཏེ། །

དམ་པ་དེ་ལ་ཅི་མཛེས་བྱ། །དམ་པ་གདན་བསྐྱོད་གང་ཕྱོགས་ནས། །བདག་ནས་བསྒྲིམས་ཏེ་སྲི་ཞུ་བྱ། །བསྐྱོད་བཅག་བརྫི་སད་གདན་ཐབས་སྦྱར། །མ་ལྡན་ཉིད་ལས་ཅི་བདེར་སྦྱར། །སྔོན་རྩོལ་ལུང་འབྱུང་སྲི་ཞུ་བསྡུ། །དེ་རྫོགས་ནས་ཀྱང་དེ་བཞིན་ནོ། །བློ་ལྡན་

སྤྱོད་ལམ་བཞི་སྤྱོད་ན། །སྲི་ཞུ་གུས་པས་དེ་བཞིན་སྦྱར། །གང་མ་གུས་དང་བཏང་སྙོམས་དག །ནམ་ཡང་བྱ་བ་ཡང་མ་ཡིན། །སྲི་ཞུ་བསྟི་གནས་རིམ་གྲོ་རྣམས། །བྱ་བའི་མདུན་དང་དེ་ཟན་དུ། །སྲི་ཞུ་བཅུག་སྟེ་ཅི་བདེར་འགྲོ། །བདེ་ཤེས་ལ་སོགས་སྲི་ཞུས་ཞུས། །

ཡང་དག་དཀའ་ཐུབ་མདུན་ཉིད་དུ། །གར་སྤྱོད་གར་སྐབས་སྲི་ཞུ་དབུལ། །མཚན་ནས་ནམ་ཡང་མི་བརྗོད་ཅིང་། །དམ་པ་བླ་མ་བཤེས་གཉེན་ཞེས། །བརྗོད་པའི་ཐ་མར་ཞུས་སྒྲ་གཞུག །ཁྱད་པར་ཅིར་ཡང་དབྱེ་བར་བྱ། །ལུང་བྱུང་བཀའ་བཞིན་ཞུས་ཞེས་བརྗོད། །

ཐལ་སྦྱར་གསུང་བ་གཟུང་བར་བྱ། །དམ་པའི་ལུང་ཡུལ་བྱུང་རྗེས་འབྲང་། །དེ་ཀུན་སྲི་ཞུས་མཚོན་པ་ཡིན། །མཛེས་པའི་ཚུལ་བཟུང་གུས་འདུན་ནས། །སྤོབས་པ་ནོད་པ་གསུམ་དུ་ཞུ། །གྱོང་ཁེངས་མེད་པའི་མཉེན་ལྕུག་གིས། །ཞབས་འབྲིང་དགོངས་པ་ཐམས་ཅད་

བྱ། །དགེ་སློང་སར་པའི་སྤྱོད་པ་ཡིས། །བསྒེགས་པ་ལ་སོགས་བྱ་བྱེད་དང་། །རྒྱན་དང་མཚོན་ཐོགས་སྤང་བར་བྱ། །བློ་གྲོས་གུས་པ་དེ་ཉིད་ཀྱང་། །ཉིད་ཀྱིས་ཉིད་ལ་དཔྱས་བཅུག་སྟེ། །གཞན་གྱིས་དཔྱ་བའི་གཞི་རྣམས་སྤང་། །ཀུན་དུ་མཐུན་པར་བཟང་བརྗོད་པའི། །

སྐྱེས་བུ་གང་ཡིན་དེ་ལྟར་བྱ། །ཀུན་གྱིས་མཐུན་པར་མ་བསྔགས་པའི། །ཐ་ཤལ་གང་ཡིན་དེ་སྤྱོད་སྤང་། །དཀྱིལ་འཁོར་ལ་སོགས་སྦྱིན་སྲེག་དང་། །སློབ་མ་གཟུང་དང་ཆོས་སྨྲ་བ། །ལུང་མ་བྱུང་བར་མི་བརྩམ་སྟེ། །དམ་པའི་ཡུལ་ནས་དེ་མི་རིགས། །གལ་ཏེ་

Vol. 97 · folio 262b

གཞན་གྱི་དོན་བྱས་ན། །དེ་ཡི་ཡོ་བྱད་མི་སྤྱད་དེ། །དེ་ཀུན་དམ་པ་དེ་ལ་དབུལ། །དམ་པས་ཅི་བླངས་ལྷག་མ་བླང་། །དམ་པའི་སློབ་མ་སློབ་མར་ཡང་། །དམ་པའི་མདུན་དུ་མི་རིགས་སོ། །བཀུར་སྟི་སྲི་ཞུ་ལ་སོགས་མིན། །གང་ཡིན་དམ་པ་དེ་ཉིད་མངའ། །སྙིང་

རྗེས་དམ་པས་ཅི་གནང་བ། །སྲི་ཞུ་མདུན་བསུ་ལག་གཉིས་ཀྱིས། །བློ་དང་ལྡན་པས་བླང་བར་བྱ། །རྨུགས་མེད་དྲན་གསལ་རབ་བསྒྲིབས་ནས། །རང་གི་སྤྱོད་ལམ་འདའ་མི་བྱ། །བློ་གྲོས་ལྡན་པའི་ཉི་མ་དེས། །དམ་པ་ལྷ་ལྟར་མཆོད་བྱའི་ཕྱིར། །མཉེས་པར་བྱ་

བའི་ཡོ་བྱད་བརྒྱད། །དམ་པ་དེ་ལ་རྫོགས་པར་དབུལ། །སྐྱོ་དུབ་མེད་པའི་དད་པ་དང་། །གྱོང་ཁེངས་མེད་པའི་མཉེན་ལྕུག་དང་། །སེར་སྣ་མེད་པའི་ཟང་ཟིང་དང་། །སོམ་ཉི་མེད་པའི་སྲི་ཞུ་དང་། །གཡོ་སྒྱུ་མེད་པའི་དྲང་དཀན་དང་། །ཁ་གསག་མེད་པའི་རང་རྒྱུད་དང་། །

རྨོངས་པ་མེད་པའི་ཤེས་རབ་དང་། །དྲི་མ་མེད་པའི་ལྷག་སེམས་བརྒྱད། །དམ་པ་དེ་ལ་རྫོགས་པར་དབུལ། །དམ་པས་བསྒོ་བ་བསླབ་པའི་མཐའ། །ཆུབ་པར་རྫོགས་པས་རྒྱུད་དགྲོལ་ཏེ། །ཤེས་བྱ་ཀུན་ལ་ཐོགས་མེད་འགྲོ། །རང་རྒྱུད་མདུད་པ་དགྲོལ་བ་ཡི། །

ཤེས་རབ་མཁའ་ལ་བྱ་བཞིན་རྒྱུ། །མཐར་ཆིབ་རྒྱུད་དགྲོལ་ཡུལ་སྤངས་ཏེ། །རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་པའི། །ནོར་མཆོག་དམ་པ་དེ་ལ་དབུལ། །རང་གི་ལུས་ཀྱང་ཅི་རིགས་པར། །རིན་ཐང་གང་ཡིན་

ནོར་གྱིས་བསླུ། །དེ་ནས་ཇི་བཞིན་གར་བདེ་བར། །རྣལ་འབྱོར་ཡང་དག་འཇོག་ལ་ཞུགས། །སྔོན་གྱི་དམ་པ་དམ་པ་རྣམས། །བདེ་བར་གཤེགས་པའི་རྗེས་སུ་འགྲོ། །སྔོན་གྱི་དམ་པ་བདེར་གཤེགས་རྣམས། །དེད་དཔོན་དམ་པ་མཉེས་བྱས་ནས། །ཀུན་སྤངས་

དགོན་པའི་མཐར་གཤེགས་པས། །ཉིད་ལས་དམ་པ་མཉེས་པར་འགྱུར། །དེས་ན་དེད་དཔོན་དམ་པ་དང་། །ནམ་དུའང་འབྲལ་བ་མ་ཡིན་ཏེ། །ཇི་ལྟར་ལུས་དང་གྲིབ་མ་བཞིན། །བློ་གྲོས་དྲིས་ན་དམ་པར་འགྱུར། །ཇི་ལྟར་ཅང་ཤེས་གྱི་ལིང་དག །སྡོམ་བྱེད་སྒྲོག་

Vol. 97 · folio 263a

གིས་བཅིངས་འགྱུར་བ། །བཀྲོལ་བྱས་བདེ་བླག་བྱུང་འགྱུར་ན། །ཅི་ལའང་ཐོགས་མེད་འགྲོ་བ་ལྟར། །སེམས་ཀྱི་ཅང་ཤེས་དབང་པོ་འདི། །མི་ཤེས་བཅིང་བས་བཅིངས་འགྱུར་བ། །དམ་པས་རྣམ་གྲོལ་སྒོ་ཕྱེ་བས། །ཤེས་རྒྱུད་ཀུན་འགྲོལ་ཐོགས་

མེད་འགྲོ། །འདི་ནི་མི་ཤེས་རྒྱུད་འགྲོ་བའི། །མདུད་པའི་བཅིང་བ་འགྲོལ་བ་སྟེ། །རྒྱུད་རྣམས་གྲོལ་བའི་བསླབས་པ་རུ། །གོམས་པར་བྱ་བ་རབ་ཏུ་གཅེས། །ལང་ཀའི་བདག་པོ་དེ་དག་ནི་རྒྱུད་ཡོངས་སུ་དགྲོལ་བའི་བསླབ་པའི་མཐའ་ཡོངས་སུ་བགྲོས་པར་ཤེས་པར་བྱའོ། །

དེ་སྐད་ཅེས་སྨྲས་པས་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་དཔག་ཏུ་མེད་པའི་སངས་རྒྱས་རྣམས་སློབ་དཔོན་དམ་པར་བསྒྲུན་པར་ཤེས་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལེས་བསྙེན་བཀུར་དམ་པ་མཆོག་གི་ལེའུ་སྟེ་དྲུག་ཅུ་བདུན་

པའོ།། །།དེ་ནས་ཡང་གསང་བ་པའི་བདག་པོས་དམ་པའི་ལུས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག་སྒོ་དབྱེ་བར་བྱ་བ་ནི་འདི་ལྟ་སྟེ། ཇི་བཞིན་པ་ཡི་དེ་ཁོ་ན། །ཉིད་དུ་ངེས་པའི་ངོ་བོ་ལ། །རིག་དང་མ་རིག་རྣམ་པ་ཡིས། །ཀུན་ཤེས་

སྤྱོད་དང་ཀུན་དུ་རྨོངས། །རྣམ་པ་གཉིས་སུ་སྣང་བ་ལ། །ཐ་དད་དུ་མ་མང་པོར་འགྱུར། །རྨོངས་པ་རྣམ་པ་གཉིས་སྣང་བ། །མི་ཤེས་པ་དང་ལོག་པར་ཤེས། །མི་ཤེས་ཕྱལ་པ་རྒྱང་ཕན་གཉིས། །ལོག་རྟོག་མུར་ཐུག་མུ་སྟེགས་པ། །དེ་ཡང་ཞེན་ཆགས་ལོག་སྲེད་

ཅན། །འཇིག་རྟེན་འཇིག་རྟེན་པ་ཞེས་བྱ། །མུ་སྟེགས་ལོག་དང་གཞན་རྐྱེན་ལོག །ཞར་ལས་འབྱུང་བ་ཞེས་ཀྱང་བཤད། །མི་ཤེས་འདི་གཉིས་གཞིར་སྣང་བ། །དམན་རིགས་དང་ནི་རིགས་མ་ངེས། །རིགས་ཆད་འདུ་ཤེས་ཅན་འདི་དག །ཀུན་ནས་དཀྲིགས་པའི་

མུན་པ་ཡིན། །འདུ་ཤེས་ཅན་བཞི་ཆགས་པ་དང་། །གང་ལ་གཡེང་དང་ཡ་ང་ཅན། །མོས་པ་ཅན་ཞེས་གྲགས་པ་རྣམས། །ས་བོན་འཛིན་པའི་ཞིང་དུ་སྣང་། །ལོག་པར་རྟོག་འདི་ཡ་མཚན་ཅན། །བརྒྱ་ཕྲག་གསུམ་དང་དྲུག་ཅུ་གཉིས། །ཉི་ཤུ་འམ་བཅུ་སྟེ་ལྔ་གཉིས་

Vol. 97 · folio 263b

དང་། །ཐ་དད་རྣམ་པ་དུ་མར་སྣང་། །ཡོ་བྱད་མེད་པའི་ཕྱོགས་འཛིན་ལས། །འཇིག་པའི་ཚོགས་དང་མཐར་འཛིན་དང་། །ལོག་པར་འཛིན་དང་ལྟ་ཁྱད་དང་། །རང་གི་བརྟུལ་ཞུགས་མཆོག་འཛིན་ཏེ། །རིགས་མི་མཐུན་པ་སྡེ་ལྔར་གྲགས། །རང་བཞིན་ལོག་པས་ལོག་པ་

ཉིད། །གཞན་རྐྱེན་ལོག་པ་ཕྲ་མེད་སྤྱོད། །ལུང་ལ་བརྟེན་དང་རྟགས་ཙམ་འཛིན། །བཅོས་མར་སྤྱོད་དང་མུ་ཅོར་སྨྲ། །ལུང་གི་ཕྱོགས་ཙམ་བརྟེན་པ་དང་། །ཕྱོགས་ལོག་གོལ་དང་བསླང་བས་འཆལ། །ཕྱོགས་ལྟོས་གཅོད་པ་རྣམ་བཞིར་གྲགས། །བཅོས་མ་གཞན་

ལས་གྱུར་པ་དང་། །འདི་ལས་གྱུར་པ་གཉིས་ཁོ་ན། །གནས་དང་འཁོར་དང་ཡོ་བྱད་ནོར། །ལོངས་སྤྱོད་ལྔ་ལྡན་གཞན་ལས་གྱུར། །དྲན་པ་རྟག་ལྟ་ལྟོས་འཛིན་རྒྱུ། །མེད་པའི་མཐའ་དང་མཐའ་མེད་ཤེས། །ཀུན་ནས་རྣམ་པར་མི་གཡེང་ལྟ། །གོང་དུ་ཤེས་པ་

ཡོད་སྨྲ་ལྟ། །དེ་བཞིན་མེད་པར་ལྟ་བ་དང་། །འདི་གང་འདི་ལས་གྱུར་ལྟ་བ། །གང་དུ་ཡོད་མིན་མེད་མིན་ལྟ། །བདག་ཤི་འདི་ཚེ་མྱ་ངན་འདས། །གང་འདིར་ཕྱོགས་ཙམ་བརྟེན་པ་ནི། །གང་མ་ཡིན་པ་མ་ཡིན་ཉིད། །ཕྱོགས་ལོག་གོལ་བར་གང་གྱུར་པ། །དྲུག་

སྟེ་སོ་སོ་ཐ་དད་དང་། །སྤྱིར་ལྟ་གང་རིག་སྐྱོན་མེད་པའོ། །རྒྱུར་ལྟ་བྱམས་པས་དག་པར་ལྟ། །འཚོ་བ་བཅོས་པས་དག་ལྟ་དང་། །རྒྱན་ལ་ལྷམ་དང་གོས་བཅོས་པ། །སྐྲ་སྤུངས་བཅས་དང་རྒྱན་ཅན་དང་། །དཀའ་ཐུབ་སྟེན་པ་དྲུག་པའོ། །བསླད་པས་

འཆལ་པ་གང་འདི་ལ། །བརྟེན་པས་བདག་ལྟ་རྟེན་རྟོག་དང་། །རྟེན་ཆགས་བྱིན་ཆགས་བཀྲ་ཤིས་མཚན། །སྐྱབས་ལོག་ཡོངས་སུ་འཆལ་པའོ། །ཕྱོགས་ལྟོས་གཅོད་པ་གང་ཞེ་ན། །ཕྱི་རོལ་པ་དང་ཡང་དག་པ། །གསང་སྔགས་པ་དང་གསང་ཆེན་པའོ། །གང་

འདིར་ཕྱི་རོལ་རྣམ་པ་གསུམ། །བྱེ་བྲག་པ་དང་ཐ་སྙད་པ། །རང་སྣང་གཅིག་ཕྱོགས་གཅོད་པའོ། །ཡང་དག་ཕྲ་དང་ཟབ་པ་དང་། །རྒྱ་ཆེ་ཡངས་པ་དེ་ཁོ་ན། །གསང་སྔགས་རིག་བྱེད་རིག་སྤྱོད་དང་། །རིགས་སྦྱོར་དམ་པར་ཕྱོགས་ལྟོས་གཅོད། །གསང་ཆེན་བརྟུལ་

Vol. 97 · folio 264a

ཞུགས་ཆེར་སྤྱོད་དང་། །རྒྱལ་དབོག་པ་དང་རྒྱལ་ཐབས་པའོ། །ཞར་ལས་བྱུང་བ་གང་འདི་དག །མཐའ་ཡས་སྡེ་བཅུར་རྫོགས་པ་སྟེ། །གང་མུ་ཟིན་པ་དེ་རྟགས་འཛིན། །སངས་རྒྱས་ཀུན་གྱི་ཉེ་གནས་སོ། །ལང་ཀའི་བདག་པོ་གཞན་ཡང་གང་། །

ཞལ་ནས་བྱུང་བ་ཇི་ལྟ་བ། །འཇིག་རྟེན་སྒྲོན་མ་ནུབ་རྗེས་ན། །གང་དག་མོས་པ་ཐ་དད་པས། །ཞར་ལས་བྱུང་བའང་དེ་བཞིན་ནོ། །ཀུན་ཤེས་སྤྱོད་པའང་རྣམ་པ་གཉིས། །རིམ་གྱིས་པ་དང་གཅིག་པའོ། །རིམ་གྱིས་འཇུག་པ་རྣམ་གསུམ་དུ། །ཕྱིན་ཅི་མ་ལོག་པ་

ཉིད་དང་། །བསྒྲུབ་སྤྱོད་མངོན་རྟོགས་གསུམ་ཉིད་དོ། །འདི་ཡང་ཁྱད་པར་རྣམ་གཉིས་ཀྱིས། །གསུམ་གསུམ་གཉིས་སུ་དམ་པ་ཡིས། །གསུང་བ་ཁྱོད་ཅི་མི་ཤེས་སམ། །དེས་ན་ཆེ་ཆུང་གཉིས་གསུམ་དྲུག །སྒྲུབ་པ་ཟབ་པ་ཕྲ་བ་གཉིས། །བློ་ཆེ་ཟབ་པ་དམན་པ་

ཉིད། །སྤྱོད་པ་རླབས་ཆེན་ཆ་ཤས་ཅན། །རྒྱ་ཆེ་བ་དང་མཚན་མར་སྤྱོད། །དེ་ནི་གསང་ཆེན་གསང་བར་བཤད། །མངོན་རྟོགས་རྣམ་གཉིས་ཕྱི་ནང་འཇུག །མི་མཐུན་ཕྱོགས་ཀྱི་གལ་བཟུང་ནས། །ཆ་གཉིས་སོ་སོར་འདོད་པ་འབྱུང་། །ཕྱི་རོལ་བྱེ་བྲག་ཐ་

སྙད་གཉིས། །ཆ་གཉིས་གཅིག་ལས་རྩོད་པ་འབྱུང་། །ནད་འཇུག་སེམས་སྣང་དབུས་མཐའ་མེད། །ཕྱི་ནང་སྣྲེལ་ཞིར་ཕྱོགས་འཛིན་ཅིང་། །གང་འདིར་ངེས་པར་གཅོད་པ་འབྱུང་། །མཐའ་དབུས་འབྱེད་དང་ངེས་པར་འཇུག །གཏན་ལ་འབེབས་པ་དེ་

བཞིན་འབྱུང་། །རང་དང་ལྟ་བའི་ཕྱོགས་འཛིན་ཅིང་། །བརྩོད་པས་ཐེ་ཚོམ་འབྱུང་བ་དང་། །དབུས་མཐའ་འབྱེད་དང་ངེས་པར་འཇུག །གཏན་ལ་འབེབས་པ་དེ་བཞིན་འབྱུང་། །ཅིག་ཅར་འཇུག་པའི་རྣལ་འབྱོར་པ། །བྱ་དང་བྱ་ཐབས་བྱ་མེད་པ། །སྐྱེས་དང་

མ་སྐྱེས་སྐྱེ་འགག་མེད། །འདི་ཀུན་མ་འདྲེས་ཡོངས་སུ་རྫོགས། །མ་འདྲེས་མཁའ་ལ་གཟའ་སྐར་བཀྲམ། །ཡོངས་སུ་རྫོགས་པ་མཁའ་ཁྱབ་བདལ། །འཇའ་སྣང་མཁའ་ལྟར་མ་འདྲེས་གཅིག །རྨོངས་རིམ་ཅིག་ཅར་འཇུག་སྤྱོད་པ། །འདོད་པའི་ཡུལ་ལ་ཞེན་སྤོང་དང་། །

Vol. 97 · folio 264b

སྤྱོད་སྒྱུར་ཤེས་རྟོགས་སྤྱོད་དབང་བྱེད། །ཤེས་པ་འཇིག་རྟེན་རྟོག་འཕགས་པ། །སྤྱོད་པ་བློ་ལྡན་དབང་སྒྱུར་ཐབས། །གང་འདིའི་སྣོད་ཀྱང་བཞིར་གཟིགས་ཏེ། །ཞེན་ཆགས་ལོག་སྲེད་རིགས་རྒྱུད་ཅན། །བློ་གྲོས་ཅན་གྱི་སྣོད་རྣམས་ལ། །བསྟན་བྱ་རྣམ་པ་བཞིར་

གསུངས་པ། །འདོད་རྐྱེན་བཀྲི་དྲུང་བརྒྱུད་པའི་ཚིག །ལྡེམ་དགོངས་དོན་དམ་ངེས་པ་བཞི། །སྣོད་ཀྱི་རྐྱེན་དང་སྦྱར་བ་ཡིན། །འདི་ཀུན་ཤེས་བྱའི་གཞི་གཅིག་ལ། །འདོད་པས་མཐོང་བ་ཐ་དད་པའོ། །འདི་ལྟར་མཐོང་སྒོ་ཐ་དད་བཞིན། །རྣམ་པར་སྣང་འབྱུང་

བཀོད་པ་ལ། །གང་གིས་ཀུན་ལ་ཞུགས་བལྟས་ནས། །གཅིག་ཏུ་འབེབས་པ་དམ་པའོ། །ཇི་ལྟར་བུང་བ་ཁུང་ཚོལ་བ། །ཀུན་དུ་འཇུག་ཅིང་བྱུང་ནས་ནི། །རང་གི་གསེང་ཁུང་གང་ཡིན་པར། །ངེས་པར་འཇུག་ཅིང་གནས་པ་ལྟར། །རྣལ་འབྱོར་དོན་གྱི་རྗེས་ཚོལ་

བ། །སྤྱོད་སྒོ་ཅི་ཡོད་བསྟུན་ཏེ་བསྡུ། །ལྟ་སྒོར་འཇུག་ཅིང་བརྟགས་བསྡུར་ནས། །དོན་དམ་ངེས་པའི་གསང་ཉིད་ལའོ། །དེ་ཉིད་དོན་གྱི་རྗེས་གཅད་ཕྱིར། །སྒོ་མོ་ཀུན་ནས་བསྡུར་བ་ཡི། །བསླབ་པར་བྱ་བའི་ཐབས་ཡིན་ཏེ། །གོམས་པར་བྱ་བར་བ་ཏུ་གཅེས། །ལང་

ཀའི་བདག་པོ་དེ་དག་ནི་ཕྱིས་འབྱུང་བར་སྣང་བའི་སྒོ་ཡོངས་སུ་དབྱེ་བ་ཡིན་ཏེ། ཀུན་ནས་བསྡུར་བར་བསླབ་པའི་མཐའ་ཡོངས་སུ་བགྲོས་པར་ཤེས་པར་བྱའོ། །དེ་སྐད་ཅེས་སྨྲས་པས། དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཆོས་ཐམས་ཅད་ཀྱི་སྒོ་རང་སྣང་བར་

ཤེས་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཆོས་ཐམས་ཅད་ཀྱི་སྒོ་རབ་ཏུ་དབྱེ་བའི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་བརྒྱད་པའོ།། །།དེ་ནས་ཡང་གསང་བ་པའི་བདག་པོས་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ལ་སྨྲས་པ། ཀྱེ་གྲོགས་

པོ་དག་མཐར་ཕྱིན་པར་བྱ་བ་ནི་གང་ཞེ་ན། འདི་ལྟ་སྟེ། བསམ་གྱིས་མི་ཁྱབ་པའི་རྣམ་པ་ནི་བསམ་དུ་མེད་པ་མཐར་ཕྱིན་པར་བྱའོ། །བསམ་དུ་མེད་པ་ནི་སེམས་ཀྱི་དེ་ཁོ་ན་ཉིད་དུ་མཐར་ཕྱིན་པར་བྱའོ། །སེམས་ཀྱི་དེ་ཁོ་ན་ཉིད་ནི་དགོངས་པ་དམ་པ་འདུས་པའི་དེ་ཁོ་

Vol. 97 · folio 265a

ན་ཉིད་དུ་མཐར་ཕྱིན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགོངས་པ་དམ་པ་འདུས་པའི་དེ་ཁོ་ན་ཉིད་ལ་མཁས་ན་སེམས་ཀྱི་དེ་ཁོ་ན་ཉིད་ལ་མཁས་པར་འགྱུར་རོ། །སེམས་ཀྱི་དེ་ཁོ་ན་ཉིད་ལ་མཁས་ན་བསམ་དུ་མེད་པ་ལ་མཁས་པར་འགྱུར་རོ། །

བསམ་དུ་མེད་པ་ལ་མཁས་ན་བསམ་གྱིས་མི་ཁྱབ་པའི་རྣམ་པ་ལ་མཁས་པར་འགྱུར་རོ། །བསམ་གྱིས་མི་ཁྱབ་པ་ལ་མཁས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་ཏེ། དེ་ནི་དགོངས་པ་ཀུན་ནས་འདུས་པ་ཉིད་དུ་ཤེས་པར་བྱའོ། །གྲོགས་པོ་དག་དེ་བས་

ན་བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་ནི་རྣལ་འབྱོར་པ་རྣམ་པ་གསུམ་གྱིས་ཡོངས་སུ་འགྲེལ་པ་སྟེ། གསུམ་གང་ཞེ་ན། བྱ་བའི་རྣལ་འབྱོར་དང་། བྱ་བ་བྱེད་པའི་རྣལ་འབྱོར་དང་། བྱ་བ་མེད་པའི་རྣལ་འབྱོར་རོ། །གྲོགས་པོ་དག་བྱ་བའི་

རྣལ་འབྱོར་ཡང་གསུམ་དུ་ཤེས་པར་བྱ་སྟེ། གསུམ་གང་ཞེ་ན། ཕྱིའི་རྣལ་འབྱོར་དང་། ནང་གི་རྣལ་འབྱོར་དང་། ཕྱི་ནང་གི་རྣལ་འབྱོར་རོ། །གྲོགས་པོ་དག་དེ་ལ་ཕྱིའི་རྣལ་འབྱོར་གང་ཞེ་ན། འདི་ལྟ་སྟེ། ས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོ་དང་། དེ་བཞིན་

དུ་ཆུ་རྡོ་རྗེ་དང་། མེ་རྡོ་རྗེ་དང་། རླུང་རྡོ་རྗེ་དང་། ནམ་མཁའ་རྡོ་རྗེ་དང་། གཟུགས་རྡོ་རྗེ་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོ་རྣམས་དགོངས་པ་དམ་པ་དེ་ཁོ་ན་ཉིད་དུ་མཐར་ཕྱིན་ཅིང་ཕུལ་དུ་གྱུར་པའོ། །གྲོགས་པོ་དག་

ནང་གི་རྣལ་འབྱོར་ནི་འདི་ལྟ་སྟེ། སེམས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོ་དང་། དེ་བཞིན་དུ་རྟོག་པ་དང་། དཔྱོད་པ་ལ་སོགས་པ་གང་ཟིན་པའི་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་རྣམས་དགོངས་པ་དམ་པ་དེ་ཁོ་ན་ཉིད་དུ་མཐར་ཕྱིན་ཅིང་ཕུལ་དུ་གྱུར་པའོ། །གྲོགས་པོ་

དག་ཕྱི་ནང་གི་རྣལ་འབྱོར་གང་ཞེ་ན། འདི་ལྟ་སྟེ། ཐམས་ཅད་དང་། དཀར་པོ་དང་། ནག་པོ་དང་། ངེས་པ་དང་། མ་ངེས་པ་དང་། དམན་པ་དང་། དམ་པ་དང་། འབྱུང་བ་དང་། མི་འབྱུང་བ་དང་། བྱས་པ་དང་། མ་བྱས་པ་དང་། བཅས་པ་དང་། མ་བཅས་པ་དང་།

Vol. 97 · folio 265b

སྤྱི་མཐུན་དང་། ཁྱད་པར་གྱི་རྣམ་པ་རྣམས་དགོངས་པ་དམ་པ་དེ་ཁོ་ན་ཉིད་དུ་མཐར་ཕྱིན་ཅིང་ཕུལ་དུ་གྱུར་པའོ། །གྲོགས་པོ་དག་དེ་དག་ནི་བྱ་བའི་རྣལ་འབྱོར་དུ་ཤེས་པར་བྱའོ། །བྱ་བ་བྱེད་པའི་རྣལ་འབྱོར་གང་ཞེ་ན། འདི་ལྟ་སྟེ། རྟེན་པ་དང་། སྤྱོད་པ་དང་། མིག་དང་།

ཁྱད་པར་དང་། མི་འགྱུར་བ་དང་། རྩལ་གྱིས་གནོན་པ་དང་། ཀུན་ནས་རིག་པའོ། །གྲོགས་པོ་དག་དེ་དག་ཀྱང་དགོངས་པ་དམ་པ་དེ་ཁོ་ན་ཉིད་དུ་མཐར་ཕྱིན་ཅིང་ཕུལ་དུ་གྱུར་པའོ། །གྲོགས་པོ་དག་གཞན་ཡང་འདི་ལྟ་སྟེ། སྦྱོར་བ་དང་། མི་གནས་པ་དང་། བསྐྱོད་

པ་དང་། བསྒྱུར་བ་དང་། རྩལ་དང་། འབྱུང་བ་དང་། འཇུག་པ་དང་། སྒོ་དང་། ཤེས་པ་དང་། གནས་དང་། རིག་པ་དང་། ལམ་དང་། འཇུག་པ་དང་། ཡེ་ཤེས་དང་། ཁྱབ་པའི་རྣམ་པ་དེ་དག་ཀྱང་དགོངས་པ་དམ་པ་དེ་ཁོ་ན་ཉིད་དུ་མཐར་ཕྱིན་ཅིང་ཕུལ་དུ་གྱུར་པ་

ཡིན་པའོ། །གཞན་ཡང་མཐོང་བ་དང་། མ་ཡེངས་པ་དང་། དོན་དང་། ཚིག་དང་། སྔགས་དང་། ཡི་གེའི་སྒོ་རྣམ་པ་དེ་དག་ཀྱང་དགོངས་པ་དམ་པ་དེ་ཁོ་ན་ཉིད་དུ་མཐར་ཕྱིན་ཅིང་ཕུལ་དུ་གྱུར་པའོ། །གྲོགས་པོ་དག་དེ་དག་ནི་བྱ་བ་བྱེད་པའི་རྣལ་འབྱོར་དུ་ཤེས་པར་

བྱའོ། །ཀྱེ་གྲོགས་པོ་དག་བྱ་བ་མེད་པའི་རྣལ་འབྱོར་གང་ཞེ་ན། འདི་ལྟ་སྟེ། ས་དང་། བསླབ་པ་དང་། སྦྱོར་བ་དང་། རྟོག་པ་དང་། ལྟུང་བ་དང་། མ་ནོར་བ་དང་། ངེས་པ་དང་། དགོངས་པ་དང་། ཡེ་ཤེས་དང་། ཚོགས་དང་། བསྒྲུབ་པ་དང་། དངོས་གྲུབ་དང་། ཏིང་ངེ་

འཛིན་དང་། ཆེན་པོ་དང་། ཡེ་ཤེས་དང་། བྱུང་ཚུལ་དང་། ཆེ་བ་དང་། རོལ་པ་དང་། རྔོམ་པ་དང་། བརྗིད་པ་དང་། མཐུ་དང་། ཆོ་འཕྲུལ་དང་། ཡོངས་སུ་རྫོགས་པའི་རྣམ་པ་དག་དགོངས་པ་དམ་པ་དེ་ཁོ་ན་ཉིད་མཐར་ཕྱིན་ཅིང་ཕུལ་དུ་གྱུར་པར་བྱའོ། །དེ་ཡང་ཇི་ལྟ་

ཞེ་ན། གྲོགས་པོ་དག་འདི་ལྟ་སྟེ། ཇི་ལྟར་མཐོན་རི་རྩེ་དག་ལ། །སྒྱིད་མི་ལུག་པར་བརྩོན་འཛེགས་ན། །མཐོན་སར་སྣང་མཐོང་ཀུན་གསལ་བས། །ཐམས་ཅད་ཀུན་སྣང་ལམ་ལ་མཁས། །དེ་བཞིན་ཤེས་རབ་མཐོན་རི་ལ། །བརྩོན་པ་དམ་པས་ཀུན་བལྟས་ན། །ཀུན་

Vol. 97 · folio 266a

གྱི་ཕུལ་དུ་ཤེས་རབ་ཕྱིན། །མཁས་པའི་ཡེ་ཤེས་ཚད་མེད་དོ། །དོན་ལ་མཁས་པར་བྱ་བ་སྟེ། །ཕུལ་དུ་བྱུང་བའི་བསླབ་པ་སྟེ། །དགོངས་པ་དམ་པ་དེ་ཉིད་ལ། །མཁས་པར་བྱ་བ་རབ་ཏུ་གཅེས། །གྲོགས་པོ་དག་དེ་དག་ནི་མཐར་ཕྱིན་པར་བྱ་བ་རབ་ཏུ་

ཤེས་པར་བྱའོ། །དེ་སྐད་ཅེས་སྨྲས་པས། །དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཀུན་གྱི་ཕུལ་དུ་གྱུར་པར་དགོངས་པ་དམ་པ་དེ་ཁོ་ན་ཉིད་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་བསམ་གྱིས་མི་ཁྱབ་པ་

བསྟན་པའི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་དགུ་པའོ།། །།དེ་ནས་ཡང་གསང་བ་པའི་བདག་པོས་དམ་པ་རྣམས་ལ་སྨྲས་པ། གྲོགས་པོ་དག་ཐམས་ཅད་དུ་འདུ་བར་བྱས་པ་ནི་འདི་ལྟ་སྟེ། བྱ་བ་དང་། རང་བཞིན་དང་། བསྒྱུར་བས་སོ། །གྲོགས་པོ་དག་དེ་ལ་བྱ་

བ་ནི་བསྡུ་བའི་བྱ་བས་སོ། །རང་བཞིན་ནི་ཆོས་ཉིད་ཀྱིས་སོ། །བསྒྱུར་བས་འདུལ་བར་བྱ་བ་ནི་འདི་ལྟ་སྟེ། རྒྱུ་དང་། དུས་དང་། ཚད་དང་། གྲགས་པ་དང་། གགས་དང་། རྟགས་དང་། ཐོབ་པའོ། །གྲོགས་པོ་དག་དེ་ལ་རྒྱུ་ནི་ཡོ་བྱད་ཆེན་པོ་ལྔ་ཁོ་ནའོ། །དུས་ནི་

མཐའ་བཅུ་རྫོགས་པ་དང་། ཉེ་བར་དྲིས་པ་དང་། རིགས་ཅན་འདུ་བ་དང་། གསལ་བ་ཐོབ་པ་དང་། ལས་སུ་རུང་བ་དང་། མཚན་མ་འབྱུང་བ་དང་། མང་པོ་སྔགས་པ་དང་། ཉམས་རྙེད་པ་དང་། བྱ་བ་རྫོགས་པའོ། །གྲོགས་པོ་དག་ཚད་ནི་འདི་ལྟ་སྟེ། དེད་དཔོན་དང་།

སྔ་ལྟས་དང་། སྨིན་པའོ། །གྲོགས་པོ་དག་དེད་དཔོན་གང་ཞེ་ན། འདི་ལྟ་སྟེ། གོམས་པ་དང་། རིག་པ་དང་། འདུ་བ་དང་། ཐོབ་པ་དང་། རྫོགས་པའོ། །གྲོགས་པོ་དག་སྔ་ལྟས་ནི་འདི་ལྟ་སྟེ། མཐོང་བ་དང་། འབྱོར་པ་དང་། ནུས་པ་དང་ཐོས་པའོ། །གྲོགས་པོ་དག་སྨིན་པ་ནི་

འདི་ལྟ་སྟེ། མངོན་སྤྱོད་དང་། མི་བསྐྱོད་པའོ། །གྲོགས་པོ་དག་གྲགས་པ་གང་ཞེ་ན། འདི་ལྟ་སྟེ། གང་ཆུ་བོ་བཞིའི་རྒྱུད་དུ་བྱུང་བ་དང་། གང་དག་ལས་འཕགས་པ་དང་། གང་དང་ལྡན་པ་དང་། གང་ལ་མཁས་པ་དང་། གང་ཐོབ་པ་ཉིད་དོ། །གྲོགས་པོ་དག་གགས་གང་ཞེ་ན།

Vol. 97 · folio 266b

འདི་ལྟ་སྟེ། ཐོབ་པ་དང་། མི་ཆགས་པ་དང་། མི་གོས་པ་དང་། སྲེག་པའོ། །རྟགས་གང་ཞེ་ན་འདི་ལྟ་སྟེ། གྲགས་པ་དང་། འགྱུར་བ་དང་། བཙན་པ་དང་། འབྱུང་བའོ། །གྲོགས་པོ་དག་ཐོབ་པ་གང་ཞེ་ན། འདི་ལྟ་སྟེ། བསྐུར་བས་ཐོབ་པ་དང་། རྩལ་གྱིས་ཐོབ་པའོ། །

གྲོགས་པོ་དག་དེ་ཡང་འདི་ལྟར་ཐོབ་པར་རིག་པར་བྱ་སྟེ། གང་འདིར་སྙིང་རྗེའི་ཡུལ་རྣམས་ལ། །བྱིན་བརླབས་འབྱུང་བ་གང་ཡང་རུང་། །འདུན་པའི་རྣལ་འབྱོར་པ་དག་ལ། །གླེགས་བམ་བཅུ་གཉིས་སྦྱིན་པར་བྱ། །གང་སྦྱོར་བ་ཡི་རྣལ་འབྱོར་ལ། །ཉི་ཟླ་གཉིས་ནི་

སྦྱིན་པར་བྱ། །དབུགས་ཆེན་འབྱིན་པའི་རྣལ་འབྱོར་པས། །རིན་ཆེན་བདུན་ཉིད་ངེས་པར་འཐོབ། །ལུང་ཆེན་ཐོབ་པའི་རྣལ་འབྱོར་པས། །གཡུང་དྲུང་བརྒྱད་དག་ཐོབ་པ་ཡིན། །རྩལ་ཆེན་རྫོགས་པའི་རྣལ་འབྱོར་པས། །རྩལ་བཅུའི་ཁྱད་པར་དེ་ཉིད་འཐོབ། །ཀུན་

གྱི་བླ་མ་དམ་པས་ནི། །རྟོག་སྟོང་འབར་བ་བླ་མེད་འཐོབ། །དགོངས་པ་ཀུན་འདུས་གསང་ཆེན་འདི། །མ་ཐོས་གཟུ་ལུམས་རང་བཤད་པས། །རབ་འབྱམ་བསྟན་པ་ཀུན་བརྩལ་ཡང་། །དམ་པ་མཐོང་བར་མི་འགྱུར་རོ། །ཇི་ལྟར་རྒྱལ་རིགས་རྒྱུད་བྱུང་བ། །མང་པོས་

དབང་པོར་དཔོན་བསྟབས་ཏེ། །འཁོར་ལོ་ལ་སོགས་རིན་ཆེན་གྱིས། །ཀུན་ལ་དབང་སྒྱུར་ཐོབ་པ་ལྟར། །དེ་བཞིན་རྣལ་འབྱོར་རྒྱུད་བྱུང་བ། །ཆོས་ཀྱི་རྒྱལ་པོར་དབང་བསྟབས་ཏེ། །རྟོག་སྟོང་འབར་བ་ལ་སོགས་པས། །ཁྱད་པར་བླ་མ་དམ་པར་འགྲོ། །འདི་ནི་བླ་མའི་

ཁྱད་པར་ཏེ། །རྒྱལ་སར་ངེས་པར་འབྱུང་བ་ཡི། །རྩལ་གྱིས་བགྲོད་ཅིང་བསླབ་པའི་ཐབས། །གོམས་པར་བྱ་བ་རབ་ཏུ་གཅེས། །ཀྱེ་གྲོགས་པོ་དག་དེ་དག་ནི་ཐམས་ཅད་འདུ་བར་བྱ་བ་ཡོངས་སུ་བགྲོས་པར་ཤེས་པར་བྱའོ། །དེ་སྐད་ཅེས་སྨྲས་པས། དམན་པ་དམ་

པ་དག་ལུང་དམ་པ་བསྟན་པའི་དྲོད་ཐོབ་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རྣལ་འབྱོར་དམ་པ་ལུང་བསྟན་པའི་ལེའུ་ཞེས་བྱ་སྟེ་བདུན་ཅུ་པའོ།། །།དེ་ནས་ཡང་གསང་བ་པའི་བདག་པོ་དེས་དམན་པའི་ལུས་ཀྱི་སེམས་

Vol. 97 · folio 267a

དཔའ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག་ལ་དོར་བར་བྱ་བ་ནི་འདི་ལྟ་སྟེ། གང་གོ་ཆ་གྱོན་པའི་རྗེས་སུ་མི་ལྡོག་པར་འགྲོ་བ་སྟེ། འདི་ལྟར་ཇི་བཞིན་པའི་རྗེས་སུ་ཇི་སྙེད་པ་འགྲོ་བ། ནམ་མཁའི་རྗེས་སུ་འབྱུང་བ་འགྲོ་བ་བཞིན་སེམས་ཉིད་ཀྱི་རྗེས་

སུ་སེམས་ལས་བྱུང་བ་འགྲོ་བ་ཡིན། ཆོས་ཉིད་ཀྱི་རྗེས་སུ་ཆོས་ཐམས་ཅད་འགྲོ་བ་ཡིན། དེ་བཞིན་དུ་དགོངས་པ་དམ་པའི་རྗེས་སུ་གང་གསུང་བ་དང་། གང་མཛད་པ་ཐམས་ཅད་འགྲོ་བས་ན། དགོངས་པ་ཀུན་ནས་འདུས་པ་ཇི་ལྟར་བཤད་པ་བཞིན་དུ་གང་དུ་སྤྱོད་

པ་དེ་ལྟར་རོ། །ཀྱེ་གྲོགས་པོ་དག་དེ་ཡང་འདི་ལྟ་སྟེ། མཉམ་དང་མི་མཉམ་མི་མཉམ་མཉམ། །ཀུན་ནས་མི་མཉམ་ཡོངས་སུ་མཉམ། །གསང་སྔགས་སྤྱོད་པའི་ཁྱད་པར་ཡང་། །གང་དང་དོན་གྱི་མཉམ་པར་སྤྱད། །བྱིན་གྱི་བརླབས་ཀྱིས་སྤྱོད་པ་འམ། །དབང་སྒྱུར་

ཐབས་ཀྱི་སྤྱོད་པ་སྟེ། །དཔེར་ན་ནམ་མཁའ་རྒྱལ་པོ་འམ། །ཇི་ལྟར་མེ་དཔུང་ཆུ་བོ་འདྲ། །དེ་ཡང་དེ་ཡུལ་ཆེ་ཆུང་གིས། །ཁྱད་པར་ཉིད་ཀྱིས་བརླབས་པ་ཡིན། །རྒྱལ་པོ་དེ་ཡང་ཁྱད་པར་གྱིས། །དབང་སྒྱུར་བྱ་བའི་ཁམས་རྣམས་ལ། །ཆེ་ཆུང་རིམ་པ་ཡོད་པ་བཞིན། །

རྣལ་འབྱོར་སྔགས་ཚུལ་དེ་ལྟར་སྣང་། །ཐབས་ཆེན་སྤྱོད་ལ་འཇུག་པ་ཡང་། །བབ་ཚོད་ཐད་དུ་འཇུག་པ་སྟེ། །དཔེར་ན་གླང་ཆེན་ཆུར་འཇུག་པ། །རབ་དང་གླང་ཆེན་བབ་མི་ལྟ། །དེ་ཡང་རྩལ་སྒྱིད་དྲག་ཞན་གྱིས། །ལ་ལ་ཐད་དུ་གཅོད་པ་ལ། །ལ་ལ་ཆུ་ཡི་གཞོལ་

ཕྱོགས་སོ། །དེ་ལྟར་རྣལ་འབྱོར་སྤྱོད་འཇུག་པ། །འབྲས་བུ་དོན་ལ་བབ་གཅོད་ཀྱང་། །རྩལ་འཕང་མཐོ་དམན་ཁྱད་པར་གྱིས། །ཇི་ལྟར་ནུས་ཚད་དེ་སྤྱོད་ཕྱིར། །ས་དང་གནས་སྐབས་ཡེ་ཤེས་དང་། །སྒྲིབ་དང་གོལ་ས་རྟོག་པ་དང་། །སྤྱོད་དང་དམ་ཚིག་ཏིང་འཛིན་

དང་། །དུས་དང་དངོས་གྲུབ་མཐར་ཕྱིན་དང་། །ལྟ་བའི་ཁྱད་པར་གནས་གྱུར་ནས། །ཐམས་ཅད་གཅིག་ལས་མེད་ན་ཡང་། །གྲངས་སམ་དབྱེ་བ་གྲགས་ཕྲག་རྣམས། །སྣོད་ཀྱི་རྩལ་དང་སྦྱར་ནས་ནི། །ཁྱད་པར་ཅི་ཡང་བསྟན་པ་ཡིན། །དེ་ཡང་རྩལ་གྱི་ཁྱད་པར་

Vol. 97 · folio 267b

གྱིས། །དང་པོ་ལས་ཀྱི་ཁྱད་པར་ལས། །སོགས་པའི་རྣལ་འབྱོར་ཆུང་ངུ་རྣམས། །རང་རང་རྩ་བ་བོར་ནས་ནི། །རྩལ་ཆེན་རྫོགས་པའི་རྣལ་འབྱོར་ལ། །སོགས་པའི་རྣལ་འབྱོར་ཆེན་པོའི་ཚུལ། །སྤྱོད་པར་བྱེད་དང་དོན་འདོད་པ། །སྦལ་བུས་མཁའ་ལྡིང་ལས་སྤྱད་ཀྱང་། །

བཙལ་བའི་ཡུལ་ནི་ཆད་མ་ཡིན། །ནོར་བུ་ལས་ཀྱི་འཕང་དམས་པ། །རང་སྐལ་འཚོ་བའི་ཚོད་བོར་ནས། །རྒྱལ་པོ་ཐབས་ཀྱིས་འཕང་མཐོ་བའི། །ལོངས་སྤྱོད་ཆེ་ལ་དམིགས་བཅས་ཀྱང་། །དེ་དག་མི་འཐོབ་འཚོ་བྲལ་ཞིང་། །སྐལ་ལྡན་ཅན་གྱི་དོན་འདི་དག །

སྐལ་ཞན་དག་གིས་འགྲུབ་པར་དཀའོ། །དེ་ཕྱིར་དགོངས་པ་ཀུན་འདུས་ལ། །གང་འདིར་རྣལ་འབྱོར་དམན་དོན་དུ། །གསོ་དང་སྦྱོང་བའི་སྤྱོད་པ་དག །དམན་པ་དག་དང་མཉམ་པར་གསུངས། །གསོ་དང་བསླང་བའི་རྟོག་པ་འདི། །རྟོག་པ་ཅན་དང་མཐུན་པར་

སྤྱད། །གསོ་བ་རྟོག་པས་ཟིན་པའི་ནད། །ལྟ་སྤྱོད་ཉམས་པའི་སྨན་གྱིས་གསོ། །ཤི་བསླང་བ་ཡི་རྟོག་པ་འདི། །ཁམས་གསུམ་འཁོར་བའི་ནད་པ་རྣམས། །རྟག་ཆད་མཐར་ཤི་རོ་གླིང་ནས། །གཏི་མུག་བམ་ཆེན་རོ་བླངས་ཏེ། །སྐྱེ་འགག་མེད་པར་བླང་བའི་ཕྱིར། །

རོ་ལ་ཡིད་བཞིན་ནོར་བུ་ཡི། །སྔགས་ཀྱིས་བཏབ་སྟེ་གནོན་པར་བྱ། །རོ་ཡི་གཉེན་པོར་བདག་གྱུར་ནས། །རོ་སྔགས་རྒྱུན་མི་འཆད་པར་བཟླས། །རོ་ཡི་གཟི་བྱིན་བྱུང་བ་ན། །བར་ཆད་མེད་པའི་བརྩོན་འགྲུས་བྱ། །རོ་དེ་འགུལ་བར་གྱུར་པ་དང་། །གང་གི་འགྱུར་རྩིས་

བྱུག་པར་བྱ། །རོ་ཡི་ཡན་ལག་ཀུན་བཅིངས་ནས། །བཟླས་པ་དྲག་པོ་རྒྱུན་མི་གཅད། །གང་དེར་ལངས་པར་གྱུར་པ་དང་། །ཆོ་འཕྲུལ་འཇིགས་ཚལ་སྟོན་པར་བྱེད། །བརྟུལ་ཞུགས་ལྡན་པའི་སྐྱེས་བུ་ཡིས། །དེ་ཚེ་རོ་ཡི་ལྕེ་བཅད་ནས། །རོ་ལ་བརྡབས་ན་གསེར་དུ་

འགྱུར། །དེ་བཞིན་ཇི་ལྟར་འདོད་པ་ཡི། །རྐྱེན་གྱིས་བསྒྱུར་ན་དེ་ལྟར་འགྱུར། །ལྕེ་བཤད་རལ་གྲི་མཚོན་ཆ་དང་། །རོ་ཡི་མགོ་བོ་གཅད་པ་དེས། །ཇི་ལྟར་འདོད་པའི་རྫས་འགྲུབ་སྟེ། །མགོ་ཐོད་གོ་ཆར་བཟུང་ནས་ནི། །ལྕེ་ཡི་རལ་གྲི་མཚོན་ཐོགས་ནས། །ལྷ་མིན་གཡུལ་

Vol. 97 · folio 268a

ཡང་བཟློག་པར་འགྱུར། །རོ་ལངས་གྲུབ་པའི་རྐང་འགྱོགས་ནི། །དཔག་པའི་ཚད་ལས་འདས་པ་སྟེ། །སྐྱེས་བུ་རྩལ་དང་ལྡན་པ་ཡིས། །ཕྱོགས་བཞིར་བལྟས་ཏེ་དུས་གཅིག་ཏུ། །མདའ་འཕངས་ས་ལམ་བབས་པར། །མཐའ་བླངས་སྐད་ཅིག་

འཇིག་རྟེན་བསྐོར། །སྐྱེས་བུ་ལག་ཚོད་མ་ཡལ་བར། །དེ་མ་ཐག་ཏུ་གནས་སུ་སླེབས། །ཡུད་ལྟར་ཤིན་ཏུ་མྱུར་བ་འཐོབ། །དེ་ལ་སོགས་པ་མཐའ་ཡས་པ། །རོ་ལ་འདོད་པ་ཐམས་ཅད་འབྱུང་། །རོ་ལ་རོར་བསྒྲུབས་རོ་གྲུབ་ན། །རོ་ཡི་དངོས་པོ་མི་སྣང་བར། །གང་

ལྟར་བསྒྲུབས་པ་དེ་སྣང་ཕྱིར། །རོ་ལ་རྣམ་རྟོག་ག་ལ་ཡོད། །རོ་ལ་རོ་ཡི་རང་བཞིན་དག །མེད་པར་ཤེས་པས་ཐག་ཆོད་བཞིན། །སྤྱོད་པས་དེ་ལྟར་མཉམ་སྤྱད་ན། །ལྟ་སྤྱོད་མཉམ་ཞེས་དམ་པས་བཤད། །འདི་ནི་ཤི་བ་སློང་བ་ཡི། །བདུད་རྩི་དམ་པའི་སྤྱོད་

པའོ་ཞེས། །དགོངས་པ་དམ་པའི་ཀུན་འདུས་གསུངས། །གྲོགས་པོ་དག་དེ་དག་ནི་ཤི་བ་སློང་བའི་རྟོག་པ་ཡོངས་སུ་སྤྱོད་པར་ཤེས་པར་བྱའོ། །གྲོགས་པོ་དག་དེ་ལ་སྦྱོང་བའི་སྤྱོད་པ་གང་ཞེ་ན། འདི་ལྟ་སྟེ། རྟོག་པའི་ཟུག་རྔུ་སྦྱང་བ་དང་། རྒྱུད་ཡོངས་སུ་སྦྱང་བའོ། །

དེ་ལ་རྟོག་པའི་ཟུག་རྔུ་སྦྱང་བ་ནི་གང་རྟོག་པའི་དངོས་པོ་སྦྱོང་བའོ། །གྲོགས་པོ་དག་རྒྱུད་ཡོངས་སུ་སྦྱང་བ་ནི་བཀོད་པའི་བྱ་བས་སྦྱང་བ་དང་། མེའི་བྱ་བས་སྦྱང་བའོ། །དེ་ལ་བཀོད་པའི་བྱ་བས་སྦྱང་བ་གང་ཞེ་ན། བརྩམ་པ་ལས་ཀྱི་དང་པོ་དང་། །དམ་པའི་དོན་ལ་

འཇུག་པ་ན། ཐབས་མཆོག་ལྔས་ནི་སྦྱང་བར་བྱ། །རྡོ་རྗེ་དུས་ཚིགས་བསྙེན་པ་དང་། །གང་འདིར་ཉེ་བར་བསྒྲུབ་པ་དང་། །སྒྲུབ་པོ་ཆེན་པོས་སྦྱོར་བ་ལ། །གྲངས་དུས་མཚན་མར་བཅས་པར་བྱ། །རྣལ་འབྱོར་བཅད་པའི་བཀའ་སྒོ་འདིར། །གསང་སྒོ་མི་དབྱེ་སྐྲག་

པར་འགྱུར། །ཅི་ཕྱིར་དང་པོ་ཡིན་པས་ན། །བྱིས་པ་བློ་ཤེད་མ་བྱེ་བ། །མ་ངེས་ལྡོག་འཇུག་བཅས་པ་ཡིས། །ཐེག་ཆེན་དོན་ལས་གོལ་བར་འགྱུར། །གནས་འདིར་འཇུག་པའི་བྱིས་པ་དག །འཇིག་རྟེན་དྲུག་ལས་དྲངས་ནས་ཀྱང་། །འགྱུར་དབང་མ་ངེས་སར་བཞག་

Vol. 97 · folio 268b

སྟེ། །ཇི་ལྟར་འཚམ་པར་བདེ་ཐབས་སྦྱར། །རྡོ་རྗེ་ཐབས་ཆེན་ཚོམ་བུ་ལྔ། །རྡོ་རྗེ་འཛིན་ཚོགས་བཅུ་དྲུག་ལྡན། །དབྱིངས་ཀྱི་དཀྱིལ་འཁོར་རྡོ་རྗེ་ཅན། །བྲི་བྱ་ཡང་ན་བསམ་པའམ། །བརྗོད་དམ་དངོས་སམ་མཚན་མ་ལ། །འཇིག་རྟེན་དབང་པོ་ཆོས་ལུགས་ཀྱིས། །

མོས་པ་ལ་བསྐྱེད་དྲན་བྱས་ཏེ། །རང་བཞིན་ཡུལ་ལས་ཕན་ནས་ནི། །ཕྱག་བྱ་ལ་སོགས་མཆོད་ན་ནི། །རྡོ་རྗེ་དམན་དང་རྩིར་སྦྱར་བ། །ཡོ་བྱད་ཆེན་པོ་ལ་སོགས་པས། །རྡོ་རྗེ་ཐབས་ཀྱི་ཚོགས་ལ་དབུལ། །རྡོ་རྗེ་རྣལ་འབྱོར་གླུ་བླངས་ཏེ། །མཉེས་བྱས་ལས་གྲུབ་

གྲངས་རྫོགས་ནས། །མཉེས་ནས་རྒྱུད་སྦྱངས་འདོད་པར་བྱ། །སྣོད་དུ་རུང་བའི་སློབ་མ་དག །དབང་མཁྱེན་ལ་སོགས་བྱ་བ་ཡིས། །འཇུག་ཚུལ་དབང་དང་དངོས་གྲུབ་སྩོལ། །རྡོ་རྗེ་ཐ་ཚིག་རྣམ་ལྔ་ཡིས། །བསླབ་པའི་གཉེར་རྣམས་ཅི་རིགས་པར། །རྩལ་གྱི་རྣམ་

པར་བྱིན་ནས་ཀྱང་། །རྡོ་རྗེ་གལ་ཆེན་མནའ་བོར་རོ། །དེ་ནས་སྒྲུབ་པ་ཆེ་ཆུང་རྣམས། །ཇི་ལྟར་འདོད་པ་ནན་ཏན་གྱིས། །རྡོ་རྗེ་རྣལ་འབྱོར་དཀའ་བྱའོ། །མི་ནུས་ལ་སོགས་མི་སྣང་བའི། །རྡོ་རྗེའི་ཚིག་གིས་ནན་ཆགས་བྱ། །རྨོངས་པ་གང་ཕྱིར་སེམས་བསྐྱེད་དེ། །ངོ་

མཚར་ཚིག་གི་འདུ་ཤེས་བསྒྱུར། །ཤེས་རབ་མིག་ཅན་ཤེས་བྱའི་ཡུལ། །ཐམས་ཅད་རིམ་བཞིན་བསྟན་པར་བྱ། །དྲོད་ཅན་བློ་དཀྱེལ་ཆེ་རྣམས་ལ། །རྣལ་འབྱོར་ནང་པར་གསང་སྒོ་དབྱེ། །རྩིང་པོ་འགྲོས་ཀྱི་དམུ་རྒོད་ལ། །གཅན་འཕྲང་འཁོར་བའི་གཡེང་རྣམས་

བསྟན། །རྡོ་རྗེ་ལུང་གི་ཚིག་ཅན་ལ། །ཇི་ལྟར་ནུས་པ་དེ་དབང་བསྐུར། །རྩལ་མེད་མི་ནུས་གང་དག་ལ། །ཕན་པ་འབའ་ཞིག་བསྔགས་པ་ཡིན། །གནས་འདིར་གསལ་དང་མི་གསལ་དག །འོད་མི་དབབ་ཅིང་ལྗིད་མི་དབབ། །རྡོ་རྗེ་བློ་ཡི་ཡུལ་ཅན་ལ། །རྩལ་ཆེན་

སྦྱོང་ཞེས་གདམ་པར་བྱ། །རྡོ་རྗེ་འདུས་པའི་དབང་གྲལ་དུ། །རྡོ་རྗེ་དོན་གྱི་ལྟང་ཆེན་བཤེར། །རྩལ་དང་རིམ་པ་ཁྱད་པར་དབྱེ། །སོ་སོའི་རིགས་ཀྱི་ཕྱག་རྒྱ་དག །སྤྱི་འམ་ཡང་ན་རེ་རེའོ། །གཞན་ཡང་ཤེས་རབ་གཟུངས་ཀྱི་ཚོགས། །ཇི་ལྟར་ཐབས་ཀྱི་ཚོགས་སྦྱོར་ལྟར། །

Vol. 97 · folio 269a

གང་དག་རྣལ་འབྱོར་མར་ལྡན་རྣམས། །རྡོ་རྗེ་འཛིན་མ་ལ་སོགས་པ། །ལྷ་མོ་ཚོགས་སུ་བཀོད་ནས་ཀྱང་། །གནས་འདིར་འཇུག་དགའ་ལ་སོགས་པ། །ཐབས་ཀྱི་ཕྱག་རྒྱ་མཚན་མར་སྦས། །རྡོ་རྗེ་མཉམ་པའི་གཟུངས་རྣམས་ལ། །མཉམ་པའི་མཆོད་

པས་མཉེས་པར་བྱ། །བྲོ་གར་གླུ་ཚིག་ལ་སོགས་པས། །རིག་འཛིན་རྣལ་འབྱོར་མ་རྣམས་བསྒྲུབ། །གཞན་ཡང་དུས་བཞི་མཉམ་རིག་ན། །དུས་ཞེས་བྱ་བར་ག་ལ་རིགས། །དུས་བཞི་མཉམ་པར་རབ་ཤེས་ན། །དེ་ཉིད་མཉམ་པའི་རང་བཞིན་ནོ། །རྡོ་རྗེ་ལྷ་མོ་དུས་ཀྱི་

ཚོགས། །འདས་དང་ད་ལྟར་བྱུང་བ་དང་། །མི་འབྱུང་མ་ངེས་ཆ་རྣམས་ལ། །དབང་སྒྱུར་མཉམ་པའི་རྒྱལ་མོ་རྣམས། །འཇིག་དང་སྐྱེ་དང་སྨིན་པ་དང་། །སྟོངས་པར་གྱུར་པ་དེ་དག་ཏུ། །རྡོ་རྗེ་རྣམ་ཐར་ཚད་མེད་དང་། །སེམས་དང་དེ་བཞིན་མཉམ་པ་ཡི། །ཤེས་རབ་འཁོར་

དང་དམ་པའི་དཀྱིལ། །ཇི་ལྟར་རིམ་པར་རྡོ་རྗེ་ཡི། །གླུ་གར་ལ་སོགས་ཡོ་བྱད་ཀྱིས། །མཆོད་དང་འཇུག་ཚུལ་ཇི་ལྟ་བར། །ཆ་རྣམས་དུས་ལས་མི་འདའ་བར། །ལྷ་ཡི་ཉི་མ་རྣམས་ལའོ། །བདེ་བ་ཆེན་པོ་ལ་སོགས་པ། །ཚོམ་བུའམ་ཡང་ན་ཕྱག་རྒྱ་རྣམས། །སྤྱིར་

རམ་རེ་རེར་སྦྱར་བར་བྱའོ། །འདས་པ་རྣམ་ཐར་ཚོགས་བསྐྲུན་ཏེ། །ད་ལྟར་འབྱུང་དང་མི་འབྱུང་ལ། །ཚད་མེད་སེམས་དང་རྣམ་ཐར་བསྐྲུན། །དེ་ནི་མཉམ་པའི་རྒྱལ་པོར་འགྱུར། །གཞན་ཡང་རྣལ་འབྱོར་བྱང་ཆུབ་སེམས། །རྫོགས་པ་བཅུ་དྲུག་ཟླ་རྒྱས་ཚུལ། །སྙིང་

རྗེ་ཡེ་ཤེས་ཤར་བ་ན། །མཁའ་ལ་ཉི་ཤར་ཚུལ་བཞིན་དུ། །དམ་པའི་རྫོགས་པའི་རྣལ་འབྱོར་པ། །ཡང་དག་ངེས་པའི་ས་པ་ཡིན། །བཅུ་གསུམ་ལ་ལ་བགྲོད་པ་ནི། །རྡོ་རྗེ་དུས་ཀྱི་རྒྱུན་ཚོགས་སྦྱར། །སྐར་ཚོགས་དབུས་ན་ཟླ་ཉ་བ། །བཅུ་དྲུག་ཞག་གིས་རྫོགས་

པ་བཞིན། །བཅུ་གསུམ་རྩལ་ཆེན་རྫོགས་པའི་ས། །བཅུ་དྲུག་ཚོགས་ཀྱིས་རྫོགས་པས་ན། །བརྗེས་པའི་ཟླ་བ་བཅུ་དྲུག་གིས། །ཉི་གསལ་འོད་ཀྱི་ཕྱག་རྒྱ་ལ། །མཛེས་པར་སྤྲས་པའི་བདེ་བ་དེ། །བཅུ་དྲུག་ཚོགས་ཀྱི་རྫོགས་པ་བསྐྲུན། །རྫོགས་པ་ཉིད་ན་མི་དམིགས་

Vol. 97 · folio 269b

པ། །དེ་བཞིན་ཉིད་དུ་སྦྱངས་པས་ན། །མཉམ་པས་སྟོང་པར་གྱུར་པ་ལ། །ཐམས་ཅད་ཆོས་སྐུར་རྫོགས་བྱང་ཆུབ། །སྡུག་བསྔལ་བྱང་ཆུབ་གཉིས་མེད་དེ། །རྨད་བྱུང་སེམས་བསྐྱེད་ལས་ཆེན་སྤྱད། །ཕྲ་མོ་དྲོད་དུ་གྱུར་པ་ན། དམ་པ་སྤྱད་ན་ཉི་མ་འཆར། །དུས་འདི་རྒྱུན་

གྱི་བར་ཆད་ན། །སྙན་པ་དག་གིས་བཟློག་པར་དཀའ། །བར་ཆད་བྱུང་ན་བསྐང་གསོ་བྱ། །མཁའ་ལ་ཟླ་གསལ་གྲྭ་རྒྱས་བཞིན། །ས་ལ་རྣལ་འབྱོར་གྲྭ་རྒྱས་སྤྱད། །གང་འདི་རྒྱས་ན་བསོད་ནམས་དང་། །བསྔོ་བ་ཆེན་པོའི་ལས་རྣམས་བྱ། །དེས་ནི་ཉི་ཟླ་ཞོན་འགྲོ་བའི། །

རིག་འཛིན་ས་ལ་གནས་ཕན་ཆད། །བདེ་ཆེན་བཅུ་གསུམ་ས་ལ་འགྲུབ། །གཞན་ཡང་རྒྱུན་དུ་བྱ་བ་ནི། །ཆོས་ཀུན་རྒྱལ་བའི་རང་བཞིན་ཏེ། །རྒྱལ་བ་སྐུ་གསུང་ཐུགས་སུ་སྣང་། །སྐུ་དང་གསུང་ཐུགས་ཕྱག་རྒྱ་དག །ཡི་གེ་ཕྲེང་བ་ཉིད་ལ་རྫོགས། །ཡི་གེ་ཕྱག་རྒྱའི་

ཡེ་ཤེས་རྣམས། །རྒྱུན་གྱི་རྒྱུན་དུ་བྱ་བ་ཡིན། །དེས་ནི་རྒྱུན་གྱི་ཏིང་འཛིན་ཐོབ། །རྒྱུན་གྱི་རྒྱུན་དུ་མི་གཅད་པ། །རྡོ་རྗེ་ནམ་དང་ཉི་ཚོད་ལ། །ཡི་གེའི་ཚོགས་ནི་བསྐྱེད་སྦྱར་ལ། །མཆོད་བསྙེན་བཅས་སྦྱར་དེ་བཞིན་ནོ། །འདི་ནི་དོན་དམ་ཉེ་བའི་ལམ། །དམ་པ་བསྐྲུན་

པར་འགྱུར་ཕྱིར་རོ། །འདིར་ནི་རྒྱུན་གྱི་རྒྱུན་ཚོགས་དེས། །དམ་པའི་དམ་པར་དེ་ཉིད་འགྱུར། །གཞན་ཡང་རྡོ་རྗེ་དྲ་བའི་དབྱིངས། །ཐུགས་ཀྱི་གསང་ཆེན་གསང་བ་འདི། །རྡོ་རྗེ་རྡོ་རྗེ་ཡིན་པས་ན། །རྡོ་རྗེ་དབང་ཡུལ་འབྲེལ་པས་ནི། །ཐམས་ཅད་འབྱུང་བས་དབྱིངས་ཞེས་

བྱ། །རྡོ་རྗེ་འཛིན་མ་འཛིན་རྫོགས་བཅས། །འཁྲིལ་མཉམ་པ་ཡང་དེ་བཞིན་ཏེ། །གཟུགས་བརྙན་ཏིང་འཛིན་རང་བཞིན་གནས། །ཇི་ལྟར་རིམ་བཞིན་སྦྱར་བྱས་ན། །ཇི་ལྟར་འདོད་པ་དེ་ལྟར་ནི། །འདོད་པའི་ཁམས་ལྟར་མཉམ་པར་གསུངས། །གཞན་ཡང་གང་

དུ་གང་འབྲེལ་པའི། །གསང་ཆེན་དམ་པའི་དཀྱིལ་འཁོར་ནི། །ཆོས་རྣམས་ཀུན་གྱི་རང་བཞིན་འདི། །ཕན་ཚུན་དྲ་བས་འབྲེལ་པ་ལ། །སྟོང་ཉིད་ནམ་མཁའི་རང་བཞིན་ལས། །སྤྲུལ་པ་བྱེ་བ་ཅིར་ཡང་སྣང་། །གཉིས་མེད་དྲ་བའི་ཚུལ་དུ་འབྲེལ། །རྣལ་འབྱོར་ཆེན་

Vol. 97 · folio 270a

པོའི་ཡུལ་དེ་ཉིད། །རྩལ་དང་ལྡན་པའི་གསང་སྒོ་བ། །འདི་ལ་གསང་སྒོ་དབྱེ་བར་བྱའོ། །གསང་འདིར་ཆུད་པའི་བུ་རྣམས་ནི། །བློ་གྲོས་ཆེན་པོ་ཐབས་ལྡན་པས། །མི་སྐྲག་དགའ་བའི་ངོ་མཚར་སྐྱེ། །གསང་ཆེན་གསང་བའི་དཀྱིལ་འཁོར་འདི། །

རྡོ་རྗེ་རྒྱལ་པོ་རྒྱལ་མོར་བཅས། །ལྔ་གཉིས་ཟུང་དུ་འཁྲིལ་བ་ནི། །གཡས་ནས་གཡོན་དུ་འཁྲིལ་ཚུལ་སྦྱོར། །གཡས་ཉིད་བྱང་ཆུབ་རྡོ་རྗེ་དང་། །རང་རང་མཚན་མ་འབར་བའོ། །གཡོན་ཉིད་སྒྲ་བརྙན་དྲིལ་བུ་དང་། །རྟགས་ཀྱིས་མཛེས་པར་གསལ་བ་ལ། །འཕྱོ་ཞིང་

འདུད་པའི་མདངས་ལྡན་པས། །ཆགས་ཤིང་གཡོ་བའི་ཚུལ་གྱིས་ནི། །སེང་ཆེན་གཡོ་བའི་ཚུལ་གྱིས་ནི། །སེང་ཆེན་ཁྱུ་མཆོག་ལ་སོགས་པ། །སེམས་པ་དམན་པའི་ལུས་ཁྲི་ལ། །རྫོགས་པའི་ཚུལ་གྱིས་བསྒྱིངས་བཅས་ཏེ། །ཁ་དོག་ལྔ་ཡི་འོད་འབར་བ། །

བཅུ་གསུམ་ཆ་ལུགས་བསྒེགས་པ་རྣམས། །རིམ་གྱིས་སམ་ནི་ཅིག་ཅར་བསྐྱེད། །གང་འདིར་འདོད་ཁམས་ཆགས་ཞེན་པའི། །དབང་པོ་རིམ་པར་སྦྱང་བར་བྱ། །དེ་མིན་ཡབ་ཡུམ་ཡང་མི་དམིགས། །གསང་ཉིད་ཚོགས་ཀྱི་འཁོར་རྣམས་ཀྱང་། །གནས་འགྱུར་

བ་ཡི་རང་བཞིན་གྱིས། །ཕྱག་རྒྱ་རྒྱལ་པོ་རྒྱལ་མོར་བཅས། །བརྒྱད་གཉིས་ཟུང་སྒྲིལ་འཁྲིལ་འབྱུང་སྦྱོར། །ས་དང་ནམ་མཁའ་སྤྱན་རྡོ་རྗེ། །བྱམས་དང་རྡོ་རྗེ་ཀུན་བཟང་དཔལ། །ནང་དང་ཕྱི་ཡི་ཡོ་བྱད་ནི། །བཞི་གཉིས་དག་གིས་མཉེར་སྦྱོར་བ། །བསམ་བྱ་ལ་

སོགས་དེ་བཞིན་ནོ། །རྡོ་རྗེ་སྒོ་དང་བཅས་པར་ནི། །རྡོ་རྗེ་འཁྲིལ་འཁྱུད་གསང་བའི་ཚོགས། །རྣལ་འབྱོར་ལོངས་སྤྱོད་ཆེར་སྦྱར་བས། །མཉེས་ནས་སྦྱར་ཕྱིར་རིམ་བཞིན་དབུལ། །གསང་བའི་འཇུག་ཚུལ་ལ་སོགས་ཀྱིས། །གསང་བའི་དོན་རྣམས་བསྒྲུབ་པར་བྱ། །

འཇུག་སྒོ་སྤྱོད་དང་ལྟ་བ་མཐུན། །ཐམས་ཅད་གཅིག་པར་གྱུར་པ་ཡི། །རྒྱུ་དང་རྐྱེན་ལྡན་ཕུན་སུམ་ཚོགས། །མཛའ་འཕྲོད་རྐྱེན་དང་དགྱེས་སྦྱོར་ལྡན། །ལྷ་དང་རིག་འཛིན་རྣལ་འབྱོར་རིལ། །མ་ལུས་ཚོགས་པས་ཆོས་འདི་སྤྱད། །སྐད་ཅིག་ཡུད་ཙམ་ཐང་ཅིག་

Vol. 97 · folio 270b

གམ། །ཡུད་ཙམ་ཉིན་གཅིག་ཟླ་རེ་འམ། །ལོ་ཡི་ཉི་མ་བཀྲ་ཤིས་ཀྱི། །དུས་ལ་བབ་པའི་དུས་ཆེན་དག །བྱིན་གྱིས་བརླབས་པའི་དུས་ཆེན་ཡིན། །ཇི་ལྟར་འབྱོར་པའི་ཡོ་བྱད་རྣམས། །དག་དང་མ་དག་ཁྱད་པར་གྱིས། །གཙང་མ་ཁ་ཟས་ལ་སོགས་དང་། །རྣམ་རྟོག་

ནད་འཇོམས་བདུད་རྩི་རྣམས། །རྒྱལ་བའི་ཚོགས་དང་འབྱུང་པོ་ལ། །ཇི་ལྟར་འབྱོར་ལྡན་ནན་ཏན་བྱ། །བདག་དང་གཞན་དང་གཉིས་ཀ་དང་། །ཆོས་ཀྱི་དོན་དུ་མི་འགྱུར་བའི། །སྐྱོན་བཞི་སྤངས་ཏེ་བཟློག་ཚུལ་སྦྱར། །རྣལ་འབྱོར་སྙིང་དང་མིག་ལྟ་བུར། །གདུང་བའི་

འདུ་ཤིས་ཉེར་གཞག་སྟེ། །ཇི་བཞིན་འདོད་ལྟར་བདེ་བར་སྦྱར། །ལྷ་རྣམས་མཉེས་པར་བྱ་བ་དང་། །བགེགས་རྣམས་ཞི་བར་བྱ་བ་དང་། །དོན་གྲུབ་ཤི་བ་གསོ་བའི་ཕྱིར། །ལས་འདི་སྤྱད་པར་ཤིན་ཏུ་གཅེས། །འདི་དག་བློ་ཆུང་གསར་ཞུགས་པའི། །མདུན་དུ་

བརྗོད་པར་བྱ་བའི་རིགས། །རྫས་དང་ཡོ་བྱད་ཐམས་ཅད་ཀྱང་། །ཅིས་འདུལ་དེ་ལྟར་རྩལ་དང་སྦྱར། །དེས་ན་ལས་འདི་ཁྱད་པར་ཡང་། །ཚོགས་ལ་ཚོགས་བསྐྱེད་སྒྲིབ་སྦྱངས་ཏེ། །བསྙེན་པ་དག་ལ་གོམས་བྱས་ནས། །བསྒྲུབས་པས་འབྲས་བུ་མཐར་ཕྱིན་

པའོ། །དེ་སྐད་སེམས་དཔའ་རྡོ་རྗེ་དེས། །འདུས་པ་ཕལ་མོ་ཆེ་ལ་བཤད། །འདུས་པ་ཀུན་གྱི་དོན་མཐོང་བ། །རྡོ་རྗེ་འཛིན་པ་དེ་ལ་གསོལ། །སེམས་དཔའ་ཆེན་པོ་བདག་ཅག་གིས། །ཆོས་རྣམས་ཀུན་གྱི་རང་བཞིན་ནི། །ཐབས་ཉིད་ཤེས་རབ་ཉིད་བཀོད་

དང་། །ཀུན་ནས་མཉམ་དང་བཅུ་དྲུག་ཆ། །ཡི་གེ་ཚོགས་དང་འབྱུང་བའི་དབྱིངས། །གཉིས་མེད་དྲ་བར་འབྲེལ་ལ་སོགས། །རང་བཞིན་ཏིང་འཛིན་གཟུགས་བརྙན་དུ། །སྣང་བར་ངེས་པར་མཐོང་ལགས་སོ། །དེ་སྐད་གསོལ་པས་དེས་གསུངས་པ། །གང་འདིར་

འདུས་པའི་ཚོགས་མེད་ཀུན། །ཇི་ལྟར་མཐོང་བ་དེ་ལྟར་ཡིན། །ཡེ་ནས་མ་བཅོས་ཇི་བཞིན་ཉིད། །རང་བཞིན་དཀྱིལ་འཁོར་དེ་ཁོ་ན། །དགོངས་པ་དམ་པ་ལྷུན་གྲུབ་པ། །ཏིང་འཛིན་དཀྱིལ་འཁོར་དམ་པ་ཉིད། །དེ་དག་རྩ་བ་སེམས་ཉིད་པས། །སེམས་ཅན་གཟུགས་

Vol. 97 · folio 271a

བརྙན་དཀྱིལ་འཁོར་གསལ། །རང་བཞིན་ཏིང་འཛིན་དཀྱིལ་འཁོར་དུ། །ཐམས་ཅད་ཡེ་ནས་ཞུགས་བཀོད་རྫོགས། །དེ་ལས་ཁྱད་པར་སྐལ་ལྡན་མི། །སྤྱོད་ཡུལ་གྱུར་པ་གཟུགས་བརྙན་ཏེ། །རས་འཇམ་ཁོད་སྙོམས་བཟང་ལ་སོགས། །ཁ་དོག་

ལྔ་འམ་ཉི་ཤུ་ལྔས། །མ་མཐོང་རྨོངས་ལ་བསྟེན་ཕྱིར་མཚོན། །མ་ཉམས་མཚན་མས་དེ་རངས་འགྱུར། །བསྟེན་ཞིང་དེས་འཇམ་ཁང་བུ་ལ། །ཁ་དོག་འབར་བར་གཟུགས་མཚོན་ཏེ། །ཕྱག་རྒྱ་མ་ཉམས་མཛེས་ལྡན་ན། །མཚན་མའི་ཆོ་འཕྲུལ་སྟོན་པར་ནུས། །

གསེར་དངུལ་ཟངས་ལྕགས་ལ་སོགས་ལ། །གང་བླུགས་རྒྱལ་བའི་སྐུ་བྱས་ཏེ། །ཕྱག་རྒྱ་མ་ཉམས་དང་ལྡན་ན། །དེ་ཡང་མཚན་མའི་རྟེན་དུ་འགྱུར། །ཤེལ་རྡོ་དུང་ལ་སོགས་པ་ལ། །འབུར་ལས་རྒྱལ་བའི་སྐུ་བྱས་ན། །དེ་བཞིན་མ་ཉམས་རྒྱས་མཛད་ན། །མཚན་

མ་འབྱུང་བའི་རྟེན་དུ་འགྱུར། །བླག་ཤ་བྱང་ཆུབ་ཤིང་སོགས་ལ། །མཁས་པས་བཟོར་བཞོགས་གཟུགས་བརྙན་གྱིས། །ཕྱག་རྒྱ་མ་ཉམས་ཀུན་རྫོགས་ན། །འདི་ཡང་མཚན་མའི་རྟེན་དུ་འགྱུར། །ས་ལ་སོགས་ལ་ཕྱག་རྒྱ་བྱས། །ཁ་དོག་མཛེས་དང་ལྡན་བྱས་ལ། །

མཚན་མ་འབྱུང་བའི་རྟེན་ཡིན་ཏེ། །མཚན་མས་མཚན་མ་གྲོལ་རིག་པ། །གང་དག་ས་ལས་རྒྱལ་བའི་དབྱིབས། །ཀུན་དུ་ལྷམ་པར་བྱས་པ་ལ། །ཚོན་རྩི་ལྔ་ཡིས་མཛེས་བཀོད་ན། །རྣམ་གྲོལ་རིག་པའི་རྟེན་དུ་འགྱུར། །གང་གི་གཟུགས་བརྙན་གང་ཡིན་དང་། །དེ་ཡི་

རང་བཞིན་གཅིག་པས་ན། །འདི་ལ་ཁྱད་པར་ཅུང་ཟད་མེད། །འདི་ཡིས་རྣམ་གྲོལ་རིག་པར་འགྱུར། །བདེར་གཤེགས་ཕོ་བྲང་གང་ཡང་རུང་། །དཀྱིལ་འཁོར་ཚུལ་དུ་གང་བྱེད་པ། །ཡིད་འོང་མཚན་ལྡན་དབེན་ཕྱོགས་སུ། །ཀུན་ནས་ལྷམ་པར་མཛེས་བྱས་ལ། །སྲད་བུ་བརྒྱད་དང་

ལྡན་བྱས་ཏེ། །བསྡུ་བའི་བྱ་བས་མཛེས་བྱས་པ། །དེ་ནས་སྲད་བུ་གཅིག་གིས་བསྐོར། །དཀྱིལ་འཁོར་ཚུལ་དུ་གྱུར་པ་དང་། །ནང་དུ་ལྷམ་བུ་སྲད་བུ་བརྒྱད། །ལེའུ་ཚེ་ལྡན་པ་དགུར་འགྱུར་ཏེ། །མཐའ་ཟད་སུམ་ཆར་བྱས་པ་ལ། །ཀུན་གྱི་ནང་དུ་སྲད་བུ་གསུམ། །ཕྲ་མོ་དག་

Vol. 97 · folio 271b

གིས་མཛེས་པར་བརྒྱན། །དགུ་ཡི་ཆར་ནི་བགོས་པ་ལ། །སྒོ་དང་སྒོ་ཁྱུད་སུམ་ཆ་བྱ། །ཀ་བ་བརྒྱད་ཀྱིས་མཛེས་བྱས་ལ། །རིན་ཆེན་ཀ་བའི་ནང་ལོགས་སུ། །སངས་རྒྱས་ཕོ་བྲང་དབུ་རྩེར་བྱ། །བསྡུ་བ་ཚད་མེད་རྣམ་ཐར་སྒོ། །རིམ་པ་གསུམ་གྱིས་མཛེས་པ་ལ། །རྟ་

བབས་ཐེམ་སྐས་ཀྱིས་ཀྱང་བརྒྱན། །དབུས་ཀྱི་ཕོ་བྲང་ལེའུ་ཚེ་འམ། །འཁོར་ལོ་དཔལ་བེའུ་པདྨ་དང་། །རིན་ཆེན་ཟུར་བརྒྱད་ལ་སོགས་པ། །ཇི་ལྟར་རིགས་པ་དེ་བཞིན་བྲི། །རྒྱན་ནི་རིན་ཆེན་སྣ་ཚོགས་དང་། །པཉྩ་ར་ཀ་ཏྭ་ར་ན། །ཕྲེང་བ་དང་ནི་དྲ་བས་བརྒྱན། །ཟ་ར་ཚགས་

དང་ཆུན་འཕྱང་དང་། །དྲིལ་བུ་གཡེར་ཀ་ཐེའུ་ཆུང་འཕྱང་། །རོལ་མོ་སྒྲ་སྒྲོགས་ལྷ་ཡི་བུ། །མང་པོས་ཕྱི་ནང་ནམ་མཁའ་ལས། །མཆོད་པ་སྣ་ཚོགས་འབུལ་བ་བྲི། །ཐེག་ཆེན་གདུང་བཞེས་རབ་བརྒྱན་ཏེ། །རིན་ཆེན་ཁ་བད་མཆོད་རྟེན་དང་། །རྒྱལ་མཚན་རིན་ཆེན་འོད་

འབར་བས། །གཞལ་ཡས་མཛེས་པར་བརྒྱན་པ་ནི། །ཆོས་ཀྱི་ཕོ་བྲང་ཅི་འདྲ་བར། །དེ་འདྲ་དེ་ཉིད་མཚོན་པར་བྲི། །གཞལ་ཡས་ཁང་དུ་གང་རྒྱུར་བ། །ཀུན་གྱིས་མཛེས་དང་ལེགས་པར་བརྒྱན། །མཆོད་པ་བླ་ན་ཡོད་མེད་ཀུན། །ཇི་ལྟར་འབྱོར་ལྟར་ནན་ཏན་དབུལ། །

རྒྱལ་སྲིད་ལོངས་སྤྱོད་བཅས་པ་དང་། །གླུ་བྲོ་གར་དང་རོལ་མོར་བཅས། །དུག་འཇོམས་སྨན་དང་བདུད་རྩི་རྣམས། །རྒྱལ་བ་རྒྱ་མཚོ་སྙེད་ལ་དབུལ། །མཉམ་པ་ཉིད་ཀྱི་མཆོད་སྦྱར་བས། །རྒྱུད་བྱང་ཐམས་ཅད་མཉམ་པར་འགྱུར། །དེ་སྐད་སྨྲས་པས་འདུས་པ་ཀུན། །

ཐམས་ཅད་རྒྱུད་བྱང་རྣམ་གྲོལ་རིག །གྲོགས་པོ་དག་དེ་དག་ནི་བཀོད་པའི་བྱ་བས་ཡོངས་སུ་སྦྱང་བར་ཤེས་པར་བྱའོ། །གྲོགས་པོ་དག་འདི་ལ་མེའི་བྱ་བས་ཡོངས་སུ་སྦྱང་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཆོས་ཉིད་དུ་སྦྱང་བའི་ཕྱིར་དངོས་པོ་ཐམས་ཅད་

མེའི་རང་བཞིན་དུ་བྱིན་གྱིས་བརླབས་པས་འདུས་པའི་ཚོགས་ཐམས་ཅད་ཀྱིས་ཆོས་ཐམས་ཅད་མེའི་རང་བཞིན་དུ་སྣང་བར་མཐོང་སྟེ། ཤིན་ཏུ་ངམ་ནས་ངོ་མཚར་དུ་བསྟོད་པ། །ཨེ་མའོ་སེམས་དཔའ་སེམས་དཔའ་ཆེ། །ཆེ་བའི་ཆེ་བ་བྱིན་བརླབས་ཆེ། །ཏིང་འཛིན་ཆེན་པོ་

Vol. 97 · folio 272a

སྣང་བ་ཆེ། །ཆོ་འཕྲུལ་ཆེན་པོ་སྣ་ཚོགས་ཆེ། །ཐབས་མཆོག་དཔག་གིས་མི་ལང་སྟེ། །ཆོས་ཀུན་མེ་དཔུང་འབར་བར་སྣང་། །དེ་ཉིད་ཡེ་ཤེས་གསལ་བའི་ཀློང་། །འབར་འཕྲོ་གསལ་བར་གྱུར་པ་ནི། །མུན་གསལ་དངོས་པོ་ཐམས་ཅད་བསྲེགས། །བདེ་

ཆེན་དབྱིངས་སུ་ཀུན་རྫོགས་པར། །དཔའ་བོ་ཁྱོད་ཀྱིས་མཛད་པ་ལགས། །འབར་བ་ཆེན་པོ་ཨ་ལ་ལ། །གཟི་བརྗིད་ཟེར་འཕྲོ་ཨ་ལ་ལ། །མཐའ་ཡས་ཀུན་སྡུད་ཨ་ལ་ལ། །ཐམས་ཅད་སྲེག་བྱེད་ཨ་ལ་ལ། །ཟ་བྱེད་ཆེན་པོ་ཨ་ལ་ལ། །མཐའ་དང་དབུས་མེད་ཨ་

ལ་ལ། །ཐུགས་རྗེ་བདེ་མཆོག་ཨ་ལ་ལ། །དབང་ཕྱུག་འཇིགས་བྱེད་ཨ་ལ་ལ། །གསང་མཆོག་རྨད་འབྱུང་བྱིན་བརླབས་ཀྱིས། །མེ་ཡི་རང་བཞིན་ཆེན་པོ་དག །བདག་ཅག་རྣམས་ལ་བཤད་དུ་གསོལ། །དེ་སྐད་འདུས་པས་གསོལ་པ་ལས། །དེ་ཉིད་དགྱེས་

པས་འདི་སྐད་དུ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །རྡོ་རྗེ་མེ་ཡི་རང་བཞིན་དག །ངེས་པར་བཤད་ཀྱིས་གུས་པར་ཉོན། །ཁྱད་པར་བླ་མའི་ལམ་མཆོག་འདིས། །རྣལ་འབྱོར་ཐབས་སུ་བདེ་སྦྱར་བས། །རྒྱལ་བ་ཀུན་མཉེས་ཀུན་བསྲེགས་སྦྱངས། །དོན་གྲུབ་

ལས་ཀྱི་མཆོག་ཏུ་སྦྱངས། །ཇི་བཞིན་པ་ཡི་ཧོམ་ཁུང་དུ། །ཇི་སྙེད་པ་ཡི་ཡམ་ཤིང་ལ། །དེ་བཞིན་ཉིད་ཀྱི་མེ་བྱུང་བས། །ཐམས་ཅད་ཐམས་ཅད་བསྲེགས་སྦྱངས་ཐིམ། །སྐྱེ་མེད་རྣམ་དག་ཧོམ་ཁུང་དུ། །སྐྱེ་བ་རྣམ་བཞིའི་ཡམ་ཤིང་ལ། །མ་སྐྱེས་སྤྲོས་བྲལ་

མེ་བྱུང་བས། །མཚན་མའི་བག་ཆགས་བསྲེགས་སྦྱངས་ཐིམ། །བསམ་དུ་མེད་པའི་ཧོམ་ཁུང་དུ། །བསམ་གྱིས་མི་ཁྱབ་ཡམ་ཤིང་ལ། །འོད་དཔག་མེད་པའི་མེ་བྱུང་བས། །མཐའ་ཡས་རྡུལ་སྙེད་བསྲེགས་སྦྱངས་ཐིམ། །ཆོས་ཉིད་རྣམ་དག་ཧོམ་ཁུང་དུ། །ཆོས་

ཅན་སྣ་ཚོགས་ཡམ་ཤིང་ལ། །སྟོང་ཉིད་ཡེ་ཤེས་མེ་འབར་བས། །དངོས་པོའི་བག་ཆགས་བསྲེགས་སྦྱངས་ཐིམ། །སེམས་ཉིད་རྣམ་དག་ཧོམ་ཁུང་དུ། །སེམས་ཅན་སྐྱེ་འགྲོ་ཡམ་ཤིང་ལ། །རང་འབྱུང་ཡེ་ཤེས་མེ་འབར་བས། །འཁོར་བའི་བག་ཆགས་བསྲེགས་

Vol. 97 · folio 272b

སྦྱངས་ཐིམ། །ཀུན་གཞི་བྷ་གའི་ཧོམ་ཁུང་དུ། །ཉོན་མོངས་ལྔ་ཡི་ཡམ་ཤིང་ལ། །ཡེ་ཤེས་ལྔ་ཡི་མེ་བྱུང་བས། །གཟུང་འཛིན་རྟོག་པ་བསྲེགས་སྦྱངས་ཐིམ། །སྣང་སྲིད་ནམ་མཁའི་ཧོམ་ཁུང་དུ། །འབྱུང་བ་བཞི་ཡི་ཡམ་ཤིང་ལ། །ཕྱག་རྒྱ་འབར་བའི་མེ་བྱུང་བས། །

སྣང་སྲིད་དངོས་པོ་བསྲེགས་སྦྱངས་ཐིམ། །རྣམ་བཞི་ལས་ཀྱི་ཧོམ་ཁུང་དུ། །བཞི་འམ་བཞི་ཡི་ཡམ་ཤིང་ལ། །རིགས་བཞི་འབར་བའི་མེ་བྱུང་བས། །མཆོད་སྦྱིན་དངོས་པོ་བསྲེགས་སྦྱངས་ཐིམ། །འདི་ཡང་སོ་སོའི་ཁྱད་པར་གྱིས། །ཕྱོགས་དང་ཁ་དོག་

དབྱིབས་དང་རྫས། །གང་ལྟར་རིགས་པ་དེ་ལྟར་སྦྱར། །ཤར་ལྷོ་ནུབ་བྱང་དཀར་སེར་དམར། །མཐིང་ག་ནག་པོ་ཐལ་མདོག་སྦྱར། །ཟླུམ་པོ་པདྨ་ལེའུ་ཚེ་བཞི། །འཁོར་ལོ་གྲུ་བཞི་ཟུར་བརྒྱད་རྒྱས། །ཟླ་གམ་གྲུ་ཆད་གཞུ་དབྱིབས་དབང་། །གྲུ་གསུམ་བྷ་གའི་མཁའ་མངོན་

སྤྱོད། །གསུམ་བརྩེགས་མདངས་དང་རི་མོར་མཛེས། །ལས་ཀྱི་ཡམ་ཤིང་རྫས་ཀྱིས་བརྒྱན། །ཡེ་ཤེས་རྡོ་རྗེ་ལས་རྒྱུད་ལྡན། །བླ་མ་གསུམ་གྱི་ཐབས་མཆོག་སྦྱར། །དག་པའི་མཐའ་མཉེས་མཆོག་འཛིན་པ། །རྡོ་རྗེ་གསང་བའི་གླུ་བྲོ་གར། །མཆོད་པ་ངེས་པའི་

འབྱོར་ཚོགས་སྦྱར། །རྡོ་རྗེ་ལས་ཀྱི་བྱིན་བརླབས་སྦྱོར། །གསང་བ་ལས་ཀྱི་རྒྱུད་ལྡན་པས། །བཤེར་བཏབ་ཞི་བའི་ལྷ་རྒྱུད་དང་། །རྒྱས་དང་དབང་བཤད་རྒྱུད་བཤད་པས། །ལྷ་དང་སྔགས་དང་ཕྱག་རྒྱ་དང་། །དེ་བཞིན་གླུ་ཡི་རྒྱུད་འབྱོར་བྱ། །རིགས་ཀྱི་རིགས་

རྒྱུད་ལྔ་རྣམས་ནི། །སོ་སོ་རིགས་སུ་བཤེར་བཏབ་སྟེ། །ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བ་ཡིས། །སྦྱང་དང་ཐོབ་ཕྱིར་བསྲེག་བྱར་འོས། །དཔག་མེད་རྒྱལ་བ་རྒྱ་མཚོའི་ཚོགས། །ཆེ་བ་སྔགས་པའི་ཡོན་ཏན་དག །རྡོ་རྗེ་གླུ་ཡིས་

བརྗོད་ནས་ཀྱང་། །མཉེས་པར་བྱ་བའི་ཐབས་ཆེན་བརྩམ། །མཉེས་པའི་ལས་རྣམས་རྫོགས་པ་དང་། །གང་ཡང་མ་བྱང་དོན་ཆེན་རྣམས། །གྲུབ་དང་མ་གྲུབ་དེ་རྣམས་དག །མི་ལ་མཁས་པས་བརྟག་པར་བྱ། །མེ་སྒྲ་གཉིས་དང་ཁ་དོག་གཉིས། །འབར་ཚུལ་

Vol. 97 · folio 273a

གཉིས་དང་དབྱིབས་རྣམས་དྲུག །དེ་དག་ཡོངས་སུ་ཤེས་པར་བྱ། །གལ་ཏེ་མཚན་ལ་མི་སྡུག་ན། །ཡིད་དུ་མི་འོང་རྟགས་ཡིན་པས། །སྲེག་སྦྱང་ཆེན་པོས་རྒྱས་པར་བྱ། །དེ་ནས་ཡིད་འོང་འདོད་འབྱུང་བ། །མེ་ལ་འདོད་པའི་མཚན་མ་རྣམས། །རྣམ་

གསུམ་གང་ལྟར་འགྲུབ་པ་བླང་། །འདུས་པ་ཆེན་པོ་གཞན་ཡང་གང་། །རོ་ཡི་རྫས་རྣམས་སྲེག་སྦྱང་ན། །རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཤིན་ཏུ་དྲི་ཞིམ་སྣ་ཚོགས་ཀྱིས། །རོ་ལ་བྱུག་ཅིང་བཀྲུ་བར་བྱ། །བདུད་རྩི་ཞུན་ཆེན་ཁུ་བ་ཡིས། །རས་ལ་བྱུགས་པས་

རོ་དཀྲིས་པས། །རོ་ཡི་གནས་རྣམས་གང་ཡིན་པར། །སྔགས་ཀྱི་སྦྱོར་བ་ཀུན་བཀོད་ནས། །ཕྱག་རྒྱའི་མཚན་མས་གདབ་པར་བྱ། །རྒྱལ་བའི་དཀྱིལ་འཁོར་བཀོད་པ་གང་། །དེ་ཡི་མཚན་པའི་ཕྱག་རྒྱ་རྣམས། །གང་དུ་བཀོད་པ་དེ་ཉིད་དུ། །སྙིང་པོ་གྲངས་ཀྱང་དེ་ལྟར་

བྱ། །སྙིང་པོ་དག་ལ་སོ་སོ་ཡི། །མ་ནོར་རྩ་བའི་ཡིག་འབྲུ་དག །རས་སམ་ཤིང་ལ་བྲིས་ཏེ་དགོད། །རོ་ཡི་སྦྱོར་བ་རྫོགས་པ་དང་། །རོ་ཡི་ཕྱི་རྒྱབ་ཐམས་ཅད་དུ། །ཉོན་མོངས་འཁོར་བ་ཀུན་བཀོད་དེ། །རས་སམ་ཤིང་ཤུན་གང་དག་ལ། །འཁོར་བའི་ས་བོན་ཐམས་

ཅད་དགོད། །ཉོན་མོངས་ལྔ་དང་དུག་གསུམ་བཅས། །སྐྱེ་བཞི་ལས་ལྔ་རྒྱུད་དྲུག་རྣམས། །མིང་དང་གཟུགས་སུ་བྱས་ནས་ནི། །གནས་གནས་དག་ཏུ་དགོད་པར་བྱ། །ས་བོན་འདུ་བྱེད་དངོས་པོ་ལྔ། །གཟུང་འཛིན་མིང་དུ་བཅས་པ་རྣམས། །བརྡ་ཡི་ཚུལ་དུ་བཀོད་

ནས་ནི། །རོ་རྣམས་ཁྱབ་པར་དགོད་པར་བྱ། །དེ་ནས་རོ་ཡི་ཕུང་པོ་དེ། །རྟེན་ནས་གླེགས་མ་སྟེགས་བུ་ཡི། །སྟེང་དུ་མཁས་པས་གཞག་པར་བྱ། །ཐབ་ཀྱི་ཆོ་ག་བྱ་བ་ཡང་། །མཎ་ཌལ་ཁོར་ཡུག་རན་ཙམ་ལ། །བརྐོ་དང་ཁ་ཁྱེར་ལུགས་བཞིན་བྱ། །ཕྱག་རྒྱ་བཞུགས་

པའི་ཕོ་བྲང་དག །ཐིག་གིས་ཡུལ་གཙད་སོ་སོར་དབྱེ། །དེ་ཡི་སྟེང་དུ་བསྲེག་ཤིང་བརྩིགས། །དབྱིབས་ནི་རིགས་བཞིར་གཏམས་པ་ལ། །གྲྭ་ཟུར་ཀ་བས་བརྟན་པར་བརྟེན། །སུམ་བརྩེག་ཡང་ཐོག་བར་ཁང་བཅས། །ཐ་མ་ཡམ་ཤིང་བརྫངས་པས་གཏམས། །

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words