གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 98 · folio 258a

འདོད་ན་ཐིམ་པར་བྱེད། །རྨུགས་པར་འདོད་ན་མྱོས་པར་བྱེད། །སེང་གདོང་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཐམས་ཅད་ཀུན་དུ་ཟ་བར་བྱེད། །རྡུལ་ཆ་ཙམ་ཡང་མེད་པར་བྱེད། །བཞད་གདོང་ཆེན་མོ་ལ་སོགས་པའི། །བྲོ་

གར་གླུ་ཚིག་ཆེན་མོས་ནི། །ཐམས་ཅད་ཀུན་དུ་ཟ་བར་བྱེད། །ཀུན་ལ་རབ་ཏུ་ཉམས་པར་བྱེད། །སླས་དང་བྱི་མོ་བྲན་མོ་ཡི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །སྤོད་ཅིང་གཏོང་བར་བྱེད་པ་སྟེ། །ཐམས་ཅད་ཐམས་ཅད་བྱེད་པ་ཡིན། ལྗོན་པ་དང་ནི་ལྕུག་ཕྲན་ཚལ། །སྡོང་གཅིག་

དང་ནི་མེ་རེག་ཏུ། །དང་བ་དགའ་བ་ཆགས་པ་དང་། །ཁྲོས་པས་ཀ་ལི་རབ་ཏུ་བྱ། །ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཉིད་ལ་དེ་བཞིན་གཤེགས་པ་ཉིད་སྦྱོང་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་བྱིན་གྱིས་རློབ་པ་ཞེས་

བྱ་བའི་ལེའུ་སྟེ་དྲུག་ཅུ་པའོ།། །།དེ་ནས་དེ་བཞིན་གཤེགས་པའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ཆོས་ཐམས་ཅད་ཡིད་དང་། ཆོས་སུ་འདུས་པར་བསྟན་པ་དང་། ཤེས་རབ་ཐམས་ཅད་ནི་ཡུམ་བཞིར་འདུས། ཡུམ་བཞི་ཡང་གཅིག་ཏུ་འདུས་སོ། །ཐབས་

ཐམས་ཅད་ནི་རིགས་བཞིར་འདུས། རིགས་བཞི་ཡང་གཅིག་ཏུ་འདུས་ཏེ། ཐམས་ཅད་དབྱིངས་དང་། དབྱིངས་ཀྱི་ཡེ་ཤེས་སུ་འདུས་པར་བསྟན་ནས། ཚིག་མགོ་མཇུག་གི་དོན་བསྡུས་ནས་ཡང་འདི་སྐད་བརྗོད་དེ། དོན་གྱི་རྩ་བའི་མཆོག་ཡིན་ནོ། །ཐམས་ཅད་མ་ལུས་མི་

ལུས་ཤིང་། །མི་དམིགས་མ་ཆགས་ཆོས་ཉིད་དེ། །དེ་བཞིན་དབྱིངས་ཉིད་མང་པོ་སྣ་ཚོགས་ཐབས་སུ་སྣང་། །ཐབས་ཉིད་སྒྱུ་མ་མིག་ཡོར་ཆུ་ཟླ་གཟུགས་བརྙན་ཡིན། །དེ་ཉིད་རང་རིག་ཡེ་ཤེས་ཆགས་མེད་སྣ་ཚོགས་སྣང་། །ཐབས་དང་ཤེས་རབ་ལྡན་པས་མཆོག་གི་གནས་

གྱུར་པས། །ཇི་ལྟར་སྤྱད་ཀྱང་ཟད་མེད་གཉིས་མེད་སྒྲིབ་མི་འགྱུར། །ཤེས་རབ་ཐབས་ཆེན་མཆོག་ལ་ཡེ་ནས་རོལ་པ་ཡིན། །དེ་ཉིད་ཕྱག་རྒྱ་སྣ་ཚོགས་སྤྲུལ་པ་རང་རིག་སྟེ། །རྒྱུ་འབྲས་ཡེ་ནས་དབྱེར་མེད་སྔ་ཕྱི་མ་ཡིན་པས། །འབྲས་བུ་ལམ་དུ་གྱུར་ནས་དུས་གཅིག་མཉམ་

Vol. 98 · folio 258b

པར་སྦྱོར། །འདི་ནི་ཡིད་བཞིན་རིན་ཆེན་ཐམས་ཅད་འབྱུང་བའི་གནས། །ཐམས་ཅད་འདུ་བའི་གཏེར་དང་ཡིད་བཞིན་མཛོད། །གཉིས་བྲལ་མཉམ་དང་མི་མཉམ་ཐམས་ཅད་ཉིད་ཀྱི་དབྱིངས། །ང་དང་བདག་མེད་མཚན་མ་སྣ་ཚོགས་དབྱེར་མེད་པ། སྟོང་དང་མི་སྟོང་མི་

གནས་དེ་བཞིན་ཉིད་དུ་འདུས། །རང་བྱུང་རྡོ་རྗེའི་དཀྱིལ་འཁོར་ཟད་མེད་དཀྱིལ་འཁོར་སྤྲོ། །འདས་དང་མ་འདས་དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་དང་། །མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་དྲུག་རྫོགས་པ། །སྐྱེ་མེད་དབྱིངས་ཀྱི་རང་བྱུང་འོད་གསལ་ཕྲེང་ལྡན་མཆོག །

ཡེ་ནས་མ་བཅོས་མ་བྱས་རང་རིག་ངང་གིས་གསལ། །ཐམས་ཅད་འབྱུང་འཇུག་རང་རིག་གཏེར་ཆེན་ངང་དུ་བསྡུས། །ཕྱོགས་བཅུ་མ་ལུས་མི་ལུས་ཐམས་ཅད་ཀུན་འདུས་དང་། །ཞིང་ཁམས་གཞལ་ཡས་བསམ་ཡས་རིན་ཆེན་མཆོག་ཆེན་ཀུན། །སྐྱེ་མེད་དབྱིངས་དང་རང་གི་གཉིས་

སུ་ཡང་དག་འུབ། །མོས་སྤྱོད་སྟོང་ཉིད་རྒྱུ་འབྲས་ཡང་ནས་ཡང་སྦྱངས་མི་དམིགས་པ། །ཡེ་ནས་འོད་གསལ་ཆགས་མེད་མ་ཆགས་དཀོན་མཆོག་གནས། །མིང་ཙམ་མཆོག་རོལ་ཐབས་དང་ཤེས་རབ་མཆོག་གིས་རྫོགས། །ལམ་སྟེགས་ཉིད་དུ་ཕ་རོལ་ཕྱིན་བཅུ་རྫོགས་པར་རྒྱུ་

འབྲས་སྤྱོད། །མཉམ་ཉིད་པ་ཡི་རྡོ་རྗེ་ཐབས་ཆེན་ཡང་དག་ལྡན། །འགྲོ་མེད་འོང་མེད་མི་གནས་ཀུན་ཁྱབ་ཁྱབ་མེད་ཉིད་ཀྱིས་བཤད། །ཨ་ཧོ། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ཕ་རོལ་ཏུ་ཕྱིན་པ་དང་། ས་བཅུ་གཉིས་དང་། ཐབས་ཀྱིས་མཆོག་དང་། སངས་རྒྱས་ཀྱི་ཞིང་

མ་ལུས་པར་ཡིད་དང་། ཆོས་སུ་འདུས་པར་བསྟན་པའི་ལེའུ་སྟེ་དྲུག་ཅུ་གཅིག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་ལྔའི་དཀྱིལ་འཁོར་ལ་མཉམ་པར་བཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ལྔ་ཕུང་ཡན་ལག་ཐམས་ཅད་ཀྱང་། །འབྲུ་ལྔ་

གནས་པའི་བྱང་ཆུབ་སྟེ། །ཨོྃ་དང་མཱུྃ་དུ་འབྲེལ་པ་ཡི། །བྱང་ཆུབ་རྡོ་རྗེ་ཉིད་ལས་བྱུང་། །སྤྱིར་ན་བརྗོད་པ་ཐམས་ཅད་ཀྱང་། །ཀུན་ཀྱང་མིང་ཙམ་ཡི་གེ་ཨ། །སྐྱེ་འཇིག་ཉིད་ཀྱང་ཡི་གེ་ལྔ། །དེ་ནི་བྱང་ཆུབ་སེམས་ཡིན་ཏེ། །དམིགས་མེད་བྱང་ཆུབ་མཆོག་འབྱུང་བ། །

Vol. 98 · folio 259a

གསུམ་ཤར་ལྔ་འབར་བཅུ་འབྱོར་པ། །ཟད་མེད་རིན་ཆེན་གཏེར་ཡིན་ཏེ། །མངོན་ཤེས་དྲུག་ལྡན་མཚན་བཟང་སྤགས། །ཨེ་ལས་འཕྲོ་ཞིང་ཨར་འདུས་པ། །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །ནམ་མཁའི་དབྱིངས་ནས་སྤྲིན་བྱུང་བ། །ཀུན་ལ་ཁྱབ་ཅིང་

སྣ་ཚོགས་སྤྲིན། །བཞི་བཅུ་རྩ་ལྔའི་ཁོང་ནས་བསམ་མི་ཁྱབ། །བྱིན་བརླབས་ཡ་མཚན་རྨད་པོ་ཆེ། །ཡོན་ཏན་མི་ཟད་གཏེར་དུ་གྱུར། །ཧོ། ཡེ་ནས་མཉམ་ཉིད་གསང་བའི་དཀྱིལ་འཁོར་དབྱིངས། །དབྱིངས་ལས་མི་གཞན་ཡེ་ནས་ཐིག་ལེའི་ངང་། །ཡེ་ཤེས་དབྱིངས་ཉིད་

གཟུགས་བརྙན་སྒྱུ་མའི་ཚུལ། །སྣང་བྱེད་ཉིད་ན་བྱ་བྱེད་མེད་པར་གནས། །ཡེ་ཤེས་འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་དོན། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་དམ་པ་ནི། །ཐབས་དང་ཤེས་རབ་གཉིས་མེད་མཉམ་པར་གནས། །དག་མཉམ་རྣམ་གསུམ་དོན་རྟོགས་བསྒོམ་བྱས་

ཤིང་། །མཉམ་པ་རྣམ་བཞིས་དོན་རྟོགས་མཆོག་གི་གནས། །རྒྱུ་འབྲས་ལྷུན་གྲུབ་ཕུན་སུམ་ཚོགས་བཞིར་འདུས། །ཡེ་ཤེས་ལྔ་རྫོགས་སྐུ་གསུང་ཐུགས་ཀྱིས་བསྡུས། །ཆགས་མེད་ཞི་བའི་ལམ་ནས་ཐིག་ལེར་འཇུག །ཡེ་ཤེས་ལྔ་རྫོགས་སྤྱོད་ཡུལ་མི་འདའ་ལ། །མ་

ཆགས་འོད་གསལ་དཀྱིལ་འཁོར་རྫོགས་པར་ལྡན། །ཐམས་ཅད་མ་ལུས་རང་རིག་རྒྱལ་པོ་ཡིས། །དཀྱིལ་འཁོར་དག་མཉམ་ཁྲོ་བོ་ཁྲོ་མོར་སྦྱོར། །ཆོས་རྣམས་རང་བཞིན་ཉིད་ཀྱིས་སྟོང་། །ནང་དང་ནང་གི་ཕྱི་རོལ་གྱི། །རྣམ་རྟོག་སྣ་ཚོགས་འཛིན་པ་ཡང་། །དངོས་པོ་མེད་

དབྱིངས་སྐད་ཅིག་མ། །དེ་ཉིད་རྣམ་པར་དག་པའི་ལམ། །ཕྱིན་ཅི་ལོག་ཉིད་ཡང་དག་སྟེ། །མ་རིག་པ་ནི་ཡེ་ཤེས་གསལ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །ཐམས་ཅད་ཡོན་ཏན་མཆོག་གི་གནས། །ཨ་ཧོ། །ཕྱོགས་བཅུའི་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན། །

ངེས་པའི་དོན་དགྲོལ་བཞི་བཅུ་རྩ་ལྔར་འདུས། །བསྡུས་པའི་དོན་ཉིད་ཡི་གེ་འབྲུ་ལྔར་བསྡུས། །ལྔ་པོའི་དོན་ཉིད་འབྲུ་གསུམ་ནང་དུ་འདུས། །གསུམ་པོ་དེ་ཉིད་ཡི་གེ་ཨར་འདུས་ཏེ། །ཨ་ཉིད་མ་སྐྱེས་མཉམ་རྫོགས་དབྱིངས་སུ་ཐིམ། །ཨ་ཧོ། མི་དམིགས་སྟོང་པ་ཉིད་ཀྱང་

Vol. 98 · folio 259b

བརྗོད་མི་ལང་། །མི་དམིགས་དེ་བཞིན་གཤེགས་ཀྱང་བསམ་མི་ཁྱབ། །མ་སྐྱེས་མཆོག་གི་དབྱིངས་ཀྱང་བསམ་མི་ཁྱབ། །མ་འགགས་བྱང་ཆུབ་སེམས་ནི་སྐྱེ་འཇིག་མེད། །འགྲོ་མེད་ཡོང་མེད་མི་གནས་པའི། །ཐུགས་རྗེ་བྱིན་བརླབས་རྣམ་པར་འཕྲོ། །ཞེས་ཉིད་ལ་ཉིད་གསུང་ངོ་། །

དབྱིངས་ལས་དབྱིངས་བྱུང་ཐབས་ཀྱི་ཕྱག་རྒྱར་གསལ། །ཐབས་ལས་དབྱིངས་བྱུང་ཡུམ་གྱི་ཕྱག་རྒྱར་གསལ། །དབྱིངས་སུ་དབྱིངས་ཀྱིས་ཡེ་ཤེས་འབྱོར་པས་ན། །བྱང་ཆུབ་སེམས་ཚོགས་དཀྱིལ་འཁོར་བརྗོད་མི་ལང་། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་ངེས་པའི་དོན་མ་ལུས་

པར་མཚན་ཉིད་མེད་པའི་ཕྱག་རྒྱར་ཐིམ་པའི་ལེའུ་སྟེ་དྲུག་ཅུ་གཉིས་པའོ།། །།དེ་ནས་དེ་བཞིན་གཤེགས་པས་རྒྱལ་པོ་ཚེ་མཐའ་ཡས་སུ་སྤྲུལ་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །སྒྱུ་འཕྲུལ་དྲ་བ་བསྟན་བསྡུས་ཏེ། བྷྲུྃ་དང་བི་ཤྭའི་དཀྱིལ་འཁོར་དུ། །མ་དང་ཨ་ཡི་དཀྱིལ་

འཁོར་ལ། །རྡོ་རྗེ་འཁོར་ལོ་རབ་བསྒོམས་ནས། །བཞི་བཅུ་རྩ་ལྔའི་དོན་བསྒོམས་ཏེ། །དེ་ཡིས་ཕྱོགས་བཅུར་གང་བར་བསྒོམ། །བྷྲུྃ་དང་ཛཿཧཱུྃ་བྃ་ཧོས་དགུག །སྐུ་གསུང་ཐུགས་ཀྱི་སྙིང་པོ་མཆོག །ལུས་ངག་སེམས་ལ་ཐིམ་པར་བྱ། །ནྲྀ་ཉིད་དངོས་སམ་ཡིད་བཞིན་མཛོད། །

བུམ་པ་མཆོག་ནི་བཟང་པོ་ཡི། །ཚེ་གཞག་གནས་ནི་འདི་ཡིན་ཏེ། །ཡང་ནས་ཡང་དུ་དགུག་བྱ་སྟེ། །མངོན་སུམ་སྨིན་པར་གྱུར་པ་དང་། །དབྱིངས་སུ་ཡང་ནི་སྤ་བར་བྱ། །རྡོ་རྗེ་གོ་ཆ་བསྲུང་བ་ཡིས། །བརྟན་ཞིང་འཁོར་ལོས་དགག་པར་བྱ། །སྙིང་པོ་འབྲུ་ལྔའི་ནང་དུ་བསྟིམ། །སངས་

རྒྱས་ཐམས་ཅད་མ་ལུས་ཀུན། །རྒྱལ་པོ་ཚེ་དཔག་མེད་པ་བསྒོམ། །སྐུ་མདོག་གངས་རི་འཚེར་བ་ལ། །རྒྱན་ཕྲེང་སྣ་ཚོགས་རྣམས་ཀྱིས་བརྒྱན། །ཡིད་བཞིན་རིན་ཆེན་ཕྲེང་བ་དང་། །ཡིད་བཞིན་རིན་ཆེན་ཟ་མ་ཏོག །རིན་ཆེན་རྒྱན་དང་བུམ་པ་བཟང་། །གཞན་ཡང་འགྲོ་བའི་

དོན་བྱ་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །བགེགས་ཀྱིས་ནྲྀ་རྣམས་མི་སྟེར་ན། །ཚེ་དཔག་མེད་དང་ཁྲོ་བོ་སྟེ། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །སྒྲ་སྐད་དྲག་པོ་བཏོན་ནས་ནི། །ཐམས་ཅད་མ་ལུས་ཐུལ་བར་བྱ། །དབང་དུ་ཚེ་དཔག་མེད་པ་བསྐུར། །

Vol. 98 · folio 260a

ཚེ་བསྙེན་དང་ནི་ཉེ་བསྙེན་དང་། །ཚེ་སྒྲུབ་དང་ནི་སྒྲུབ་ཆེན་དང་། །ཐབས་དང་ཤེས་རབ་འབྱོར་པ་ཡིས། །ཅི་འདོད་ལས་རྣམས་གྲུབ་པར་བྱེད། །ཚེ་དབང་མོ་ནི་རྒྱུད་འཕེལ་མ། །དཀར་མོའི་མདོག་ལ་འོད་འཕྲོ་འབར། །ཕྱག་ན་རིན་ཆེན་གང་བ་ཡི། །ཕྱག་རྒྱ་སྣ་

ཚོགས་ཅིར་ཡང་བསྒྱུར། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །གནས་པའི་འགྲོ་དྲུག་མ་ལུས་ལ། །ཕན་པའི་ཚེ་དབང་འདི་སྦྱིན་ནོ། །དེ་ལས་ལྷག་པའི་རྒྱུད་འཕེལ་མེད། །ཡི་གེ་བཟླས་པ་འཕྲུལ་ཆེན་འདི། །རྣམ་གསུམ་ཚུལ་གྱིས་མ་འཁྲུལ་བར། །སྔགས་བཟླས་ཆོ་ག་བར་མ་

གཅོད། །འདྲིས་གསལ་བརྟན་པ་མཆོག་གིས་བྱ། །ཨོྃ་ཨོྃ་ཨོྃ་ཨོྃ་ཨོྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། སྭཱྃ་སྭཱྃ་སྭཱྃ་སྭཱྃ་སྭཱྃ། ཨཱྃཿཨཱྃཿཨཱྃཿཨཱྃཿཨཱྃཿ། ཧཱྃ་ཧཱྃ་ཧཱྃ་ཧཱྃ་ཧཱྃ། བྲཱུྃ་བྲཱུྃ་བྲཱུྃ་བྲཱུྃ་བྲཱུྃ། བཱ་བཱ་བཱ་བཱ་བཱ། ཛྲ་ཛྲ་ཛྲ་ཛྲ་ཛྲ། ཨཱ་ཨཱ་ཨཱ་ཨཱ་ཨཱ། ཡུ་ཡུ་ཡུ་ཡུ་ཡུ། ཤྵེ་ཤྵེ་ཤྵེ་ཤྵེ་ཤྵེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཨ་ཨ་ཨ་

ཨ་ཨ། ཨོ། ཚེ་རྣམས་དབང་དུ་མ་གྱུར་ན། །བདེར་གཤེགས་ལ་ཡང་ཚེ་དཔག་མེད། །སྐུ་གསུང་ཐུགས་ཀྱི་གཟུགས་ཀྱིས་ནི། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །ཕྱག་རྒྱ་མཚོན་ཆ་སྣ་ཚོགས་ཀྱིས། །འཇིག་རྟེན་ཕྱོགས་བཅུའི་བདུད་བཅོམ་ནས། །འགྲོ་ལྔ་

ཚེ་རྣམས་དབང་དུ་བསྡུ། །ཕྱག་རྒྱ་གཤོལ་ལ་སོགས་པ་ཡིས། །འོག་གི་འཇིག་རྟེན་ཁམས་དཀྲུགས་ནས། །གཤིན་རྗེའི་གནས་ནས་ཚེ་བཀུག་སྟེ། །སྙིང་པོ་ལྔ་ལ་བསྟིམ་པར་བྱ། །ཕྱག་རྒྱ་འཁོར་ལོ་ཆེན་པོ་ཡིས། །སྟེང་གི་འཇིག་རྟེན་ཁམས་དཀྲུགས་ཏེ། །དབང་ཕྱུག་ལྷ་ཆེན་

ལ་སོགས་དང་། །བར་སྣང་བགེགས་རྣམས་རྒྱུ་བ་ལས། །ནྲྀ་ཚེ་རབ་ཏུ་དགུག་པར་བྱ། །འཁོར་ལོའི་འབྲུ་ལ་བསྟིམ་ནས་ནི། །དེ་ནས་ཡི་གེ་འབྲུ་ལྔ་དེ། །ནྲྀ་ཡི་གནས་ལྔར་བསྟིམ་པར་བྱ། །ཨོྃ་ཨོྃ་བཛྲ་ཀ་པ་ཙ་བཛྲ་རཀྵ་ཧཱུྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་དྷི་ཏིཥྛ་བཛྲ་སྭཱ་ཧཱ།

ཕྱག་རྒྱ་བསྲུང་བའི་ཆོ་ག་སྟེ། །འབྲུ་ལྔའི་ཡི་གེ་འབྲུ་གཅིག་སྟེ། །འབྲུ་གཅིག་མི་དམིགས་དབྱིངས་སུ་ཐིམ། །ཨོཾ། ཡིད་བཞིན་བུམ་པའི་རིན་པོ་ཆེ། །རྒྱན་དང་རིན་ཆེན་ཕྲེང་བས་བརྒྱན། །རིན་ཆེན་ལྔ་དང་སྨན་ལྔ་དང་། །འབྲུ་ལྔ་སྤོས་ལྔ་ཡུངས་ཀར་ལྔ། །སྔགས་

Vol. 98 · folio 260b

མཁན་རབ་བརྟན་བློ་ལྡན་པས། །ཡན་ལག་མ་ཉམས་སྔགས་བཟླས་བསྒོམ། །རྒྱན་ཆས་ལྔ་དང་ལྡན་བྱས་ནས། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །དེ་ནས་རིགས་ཀྱི་བུ་དེ་ཡིས། །ཡོ་བྱད་མ་ལུས་ལྡན་བྱས་ནས། །མཆོད་ཡོན་རྣམ་པ་སྣ་ཚོགས་ཀྱིས། །

མཉེས་མཆོད་དངོས་གྲུབ་ཐོབ་པར་འགྱུར། །སྒྱུ་འཕྲུལ་དྲ་བ་ལས་ཚེའི་ཆོ་ག་དབང་དམ་པ་ཤིན་ཏུ་གསང་བའི་ལེའུ་སྟེ་དྲུག་ཅུ་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སྡུད་པ་པོས་འགྲོ་བ་ལྔ་དབང་མེད་པར་སྨྲ་ཞེས་བྱ་བར་ཡང་བསྡུས་ནས་ཆེད་དུ་བརྗོད་

པ་འདི་བརྗོད་དོ། །གསང་བའི་དཀྱིལ་འཁོར་ཉིད་ཀྱི་དབྱིངས། །ཀུན་དུ་བཟང་པོ་ཐུགས་རྗེའི་ངང་། །སྐུ་གསུང་ཐུགས་ལྡན་ཡོན་ཏན་རྫོགས། །མཉམ་པའི་ཞིང་དུ་སྦྱར་བར་བྱ། །རྡོ་རྗེ་རབ་ཏུ་གསང་བ་ཡིས། །རྡོ་རྗེ་རབ་ཏུ་ཀུན་སྦྱར་ཏེ། །ཨོྃ་དང་མཱུྃ་དུ་འབྱོར་པར་བསྒོམ། །ཐམས་

ཅད་དབྱིངས་སུ་ཐིམ་པར་བསྒོམ། །གསང་བའི་དཀྱིལ་འཁོར་དམ་པ་དང་། །ཐིག་ལེ་མནྟྲ་དེ་དག་ཏུ། །ནྲྀ་ཐལ་མནྟ་བཟང་པོའི་ཐིག །རྟ་བབས་སྒོ་ཁྱུད་བཟང་པོ་དང་། །རྡོ་རྗེ་རྩེ་གཅིག་འོད་འབར་དང་། །འགུགས་པའི་ལྕགས་ཀྱུ་དམ་པ་ཡིས། །རྡོ་རྗེ་རྩེ་གཅིག་རྩེ་གསུམ་

བྲི། །དཀྱིལ་འཁོར་རྒྱུ་དང་ལྡན་པར་བྱ། །མཆོད་ཡོན་སྣ་ཚོགས་མཆོད་པར་དབུལ། །ཡྃ། དུད་ཀའི་ཡེ་ཤེས་འོད་འཕྲོས་ནས། །ཨ་ལས་ཟླ་བའི་དཀྱིལ་འཁོར་དུ། །ཛཿལས་ལྕགས་ཀྱུ་གྲངས་མེད་པས། །དེ་ཡིས་སྙིང་དུ་ཞུགས་པར་བྱ། །མ་ལས་ཉི་མའི་དཀྱིལ་

འཁོར་དུ། །ཛཿལས་ལྕགས་ཀྱུ་མང་པོ་ཡིས། །གང་དགུག་དེ་ཡི་སྙིང་ག་ནས། །དྲངས་ཏེ་དེ་ཡི་ཁར་གཞུག་བྱ། །མ་ལས་ཉི་མའི་དཀྱིལ་འཁོར་དུ། །ཛཿལས་ལྕགས་ཀྱུ་མང་པོ་ཡིས། །གང་དགུག་དེ་ཡི་སྙིང་ག་ནས། །དྲངས་ཏེ་དེ་ཡི་ཁར་གཞུག་བྱ། །སྔགས་འདི་

རབ་ཏུ་བརྗོད་པར་བྱ། །ཨོྃ་ཛཿཧཱུྃ་བྃ་ཧོ། ཨ་ནྲྀ་པྲ་དུ། མིང་པྲ་བེ་ཤ། ཅི་འདོད་ལས་དེ་བཟླས་པར་བྱ། །ལག་གཉིས་སོར་མོ་སྤྱིར་བསྣོལ་ཏེ། །ཁུ་ཚུར་དམ་དུ་བཅངས་ནས་ནི། །སྲིན་ལག་མཐེའུ་ཆུང་མཐེ་བོ་གཉིས། །བར་དུ་མཐེ་བོ་དེ་དྲངས་ཏེ། །ཨོྃ་མིང་པྲ་བེ་ཤ་

Vol. 98 · folio 261a

ཨཱ་ཨཱ། །ཐལ་བ་ཡུངས་ཀར་དྲག་ཏུ་རྡེག །མིང་དེ་ཁོང་དུ་ཞུགས་པར་བྱ། །བབས་ནས་རྡོ་རྗེ་ལྕགས་སྒྲོག་ཞགས་པས་བཅིང་། །གང་ཡིན་ཞེས་ནི་དྲིས་ནས་ནི། །ལྷ་འདྲེ་ལ་སོགས་གང་ཡིན་པ། །ལྷ་ཞིག་ན་ནི་མཆོད་པར་བྱ། །གདོན་ཞིག་ན་ནི་ཙནྡན་གུར་གུམ་

བསྲེས་ནས་ནི། །དེ་བླུད་སྔགས་འདི་རབ་ཏུ་བརྗོད་པར་བྱ། །ཨོྃ་བཛྲ་དྷ་ཀ་ཀྲོ་དྷ་ས་མ་ཡ་ཧཱུྃ་ཕཊ། གལ་ཏེ་སྨྲ་རུ་མི་བཏུབ་ན། །ལག་གཉིས་སོར་མོ་ཕྱིར་བསྣོལ་ཏེ། །ཁུ་ཚུར་བཅངས་ནས་མཐེའུ་ཆུང་སྦྱར། །གྱེན་བསྒྲེང་དབབ་པའི་ཁ་རུ་གཏུག །སྔགས་ཨོྃ་བཛྲ་བྷཱ་ཥ་བི་ཛེ་པྲ་བེ་ཤ་

ཧཱུྃ་ཧཱུྃ་ཞེས་ལན་མང་དུ་བཟླས་པས། །ཡེ་ཤེས་ཐོགས་མེད་སྒྲིབ་མི་མངའ། །བདེན་པའི་ཚིག་དེར་ཞུགས་པར་བསམ། །ལྕེ་ཡི་ཐོར་ཏོ་ཨ་དཀར་པོ། །ཟླ་བའི་དཀྱིལ་འཁོར་དེ་སྟེང་དུ། །ཨོྃ་ཛཿདྷཱིཿདམར་པོ་བསྒོམ་བྱས་ན། །གདོན་མི་ཟ་བར་སྨྲ་བར་འགྱུར། །བདག་ཉིད་ཊཱཀྐི་ཧཱུྃ་

བསྒོམས་ལ། །ཨ་དང་ནྲྀ་ལ་སོགས་པ་ཡི། །ལམ་ལྔའི་སེམས་ཅན་གང་ཡང་རུང་། །ཨོྃ་ཊཱཀྐི་ཧཱུྃ་དང་རང་སྔགས་ཀྱིས། །ལན་འབུམ་བཟླས་ཤིང་དགུག་པར་བྱ། །པྲ་བེ་ཤས་ཀྱང་བཟླས་པར་བྱ། །གཞན་ཡང་ཛཿཧཱུྃ་བྃ་ཧོཿསྟེ། །གཞག་ཅིང་དབབ་པའི་ས་དེ་ནི། །བྱིས་པ་ལོ་གྲངས་

བཅུ་གཉིས་པ། །གཅིག་དང་ལྔ་ལ་དབབ་པར་བྱ། །ཐིག་ལེ་བུམ་པ་མེ་ལོང་འབར། །གཞན་ཡང་གནས་རྣམས་ཐམས་ཅད་ནི། །སྨྲ་བའི་ཆོ་ག་ཕུན་སུམ་ཚོགས། །ཕྱག་རྒྱ་རྡོ་རྗེ་སྤར་མོ་སྡེར། །དགུག་པའི་ཕྱག་རྒྱ་ཀུན་གྱིས་དགུག །ཛཿཧཱུྃ། དབང་ཕྱུག་ལྷ་ཆེན་ལ་སོགས་བསྡུ། །

བཅོལ་ཅིང་བྱ་བ་དེ་བཞིན་ནོ། །ཊཱཀྐི་ཧཱུྃ་ཛཿས་མི་བཏུབ་ན། །ཧ་ཡ་གྲཱི་བ་གནས་དང་ཡུལ། །ཟུར་ཕྱིན་མགོ་མཇུག་མནན་ནས་ནི། །དྲག་ཏུ་བཟླས་ཤིང་ལྕགས་ཀྱུས་དགུག །སྲོག་གི་སྙིང་པོ་མ་ནོར་བར། །གཟིར་ཅིང་དྲག་ཏུ་དྲང་བར་བྱ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །དགུག་

པའི་ཐབས་ཡོད་ཅི་ཡང་རུང་། །ནེམ་ནུར་མེད་པར་དགུག་པར་བྱ། །བྱ་བ་སྣ་ཚོགས་ལས་ཟིན་ན། །སྔར་བྱས་བུམ་པ་ལྔ་པོ་ལ། །སྨན་ལྔ་འབྲུ་ལྔ་རིན་ཆེན་ལྔ། །རིགས་ཀྱི་ཡུམ་དང་བདུད་རྩི་འཁྱིལ། །ཅི་འདོད་ལས་རྣམས་ཐམས་ཅད་དང་། །གཞན་ཡང་དགོས་པ་ཅི་ཡང་རུང་། །

Vol. 98 · folio 261b

ཨོྃ་བཛྲ་ཨ་མྲྀ་ཏ་ཨ་ཨ་ཨ། ཨོྃ་མ་ཧཱ་བཛྲ་ཨ་མྲྀ་ཏེ་ཕཊ། ཛ་གད་ཛ་གད་ཙ་ཞེས་ཀྱང་བརྗོད་དོ། །ཨོྃ་བུད་དྷ་ལོ་ཙ་ནི་སྭཱ་ཧཱ་ཞེས་བཟླས། །གསང་བའི་དཀྱིལ་འཁོར་དམ་པ་དེར། །ཡེ་ཤེས་ལྔ་རྫོགས་ཉིད་ལ་བརྗོད། །ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག །ཡང་ནས་ཡང་དུ་མངོན་

གསལ་དུ། །བྱང་ཆུབ་མཆོག་གིས་རྟག་སྒོམས་ཤིག །དེ་ལྟར་བྱས་པའི་དངོས་གྲུབ་ནི། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །བརྡ་ཕྲད་སྐད་ཀྱིས་དངོས་གྲུབ་ཐོབ། །ཅེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །འགྲོ་བའི་དོན་གྱི་ཕྱིར་ཡང་ཆེད་དུ་བརྗོད་དོ། །པྲ་དབབ་པའི་ལེའུ་

སྟེ་དྲུག་ཅུ་བཞི་པའོ།། །།དཔལ་ཤྲཱི་ཧེ་རུ་ཀས་ཡུམ་ཀྲོ་དྷཱི་ཤྭ་རི་དང་གཉིས་སུ་མེད་པར་འདུ་བ་མཛད་ནས། བྱང་ཆུབ་སེམས་ཀྱི་རྡོ་རྗེ་ལས་ཁྲོ་བོའི་དཀྱིལ་འཁོར་མང་པོ་སྤྲོས་ནས། །འཇིག་རྟེན་པའི་དབང་མོ་ཆེན་པོ་དང་། དབང་པོ་དང་། རྒྱལ་པོ་དང་། རྒྱལ་པོའི་ཡང་

རྒྱལ་པོ་དང་། བློན་པོ་དང་། སྡེ་དཔོན་དང་། འཁོར་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཐམས་ཅད་མ་ལུས་པར་དབང་དུ་བསྡུས་ཏེ། འཇིགས་བྱེད་ཆེན་མོ་རྣམས་ད་ལྟར་དང་། དུས་ཕྱི་མའི་དུས་སུ་ལ་ལ་ནི་ཚེ་འཕེལ་བའི་ལས་སུ་བསྐོས། ལ་ལ་ནི་ལོངས་སྤྱོད་

འཕེལ་བར་བསྐོས། ལ་ལ་ནི་འབྱུང་བ་ཆེན་མོ་ལ་ཐོགས་པ་མེད་པར་འགྲོ་བར་བསྐོས། ལ་ལ་ནི་གཟུགས་མི་སྣང་བར་འགྲོ་བར་བསྐོས། ལ་ལ་ནི་གཟུགས་སྣ་ཚོགས་ཅིར་ཡང་འགྱུར་བར་བསྐོས། ལ་ལ་ནི་མི་མཐུན་པའི་ཕྱོགས་དབང་དུ་སྡུད་པར་བསྐོས། ལ་ལ་ནི་

ཉམས་ཤིང་རྨོངས་པར་བསྐོས། ལ་ལ་ནི་བསྐམས་ཤིང་འཕྲོ་བར་བསྐོས། གཞན་ཡང་བྱ་བ་སྣ་ཚོགས་པ་ཅི་འདོད་པར་བསྐོས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །མཉམ་ཉིད་རིག་པའི་རྡོ་རྗེ་ཡིས། །འཇིག་རྟེན་གཙོ་མཆོག་དབང་དུ་སྡུད། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་

ཀྱིས། །འགྲོ་བའི་དོན་རྣམས་སྣ་ཚོགས་བསྟན། །ཐབས་དང་ཤེས་རབ་ལྡན་གྱུར་པས། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །འདི་ནི་རང་བྱུང་ལྷ་ཡི་ལྷ། །བྱམས་དང་སྙིང་རྗེ་ལྡན་པར་རོལ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །ཐམས་ཅད་ཀུན་ལ་སྦྱོར་འགྱུར་

Vol. 98 · folio 262a

ཡང་། །བག་ཆགས་སོགས་པར་མི་འགྱུར་ཏེ། །བསོད་ནམས་ཡེ་ཤེས་ཚོགས་འགྱུར་རྫོགས། །ཐབས་མཁས་སྤྱོད་པ་མ་གཏོགས་པར། །གཟུང་འཛིན་འཁྲུལ་རྟོག་རྡུལ་ཙམ་མེད། །དེ་བཞིན་ཉིད་དང་དབྱེར་མེད་ཕྱིར། །རྟག་ཏུ་རང་བཞིན་འོད་གསལ་

གནས། །དེ་ནས་བདག་ཉིད་རྒྱུད་དོན་གོང་ནས་འབྱུང་བ་བཞིན་ལྷ་ཁྲོ་བོ་དང་ཞི་བ་དེ་དག་གང་ལ་གོམས་པར་བསྒོམ། ཏིང་ངེ་འཛིན་ལས་སུ་རུང་བ་ལྷ་གསལ་བར་གྱུར་པ་དང་། རང་གི་ལྷའི་བཟླས་པ་འབུམ་འབུམ་གདོན་ཏོ། །ལྷ་ཆེན་པོ་ནི་དགུག་པའི་ཕྱིར་ལྕགས་ཀྱུ་ཞགས་

པ་སྥོ་ཊ་བྃ། མ་ཧཱ་དེ་བཱ་ཧཱུྃ་ཛཿཛཿཧཱུྃ་བྃ་ཧོཿ། ལྷ་ཡི་དབང་པོའི་སྙིང་ག་ནས། །ཡང་ནས་ཡང་དུ་རྣམ་པར་དྲང་། །མ་མ་ཏྲག་ཤ་མ་ཧཱ་དེ་བ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ། ལྷའི་གཟུགས་མདོག་ནི་འཚེར་ལ་དཀར། །ལུས་ནི་རིན་ཆེན་ཀུན་གྱིས་བརྒྱན། །གཙུག་ན་ཡིད་བཞིན་རིན་ཆེན་འབར། །

ལག་པ་གཡས་ན་ཐོགས་པ་ནི། །ཡིད་བཞིན་རིན་ཆེན་བུམ་ཆུ་གསོལ། །ཡོན་ཏན་རིན་ཆེན་སྣ་ལྔ་སྟེ། །ལྷ་རྣམས་ཀུན་གྱི་རེ་བ་སྐོང་། །བཙུན་མོ་ཨུཏྨ་ཏ་གནས་པ། །རྟག་ཏུ་འདོད་ཡོན་ལྔ་དང་ལྡན། །བདག་ཉིད་སྣང་མཛད་གཞལ་ཡས་ཁང་། །ལྷ་ཡི་གཟུགས་ནི་སྔ་མའི་ཚུལ། །

ལྷ་ཡི་ས་བོན་འབུམ་ཕྲག་ཏུ། །སྲོག་དང་ལྡན་པར་བཟླས་བརྗོད་བྱ། །མདུན་ནས་ཛཿཧཱུྃ་བྃ་ཧོཿས་དྲང་། །རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ། །ཇེ་ཉེ་ཇེ་ཉེ་གཉིས་མེད་པར། །ལྷ་ཆེན་པོ་ནི་གསལ་གྱུར་ནས། །ཅི་འདོད་ལས་དེ་བྱེད་དུ་གཞུག །ལྷ་ཆེན་འཁོར་བཅས་ཐམས་ཅད་

ཀྱང་། །དེ་གྲུབ་དབང་བྱེད་འདུ་བར་འགྱུར། །གང་འདོད་ལས་རྣམས་བྱེད་པར་འགྱུར། །དེ་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་བསྒྲུབ་པའི་ལས་འདི་གསུངས་སོ། །བྱང་ཆུབ་སེམས་མཆོག་ཏིང་འཛིན་གྱིས། །ཕྱོགས་བཞི་མ་ལུས་ཐམས་ཅད་ཀུན། །རིགས་སྔགས་འཆང་

གི་དངོས་གྲུབ་ཏུ། །རྒྱལ་ཆེན་བཞི་ཡང་དབང་དུ་བསྡུས། །བདག་ཉིད་རིགས་བཞིའི་ཧེ་རུ་ཀ། །གོང་དོན་བྱུང་བ་བཞིན་དུ་བསྒོམ། །ལྷ་ཉིད་རྟག་ཏུ་གསལ་གྱུར་ཅིང་། །ལྷ་ཡི་གཟུགས་ཚུལ་གསལ་བར་བསྒོམ། །བདག་ཉིད་ལྷ་དང་གཉིས་མེད་པར། །ཡང་

Vol. 98 · folio 262b

དག་དོན་དུ་གསལ་བར་བསྒོམ། །དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་། །གཟུགས་ནི་གངས་རི་ཉི་ཤར་འདྲ། །མཆོད་སྦྱིན་འོད་ཟེར་བརྒྱ་དང་ལྡན། །ལག་གཡས་རྡོ་རྗེ་ཏྲི་ཤཱུལ་ལ། །ལག་གཡོན་བདུད་རྩི་བུམ་པ་གསོལ། །ཨིན་ཏྲ་སཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བྃ་ཧོཿ། ཏྲ་མི་ཏ་ཧཱུྃ་ཧཱུྃ་

སུ་ར་ཏ་བགྷྲ་ཛཱཿཛཱ་ཛཱ་ཧཱུྃ་ཧཱུྃ། ཞེས་ལན་འབུམ་བཟླས་ནས། བདག་ཉིད་རྡོ་རྗེ་ཧེ་རུ་ཀ། འདྲེན་པའི་ཕྱག་རྒྱ་དེ་དག་གིས། །ལྷ་ཡི་དབང་པོའི་སྙིང་ནས་དྲང་། །རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ། །དེ་ཉིད་ལྷ་ཡི་དབང་གྱུར་ནས། །ལས་གང་འདོད་པ་བྱེད་དུ་གཞུག །ཐམས་ཅད་ཐམས་

ཅད་གྲུབ་པར་བྱེད། །ཀུན་ལ་འབྱིན་ཅིང་ཀུན་ལ་ཟ། །ལྷ་ཡི་འཁོར་རྣམས་ཐམས་ཅད་ཀུན། །མ་ལུས་པར་ནི་ཡང་དག་འདུ། །བྲན་བཞིན་དུ་ནི་ཐམས་ཅད་འབྲང་། །རྒྱལ་པོ་འཕགས་སྐྱེས་བསྒྲུབ་པ་ནི། །བདག་ཉིད་རིན་ཆེན་ཧེ་རུ་ཀ། །སྐུ་མདོག་རྒྱུད་ནས་འབྱུང་བ་བཞིན། །

ཕྱག་རྒྱ་རྣམས་ཀྱང་དེ་བཞིན་ཏེ། །འོད་ཀྱི་འཕྲོ་འདུ་བྱིན་བརླབས་ཀྱིས། །འཕགས་སྐྱེས་པོ་ནི་དབང་དུ་བསྡུས། །དྷྲྀ་ཏ་དྷྲྀ་ཏ་སྭཱ་ཧཱ། ཛཿཧཱུྃ་བྃ་ཧོཿ། གྲྀཧྞ་གྲྀཧྞ་དུ་རྠིད་སྭཱ་ཧཱ། ཧྃ་ཧྃ་ཧྃ། རཏྣ་ཛཿཧཱུྃ་བྃ་ཧོཿ། ཞེས་སྙིང་པོ་ལན་འབུམ་དུ་བཟླས་ཏེ། །སྲོག་དང་ལྡན་པར་ཏིང་འཛིན་བྱ། །

བདག་ཉིད་རཏྣ་ཧེ་རུ་ཀ། །འཕགས་སྐྱེས་པོ་ཡི་སྙིང་ག་ནས། །ཛཿཡིས་རབ་ཏུ་བཟུང་ནས་ནི། །བདག་གིས་མདུན་དུ་དགུག་པར་བྱ། །རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ། །དེ་ནས་མངོན་སུམ་གྱུར་པ་དང་། །གང་འདོད་ལས་དེ་བྱེད་དུ་གཞུག །མདོག་ནི་གསེར་གྱི་མདོག་ཏུ་འབར། །

འཁོར་རྣམས་ཐམས་ཅད་བདག་ལ་བསྡུ། །ཡིད་བཞིན་རིན་ཆེན་གཞལ་ཡས་འགྲུབ། །རྒྱལ་པོ་མིག་ངན་བསྒྲུབ་པ་ནི། །བདག་ཉིད་པདྨ་ཧེ་རུ་ཀ། །སྐུ་མདོག་གོང་གི་སྔ་མ་བཞིན། །ཕྱག་རྒྱའི་ཚུལ་ཡང་དེ་བཞིན་ཏེ། །སྙིང་པོ་འབུམ་ཕྲག་གསལ་བཟླས་ནས། །ཏིང་འཛིན་ཕྱག་

རྒྱ་བསྒྱུར་རུང་ཞིང་། །ལྷ་ཉིད་དུ་ནི་གསལ་གྱུར་ནས། །རྒྱལ་པོ་དེ་ཡི་གཟུགས་མདོག་ནི། །ཤིན་ཏུ་དམར་ཞིང་འཚེར་བ་སྟེ། །ལག་གཡས་བདུད་རྩི་བུམ་པ་གསོལ། །ལག་གཡོན་བདུད་རྩི་ལྔ་ཡི་ཚུལ། །ནུབ་ཕྱོགས་ཀླུ་རྣམས་རེ་བ་སྐོང་། །སྦྲུལ་མགོ་དགུ་ཡི་གདེངས་

Vol. 98 · folio 263a

ཀ་ཅན། །དེ་ནི་རབ་ཏུ་དབང་བསྡུ་ཕྱིར། །བི་རཱུ་ཌྷ་ཀ་སྭཱ་ཧཱ། ཛཿཧཱུྃ་བྃ་ཧོཿ། ནཱ་ག་ཤི་ནི་བི་ཡ་ཕག་ཤ་ཕག་ཛཿཧཱུྃ་བྃ་ཧོཿ། འབུམ་ཕྲག་དུ་མ་བཟླས་ནས་ནི། །དེ་ནི་བདག་གི་དབང་དུ་བསྡུ། །བདག་ཉིད་ལྷ་རུ་གསལ་བསྒོམས་ནས། །མིག་མི་བཟང་གི་སྙིང་ག་ནས། །ཛ་

ཡིས་རབ་ཏུ་བཟུང་ནས་དྲང་། །རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ། །དེ་ནས་བདག་དང་གཉིས་མེད་པའི། །དབྱེར་མེད་པར་ནི་གྱུར་པ་དང་། །ཅི་འདོད་ལས་དེ་བྱེད་དུ་གཞུག །མིག་ངན་འཁོར་རྣམས་མ་ལུས་པར། །དབང་གི་ལས་རྣམས་གྲུབ་པར་བྱེད། །རྒྱལ་པོ་རྣམ་ཐོས་བསྒྲུབ་པ་ནི། །

བདག་ཉིད་ཁྲོ་བོ་བདུད་རྩི་འཁྱིལ། །སྐུ་མདོག་ཕྱག་མཚན་སྔ་མ་བཞིན། །གསལ་ཞིང་འོད་འཕྲོ་རབ་བསྒོམས་ཤིང་། །རང་སྔགས་སྙིང་པོ་འབུམ་ཕྲག་བཟླས། །ཏིང་འཛིན་བསྒྱུར་དུ་རུང་བ་དང་། །རྣམ་ཐོས་དག་ནི་རབ་ཏུ་འགྲུབ། །གཟུགས་ནི་རིན་ཆེན་བཻ་ཌཱུརྱ། །ཡང་ན་མདོག་ནི་

སྔོ་ཞིང་འཚེར། །ཕྱག་གཡས་རིན་ཆེན་དབྱིག་ཏོ་ཐོགས། །གཡོན་ན་འདོད་ཡོན་བུམ་པ་གསོལ། །དབུ་ལ་རིན་ཆེན་སྣ་ཚོགས་མཛེས། །བཻ་ཤྲང་ཎ་ཡེ་སྭཱ་ཧཱ། ཛཿཧཱུྃ་བྃ་ཧོཿ། ཀུ་བེར། ཀང་ཀང་། ཡང་ཡང་། ཛཿཧཱུྃ་བྃ་ཧོཿ། འབུམ་དུ་བཟླས་ཤིང་སྲོག་ཡོད་པར། །ཡང་དང་ཡང་དུ་

བཟླས་པར་བྱ། །བདག་ཉིད་བདུད་རྩི་ཧེ་རུ་ཀ། །ཛ་ཡིས་རྣམ་ཐོས་སྙིང་ནས་དྲངས། །དབང་དུ་ཡང་དག་བསྡུ་བར་བྱ། །རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ། །ཡིད་བཞིན་རིན་ཆེན་དབང་དུ་འགྱུར། །གནོད་སྦྱིན་འཁོར་རྣམས་བྲན་བཞིན་བསྡུ། །རིན་ཆེན་སྤྲོས་ཤིང་ལས་རྣམས་བསྒྲུབས། །

ཅི་འདོད་ལས་རྣམས་བྱེད་པར་འགྱུར། །སྒྱུ་འཕྲུལ་དྲ་བ་ལས་ལྷ་ཆེན་པོ་བསྒྲུབ་པ་དང་། །རྒྱལ་པོ་ཆེན་པོ་བཞི་པོ་དཀྱིལ་འཁོར་བཀོད་ཅིང་བསྒྲུབ་པའི་ལེའུ་སྟེ་དྲུག་ཅུ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཚོགས་ཀྱི་དཀྱིལ་འཁོར་ལ་ཤིན་ཏུ་རྔམ་པའི་

གདངས་ཀྱིས་གླུ་འདི་བླངས་སོ། །ཧཱུྃ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟང་ཡག་ཟ་བྱེད་ཆེ་ཧོ། །ཧཱུྃ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །ཐུག་ཆེམ་རི་རབ་འབུམ་བསྙིལ་སྐད། །

Vol. 98 · folio 263b

ཨ་ཨ་ཧ་ལའི་གད་རྒྱངས་ཆེ། །དབྱུག་པའི་འཐོར་རླུང་གཡེང་བ་ཆེ་ཧོ། །ཧཱུྃ། ཁྲོས་པའི་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་དུ་གསལ། །འབར་བའི་ཡེ་ཤེས་ཀུན་དུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ། །ཧཱུྃ། ཁྲོས་པའི་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོས་

པའི་དཀྱིལ་འཁོར་ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོ། །ཧཱུྃ། བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་

ཐིག་ལེ་ཆེ་ཧོ། །ཧཱུྃ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་བོ་སྡུད་པ་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོ། །ཞེས་ཆེད་དུ་བླངས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཉེས་པའི་ལེའུ་སྟེ་དྲུག་ཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་

དགྱེས་པ་ཆེན་པོས་དེ་བཞིན་གཤེགས་པ་ཉིད་ལ་གསང་སྔགས་ཀྱི་རྒྱལ་པོ། །དེ་ནས་དེ་བཞིན་གཤེགས་པ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་བདག་དང་རྡོ་རྗེ་སེམས་དཔར་དབྱེར་མེད་པར་ཡང་ཡང་དག་པའི་དབྱིངས་སུ་འདུས་ཤིང་བདག་གིས་རྡོ་རྗེ་སེམས་དཔའི་ཞལ་

མངོན་སུམ་དུ་མཐོང་བའི་དོན་བསྟན་པའི་ཕྱིར་ཆེད་དུ་བརྗོད་པ་འདི་གསུངས་སོ། །ཀུན་རྫོབ་སྒྱུ་མར་ཞལ་མཐོང་བའི། །ཐམས་ཅད་མིག་ཡོར་སྒྱུ་མའི་ཚུལ། །སྣང་སྲིད་མ་ལུས་ཐམས་ཅད་ཀུན། །ཆུ་ཟླའི་ཚུལ་དུ་འདྲར་ཤེས་ཤིང་། །ཡུལ་དང་རྟོག་པ་གཉིས་མེད་པར། །གང་

གིས་དེ་ལྟར་རིག་པ་དེ། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །སྔ་ཕྱི་མེད་དབྱིངས་དེ་བཞིན་ཉིད། །ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིན། །རྡོ་རྗེ་སེམས་དཔའ་དེ་ལ་གནས། །ལྷ་སྤྱོད་མཐུན་པས་ཞལ་མཐོང་ཡིན། །རང་བཞིན་དཀྱིལ་འཁོར་ཡང་དག་ནི། །ཆོས་དབྱིངས་བདག་དང་དབྱེར་

མེད་པའི། །མཉམ་པར་སྦྱོར་ཞིང་དག་པའོ། །ཐམས་ཅད་བྱང་ཆུབ་ལྷུན་གྲུབ་པའི། །དེ་ལྟར་གང་གིས་རྟོགས་འགྱུར་བ། །དེ་ནི་ཡེ་ཤེས་གཉིས་ཅན་ཏེ། །དེ་ཡིས་ཡང་དག་སྙིང་པོ་མཐོང་། །དེ་ཉིད་ཅིས་ཀྱང་མི་ཚུགས་པ། །ཤིན་ཏུ་སྲ་ཞིང་བརྟན་པ་ཡིན། །རང་བཞིན་

Vol. 98 · folio 264a

དབྱིངས་ནས་འོད་གསལ་བ། །སེམས་དཔའ་མཆོག་ཏུ་ཡང་དག་གསུངས། །དེ་ལྟར་རྟོགས་ན་ཞལ་མཐོང་ཡིན། །དེ་བཞིན་མཉམ་རྫོགས་ལྷུན་གྲུབ་ཡིན། །དེ་བཞིན་གཤེགས་དང་ཡེ་ཤེས་ལྔ། །རང་བྱུང་ཆེན་པོའི་དཀྱིལ་འཁོར་བསྒོམ། །རྟོགས་ཉིད་

བྲལ་བའི་ཐབས་མཁས་ཀྱིས། །ལྷ་གསལ་དངོས་པོ་མེད་བསྒོམས་ན། །མཐོང་ཐོས་ལ་སོགས་མེད་པའི་ཚུལ། །རང་གི་ཡེ་ཤེས་གསལ་བསྒོམས་ན། །རང་བཞིན་མེད་ལ་ཅི་ཡང་འགྲུབ། །འགྲུབ་འགྱུར་ཉིད་ན་དངོས་པོ་མེད། །ཇི་ལྟར་བཅོམ་ལྡན་དེ་བཞིན་གྱིས། །བདུད་

དཔུང་དཀྱིལ་དུ་ཏ་ལ་བཙུགས། །ཐམས་ཅད་བྱང་ཆུབ་ཤིང་བསྡུས་ཏེ། །གདུག་པ་ངང་གིས་མི་དགའ་ནས། །ཏ་ལ་བཅད་སྐམས་ཡོང་མི་གཅོད། །རྡོ་རྗེ་སེམས་དཔའ་དེ་ཉིད་ཡིན། །བདག་དང་ཏིང་འཛིན་མཐོང་གྱུར་པ། །དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན། །རྡོ་རྗེ་སེམས་དཔའ་ཉིད་

བསྒོམས་ཏེ། །ཏིང་འཛིན་ཤིན་ཏུ་འདྲིས་གསལ་ན། །ཐམས་ཅད་རྡོ་རྗེ་ཉིད་དུ་འགྱུར། །ཀུན་ལ་དབང་སྒྱུར་ཅིས་མི་ཚུགས། །བདག་དང་སེམས་དཔའ་དབྱེར་མེད་དེ། །ལས་མཐུན་ཇི་ལྟར་སྣང་བ་བཞིན། །བདག་དང་སེམས་དཔའ་ལྟ་སྤྱོད་གཅིག །དེ་ཉིད་རྡོ་རྗེ་ཞལ་མཐོང་

ཡིན། །གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི། །ཆེན་པོ་རགས་པ་ཐབས་ཀྱིས་རྟོགས། །སོ་སོའི་མཚན་འཛིན་ཤེས་རབ་རྟོག །གཉིས་མེད་འབྲེལ་པ་ཐབས་ཆེན་ཡིན། །ཀུན་ཀྱང་ཤེས་རབ་ངང་དུ་གནས། །སྣང་དང་གནས་པ་ཐམས་ཅད་ཀུན། །དེ་བཞིན་ཉིད་ལས་

མ་གཡོས་ཕྱིར། །གཡོ་དང་མེད་པ་གཉི་ག་མེད། །གནས་དང་མི་གནས་དབྱེ་རུ་མེད། །མཉམ་པའི་དབྱིངས་སུ་ཐམས་ཅད་འདུས། །འདུས་ཉིད་གནས་སུ་ཐིབས་པ་ཡི། །ཐམས་ཅད་དེ་ལྟ་བུ་ཡི་ངང་། །མཉམ་གཉིས་དབྱེར་མེད་སུས་མི་ཚུགས། །དེ་ཉིད་སེམས་དཔའ་

བཞུགས་གནས་ཡིན། །དེ་ལྟར་རྟོགས་པའི་རིགས་མཆོག་དེ། །སེམས་དཔའི་ཉིད་དང་རིགས་མཐུན་པས། །དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན། །རྒྱུར་བྱས་ཕུང་པོ་ཁམས་རྣམས་ལ། །གཞི་རྩ་དེ་བཞིན་ཉིད་དུ་གཅིག །སྒྱུ་མར་སྣང་བ་གཟུགས་བརྙན་ཚུལ། །སྣང་བ་

Vol. 98 · folio 264b

ཉིད་ནི་དངོས་པོ་མེད། །དངོས་ཉིད་དེ་ཉིད་སྣ་ཚོགས་སྟོན། །ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས། །དབང་པོ་རྣམས་སེམས་བྱང་ཆུབ་སེམས། །ཡུལ་དུས་པོ་དེ་ཆེན་པོ་ཡིན། །བདག་རྟོག་རྣམ་པ་ཁྲོ་བོ་ཡིན། །རྟག་ཆད་མུ་བཞི་ཁྲོ་མོ་ཡིན། །དེ་སེམས་རང་རིག་ཉིད་ཅེས་

བྱ། །ཐམས་ཅད་དབྱིངས་འགྱུར་ཀུན་དུ་བཟང་། །དེ་ཉིད་རྡོ་རྗེ་སེམས་དཔའ་ཡིན། །གང་གིས་དེ་ལྟར་རྟོགས་གྱུར་ན། །སེམས་དཔའ་ཉིད་དང་དགོངས་མཐུན་པས། །དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །མིང་དང་ཚིག་དང་ཡི་གེ་དང་། །

སྒྲ་ཡིས་མཚོན་ནས་དོན་བསྟན་པ། །ཀུན་ཀྱང་ཡི་གེ་མིང་གཅིག་བཞིན། །གང་ཡང་དངོས་པོ་མ་ཡིན་ཏེ། །དངོས་མེད་དེ་ཉིད་སྣ་ཚོགས་སྣང་། སྣང་བ་ཉིད་ན་གང་ཡང་མེད། །བྱ་བྱེད་སྣ་ཚོགས་ཀུན་བྱེད་ཀྱང་། །དངོས་པོ་མེད་དེ་ཡང་དག་ཉིད། །དེ་ནི་ཅིས་ཀྱང་མི་ཚུགས་

པའི། །ས་རྡོ་དྲན་མེད་མ་ཡིན་ཏེ། །དེ་ཉིད་ཤིན་ཏུ་འོད་གསལ་ཡིན། །རྡོ་རྗེ་སེམས་དཔའ་དེ་ལྟར་གནས། །གང་གིས་དེ་ལྟར་རྟོགས་པ་ནི། །རིགས་མཆོག་དམ་པ་རྒྱུ་ཡིན་ཏེ། །རྡོ་རྗེའི་རིགས་དང་དབྱེར་མེད་ཕྱིར། །དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན། །སྐྱེས་བུ་བློ་རྩལ་རབ་

ལྡན་པས། །ཀུན་དང་དབྱེར་མེད་དོན་རྟོགས་ཏེ། །འབྲས་བུ་མངོན་དུ་མ་གྱུར་ཀྱང་། །བྱང་ཆུབ་སེམས་ལ་གནས་བཅས་པས། །དཔེར་ན་མངལ་དང་སྒོ་ང་ཡིས། །མངོན་དུ་མ་གྱུར་བསྒྲིབས་གྱུར་ཀྱང་། །རྩལ་ཆེན་འདུས་པ་འབྱུང་བ་བཞིན། །རྣམ་རྟོག་གཟུགས་ནི་བོར་མ་

ཐག །ཐམས་ཅད་ཀུན་ལ་དབང་སྒྱུར་ཞིང་། །རིགས་མཆོག་དམ་པ་འཛིན་པར་འགྱུར། །རྡོ་རྗེ་སེམས་དང་མཉམ་པ་ཡི། །དངོས་གྲུབ་མཆོག་རྣམས་ཡོངས་སུ་རྫོགས། །བདེ་བ་ཅན་གྱི་ཞིང་ཡང་ཐོབ། །བྱང་ཆུབ་མཆོག་ལ་རོལ་བར་འགྱུར། །ལྷ་མི་རྣམས་ཀྱི་སྟོན་

པ་པོ། །ལུས་ངག་སེམས་ལ་དབང་ཐོབ་ནས། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ཚད་མེད་བཞི་ལ་དབང་བྱེད་འགྱུར། །བདེ་བའི་རོ་མཆོག་ཀུན་ལ་སྤྱོད། །ཐ་མར་སྐྱེ་རྒ་ན་འཆི་ལ་སོགས་པའི། །སྡུག་བསྔལ་ཟད་པའི་གོ་འཕང་ཐོབ། །རྡོ་རྗེ་རིགས་མཆོག་འཛིན་

Vol. 98 · folio 265a

འགྱུར་ཏེ། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །འགྲོ་བ་མ་ལུས་ཐམས་ཅད་ཀུན། །རྡོ་རྗེ་རིགས་སུ་འདྲེན་པར་བྱེད། །བདུད་སྡེ་ཚར་གཅོད་ཉོན་མོངས་འདུལ། །ཆོས་ཀྱི་འཁོར་ལོ་ཡང་དག་བསྐོར། །འགྲོ་བ་མ་ལུས་ཐམས་ཅད་ལ། །མི་རྟག་

པ་ཡི་ཚུལ་ཡང་སྟོན། །ཉན་ཐོས་རྣམས་ལ་དགྲ་བཅོམ་ཚུལ། །བྱང་ཆུབ་རྣམས་ལ་རང་བྱུང་ཚུལ། །བླ་མེད་ཐེག་པ་སངས་རྒྱས་ཚུལ། །ལྷུན་གྲུབ་རྣམས་ལ་རྡོ་རྗེ་དབྱིངས། །ཀུན་ལ་མཐུན་པའི་ཚུལ་ཡང་སྟོན། །རང་བཞིན་དབྱིངས་ལས་གཡོས་པ་མེད། །མ་གཡོས་

བཞིན་དུ་ཀུན་དུ་སྟོན། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །དེ་ལྟ་བུ་ཡི་ངང་དུ་གནས། །ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཉིད་ལ་ཉིད་དེ་སྐད་ཅེས་བརྗོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་སྐྱེས་བུ་དམ་པ་བློ་རྩལ་རབ་གཅིག་གིས་རྡོ་རྗེ་སེམས་དཔའི་

ཞལ་མཐོང་བའི་ལེའུ་སྟེ་དྲུག་ཅུ་བདུན་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར། དམ་ཚིག་སུམ་བརྒྱའི་རྩ་བ་མདོར་བསྡུས་ནས་སྔགས་འཆང་རྣམས་ཀྱི་དོན་དུ་ཆེད་དུ་བརྗོད་

པ་འདི་བརྗོད་དོ། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །ལོག་རྟོག་མི་བཟད་རྡུལ་ཕྲན་སྙེད། །རྟོག་འདུལ་གཉེན་པོ་བསམ་མི་ཁྱབ། །འདུལ་བ་སྡོམ་པ་བསམ་ཡས་དང་། །རྡོ་རྗེ་ཐེག་མཆོག་མང་པོ་ཀུན། །ཉིད་ལས་གཡོས་ཤིང་སྤྲོས་མེད་ཀྱང་། །རང་རིག་འཁྲུལ་

པའི་རྟོག་པ་ཡིས། །ལྟ་བ་མཐོ་དམན་བསམ་མི་ཁྱབ། །དེ་འདུལ་དོན་ཕྱིར་འཚམ་པར་བསྟན། །ཡང་དག་ཉིད་དང་ལོག་རྟོགས་ཉིད། །ངོ་བོ་ཉིད་ཀྱིས་གནས་གྱུར་ན། །དེ་ལ་བཅོས་ཤིང་བསྒྱུར་དུ་མེད། །ཡེ་ནས་ངོ་བོ་ཡོད་ཡིན་ན། །ཉོན་མོངས་སྤངས་ཤིང་བྱང་བསྒྲུབ་

མེད། །ཐམས་ཅད་མ་ལུས་རོ་གཅིག་འགྱུར། །ཀུན་རྫོབ་ཆུ་ཟླ་ལྟ་ཡིན་པས། །ཅིར་ཡང་འགྱུར་ཞིང་ཅིར་ཡང་འགྲུབ། །རྣལ་འབྱོར་དེ་ཉིད་རྟོགས་པ་ཡིས། །དོན་དམ་སྐྱེ་འགག་མེད་པ་སྟེ། །ཀུན་རྫོབ་སྒྱུ་མ་ཅིར་ཡང་འགྲུབ། །གནས་ངན་དུས་ན་ལོག་རྟོགས་ཉིད། །གཟུང་

Vol. 98 · folio 265b

འཛིན་བྲལ་བ་ཉིད་རྟོགས་ན། །བདག་མེད་ཡེ་ཤེས་རང་བཞིན་ཉིད། །སྙིང་རྗེ་ཐབས་མཁས་ཏིང་འཛིན་གྱིས། །ཅིར་ཡང་དམིགས་པ་བཞིན་དུ་འགྲུབ། །སོ་སོ་རང་བཞིན་ངེས་ཞེ་ན། །ཡང་དག་ལམ་ཉིད་བཅོས་སུ་མེད། །དེ་བས་ཡང་དག་བློ་ཆེན་གྱིས། །ཐམས་ཅད་དངོས་

པོ་མེད་པར་བཤད། །དཔེར་ན་དུག་གི་རིགས་ཤེས་པས། །དུག་གིས་མི་ཚུགས་བཞིན་དུ་སྣང་། །ཧ་ལ་ཧ་ལའི་དུག་རྣམས་ཀྱང་། །བསྒྲུབ་ན་རས་ཡ་ནའི་སྨན། །བདུད་རྩིར་འགྱུར་ལ་ཚེ་རིང་འགྲུབ། །ཉོན་མོངས་རང་དང་སྤྱི་བསྟན་པ། །མཚན་ཉིད་མ་ནོར་རྟོགས་པས་

ན། །རྣམ་པར་བྱང་བའི་ལམ་དུ་འགྱུར། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱང་། །གང་ན་མེད་དེ་དེ་ཡིན་ཏེ། །ནང་གི་ཆེན་པོ་ལྔ་ཉིད་ཀྱང་། །རང་དང་སྤྱི་ཡི་དོན་བརྟགས་ན། །མཚན་ཉིད་མེད་པས་རྣམ་པར་དག །སོ་སོའི་རྩལ་རྣམས་འཛིན་གྱུར་པས། །ཐབས་ཆེན་དུ་

ནི་རྣམ་པར་སྤྲོ། །མཚན་རྣམས་རང་བཞིན་མི་གནས་པས། །ཤེས་རབ་དབྱིངས་སུ་རྣམ་པར་སྦྱོར། །གཏི་མུག་ཅེས་ནི་བརྗོད་པ་ནི། །མ་རིག་མིང་གི་རྣམ་གྲངས་ཏེ། །གཉིས་མེད་དོན་གཅིག་ཡིན་པར་བཤད། །རང་གི་མཚན་ཉིད་བརྗོད་པ་ནི། །ཆོས་དང་བདག་དང་

དངོས་པོ་རྣམས། །ངོ་བོ་ཉིད་ལ་སོགས་བརྟགས་པ། །རྟོག་ཉིད་སྒྱུ་མ་ཀླུང་གྱུར་ཏེ། །ལོག་རྟོགས་སྤྲོས་པའི་རྒྱུན་ཡིན་ལ། །ཐམས་ཅད་ཆོས་དབྱིངས་རོ་གཅིག་སྟེ། །བཟོད་པའི་ཆོས་ཉིད་མིག་གཅིག་ཡིན། །སྤྱི་ཡི་མཚན་ཉིད་བརྗོད་པ་ནི། །མི་རྟག་སྡུག་བསྔལ་སྟོང་བདག་

མེད། །མ་རིག་པ་ནི་སྤང་དུ་མེད། །རིག་པ་ཡང་དག་བསྒྲུབ་ཏུ་མེད། །ཐམས་ཅད་དབྱིངས་སུ་རོ་གཅིག་ཐིམ། །སྒྱུ་མ་དངོས་པོར་རྟོག་པ་ནི། །སྒྱུ་མ་རྟོག་ཉིད་མི་དམིགས་པ། །མི་དམིགས་དེ་ཉིད་སྣ་ཚོགས་སྣང་། །སྐྱེས་པ་ཉིད་ན་ཆོས་ཉིད་གཅིག །དབྱིངས་ཉིད་མི་དམིགས་

དེ་བཞིན་ཉིད། །དེ་ཉིད་ཆོས་སྐུ་ཕྱག་རྒྱ་ཆེ། །མི་དམིགས་སྒྱུ་མར་དངོས་པོ་ལ། །རྟོག་པའི་ཡུལ་གྱི་དངོས་ཉིད་ཀྱང་། །ཆོས་ཉིད་མི་དམིགས་ཡེ་ནས་དག །སྒྱུ་མ་མི་དམིགས་དབྱེར་མེད་ཕྱིར། །ཡོད་མེད་གཉིས་ག་དབྱེར་མེད་པས། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན། །ཐུགས་

Vol. 98 · folio 266a

ཀྱི་ཕྱག་རྒྱ་ཆེན་པོ་ཡིན། །ཆོས་ཉིད་དམིགས་སུ་མེད་པ་སྟེ། །མི་དམིགས་བཞིན་དུ་སྒྱུ་མར་སྤྲོས། །གདུལ་བྱའི་བྱ་བ་བསམ་མི་ཁྱབ། །གསུང་གི་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་གཏི་མུག་སྤང་དུ་མེད། །རྣམ་པར་སྣང་མཛད་རྒྱ་ཆེན་ཡིན། །ཞེ་སྡང་རང་དང་

སྤྱིར་བསྟན་པ། །ཀུན་ནས་མནར་སེམས་རྟོག་པ་ཡི། །སྒྱུ་མའི་དངོས་པོ་ཐམས་ཅད་ཀུན། །འཇིག་པར་མོས་པའི་རང་བཞིན་ཅན། །སྤྱི་ཡི་མཚན་ཉིད་བརྗོད་པ་ནི། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །ཞེ་སྡང་སྙིང་རྗེ་སྤངས་བསྒྲུབ་མེད། །ཆོས་ཀྱི་དབྱིངས་སུ་རོ་གཅིག་

ཕྱིར། །སྒྱུ་མ་རང་བཞིན་མནར་སེམས་པ། །དངོས་པོ་ཐམས་ཅད་འཇིག་རྟོགས་ན། །སྒྱུ་མར་སྣང་བ་ཐམས་ཅད་ཀྱང་། །ཆོས་ཀྱི་དབྱིངས་ལས་མི་གཞན་ཏེ། །མི་དམིགས་པ་ཉིད་སྒྱུ་མར་སྐྱེས། །ཆོས་རྣམས་ཐམས་ཅད་རང་བཞིན་ནི། །བདག་སྲོག་གསོ་བའི་རང་བཞིན་

མེད། །སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས། །མནར་སེམས་སྒྱུ་མ་ཆོས་ཉིད་དོ། །ཐམས་ཅད་མི་དམིགས་དེ་བཞིན་ཡིན། །ཀུན་ཀྱང་དབྱེར་མེད་ཆོས་ཕྱག་རྒྱ། །མི་དམིགས་སྒྱུ་མ་ཀུན་ནས་མནར། །རྟོག་པ་ཀུན་ནས་མནར་སེམས་ཏེ། །ཆོས་ཉིད་སྒྱུ་མ་མི་དམིགས་ཏེ། །

ཆོས་ཉིད་སྒྱུ་མ་མི་དམིགས་ཕྱིར། །དོན་དམ་ཀུན་རྫོབ་རོ་གཅིག་སྟེ། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། །མི་དམིགས་ཀུན་ནས་མནར་སེམས་པ། །འདུལ་བའི་བྱ་བ་བསམ་མི་ཁྱབ། །གསུང་གི་ཕྱག་རྒྱ་ཆེན་པོའོ། །ཞེ་སྡང་སྤྱི་ཡི་

མཚན་ཉིད་ནི། །ཡང་དག་ཉིད་ཀྱིས་རབ་བརྟགས་ན། །རྣམ་པར་བྱང་བའི་མཚན་ཉིད་དེ། །གཉིས་མེད་ཞེ་སྡང་སྤང་དུ་མེད། །ང་རྒྱལ་མཚན་ཉིད་བཤད་པ་ནི། །ཁོང་ནས་འགྱིང་ཞིང་ཁེངས་སེམས་པ། །ཕ་རོལ་ཟིལ་གྱིས་གནོན་པར་བྱེད། །སྤྱི་ཡི་མཚན་ཉིད་བཤད་

པ་ནི། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །ང་རྒྱལ་སྤངས་ནས་ཞི་བསྒྲུབ་མེད། །ཆོས་ཀྱི་དབྱིངས་སུ་རོ་གཅིག་པས། །ཀུན་རྫོབ་སྒྱུ་མར་ཁོང་འགྱིང་ཉིད། །དེ་བཞིན་ཉིད་ལས་མི་གཞན་ཏེ། །ཆོས་ཉིད་མི་དམིགས་འགྱིང་བར་སྐྱེས། །སྐྱེ་འགྱིང་ཉིད་ན་

Vol. 98 · folio 266b

ཆོས་ཉིད་དེ། །འགྱིང་བའི་རང་བཞིན་མི་དམིགས་དག །འགྱིང་དང་མི་འགྱིང་དབྱེར་མེད་ཕྱིར། །ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཡིན། །མི་དམིགས་པ་ཉིད་སྒྱུ་མ་འགྱིང་། །འགྱིང་བས་ཟིལ་གྱིས་གནོན་པ་ཉིད། །ཆོས་ཀྱི་དབྱིངས་ལས་མི་གཞན་ཏེ། །སྒྱུ་མ་ཆོས་ཉིད་དབྱེར་མེད་

ཕྱིར། །དོན་དམ་ཀུན་རྫོབ་གཉི་ག་གཅིག །ཏིང་ངེ་འཛིན་གྱིས་དབང་སྒྱུར་ན། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། །མི་དམིགས་སྒྱུ་མར་འགྱིང་བ་ནི། །ང་རྒྱལ་འདུལ་བ་བསམ་མི་ཁྱབ། །གསུང་གི་ཕྱག་རྒྱ་ཆེན་པོ་ཡིན། །ང་རྒྱལ་རང་སྤྱིའི་མཚན་ཉིད་ནི། །རྣམ་པར་བྱང་

བའི་མཚན་ཉིད་ཡིན། །ཞི་བ་སྒྲུབ་ང་རྒྱལ་སྤང་དུ་མེད། །འདོད་ཆགས་རང་སྤྱིའི་མཚན་ཉིད་ནི། །སྲིད་པ་ཀུན་ལ་ཞེན་པ་སྟེ། །སྤྱི་ཡི་མཚན་ཉིད་བཤད་པ་ནི། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །ཆགས་སྤངས་མ་ཆགས་བསྒྲུབ་ཏུ་མེད། །ཆོས་ཀྱི་དབྱིངས་སུ་རོ་

གཅིག་ཕྱིར། །ཀུན་རྫོབ་སྒྱུ་མའི་རང་བཞིན་དུ། །འདོད་ཅིང་ཆགས་པ་སྒྱུ་མ་སྲེད། །མི་དམིགས་པ་ལས་མི་གཞན་ཕྱིར། །མི་དམིགས་དེ་ཉིད་སྒྱུ་མར་སྐྱེས། །ཆོས་རྣམས་བདག་ལས་མི་གཞན་ཕྱིར། །མི་དམིགས་དེ་ཉིད་སྒྱུ་མར་སྐྱེས། །སྤྱོད་པ་སྒྱུ་མ་རོ་གཅིག་

ཕྱིར། །ཆོས་ཉིད་ཆོས་ཅན་དམིགས་སུ་མེད། །རྒྱལ་བ་ཀུན་དང་དབྱེར་མེད་པའི། །ཆོས་ཀྱི་སྐུ་ཡི་ཕྱག་རྒྱ་ཡིན། །མི་དམིགས་སྒྱུ་མར་འདོད་ཅིང་ཆགས། །འདོད་ཆགས་ཆོས་ཉིད་མི་དམིགས་ཏེ། །སྒྱུ་མ་མི་དམིགས་དབྱེར་མེད་ཕྱིར། །བདེན་པ་གཉི་གར་

དབྱེར་མེད་གཅིག །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། །མི་དམིགས་དབྱིངས་ཉིད་འདོད་ཆགས་སྤྲོས་པ་ནི། །འདུལ་བ་བསམ་གྱིས་མི་ཁྱབ་སྟེ། །གསུང་གི་ཕྱག་རྒྱ་ཆེན་པོ་ཡིན། །འདོད་ཆགས་རང་དང་སྤྱི་ཡི་མཚན། །རྣམ་པར་བྱང་

བའི་མཚན་ཉིད་ཡིན། །ཆགས་དང་མ་ཆགས་གཉིས་མེད་པས། །འདོད་ཆགས་མཚན་ཉིད་སྤང་དུ་མེད། །ཕྲག་དོག་ཀུན་གྱི་མཚན་ཉིད་ནི། །གཞན་གྱི་ཕུན་སུམ་ཚོགས་པ་ལ། །སེམས་དོག་རྟོག་པ་སྒྱུ་མ་གཞན། །ཐབས་ཀྱིས་སྦྱོར་བ་སྒྱུ་མའི་རང་བཞིན་ཅན། །

Vol. 98 · folio 267a

ཕྲག་དོག་སྤྱི་མཚན་བཤད་པ་ནི། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །ཕྲག་དོག་སྤང་ཞིང་ཡངས་བསྒྲུབ་མེད། །ཆོས་ཉིད་དུ་ནི་རོ་གཅིག་ཕྱིར། །ཀུན་རྫོབ་སྒྱུ་མ་གཞན་གྱི་ཕུན་སུམ་ལ། །ཕྲག་དོག་རྟོག་པ་སྒྱུ་མའི་རང་བཞིན་ཉིད། །མི་དམིགས་

པ་ལས་མི་གཞན་ཏེ། །མི་དམིགས་པ་ཉིད་སྒྱུ་མར་སྐྱེས། །ཕུན་སུམ་ཚོགས་པའི་ལྷག་པར་སྦྱོར་བ་ཡི། །ཐབས་ཀྱི་རྟོགས་པ་སྒྱུ་མའི་ཆོས་ཉིད་དེ། །དུས་གསུམ་རྒྱལ་བ་ཀུན་དང་དབྱེར་མེད་པས། །ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཡིན། །མི་དམིགས་སྒྱུ་མ་གཞན་གྱི་ཕུན་སུམ་

ལ། །ཕྲག་དོག་རྟོག་པར་འཛིན་པ་དང་། །རྟོག་དང་ཕྲག་དོག་མི་དམིགས་ཏེ། །སྒྱུ་མ་མི་དམིགས་དབྱེར་མེད་པའི། །བདེན་པ་གཉི་གར་རོ་གཅིག་པས། །ཏིང་ངེ་འཛིན་གྱི་དབང་བསྒྱུར་ན། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། །མི་དམིགས་གཞན་གྱི་ཕུན་སུམ་ལ། །ཕྲག་

དོག་རྣམ་པར་སྤྲོས་པ་ནི། །གདུལ་བའི་བྱ་བ་བསམ་མི་ཁྱབ། །གསུང་གི་ཕྱག་རྒྱ་ཆེན་པོ་ཡིན། །ཕྲག་དོག་རང་དང་སྤྱི་བསྟན་པ། །རྣམ་པར་བྱང་བའི་མཚན་ཉིད་ཡིན། །དོག་པ་སྤང་ཞིང་ཡངས་བསྒྲུབ་མེད། །སེམས་ཅན་རྣམ་པ་མང་པོ་ཀུན། །ནང་གི་ཆེན་པོ་ལྔ་

སོགས་བསྟན། །རང་སྤྱིའི་མཚན་ཉིད་བཤད་པར་བྱ། །ཐབས་དང་ཤེས་རབ་མ་རྟོགས་པས། །མ་གྲོལ་ཁམས་གསུམ་འཁོར་བ་ཡིན། །དེ་ལྟར་ངེས་པར་ཅི་མཐོང་ན། །སྔགས་ཀྱིས་ཡོངས་སུ་ཟིན་པའི་ནད། །ཀུན་ལ་གནོད་པར་བྱེད་མི་ནུས། །དེ་བཞིན་ཐབས་དང་ཤེས་

རབ་རྟོགས། །དུག་གསུམ་སྡུག་བསྔལ་གནོད་མི་འགྱུར། །ཐབས་ལ་མཁས་པས་མ་ཟིན་ན། །ལམ་གྱི་དགེ་སྤྱད་སྟེགས་བཅས་ཀྱང་། །མཐོ་རིས་ལྷ་དང་མི་རུ་སྐྱེས། །སྐྱེ་ཤི་མེད་པའི་ས་མི་ཐོབ། །ཐབས་མཁས་སྙིང་རྗེས་ཟིན་པ་ནི། །མཚམས་མེད་སེམས་ཅན་མ་

ལུས་ཀུན། །བྱང་ཆུབ་སེམས་དཔའི་སྙིང་རྗེས་བསད། །བསོད་ནམས་དཔག་ཏུ་མེད་པ་ཐོབ། །མ་བསད་ན་ཡང་སེམས་ཅན་ཡལ་བོར་ཏེ། །སྙིང་རྗེ་མེད་དེ་སྡིག་ཡོད་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ཆེན་པོ་དག །གང་ཕྱིར་བྱང་ཆུབ་

Vol. 98 · folio 267b

སེམས་དེ་ནི། །རྡོ་རྗེ་དེ་བཞིན་གཤེགས་པར་གསལ། །ཉོན་མོངས་པ་ཉིད་དེ་བཞིན་གཤེགས། །ངོ་བོ་ཡིན་པར་གསལ་པོར་གསུངས། །ཆོས་ཀུན་རང་བཞིན་དག་པའི་ཕྱིར། །འཁོར་བ་ཡོངས་སུ་དག་པར་འགྱུར། །ཐབས་དང་ཤེས་རབ་ལྡན་པ་ལ། །ཉོན་མོངས་

ཐམས་ཅད་བྱང་ཆུབ་རྒྱུ། །འཁོར་བའི་རང་བཞིན་བདག་མེད་པས། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། །ཐབས་དང་ཤེས་རབ་ལྡན་གྱུར་པས། །ཕྱིན་ཅི་ལོག་ཉིད་བྱང་ཆུབ་ལམ། །འཁོར་བའི་རང་བཞིན་མི་དམིགས་ཕྱིར། །མྱ་ངན་འདས་པ་ཡོད་མ་ཡིན། །

གསང་སྔགས་བླ་ན་མེད་པ་ཡི། །ཐབས་ཀྱིས་ཇི་ལྟར་ཟིན་བཞིན་འགྲུབ། །བསམ་གྱིས་མི་ཁྱབ་ངེས་པ་མེད། །དོན་དམ་ཅིར་ཡང་མ་གྲུབ་ལ། །སྒྱུ་མའི་སྤྲུལ་པ་བསམ་མི་ཁྱབ། །ཐབས་ཆེན་དག་གིས་ཟིན་པ་ནི། །ཉོན་མོངས་ལམ་ཡང་རྣམ་པར་གྲོལ། །ཐབས་ཆེན་དག་

གིས་མ་ཟིན་ན། །དགེ་བ་སྤྱད་ཀྱང་གྲོལ་མི་འགྱུར། །རྣལ་འབྱོར་དོན་དམ་ལྡན་པ་ཡིས། །ཉོན་མོངས་འཆིང་བའི་ཆོས་སྤྱད་ཀྱང་། །རྣམ་པར་གྲོལ་བར་འགྱུར་བ་ཡིན། །འཁོར་བ་དང་ནི་མྱ་ངན་འདས། །གཉི་ག་ཡོད་པ་མ་ཡིན་པས། །འཁོར་བ་ཡོངས་སུ་ཤེས་པས་ན། །

དེ་ནི་མྱ་ངན་འདས་པའི་མཐའ། །ཉོན་མོངས་ཕྱིན་ཅི་ལོག་རྣམས་དག །ཐབས་ལ་མཁས་པས་ཟིན་འགྱུར་ཡང་། །གྲོལ་ལ་ཐར་བར་མི་འགྱུར་ན། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འདུལ་བའི་དབང་གིས་བྱ་བྱེད་ཀུན། །རྔོན་དང་སྨད་འཚོང་སྟོན་པའང་ལྟུང་། །

བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་བཟང་། །ཕལ་ལ་མེད་པས་མི་རུང་ན། །སྔགས་མཆོག་ཤིན་ཏུ་ཟབ་པ་ཡི། །སྐྱེ་བོ་ཀུན་གྱིས་བྱ་བར་འབྱུང་། །བདུད་རྩི་དང་དུ་བླང་བར་གསུངས། །མཉམ་དང་མི་མཉམ་དབྱེར་མེད་ན། །སྐུ་གསུང་རྡོ་རྗེ་དབང་ཐོབ་འགྱུར། །གྲུབ་པའི་

རྫས་སུ་དེ་ཕྱིར་གསུངས། །ཤེས་རབ་མཉམ་པ་མ་རྟོགས་ན། །བྱོལ་སོང་ལ་ལ་ཆོས་དང་ལྡན་འགྱུར་ཡང་། །དྲང་སྲོང་འཚོ་དང་རྟག་མཐུན་དང་། །ཇི་སྲིད་འཚོ་ཡི་བར་དུ་འདོད་པ་སྤོང་བྱེད་པ། །དེ་དག་གྲོལ་བར་ངས་མ་བཤད། །ཆོས་རྣམས་ཐམས་ཅད་ཡོངས་སུ་

Vol. 98 · folio 268a

དག་པ་ཡི། །རྣམ་བཞི་ཚུལ་གྱིས་དོན་རྟོགས་མངོན། །རྒྱུ་རྣམས་རང་བཞིན་དག་པ་དང་། །འབྲས་བུ་ཡོངས་སུ་དག་འགྱུར་ཏེ། །རྒྱུ་ཡི་མཚན་ཉིད་རྣམ་པར་དག །ཕྱི་རོལ་ཆེན་པོ་ལྔ་རྣམས་ཏེ། །སེམས་ཉིད་གཟུང་འཛིན་གཉིས་སྣང་བ། །གཟུང་བའི་

ཡུལ་ཉིད་འབྱུང་བ་ཆེ། །རྒྱུད་ཉིད་རང་གི་སེམས་ཡིན་པས། །འབྱུང་བ་ཆེན་པོ་རྒྱུ་ལས་དག །འབྲས་བུ་ཡོངས་སུ་དག་པ་ནི། །སེམས་ཅན་ཀུན་གྱི་རུས་པ་སྟེ། །རྡོ་རྗེ་བྱང་ཆུབ་སེམས་ཡིན་ཏེ། །ཤ་ནི་པདྨ་རཀྟ་ཡིན། །དྲི་ཆེན་དྲི་ཆུ་གུར་གུམ་ཆུ། །སོ་སོའི་ལུས་ལ་གནས་

པས་དག །དོན་དམ་དམིགས་མེད་དག་པས་ནི། །ཕྱི་ནང་ཆོས་རྣམས་ཐམས་ཅད་ཀྱང་། །གང་གི་ངོ་བོ་མ་ཡིན་ཏེ། །སྐྱེ་འགག་མེད་པས་ཡེ་ནས་དག །ཀུན་རྫོབ་ཡེ་ནས་དག་པ་ནི། །སྒྱུ་མའི་རང་བཞིན་ཐམས་ཅད་སྣང་། །ཆུ་ཟླའི་ཚུལ་དུ་མི་དམིགས་གནས། །མི་

དམིགས་པ་ཉིད་སྣ་ཚོགས་སྣང་། །དེ་བཞིན་གཤེགས་པར་ཡེ་ནས་མཉམ། །དེ་བས་གཙང་སྨེ་མེད་པར་སྤྱོད། །སེམས་ཅན་རྟོག་པ་བཟློག་ཕྱིར་སྨན། །གཙོ་རུ་དང་དུ་བླང་བར་བྱ། །དེ་བས་སེམས་ཅན་ཕྱིན་ཅི་ལོག །ཆོས་རྣམས་ཐམས་ཅད་དག་པར་མ་ཤེས་ཏེ། །

ཐབས་དང་ཤེས་རབ་དོན་མ་རྟོགས། །ཁ་ཅིག་གིས་ནི་འཚོ་བའི་བར་དུ་ཟོས། །ཁ་ཅིག་གིས་ནི་དྲང་སྲོང་ཇི་བཞིན་དུ། །ཤ་སྤངས་རྩྭ་དང་ཆུ་ལ་ཟོས། །ཟོས་ཀྱང་མ་གྲུབ་དོན་མ་རྟོགས། །རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི། །རང་བཞིན་ཡོངས་ཀྱིས་དག་པའི་

ཕྱིར། །མཉམ་པའི་དབྱིངས་ཀྱིས་རབ་རྟོགས་པས། །ཐབས་དང་ཤེས་རབ་འབྲེལ་པ་ཡི། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །དངོས་དང་དངོས་མེད་རྟོགས་པ་མཚན། །གཙང་དང་མི་གཙང་རྟོགས་པ་མཚན། །མཚན་མ་ཉིད་ཀྱང་རྣམ་སྤངས་ཏེ། །

མཁྱེན་པས་དབུལ་ལ་གནས་མི་འགྱུར། །བསྒྲུབ་པའི་རྫས་སུ་ཡང་དག་གསུངས། །བྱང་ཆུབ་སེམས་དང་ཤ་ཆེན་དང་། །དྲི་ཆེན་དྲི་ཆུ་རཀྟ་དག །སྒྲུབ་པ་པོས་ནི་ནན་ཏན་བྱ། །དངོས་གྲུབ་ཡ་མཚན་ཆེན་པོ་འགྲུབ། །ཚེ་ལ་དབང་དང་རིག་པ་འཛིན། །

Vol. 98 · folio 268b

མཁའ་ལ་འཕྱོ་དང་ཐོགས་མེད་འགྲུབ། །མཐར་ནི་སྐྱེ་མེད་རྡོ་རྗེ་ཡིས། །གཞན་ཡང་ཇི་ལྟར་དམིགས་པ་བཞིན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །གསང་བའི་སྙིང་པོའི་དོན་ཉིད་ཀྱིས། །ཡི་དམ་མི་སྤང་རྟག་བསྒོམ་ཞིང་། །ཡེ་ནས་ལྷ་ཡི་མཚན་ཉིད་ནི། །དུས་

གསུམ་གཤེགས་པ་ཐམས་ཅད་ཀྱི། །ལྷ་སྤངས་དགེ་སྤྱད་དོན་མེད་འགྱུར། །ལྷ་ནི་མི་སྤང་དོན་ཉིད་ནི། །ལྷུན་གྲུབ་ཡེ་ཤེས་ཐམས་ཅད་ཀྱི། །བདག་དང་གཉིས་མེད་སོ་སོ་མ་ཡིན་པའི། །དུས་གསུམ་བདེར་གཤེགས་དཀྱིལ་འཁོར་ཐམས་ཅད་ཀྱི། །སྐུ་གསུང་

ཐུགས་ཀྱི་རྡོ་རྗེ་བདག་པོ་སྟེ། །ཡོངས་སུ་རྫོགས་པར་བསྒོམ་པའི་དོན། །དཀོན་མཆོག་གསུམ་སྤངས་ཚངས་པར་སྤྱད་པའི་དོན་མེད་འགྱུར། །བདག་ཉིད་ལྷ་དང་མཉམ་སྦྱོར་ན། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །ཡེ་ནས་མཉམ་ཉིད་སྦྱོར་ནས་སུ། །ལྷ་ཉིད་དུ་

ནི་རྟག་ཏུ་བསྒོམ། །བདེར་གཤེགས་ཀུན་དང་མཉམ་པར་འགྱུར། །སྐུ་གསུང་ཡེ་ཤེས་ལྔ་རྫོགས་གྲུབ། །རྡོ་རྗེ་སློབ་དཔོན་སྨད་མི་བྱ། །བྱང་ཆུབ་སྟོན་པ་འདྲེན་པ་པོ། །ལོང་བ་དམིགས་བུ་འདྲེན་དང་འདྲ། །ཉོན་མོངས་སྡུག་བསྔལ་མཚོ་སྐེམས་ཡིན། །སློབ་དཔོན་

དེ་ལ་སྨོད་པ་ནི། །དཔེར་ན་ན་མུན་ཁུང་སྒྲོན་བསད་ན། །མཐོང་བའི་དོན་ནི་མི་རྟོགས་བཞིན། །སྡུག་བསྔལ་ཉམ་ཐག་ཡུན་རིངས་སུ། །བསྐལ་པ་མང་པོར་མྱོང་བར་མངོན། །དེ་བས་དེ་ལ་གུས་པ་རྟག་ཏུ་གྱིས། །ལུས་ལ་དབང་བའི་རྒྱལ་པོ་བས། །ཤིན་ཏུ་གཙོ་བོར་

བླང་བར་བྱ། །དྲིན་ཆགས་བསྐྱེད་པའི་ཕ་མ་བས། །ཤིན་ཏུ་ལྷག་པའི་རི་མོ་བྱ། །རྡོ་རྗེ་མཆེད་དང་ལྕམ་དྲལ་ནི། །བླ་མེད་བྱང་ཆུབ་ཞིང་འགྲོ་བའི། །ཆོས་ཉིད་དམ་ཚིག་སྨོན་ལམ་མཐུས། །བྱང་ཆུབ་རིན་ཆེན་སར་ངེས་པས། །དེ་ལ་ལྡོག་ཅིང་འཁུ་བ་ནི། །རང་ལ་རང་

གིས་མཚོན་བཏབ་ན། །རང་སྲོག་ཚེ་རབས་ལྔ་བརྒྱའི་བར། །རང་གིས་སྲོག་གཅོད་ཕུང་བར་འགྱུར། །ཚེ་འདི་མི་བདེ་སྣ་ཚོགས་པ། །མི་བདེ་བཞིན་དུ་འབྱུང་བར་འགྱུར། །འཇིག་རྟེན་ཕ་རོལ་དག་ཏུ་ཡང་། །ངན་སོང་གསུམ་དང་མི་ཁོམ་པའི། །སྡུག་བསྔལ་ཁ་

Vol. 98 · folio 269a

བརྒྱུད་མྱོང་བར་འགྱུར། །ཡུན་རིང་རྟག་ཏུ་མི་ཐར་བའི། །ཤིན་ཏུ་ཉམ་ཐག་མྱོང་བར་འགྱུར། །གྲུབ་པ་གཅིག་བཞིན་ལྷན་ཅིག་སྤྱོད། །གཉིས་མེད་དད་པས་རྗེས་སྤྱོད་སྤུན། །བདེར་གཤེགས་དཀྱིལ་འཁོར་བླ་མེད་ཡིན། །ཤེས་རབ་གསལ་བས་

རྟག་ཏུ་གདུང་། །ཞེས་གསུངས། གསང་བ་གཞན་ལ་མི་བསྒྲགས་ཤིང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས། །རྣལ་འབྱོར་མཉམ་པ་རྣམ་གཉིས་ཀྱིས། །ཐབས་དང་ཤེས་རབ་འབྲེལ་རྟོགས་ནས། །མཉམ་པའི་སྤྱོད་པས་ལ་དོར་ཏེ། །ཕུལ་དང་མི་འདྲ་

ཡང་དག་རྟོགས། །མ་རྟོགས་པ་ཡི་ཕྱོགས་རྣམས་དང་། །སྐྱེ་བོ་ཀུན་ལ་རབ་ཏུ་གསང་། །གསང་བའི་བརྡ་ངག་སྣ་ཚོགས་གསུངས། །ཐབས་ལ་མཁས་པས་བྱས་པ་ཡིན། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །ཐུགས་རྗེ་ཆེན་པོ་ཐབས་མཁས་ཀྱིས། །སྣོད་མ་

ཡིན་དང་བློ་རྟུལ་རྣམས། །ལས་འཕྲོ་ངན་པའི་དོན་ཕྱིར་གསང་། །བརྒྱ་ལ་གང་ཞིག་གསང་དོན་འདི། །ལས་འཕྲོ་ངན་ལ་བསྒྲགས་འགྱུར་ན། །དཔེར་ན་གཙུབ་ཤིང་མེས་གཙུབས་ནས། །གཙུབ་ཤིང་ཉིད་ཀྱང་འཚིག་པར་སྣང་། །གཞན་ཡང་ཚིག་པར་གྱུར་པ་

བཞིན། །ཆོས་དོན་བཟང་པོ་མེ་དང་འདྲ། །སྐལ་བ་ཆུང་ཞིང་ཤེས་རབ་དམན། །བློ་ངན་རྒྱུ་འབྲས་རྨོངས་པ་རྣམས། །མཉམ་པ་ཉིད་ལ་སྐུར་འདེབས་པས། །ངན་སོང་གསུམ་དུ་འཕངས་པར་འགྱུར། །གསང་དོན་མ་རྟོགས་སྡུག་བསྔལ་རྨྱོང་འགྱུར་ན། །གསང་བ་འཕེལ་བར་

བྱེད་པ་ཡང་། །སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །དེ་ཕྱིར་སེམས་ཅན་དོན་ཕྱིར་གསང་། །རླུང་ཕྱོགས་ཙམ་དུའང་བརྗོད་མི་བྱ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །སྔགས་ཞེས་རབ་ཏུ་བསྒྲགས་པ་ནི། །དོན་དམ་ཀུན་རྫོབ་དབྱེར་མེད་

པའི། །མཉམ་པ་ཆེན་པོའི་དཀྱིལ་འཁོར་ཆེན་པོ་རུ། །སྐུ་གསུང་ཐུགས་ཀྱི་ཡི་གེ་ཨོྃ། །དེ་ལ་སོགས་པ་བཞི་བཅུ་གཉིས། །ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི། །ཕྱོགས་བཅུ་དུས་བཞི་གཤེགས་པ་ཡི། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །བདག་དང་དབྱེར་མེད་ཕྱག་རྒྱ་

Vol. 98 · folio 269b

ཆེ། །གསལ་ལ་བརྩོན་པའི་ཡོན་ཏན་ལྡན། །ཡིད་བཞིན་མ་ཆགས་དབང་བསྐུར་ཏེ། །གོམས་ཤིང་བརྟན་པར་བྱ་བ་ཡིན། །དེ་བས་བར་ཆད་བརྩོན་མེད་ན། །དཔེར་ན་ས་བོན་ཚིག་པ་ལས། །འབྲས་བུ་འདོད་པ་དང་འདྲ་སྟེ། །བསྒྲུབ་པ་འབྲས་བུ་མེད་པར་འགྱུར། །མི་

ཁོམ་འཁོར་བར་གནས་འགྱུར་ཏེ། །རྣལ་འབྱོར་ཆེན་པོ་ལ་ཞུགས་པས། །ཕྱི་ནང་ཆོས་རྣམས་ཐམས་ཅད་ལ། །དམིགས་མེད་གཅིག་དང་དུ་མར་བྲལ། །མཐའ་དབུས་གང་ཡང་མ་ཡིན་པའི། །ངོ་བོ་ཉིད་མེད་མཚན་ཉིད་མེད། །མཉམ་པའི་ཕྱག་རྒྱ་ཆེན་པོ་ཡིས། །ཕྱོགས་

བཅུ་དུས་བཞི་ཐམས་ཅད་དང་། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཡོན་ཏན་སྐྱོན་རྣམས་སྐྱེ་འགག་མེད། །གང་གི་ངོ་བོར་མ་གྲུབ་མཉམ། །ཀུན་རྫོབ་ཆོས་རྣམས་སྐྱེ་འགག་མེད། །མི་དམིགས་གང་གི་ངོ་བོ་མིན། །ཆུ་ཟླའི་ཚུལ་དུ་སྣ་ཚོགས་པར། །སྣང་ཞིང་བྱ་བ་

བྱེད་ནུས་པའི། །ཕྱག་རྒྱ་ཆེན་པོའི་ཕྱོགས་བཅུ་དང་། །དུས་གསུམ་ཁམས་གསུམ་ཐམས་ཅད་དང་། །འཇིག་རྟེན་པ་དང་འཇིག་རྟེན་འདས། །ཡོན་ཏན་སྐྱོན་རྣམས་ཐམས་ཅད་དང་། །སྒྱུ་མར་མཉམ་པར་ཡེ་ནས་གནས། །སྔགས་འཆང་རྒྱལ་པོར་རྟོགས་བྱས་ནས། །

བདག་ཉིད་ཆོས་ཉིད་སྐྱེ་འགག་མེད། །དང་ལས་མ་གཡོས་པར་གནས་ན། །ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱང་། །རྫོགས་པར་ཕྱོགས་བཅུ་དུས་གསུམ་གྱི། །དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས། །ཐམས་ཅད་དབྱེར་མེད་ཡེ་མཉམ་ལ། །མ་འདྲེས་རྒྱ་ཡོངས་མ་ཆད་

པའི། །གཞལ་ཡས་ཁང་དང་ཉི་ཟླ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་མི་ཁྱབ། །མཉམ་པའི་དབྱིངས་ཆེན་རྫོགས་པར་བསྒོམ། །དེ་ལྟར་དམ་ཚིག་འདི་གསུམ་སྟེ། །དེ་ལ་གནས་ན་འགྲུབ་པར་འགྱུར། །ཡན་ལག་

མ་ཉམས་སྔགས་བཟླས་ཤིང་། །འདོད་པ་ཀུན་ལ་ལོངས་སྤྱོད་བྱ། །ལུས་དང་ངག་སེམས་བརྟན་འགྱུར་ན། །བྱང་ཆུབ་རབ་འབྱམ་ཐོབ་པར་འགྱུར། །དམ་ཚིག་ཆེན་པོ་ལས་འདས་ན། །ཉེན་ནི་ཤིན་ཏུ་ཆེ་བར་གསུངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །

Vol. 98 · folio 270a

སྔགས་ཀྱི་སྤྱོད་པ་དོན་བསྒྲུབ་པ། །རྨོངས་པས་གལ་ཏེ་འདས་བྱས་ན། །དེ་མི་སྲོག་ཀྱང་དེར་ཟད་འགྱུར། །དམ་ཚིག་བསྲུངས་དང་སྔགས་བཟླས་དང་། །ཕྱག་རྒྱ་རྒྱུན་མི་གཅད་པ་བཞི། །བརྩོན་འགྲུས་ཆེ་ཞིང་བརྟན་པས་གཟུང་། །རྣལ་འབྱོར་བརྩོན་

འགྲུས་ཆུང་འགྱུར་ན། །མི་འགྲུབ་ཉེན་ཡང་ཆེ་བར་གསུངས། །ཇི་ལྟར་རལ་གྱི་སོ་ལ་ནན་ཏན་དུ། །སྐྱེས་བུས་མྱུར་དུ་མ་བཟུང་ན། །ལག་པ་ངེས་པར་ཆོད་པར་འགྱུར། །དེ་བཞིན་ནན་ཏན་མེད་པའི་གསང་སྔགས་པ། །འཆི་འམ་ཡང་ན་འབྲས་བུ་མེད་པར་འགྱུར། །རྣལ་

འབྱོར་དམ་པ་རྣམས་ཀྱིས་ནི། །སྔགས་ཀྱི་ཡན་ལག་མ་ཉམས་གསལ། །དོན་དམ་མ་ཉམས་དག་བྱས་ཤིང་། །བརྩོན་འགྲུས་ཆེར་བསྐྱེད་མྱུར་བར་འགྲུབ། །སྔགས་བསྒོམ་མ་ཉམས་ཕྱག་རྒྱ་གསལ། །ཆོ་ག་ཡོ་བྱད་གཙོར་མ་གསུངས། །ཚོགས་ན་ཡང་ནི་ཉེས་

པ་མེད། །མ་ཚོགས་ན་ཡང་ཉེས་པ་མེད། །མ་ཚོགས་ན་ཡང་འགྲུབ་པར་འགྱུར། །བདག་ཉིད་རང་གི་ལྷར་སྦྱོར་བས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །ཆོ་ག་ལྷག་གམ་མ་ཚང་ནའང་། །འགྲུབ་པར་འགྱུར་ཏེ་ཉེས་སྐྱོན་མེད། །ཅེས་གསང་བའི་ཚིག་

ཏུའོ། །དམ་ཚིག་སུམ་བརྒྱ་པ་རྩ་བ་བཅོ་ལྔ་མདོ་བཤད་པའི་ལེའུ་སྟེ་དྲུག་ཅུ་བརྒྱད་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་བཞུགས་གནས་དང་། སྤྱོད་ལམ་དང་། ལྟ་སྟངས་བསྟན་པ། ཐེག་པ་ཆེན་པོ་ལྷུན་གྲུབ་དོན་འདོད་

ན། །རྒྱ་ཆེན་ཟབ་ཡངས་ཤེས་རབ་མྱུར། །ཟབ་པའི་དོན་རྟོགས་མི་ལྡོག་བདེ། །ང་དང་བདག་མེད་ཡངས་པ་བདེ། །གནས་སུ་ཆོས་དབྱིངས་གཉིས་མེད་བསྟན། །ཐབས་ཆེན་ཀུན་མཛད་འོད་གསལ་བྱམས། །ཐམས་ཅད་དགྱེས་མཛད་དབྱིངས་མ་གཏུམ། །ཆེ་ཆུང་

བྱང་ཆུབ་སེམས་དཔའི་འཁོར། །གཡོག་འཁོར་ལྷ་སྲིན་སྡེ་མང་གཙོ། །བདག་གི་མཚན་གཟུགས་ཤིན་ཏུ་སྤགས། །ཆོས་དབྱིངས་མཁའ་དཀྱིལ་ཡངས་པ་ལ། །ཤེས་རབ་མྱུར་དུ་དོན་འགྲོ་བ། །འགྲོ་མེད་འོང་མེད་མི་གནས་པ། །བྱང་ཆུབ་སེམས་མཆོག་ཨ་རེ་

Vol. 98 · folio 270b

བདེ། །ཤེས་རབ་ཟད་མེད་དཀྱིལ་འཁོར་ལ། །ཐུགས་རྗེ་རོལ་པའི་ཡེ་ཤེས་འཕྱོ། །གཉིས་མེད་དབྱིངས་སྦྱོར་ཨ་རེ་བདེ། །མ་རིག་འཁྲུལ་པའི་འདམ་དབྱིངས་སུ། །ཡེ་ཤེས་སྒྲོན་མའི་མདའ་འཕངས་ནས། །གཏི་མུག་མུན་པ་རྣམ་བསལ་ཏེ། །རང་བཞིན་འོད་གསལ་

བདེ་བའི་མཆོག །དགེ་དང་མི་དགེ་གཉིས་སུ་མེད། །རྣམ་རྟོག་མཚན་མ་ཡོད་མི་འཛིན། །རང་བཞིན་ཡེ་ནས་འོད་གསལ་བའི། །དགེ་སྡིག་མེད་པས་ཤིན་ཏུ་བདེ། །བདེ་དང་མི་བདེ་གཉིས་མེད་པས། །ཡེ་ཤེས་ཆགས་མེད་རྣམ་པར་དག །ཐམས་ཅད་དབྱེར་མེད་ཡེ་ཤེས་

ཡིན། །སེམས་ཉིད་དང་བས་ཨ་རེ་བདེ། །རྒྱན་དུ་དཀྱིལ་འཁོར་ཐམས་ཅད་མཛེས། །ཡེ་ཤེས་རྒྱུ་ལས་གྲུབ་པ་ཡི། །ཕྱི་ནང་སྒྲིབ་མེད་གསལ་བའི་ངང་། །ཡེ་ཤེས་བློ་བརྟན་ཤིན་ཏུ་བདེ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ལ། །གཙང་དང་སྨེ་བའི་བློ་མི་འཛིན། །ཐམས་

ཅད་ཆོས་ཉིད་རོ་གཅིག་པས། །གཉིས་མེད་པས་ནི་ཤིན་ཏུ་བདེ། །ཤེས་རབ་ཆུང་ཆེན་ཏིང་འཛིན་གྱིས། །ཐམས་ཅད་མ་ནོར་གཞུང་ལུགས་བཞིན། །འཁོར་བ་མ་སྤངས་སྡུག་བསྔལ་མེད། །གཉིས་མེད་ཚིམ་པས་ཨ་རེ་བདེ། །ཐམས་ཅད་མ་ལུས་གཅིག་པའི་ངང་། །

ལྟ་དང་ལྟ་བ་གཉི་ག་མེད། །ཡེ་ཤེས་སྒྲོན་མ་བསྒྲེང་བར་ནི། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་མཐོང་། །འདི་དང་ཕ་རོལ་གཉིས་མེད་ཕྱིར། །འགྲོ་དང་འགྲོ་བར་བྱ་བ་མིན། །ཡན་ལག་སྟབས་ཆེན་མ་མཆོངས་པར། །ཕྱོགས་བཅུ་སྟོང་ཁམས་ཐམས་ཅད་ན། །ཐུབ་

མཆོག་སྟོན་པའི་སྤྱོད་ཡུལ་ནི། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ཆོས་རྣམས་ཐམས་ཅད་དམིགས་སུ་མེད། །ཆོས་ཉིད་སྒྱུ་མ་ཅིར་ཡང་འགྲུབ། །ཟག་མེད་ཟབ་པས་དོན་བརྟགས་ན། །དག་པར་མ་གྱུར་གང་ཡང་མེད། །ཡེ་ཤེས་མ་བཅོས་ཀུན་དུ་གསལ། །

རང་བཞིན་རྣམ་པར་དག་པའོ། །ཡེ་ནས་དེ་ལྟར་གནས་མོད་ཀྱང་། །མ་རིག་རྨོངས་པའི་ལིང་ཏོག་གིས། །གསལ་བའི་སྒྲོན་མ་བསྒྲིབས་གྱུར་ཏེ། །ཁམས་གསུམ་མུན་ནག་རྒྱུན་དུ་འཁོར། །རྣམ་རྟོག་མཚན་མར་འཛིན་པ་ཡིས། །ལུས་དང་ལོངས་སྤྱོད་གནས་དང་ནི། །

Vol. 98 · folio 271a

བདེ་དང་སྡུག་བསྔལ་སྣ་ཚོགས་མྱོང་། །དེ་ལ་སུ་ཞིག་བྱེད་པ་ཡོད། །ཡང་དག་མཐུ་ཆེན་སུས་མ་བྱས། །རང་ལ་རང་གིས་བཅིངས་པར་ཟད། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སྙིང་པོ་ཡོད་པ་མ་ཡིན་ཏེ། །སྒྱུ་མ་མིག་ཡོར་སྤྲུལ་པ་དང་། །སྨིག་རྒྱུ་

འཇའ་ཚོན་ཆུ་ཟླའི་ཚུལ། །དེ་ལྟར་གང་གིས་རབ་རྟོགས་པ། །དེ་ཉིད་སངས་རྒྱས་ཡིན་པར་བཤད། །སངས་རྒྱས་ས་ལ་གནས་པ་ཡིན། །སྐྱེ་མེད་ཕུན་སུམ་ཚོགས་ཡིན་ཏེ། །བྱེད་མེད་པ་ཡི་མཆོག་ཀྱང་རྫོགས། །ཞེས་ཉིད་ལ་ཉིད་བརྗོད་དོ། །སྒྱུ་འཕྲུལ་དྲ་བ་ལས་བཞུགས་

གནས་ཁང་པ་བསྟན་པའི་ལེའུ་སྟེ་དྲུག་ཅུ་དགུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མི་འཆི་བའི་རྡོ་རྗེ་བསྒྲུབ་པ་འདི་གསུངས་སོ། །རྡོ་རྗེ་ཞིང་ཆེན་བསྒྲུབ་འདོད་པས། །ཐམས་ཅད་སྐྱེ་ཤི་མེད་པའི་ཚུལ། །མཉམ་ཉིད་དག་པ་ཉིད་དུ་བསྒོམ། །

ཁྲོ་བོ་བདུད་རྩི་འཁྱིལ་པ་ཡི། །ཛཿཧཱུྃ་བྃ་ཧོས་དགུག་པར་བྱ། །བདག་དང་ཁྲོ་བོ་གཉིས་མེད་པར། །ཡང་ནས་ཡང་དུ་བསྒྲུབ་པར་བྱ། །སྐུ་རྣམས་གསལ་བར་གྱུར་པ་དང་། །ཞིང་ཆེན་འོག་ཏུ་གཞུག་པར་བྱ། །དཀྱིལ་འཁོར་མ་ལུས་དེར་བཀོད་ནས། །ཁྲོ་བོ་ཁྲོ་མོའི་དཀྱིལ་འཁོར་

བསྒོམ། །མངག་པའི་ཕོ་ཉ་ཕྱོགས་བཅུར་གཏོང་། །ཐམས་ཅད་མ་ལུས་དབང་དུ་སྡུད། །བསྒྲུབ་པ་གཅིག་གམ་ཡང་ན་གཉིས། །གསུམ་དང་ལྔ་རུ་བསྒོམ་པར་བྱ། །ཕོ་ཉ་མང་པོས་ནྲྀ་བཀུག་ནས། །ཞིང་ལ་ཡང་ནས་ཡང་དུ་གཞུག །སྣར་དང་སེར་དང་མདོག་སྣུམ་འབྱུང་། །

དེ་ནས་བདུད་རྩིའི་ཏིང་འཛིན་གྱིས། །ལན་གྲངས་འབུམ་ཕྲག་མང་པོར་ནི། །བཟླས་པའི་ཚུལ་ཡང་རྣམ་གསུམ་དག །རྡོ་རྗེ་སྔགས་བཟླས་རྩེ་མོ་གསུམ། །དེ་ཡི་བར་ནས་བཟླས་པ་འབྱུང་། །འོད་ཟེར་ལྔ་དང་ལྡན་པར་བྱ། །ཞིང་དེ་ལྡེམ་ལྡེམ་པོར་གྱུར་དང་། །བདུད་རྩི་ལྔ་

ཡིས་བསྐུལ་བར་བྱ། །དེ་ནས་ཡི་གེ་འབྲུ་ལྔ་དགོད། །གསལ་ཞིང་འཚེར་བར་བསྒོམ་པར་བྱ། །དབང་པོ་ལྔ་དང་དབང་པོའི་ཚུལ། །ཡན་ལག་ལྔ་ལ་རིགས་ལྔའི་ཚུལ། །རྡོ་རྗེ་ཏིང་འཛིན་དེ་ཡིས་བསྒོམ། །དེ་ནས་ཞིང་དེ་འགུལ་འགྱུར་ནས། །ཞིང་དེ་དྲག་ཏུ་འགུལ་བ་དང་། །ཤིན་

Vol. 98 · folio 271b

ཏུ་ཞགས་པས་བསྡམ་པར་བྱ། །ཡན་ལག་རྣམས་ཀྱང་གཞུམ་པར་བྱ། །ཕྱོགས་བཞི་དག་ཏུ་ཐོད་པ་བསྟན། །ཧ་ཡ་གྲཱི་བའི་སྐུར་བསྒོམས་ཤིང་། །སྔགས་ནི་འབུམ་ཕྲག་མང་དུ་བཟླས། །ཕྱོགས་བཅུར་སྤྲོ་ཞིང་ཞིང་ལ་བསྟིམ། །དེ་ནས་ཞིང་དེ་དྲག་འགུལ་ནས། །རྡོ་རྗེ་ཏིང་

འཛིན་དེ་ཡིས་ནི། །བརྟན་པ་ཉིད་དུ་བསྒོམ་པར་བྱ། །དེ་ནས་པར་པར་བྱེད་པ་དང་། །ཨ་ནྲྀ་བྲི་དུ་གང་ཡིན་པ། །རྡོ་རྗེ་དྲག་ཏུ་བདེག་ཅིང་དབབ། །ཐོད་པའི་ཁ་ནས་ནྲྀ་ཕྱུང་ནས། །རྡོ་རྗེ་ཏིང་འཛིན་སོ་ཡིས་གཅད། །རྡོ་རྗེ་སྔགས་ཟོས་ཁོང་དུ་བསྟིམ། །གཉིས་སུ་མེད་པར་བསྒོམ་པར་

བྱ། །དེ་ནས་ཞིང་དེ་ལངས་པ་དང་། །རྡོ་རྗེ་དབྱིངས་ནས་དབང་ཡང་བསྐུར། །བདུད་རྩི་ཆུ་ཡང་བླུད་པར་བྱ། །ལས་རྣམས་ཐམས་ཅད་བྱེད་དུ་གཞུག །ཞིང་དེས་རབ་ཏུ་སྨྲས་པའི་ཚིག །དཔའ་བོ་ཅི་བགྱི་མི་རྒས་སྐྱེ་མེད་ཆོས་རྣམས་དང་། །ལས་རྣམས་མ་ལུས་ཀུན་བགྱིད་དོ། །

དེ་ལྟར་བསྒྲུབ་པའི་རིགས་མཆོག་གིས། །ཐལ་བ་ཐམས་ཅད་སོས་པར་འགྱུར། །བསྒྲུབ་པའི་ས་ནི་དུར་ཁྲོད་དང་། །རི་བྲགས་གཉེན་པོ་བགེགས་གནས་དང་། །ནགས་ཁྲོད་སྟོང་པ་ཚེར་མ་ཅན། །རི་བོས་བསྐོར་བའི་ལྕུག་མ་ཅན། །རབ་ཏུ་རྣམ་པར་དབེན་པ་དང་། །གནོད་

སྦྱིན་སྲིན་པོ་འབྱུང་བའི་གནས། །དེ་དག་ཏུ་ནི་བསྒྲུབ་པར་བྱ། །དགུ་དང་བཅུ་གཉིས་བཅུ་གསུམ་དང་། །བཅུ་དྲུག་མན་ཆད་བསྒྲུབ་པར་བྱ། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །ཕྱི་ནང་འཚོ་བའི་ཡོ་བྱད་རྣམས། །ལམ་ལྔའི་ཞིང་དང་སྨན་ལྔར་བཅས། །འབྲུ་རྣམས་ཐམས་

ཅད་བཅང་བར་བྱ། །རྟག་ཏུ་ཚོགས་ཆེན་མཆོད་པར་བྱ། །གསུམ་དང་ལྔ་རུ་བར་མི་གཅད། །ཁ་ཟས་རྣམས་ཀྱང་ཐོད་པར་བཟའ། །བཏུང་བ་དག་ཀྱང་དེ་བཞིན་ཏེ། །མར་མེ་རྟག་པར་གཏང་བར་བྱ། །རྒྱུ་ནི་ནྲྀ་ཡི་མར་ལས་བྱ། །ཡན་ལག་བསྐུ་བའང་དེ་བཞིན་ཏོ། །སྡོང་བུ་

པདྨའི་རྒྱུ་ལས་བྱ། །སྣོད་ནི་དུང་ཆེན་སྲུབས་མེད་པ། །ལྕང་ལོ་ཡོད་དང་མེད་ཀྱང་རུང་། །དེ་བྱི་པུ་ཏྲ་མ་བྱུང་བ། །མདོག་ནི་བན་ལང་ཅན་ལ་ཡོད། །རྡོ་རྗེ་བསྒྲུབ་པ་བར་གཅོད་ཕྱིར། །རྟག་ཏུ་མཚམས་ནི་གཅད་པར་བྱ། །ནྲྀ་ཡི་རྐང་པ་གཡས་གཡོན་ནས། །སྦོམ་པོ་མ་

Vol. 98 · folio 272a

ཡིན་ཕྲ་བ་ཉིད། །དེ་ལ་ཀི་ལ་ཡ་བྱས་ནས། །ཕུར་བུའི་སྔགས་དང་ཁྲོ་སྔགས་ཀྱིས། །ལན་འབུམ་དུ་ནི་བཟླས་པར་བྱ། །ལག་པ་གཡས་གཡོན་ཐལ་སོར་ལ། །ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། །འོད་འབར་གཟུངས་ཀྱི་སྐུ་རུ་བསྒོམ། །དེ་ནས་གཉིས་མེད་སྦྱོར་

ཚུལ་དུ། །སྒྲུབ་པོ་རྡོ་རྗེ་བསྒོམ་པར་བྱ། །སྒྲུབ་པ་དངོས་ལ་མ་གཏོགས་པ། །ཕྱོགས་བཅུ་རྣམས་སུ་མཚམས་ཀྱང་གཅད། །དངོས་གྲུབ་མ་ཐོབ་བར་དུ་ནི། །བསྒོམ་དང་བཟླས་དང་ཕྱག་རྒྱ་གསུམ། །བག་ཡོད་མགོ་ལ་མེ་འབར་བཞིན། །བར་མཚམས་མེད་པར་བསྒྲུབ་

པར་བྱ། །དེ་ལྟར་སྒྲུབ་པའི་རིགས་མཆོག་གིས། །ལྷ་མ་སྲིན་རྣམས་བྲན་བཞིན་འཁོལ། །འཇིག་རྟེན་དབང་ཕྱུག་དབང་དུ་སྡུད། །རྡོ་རྗེ་རིགས་མཆོག་འཁོར་རྐྱེན་རྣམས། །ཡིད་བཞིན་དུ་ནི་འབྱུང་བར་འགྱུར། །རྫུ་འཕྲུལ་ཆེན་པོ་འདི་དག་ནི། །ལུས་སྦེད་ནུས་ནས་མངོན་

དུ་དབྱུང་། །དེ་མ་ཡིན་པར་ཤིན་ཏུ་གསང་། །སྐུའི་སྒྲུབ་པ་ངེས་པའི་དོན་དུ་བཀའ་སྩལ་ཏོ། །རོ་ལངས་བསྒྲུབ་པའི་ལེའུ་སྟེ་བདུན་ཅུ་པའོ།། །།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་བྲོ་གར་རྩེ་འཇོ་བྲོ་གར་གྱི་དམ་ཚིག་ཅེས་བྱ་བ་ངེས་པར་ཆེད་དུ་བརྗོད་པ་འདི་

བརྗོད་དོ། །ཕྱོགས་བཅུ་མཐའ་ཡས་དུས་བཞི་ཡི། །ཐམས་ཅད་དབྱེར་མེད་མཎྜ་ལའི། །ཉི་ཟླ་ཤར་བའི་གཞལ་ཡས་ལ། །པདྨ་ཆགས་མེད་གདན་བཏིང་ནས། །རིན་ཆེན་ཟད་མེད་ཕོ་བྲང་ས། །ཆེ་ཆུང་དཔག་ཏུ་མེད་པ་ཡི། །བྱང་ཆུབ་བདེ་ལྡན་དཀྱིལ་འཁོར་ལ། །བདེ་

ལྡན་བྱང་ཆུབ་རབ་བཀོད་ནས། །མ་ལུས་ཀུན་བསྡུས་དབྱིངས་བསྡུས་ཏེ། །ལུས་བསྐྱོད་ཡན་ལག་བསྐུལ་བསིགས་དང་། །དབང་པོ་ལྔ་ཡི་ལྟ་སྤྱོད་ཀུན། །ཕྱག་རྒྱ་ཆེན་པོ་ཡིན་པར་བཤད། །གོང་གི་དཀྱིལ་འཁོར་ཚད་ཉི་ཟླ། །མི་འཁྲུགས་པ་ཡི་ས་གཞི་ལ། །པདྨ་མ་ཆགས་

གདན་བཏིང་ནས། །ཐབས་དང་ཤེས་རབ་ཆགས་མེད་ཚུལ། །ཡན་ལག་དབང་པོ་ཐམས་ཅད་ཀུན། །རང་བཞིན་ཡོངས་སུ་དག་པ་དང་། །ཏིང་འཛིན་དེ་བཞིན་གཤེགས་ལྔའོ། །ཡེ་ནས་མ་བཅིངས་ཡོངས་ཀྱིས་ཏེ། །ལྷག་པའི་ཏིང་འཛིན་དཀྱིལ་འཁོར་གྱིས། །

Vol. 98 · folio 272b

དབུ་ལ་དེ་བཞིན་གཤེགས་པའི་འཁོར། །ཡན་ལག་བཞི་ལ་རིགས་བཞི་འཁོར། །ཁ་དོག་དབྱིབས་དང་ཕྱག་རྒྱ་དང་། །ཐབས་དང་ཤེས་རབ་གསལ་བསྒོམས་ཏེ། །ཕྱོགས་བཅུར་སྤྲོ་ཞིང་ངན་སོང་སྦྱོང་། །གནས་སུ་བསྡུ་ཞིང་དཀྱིལ་འཁོར་སྤྲོ། །འདས་དང་མ་

འདས་ཐམས་ཅད་ཀུན། །བདེར་གཤེགས་ཞིང་དུ་རྣམ་པར་སྦྱོར། །ཡན་ལག་ཆེན་པོ་ལྔ་བསྐྱོད་ན། །རིགས་ལྔའི་དཀྱིལ་འཁོར་མ་ལུས་གཡོ། །འགྲོ་ལྔ་བྱང་ཆུབ་ལམ་དུ་མཛད། །སྙིགས་མ་ལྔ་ཡང་རྣམ་པར་དག །བཟང་མཛེས་ལེགས་པའི་གོས་བགོས་ན། །

འོད་ཟེར་སྣ་ཚོགས་འཕྲོ་བར་འགྱུར། །དེ་ནས་མཐར་ཐུག་མེད་པའི་བར། །ཡེ་ཤེས་ལྔ་ཡིས་བརྒྱན་པར་འགྱུར། །སྐྱེས་བུ་བློ་རྩལ་རབ་ལྡན་པས། །རྟག་ཏུ་དཀྱིལ་འཁོར་དེ་ལྟར་བསྒོམ། །ཚིག་ཙམ་མ་ཡིན་བློ་གཏིང་དུ། །བདག་དང་དབྱེར་མེད་ཉིད་དུའོ། །ཐབས་དང་

ཤེས་རབ་ལྡན་གྱུར་ནས། །ཤར་གྱི་ཕྱོགས་སུ་ཁ་བསྟན་ཏེ། །སེང་གེའི་སྟབས་ཆེན་མཆོང་བར་བྱ། །ལྗགས་ཀྱི་ཡི་གེ་ཏྲྃ་བསྒོམས་ལ། །ལྕེ་ནི་འབུམ་ཕྲག་བསམ་ཡས་དང་། །ཧྲི་ཡང་བསམ་གྱིས་མི་ཁྱབ་སྤྲོ། །ཕྱོགས་བཅུ་དུས་བཞི་བསམ་ཡས་སུ། །གསུང་གི་

དཀྱིལ་འཁོར་འོད་འབར་བ། །གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། །བསམ་གྱིས་མི་ཁྱབ་ཀུན་དུ་གྲགས། །སྒྲ་དང་མིང་ཚིག་སོ་སོར་གསལ། །ལྗགས་ཀྱི་དབང་པོ་བཀྲམ་ནས་གསུངས། །ཐར་དང་མ་ཐར་གཉི་ག་བརྗོད། །ངེས་པ་ཁོ་ན་ཡང་དག་ཏུ། །དེ་བཞིན་

ཉིད་ཀྱིས་ཡོང་མ་གསུངས། །སྣ་ཡི་དབང་པོའི་དཀྱིལ་འཁོར་དུ། །ཏྲྃ་གི་ཡིག་འབྲུ་གསལ་བསྒོམས་ནས། །དཀྱིལ་འཁོར་ཕྱོགས་བཅུ་དུས་བཞི་ཡི། །མཐའ་ཡས་བསམ་གྱིས་མི་ཁྱབ་སྟེ། །ཏྲྃ་ཡང་བསམས་པས་འོད་འཕྲོ་འབར། །ཕྱོགས་དུས་དཀྱིལ་འཁོར་མ་

ལུས་ཐོས། །འགྲོ་དྲུག་འཁོར་བའི་གནས་ཀྱང་ཐོས། །སྒྲ་དང་ཐོས་པ་གཉིས་མེད་པའོ། །དེ་བཞིན་དྲི་དང་རོ་རེག་རྣམས། །སོ་སོའི་མཚན་ཉིད་གསལ་བསྒོམས་ནས། །ཡིག་འབྲུའི་སྙིང་པོ་དེ་བཞིན་དགོད། །སངས་རྒྱས་དཀྱིལ་འཁོར་མ་ལུས་དང་། །འགྲོ་དྲུག་མ་

Vol. 98 · folio 273a

ལུས་ཐམས་ཅད་ཀུན། །ཆགས་པ་མེད་པའི་ཚུལ་གྱིས་རོལ། །དྲི་ལ་སོགས་པ་བདེ་མཆོག་གིས། །ཀུན་ལ་ཚིམ་པར་ཡང་དག་མཆོད། །འགྲོ་དྲུག་མ་ལུས་ཐམས་ཅད་ལ། །ཇི་ལྟར་འཚམ་པའི་དོན་ཡང་བྱེད། །ཐབས་མཁས་ཐུགས་རྗེས་དེ་ལྟར་

སྟོན། །དེ་བཞིན་རིགས་དང་རྡོ་རྗེའི་རིགས། །མ་ཆགས་ལ་སོགས་ཤེས་རབ་ལྡན། །གཙོ་བོ་ལྔ་དང་གཙོ་མོ་ལྔ། །ཐབས་དང་ཤེས་རབ་ལྡན་བསྒོམས་ཏེ། །ཚོམ་བུ་གཅིག་གམ་ཡང་ན་གསུམ། །ལྔ་ཡི་དཀྱིལ་འཁོར་རབ་བསྒོམས་ཏེ། །ཐབས་དང་ཤེས་རབ་

ཕན་ཚུན་དུ། །ལྷ་གསལ་འོད་འཕྲོ་བསྟིམ་བྱས་ཏེ། །དཀྱིལ་འཁོར་འོད་ཟེར་འབར་བར་བསྒོམ། །ཏིང་འཛིན་ཤིན་ཏུ་གསལ་གྱུར་ནས། །བདག་དང་ཕྱོགས་བཅུ་དབྱེར་མེད་པར། །གཉིས་སུ་མེད་པར་བསྒོམ་པར་བྱའོ། །དེ་ནས་ཐབས་དང་ཤེས་རབ་གཉིས། །ལྟ་

སྤྱོད་ཡ་ཆར་མ་གྱུར་པར། །དཀྱིལ་འཁོར་དག་ལ་གསལ་བསྒོམས་ན། །དབུས་ནས་ཤར་ཕྱོགས་ཁ་བསྟན་ནས། །རྐང་པའི་སྟབས་ཆེན་བསྐྱོད་བྱས་ཤིང་། །ལག་གི་འདུ་བྱེད་ཀུན་བསྐྱོད་ནས། །བྲོ་དང་གར་གྱི་ཕྱག་རྒྱར་བྱ། །དཀྱིལ་འཁོར་འོད་ཟེར་དཀར་འཕྲོ་

བ། །བྱང་ཆུབ་སེམས་དཔའ་རྣམ་པར་དག །ཤིན་ཏུ་གསལ་དང་འོད་ཟེར་འབར། །ཐབས་དང་ཤེས་རབ་དེ་གྲུབ་ཤོག །ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིས། །བདུད་བཞི་དག་ནི་འཇོམས་པར་བྱེད། །ཐེག་མཆོག་རྡོ་རྗེའི་རིག་འཛིན་པ། །ཐབས་དང་ཤེས་རབ་དེ་གྲུབ་ཤོག །

བདག་ཉིད་རིགས་པའི་རྡོ་རྗེ་ཡིས། །ཉོན་མོངས་སྡུག་བསྔལ་མེད་པར་ཤོག །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །ཐབས་དང་ཤེས་རབ་གསལ་འགྱུར་ཤོག །ཉོན་མོངས་སྡུག་བསྔལ་རྩད་བཅད་ནས། །མ་རིག་མུན་པ་མེད་པར་བྱེད། །ཐུགས་རྗེའི་འོད་ཟེར་ཉི་ཤར་བས། །

ཐབས་དང་ཤེས་རབ་འོད་འབར་ཤོག །ཤིན་ཏུ་སྲ་ཞིང་སྐྱེ་ཤི་མེད། །རྡོ་རྗེའི་ཐུགས་རྗེ་རོལ་སྟོན་པ། །འགྲོ་ལ་ཐུགས་རྗེ་ཡོངས་ཀྱིས་འབྱུང་། །ཐབས་དང་ཤེས་རབ་བྱམས་ལྡན་ཤོག །ཐབས་དང་ཤེས་རབ་ལྡན་གྱུར་པས། །ཡོན་ཏན་ཕྱོགས་སུ་ཁ་བསྟན་ཏེ། །ལུས་བསྐྱོད་

Vol. 98 · folio 273b

ཡན་ལག་བསྒུལ་བསིགས་ནས། །སྟོབས་ཆེན་དག་ཀྱང་བརྡུང་བར་བྱ། །དཀྱིལ་འཁོར་མ་ལུས་འབྱུང་བའི་གཏེར། །ཟད་མེད་ནོར་བུ་རིན་པོ་ཆེ། །མ་ལུས་ཀུན་གྱི་རེ་བ་སྐོང་། །ཐབས་དང་ཤེས་རབ་དེ་གྲུབ་ཤོག །ནམ་མཁའི་དཀྱིལ་གྱི་མདོག་བསྟན་པ། །ཡང་ན་ཐམས་

ཅད་གསེར་བཙོ་མ། །དཀྱིལ་འཁོར་བསམ་ཡས་ཟད་མི་ཤེས། །ཐབས་དང་ཤེས་རབ་མྱུར་གྲུབ་ཤོག །ཡོན་ཏན་རིན་ཆེན་བསམ་ཡས་ཀྱང་། །ཐམས་ཅད་མཉམ་པའི་ངང་གནས་ནས། །དེ་བཞིན་མཉམ་ཉིད་ཡེ་ཤེས་ཏེ། །ཐབས་དང་ཤེས་རབ་མཉམ་

འགྱུར་ཤོག །བདེར་གཤེགས་ཡོན་ཏན་རྨད་པོ་ཆེ། །ཡེ་ནས་ཆགས་མེད་བྱང་ཆུབ་ཞིང་། །ཡང་དག་ཉིད་དུ་ཐམས་ཅད་གནས། །ཐབས་དང་ཤེས་རབ་མྱུར་གྲུབ་ཤོག །ཐབས་དང་ཤེས་རབ་ལྡན་གྱུར་པས། །ནུབ་ཕྱོགས་སུ་ནི་ཁ་བལྟས་ནས། །ཡན་ལག་

དང་པོ་བསྐྱོད་བྱས་ཏེ། །གར་རྣམས་ཤིན་ཏུ་གསལ་བྱས་ནས། །སྟོབས་ཆེན་དག་ཀྱང་བརྡུང་བར་བྱ། །ཆོས་རྣམས་མ་ལུས་ཀུན་སྤྱོད་ཀྱང་། །པདྨ་ལ་ནི་འདམ་བཞིན་ནོ། །ཆགས་པ་མེད་པའི་ཚུལ་གྱིས་གནས། །ཐབས་དང་ཤེས་རབ་དེ་གྲུབ་ཤོག །ལས་དང་ཉོན་

མོངས་ནུབ་འགྱུར་བའི། །བག་ཆགས་མཚན་མ་རྡུལ་ཙམ་མེད། །ཐབས་དང་ཤེས་རབ་མྱུར་གྲུབ་ཤོག །བྱང་ཆུབ་ཆགས་མེད་དཀྱིལ་འཁོར་ནི། །གང་ནས་མ་འོངས་ཉིད་ཀྱི་དབྱིངས། །མི་གནས་ཚུལ་གྱིས་དབྱིངས་ན་བཞུགས། །ཐབས་དང་ཤེས་རབ་མྱུར་

གྲུབ་ཤོག །ཐབས་དང་ཤེས་རབ་ལྡན་གྱུར་པས། །བྱང་ཕྱོགས་སུ་ནི་ཁ་བལྟས་ཏེ། །ལུས་བསྐྱོད་ཡན་ལག་གར་བྱེད་ཅིང་། །ཕྱག་རྒྱ་སོ་སོར་གསལ་གྱུར་ནས། །རྐང་པའི་སྟབས་ཆེན་བརྡུང་བར་བྱ། །ཡང་དག་རྟོགས་པའི་ཤེས་རབ་ཀྱིས། །བསྐལ་པ་བསམ་

གྱིས་མི་ཁྱབ་པའི། །སྒྲིབ་པ་ཐམས་ཅད་བྱང་བྱས་ཏེ། །ཐབས་དང་ཤེས་རབ་མྱུར་གྲུབ་ཤོག །སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཀྱིས། །བདུད་བཞི་བཅོམ་ནས་མི་མཐུན་བསལ། །བྱ་བྱེད་མེད་ལ་དོན་རྣམས་གྲུབ། །ཐབས་དང་ཤེས་རབ་མྱུར་གྲུབ་ཤོག །

Vol. 98 · folio 274a

ཐམས་ཅད་མ་ལུས་རྫོགས་བྱེད་པ། །སྣ་ཚོགས་ཀུན་དུ་འགྱུར་བའོ། །ལྗང་གུའི་ཚུལ་དུ་མདོག་བསྟན་པ། །ཐབས་དང་ཤེས་རབ་མྱུར་གྲུབ་ཤོག །ཐམས་ཅད་མ་ལུས་དོན་གྲུབ་པ། །ལས་རྣམས་མ་ལུས་རྫོགས་པར་བྱེད། །ནན་ཏན་ཆེན་པོ་བྱ་བ་རྫོགས། །

ཐབས་དང་ཤེས་རབ་མྱུར་གྲུབ་ཤོག །སྡུག་བསྔལ་དྲ་བ་ཚར་བཅད་དེ། །དཀྱིལ་འཁོར་མ་ལུས་ཀུན་བྱས་ཀྱང་། །གང་ནས་མ་འོངས་གར་མི་འགྲོ། །ཐབས་དང་ཤེས་རབ་མྱུར་གྲུབ་ཤོག །བདེར་གཤེགས་མ་ལུས་ཐམས་ཅད་ཀུན། །ཕྱོགས་དུས་ཀུན་དུ་བདག་

ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་དུ། །མ་ལུས་ཀུན་འདུས་རྣམ་པར་དག །ཐབས་ཆེན་དཀྱིལ་འཁོར་ཡང་དག་པས། །བདེར་གཤེགས་ཀུན་ལ་རྣམ་པར་འཕྲོ། །ཐབས་དང་ཤེས་རབ་ལྡན་པ་ཡི། །བདེ་བའི་དཀྱིལ་འཁོར་མཁས་པས་བསྡུ། །

ཐམས་ཅད་མ་ལུས་རིགས་བཞི་ཡི། །ནང་དུ་མ་འདུས་གང་ཡང་མེད། །དེ་ཉིད་བདེར་གཤེགས་དཀྱིལ་འཁོར་ཉིད། །ཐབས་དང་ཤེས་རབ་བདེ་གྲུབ་ཤོག །རིགས་ལྔའི་དཀྱིལ་འཁོར་དབུར་བསྡུ་ཞིང་། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ། །ཕྱོགས་བཅུ་གསལ་

བར་གང་གྱུར་ནས། །ཐབས་དང་ཤེས་རབ་འོད་འབར་ཤོག །དེ་བཞིན་རིགས་མཆོག་འཛིན་པ་ཡི། །ཐམས་ཅད་མ་ལུས་དབྱིངས་བསྡུས་ཏེ། །ཐམས་ཅད་ཀུན་དུ་བཟང་པོར་སྟོན། །ཐབས་དང་ཤེས་རབ་གཙོར་གྲུབ་ཤོག །ཐུགས་རྗེ་ཆེན་པོའི་བྱིན་བརླབས་

ཀྱིས། །ཕྱོགས་དུས་གནས་པ་མ་ལུས་ལ། །ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར། །ཐབས་དང་ཤེས་རབ་མཆོག་འགྲུབ་ཤོག །འགྲོ་བ་མ་ལུས་ཐམས་ཅད་ལ། །དེ་བཞིན་ཉིད་ཀྱི་སྐུ་ཡོད་པས། །མ་མཐོང་རྨོངས་ལ་ནམ་མཁའི་མདོག །ཐབས་དང་ཤེས་

རབ་དབྱིངས་གྲུབ་ཤོག །སྐུ་ནི་སྣ་ཚོགས་ཅིར་ཡང་སྣང་། །ཐབས་ཆེན་རྣམས་ལ་མཉམ་པའི་ཚུལ། །ཉན་ཐོས་རྣམས་ལ་དགྲ་བཅོམ་ཚུལ། །རང་རྒྱལ་རྣམས་ལ་བསེ་རུའི་ཚུལ། །ཕ་རོལ་ཕྱིན་རྫོགས་ཤཱཀྱའི་ཚུལ། །ལྷ་མི་རྣམས་ལ་དགེ་བཅུ་ཚུལ། །དུད་འགྲོ་རྣམས་

Vol. 98 · folio 274b

ལ་ཨེ་ན་ཡ། །གཞན་ཡང་འགྲོ་བ་ཐམས་ཅད་ལ། །ཇི་ལྟར་འདུལ་བ་བཞིན་དུ་སྟོན། །དེ་ལྟ་བུ་ཡི་སྐུ་སྟོན་པ། །ཐབས་དང་ཤེས་རབ་སྐུ་གྲུབ་ཤོག །ཐབས་དང་ཤེས་རབ་ལྡན་བསྒོམས་ནས། །རྒྱན་ལྔ་ཡིས་ནི་རྣམ་པར་བརྒྱན། །ཡན་ལག་ལྔ་ལ་དཀྱིལ་འཁོར་བཀོད། །

ཡེ་ཤེས་རྒྱན་གྱིས་ཕོ་བྲང་བརྡུང་། །གཉིས་མེད་དཀྱིལ་འཁོར་ཟླུམ་པོའི་ཚུལ། །མཐའ་དབུས་མེད་པའི་དཀྱིལ་འཁོར་དུ། །ལྷུན་གྲུབ་ཚོགས་ཆེན་བྱང་ཆུབ་ཏུ། །ཐབས་དང་ཤེས་རབ་མྱུར་གྲུབ་ཤོག །ཆོས་དབྱིངས་དམ་པ་བདག་མེད་པ། །མི་དམིགས་དབྱིངས་སུ་མ་ལུས་

འདུས། །མཉམ་དང་མི་མཉམ་དབྱེར་མེད་པས། །ཐབས་དང་ཤེས་རབ་དབྱིངས་གྲུབ་ཤོག །བདེར་གཤེགས་དཀྱིལ་འཁོར་དབུ་བསྐྱོད་ན། །སངས་རྒྱས་ཞིང་ཁམས་མ་ལུས་གཡོ། །ལག་གི་འདུ་བྱེད་བསྐུལ་བསྐྱོད་ན། །རིག་འཛིན་ཞིང་ཁམས་དག་པར་བྱེད། །རྐང་

ཆེན་དག་གིས་སྟབས་མཆོངས་ན། །འགྲོ་དྲུག་གནས་རྣམས་སྟོངས་པར་བྱེད། །སྤྱན་གྱིས་ཕྱོགས་བཅུ་བལྟ་བྱས་ན། །བདུད་བཞི་དཔུང་རྣམས་ཕམ་པར་བྱེད། །ཐབས་དང་ཤེས་རབ་མ་ལུས་ཀུན། །དེ་ལྟ་བུ་ཡི་དོན་གྲུབ་ཤོག །ཐམས་ཅད་མ་ལུས་དེ་བཞིན་ཏེ། །དེ་

ནི་གང་ཡང་མི་དམིགས་ལ། །སྐྱེ་དང་འགག་དང་གནས་པ་དང་། །འོང་དང་འགྲོ་བའི་དངོས་པོ་མེད། །རྣལ་འབྱོར་བྲོ་གར་རྩེ་འཇོ་ཡི། །སྣ་ཚོགས་བྱེད་ལ་བྱས་པ་མེད། །དེ་ཉིད་རྣམ་པ་སྣ་ཚོགས་པ། །རྣལ་འབྱོར་ལས་རྣམས་གྲུབ་པར་ཤོག །ཐབས་དང་ཤེས་རབ་ཐམས་

ཅད་ཀྱིས། །དེ་ལྟ་བུ་ཡིས་ལོངས་སྤྱོད་ན། །སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས། །སྲིད་གསུམ་འགྲོ་རྣམས་ཐམས་ཅད་ལ། །དགའ་བ་ཆེན་པོས་ཁྱབ་པར་འགྱུར། །ལུས་མ་སྤངས་པར་རིག་འཛིན་ས། །ཡུན་རིངས་ཆོས་ཀྱི་བདེ་སྤྱད་ནས། །བླ་མེད་རྡོ་རྗེ་སེམས་དཔའ་

ཡིས། །དཔེ་བྱད་མཚན་གྱིས་རྣམ་པར་བརྒྱན། །མངོན་ཤེས་དྲུག་ལྡན་ཐམས་ཅད་མཁྱེན། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །སངས་རྒྱས་ཞིང་ལ་དབང་སྒྱུར་ཏེ། །སྤྱོད་ཡུལ་ཀུན་དུ་མཎྜ་ལ། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །རྣལ་འབྱོར་ལས་སུ་

Vol. 98 · folio 275a

རུང་རྣམས་ཀྱིས། །འདི་ལྟ་བུ་ཡི་ལས་རྣམས་བྱ། །འབྲས་བུ་མངོན་དུ་མ་གྱུར་ཀྱང་། །ལུས་ངག་ཡིད་ལ་དབང་ཐོབ་ནས། །སངས་རྒྱས་འབྱུང་དང་སྐར་མི་འགྱུར། །ཐེག་པ་དམན་པར་ཡོང་མི་སྐྱེ། །ངན་སོང་གསུམ་དུ་ཡོང་མི་ལྟུང་། །གནས་ངན་ལོངས་

སྤྱོད་མི་བདེ་བའི། །ངན་པའི་ས་རུ་ཡོང་མི་ལྟུང་། །རྡོ་རྗེ་ཐེག་མཆོག་བརྗེད་མི་འགྱུར། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །ལུས་བྱད་བཟང་ཞིང་ཡན་ལག་རྫོགས། །དབང་པོ་ཚང་ཞིང་ལྷག་ཆད་མེད། །སྐད་གདངས་སྙན་ཅིང་འགྲོ་དོན་བྱེད། །བདག་གི་ལོངས་སྤྱོད་ཐམས་

ཅད་ཀུན། །གཞན་ལ་གནོད་པ་མེད་པར་འགྲུབ། །ཚན་པོ་ཆེ་ཡི་མཐུ་སྟོབས་ལྡན། །འགྲོ་བའི་དོན་དུ་ཡང་དག་བྱེད། །གཞན་ལ་གནོད་པ་ཡོང་མི་བྱེད། །སྙིང་རྗེ་ཆེ་ཞིང་ཤེས་རབ་ལྡན། །མཐུ་སྟོབས་ཆེ་ཞིང་ཐབས་ལྡན་པ། །བདག་དང་གཞན་དོན་རྫོགས་པར་སྤྱོད། །

མཐར་ནི་སྐྱེ་ཤི་མེད་པའི་ས། །སངས་རྒྱས་ཡོན་ཏན་རིན་པོ་ཆེ། །བཀོད་པའི་གཞལ་ཡས་ཐམས་ཅད་ལ། །དབང་སྒྱུར་སྤྱོད་པའི་དངོས་གྲུབ་ཐོབ། །རྣལ་འབྱོར་གང་ཞིག་འདི་འདྲའི་དོན། །ལྗགས་ཀྱི་དབང་པོ་བཀྲམ་ནས་ནི། །གསང་དོན་ངེས་པའི་དོན་སྟོན་པ། །བླ་མེད་

མཆོག་ཏུ་གྲུབ་པར་ཤོག །དབྱེར་མེད་བྱང་ཆུབ་ཐོར་ཚུགས་ཅན། །ཤིན་ཏུ་བསྟན་པའི་རི་བོ་གནས། །མུ་སྟེགས་རླུང་གིས་ཚུགས་མི་འགྱུར། །ཐེག་མཆོག་རྡོ་རྗེ་དེ་ལྟ་བུ། །དཀྱིལ་འཁོར་མི་ཟད་འབྱུང་བའི་གཏེར། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །བྱི་དོར་མ་བྱས་

ཤིན་ཏུ་གསལ། །བསྐལ་པ་གྲངས་མེད་གནས་བཅས་ཀྱང་། །སྐུ་ནི་ཤིན་ཏུ་གཞོན་པའི་ཚུལ། །སྐྱེ་ཤི་མེད་པ་རྡོ་རྗེ་ཡི། །ཐམས་ཅད་འབྱུང་བའི་གཏེར་ཡིན་ཏེ། །ཡོན་ཏན་ཕུན་སུམ་ཚོགས་དང་ལྡན། །བླ་མེད་བྱང་ཆུབ་འགྲུབ་གྱུར་ནས། །ཡེ་ཤེས་རྡོ་རྗེ་ལྷུན་གྲུབ་

ཤོག །ཚོགས་ཆེན་གཉིས་ཀྱང་རྫོགས་གྱུར་ཅིག །ཐམས་ཅད་ཀུན་གྱི་སྟོན་པ་པོ། །ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས། །སངས་རྒྱས་ཞིང་ལ་དབང་བྱེད་ཤོག །དེ་རྟོགས་ཀུན་ཀྱང་རྡོ་རྗེའི་རིགས། །སྐུ་གསུང་ཐུགས་ཀྱང་གྲུབ་པར་ཤོག །རྣལ་འབྱོར་པ་

Vol. 98 · folio 275b

ཐབས་དང་ཤེས་རབ་དང་ལྡན་པ་རྣམས་ཀྱིས། དུས་ཐམས་ཅད་འདོད་ཡོན་ལྔ་སྤྱོད་ཅིང་བྲོ་ཐབས་བྱའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་བྲོ་གར་རྩེ་འཇོའི་ལེའུ་སྟེ་བདུན་ཅུ་གཅིག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་

ལས་སྐུའི་དཀྱིལ་འཁོར་མངོན་དུ་ཕྱུང་སྟེ་འདི་སྐད་ཅེས་གསུངས་སོ། །དེ་བཞིན་ཉིད་ཀྱི་དབྱིངས་ལྡན་ལས། །སྒྱུ་དང་དྲ་བ་འབྲེལ་འགྱུར་ནས། །སྐུ་མཆོག་རྡོ་རྗེ་འོད་སྣང་བས། །མཐུན་པའི་རྡོ་རྗེ་རང་སྣང་ངོ་། །རྒྱུད་དྲུག་འཁོར་བའི་ལུས་སྣང་བ། །རྣམ་རྟོག་མཐུན་པའི་ལས་

སྣང་ངོ་། །དེ་བཞིན་སྐུ་མཆོག་དྲི་བྲལ་དང་། །བདེ་གཤེགས་སྐུ་ལྔར་མདོར་བསྡུས་ཏེ། །བཅོམ་ལྡན་འདས་དང་བྱང་ཆུབ་གཟུགས། །བླ་མེད་གཟུགས་དང་རྡོ་རྗེ་སྐུ། །དེ་ལ་སོགས་ཏེ་སྐུ་བསམ་ཡས། །ཕྱོགས་བཅུ་དུས་བཞི་སྐུ་སྟོན་པ། །ཐབས་ཀྱིས་འགྲོ་འདུལ་སྐུ་སྟོན་

ཏེ། །བྱང་ཆུབ་མཆོག་གི་རྡོ་རྗེ་སྐུ། །ཆགས་མེད་ཞིང་དུ་སྐུ་སྟོན་ཅིང་། །དབྱིངས་ལས་མ་གཡོས་བཞིན་དུ་སྣང་། །སྐུ་སྣང་དེ་བཞིན་ཉིད་ཀྱི་དབྱིངས། །རྣམ་དག་སྐུ་སྟོན་མ་ཡིན་ཏེ། །ལོག་འགྲོ་རྟོག་པ་ཐམས་ཅད་ལ། །སོ་སོར་འདུལ་བའི་སྐུར་ཡང་སྟོན། །དེ་ཚེ་སྐྱེ་ཤི་མེད་པའི་

སྐུ། །ལས་དང་མ་ཆགས་པདྨའི་སྐུ། །ཐར་དང་མ་ཐར་སྣ་ཚོགས་ཀྱང་། །སྣ་ཚོགས་སྣང་ལ་གནས་པ་མེད། །སྣང་དང་མི་སྣང་གཉི་ག་མེད། །དེ་ལྟར་རྟོགས་པའི་རིགས་མཆོག་ནི། །བཛྲ་ཞེས་ནི་གདགས་པ་ཡིན། །ཇི་སྙེད་སྐུ་སྟོན་བསམ་ཡས་པ། །ཐམས་ཅད་མ་ལུས་

རྡོ་རྗེར་བསྡུས། །འཁོར་ལོ་ཞེས་ཀྱང་བརྗོད་པ་ནི། །དེ་ལ་སོགས་ཏེ་སྐུ་བསམ་ཡས། །བྱང་ཆུབ་ཐབས་ཀྱི་དཀྱིལ་ནས་བྱུང་། །སྐུ་ནི་སྣ་ཚོགས་ཐམས་ཅད་ཀྱང་། །འཇའ་ཚོན་ཆུ་ཟླ་འདྲ་ཤེས་ན། །དབྱིངས་ཉིད་ལས་ནི་དབྱིངས་སྣང་ཟད། །ཐུགས་ཉིད་གསུང་གི་དཀྱིལ་

འཁོར་སྣང་། །གསུང་ཉིད་སྐུ་ཡི་དཀྱིལ་འཁོར་ཏེ། །དབྱེར་མེད་དེ་བཞིན་ཡོང་གིས་སོ། །དཀྱིལ་འཁོར་བཟང་པོ་འགྲུབ་འདོད་པས། །རྟག་ཏུ་དུས་གསུམ་ཐམས་ཅད་དུ། །བདག་དང་བདག་གི་དབྱེར་མེད་པས། །ཡེ་ནས་དཀྱིལ་འཁོར་ཡིན་པར་བརྟག །འདི་ནི་

Vol. 98 · folio 276a

དངོས་གྲུབ་མཆོག་ཡིན་པར། །ཀུན་དུ་རྒྱལ་གྱིས་དེ་སྐད་བཤད། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་སྐུའི་དཀྱིལ་འཁོར་མངོན་དུ་ཕྱུང་བ་ཞེས་བྱ་བ། ལེའུ་སྐུའི་དཀྱིལ་འཁོར་ཟབ་ཏུ་ནི་རྒྱུད་ཀྱི་རྒྱལ་པོ་ཕྱི་མ་ལས་བཤད་དེ། བོད་ལ་མ་

འགྱུར་ཞེས་འབྱུང་ངོ་། །རང་བཞིན་སྐུའི་དཀྱིལ་འཁོར་དུ་བསྡུ་བའི་ལེའུ་སྟེ་བདུན་ཅུ་གཉིས་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་ཏིང་ངེ་འཛིན་གྱི་རིམ་པར་སྦྱོར་ཞིང་དངོས་གྲུབ་མྱུར་དུ་ལེན་པའི་ཐབས་དྲ་བ་ལས་

འདི་སྐད་ཅེས་གསུངས་སོ། །དཀྱིལ་འཁོར་བསམ་ཡས་དངོས་གྲུབ་ནི། །མི་དམིགས་དབྱིངས་ནས་དོན་འབྱིན་ཏེ། །མ་བཅོས་ཇི་བཞིན་ངང་བཞག་དང་། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང་། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །ཏིང་ངེ་འཛིན་གྱིས་

དབང་བསྒྱུར་ན། །ཡེ་ཤེས་སྤྲུལ་པ་སྣ་ཚོགས་འགྲུབ། །སྤྱོད་ཡུལ་ཐམས་ཅད་མཎྜ་ལ། །ཡེ་ཤེས་དཀྱིལ་འཁོར་ཐར་བྱེད་སྐྱོང་། །ལོངས་སྤྱོད་སྐུ་དང་སངས་རྒྱས་ཞིང་། །ཇི་ལྟར་འདོད་པ་སྨོན་པས་འགྲུབ། །ཡངས་ཤིང་རྒྱ་ཆེ་ལྷུན་གྲུབ་ནི། །ཕྱི་ནང་སྣོད་བཅུད་ཡེ་

ནས་དག །དག་རྟོགས་ཉིད་ཀྱང་དབྱིངས་ཉིད་ཡིན། །དེ་ནས་རྡོ་རྗེ་མཉམ་ཡིན་ནོ། །དངོས་གྲུབ་མྱུར་དུ་འགྲུབ་འདོད་ན། །ཤིན་ཏུ་ཕྲ་ཞིང་ཟབ་པར་བསྒོམ། །བདག་དང་བདག་གི་གཞན་རྣམས་ནི། །ཤིན་ཏུ་མི་དམིགས་དབྱིངས་སུ་བསྒོམ། །ཏིང་འཛིན་དེ་ནི་གོམས་པ་

དང་། །ཐམས་ཅད་སྒྱུ་མ་མིག་ཡོར་དང་། །སྤྲུལ་པའི་ཚུལ་དེ་ཤེས་པར་བྱ། །དེ་བཞིན་ཡང་ནས་ཡང་གོམས་ནས། །དེ་ནས་ཕྲ་མོའི་ཏིང་འཛིན་བསྒོམ། །ཕྱི་ནང་སྣོད་བཅུད་ཧཱུྃ་དུ་བསྡུ། །གང་བསྒྲུབ་ཡི་གེ་སོ་སོ་སྟེ། །སྤྱིར་ནི་གང་བསྒོམ་ཀུན་དུ་འདྲ། །རྡོ་རྗེ་སེམས་

དཔའ་ཉིད་དུ་འདུ། །ཡན་ལག་ལྔ་དང་རྣམ་ཤེས་ཉིད། །ཡི་གེ་ཧཱུྃ་དུ་ཤིན་ཏུ་བསྡུ། །ནྲྀ་ཡི་མིག་གིས་བལྟར་ཡོད་པར། །ཡང་ནས་ཡང་དུ་འདྲིས་པ་དང་། །འོད་ཟེར་མང་པོ་འཕྲོ་བར་བྱ། །ཕྱོགས་བཅུ་དུས་བཞི་གང་བ་དང་། །སླར་ཡང་ཧཱུྃ་ལ་བསྟིམ་པར་བྱ། །ཧཱུྃ་ཉིད་མི་

Vol. 98 · folio 276b

དམིགས་དབྱིངས་སུ་ཐིམ། །ཐིམ་འགྱུར་དབྱིངས་ནས་ཨ་དཀར་འབར། །ཤིན་ཏུ་འཚེར་བར་གསལ་བསྒོམས་ལ། །ཐམས་ཅད་ཨ་རུ་གྱུར་པར་བསྒོམ། །དེ་བཞིན་ཉིད་དུ་འདྲིས་འགྱུར་ནས། །ཨ་ལས་ཉི་མའི་དཀྱིལ་འཁོར་སྤྲོ། །ཨེ་མ་གསལ་བར་འབྱོར་འགྱུར་

ནས། །ཉི་ཟླ་གང་བའི་ཉི་ཟླར་བསྒོམ། །ཧྲཱི་གསལ་པདྨ་ཆགས་མེད་བསྒོམ། །རིན་ཆེན་འབར་བའི་གཞལ་ཡས་བསྒོམ། །ཉི་ཟླ་གདན་དང་གཞལ་ཡས་ཁང་། །ཐམས་ཅད་བསྡུ་ཞིང་ཕྲ་བར་བསྒོམ། །དེ་བཞིན་ཡི་གེ་ཧཱུྃ་གནས་པས། །མཐིང་ག་འཚེར་ལ་གནས་པ་

ཡི། །འོད་ཟེར་འཕྲོ་བ་རྣམ་པར་བསྒོམ། །འོད་འཕྲོ་དབྱིངས་སུ་སླར་བསྡུས་ནས། །ཤིན་ཏུ་རྡོ་རྗེ་འོད་ཟེར་འཕྲོ་བར་བསྒོམ། །རྡོ་རྗེ་འོད་འཕྲོ་གསལ་འབར་ནས། །དབྱིངས་སུ་ཡང་ནི་བསྟིམ་པར་བྱ། །དེ་ཉིད་སེམས་དཔའི་སྐུར་གྱུར་ནས། །ཤིན་ཏུ་ཕྲ་ཞིང་འདུས་པར་

བསྒོམ། །དེ་བཞིན་གཉིས་མེད་གསལ་འགྱུར་ནས། །སྐུ་གཅིག་རྡོ་རྗེ་དྲིལ་བུར་བསྒོམ། །དེ་བཞིན་ཉིད་དུ་གྱུར་པ་དང་། །དབུ་གསུམ་ཕྱག་དྲུག་ཉིད་དུ་བསྒོམ། །གཞན་ཡང་ཁྲོ་འདུལ་སྣ་ཚོགས་བསྒོམ། །བློ་ཡི་ཤེས་རབ་ཆེ་ཆུང་ལས། །རིམ་པ་བཞིན་དུ་བསྒོམ་པར་བྱ། །

ཡང་ན་ཅིག་ཅར་བསྒོམ་པར་བྱ། །ཉི་ཟླ་གཟའ་སྐར་དུས་གཅིག་ཏུ། །ཆུ་དཀྱིལ་དངས་པར་གསལ་བ་བཞིན། །དེ་ལྟར་གོམས་རྟོགས་རིགས་མཆོག་དེས། །ཇི་ལྟར་དབང་བསྒྱུར་བཞིན་དུ་འགྲུབ། །མཁའ་ལ་འཕྱོ་ངང་རིག་འཛིན་གནས། །ཆུ་རྒྱུན་བཟློག་དང་རླུང་

མི་འགུལ། །རི་བྲགས་ལ་སོགས་ཐོགས་མེད་འཛུལ། །ཆུ་ལ་མི་འབྱིང་མེས་མི་འཚིག །དུག་དང་མཚོན་གྱིས་འཇིགས་མི་འགྱུར། །མི་སྣང་བ་དང་མང་པོར་སྤྲུལ། །གཞན་ཡང་ཇི་ལྟར་འདོད་པ་བཞིན། །ལྷ་སྲིན་རྣམས་ལ་དབང་སྒྱུར་ཞིང་། །ཚེ་དང་དུས་ལ་བསྲིང་

བསྟུང་དང་། །སྟོང་གསུམ་ཡུངས་འབྲུར་བསྐྱེད་པ་དང་། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །སྦྲུལ་དང་གཅན་གཟན་གདུག་པ་རྣམས། །ཁྱི་བཞིན་ཕྱི་བཞིན་འབྲང་བར་འགྱུར། །བདུད་དང་གདུག་པ་ལ་སོགས་པས། །ཚུགས་པར་མི་འགྱུར་བྲན་བཞིན་འགྱུར། །ལུས་

Vol. 98 · folio 277a

མ་སྤངས་པར་རིག་འཛིན་ས། །ཡེ་ཤེས་བསོད་ནམས་ལོངས་སྤྱོད་ཀྱིས། །ཡི་གེ་འཁོར་ལོ་ཚོགས་མཆོག་བརྙེས། །ཐུགས་རྗེ་སྤྲུལ་པའི་བྱིན་བརླབས་ཀྱིས། །སོ་སོར་ཐར་པའི་ལམ་ཡང་སྟོན། །འགྲོ་བ་མ་ལུས་དོན་ཡང་བྱེད། །ལས་

རྣམས་ཐམས་ཅད་ཀུན་བྱས་ནས། །སྐྱེ་འཆི་མེད་པའི་གཡུང་དྲུང་ཐོབ། །མཚན་དང་དཔེ་བྱད་ཀུན་གྱིས་བརྒྱན། །བསོད་ནམས་ཡེ་ཤེས་ཚོགས་ཆེན་ལྡན། །མཐར་ཕྱིན་བྱ་བ་མེད་པ་འགྲུབ། །བསྒྲུབ་མེད་སྤངས་མེད་ཆོས་ཀྱི་དབྱིངས། །འགྲོ་མེད་འོང་མེད་དེ་བཞིན་

ཉིད། །དེ་ལྟར་བསྒྲུབས་ཏེ་བསྒོམས་བྱས་ན། །འབྲས་བུ་མངོན་དུ་མ་གྱུར་ཀྱང་། །ཚེ་རབས་སྐྱེ་བ་ཐམས་ཅད་དུ། །ལས་ངན་ཀུན་དུ་སྐྱེ་མི་འགྱུར། །ཐེག་པ་དམན་པར་ཡོང་མི་འགྱུར། །རྡོ་རྗེ་རིགས་མཆོག་འཛིན་པར་འགྱུར། །ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །རྒྱུད་

ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་ཤིན་ཏུ་གསང་བར་བྱ་བརྒྱུད་དངོས་གྲུབ་ཐོབ་པར་བྱ་བའི་ལེའུ་སྟེ་བདུན་ཅུ་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ཧོམ་རྣམས་ཀྱི་ཕྲིན་ལས་འདི་གསུངས་སོ། །དང་པོར་

དེ་བཞིན་ཉིད་དུ་གསལ་ཞིང་འདྲིས་པར་བསྒོམ། །དེ་ནས་བདག་གི་སྙིང་གར་ཨ་གསལ་ཞིང་འཚེར་བ་གཅིག་བསྒོམ་མོ། །ཨ་དེ་ཤིན་ཏུ་གསལ་བར་གྱུར་པ་དང་། ཕྱོགས་བཅུར་འོད་དུ་འཕྲོས་པར་བསྒོམ། འོད་དེ་སླར་ཨ་ལ་བསྡུ་ཞིང་བསྟིམ། མ་དང་ཨ་ལས་ཉི་

མ་དང་ཟླ་བའི་དཀྱིལ་འཁོར་བསྟིམ་ཞིང་འཚེར་ལ་གསལ་བར་བསྒོམ། ཧྲཱི་ལས་པདྨའི་དཀྱིལ་འཁོར་གསལ་བར་བསྒོམ། ཧཱུྃ་ཤིན་ཏུ་འོད་འབར་བར་བསྒོམ། སྙིང་གི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའ་མཚོན་གང་བ་གཅིག་ཕྱག་རྒྱ་དང་བཅས་པར་བསྒོམ། བཞི་བཅུ་རྩ་

གཉིས་ཀྱི་སྔགས་དང་། ཡིག་འབྲུ་དང་། ཕྱག་རྒྱ་ཡང་གསལ་བར་བཟླས། འབྲུ་གསུམ་དང་འབྲུ་ལྔ་ཡང་བཟླས། འདུག་འབྲུ་བཞིས་མཚམས་གཅད། རྟག་ཏུ་ཧོམ་བྱ། ཚོགས་དང་མཆོད་པ་ཡང་བྱ། མང་པོ་མི་ནུས་པའི་དོན་དུ་ཧོམ་གང་བགྱི་ཡང་རུང་།

Vol. 98 · folio 277b

དཀྱིལ་འཁོར་གྱི་དབུས་ཀྱི་གཙོ་བོར་སྤྱི་ནི་རྡོ་རྗེ་སེམས་དཔའ། དྲག་པོ་ཡང་རྡོ་རྗེ། དབང་པདྨ་ཧེ་རུ་ཀ། རྒྱས་པ་རཏྣ་ཧེ་རུ་ཀ། ཞི་བ་བུདྡྷ་ཧེ་རུ་ཀ། སྤྱན་དྲང་བ་ནི་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎཱི་ཀ་ཞེས་ཧོམ་གང་བྱེད་པའི་ལྷ་གཙོ་བོ་ནས་སྤྱན་དྲང་། མཆོད་པ་དང་ཨརྒྷ་དབུལ་བ་ནི་

དྲག་པོའི་མགོར་ནི། སྔགས་རིལ་ཧཱུྃ། ཞི་བ་ལ་མགོར་རིལ་ཨྃ། བར་མ་རྣམས་ལ་ཡང་དེ་བཞིན་སྦྱར། །སྤྱན་དྲང་བ་ནི་གང་མཛད་པའི་གཙོ་བོ་ནས་ཞི་ལ་ཤཱནྟིཾ་བསྣན། སྤྱི་ནི་ལ་སོ་སོ་རང་སྔགས་རྫོགས། དྲག་པོ་ལྷོ། དབང་ནུབ། རྒྱས་པ་བྱང་། ཞི་བ་ཤར། སྤྱི་

གང་ཡང་རུང་གྲུ་གསུམ་དང་ཐོད་པ་ཁ་གདངས་སོ། །ཟླ་གམ་དང་། པདྨ་དང་། ཆགས་མེད་དེ། ཕྱག་རྒྱ་རྣམ་པ་བདུན་ལ་ཕྱག་རྒྱ་ཆེན་པོ་དང་། ཆོས་ཉིད་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་། ཐབས་དང་། ཤེས་རབ་ཀྱི་ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་། ལྷག་པའི་

ཏིང་ངེ་འཛིན་གྱི་ཕྱག་རྒྱའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་ཧོམ་རྣམ་བཞིའི་ལེའུ་སྟེ་བདུན་ཅུ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས། རྨད་དུ་བྱུང་བའི་དམ་ཚིག་བཅོ་ལྔ་མདོ་འདི་ལྟར་ཡང་

བཤད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །ཐམས་ཅད་མཉམ་པའི་ངང་ཉིད་དུ། །དབྱིངས་སུ་རོ་གཅིག་དེ་བསྡུས་ཏེ། །དོན་དུ་མི་འགྱུར་ཡོང་མ་གསུངས། །ཡོན་ཏན་མཆོག་གི་འདོད་པ་ནི། །སྣང་སྲིད་མ་ལུས་ཐམས་ཅད་ཀུན། །མཉམ་པའི་ཞིང་དུ་སྦྱོར་

བས་ན། །ཆགས་པ་མེད་པའི་ཚུལ་དུ་སྤྱོད། །འདི་ནི་རྣམ་དག་ལེགས་པའི་ལམ། །བྱང་ཆུབ་མཆོག་ཏུ་འགྲོ་བའི་གནས། །བདེ་ཆེན་མི་ཟད་གཏེར་དུ་འགྱུར། །ཅིས་ཀྱང་མི་ཚུགས་རྡོ་རྗེའི་སྐུ། །ཉོན་མོངས་སྡུག་བསྔལ་འདོད་ཆགས་ནི། །ལུས་དང་ཟས་ཀྱིས་

བསྒྲིབས་འགྱུར་ཏེ། །ཡི་དགས་གནས་ནས་གནས་སུ་འགྲོ། །སྐོམ་དང་བཀྲེས་པས་ཉོན་མོངས་འགྱུར། །རྣག་ཁྲག་ངན་སྐྱུགས་རྟག་ཏུ་མཐོང་། །བདེ་ལ་སྤྱོད་པའི་དབང་ཡང་མེད། །རྩུབ་ཅིང་གདུག་པས་བསྲུང་བར་འགྱུར། །ཐུགས་རྗེ་ཆེན་པོའི་ཞེ་སྡང་

Vol. 98 · folio 278a

ནི། །འཁོར་བའི་མྱ་ངན་སྒོ་བཅད་ཅིང་། །བདེར་གཤེགས་ལམ་དུ་འཛུད་པར་བྱེད། །ཡང་དག་དོན་དང་ལྡན་པར་འགྱུར། །ཐུགས་རྗེ་ཚུལ་གྱིས་ཁྲོ་སྟོན་ཞིང་། །ཤིན་ཏུ་མཉམ་པའི་ངང་དུ་འཇོག །རྡོ་རྗེ་སེམས་དཔའི་ཞི་བ་ཡིས། །ཡང་དག་

མཆོག་གི་བདེ་བ་འགྲུབ། །ཡེ་ཤེས་གསལ་བའི་བདེ་བ་ནི། །བདག་དང་བདག་གི་དབྱེར་མེད་དེ། །རང་བཞིན་མེད་པའི་དབྱིངས་སུ་རོལ། །ཐམས་ཅད་བརྗོད་དུ་མེད་པའི་ངང་། །ཀུན་དུ་ཁྱབ་པའི་སྐུ་མངའ་བ། །ཤིན་ཏུ་འོད་གསལ་རྣམ་དག་ལམ། །བྱང་ཆུབ་སེམས་

དཔའི་སྒྲིབ་པ་སྦྱོང་། །སེམས་ཅན་ཉོན་མོངས་དུག་སེལ་འགྱུར། །ཐམས་ཅད་ཞིང་སྦྱོང་ང་རྒྱལ་ནི། །ཡོན་ཏན་བསྐྱེད་པའི་མཛོད་ཡིན་ཏེ། །ང་མེད་བདག་མེད་མི་དམིགས་ལ། །སུ་ཞིག་དེ་ལ་ང་རྒྱལ་སྐྱེད། །དཔུང་བཞིའི་ཚོགས་ཀྱིས་མི་ཐུབ་པའི། །ཤིན་ཏུ་རྒྱལ་

བའི་ཁྱུ་མཆོག་འགྲུབ། །ལྷ་སྲིན་བདུད་སྡེ་ཚར་བཅད་པའི། །དཔའ་བར་འགྲོ་བའི་ཏིང་འཛིན་ཐོབ། །ཕྲག་དོག་ཡངས་པའི་དོན་སྦྱོར་བ། །ང་དང་བདག་མེད་དོན་རྟོགས་ན། །དོག་དང་ཡངས་པ་གཉིས་མེད་དེ། །བདེ་མཆོག་དཀྱིལ་འཁོར་ཡངས་པ་འགྲུབ། །ཕྲག་དོག་

དངོས་པོ་མི་ཤེས་ཤིང་། །ང་དང་བདག་ཏུ་འཛིན་འགྱུར་ན། །ལྷ་མ་ཡིན་གྱི་གནས་སུ་སྐྱེ། །དེ་ནས་ཡི་དགས་གནས་སུ་འགྲོ། །གལ་ཏེ་ཡུལ་ས་རྙེད་གྱུར་ན། །ཤིན་ཏུ་མི་བདེ་དོག་པར་འགྱུར། །གཞན་ཡང་ལོངས་སྤྱོད་ཐམས་ཅད་ལ། །དབང་བྱར་མེད་ཅིང་གཞན་

དབང་འགྱུར། །མདོར་ན་ཉོན་མོངས་སྡུག་བསྔལ་འགྲུབ། །ཕྲག་དོག་ཡང་དག་རྟོགས་པ་ནི། །ང་དང་བདག་ཏུ་འཛིན་པ་དང་། །ཕྱིན་ཅི་ལོག་ལ་ཕྲག་དོག་སྟེ། །ཐམས་ཅད་གཉིས་སུ་མེད་པར་སྦྱོར། །བདེ་བ་མཆོག་ཀྱང་འགྲུབ་པར་འགྱུར། །གཉིས་མེད་དོན་ཡང་རྟོགས་

པར་འགྲུབ། །ང་མེད་བདག་མེད་དབྱིངས་སུ་ཐིམ། །ལྷུན་གྲུབ་དོན་མཆོག་འགྲུབ་པར་འགྱུར། །ཡིད་ལ་ལྷ་ནི་རྟག་བསྒོམས་ན། །རྒྱུ་འབྲས་ལྷུན་གྱིས་གྲུབ་པ་ཡི། །བདག་གིས་ཀུན་དུ་དབང་བསྒྱུར་ཏེ། །རིག་འཛིན་གནས་སུ་སྐྱེ་བར་འགྱུར། །རྡོ་རྗེའི་རིགས་ཀྱིས་

Vol. 98 · folio 278b

བསྒྲུབ་བྱ་བ། །སྒྲོལ་དང་སྦྱོར་བས་མཐར་ཕྱིན་འགྱུར། །སྦྱོར་བ་ཉིད་ནི་སྒྲོལ་བ་ཡིན། །རང་བཞིན་གྱིས་ནི་སྦྱོར་སྒྲོལ་དང་། །སྒྲོལ་བ་ཉིད་ན་སྦྱོར་བ་ཡིན། །ཏིང་ངེ་འཛིན་གྱིས་སྦྱོར་སྒྲོལ་དང་། །དབང་པོའི་ཡུལ་དུས་སྦྱོར་སྒྲོལ་དང་། །ཐབས་ཆེན་དག་གི་སྦྱོར་སྒྲོལ་དང་། །མངོན་

དུ་ཕྱུང་བའི་སྦྱོར་སྒྲོལ་ལོ། །ཡང་ན་སྦྱོར་སྒྲོལ་བདག་ལ་སོགས། །ཤེས་རབ་དབྱིངས་དང་བདག་ཏུ་སྦྱོར། །ཐབས་ཆེན་སྤྲུལ་པ་བསམ་མི་ཁྱབ། །དབྱིངས་དང་དབྱིངས་སུ་ཐམས་ཅད་སྒྲོལ། །རོལ་པའི་ཕྲིན་ལས་བསམ་མི་ཁྱབ། །ཐུགས་རྗེ་སྤྲུལ་པ་བསམ་མི་ཁྱབ། །སྦྱོར་སྒྲོལ་

ཕྲིན་ལས་བདག་ལ་རྫོགས། །བྱང་ཆུབ་སེམས་སྤྲུལ་ཕྱོགས་བཅུར་འཕྲོ། །ངན་སོང་གནས་རྣམས་སྟོངས་པར་བྱེད། །རིག་འཛིན་བདེ་ལྡན་ཐོབ་པར་བྱེད། །བླ་མེད་ཞིང་རྣམས་དག་པར་བྱེད། །སྐུ་གསུང་ལྷུན་གྲུབ་ཕྱོགས་བཅུར་འདུལ། །རྡོ་རྗེ་ཞེས་ནི་མཚན་བསྒྲགས་ཏེ། །

ཐེག་དམན་རྣམས་ཀྱང་རྡོ་རྗེར་དགོད། །ཟད་མི་ཤེས་པའི་གཏེར་ཡང་འགྲུབ། །རྡོ་རྗེ་རིག་པ་འཛིན་པའི་སྐུ། །ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག །ཐུགས་རྗེ་སྤྲུལ་པ་དཔག་མེད་ཀྱིས། །འགྲོ་དྲུག་དུས་གནས་མ་ལུས་མཁྱེན། །

འགྲོ་བ་ཉིད་ན་ཉིད་ཀྱི་སྐུ། །ཉོན་མོངས་བྱང་ཆུབ་ལམ་དུ་མཁྱེན། །འཁོར་བ་ཉིད་ནི་བདེ་གནས་སོ། །ཆོས་ཀྱི་དབྱིངས་དང་སེམས་ཅན་མཐའ། །དབྱེར་མེད་ཡང་དག་ཉིད་དུའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་རྨད་དུ་བྱུང་བའི་དམ་ཚིག་བཅོ་ལྔ་འདི་ལྟར་ཡང་

བཤད་པའི་ལེའུ་སྟེ་བདུན་ཅུ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ། སྒྱུ་འཕྲུལ་དྲ་བ་ལས་དམ་ཚིག་རྣམ་པར་སྤྲོས་པ་འདི་ཉིད་ལ་ཉིད་ཆེད་དུ་བརྗོད་པ་འདི་བརྗོད་དོ། །སྤྲོས་པ་རྡོ་རྗེ་ཞེས་བྱ་བའི་དམ་ཚིག་ནི། ཞེ་སྡང་རྡོ་རྗེའི་ཐུགས་རྗེའི་

ངང་། །དམྱལ་བའི་གནས་རྣམས་ཚར་གཅོད་པའི། །བརྒྱད་གཉིས་བཅུ་དྲུག་ཞིང་དུ་སྦྱོར། །ཚ་བ་རྣམས་ལ་བསིལ་བའི་སྨན། །གྲང་བ་རྣམས་ལ་དྲོ་བའི་སྨན། །བསིལ་དྲོ་འཇམ་རྩུབ་ཆ་སྙོམས་པ། །ཐུགས་རྗེའི་བྱིན་རླབས་དེ་ལྟར་སྟོན། །བྱིན་རླབས་ཡ་

Vol. 98 · folio 279a

མཚན་རྨད་པོ་ཆེ། །ཆགས་པའི་ཡེ་ཤེས་ཞེས་བྱ་བའི་དམ་ཚིག་ནི། ཆགས་པ་མེད་པའི་ཚུལ་གྱིས་ནི། །འདོད་པ་ཀུན་ལ་ལོངས་སྤྱོད་བྱ། །ཇི་ལྟར་བདེ་བའི་རོ་མྱོང་ཞིང་། །མྱོང་ཚོར་ཉིད་ན་རང་བཞིན་མེད། །ཆགས་པ་མེད་པའི་ཡེ་ཤེས་ཀྱིས། །ཡི་དགས་

གནས་རྣམས་ཚར་གཅོད་ཅིང་། །ལུས་དང་ཟས་ཀྱིས་བསྒྲིབས་པ་ཡི། །ཉོན་མོངས་གཉི་ག་མེད་པར་སྟོན། །གཏི་མུག་ཅེས་བྱ་བའི་དམ་ཚིག་ནི། ང་དང་བདག་མེད་གཉིས་མེད་པའི། །ཤེས་རབ་ཆེན་པོའི་འོད་གསལ་གྱིས། །དྲན་སྨྲ་མེད་པའི་སྡུག་བསྔལ་བསལ། །རྨོངས་

མེད་སྒྲིབ་པ་དག་པར་བྱས། །ཡེ་ཤེས་གསལ་བའི་ཐུགས་རྗེ་ཡིས། །བྱ་བྱེད་མེད་པར་ཉོན་མོངས་སྒྲོལ། །བྱོལ་སོང་གནས་ནི་སྟོངས་བྱེད་ཅིང་། །ཐུགས་རྗེའི་སྒྲོན་མ་དེ་ལྟར་སྒྲོན། །ཕྲག་དོག་ཅེས་བྱ་བའི་དམ་ཚིག་ནི། ཡངས་པ་ཆེན་པོའི་ཡེ་ཤེས་ཀྱིས། །ང་དང་བདག་འཛིན་

རྣམས་ལ་ནི། །ཐུགས་རྗེས་གཉིས་མེད་མཉམ་སྦྱོར་ཞིང་། །དོག་དང་ཡངས་པ་གཉི་ག་མེད། །རྒྱ་ཆེན་ཡངས་པའི་བློ་ལྡན་པས། །འདི་ལ་མི་ཆུད་གང་ཡང་མེད། །ཐམས་ཅད་ཡངས་པ་ཉིད་དུ་སྦྱོར། །ལྷ་མ་ཡིན་རྣམས་སྟོངས་པར་བྱེད། །ང་རྒྱལ་བདེ་མཆོག་ཅེས་བྱ་བའི་

དམ་ཚིག་ནི། ཡེ་ནས་ཆོས་ཉིད་མཉམ་པ་ལ། །ང་དང་ཁྱོད་ཅེས་བྱ་བ་མེད། །ཐམས་ཅད་དབྱིངས་སུ་རོ་གཅིག་སྟེ། །གཉིས་མེད་མཚན་ཉིད་བསྣན་དུ་མེད། །ཆེ་ཆུང་མེད་པའི་ངང་ཡིན་པས། །བྱ་བ་དག་ནི་མེད་པར་བསྟན། །ང་རྒྱལ་བདག་མེད་རྟོགས་པ་ཡིས། །དྲེགས་

པའི་གནས་རྣམས་སྟོངས་པར་བྱེད། །རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདི་ན་ཅི་ཡོད་པ། །མིང་དང་ཐ་སྙད་འཛིན་པ་དག །སོ་སོའི་མཚན་ཉིད་གཞིག་བྱས་ན། །རང་བཞིན་མེད་དེ་ཡང་དག་ཉིད། །རང་བྱུང་ཆེན་པོའི་ཡེ་ཤེས་ཀྱིས། །

ཐམས་ཅད་སངས་རྒྱས་ཞིང་དུ་སྦྱོར། །མ་བཅོས་མ་བྱས་ངང་གིས་གསལ། །ཡེ་ནས་འོད་གསལ་སངས་རྒྱས་ཞིང་། །ཉིད་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དམ་ཚིག་ནི། རང་བཞིན་ཉིད་ལ་གནས་པ་ཡི། །སུས་ཀྱང་མ་བྱས་རང་བྱུང་སྟེ། །ཐམས་ཅད་དེ་བཞིན་ཉིད་དུ་

Vol. 98 · folio 279b

སྦྱོར། །གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ། །རང་བྱུང་ཡེ་ཤེས་དཀྱིལ་འཁོར་གྱིས། །མ་ལུས་དེ་བཞིན་ཉིད་དུ་སྡུད། །སྡུད་དང་མི་སྡུད་གཉི་ག་མེད། །ཡང་དག་ཁོ་ན་ཉིད་དུའོ། །བདེ་བའི་ངང་ཉིད་ཅེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མ་ལུས་རྣམ་པར་དག །ཉིད་ཀྱི་དབྱིངས་

ལས་མི་གཞན་ཕྱིར། །བདེ་དང་མི་བདེ་གཉིས་ཀ་མེད། །ཐམས་ཅད་དབྱིངས་སུ་རོ་གཅིག་སྟེ། །ཇི་བཞིན་ཉིད་ཀྱི་ངང་བཙན་པར། །ཡང་དག་ཉིད་ཀྱིས་དེ་སྐད་གསུངས། །བཤད་དང་ཉན་པའང་གཉི་ག་མེད། །དེ་བཞིན་ཉིད་དུ་གཉི་ག་འདུ། །དུས་བཞི་རྒྱལ་མཆོག་ཅེས་བྱ་བའི་

དམ་ཚིག་ནི། གོང་ན་མེད་པའི་ཡེ་ཤེས་མཆོག །ཐམས་ཅད་ཀུན་ལ་དབང་བསྒྱུར་ཏེ། །ཐམས་ཅད་མཉམ་པ་ཉིད་དུ་སྦྱོར། །འདས་དང་མ་འདས་ཐམས་ཅད་དང་། །འབྱུང་དང་འབྱུང་བར་མ་ངེས་པའི། །ཡེ་ཤེས་རྟོགས་པའི་ཁྱད་པར་གྱིས། །དུས་བཞི་སྔ་ཕྱི་མེད་པ་ཡི། །

མཉམ་པ་ཉིད་དུ་ལྷན་ནེར་སྦྱོར། །ལྷུན་གྲུབ་ཅེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཐམས་ཅད་དབྱེར་མེད་བྱང་ཆུབ་སྟེ། །ཡེ་ནས་རྣམ་པར་དག་པའི་ཆོས། །མ་བཅོས་ལྷུན་གྱིས་གྲུབ་པ་ཡི། །བྱང་ཆུབ་ལམ་ཆེན་འདི་ཡིན་ཏེ། །ཐམས་ཅད་

དབྱེར་མེད་ཉིད་དུ་འདུས། །བྱང་ཆུབ་དོན་སྒྲུབ་ཡེ་ནས་རྫོགས། །མཉམ་པའི་ཞིང་དུ་ཐམས་ཅད་ཐིམ། །རྡོ་རྗེ་སྐྱེ་གནས་ཞེས་བྱ་བའི་དམ་ཚིག་ནི། ཐེག་པ་ཆེ་མཆོག་རིགས་སུ་ངེས། །རིགས་ཏེ་བྱང་ཆུབ་བསྟན་པས་གཟུང་། །ཐམས་ཅད་མཉམ་པའི་དབྱིངས་ཤེས་ན། །

རིགས་མཆོག་ཀུན་གྱི་སྐྱེ་གནས་ཡིན། །སྐྱེས་པ་ཉིད་ན་སྐྱེས་པ་མེད། །ལས་དང་ལས་ཀྱི་བག་ཆགས་མེད། །ཅིས་ཀྱང་མ་གོས་ཐམས་ཅད་འཇོམས། །སྐྱེ་ཤི་མེད་པའི་ས་ཡང་ཡིན། །བྱང་ཆུབ་ཀྱི་ཞིང་བཀོད་པའི་དམ་ཚིག་ཅེས་བྱ་བ་ནི། ཕྱོགས་བཅུ་མཐའ་ཡས་མུ་

མེད་པའི། །སྣང་གྲགས་བསམ་གྱིས་མི་ཁྱབ་པའི། །ཕྱི་དང་ནང་གི་གནས་པ་དག །དེ་བཞིན་ཉིད་ཀྱི་དབྱིངས་སུ་ཐིམ། །མདོར་ན་ཞིང་ཁམས་མ་ལུས་པར། །ཡོན་ཏན་རིན་ཆེན་བཀོད་པ་ཡི། །ཡེ་ཤེས་རྒྱན་གྱིས་སྤྲོས་པ་རྣམས། །ཞིང་དེ་ཡོན་ཏན་བསམ་མི་ཁྱབ། །

Vol. 98 · folio 280a

ཡེ་ཤེས་བཞུགས་གནས་ཞེས་བྱ་བའི་དམ་ཚིག་ནི། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །གསང་སྔགས་ཆེན་པོ་གྲུབ་འདོད་པས། །གཟུང་འཛིན་བྲལ་བའི་ཡེ་ཤེས་ཐོབ། །ཆོས་ཀྱི་དབྱིངས་དང་སེམས་

ཅན་ནི། །གཉིས་མེད་དེ་བཞིན་ཉིད་དུ་གཅིག །དེ་ལྟར་རྟོགས་པའི་སྐྱེས་བུ་ནི། །རྡོ་རྗེ་བཞུགས་གནས་ཡིན་པར་བཤད། །མི་འཇིགས་པའི་རྒྱལ་མཆོག་ཅེས་བྱ་བའི་དམ་ཚིག་ནི། །རྣམ་པར་བྱང་དང་ཉོན་མོངས་གཉིས། །སོ་སོ་ཡོད་པ་མ་ཡིན་ཏེ། །ཉོན་མོངས་

གཉེན་པོས་བཅོས་སུ་མེད། །ཐམས་ཅད་དབྱིངས་སུ་རོ་གཅིག་པས། །དེ་ལ་འཇིགས་པའི་གཉེན་པོ་མེད། །ཅིས་ཀྱང་མི་ཚུགས་གོང་ན་མེད། །མཆོག་ཏུ་བདེ་བའི་ཞིང་ཡང་ཡིན། །ང་མེད་བདག་མེད་རྒྱལ་བའི་མཆོག །གཞལ་ཡས་ཁང་བརྟན་ཞེས་བྱ་བའི་

དམ་ཚིག་ནི། ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བ་ནི། །དོག་ཡངས་ཚད་ཀྱང་དཔག་ཏུ་མེད། །སངས་རྒྱས་སྤྱི་གཙུག་ལྟ་བུའི་མཚན། །ཡེ་ཤེས་རྒྱུ་ལས་གྲུབ་པའོ། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ཟག་པ་ཟད་ལས་གྲུབ་པ་

ཡི། །ནམས་ཀྱང་འཇིགས་མེད་ཆོས་ཀྱི་དབྱིངས། །སྣ་ཚོགས་ཀུན་སྦྱོར་ཞེས་བྱ་བའི་དམ་ཚིག་ནི། གདོལ་པ་ཅན་གྱི་ཆོས་མིན་པས། །ཅི་ལྟར་བསམས་པ་བཞིན་དུ་འགྲུབ། །རིག་པ་རང་དབང་གྱུར་པས་ན། །སྟོང་པར་བྱ་འམ་མི་སྟོང་བྱ། །ཐམས་ཅད་དབྱེར་མེད་ངང་

ཡིན་པས། །ཁ་དོག་དབྱིབས་དང་རིན་པོ་ཆེ། །ཐམས་ཅད་ཁྱབ་པར་ཡུངས་འབྲུའི་ཚུལ། །བསམ་ཡས་མཐའ་དབུས་མེད་པའོ། །འདྲེན་བྱེད་གནས་སྟོབས་ཞེས་བྱ་བའི་དམ་ཚིག་ནི། མ་རིག་ལོག་རྟོག་བསམ་ཡས་ཀྱིས། །འཇིག་རྟེན་ཁམས་རྣམས་བསམ་ཡས་

པ། །འཁོར་བའི་རྒྱུ་དང་འབྲས་བུ་གཉིས། །གཞི་རྩ་མེད་པའི་སྐད་ཅིག་མ། །ཡང་དག་བྱང་ཆུབ་སེམས་རིག་ན། །མ་རིག་རྒྱུ་འབྲས་རྣམ་པར་དག །ཉོན་མོངས་པ་ཉིད་བྱང་ཆུབ་སྟེ། །ཐམས་ཅད་མ་ལུས་བདེ་གནས་སོ། །ལམ་ལྔ་སྟོན་བྱེད་ཅེས་བྱ་བའི་དམ་

Vol. 98 · folio 280b

ཚིག་ནི། ཏིང་འཛིན་རྣམ་གསུམ་བསྒོམ་བྱས་ཏེ། །ཉོན་མོངས་ལམ་ལྔའི་སྒོ་བཀག་ནས། །ལམ་ལྔར་སྣང་བ་རྣམ་རྟོག་ཡིན། །རྟོག་དང་མི་རྟོག་གཉི་ག་མེད། །གཉིས་མེད་དེ་ནི་ཡང་དག་ལམ། །ཐབས་དང་ཤེས་རབ་ངང་ཉིད་དུ། །ཤིན་ཏུ་མཉམ་བཞག་རྟོགས་

བྱ་ཞིང་། །བླ་ན་མེད་པ་སྟོན་པར་བྱ། །ཡང་དག་དོན་སྟོན་ཞེས་བྱ་བའི་དམ་ཚིག་ནི། ཐེག་པ་བསམ་ཡས་སྟོན་པ་ཡང་། །དེ་བཞིན་ཉིད་ཀྱིས་མ་བརྗོད་ཀྱང་། །སེམས་ཅན་བློ་ཡི་རིམ་པ་བཞིན། །སོ་སོར་འཚམ་པར་ཀུན་ལ་གསལ། །འདི་ནི་རྡོ་རྗེ་ཐེག་མཆོག་སྟེ། །

རྒྱ་མཚོ་ཀླུང་དུ་ཆུ་འབབ་བཞིན། །ཐམས་ཅད་ཆུ་ཡི་ངོ་བོ་ཉིད། །ཐེག་པ་ཐམས་ཅད་རྡོ་རྗེའི་ས། །རབ་ཏུ་རྟོགས་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཤེས་རབ་བློ་ཆེན་རབ་ལྡན་པས། །དོན་དུ་མི་འགྱུར་ཡོང་མ་གསུངས། །སྲིད་གསུམ་འགྲོ་བ་བསམ་ཡས་སུ། །ཐུགས་

རྗེ་སྙོམས་པ་བསམ་མི་ཁྱབ། །དོན་དང་མཐུན་པ་འབའ་ཞིག་སྟོན། །མི་མཐུན་ཞགས་པ་འཁོར་བ་གཅོད། །བདེར་གཤེགས་ཞིང་རྣམས་དག་པར་བྱེད། །ཐམས་ཅད་དབྱིངས་སུ་དག་པར་འདུས། །སྒྱུར་བྱེད་བྱང་ཆུབ་ཅེས་བྱ་བའི་དམ་ཚིག་ནི། རང་རིག་ཡེ་ཤེས་

དབང་ཐོབ་ནས། །དཀར་པོ་ཚོན་གྱིས་མདོག་སྒྱུར་བཞིན། །དུག་ཀྱང་སྨན་དུ་འགྱུར་བ་དང་། །དེ་བཞིན་བྱང་ཆུབ་དུག་གསུམ་སྟེ། །འགྲོ་ལྔ་བྱང་ཆུབ་ལམ་དུ་སྦྱོར། །ཉོན་མོངས་སྡུག་བསྔལ་ཐར་བྱེད་ལམ། །ཐར་དང་མ་ཐར་གཉིས་མེད་ན། །ཐམས་ཅད་མ་ལུས་

བྱང་ཆུབ་རྒྱུ། །མཉམ་རྫོགས་ལྷུན་གྲུབ་ཅེས་བྱ་བའི་དམ་ཚིག་ནི། ཡེ་ཤེས་སྒྱུ་མར་སྣང་བ་དང་། །ལོག་རྟོག་སྒྱུ་མར་སྣང་བ་གཉིས། །སྒྱུ་མ་ཡིན་པས་རང་བཞིན་མཉམ། །མཉམ་པ་ཉིད་ན་མི་གནས་པའི། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ། །ཡེ་ཤེས་

གཉིས་ཀྱི་དཀྱིལ་འཁོར་ལ། །ཐེག་མཆོག་རྡོ་རྗེ་མ་ལུས་རྫོགས། །དཔེ་བྱད་བཟང་པོ་དཔག་ཏུ་མེད། །ཐམས་ཅད་དབང་སྒྱུར་ཞེས་བྱ་བའི་དམ་ཚིག་ནི། ཤིན་ཏུ་རྟོགས་པའི་ཁྱད་པར་གྱིས། །སྤྱོད་ཡུལ་ཐམས་ཅད་སྨོན་ན་མཁྱེན། །དེ་བཞིན་ཉིད་དང་ཀུན་རྟོག་ལ། །གཉིས་

Vol. 98 · folio 281a

སུ་མེད་པས་དབང་བསྒྱུར་ཏེ། །མ་ལུས་ཐམས་ཅད་བདེ་ལྡན་ཞིང་། །ཐམས་ཅད་བྱང་ཆུབ་མཆོག་ཏུ་འགྱུར། །ཡེ་ནས་དངོས་པོ་མེད་པ་ལ། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །རིག་འཛིན་གནས་སྟོབས་ཞེས་བྱ་བའི་དམ་ཚིག་ནི། ཤེས་རབ་རྣམ་

གསུམ་གོམས་བྱས་ནས། །ཏིང་འཛིན་མཉམ་པའི་དོན་རྟོགས་ཏེ། །རྟག་ཏུ་ཡངས་པ་ཆེན་པོ་བསྒོམ། །རྒྱུ་འབྲས་དུས་གཅིག་རྫོགས་པ་ཡི། །རང་རིག་ཉིད་ལ་དབང་ཐོབ་སྟེ། །ཚེ་ནི་བཅུ་དང་དྲུག་པ་ཡིན། །བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་གནས། །ལུས་མ་བོར་བར་

སངས་རྒྱས་པའོ། །ཟད་མེད་གཏེར་ལྡན་ཞེས་བྱ་བའི་དམ་ཚིག་ནི། ཤེས་རབ་ཆེན་པོ་རྣམ་དག་པས། །སྤྱོད་ཡུལ་ཐམས་ཅད་དག་པར་འགྱུར། །ཤེས་དང་སྤྱོད་ཡུལ་གཉིས་སུ་མེད། །དེ་བཞིན་ཉིད་དུ་རོ་གཅིག་སྟེ། །ཐམས་ཅད་རྒྱལ་བའི་ཞིང་སྦྱོར་བས། །ཟད་མེད་

རིན་ཆེན་གཏེར་དུ་འགྱུར། །མི་ཟད་པར་ལྡན་དམ་ཚིག་མཆོག །འོག་མིན་མཐའ་དབུས་བསམ་མི་ཁྱབ། །བསྒྲུབ་མེད་མཉམ་རྫོགས་ཞེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མཉམ་པའི་དཀྱིལ་འཁོར་ལ། །རང་བྱུང་ཡེ་ཤེས་འཕྱོ་བ་ཡི། །དབྱིངས་དང་རིག་པ་གཉིས་མེད་

པའི། །དེ་བཞིན་ཉིད་དེ་རྡོ་རྗེའི་རིགས། །ཐམས་ཅད་གཉིས་སུ་མེད་པ་ལ། །བསྒྲུབ་དང་སྒྲུབ་པ་ཡོད་མ་ཡིན། །ཡེ་ནས་ལྷུན་གྱིས་གྲུབ་པ་ལ། །དེ་ལ་ལམ་གྱིས་བཅོས་སུ་མེད། །ཐམས་ཅད་བྱིན་གྱིས་རློབ་པ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་ཡེ་དག་གྱུར་པ་ཡང་། །

ཕྱིན་ཅི་ལོག་གི་བློ་ལོག་ནས། །ལོག་རྟོག་གནས་ན་ལོངས་སྤྱོད་པ། །མ་རིག་འཁྲུལ་འཁོར་བསམ་མི་ཁྱབ། །འཁྲུལ་རྟོག་ངན་པ་བཟློག་པའི་ཕྱིར། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །ཉོན་མོངས་འདྲེན་ཅིང་མཐོ་རིས་གནས། །བྱང་ཆུབ་ལམ་ཆེན་རྟོགས་པར་

སྟོན། །གསུང་མཆོག་མཐའ་ཡས་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །མིང་དང་ཚིག་ཏུ་བརྟགས་ནས་སྟོན། །ཇི་སྙེད་མང་པོའི་དོན་བརྗོད་ཀྱང་། །རྡོ་རྗེ་གསུང་ལ་སྤྲོས་པ་མེད། །སྤྲོས་མེད་དེ་ནི་སྣ་ཚོགས་པའི། །ཀུན་དུ་བརྡ་འཇལ་

Vol. 98 · folio 281b

ཡེ་ཤེས་གསུང་། །སྒྲ་དང་མིང་ཚིག་ཀུན་ལས་འདས། །ཐམས་ཅད་པདྨ་ཆགས་མེད་པའོ། །བསྒྱུར་བ་ཟད་མེད་ཅེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །སྣང་སྲིད་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་ཀྱིས་དབང་བསྒྱུར་ཏེ། །ཐམས་

ཅད་ཡེ་ཤེས་དབྱིངས་སུ་བསྟིམ། །ཟད་མེད་ཡེ་ཤེས་གཏེར་ལྡན་པས། །ཐུགས་རྗེ་བྱིན་བརླབས་བསམ་མི་ཁྱབ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །སོ་སོར་དོན་རྟོགས་རྣམ་པར་དག །ཐམས་ཅད་སྐད་འཇལ་ཞེས་བྱ་བའི་དམ་ཚིག་ནི། ཐར་པའི་དཀྱིལ་འཁོར་

འབུམ་ཕྲག་དང་། །འགྲོ་དྲུག་དུས་གནས་མ་ལུས་ལ། །གསུང་གཅིག་ཚིག་ཏུ་མ་བརྗོད་ཀྱང་། །སྔོན་གྱི་ཐུགས་རྗེ་བྱིན་བརླབས་ཀྱིས། །ཐར་དང་མ་ཐར་གཉི་ག་ལ། །སོ་སོ་ཇི་ལྟར་འདོད་པ་བཞིན། །ཆོས་ཀྱི་གསུང་མཆོག་དམ་པ་ཡིས། །ཐར་པ་བསྐུལ་ཞིང་ངན་སོང་

སྦྱོང་། །རང་རིག་དབང་སྒྱུར་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་དུས་བསམ་གྱིས་མི་ཁྱབ་པ། །དེ་ན་ཇི་སྙེད་ཡོད་པ་ཡི། །མཚན་མ་སྣ་ཚོགས་བརྟགས་པ་ཡང་། །རང་རིག་རྣམ་པར་རྟོག་པ་ཉིད། །སངས་རྒྱས་ཞིང་ཁམས་རབ་འབྱམ་ན། །དེ་བཞིན་གཤེགས་པའི་དཀྱིལ་

འཁོར་དང་། །སྤྲུལ་པ་བསམ་ཡས་འབྱུང་བ་ཡང་། །ཡེ་ཤེས་སྤྲུལ་པར་དག་པའི་ཡུལ། །ཡི་གེ་མེད་འཇལ་ཞེས་བྱ་བའི་དམ་ཚིག་ནི། ཡི་གེ་ཚིག་དང་སྒྲ་སྤངས་པའི། །བརྗོད་མེད་ངང་དུ་གནས་པ་ནི། །གསུང་ཉིད་རང་བཞིན་མེད་པ་ཡི། །ཆོས་རྣམས་ཐམས་ཅད་ཡེ་

ནས་དག །ཐམས་ཅད་ཐུགས་སུ་གྱུར་པས་ན། །སྒྲ་དང་ཚིག་ལ་གནས་པ་མིན། །ཐུགས་ལ་ཐུགས་ནི་མི་གནས་པའོ། །བདུད་སྡེ་ཚར་གཅོད་ཅེས་བྱ་བའི་དམ་ཚིག་ནི། ཉོན་མོངས་པ་ཉིད་རྣམ་པར་དག །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་

ཏེ། །སྐྱེ་ཤི་མེད་པའི་གཡུང་དྲུང་གནས། །བདུད་བཞི་བཅོམ་པའི་སྐྱེས་མཆོག་གིས། །དྲེགས་པ་ཆེན་པོ་ཐམས་ཅད་བཅོམ། །མ་རིག་ལོག་འདྲེན་འདུལ་བཅད་དེ། །ཆོས་ཀྱི་དབྱིངས་སུ་ཐམས་ཅད་ཐིམ། །སྟོང་གསུམ་ཀུན་གྲགས་ཞེས་བྱ་བའི་དམ་ཚིག་ནི།

Vol. 98 · folio 282a

ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །འགྲོ་བའི་ཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི། །ཐམས་ཅད་གདུལ་བྱ་ཆུད་མ་ཟོས། །ངན་སོང་

སྦྱོང་ཞིང་བྱང་ཆུབ་ཞིང་། །ཡེ་ཤེས་རྫོགས་ཆེན་ཀུན་ཏུ་སྟོན། །ཡེ་ཤེས་གསུང་མཆོག་ཅེས་བྱ་བའི་དམ་ཚིག་ནི། འདས་དང་མ་འདས་ཐམས་ཅད་ཀུན། །ཡང་དག་ཤེས་པས་རབ་བརྟགས་ན། །རང་བཞིན་མེད་ལ་ཅིར་ཡང་སྣང་། །སྣང་བ་ཉིད་ན་དབྱིངས་ཉིད་དེ། །

དེ་ལྟར་རྟོགས་པའི་ཡེ་ཤེས་ནི། །ཀུན་ལ་དབང་སྒྱུར་རང་དབང་ཅན། །ཐམས་ཅད་ཚིག་གི་སྒྲ་ལྟར་སྣང་། །འདི་ནི་ཡེ་ཤེས་གས་གསུང་མཆོག་ཡིན། །བསམ་ཡས་ཡེ་ཤེས་རྡོ་རྗེ་གསུང་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་བསམ་གྱིས་མི་ཁྱབ་སྟེ། །མཐའ་དང་དབུས་

མེད་ཀུན་དུ་ཁྱབ། །ཁྱབ་དང་ཁྱབ་མེད་རྡོ་རྗེའི་གསུང་། །སྒྲ་སྐད་སྣ་ཚོགས་བསྒྲགས་པ་དང་། །དངོས་པོ་མེད་ལ་དངོས་པོའི་སྒྲ། །ཇི་ལྟར་པི་བང་ལག་ཐོགས་ན། །སྒྲ་ནི་སྣ་ཚོགས་འབྱུང་འགྱུར་ཡང་། །དངོས་པོ་མེད་པ་དེ་བཞིན་ཉིད། །ཕྱོགས་དུས་དབྱེར་མེད་ཅེས་

བྱ་བའི་དམ་ཚིག་ནི། ཕྱོགས་བཅུ་མ་ལུས་ཐམས་ཅད་དང་། །དུས་བཞིར་འབྱུང་བ་མ་ལུས་ཀུན། །ཕྱོགས་དང་སྔ་ཕྱི་མེད་པ་ཡི། །ཐམས་ཅད་དེ་བཞིན་ཉིད་ཀྱི་དབྱིངས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །སོ་སོར་སྣང་བ་ཐམས་ཅད་ཀུན། །རང་རིག་རྒྱལ་

པོར་ཡང་དག་འདུ། །རང་རིག་དེ་ཉིད་ཐམས་ཅད་ཡིན། །འཇིགས་མེད་རྡོ་རྗེ་ཞེས་བྱ་བའི་དམ་ཚིག་ནི། འདུས་མ་བྱས་ཉིད་འདུས་བྱས་ཡིན། །འདུས་བྱས་སྣང་དང་མི་སྣང་གཉི་ག་མིན། །ཡོད་དང་མེད་པའང་དབྱེར་མེད་དེ། །རང་བཞིན་ཡེ་ནས་དག་པ་ཡི། །

མ་བཅོས་མ་བྱས་ངང་གིས་གསལ། །འཇིག་དང་གཞིག་པར་བྱ་བ་མིན། །ཅིས་ཀྱང་མི་ཚུགས་རྡོ་རྗེའི་བདག །ཅེས་གསུངས་སོ། །དེ་བཞིན་སྐུ་ཉིད་ཅེས་བྱ་བའི་དམ་ཚིག་ནི། དེ་བཞིན་ཞིང་ཁམས་བསམ་ཡས་དང་། །འགྲོ་བ་མ་ལུས་ཐམས་ཅད་ལ། །

Vol. 98 · folio 282b

ཐར་པ་རྣམས་ལ་དག་པའི་སྐུ། །རྟོག་པ་ཅན་ལ་འཁོར་བའི་ལུས། །སོ་སོར་འཚམ་པར་དོན་སྟོན་ཅིང་། །སྟོན་པ་ཉིད་ལ་དངོས་པོ་མེད། །ཆུ་ཟླའི་ཚུལ་དུ་ཀུན་ལ་སྣང་། །ཀུན་ལ་དེ་ལྟར་རྟོགས་པར་བྱོས། །ལྷུན་གྲུབ་བདེ་གནས་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་

ལུས་ཐམས་ཅད་ལ། །བྱང་ཆུབ་སྙིང་པོ་ཡོད་པ་ལྟར། །རང་བཞིན་ཡེ་ནས་འོད་གསལ་བའི། །བྱང་ཆུབ་སྙིང་པོར་ཐམས་ཅད་འདུས། །ཕྱི་ནང་མ་ལུས་ཐམས་ཅད་ཀུན། །བདག་གི་ངང་དུ་གནས་པས་ན། །བདག་ལ་བདག་གིས་དབང་བསྒྱུར་ནས། །སྤྱོད་ཡུལ་ཐམས་ཅད་སྨོན་

མི་དགོས། །ཆེ་མཆོག་རྣམ་དག་ཅེས་བྱ་བའི་དམ་ཚིག་ནི། རིག་པའི་རྒྱལ་པོ་རང་གྱུར་པས། །ཐམས་ཅད་ཀུན་ལ་དབང་བསྒྱུར་ཏེ། །གོང་ན་མེད་པའི་ས་མནན་པས། །ཐམས་ཅད་ཀུན་གྱི་གཙོ་བོ་ཡིན། །ཐམས་ཅད་མ་ལུས་གཉིས་མེད་པས། །བསྒོ་དང་བསྒོ་བར་བྱ་བ་

མིན། །དེ་བཞིན་ཉིད་ལ་དབང་བསྐུར་བས། །ཐམས་ཅད་དབྱིངས་སུ་རོ་གཅིག་གོ། །ཆོས་ཐམས་ཅད་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དམ་ཚིག་ནི། ཕྱི་ནང་སྣོད་བཅུད་བདག་རྣམས་ལ། །རང་བཞིན་དཀྱིལ་འཁོར་ཡེ་ནས་གནས། །ཆེན་པོའི་གཟུགས་སྣང་ཐམས་ཅད་

ནི། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཉིད། །སྒྱུ་མའི་རྩལ་རྣམས་འཛིན་འགྱུར་བའི། །དེ་བཞིན་ཡུམ་གྱི་དཀྱིལ་འཁོར་རོ། །རང་རིག་བྱང་ཆུབ་དཀྱིལ་འཁོར་ཏེ། །ཐམས་ཅད་ཀུན་ནས་འཁྱིལ་བར་གནས། །ཟད་མེད་གཏེར་ཆེན་ཞེས་བྱ་བའི་དམ་ཚིག་ནི། ཟག་

བཅས་གནོད་སྦྱིན་ནོར་དང་འདྲ། །སེམས་ཅན་འཕེལ་འགྲིབ་ཟད་འགྱུར་གྱི། །དེ་བཞིན་གཤེགས་པའི་ཡོན་ཏན་ནི། །ཟད་མེད་འཕེལ་འགྲིབ་མེད་པ་ཡི། །མང་པོ་སྤྲོས་པས་འཕྲོ་མི་འགྱུར། །ཉུང་ངུ་བསྡུས་པས་སྦོམ་པོ་མིན། །ཟད་མེད་རིན་ཆེན་གཏེར་ཡིན་པས། །ཐམས་

ཅད་ཀུན་ལ་ཁྱབ་པའོ། །རྣམ་དག་བྱང་ཆུབ་ཅེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ཡེ་ནས་རྣམ་པར་དག་པ་ལ། །རྣམ་རྟོག་རྐྱེན་གྱིས་གློ་བུར་དུ། །ཁམས་གསུམ་འཁོར་བའི་བཙོན་རར་གནས། །རང་རིག་སྒྲིབ་མེད་དག་པ་ཡིས། །མྱ་ངན་

Vol. 98 · folio 283a

འདས་དང་འཁོར་བ་གཉིས། །རང་བཞིན་མེད་པར་དོན་རྟོགས་ན། །སངས་རྒྱས་ཞིང་དུ་རྣམ་པར་དག །གཟུང་འཛིན་དྲིལ་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ན། །བདག་དང་བདག་གིར་སོ་སོར་སྣང་། །དེ་ལ་འཛིན་པ་

གཉིས་ཞུགས་ནས། །རང་བཞིན་མེད་བཞིན་སོ་སོར་སྣང་། །ཡང་དག་རྟོགས་པས་རབ་བརྟགས་ན། །དངོས་པོ་ཐམས་ཅད་སྟོང་པ་ཡིན། །དངོས་དང་དངོས་ཉིད་མི་གནས་པ། །དེ་རྟོགས་སྡུག་བསྔལ་བྲལ་བྱེད་ཡིན། །ཡུམ་འགྱུར་དབྱིངས་ཕྱུག་མའི་དམ་ཚིག་

ནི། འབྱུང་བ་ལྔ་ལ་བརྟེན་འགྱུར་ན། །ཐམས་ཅད་འབྱུང་ཞིང་མ་ལུས་གནས། །སྐྱེ་འཁྲུངས་མ་ལུས་གཞི་ཡང་ཡིན། །ཐམས་ཅད་ཀུན་གྱི་རྒྱུ་ཡང་ཡིན། །དེ་བཞིན་ཤེས་རབ་རྣམ་གསུམ་གྱིས། །ལེ་ལོ་མེད་པའི་བརྩོན་པ་འབོད། །དེ་བཞིན་དབྱིངས་ཉིད་རྟོགས་

གྱུར་ན། །བླ་མེད་བྱང་ཆུབ་འབྱུང་བའི་གནས། །ཆོས་ལ་སྐྱོན་མེད་ཅེས་བྱ་བའི་དམ་ཚིག་ནི། བླ་ན་མེད་པའི་དཀྱིལ་འཁོར་དང་། །ངན་སོང་གནས་རྣམས་མ་ལུས་ཀུན། །རྒྱུ་ཉིད་རང་བཞིན་གཉི་ག་དག །རང་བཞིན་ཡེ་ཤེས་དེ་བཞིན་ནོ། །འབྲས་བུ་རྣམ་པར་

དག་པ་ཡི། །འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །སེམས་ཅན་དོན་བྱེད་ཅེས་བྱ་བའི་དམ་ཚིག་ནི། བྱང་ཆུབ་སེམས་སུ་དོན་གཅིག་པས། །རྩ་བ་སྙིང་རྗེ་ཆེན་པོ་འབྱུང་། །ཐབས་ཀྱིས་ཕ་རོལ་ཕྱིན་པ་

སྤྱོད། །ཉོན་མོངས་ལམ་ནས་འགྲོ་བར་བྱེད། །ཉོན་མོངས་ཁམས་གསུམ་གནས་པ་ཡང་། །ཕྱིན་ཅི་ལོག་ཉིད་སྣང་བ་ཡིན། །དེར་རྟོགས་མཐོ་རིས་ཐར་པའོ། །རྟོགས་ནས་དོན་འཛིན་ཅེས་བྱ་བའི་དམ་ཚིག་ནི། ཐམས་ཅད་ལྷུན་གྱིས་གྲུབ་པ་དང་། །སྒྱུ་མ་མིག་ཡོར་

ཚུལ་ཤེས་པ། །གཉིས་ཀ་རང་རིག་ཉིད་དུ་འདུས། །དེ་ཉིད་ཡང་དག་ཡིན་པར་བཤད། །སྒྲ་དང་ཚིག་ཏུ་བརྗོད་པ་ནི། །ཡང་དག་དོན་གྱི་སྙིང་པོ་འབྱིན། །མིང་ཚིག་སྒྲ་ལ་མི་རྟེན་པར། །བློ་ཡི་གཏིང་དུ་གོ་བར་བྱ། །སེམས་ལ་གནས་བཅས་ཞེས་བྱ་བའི་དམ་ཚིག་ནི།

Vol. 98 · folio 283b

ཐམས་ཅད་མ་ལུས་ཆོས་སོ་ཅོག །སེམས་ཉིད་ལས་ནི་གཞན་ན་མེད། །སེམས་དང་ཆོས་སུ་དབྱེར་མེད་པས། །བྱང་ཆུབ་ལམ་དེ་རིང་བ་མིན། །གང་ནས་མ་འོངས་གར་མི་འགྲོ། །རྟོག་མེད་རང་རིག་ཁོ་ན་ཙམ། །སངས་རྒྱས་སེམས་ཅན་སེམས་ལ་གནས། །

བརྗོད་མེད་སྤྲོས་མེད་ཅེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའི། །སྣ་ཚོགས་ཇི་སྙེད་བརྗོད་པ་ཡང་། །སོ་སོའི་མཚན་ཉིད་མ་གཏོགས་པ། །བ་སྤུ་ཙམ་ཡང་བརྗོད་པ་མེད། །བསོད་ནམས་ཆེན་པོས་བསྟངས་པ་ཡི། །སངས་རྒྱས་ཞིང་ཉིད་

དག་པའོ། །ལས་ངན་དག་གིས་ཁམས་གསུམ་གནས། །དེ་ཉིད་དབྱིངས་ལས་སྤྲོས་པ་མེད། །མི་འགྱུར་རྡོ་རྗེ་གསུང་ཞེས་བྱ་བའི་དམ་ཚིག་ནི། རྣམ་དག་སྐུ་གསུང་སྤྲུལ་བ་དང་། །ཆེ་མཆོག་སྣ་ཚོགས་བསྟན་པ་ཡང་། །བྱང་ཆུབ་སེམས་ལ་སྣང་འགྱུར་ཏེ། །སྣང་

བ་ཉིད་ན་དབྱིངས་སུ་འུབ། །ཕྱིན་ཅི་ལོག་གཡོ་བསམ་ཡས་ཀྱིས། །ཁམས་གསུམ་གནས་དང་ལམ་ལྔར་འཁོར། །དེ་ཉིད་ལོག་རྟོགས་སྣ་ཚོགས་སྣང་། །དེ་ལས་མ་གཏོགས་གང་ཡང་མེད། །ཡེ་ནས་མ་བཅོས་ཞེས་བྱ་བའི་དམ་ཚིག་ནི། བློ་མེད་བྱང་ཆུབ་སྨོན་མི་

དགོས། །འགྲོ་ལྔ་མ་ལུས་ཐམས་ཅད་ཀུན། །ཡེ་ནས་བྱང་ཆུབ་སྙིང་པོར་གནས། །དེ་བཞིན་དབྱིངས་ཀྱིས་ཀུན་དུ་ཁྱབ། །ཇི་ལྟ་བ་ཡི་ངང་གནས་ལ། །དེ་ལྟར་རྟོགས་པའི་བློ་འཇུག་པས། །གཉིས་སུ་མེད་པར་རྟོགས་འགྱུར་ན། །སུ་ཞིག་བཅོས་ཤིང་སུ་ཡིས་

རྟོགས། །རང་བཞིན་འོད་གསལ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རང་རིག་ཡེ་ནས་དག་པ་ཡི། །སུས་ཀྱང་མ་བཅོས་ངང་གིས་གསལ། །མ་ཆགས་པདྨ་འདྲ་བ་ཡི། །ཡེ་ཤེས་ཅན་གྱི་སྤྱོད་ཡུལ་དེ། །ཀུན་དང་ཐུན་མོང་དེ་

མ་ཡིན། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་དེ། །སྐྱེས་བུ་བློ་རྩལ་རབ་ཀྱིས་རྟོགས། །ཐམས་ཅད་དབྱིངས་ཕྱུག་མ་ཞེས་བྱ་བའི་དམ་ཚིག་ནི། མི་ཟད་ཡོན་ཏན་གཏེར་གྱུར་པ། །ཟད་པའི་དུས་མེད་ཡིད་བཞིན་མཛོད། །བདག་དང་བདག་གི་མེད་པ་

Vol. 98 · folio 284a

ཡི། །ཤིན་ཏུ་ཟབ་པའི་བློ་ལས་བྱུང་། །ཆོས་དབྱིངས་ཟབ་མོའི་དོན་རྟོགས་ན། །སྐུ་དང་ཡེ་ཤེས་བསམ་མི་ཁྱབ། །རང་རིག་ཡེ་ཤེས་དོན་རྟོགས་ན། །སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ། །བྱང་ཆུབ་སྡོམ་བྱེད་ཅེས་བྱ་བའི་དམ་ཚིག་ནི། གཟུང་འཛིན་བྲལ་བའི་

ཡེ་ཤེས་ཀྱིས། །ཆགས་མེད་དབྱིངས་ལ་མཉམ་བཞག་ན། །ཐམས་ཅད་དེ་བཞིན་ཉིད་ཀྱི་ཞིང་། །ཉོན་མོངས་སྡུག་བསྔལ་འབྱུང་མི་འགྱུར། །ཆོས་ཀྱི་རང་བཞིན་ཇི་ལྟ་བུར། །བདག་གིས་ཡང་དག་རྫོགས་བྱས་ཏེ། །ཐེག་པ་དམན་དང་ཕྱིན་ཅི་ལོག །ཐམས་ཅད་

མཉམ་པའི་དབྱིངས་སུ་དགོད། །ཕྱོགས་དུས་གཉིས་མེད་ཅེས་བྱ་བའི་དམ་ཚིག་ནི། ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱང་། །རྟོགས་པའི་མཚན་མ་སོ་སོར་སྣང་། །སྣང་བ་ཉིད་ན་དབྱེར་མེད་དེ། །མཐའ་དང་དབུས་མེད་ཟླུམ་པོ་ཡི། །དེ་བཞིན་རང་གིས་རིག་པ་ཡང་། །མཐའ་

དང་དབུས་མེད་དུ་མ་མིན། །གང་དུ་མི་འགྲོ་ཀུན་དུ་ཁྱབ། །ཀུན་ལ་བདེ་སྦྱིན་མི་གནས་པའོ། །ཐམས་ཅད་འབྱོར་ལྡན་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་སོ་སོར་རྟོགས་བྱས་ཤིང་། །ཐམས་ཅད་གཉིས་མེད་དབྱིངས་ཤེས་ན། །མི་ཟད་པར་ལྡན་རྒྱན་ཐོབ་སྟེ། །

ཀུན་དུ་ཟད་མེད་རིན་ཆེན་གཏེར། །དེ་བཞིན་ཉིད་ལ་གནས་བཅས་ན། །ཉོན་མོངས་སྡུག་བསྔལ་མི་འབྱུང་སྟེ། །རྟག་ཏུ་བདེ་གནས་བྱང་ཆུབ་ཉིད། །མཚན་དང་དཔེ་བྱད་ཀུན་དང་ལྡན། །ཐབས་གཉིས་ཤེས་རབ་ཅེས་བྱ་བའི་དམ་ཚིག་ནི། ཇི་ལྟར་སྣང་བ་ཐམས་ཅད་ཀུན། །

ཐམས་ཅད་ཐབས་ཀྱི་རང་བཞིན་ཏེ། །ཐབས་ལ་ཐབས་ནི་རྣམ་པར་སྦྱོར། །སྦྱོར་དང་སྦྱོར་བ་གཉིས་ཀ་མེད། །སྣ་ཚོགས་སྣང་བ་ཐམས་ཅད་ཀྱང་། །སྣང་བ་ཉིད་ན་རང་བཞིན་མེད། །དེ་ཉིད་ཤེས་རབ་ཡིན་པར་བཤད། །རྟག་ཏུ་ཐབས་ཉིད་མི་དམིགས་པའོ། །ཤེས་རབ་

ཉིད་ལ་ཐབས་སུ་སྦྱོར་བ་ཞེས་བྱ་བའི་དམ་ཚིག་ནི། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལས། །རོལ་བ་སྣ་ཚོགས་ཅིར་ཡང་འབྱུང་། །འབྱུང་བ་ཉིད་ན་རང་བཞིན་མེད། །མེད་པ་ཉིད་ན་སྣ་ཚོགས་སྣང་། །ཐབས་དང་ཤེས་རབ་དབྱིངས་ལས་བྱུང་། །མཉན་བསམས་བསྒོམས་པའི་

Vol. 98 · folio 284b

ཤེས་རབ་ཀྱིས། །ཤེས་རབ་ཐབས་སུ་དོན་རྟོགས་བྱོས། །ཀུན་ལ་དེ་ལྟར་འབྱོར་པར་གྱིས། །གཉིས་མེད་བྱང་ཆུབ་སེམས་ཞེས་བྱ་བའི་དམ་ཚིག་ནི། ཐབས་དང་ཤེས་རབ་ལྡན་འགྱུར་ན། །གཉིས་མེད་བྱང་ཆུབ་སེམས་འཕྲོས་ན། །ཀུན་གྱི་འབྱུང་གནས་བྱེད་པ་པོ། །

དེ་ཡིས་མ་བྱས་གང་ཡང་མིན། །ཁ་དོག་དབྱིབས་རིགས་གང་ཡང་མིན། །ཤིན་ཏུ་བརྟག་དཀའ་སུས་མི་རིག །བདག་གིས་བདག་ཀྱང་མི་མཐོང་ན། །གཞན་གྱིས་རྟོགས་པར་ག་ལ་འགྱུར། །ཐམས་ཅད་སྦྱོར་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཡེ་ནས་ལྷ་དང་ལྷ་མོ་ཡིན། །

དཀྱིལ་འཁོར་ཡང་དག་སྦྱོར་བ་དང་། །དབང་པོ་ཡུལ་དུ་སྦྱོར་བའོ། །ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས། །འབྱུང་བ་ལྔ་ཉིད་ཡུམ་དུ་སྦྱོར། །དུས་བཞིའི་ལྷ་མོ་ཉིད་དུ་སྦྱོར། །རྟག་ཆད་མུ་བཞི་ཁྲོ་མོའོ། །ཐམས་ཅད་མ་ལུས་འབྱུང་བ་ཀུན། །མཉམ་པའི་དབྱིངས་དང་རིག་

པར་སྦྱོར། །ཡང་ན་ཤེས་རབ་དབྱིངས་མ་ལ། །བདེར་གཤེགས་དཀྱིལ་འཁོར་ཀུན་བཀོད་ལ། །བདག་ཉིད་རིག་པའི་ལྷར་བསྒོམས་ཏེ། །གཉིས་སུ་མེད་པར་ལྡན་པར་བྱ། །རྡོ་རྗེ་དྲིལ་བུ་ལྡན་གྱུར་ནས། །བྱང་ཆུབ་པདྨ་ཤིན་ཏུ་སྤྲོ། །ཕྱོགས་དུས་དཀྱིལ་འཁོར་མཉེས་པ་

དང་། །འགྲོ་བ་མང་པོ་བདེ་ཐོབ་ནས། །སླར་ཡང་གཉིས་མེད་དབྱིངས་སུ་བསྟིམ། །ཐིམ་འགྱུར་དབྱིངས་ནས་ཕྱག་རྒྱར་འབར། །བདེར་གཤེགས་ཐབས་དང་ཤེས་རབ་རྫོགས། །ཕྱག་རྒྱ་དྲུག་ཀྱང་ཡང་དག་རྫོགས། །བསོད་ནམས་ཚོགས་ཆེན་གཉིས་ཀྱང་རྫོགས། །

ཐམས་ཅད་དབྱིངས་སུ་འབྱོར་པས་ན། །ངན་འགྲོ་མི་ལྟུང་ཡང་དག་འགྲུབ། །འདི་ནི་བསྒྲལ་བ་ཆེན་པོ་ཡིན། །སྒྲོལ་བ་ཉིད་ནི་སྦྱོར་བ་ཡིན། །སྦྱོར་བ་ཉིད་ནི་མ་ལུས་བསྒྲལ། །ཐམས་ཅད་མ་ལུས་པར་སྒྲོལ་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཕྱི་ནང་སྣོད་བཅུད་ཇི་སྙེད་པ། །

གནས་པའི་སེམས་ཅན་མ་ལུས་ཀུན། །བདག་ཉིད་ཆེན་པོར་རྟོགས་པ་ཡིས། །དབྱིངས་སུ་ཡང་ནི་བསྒྲལ་བར་བྱ། །ཤིན་ཏུ་ཁྲོ་བོ་ཆེན་པོ་ཡིས། །ཐབས་ཀྱིས་ལྷ་ཆེན་བསྒྲལ་བ་ལྟར། །ཆོས་ཉིད་རྟོགས་པའི་ཏིང་འཛིན་གྱིས། །གཉིས་སུ་མེད་པར་ཐབས་ཀྱིས་བསྒྲལ། །

Vol. 98 · folio 285a

ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །ལམ་ལྔའི་སེམས་ཅན་ཀུན་བཀུག་ནས། །ཐམས་ཅད་མ་ལུས་བསྒྲལ་བར་བྱ། །རི་རབ་ཆེན་པོའི་གླིང་བཞི་ལ། །གནས་པའི་སེམས་ཅན་མ་ལུས་ཀུན། །ཐུགས་རྗེ་ཆེན་པོས་བྱིན་བརླབས་ཏེ། །ཡེ་ཤེས་མེ་

ཆེན་བསྒོམ་བྱས་ན། །ཐམས་ཅད་མ་ལུས་བསྲེག་པར་བྱ། །དབྱིངས་སུ་ཡང་ནི་བསྟིམ་བྱས་ཏེ། །དེ་བཞིན་གཤེགས་པར་བྱིན་གྱིས་བརླབས། །རྒྱལ་བའི་སྲས་སུ་དབང་ཡང་བསྐུར། །དེ་ལྟར་བསྒྲལ་བ་ཀུན་བྱས་ཀྱང་། །བསྒྲལ་བའི་དངོས་པོ་གང་ཡང་མེད། །ཕུང་པོ་ལྔ་

པོ་བཤིག་པ་ལ། །བཤིག་ནས་འབྱུང་བ་བག་ལ་ཞ། །མ་བཤིག་ན་ཡང་འབྱུང་བ་ཡིན། །རྣམ་ཤེས་མེད་པས་བསད་བྱས་ན། །གནས་པ་ཉིད་ན་དངོས་པོ་མེད། །སེམས་ཀྱི་རང་བཞིན་དེ་ལ་ནི། །དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང་། །སུས་ཀྱང་མི་ཟིན་

སོད་པ་མེད། །འོ་ན་ཐུགས་རྗེས་གང་བསྒྲལ་ན། །རྣམ་རྟོག་མཚན་མ་ཐམས་ཅད་ཀུན། །ཕྱིན་ཅི་ལོག་ལས་བཟློག་བྱས་ཏེ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་དང་། །ཤིན་ཏུ་གོམས་པས་དབང་བསྐུར་ཏེ། །བྱང་ཆུབ་ཞིང་ལ་དགོད་པར་བྱ། །དེ་ཙམ་ལ་ནི་བསྒྲལ་ཞེས་

གདགས། །བསྒྲལ་བ་ཉིད་ན་སྦྱོར་བ་ཡིན། །ཉོན་མོངས་སྡུག་བསྔལ་རྩད་བཅད་ནས། །བྱང་ཆུབ་གནས་སུ་བསྒྲལ་བས་ན། །གཉིས་མེད་དབྱིངས་སུ་སྦྱོར་བ་ཡིན། །ཐབས་ཉིད་ཤེས་རབ་ཤེས་རབ་ཉིད་ཐབས་ཏེ། །གཉིས་སུ་མེད་པ་ཉིད་བྱང་ཆུབ་ཀྱི་སེམས་སོ། །

སྦྱོར་བ་ནི་ལྷ་དང་ལྷ་མོར་སྦྱོར་བའི་དཀྱིལ་འཁོར་དང་། དབང་པོ་ཡུལ་དུས་སྦྱོར་བ་དང་། ཆེན་པོ་ལྔ་དེ་བཞིན་གཤེགས་པ་ལྔར་སྦྱོར་བ་དང་། སོ་སོ་རྩལ་སྒྱུ་མ་ཙམ་དུ་ཡོད་པ་ཡུམ་དུ་སྦྱོར་བ་དང་། དབང་པོ་ཡུལ་དུས་ལྷ་དང་ལྷ་མོར་སྦྱོར་བ་དང་། རྟག་ཆད་མུ་བཞི་ཁྲོ་བོ་

ཁྲོ་མོར་སྦྱོར་བ་དང་། མངོན་སུམ་དུ་སྦྱོར་བའོ། །སྒྲོལ་བ་ནི་ཐབས་ཀྱིས་སྒྲོལ་བ་དང་། འཕོ་བས་བསྒྲལ་བ་དང་། དུས་བཞི་མཉམ་པ་ཉིད་དུ་བསྒྲལ་བ་དང་། ཐམས་ཅད་མ་ལུས་པར་དབྱིངས་སུ་དུས་གཅིག་བསྒྲལ་བ་དང་། ཐམས་ཅད་ཐུགས་རྗེ་ཆེན་པོས་གཉིས་སུ་

Vol. 98 · folio 285b

མེད་པར་སྒྲོལ་བའོ། །འདི་གཉིས་དུས་གཅིག་ཏུ་མཛད་དེ། ཡ་ཆར་མ་གྱུར་པར་བྱའོ། །དངོས་གྲུབ་མཆོག་ཀྱང་དེར་ཐོབ་ཅེས། དེ་བཞིན་གཤེགས་པ་ཉིད་ལ་དེ་བཞིན་གཤེགས་པ་ཉིད་ཀྱིས་བཤད་དོ། །མ་བྱིན་པར་ལེན་པ་ཞེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་

འདས་དང་འཇིག་རྟེན་པའི། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །བདག་དང་བདག་གི་གཞན་ན་མེད། །རང་བཞིན་རང་གིས་བདག་མེད་པ། །ཀུན་ལ་ཐོགས་མེད་སྤྱད་འགྱུར་ཡང་། །སྤྱད་དང་སྤྱོད་པ་གཉི་ག་མེད། །ཐམས་ཅད་ཡེ་ནས་སྟོང་པ་ལ། །གང་གིས་ལེན་

ཅིང་གང་ལ་སྤྱོད། །སྣང་སྲིད་མ་ལུས་ཐམས་ཅད་ལ། །ཐོགས་པ་མེད་པའི་སྤྱོད་འགྱུར་ཡང་། །བཅིང་པར་མི་འགྱུར་བསོད་ནམས་ཚོགས། །ཆགས་མེད་ཡེ་ཤེས་ཆེན་པོ་ཡིན། །མ་ལུས་ཐམས་ཅད་ཆོས་ཀྱི་དབྱིངས། །དེ་ལྟར་རང་རིག་ཡིན་པར་བཤད། །གཉིས་

སུ་མེད་པར་རྟོགས་གྱུར་ན། །བླངས་པ་ཉིད་ན་ཀུན་དུ་བཟང་། །བརྫུན་དུ་སྨྲ་བ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ཡེ་ནས་དངོས་པོ་ཡོད་མ་ཡིན། །རང་བཞིན་ངང་གིས་འོད་གསལ་ལ། །མིང་ཙམ་ཚིག་གིས་མཚོན་མོད་ཀྱིས། །མིང་དང་

ཚིག་ལ་དངོས་པོ་མེད། །མ་རིག་པ་ཡི་འཁྲུལ་རྟོག་གིས། །ང་དང་བདག་ཏུ་མེད་པ་ལ། །སོ་སོ་མཚན་མ་དངོས་པོར་བཟུང་། །འཛིན་པའི་དངོས་པོ་ཡོང་མེད་དེ། །ཆོས་རྣམས་ཐམས་ཅད་མིང་ཚིག་ཙམ། །ཇི་སྙེད་མང་པོ་བརྗོད་པ་ཡང་། །རྗོད་པར་བྱེད་དང་བརྗོད་པ་མེད། །ཆོས་

རྣམས་ཐམས་ཅད་བརྫུན་དུ་སྣང་། །བརྫུན་ཉིད་ལ་ནི་བརྫུན་སྤྱོད་དེ། །བརྫུན་ཞེས་བྱ་བ་བཏགས་པ་ཙམ། །ཐམས་ཅད་བརྫུན་གྱི་ཚིག་ཡིན་ནོ། །རྡོ་རྗེ་འཇོམས་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཐོག་མ་མེད་ནས་ཕྱིན་ཅི་ལོག །བདག་དང་བདག་གི་མེད་པ་ལ། །རྣམ་རྟོག་མཚན་

མ་སོ་སོར་འཛིན། །འཛིན་པའི་དངོས་པོ་ཡོད་མ་ཡིན། །མི་མཐུན་མཚན་མ་གཞོམ་པའི་ཕྱིར། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བདག་རྟོག་བག་ཆགས་ཀུན་བཅོམ་ནས། །རྡོ་རྗེ་དབྱིངས་སུ་ཐིམ་པར་བྱ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་དམ་ཚིག་ནི། ཐུགས་རྗེ་

Vol. 98 · folio 286a

ཆེན་པོའི་བྱིན་བརླབས་ཀྱིས། །ཁམས་གསུམ་ཉོན་མོངས་འཁོར་བ་རྣམས། །གཞན་གྱིས་བཅིངས་ཏེ་འཁོར་བ་མིན། །འཛིན་རྟོག་ཆགས་པ་ཉིད་ཀྱིས་འཁོར། །བློ་ཆེན་རབ་ཏུ་ལྡན་པ་ཡིས། །ཆོས་ཀྱི་དོན་པོ་མཆོག་ཉོན་ལ། །འཁོར་བ་སྤང་མེད་

སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་ཉིད་རྟོགས། །རིན་ཆེན་འབྱུང་བ་ཞེས་བྱ་བའི་དམ་ཚིག་ནི། ནོར་གྱི་མཆོག་ནི་དཀོར་བདུན་ཡིན། །འདོད་པས་བཙལ་བར་མི་རྙེད་དེ། །སྐུ་གསུང་ཐུགས་འདས་མི་དམིགས་པའི། །ཆགས་པ་མེད་པའི་ཚུལ་གྱིས་ནི། །

གཉིས་སུ་མེད་པར་འབྱོར་བྱས་ན། །ནོར་བདུན་ཆེན་པོ་འབྱུང་བར་འགྱུར། །མཚན་དང་དཔེ་བྱད་སྣ་ཚོགས་ལྡན། །པདྨ་ཆགས་མེད་ཅེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །བསྒོ་དང་བསྒོ་བར་བྱ་

བ་མེད། །པདྨ་འདམ་ནས་སྐྱེས་པ་འདྲ། །ཇི་ལྟར་སྣང་བ་མཐའ་ཡས་ཀུན། །བདག་ལས་གུད་ན་གཅིག་ཀྱང་མེད། །བདག་ཉིད་ཤིན་ཏུ་མི་དམིགས་པས། །ཉོན་མོངས་ཉིད་ཀྱང་བྱང་ཆུབ་ཞིང་། །དོན་རྣམས་བསྒྲུབ་པ་ཞེས་བྱ་བའི་དམ་ཚིག་ནི། རྡོ་རྗེ་རིགས་ཀྱིས་ཐམས་

ཅད་བཅོམ། །རིན་ཆེན་རིགས་ཀྱིས་ཡོན་ཏན་འབྱིན། །པདྨ་རིགས་ཀྱིས་ཆགས་མེད་འགྱུར། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །ཐམས་ཅད་དོན་རྣམས་རྫོགས་པར་བྱས། །གཟུང་དང་འཛིན་པ་རྣམ་སྤངས་ཏེ། །མཉམ་པའི་དབྱིངས་ལ་སེམས་ཀྱིས་ལྟ། །སྐྱེ་འཆི་

མེད་པ་ལྷུན་གྱིས་གྲུབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་རྨད་འབྱུང་ཀུན་གྲགས་པ། །གཞན་ན་ཡོད་འོང་མ་ཡིན་ཏེ། །རང་བྱུང་ཡེ་ཤེས་གནས་མེད་ཡིན། །མཐོང་བའི་ཚུལ་གྱིས་གཟུགས་སྣང་དང་། །བླ་མེད་བྱང་ཆུབ་སྐུར་སྣང་བ། །མེ་ལོང་ལྟ་བུའི་

ཚུལ་བཞིན་དུ། །སྣ་ཚོགས་ཁ་དོག་དབྱིབས་སུ་སྣང་། །དེ་བཞིན་གཤེགས་པའི་གསུང་རྣམས་ནི། །སྒྲ་དང་མིང་ཚིག་ཀུན་ལས་འདས། །བརྗོད་མེད་རང་བཞིན་ཀུན་དུ་གོ། །ཉོན་མོངས་མེད་ཅིང་བླ་མེད་སྒྲ། །མ་བརྗོད་སྟོང་གསུམ་གྲགས་པ་ཡི། །གསུང་བརྗོད་བསམ་

Vol. 98 · folio 286b

གྱིས་མི་ཁྱབ་པ། །བརྗོད་པ་ཉིད་ན་སྟོང་གསུམ་མེད། །དེ་ཉིད་སྣ་ཚོགས་བརྗོད་པའོ། །ཐམས་ཅད་མཁྱེན་པའི་ཐུགས་ལྡན་པ། །ཡང་དག་རྟོགས་པས་རབ་བརྟགས་པ། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །མཐའ་དང་དབུས་ཀྱང་བརྟག་ཏུ་མེད། །དེ་ཉིད་སྣ་

ཚོགས་འབྱུང་བའི་རྒྱུ། །སུས་ཀྱང་མ་བཅོས་མ་བྱས་པ། །བདག་གིས་བདག་ཀྱང་དམིགས་མི་འགྱུར། །དངོས་མེད་ཀུན་ལ་དབང་སྒྱུར་བ། །སྐུ་གསུང་ཡང་དག་ལྡན་འགྱུར་ན། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །མི་འགྱུར་སངས་རྒྱས་ཞིང་དུ་འུབ། །སྤྱོད་

ཡུལ་མ་ལུས་ཐམས་ཅད་ལ། །ཇི་ལྟར་དམིགས་པ་བཞིན་དུ་འབྱུང་། །མི་ཟད་པ་ཡི་གཏེར་ཆེན་འགྲུབ། །གཞན་གྱིས་དབྲོག་ཏུ་མེད་པ་ཡི། །པོ་དེའི་དཀོར་ནི་རིན་པོ་ཆེ། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །བྱ་བྱེད་མེད་པར་རྣམ་བཞི་མཛད། །མཛད་དང་མཛད་པར་

བྱ་བ་མེད། །ཡེ་ནས་ལྷུན་གྲུབ་སངས་རྒྱས་ཆོས། །སྒྱུ་མའི་ཚུལ་དུ་ཀུན་ལ་སྤྱོད། །སྤྱོད་མེད་ངང་གི་དཀྱིལ་འཁོར་ལ། །ཆགས་མེད་ཚུལ་དུ་རྣམ་པར་རོལ། །བྱ་བྱེད་རྣམ་པ་སྣ་ཚོགས་ཀྱང་། །བྱེད་པ་ཉིད་ན་ཆུ་ཟླའི་ཚུལ། །གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །རྩ་བ་ལྔ་

ཞེས་བརྗོད་མོད་ཀྱི། །བརྗོད་པ་ཉིད་ན་ཡོང་མེད་དེ། །མཚན་ཉིད་མེད་པ་སྣ་ཚོགས་སྣང་། །དེ་ཉིད་ཐམས་ཅད་མཁྱེན་ཉིད་ཡིན། །ཀུན་ལ་ཁྱབ་ཅིང་མི་གནས་པ། །དེ་ནི་རིག་པ་རང་དབང་འགྱུར། །བསམ་གྱིས་མི་ཁྱབ་ཀུན་དུ་ཁྱབ། །ནམ་མཁའ་སྣང་བྱེད་ཅེས་བྱ་བའི་

དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ལ། །དེ་བཞིན་ཉིད་ཀྱིས་ཀུན་དུ་ཁྱབ། །སྣོད་བཅུད་མ་ལུས་ཐམས་ཅད་ལ། །སྣང་བ་ཆེན་པོས་ཁྱབ་པར་འགྱུར། །ནམ་མཁའ་གཟུང་དུ་མེད་པ་ལྟར། །སྣང་སྲིད་ཐམས་ཅད་དེ་དང་འདྲ། །ཆོས་རྣམས་ཐམས་ཅད་སེམས་

ཡིན་ཏེ། །སེམས་ནི་ནམ་མཁའི་རང་བཞིན་ནོ། །རྟེན་བྱེད་ས་ཆེན་ཞེས་བྱ་བའི་དམ་ཚིག་ནི། ཇི་ལྟར་ས་གཞི་ཆེན་པོ་ལ། །སེམས་ཀྱིས་ཟིན་དང་མ་ཟིན་པའི། །སྐྱེ་འཁྲུངས་མ་ལུས་ཐམས་ཅད་འབྱུང་། །ཐམས་ཅད་ཀུན་གྱི་གནས་བརྟེན་ཏེ། །དེ་བཞིན་ཐེག་ཆེན་བླ་

Vol. 98 · folio 287a

མེད་ལ། །བྱང་ཆུབ་སངས་རྒྱས་ཀུན་ཀྱང་གནས། །ཐེག་པ་མཐོ་དམན་ཐམས་ཅད་འབྱུང་། །ཐམས་ཅད་ཐེག་ཆེན་དབྱིངས་སུ་འདུས། །སྲེག་བྱེད་ཡེ་ཤེས་མེ་ཞེས་བྱ་བའི་དམ་ཚིག་ནི། བདག་མེད་ཡེ་ཤེས་རང་རིག་གིས། །དངོས་དང་དངོས་མེད་

བག་ཆགས་བསྲེགས། །རང་དང་སྤྱི་ཡི་ཆོས་རྣམས་དང་། །སེམས་ཀྱི་ཕྲག་དོག་ཐམས་ཅད་ཀུན། །དངོས་པོ་མེད་པར་རྟོགས་བྱས་ན། །འཁོར་བ་མ་སྤངས་རྣམ་པར་དག །མྱ་ངན་མི་འདའ་ཡེ་ནས་གནས། །འགྲོ་དང་གནས་པར་བྱ་བ་མིན། །རྟོག་པ་ཐམས་ཅད་ཡེ་

ནས་ཚོགས། །ཐམས་ཅད་འཁྲུ་བྱེད་ཅེས་བྱ་བའི་དམ་ཚིག་ནི། སེམས་ཅན་མ་ལུས་ཐམས་ཅད་ནི། །སྒྲིབ་གཉིས་དག་གིས་འཁོར་བར་འགྱུར། །མཉན་བསམས་བསྒོམས་པའི་ཤེས་རབ་ཀྱིས། །བདག་མེད་གཉིས་ནི་རྟོགས་བྱས་ན། །ཕ་རོལ་ཕྱིན་རྫོགས་

ས་བཅུ་བསྒྲུབས། །ས་གསུམ་ཡང་དག་རྫོགས་བྱས་ཏེ། །མཉམ་པའི་ཞིང་ལ་ཐམས་ཅད་འགོད། །ཁྲུས་ཀྱི་མཆོག་ནི་འདི་ཡིན་ནོ། །གཡེང་བྱེད་ཆེན་པོ་ཞེས་བྱ་བའི་དམ་ཚིག་ནི། སེམས་ཅན་ཡེ་ནས་དག་པ་ལ། །བདག་འཛིན་རྡུལ་སྙེད་གཡོགས་པར་འགྱུར། །

སེམས་དང་རྡུལ་རྣམས་མེད་རྟོགས་པས། །ཡེ་ཤེས་རླུང་གིས་བག་ཆགས་གཏོར། །ཆོས་རྣམས་ཡེ་ནས་རླུང་དང་འདྲ། །དེ་ལ་གཟུང་དུ་མེད་པ་ལྟར། །ཀུན་ལ་དེ་ལྟར་འབྱོར་པར་གྱིས། །མ་བཅོས་ཡེ་ནས་དེ་ལྟར་གནས། །ཐམས་ཅད་ཀུན་ལ་དབང་སྒྱུར་ཞེས་བྱ་

བའི་དམ་ཚིག་ནི། རང་རིག་ཕྱིན་ཅི་མ་ལོག་པའི། །གཟུང་འཛིན་གཉིས་མེད་རྟོགས་པ་ཡིས། །ཐམས་ཅད་མཉམ་པའི་ངང་འགྱུར་ན། །ཐམས་ཅད་མ་ལུས་བདག་ཡིན་པས། །ཐམས་ཅད་ཀུན་ལ་དབང་སྒྱུར་ཏེ། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ཇི་

ལྟར་སྤྱད་ཀྱང་བསོད་ནམས་ཚོགས། །མཉམ་རིག་ཡེ་ཤེས་ཆེན་པོ་ཡིན། །ཆོས་ཐམས་ཅད་གཟུགས་བརྙན་ལྟར་ཤེས་པར་བྱ་བའི་དམ་ཚིག་ནི། །ཐམས་ཅད་འབྱུང་བའི་གནས་ཡིན་ཏེ། །སྣང་བ་ཉིད་ན་འཇའ་ཚོན་བཞིན། །རང་བཞིན་མེད་པར་ཀུན་དུ་སྣང་། །དེ་

Vol. 98 · folio 287b

ཉིད་ཆོས་སྐུ་ཡིན་པར་བཤད། །ཅིས་ཀྱང་མ་གོས་མ་སྤངས་པའོ། །སོ་སོར་སྣང་ཞིང་མཐུན་པའི་གཟུགས། །བདག་དང་བདག་ཏུ་མ་བརྟགས་པ། །དེ་ལྟ་བུ་ཡི་ངང་དུ་སྣང་། །ཆོས་རྣམས་སྒྲ་ལྟར་ཤེས་པར་བྱ་བའི་དམ་ཚིག་ནི། སྒྲ་རྣམས་ཇི་སྙེད་བརྗོད་པ་

ཡང་། །དངོས་པོ་མེད་ལས་དངོས་པོ་སྒྲ། །བརྗོད་དང་སྒྲ་ཡི་དངོས་པོ་མིན། །ཆོས་རྣམས་སྒྲ་ལྟར་ཤེས་པར་བྱོས། །ཐམས་ཅད་མ་ལུས་དོན་འབྱུང་བ། །ཚིག་གིས་མཚོན་པས་གུད་ན་མེད། །སྒྲ་ཉིད་དོན་གྱི་དངོས་པོ་མིན། །དོན་ཉིད་སྒྲ་ལས་གུད་ན་མེད། །

ཆོས་རྣམས་དྲིའི་མཚན་ཉིད་དུ་ཤེས་པར་བྱ་བའི་དམ་ཚིག་ནི། ཆོས་རྣམས་ཐམས་ཅད་དངོས་མེད་པར། །སྣ་ཚོགས་འབྱུང་ཞིང་རྣམ་པར་འཕྲོ། །དེ་བཞིན་དྲི་ཡི་དངོས་པོ་ཡང་། །ཡོད་པ་མ་ཡིན་ཀུན་དུ་མནམ། །ཐེ་ཚོམ་མེད་པའི་ཤེས་རབ་ཀྱིས། །ཆོས་ཀུན་དེ་ལྟར་

ཤེས་པར་གྱིས། །དྲི་ཡིས་རབ་ཏུ་ཚིམ་འགྱུར་ཡང་། །དྲི་དང་དངོས་པོ་གཉིས་སུ་མེད། །དངོས་གྲུབ་ཐམས་ཅད་དེ་ལྟར་རོ། །ཆོས་ཐམས་ཅད་རོ་ལྟར་ཤེས་པར་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །གཞི་རྩ་མེད་ལས་ཐམས་ཅད་བྱུང་། །དེ་

བཞིན་དབང་པོ་དངོས་མེད་དང་། །རྫས་ཀྱི་དངོས་པོ་མེད་པ་ཡི། །རྣམ་ཤེས་དབང་པོ་ཡུལ་ཚོགས་ན། །རོ་ཡི་དབང་པོ་ཐམས་ཅད་འགྲུབ། །རོ་དང་རོ་རུ་རྟོགས་པ་ཡང་། །རང་བཞིན་མེད་པ་སྐད་ཅིག་མ། །ཆོས་ཐམས་ཅད་རེག་བྱ་ལྟར་ཤེས་པར་བྱ་བའི་དམ་

ཚིག་ནི། གཟུགས་རྣམས་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །མཚན་འཛིན་སྨིག་རྒྱུ་བཞིན་དུ་གནས། །རྣམ་ཤེས་སྒྱུ་མས་དབང་སྒྱུར་ན། །མཚན་མ་སྣ་ཚོགས་འབྱུང་བར་ངེས། །བདེ་བའི་རོ་མཆོག་ཀུན་ཀྱང་མྱོང་། །དེ་ཉིད་བསོད་ནམས་ཚོགས་

ཆེན་ཏེ། །བདེ་བ་ཆགས་མེད་ཡེ་ཤེས་ཡིན། །རེག་གི་དངོས་གྲུབ་དེ་ལྟར་རོ། །འདུས་བྱས་རྣམ་པར་དག་པ་ཞེས་བྱ་བའི་དམ་ཚིག་ནི། ཡང་དག་ཉིད་ལ་གནས་བཅས་ན། །ཕྱི་ནང་སྣོད་བཅུད་རྣམ་པར་དག །རགས་པར་སྣང་བ་དེ་བཞིན་གཤེགས། །སྒྱུ་མར་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words