ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ

Sanskrit title (Tibetan script, as in the text) པཉྩ་བིང་ཤ་ཏི་སཱ་ཧ་སྲི་ཀཱ་པྲ་ཛྙཱ་པཱ་ར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 28 · folio 61a

པ། མཚན་མ་མེད་པ་ལ་རྣམ་པར་སྤྱོད་པ། སྨོན་པ་མེད་པ་ལ་རྣམ་པར་སྤྱོད་པ་སྟེ། ཀཽ་ཤི་ཀ་གནས་བརྟན་རབ་འབྱོར་གྱི་རྣམ་པར་སྤྱོད་པ་གང་ཡིན་པ་དེས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་རྣམ་པར་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རྣམ་པར་སྤྱོད་པའི་རྣམ་པར་སྤྱོད་པ་ལ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོ །གྲངས་དང་ཆ་དང་།

བགྲང་བ་དང་། དཔེ་དང་རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་རྣམ་པར་སྤྱོད་པའི་རྣམ་པར་སྤྱོད་པ་མ་གཏོགས་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རྣམ་པར་སྤྱོད་པ་གང་ཡིན་

པ་དང་། ཉན་ཐོས་རྣམས་ཀྱི་རྣམ་པར་སྤྱོད་པ་གང་ཡིན་པ་དང་། རང་སངས་རྒྱས་རྣམས་ཀྱི་རྣམ་པར་སྤྱོད་པ་གང་ཡིན་པའི་རྣམ་པར་སྤྱོད་པ་དེ་དག་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་རྣམ་པར་སྤྱོད་པ་འདི་ཉིད་

མཆོག་ཅེས་བྱའོ། །རབ་ཅེས་བྱའོ། །ཕུལ་ཞེས་བྱའོ། །དམ་པ་ཞེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་ན་མེད་པ། གོང་ན་མེད་པ། མཉམ་པ་མེད་པ། མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །ཀཽ་ཤི་ཀ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་

ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བར་འདོད་པས། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྤྱོད་པ་འདི་ཉིད་ཀྱིས་རྣམ་པར་སྤྱད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ཏེ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །སངས་

Vol. 28 · folio 61b

རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྗེས་སུ་འཐོབ་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྗེས་སུ་ཐོབ་ནས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་

པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །དེ་ནས་འཁོར་དེའི་ནང་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་མེ་ཏོག་མན་དཱ་ར་བ་མང་པོ་ཐོགས་ཏེ། བཅོམ་ལྡན་འདས་ལ་གཏོར་ཏོ། །མངོན་པར་གཏོར་ཏོ། །རབ་

ཏུ་གཏོར་ཏོ། །དགེ་སློང་བརྒྱ་དྲུག་ཅུ་ཙམ་ཡང་སྟན་ལས་ལོངས་ནས། ཆོས་གོས་ཕྲག་པ་གཅིག་ལ་གཟར་ཏེ། བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་

ལ་མིག་མི་འཛུམ་པར་ལྟ་ཞིང་ཕྱག་འཚལ་ལོ། །དགེ་སློང་དེ་དག་གིས་ཐལ་མོ་སྦྱར་ཏེ་བཏུད་པའི་ཚེ། སངས་རྒྱས་ཀྱི་མཐུས་སྙིམ་པ་མེ་ཏོག་མན་དཱ་ར་བས་གང་བར་གྱུར་ནས། མེ་ཏོག་མན་དཱ་ར་བ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་

པར་རྫོགས་པའི་སངས་རྒྱས་ལ་གཏོར་ཏོ། །མངོན་པར་གཏོར་ཏོ། །རབ་ཏུ་གཏོར་ཏོ། །དེ་ལྟར་འཐོར་ཞིང་མངོན་པར་འཐོར་བ་དང་། རབ་ཏུ་འཐོར་བ་དེའི་ཚེ་ཚིག་འདི་སྐད་ཅེས་བརྗོད་དེ། བཅོམ་ལྡན་འདས་དགེ་བའི་རྩ་བ་འདིས་ཉན་ཐོས་དང་། རང་

སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ལགས་པའི་རྣམ་པར་སྤྱོད་པ་དམ་པས། བདག་ཅག་རྣམ་པར་སྤྱོད་པར་གྱུར་ཅིག་ཅེས་སྨྲས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་གི་བསམ་པ་ཐུགས་སུ་ཆུད་དེ། དེའི་ཚེ་འཛུམ་པ་མཛད་དོ། །

སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ཀྱིས་ཀྱང་དེ་སྟེ། དེ་ལྟར་འཛུམ་པ་མཛད་པའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས། འདི་ལྟ་སྟེ། འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེལ་

Vol. 28 · folio 62a

དང་དངུལ་གྱི་ཁ་དོག་ལྟ་བུ་རྣམ་པ་སྣ་ཚོགས་བྱུང་སྟེ། དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བས་རྒྱས་པར་བཀང་ནས་ཕྱིར་འདུས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་དུ་གཡས་ཕྱོགས་སུ་བསྐོར་བ་བྱས་ནས།

བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། དེ་ནས་ཚེ་དང་ལྡན་པ་དགའ་བོ་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་དེ།

བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་འཛུམ་པ་མཛད། དེ་སྐད་ཅེས་

གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ་དགེ་སློང་བརྒྱ་དྲུག་ཅུ་བོ་འདི་དག་བསྐལ་པ་དཔེ་སྐར་མ་ལྟ་བུ་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་

སྟེ། མེ་ཏོག་སིལ་མ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤ་སྟག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དགའ་བོ་མེ་ཏོག་སིལ་མ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་དེ་དག་གི་དགེ་སློང་གི་དགེ་འདུན་མཚུངས་པར་འགྱུར། སངས་རྒྱས་ཀྱི་ཞིང་མཚུངས་པར་འགྱུར། ཚེའི་ཚད་ཀྱང་འདི་ལྟ་སྟེ། ལོ་སྟོང་དུ་མཚུངས་པར་འགྱུར་ཏེ། དེ་དག་གང་དང་གང་ནས་མངོན་པར་འབྱུང་བར་འགྱུར་བ་དང་། མངོན་པར་བྱུང་

ནས་རབ་ཏུ་འབྱུང་བ་དང་། རབ་ཏུ་བྱུང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་དང་དེ་དག་ཏུ་མེ་ཏོག་ཁ་དོག་རྣམ་པ་ལྔ་དང་ལྡན་པའི་མེ་ཏོག་གི་ཆར་མངོན་པར་འབབ་པར་འགྱུར་རོ། །དགའ་བོ་དེ་བས་ན་བྱང་ཆུབ་

Vol. 28 · folio 62b

སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་སྤྱོད་པའི་དམ་པས་རྣམ་པར་སྤྱོད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སྤྱད་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་པར་

འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེས་འདི་ལྟར་བདག་ནི་མིའི་ནང་ནས་ཤི་འཕོས་ནས་འདིར་སྐྱེས་པ་

འམ། དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་འདིར་སྐྱེས་པ་སྟེ། མིའི་ནང་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་རྒྱ་ཆེར་ཐོས་པ་འམ། དགའ་ལྡན་གྱི་ལྷའི་རིས་སུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་རྒྱ་ཆེར་ཐོས་པའོ་ཞེས་བྱ་བར་རྟོགས་པར་

རིག་པར་བྱའོ། །དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་དག་དེ་བཞིན་གཤེགས་པས་རྣམ་པར་གཟིགས་པར་བལྟ་སྟེ། དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་

ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཉན་པ་དང་། ཐོས་ནས་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་བ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཟབ་མོ་འདི་སྟོན་ཅིང་རྗེས་སུ་འདོམས་པའི་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེས། བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་པར་

གྱུར། བཟུང་བ་དང་། བཅངས་པ་དང་། བླགས་པ་དང་། ཀུན་ཆུབ་པར་བྱས་པར་གྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་དགེ་བའི་རྩ་བ་མང་པོ་བསྐྱེད་པར་གྱུར་ཏོ་ཞེས་བྱ་བར་རྟོགས་པར་རིག་པར་

Vol. 28 · folio 63a

བྱ་སྟེ། དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེས་བདག་གིས་ནི་ཉན་ཐོས་རྣམས་ལ་དགེ་བའི་རྩ་བ་མ་བསྐྱེད། ཉན་ཐོས་རྣམས་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དགའ་བོ་

རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། དོན་དང་ཆོས་དང་། ཡི་གེ་དང་འཐུན་པར་ཁོང་དུ་ཆུད་པར་བྱེད་ན། དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་

བུ་མོ་དེས་བདག་ལ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་གྱུར་ཏོ་ཞེས་བྱ་བར་རྟོགས་པར་རིག་པར་བྱའོ། །དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བསྟན་པ་ཐོས་ན་

ཕྱིར་མི་ཟློག་ཅིང་ངན་དུ་མི་བརྗོད་ལ་ཐོས་ནས་ཀྱང་མོས་པ་ཐོབ་པར་འགྱུར་ན། དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། དགེ་བའི་གཤེས་གཉེན་གྱིས་ཡོངས་སུ་བཟུང་བར་རིག་པར་བྱའོ། །དགའ་

བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་ལྟ་ཡང་མི་སླུ་སྟེ། ཉན་ཐོས་སམ། རང་སངས་རྒྱས་སམ། སངས་རྒྱས་སུ་འགྱུར་མོད་ཀྱི། འོན་

ཀྱང་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་

གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་

Vol. 28 · folio 63b

དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་

དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་

ལ་སྤྱོད་པས་ནི་ཤིན་དུ་རྟོགས་པར་བྱ་སྟེ། ཤིན་དུ་རྟོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་

ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་དང་། ཡང་དག་པར་

སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་ལ་སྤྱོད་པ་དང་།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པ་ནི་ཉན་ཐོས་སམ། རང་སངས་རྒྱས་སུ་མི་འགྱུར་རོ། །དགའ་བོ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཁྱོད་ལ་གཏད་དེ། དགའ་བོ་གལ་ཏེ་ཁྱོད་ཀྱིས། ངས་ཆོས་གང་ཇི་སྙེད་ཅིག་བཤད་པ་ལས།

ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་གཏོགས་པར་ངས་ཆོས་བསྟན་པ་དེ་དག་ཐམས་ཅད་བཟུང་སྟེ། ཀུན་ཆུབ་པར་བྱས་ནས། དེའི་འོག་ཏུ་ཆུད་གསན་ཏེ་བོར་ཡང་དེ་ཙམ་གྱིས་དགའ་བོ་ཁྱོད་ལ་སྐྱོན་དུ་ངས་མི་བརྩིའི། དགའ་བོ་གལ་ཏེ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་

Vol. 28 · folio 64a

པ་ཟབ་མོ་འདི་བཟུང་སྟེ། ཀུན་ཆུབ་པར་བྱས་ནས། དེའི་འོག་ཏུ་ཆུད་གསན་ཏམ། བོར་བར་གྱུར་ན་དེས་ནི། དགའ་བོ་ཁྱོད་ལ་ངས་སྐྱོན་དུ་གཟུང་ངོ་། །དགའ་བོ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཁྱོད་ལ་གཏད་

ཀྱིས། ཅི་ནས་ཀྱང་གཟུང་བ་དང་། བཅང་བ་དང་། ཀླག་པ་དང་། ཀུན་ཆུབ་པར་བྱ་བ་དང་། ཤིན་དུ་ཡིད་ལ་གཟུང་བར་གྱིས་ཤིག །ལེགས་པར་ཡོངས་སུ་ཟིན་པ་དང་། ལེགས་པར་ཀུན་ཆུབ་པ་དང་། ལེགས་པར་བཅང་བར་གྱིས་ཤིག །ཡི་གེ་དང་། ཚིག་དང་།

འབྲུ་ཤིན་ཏུ་རྫོགས་པ་དང་། ངེས་པའི་ཚིག་ཤིན་དུ་ལེགས་པར་ཟིན་པར་བྱའོ། །དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དེས་ནི།

འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་བཟུང་བར་འགྱུར་རོ། །དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དེས་ནི། འདས་པ་དང་། མ་བྱོན་

པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་འཐུན་པར་ཡོངས་སུ་བཟུང་བར་འགྱུར་རོ། །དགའ་བོ་མངོན་དུ་གྱུར་པར་ང་ལ་གང་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་

མཚན་དང་། བ་དན་གྱིས་རིམ་གྲོར་བྱ་བ་དང་། བཀུར་བསྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་པ་དེས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱའོ། །

ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བཟུང་སྟེ། བཅངས་ནས་བླགས་ཤིང་། ཀུན་ཆུབ་པར་བྱ་སྟེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་གྱིས་རིམ་གྲོར་བྱ། །

Vol. 28 · folio 64b

བཀུར་སྟིར་བྱ། བསྟི་སྟང་དུ་བྱ། མཆོད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་དང་། མཆོད་པ་བྱས་ན་དེས་ནི་ང་ཡང་མཆོད་པར་འགྱུར། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་

བཅོམ་ལྡན་འདས་རྣམས་ཀྱང་མཆོད་པར་འགྱུར་རོ། །དགའ་བོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བསྟན་པ་ལ་རིམ་གྲོ་དང་། དགའ་བ་དང་། མོས་པ་བསྐྱེད་པ་དེས་ནི། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་

རྣམས་ལ་རིམ་གྲོ་དང་། དགའ་བ་དང་། མོས་པ་བསྐྱེད་པར་འགྱུར་རོ། །དགའ་བོ་གལ་ཏེ་ཁྱོད་ལ་ང་སྡུག་ཅིང་ཡིད་དུ་འོང་བས་ཡོངས་སུ་མ་བཏང་ཞེ་ན། དགའ་བོ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྡུག་པ་དང་། ཡིད་དུ་འོང་བ་དང་། ཡོངས་སུ་མི་བཏང་བ་གྱིས་

ཤིག །ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལས་ཚིག་འགའ་ཡང་ཁྱོད་ཀྱིས་ཆུད་མ་ཟོས་པར་གྱིས་ཤིག །དགའ་བོ་ངས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་གཏང་བར་བརྩམས་ཏེ། ཁྱོད་ལ་ཤིན་དུ་མང་དུ་བསྟན་པ་ཡང་མདོར་ན། དགའ་བོ་

ཁྱོད་ལ་ང་ཇི་ལྟར་སྟོན་པར་གྱུར་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡང་ཁྱོད་ཀྱི་སྟོན་པ་ཡིན་གྱི། དགའ་བོ་དེ་བས་ན་ངས་ཁྱོད་ལ་ཚད་མེད་པར་གཏད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་གཏད་དེ། དགའ་བོ་དེ་བས་ན་ལྷ་དང་མི་དང་ལྷ་

མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མདུན་དུ་བརྗོད་དེ། སུས་སངས་རྒྱས་ཡོངས་སུ་མ་བཏང་བ་དང་། ཆོས་ཡོངས་སུ་མ་བཏང་བ་དང་། དགེ་འདུན་ཡོངས་སུ་མ་བཏང་བ་དང་། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་

ཡོངས་སུ་མ་བཏང་བ་དང་། འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཡོངས་སུ་མ་བཏང་བ་དེས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡོངས་སུ་བཏང་བར་མི་བྱ་སྟེ། འདི་ནི་ངའི་གདམས་ངག་གོ །དགའ་བོ་རིགས་

Vol. 28 · folio 65a

ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། འཕེལ་བར་བྱེད་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། གཞན་ལ་ཡང་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྣམ་གྲངས་དུ་མར་རྒྱ་ཆེར་འཆད་པ་དང་། སྟོན་པ་དང་རབ་ཏུ་སྟོན་པ་དང་། ཤེས་པར་བྱེད་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་

ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། དགའ་བོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བྱུང་བ་ནི། སངས་རྒྱས་བཅོམ་ལྡན་འདས་

རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དགའ་བོ་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་ལས་བྱུང་ངོ་། །དགའ་བོ་མ་འོངས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་ལས་འབྱུང་བར་འགྱུར་རོ། །དགའ་བོ་ད་ལྟར་བྱུང་བའི་དུས་ན་ཤར་ཕྱོགས་དང་། ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་སྟེང་གི་འཇིག་རྟེན་གྱི་ཁམས་གྲངས་མེད་

ཚད་མེད་དཔག་ཏུ་མེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

Vol. 28 · folio 65b

ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་ལས་བྱུང་ངོ་། །དགའ་བོ་དེ་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང་། ཕ་རོལ་དུ་ཕྱིན་པ་དྲུག་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་

རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བོ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མ་སྟེ་སྐྱེད་པར་བྱེད་པའོ། །དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་གང་ཕ་རོལ་དུ་ཕྱིན་པ་དྲུག་ལ་སློབ་པ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་ཏེ། དགའ་བོ་དེ་བས་ན་ཁྱོད་ལ་ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་ཡང་དང་ཡང་ཡོངས་སུ་གཏད་དོ། །རྗེས་སུ་གཏད་དོ། །དེ་ཅིའི་ཕྱིར་ཞེ་ན། དགའ་

བོ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་མཛོད་དེ། འདི་ལྟར་ཕ་རོལ་དུ་ཕྱིན་པ་དྲུག་གི་མཛོད་ནི་ཟད་མི་ཤེས་པའི་ཆོས་ཀྱི་མཛོད་དོ། །དགའ་བོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་

དཔག་ཏུ་མེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཕ་རོལ་དུ་ཕྱིན་པ་དྲུག་གི་མཛོད་འདི་ལས་ཆོས་སྟོན་ཏོ། །དགའ་

བོ་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བ་དེ་དག་ཀྱང་ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་ལ་བསླབས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་

སངས་རྒྱས་ཏེ་ཆོས་སྟོན་ཏོ། །དགའ་བོ་མ་འོངས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བ་དེ་དག་ཀྱང་ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་ལ་བསླབས་ཏེ། བླ་ན་མེད་པ་ཡང་དག་པར་

Vol. 28 · folio 66a

རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཆོས་ཀྱང་སྟོན་པར་འགྱུར་རོ། །དགའ་བོ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉན་ཐོས་གང་ཇི་སྙེད་ཅིག་

ཡོད་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་བསླབས་ཏེ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །ཡོངས་སུ་མྱ་ངན་ལས་འདའོ། །ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དགའ་བོ་གལ་ཏེ་ཁྱོད་ཀྱིས་གང་ཟག་ཉན་ཐོས་ཀྱི་ཐེགས་པ་པ་

རྣམས་ལ་ཉན་ཐོས་ཀྱིས་བརྩམས་ཏེ། ཆོས་བསྟན་པའི་ཆོས་བསྟན་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པར་གྱུར་ཀྱང་། ད་རུང་ཉན་ཐོས་ཁྱོད་ཀྱིས་ངའི་

ཉན་ཐོས་ཀྱི་བྱ་བ་བྱས་པར་མི་འགྱུར་གྱི། དགའ་བོ་གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ལྡན་པའི་ཚིག་འགའ་ཞིག་བརྗོད་དེ་བསྟན་ན། ཉན་ཐོས་ཁྱོད་ཀྱིས་ང་དགྱེས་པར་བྱས་པ་ཡིན་

ཏེ། ཉན་ཐོས་ཀྱིས་ཉན་ཐོས་ཀྱི་བྱ་བ་བྱས་པར་འགྱུར་རོ། །དགའ་བོ་དེ་ཇི་སྙམ་དུ་སེམས། ཆོས་བསྟན་པ་སྔ་མ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་དགྲ་བཅོམ་

པ་ཉིད་མངོན་དུ་བྱེད་པར་གྱུར་ན། དགྲ་བཅོམ་པ་དེ་དག་གི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དེ་དག་མང་ངམ། གསོལ་པ། །

བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་དེ་བས་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཆུང་ངུ་ན་ཉི་མ་གཅིག་ཅིག་ཤེས་རབ་ཀྱི་

Vol. 28 · folio 66b

ཕ་རོལ་དུ་ཕྱིན་པ་དང་ལྡན་པའི་ཆོས་སྟོན་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་བར་འགྱུར་རོ། །དགའ་བོ་ཉིན་གཅིག་ལྟ་ཞོག་གི །གལ་ཏེ་ཉི་མ་ཕྱེད་དམ། དགའ་བོ་ཉི་མ་ཕྱེད་ལྟ་ཞོག་གི །གལ་ཏེ་སྔ་དྲོ་གཅིག་གམ། དགའ་བོ་སྔ་དྲོ་གཅིག་ལྟ་ཞོག་གི །

གལ་ཏེ་ཆུ་ཚོད་གཅིག་ཙམ་འམ། དགའ་བོ་ཆུ་ཚོད་གཅིག་ཙམ་ལྟ་ཞོག་གི །གལ་ཏེ་སྐད་འགའ་ཡུད་འགའ་ཐང་འགའ་ཞིག་གང་ཟག་ཉན་ཐོས་ཀྱི་ཐེག་པ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་

པའི་ཆོས་བསྟན་ན། དགའ་བོ་དེའི་བསོད་ནམས་ནི་ཆེས་མང་དུ་འཕེལ་བར་འགྱུར་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་དེས་ཟིལ་གྱིས་ནོན་པར་འགྱུར་རོ། །དགའ་

བོ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ལ་ཆུང་ངུ་ན་ཉི་མ་གཅིག་གམ། ཉི་མ་ཕྱེད་དམ་སྔ་དྲོ་གཅིག་གམ། ཆུ་ཚོད་གཅིག་ཙམ་འམ། སྐད་འགའ་ཡུད་འགའ་ཐང་འགའ་ཞིག་ཤེས་རབ་

ཀྱི་ཕ་རོལ་དུ་ཕྱིན་པ་དང་ལྡན་པའི་ཆོས་སྟོན་ན། དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟིལ་གྱིས་ནོན་པར་འགྱུར་ཏེ།

དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ལ། གཞན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་ཞིང་། ཡང་དག་པར་

དགའ་བར་བྱེད་པ་ཡིན། ཡང་དག་པར་སྤྲོ་བར་བྱེད་པ་ཡིན། ཡང་དག་པར་གཞོག་པ་ཡིན། ཡང་དག་པར་འགོད་པ་ཡིན་ཏེ། དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་

Vol. 28 · folio 67a

པ་བཞི་ལ་སྤྱོད་པ་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང་། འཕགས་

པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་

དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་

ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པའི་དགེ་བའི་རྩ་བ་མང་པོས་རྣམ་པར་འཕེལ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམ་པའི་གནས་མེད་སྐབས་མེད་དེ་དེ་ནི་གནས་མ་

ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བཤད་པའི་ཚེ། བཅོམ་ལྡན་འདས་ཀྱིས་འཁོར་བཞི་དང་། ལྷ་དང་མི་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་ལྟར་འཁོད་པ་

རྣམས་ཀྱི་མདུན་དུ་རྫུ་འཕྲུལ་མངོན་པར་འདུ་མཛད་པ་གང་མངོན་པར་འདུ་མཛད་པས། ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་འཁོར་རྒྱ་མཚོ་ལྟ་བུ་འཁྲུག་པ་མེད་པ་ཀུན་ཀྱང་དགྲ་བཅོམ་

པ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ་དབང་དུ་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ་བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་སྦྱོར་བ་

Vol. 28 · folio 67b

ཡོངས་སུ་ཟད་པ་བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཐམས་ཅད་ལ་དབང་དམ་པའི་ཕ་རོལ་དུ་ཕྱིན་པ་ཐོབ་པ་ཤ་སྟག་གི །དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་གིས་ཀུན་ནས་བསྐོར་

ཅིང་མདུན་དུ་བདར་བ་མཐོང་བར་གྱུར་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་ཕྱིར་བརྟུལ་བར་གྱུར་ཏེ། རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་ཕྱིར་

བརྟུལ་བར་གྱུར་ནས། འཁོར་བཞི་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཡང་མ་མཐོང་། གང་ཟག་ཉན་ཐོས་སམ། བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་དག་ཀྱང་མ་མཐོང་ངོ་། །

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་དེའི་ཞིང་ཡང་མ་མཐོང་ངོ་། །སངས་རྒྱས་ལ་སྩོགས་པ་དགེ་སློང་གི་དགེ་འདུན་ཡང་མིག་ལམ་ན་མི་སྣང་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། རྫུ་འཕྲུལ་མངོན་པར་འདུ་མཛད་པ་ཕྱིར་བརྟུལ་བ་མཛད་པས། དེའི་ཕྱིར་དེ་དག་གིས་མི་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་

སྩལ་པ། དགའ་བོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དེ་དང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དང་། དགེ་སློང་གི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་དགེ་འདུན་མཐོང་ངམ།

གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་དེ་ཡང་མ་མཐོང་། དེ་བཞིན་གཤེགས་པ་དེ་ཡང་མ་མཐོང་། དགེ་སློང་གི་དགེ་འདུན་དེ་ཡང་མ་མཐོང་། བྱང་ཆུབ་སེམས་དཔའི་དགེ་འདུན་དེ་ཡང་མ་མཐོང་སྟེ། མིག་ལམ་དུ་ཡང་མི་གདའོ། །བཅོམ་ལྡན་

Vol. 28 · folio 68a

འདས་ཀྱིས་བཀའ་སྩལ་པ། དགའ་བོ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མིག་ལམ་དུ་སྣང་བ་མ་ཡིན་ཏེ། ཆོས་ལ་ཆོས་སྣང་བར་མི་འགྱུར། ཆོས་ཀྱིས་ཆོས་མི་མཐོང་། ཆོས་ཀྱིས་ཆོས་མི་ཤེས་སོ། །དགའ་བོ་ཇི་ལྟར་

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དང་། ཉན་ཐོས་དེ་དག་དང་། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་དག་དང་། སངས་རྒྱས་ཀྱི་ཞིང་དེ་དག་མིག་ལམ་དུ་སྣང་བར་མ་གྱུར་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མིག་ལམ་དུ་སྣང་བ་

མ་ཡིན་ཏེ། ཆོས་ལ་ཆོས་སྣང་བར་མི་འགྱུར། ཆོས་ཀྱིས་ཆོས་མི་མཐོང་། ཆོས་ཀྱིས་ཆོས་མི་ཤེས་སོ། །དགའ་བོ་ཆོས་ཐམས་ཅད་ནི་ཤེས་པ་མེད་པ། མཐོང་བ་མེད་པ། བྱེད་པ་མེད་པ། བྱ་བ་ལ་མཐུ་མེད་པ་ཤ་སྟག་སྟེ། དེ་ཅིའི་ཕྱིར་ཞེ་ན། དགའ་

བོ་ཆོས་ཐམས་ཅད་ནི་ནམ་མཁའ་ལྟར་བྱེད་པ་མེད་པས། བྱེད་པ་མེད་ཅིང་འཛིན་པ་མེད་པའོ། །དགའ་བོ་ཆོས་ཐམས་ཅད་ནི་སྒྱུ་མའི་སྐྱེས་བུ་ལྟ་བུ་སྟེ། བསམ་གྱིས་མི་ཁྱབ་པའོ། །དགའ་བོ་ཆོས་ཐམས་ཅད་ནི་སེམས་དང་བྲལ་ཞིང་རྣམ་པར་བསྒྲུབས་པས་སོ་སོར་

གནས་པའི་མཚན་ཉིད་མེད་དེ་སྙིང་པོ་མེད་པའི་ཕྱིར་ཚོར་བ་མེད་པའོ། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་སྟེ། ཆོས་གང་ལ་ཡང་མངོན་པར་ཆགས་པ་མེད་དོ། །དགའ་བོ་དེ་ལྟར་སློབ་པའི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་ལྟར་སློབ་

པ་ནི་རབ་ཅེས་བྱའོ། །གཙོ་བོ་ཞེས་བྱའོ། །མཆོག་ཅེས་བྱའོ། །དམ་པ་ཞེས་བྱའོ། །ཕུལ་ཞེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་ན་མེད་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ། །མཉམ་པ་མེད་པ་ཞེས་བྱའོ། །མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །

Vol. 28 · folio 68b

འཇིག་རྟེན་ཐམས་ཅད་ལ་ཕན་པ། འཇིག་རྟེན་ཐམས་ཅད་ལ་བདེ་བ། མགོན་མེད་པ་རྣམས་ཀྱི་མགོན་དུ་གྱུར་པ། སངས་རྒྱས་ཀྱིས་གནང་བ། སངས་རྒྱས་ཀྱིས་བསྔགས་པ་སྟེ། དེ་ལ་གནས་ཤིང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་རྣམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཕྱག་གཡས་པས་གྱེན་དུ་བཏེག་ཅིང་ཕྱིར་གཞོག་ཀྱང་སེམས་ཅན་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་བཏེག་གོ་ཞེས་བྱ་བ་དང་། བཞག་གོ་ཞེས་བྱ་བར་

མི་ཤེས་པའོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ཉིད་ལ་བསླབས་པས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ལ་ཐོགས་པ་མི་མངའ་བའི་ཡེ་ཤེས་

གཟིགས་པ་གྲུབ་པ་ཡིན་ཏེ། དགའ་བོ་བསླབ་པ་གང་ཇི་སྙེད་ཅིག་ཡོད་པའི་བསླབ་པ་ཐམས་ཅད་ཀྱི་ནང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ནི་རབ་ཅེས་བྱའོ། །གཙོ་བོ་ཞེས་བྱའོ། །མཆོག་ཅེས་བྱའོ། །དམ་པ་ཞེས་བྱའོ། །ཕུལ་ཞེས་

བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་ན་མེད་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ། །མཉམ་པ་མེད་པ་ཞེས་བྱའོ། །མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །དགའ་བོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཚད་གཟུང་བ་འམ། མཐའ་བཙལ་བར་

འདོད་པ་དེ་ནི། ནམ་མཁའ་ལ་ཚད་གཟུང་བ་དང་མཐའ་བཙལ་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཚད་མེད་པ་སྟེ། དགའ་བོ་ངས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཚད་དུ་བསྟན་པ་མེད་དོ། །མིང་མང་

པོ་དང་། ཚིག་མང་པོ་དང་། འབྲུ་མང་པོ་ལ་ནི་ཚད་ཡོད་ཀྱི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནི་ཚད་མེད་དོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཚད་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

Vol. 28 · folio 69a

པ། དགའ་བོ་མི་ཟད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཚད་མེད་དོ། །དགའ་བོ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཚད་མེད་དོ། །དགའ་བོ་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལས་བྱུང་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟད་པར་མ་གྱུར་ཏོ། །དགའ་བོ་མ་འོངས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་

ཇི་སྙེད་ཅིག་འབྱུང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལས་འབྱུང་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟད་པར་འགྱུར་བ་མེད་དོ། །དགའ་བོ་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་

རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལས་བྱུང་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བོ་ཤེས་རབ་ཀྱི་

ཕ་རོལ་དུ་ཕྱིན་པ་ཟད་པར་བྱ་བར་སེམས་པ་དེ་ནི་ནམ་མཁའ་ཟད་པར་བྱ་བར་སེམས་སུ་ཟད་དེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་།

བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་

ཉིད་ཀྱི་བར་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་

Vol. 28 · folio 69b

པའི་ལམ་ཡན་ལག་བརྒྱད་པ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་

པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་

པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །ཆོས་དེ་དག་ལ་ནི་སྐྱེ་བ་ཡང་མེད་ན། དེ་དག་ཟད་པར་འགྱུར་བ་

ལྟ་ག་ལ་ཡོད། དེ་ནས་བཅོམ་ལྡན་འདས་ཀྱིས་ལྗགས་ཀྱི་དབང་པོ་བཀྲམ་སྟེ། ཞལ་གྱི་དཀྱིལ་འཁོར་ཐམས་ཅད་ལྗགས་ཀྱི་དབང་པོས་ཡོངས་སུ་བཀབ་ནས། ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་དེ་ཇི་སྙམ་དུ་སེམས། ལྕེའི་དབང་པོ་

འདི་ལྟ་བུ་དང་ལྡན་པ་ལོག་པར་སྨྲ་བ་འམ་གཞན་དུ་སྨྲ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་འདི་འཁོར་བཞི་ལ་རྒྱ་ཆེར་སྟོན་ཅིག །རྗོད་ཅིག་སྒྲོགས་ཤིག་ཤོད་ཅིག་ཁོད་ཅིག་རབ་ཏུ་ཁོད་ཅིག །ཁྲོལ་ཅིག་རྣམ་པར་ཕྱེ་ཞིག །གསལ་བར་གྱིས་ཤིག །ཡང་དག་པར་སྟོན་ཅིག །དགའ་བོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལས་གང་ལ་ཉན་

ཐོས་ཀྱི་ཐེག་པ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དང་། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པས་བསླབ་པར་བྱ་བ་དང་། གང་ལ་ཇི་ལྟར་བསྟན་པ་བཞིན་དུ་བསླབས་པས་རང་རང་གི་ས་ལ་གནས་པར་འགྱུར་བའི་ཆོས་ཐམས་ཅད་རྒྱ་ཆེར་བསྟན་

Vol. 28 · folio 70a

ཏེ། དགའ་བོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི་ཡི་གེ་ཐམས་ཅད་ལ་འཇུག་པའོ། །དགའ་བོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི་གཟུངས་ཀྱི་སྒོ་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་

པར་བྱ་བའི་གཟུངས་ཐམས་ཅད་ཀྱི་སྒོ་ཡིན་ཏེ། གཟུངས་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་སྤོབས་པ་དང་། སོ་སོ་ཡང་དག་པར་རིག་པའི་སྒོ་ཐམས་ཅད་མངོན་དུ་འགྱུར་རོ། །དགའ་བོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་

པ་འདི་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་མི་ཟད་པའི་མཛོད་ངས་བཤད་པའོ། །དགའ་བོ་དེ་བས་ན་ཁྱོད་ཀྱིས་ཡིད་ཆེས་པ་དང་། ཁོང་དུ་ཆུད་པར་བྱ་སྟེ། གང་ཤེས་རབ་ཀྱི་ཕ་རོལ་

དུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་འཛིན་པ་ཡིན་ཏེ། དགའ་བོ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་

ཕྱིན་པའི་གཟུངས་གང་བཟུང་བས། ཆོས་ཐམས་ཅད་གཟུང་བར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཟུངས་ངས་བསྟན་པ་ནི་འདི་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་ལྔ་བཅུ་པའོ།། །།

།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་ལྔ་བཅུ་བདུན་པ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་འདི་སྙམ་དུ་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་ཟབ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱང་ཟབ་ན། བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དེ་དྲིའོ་སྙམ་སྟེ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་

Vol. 28 · folio 70b

རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་མི་བས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་མི་ཟད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མི་ཟད་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་

པར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མི་ཟད་པས་ཤེས་རབ་

ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་མི་ཟད་པས་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མི་ཟད་པས་ཤེས་

རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ནང་སྟོང་པ་ཉིད་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་

པར་བྱའོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་

པའི་ལམ་ཡན་ལག་བརྒྱད་པ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་

Vol. 28 · folio 71a

ཐར་པ་དང་། མཐར་གྱི་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་

པར་བསྒྲུབ་པར་བྱའོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་གཞན་ཡང་གཟུགས་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་

བྱའོ། །རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྐྱེ་མཆེད་དང་།

ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནམ་མཁའ་ལྟར་ཟད་མི་ཤེས་

པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་

ནམ་མཁའ་ལྟར་ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ནང་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་

Vol. 28 · folio 71b

དུ་ནམ་མཁའ་ལྟར་ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་

པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་འཕགས་པའི་བདེན་པ་དང་། བསམ་གཏན་དང་།

ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ནམ་

མཁའ་ལྟར་ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནམ་མཁའ་ལྟར་ཟད་མི་ཤེས་

པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ནམ་མཁའ་ལྟར་ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་གཞན་ཡང་མ་རིག་པ་

ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་འདུ་བྱེད་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་

ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་རྣམ་པར་ཤེས་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་མིང་དང་གཟུགས་ནམ་མཁའ་

Vol. 28 · folio 72a

ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྐྱེ་མཆེད་དྲུག་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་རེག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ཚོར་

བ་ནམ་མཁའ་ལྟར་ཟད་མི་ཤེས་པས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྲེད་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་

ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ལེན་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྲིད་པ་ནམ་མཁའ་ལྟར་

ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྐྱེ་བ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་

ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་

རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྟེན་ཅིང་

Vol. 28 · folio 72b

འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བ་དང་། ཤིན་དུ་རྣམ་པར་སྤང་བ་ལ་རྣམ་པར་ལྟ་བ་སྟེ། གང་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་པོ་བྱང་ཆུབ་ལ་འདུག་པའི་མ་འདྲེས་པའི་ཆོས་ཏེ། དེ་

ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བ་དེས་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་འགྱུར་རོ། །རབ་འབྱོར་གང་ལ་ལ་ནམ་མཁའ་ལྟར་ཟད་མི་ཤེས་པས་མངོན་པར་བསྒྲུབ་པ་འདིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་

ཅིང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བ་དེ་ནི། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་མི་འགྱུར་ཏེ། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་འགྱུར་རོ། །རབ་འབྱོར་གང་ཟག་བྱང་ཆུབ་སེམས་

དཔའི་ཐེག་པ་པ་གང་ཕྱིར་ལྡོག་པ་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡིད་ལ་བྱ་བ་འདི་ལ་མ་བརྟེན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ནམ་མཁའ་ལྟར་ཟད་མི་ཤེས་པས་མངོན་

པར་བསྒྲུབ་པས་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་བལྟ་བར་བྱ་བ་དང་། མངོན་པར་བསྒྲུབ་པར་བྱ་བ་མི་ཤེས་པས་ཕྱིར་ལྡོག་གོ །རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཕྱིར་ལྡོག་པ་དེ་དག་ཐམས་ཅད་ནི་ཐབས་མཁས་པ་འདི་ལ་མ་རྟེན་པས་

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་གོ །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་བརྟེན་

པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་སྟེ། དེ་ལྟར་ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནམ་མཁའ་ལྟར་ཟད་མི་ཤེས་པ་མངོན་པར་བསྒྲུབ་པས་

Vol. 28 · folio 73a

ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་བལྟ་བར་བྱ། མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་བལྟ་བས་ནི། ཆོས་གང་ཡང་རྒྱུ་མེད་

པ་ལས་བྱུང་བར་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་གང་ཡང་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་གང་ཡང་འགག་པར་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་གང་ཡང་བདག་དང་། སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་སྐྱེས་

བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་པོ་དང་། སློང་བ་པོ་དང་། ཡོངས་སུ་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་དུ་འཇུག་པ་པོ་དང་། ཤེས་པ་པོ་དང་། ལྟ་བ་པོར་ཡང་དག་པར་རྗེས་སུ་མི་མཐོང་། རྟག་པ་དང་།

མི་རྟག་པ་དང་། བདེ་བ་དང་སྡུག་བསྔལ་བ་དང་། བདག་དང་བདག་མེད་པ་དང་། ཞི་བ་དང་། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟེན་ཅིང་

འབྲེལ་པར་འབྱུང་བ་རྣམ་པར་བལྟ་བར་བྱའོ། །རབ་འབྱོར་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དེའི་ཚེ། གཟུགས་རྟག་པ་འམ། མི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ། བདག་ཡོད་

པ་འམ། བདག་མེད་པ་འམ། ཞི་བ་འམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྟག་པ་འམ། མི་རྟག་པ་འམ། བདེ་བ་འམ། སྡུག་བསྔལ་བ་འམ། བདག་ཡོད་པ་འམ། བདག་མེད་

པ་འམ། ཞི་བ་འམ་མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྟག་པ་འམ། མི་རྟག་པ་འམ། བདེ་བ་འམ། སྡུག་བསྔལ་བ་འམ། བདག་ཡོད་པ་འམ། བདག་མེད་པ་འམ། ཞི་བའ་མ་མ་ཞི་

Vol. 28 · folio 73b

བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྟག་པ་འམ། མི་རྟག་པ་འམ། བདེ་བ་འམ། སྡུག་བསྔལ་བ་འམ། བདག་ཡོད་པ་འམ། བདག་

མེད་པ་འམ། ཞི་བ་འམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་

དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། མངོན་པར་ཤེས་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྟག་པ་འམ། མི་རྟག་པ་འམ།

བདེ་བ་འམ། སྡུག་བསྔལ་བ་འམ། བདག་ཡོད་པ་འམ། བདག་མེད་པ་འམ། ཞི་བ་འམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྟག་པ་འམ། མི་རྟག་པ་འམ། བདེ་བ་འམ། སྡུག་བསྔལ་བ་འམ།

བདག་ཡོད་པ་འམ། བདག་མེད་པ་འམ། ཞི་བ་འམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་

དུ་ཕྱིན་པ་དང་། ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་

ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་

Vol. 28 · folio 74a

དག་པར་རྗེས་སུ་མི་མཐོང་ངོ་། །ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དངོས་པོ་མེད་པའི་ངོ་བོ་ཉིད་

སྟོང་པ་ཉིད་ཀྱི་བར་ལ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་

གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་

ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་

མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་གཟུངས་ཀྱི་སྒོ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་

གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་

པར་རྗེས་སུ་མི་མཐོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་གང་གིས་

Vol. 28 · folio 74b

བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤང་བར་བྱ་བ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བྱའོ། །རབ་

འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དེའི་ཚེ། བདུད་སྡིག་ཏོ་ཅན་མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཞིག་ཕ་མ་

འཆི་བའི་དུས་བྱས་པར་གྱུར་ན། མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་ཏེ། མྱ་ངན་གྱི་ཟུག་རྔུ་མི་བཟད་པ་དང་ལྡན་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་སྤྱོད་པའི་ཚེ། བདུད་སྡིག་ཏོ་ཅན་མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་ཏེ། མྱ་ངན་གྱི་ཟུག་རྔུ་མི་བཟད་པ་དང་ལྡན་པར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ་ཅི་ལགས། བཅོམ་ལྡན་འདས་བདུད་སྡིག་ཏོ་ཅན་གཅིག་འགའ་ཞིག་མྱ་ངན་གྱི་ཟུག་རྔུ་

མི་བཟད་པས་ཟུག་པར་འགྱུར་རམ། འོན་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། བདུད་སྡིག་ཏོ་ཅན་གང་ཇི་སྙེད་ཅིག་མཆིས་པ་དེ་དག་ཐམས་ཅད་མྱ་ངན་གྱི་ཟུག་རྔུ་མི་བཟད་པས་ཟུག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། རབ་འབྱོར་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་པའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། བདུད་སྡིག་ཏོ་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་

ཐམས་ཅད་མྱ་ངན་གྱི་ཟུག་རྔུ་མི་བཟད་པས་ཟུག་པར་འགྱུར་ཏེ། རང་རང་གི་སྟན་ལ་འདུག་མི་འདོད་དོ། །དེ་ལྟར་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་གང་གི་ཕྱིར་དེ་

Vol. 28 · folio 75a

བཟུང་ཞིང་ཕྱིར་བཟློག་པའི་གླགས་མི་རྙེད་གཏིང་མི་རྙེད་དོ། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་

ཀྱི་ཕ་རོལ་དུ་ཕྱིན་པ་ལ་རྣམ་པར་སྤྱོད་པས་རྣམ་པར་སྤྱད་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་

ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་

ཕྱིན་པ་ལ་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་དུ་ཕྱིན་པ་ཐམས་ཅད་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་

ཏོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་

ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་སྦྱིན་པ་དེ་དག་ཡོངས་སུ་གཏོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་དུ་

Vol. 28 · folio 75b

ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཚུལ་ཁྲིམས་སྲུང་བའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་ཚུལ་ཁྲིམས་དེ་དག་སྲུང་སྟེ། དེ་ལྟར་ན་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །

རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་བསྒྲུབ་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

དུ་ཡོངས་སུ་བསྔོ་ཞིང་བཟོད་པ་དེ་བསྒོམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་རྩོམ་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་བརྩོན་འགྲུས་དེ་བརྩམ་སྟེ།

རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ཡོངས་

སུ་རྫོགས་པར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ལ་སྙོམས་པར་འཇུག་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་བསམ་གཏན་དེ་དག་ལ་སྙོམས་པར་འཇུག་སྟེ། རབ་འབྱོར་དེ་ལྟར་

Vol. 28 · folio 76a

ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་

བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་ཤེས་རབ་དེ་བསྒོམ་སྟེ། རབ་འབྱོར་དེ་

ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་

པ་ཡོངས་སུ་གཏོང་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའི་ཚེ། སེམས་ཅན་རྣམས་ལ་བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཉེ་བར་གནས་པར་འགྱུར་ཏེ། དེའི་ཚེ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་དུ་ཕྱིན་

པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། ལེན་པ་རྣམས་གཤེ་ཞིང་འཁྱལ་ལ་ཚུལ་མ་ཡིན་པའི་ཚིག་རྩུབ་པོས་མི་

Vol. 28 · folio 76b

སྙན་པར་བརྗོད་ཀྱང་། དེ་དེ་དག་ལ་གནོད་པའི་སེམས་མི་སྐྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་

ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། ལེན་པ་དེ་དག་གཤེ་ཞིང་འཁྱལ་ལ་ཚུལ་མ་ཡིན་པའི་ཚིག་རྩུབ་པོས་མི་སྙན་པར་བརྗོད་དོ། དེ་ལྟར་སྤྱོ་བ་དང་། ཀྱལ་པ་དང་། ཚུལ་མ་ཡིན་པའི་ཚིག་རྩུབ་པོས་མི་སྙན་པར་བརྗོད་ཀྱང་སྦྱིན་པའི་

བློ་དང་ཡོངས་སུ་གཏོང་བའི་བློ་ཉིད་དུ་འགྱུར་ཏེ། བདག་གིས་ནི་སྦྱིན་པ་ཡོངས་སུ་གཏང་བར་བྱ་སྟེ། བདག་གིས་སྦྱིན་པ་ཡོངས་སུ་མི་གཏང་བར་མི་བྱའོ་ཞེས་དེ་ལུས་དང་སེམས་ཀྱིས་བརྩོན་འགྲུས་སྐྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་བསམ་གཏན་གྱི་

ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོའི། གཞན་

དུ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དེའི་སེམས་འཇུག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་

Vol. 28 · folio 77a

འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས་སྦྱིན་པ་ཡོངས་སུ་གཏོང་ཞིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་ཞིང་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། དེ་རྟག་ཏུ་སྦྱིན་པ་ལ་སྒྱུ་མའི་བློ་ཉེ་བར་གནས་ཤིང་སྦྱིན་པ་དེས་སེམས་ཅན་གང་ལ་ཡང་ཕན་པ་འམ་མི་ཕན་པར་གྱུར་པ་མི་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་ལྔ་བཅུ་གཅིག་པའོ།། །།

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་

འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པ་ནི། ལུས་སམ། ངག་གམ། སེམས་ཀྱི་སྡོམ་པ་གང་ཡང་རུང་སྟེ།

སྡོམ་པ་དེས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལ་རེག་པར་མི་བྱེད་དེ། དེ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ཀྱི་སྲོག་མི་གཅོད་དོ། །མ་བྱིན་པར་མི་ལེན་ཏོ། །འདོད་པས་ལོག་པར་མི་གཡེམ་མོ། །བརྫུན་

གྱི་ཚིག་མི་སྨྲའོ། །ཕྲ་མའི་ཚིག་མི་སྨྲའོ། །ཞེ་གཅོད་པའི་ཚིག་རྩུབ་པོ་མི་སྨྲའོ། །ཚིག་ཀྱལ་པ་མི་སྨྲའོ། །ཆགས་སེམས་སུ་མི་བྱེད་དོ། །གནོད་སེམས་སུ་མི་བྱེད་དོ། །ལོག་པར་མི་ལྟའོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ལ་

Vol. 28 · folio 77b

གནས་ཤིང་། ཟས་འདོད་པ་ལ་ཟས། སྐོམ་འདོད་པ་ལ་སྐོམ། བཞོན་པ་འདོད་པ་ལ་བཞོན་པ། གོས་འདོད་པ་ལ་གོས། མེ་ཏོག་འདོད་པ་ལ་མེ་ཏོག། །ཕྲེང་བ་འདོད་པ་ལ་ཕྲེང་བ། སྤོས་འདོད་པ་ལ་སྤོས། བྱུག་པ་འདོད་པ་ལ་བྱུག་པ། མལ་ཆ་འདོད་པ་ལ་

མལ་ཆ། གནས་འདོད་པ་ལ་གནས། འཚོ་བ་འདོད་པ་ལ་འཚོ་བ། ཡོ་བྱད་འདོད་པ་ལ་ཡོ་བྱད་ཡོངས་སུ་གཏོང་བ་ནས། མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་འདོད་པ་རྣམས་ལ་མིའི་ཡོ་བྱད་གང་ཅི་ཡང་རུང་བ་དག་ཡོངས་སུ་གཏོང་ཞིང་། སྦྱིན་པ་དེ་ལྟར་གཏོང་

བའི་ཚེ། སྦྱིན་པ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་ཡང་ཅི་ནས་ཀྱང་བསྔོ་བ་དེས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་སྟེ།

རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་

རོལ་དུ་ཕྱིན་པ་ལ་གནས་པའི་དྲུང་དུ་སེམས་ཅན་ཐམས་ཅད་ལྷགས་ནས་ཡན་ལག་དང་། ཉིང་ལག་རྣམས་གཅད་གཏུབས་ཏེ་དོང་ཡང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁྲུག་པ་མེད་དེ། གནོད་པའི་སེམས་གཅིག་ཀྱང་མི་སྐྱེད་དོ། །

གཞན་དུ་ན་དེ་འདི་སྙམ་དུ་སེམས་ཏེ། དེ་ལྟར་སེམས་ཅན་ཐམས་ཅད་ཀྱིས་བདག་གི་ཡན་ལག་དང་། ཉིང་ལག་རྣམས་གཅད་གཏུབས་ཏེ། དོང་བ་ནི་བདག་གིས་ཐོབ་པར་བྱ་བ་ལེགས་པར་ཐོབ་བོ། །བདག་གི་ལུས་རུལ་བ་འདི་ཡོངས་སུ་བཏང་བས་དེ་

Vol. 28 · folio 78a

བཞིན་གཤེགས་པའི་སྐུ་ལྷ་རྫས་ཀྱི་རྡོ་རྗེ་ལས་བྱུང་བ་ཐོབ་པར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་

ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་

འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་ཐམས་ཅད་བདག་གིས་འཁོར་བ་ལས་བསྒྲལ་ཏེ། འཆི་བ་མེད་པའི་དབྱིངས་སུ་དགོད་པར་བྱའོ་ཞེས་ལུས་དང་སེམས་ཀྱི་བརྩོན་འགྲུས་ཉམ་པར་

མི་བྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། ཅི་ནས་ཀྱང་གང་ཡོངས་སུ་བསྔོ་བ་དང་། ཅི་ཡོངས་སུ་བསྔོ་བ་དང་། གང་ལ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གསུམ་དུ་མི་འགྱུར་བ་དེ་ལྟར་ཡོངས་སུ་

བསྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་

དང་པོ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་བར་ལ་སྙོམས་པར་འཇུག་པའི་ཚེ། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་

Vol. 28 · folio 78b

སར་དམིགས་པ་མེད་དེ། གཞན་དུ་ན་དེ་འདི་སྙམ་དུ་བདག་གིས་ཏིང་ངེ་འཛིན་གྱི་ཕ་རོལ་དུ་ཕྱིན་པ་འདི་ལ་གནས་ཏེ། སེམས་ཅན་ཐམས་ཅད་འཁོར་བ་ལས་ཡོངས་སུ་དགྲོལ་བར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཤེས་

རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཆོས་གང་ཡང་འདུས་བྱས་སུ་མི་མཐོང་

འདུས་མ་བྱས་སུ་མི་མཐོང་། དངོས་པོ་ཡོད་པ་འདུས་བྱས་སུ་མི་མཐོང་། དངོས་པོ་མེད་པ་འདུས་མ་བྱས་སུ་མི་མཐོང་། མཚན་མ་ཡོད་པ་འདུས་བྱས་སུ་མི་མཐོང་། མཚན་མ་མེད་པ་འདུས་མ་བྱས་སུ་མི་མཐོང་། གཞན་དུ་ན་ཆོས་གང་ཡང་དེ་བཞིན་ཉིད་

ལས་འདའ་བ་མེད་པ་ལས་ཕར་ཆོས་གང་ཡང་ཡོད་པ་འམ། མེད་པར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ཐབས་མཁས་པ་དེས་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སར་མི་ལྟུང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་

གནས་ཤིང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་

Vol. 28 · folio 79a

འདུག་གི་བར་དུ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། སེམས་ཅན་ཐམས་ཅད་གཤེ་ཞིང་འཁྱལ་ལ། ཡན་ལག་དང་ཉིང་ལག་གཅོད་པར་གྱུར་ཀྱང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་

པ་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ལ་ནི་བདག་གིས་སྦྱིན་པ་ཡོངས་སུ་གཏང་བར་བྱའི། སྦྱིན་པ་ཡོངས་སུ་མི་གཏང་བར་བྱ་བ་མ་ཡིན་ནོ་ཞེས་ཏེ། དེ་སེམས་ཅན་དེ་དག་ཟས་འདོད་པ་ལ་ནི་ཟས། སྐོམ་འདོད་པ་ལ་ནི་སྐོམ། བཞོན་པ་འདོད་

པ་ལ་ནི་བཞོན་པ། གོས་འདོད་པ་ལ་ནི་གོས། མེ་ཏོག་འདོད་པ་ལ་ནི་མེ་ཏོག །ཕྲེང་བ་འདོད་པ་ལ་ནི་ཕྲེང་བ། སྤོས་འདོད་པ་ལ་ནི་སྤོས། བྱུག་པ་འདོད་པ་ལ་ནི་བྱུག་པ། མལ་ཆ་འདོད་པ་ལ་ནི་མལ་ཆ། གནས་འདོད་པ་ལ་ནི་གནས། འཚོ་བ་འདོད་

པ་ལ་ནི་འཚོ་བ། ཡོ་བྱད་འདོད་པ་ལ་མིའི་ཡོ་བྱད། གང་ཅི་ཡང་རུང་བའི་བར་དུ་ཡོངས་སུ་གཏོང་སྟེ། དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་སྟེ། ཅི་ནས་ཀྱང་གང་ཡོངས་

སུ་བསྔོ་བ་དང་། ཅི་ཡོངས་སུ་བསྔོ་བ་དང་། གང་ལ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གསུམ་དུ་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་

རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་སེམས་ཅན་ཡིན་ནོ་ཅོག་གི་སྲོག་མི་གཅོད་དོ། །མ་བྱིན་པར་མི་ལེན་ཏོ། །འདོད་པས་

Vol. 28 · folio 79b

ལོག་པར་མི་གཡེམ་མོ། །རྫུན་གྱི་ཚིག་མི་སྨྲའོ། །ཕྲ་མའི་ཚིག་མི་སྨྲའོ། །ཞེ་གཅོད་པའི་ཚིག་མི་སྨྲའོ། །ཚིག་ཀྱལ་པ་མི་སྨྲའོ། །ཆགས་སེམས་སུ་མི་བྱེད་དོ། །གནོད་སེམས་སུ་མི་བྱེད་དོ། །ལོག་པར་མི་ལྟའོ། །དེའི་སེམས་ཀྱང་ཉན་ཐོས་ཀྱི་

ས་འམ། རང་སངས་རྒྱས་ཀྱི་ས་ལ་མི་འཇུག་སྟེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་སྟེ། ཅི་ནས་ཀྱང་གང་ཡོངས་སུ་བསྔོ་བ་དང་། ཅི་ཡོངས་སུ་བསྔོ་བ་དང་། གང་

ལ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གསུམ་དུ་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ།

བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་འདི་ལྟ་བུ་ཡོངས་སུ་བསྐྱེད་དེ། བདག་གིས་དཔག་ཚད་དམ། དཔག་ཚད་བརྒྱ་འམ། དཔག་ཚད་སྟོང་ངམ། དཔག་ཚད་བརྒྱ་ཕྲག་སྟོང་ངམ། དཔག་ཚད་བྱེ་བ་

འམ། དཔག་ཚད་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་རམ། འཇིག་རྟེན་གྱི་ཁམས་བརྒྱ་འམ། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་དུ་སོང་སྟེ། དེ་དག་ཏུ་ཆུང་ངུ་ན་སེམས་ཅན་འགའ་ཙམ་ཡང་སྐྱབས་སུ་འགྲོ་བ་འམ། བསླབ་པའི་

གནས་ལ་གཞག་པར་བྱའོ། །བཟོད་པ་འམ། རྒྱུན་དུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་འམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་

Vol. 28 · folio 80a

བྱང་ཆུབ་ལ་རབ་ཏུ་གཞག་པར་བྱའོ་ཞེས་བརྩོན་འགྲུས་རྩམ་སྟེ། དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། རབ་འབྱོར་དེ་

ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་

ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། འདི་

ལྟར་འདོད་པ་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གཉིས་པ་

ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །འགོག་པའི་སྙོམས་པར་འཇུག་པའི་བར་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །སེམས་དང་སེམས་

ལས་བྱུང་བའི་ཆོས་དགེ་བའི་རྩ་བ་དང་ལྡན་པ་གང་དང་གང་སྐྱེས་པ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོའོ། །དེ་ཡང་ཅི་ནས་ཀྱང་དེའི་ཚེ། བསམ་གཏན་དང་། བསམ་གཏན་གྱི་ཡན་ལག་རྣམས་མི་དམིགས་པ་དེ་ལྟར་ཡོངས་སུ་བསྔོ་སྟེ།

རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

Vol. 28 · folio 80b

པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་།

གང་གི་ཚེ་ཆོས་རྣམས་ལ་དབེན་པའི་རྣམ་པ་འམ། ཞི་བའི་རྣམ་པ་འམ། མི་ཟད་པའི་རྣམ་པར་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་སྙིང་པོ་བྱང་ཆུབ་ལ་ནམ་འདུག་གི་བར་དུ་ཆོས་ཉིད་དེ་མངོན་དུ་མི་བྱེད་དེ། སྙིང་པོ་བྱང་ཆུབ་ལ་འདུག་ནས་ཀྱང་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །དེ་ལས་ལངས་ནས་ཆོས་ཀྱི་འཁོར་ལོ་ཡང་བསྐོར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏེ། ཅི་ནས་

ཀྱང་མི་སྤོང་། མི་འཛིན་པ་དེ་ལྟར་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ལུས་དང་སེམས་ཀྱིས་བརྩོན་པ་མི་འདོར་བ་ཡིན་ཏེ། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

མངོན་པར་རྫོགས་པར་འཚང་མི་རྒྱ་བར་མི་བྱའི། བདག་གིས་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། ཞེས་དེ་སེམས་ཅན་རྣམས་ཀྱི་དོན་དུ་དཔག་ཚད་དམ། དཔག་ཚད་བརྒྱ་འམ། དཔག་ཚད་སྟོང་

ངམ། དཔག་ཚད་བརྒྱ་ཕྲག་སྟོང་ངམ། འཇིག་རྟེན་གྱི་ཁམས་སམ། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་དག་ཏུ་སོང་ཞིང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཏེ། ཆུང་ངུ་ན་སེམས་ཅན་འགའ་ཙམ་ཡང་བྱང་ཆུབ་ལ་རབ་ཏུ་འཇོག་

Vol. 28 · folio 81a

གོ །གལ་ཏེ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དང་མ་ཕྲད་ན་ཡང་། དེ་དག་ཏུ་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་ནི་ཉན་ཐོས་ཀྱི་ས་ལ་རབ་ཏུ་གཞོག་གོ །གང་ཟག་རང་སངས་རྒྱས་ཀྱི་ཐེག་པ་པ་ནི་རང་སངས་རྒྱས་ཀྱི་ས་ལ་རབ་ཏུ་གཞོག་སྟེ།

ཆུང་ངུ་ན་སེམས་ཅན་འགའ་ཙམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་གཞོག་གོ །དེས་ཆོས་ཀྱི་སྦྱིན་པ་དེ་དག་བྱིན་ནས་ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་ཚིམ་པར་བྱེད་དེ། དགེ་བའི་རྩ་བ་དེ་ཡང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་

བསྔོའི། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། སྦྱིན་

པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་བདག་གིས་ཀྱང་སྲོག་གཅོད་པ་སྤངས་པ་ཡིན། གཞན་ཡང་སྲོག་

གཅོད་པ་སྤང་བ་ལ་ཡང་དག་པར་བསྐུལ་བ་ཡིན། སྲོག་གཅོད་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་སྲོག་གཅོད་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱེད་པ་ཡིན་ནོ། །བདག་གིས་ཀྱང་མ་བྱིན་པར་ལེན་པ་སྤངས་

པ་ཡིན། གཞན་ཡང་མ་བྱིན་པར་ལེན་པ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། མ་བྱིན་པར་ལེན་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་མ་བྱིན་པར་ལེན་པ་སྤོང་བ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱེད་པ་ཡིན། བདག་

Vol. 28 · folio 81b

གིས་ཀྱང་འདོད་པས་ལོག་པར་གཡེམ་པ་སྤངས་པ་ཡིན། གཞན་ཡང་འདོད་པས་ལོག་པར་གཡེམ་པ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། འདོད་པས་ལོག་པར་གཡེམ་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་འདོད་པས་ལོག་པར་

གཡེམ་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་བརྫུན་དུ་སྨྲ་བ་སྤངས་པ་ཡིན། གཞན་ཡང་བརྫུན་དུ་སྨྲ་བ་སྤངས་པ་ལ་ཡང་དག་པར་བསྐུལ་བ་ཡིན། བརྫུན་དུ་སྨྲ་བ་སྤོང་བའི་ལེགས་པ་བརྗོད་པ་ཡིན།

གཞན་གང་གིས་བརྫུན་དུ་སྨྲ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཕྲ་མ་སྤངས་པ་ཡིན། གཞན་ཡང་ཕྲ་མ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། ཕྲ་མ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་

གང་གིས་ཕྲ་མ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཞེ་གཅོད་པའི་ཚིག་སྤངས་པ་ཡིན། གཞན་ཡང་ཞེ་གཅོད་པའི་ཚིག་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། ཞེ་གཅོད་པའི་ཚིག་སྤོང་བའི་ལེགས་པ་

བརྗོད་པ་ཡིན། གཞན་གང་གིས་ཞེ་གཅོད་པའི་ཚིག་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཚིག་ཀྱལ་པ་སྤངས་པ་ཡིན། གཞན་ཡང་ཚིག་ཀྱལ་པ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། ཚིག་ཀྱལ་པ་

སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཚིག་ཀྱལ་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཆགས་སེམས་སྤངས་པ་ཡིན། གཞན་ཡང་ཆགས་སེམས་སྤོང་བ་ལ་ཡང་དག་པར་བསྐུལ་བ་

ཡིན། ཆགས་སེམས་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཆགས་སེམས་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་གནོད་སེམས་སྤངས་པ་ཡིན། གཞན་ཡང་གནོད་སེམས་སྤོང་བ་

Vol. 28 · folio 82a

ལ་ཡང་དག་པར་བསྐུལ་བ་ཡིན། གནོད་སེམས་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་གནོད་སེམས་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ལོག་པར་

ལྟ་བ་སྤངས་པ་ཡིན། གཞན་ཡང་ལོག་པར་ལྟ་བ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། ལོག་པར་ལྟ་བ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ལོག་པར་ལྟ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱེད་པ་ཡིན་ཏེ།

ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དེས་འདོད་པའི་ཁམས་སུ་གནས་པར་མི་བྱེད། གཟུགས་ཀྱི་ཁམས་སུ་གནས་པར་མི་བྱེད། གཟུགས་མེད་པའི་ཁམས་སུ་གནས་པར་མི་བྱེད། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་མི་བྱེད་དེ།

གཞན་དུ་ན་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། ཅི་ནས་ཀྱང་གང་ཡོངས་སུ་བསྔོ་བ་དང་། ཅི་ཡོངས་སུ་བསྔོ་བ་དང་། གང་ལ་ཡོངས་སུ་བསྔོ་བའི་བློ་རྣམ་པ་

གསུམ་དུ་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་

འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་མིར་གྱུར་པ་འམ། མི་མ་ཡིན་པར་གྱུར་པས། སེམས་རྣམ་པར་འཁྲུགས་པར་བྱས་པ་འམ། ཡན་ལག་དང་ཉིང་ལག་བཅད་གཏུབས་

Vol. 28 · folio 82b

ཤིང་ཁྱེར་ཏེ་དོང་ཡང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པ་དེ་འདི་སྙམ་དུ་བདག་ལས་ཅི་ཞིག་བཅད་དོ། །བདག་ལས་ཅི་ཞིག་གཏུབས་སོ། །བདག་ལས་ཅི་ཞིག་ཁྱེར་རོ་ཞེས་བྱ་བར་མི་སེམས་ཏེ། གཞན་

དུ་ན་དེ་འདི་སྙམ་དུ་གང་གི་ཕྱིར་བདག་གི་ལུས་ཡོངས་སུ་བསྒྲུབས་པ་དེ་དག་འདིར་འོང་ཞིང་ཡན་ལག་དང་ཉིང་ལག་བཅད་གཏུབས་ནས་ཁྱེར་ཞིང་འདོང་བ་ནི་བདག་གིས་ཐོབ་པར་བྱ་བ་ལེགས་པར་ཐོབ་བོ་སྙམ་མོ། །དེས་ནི་ཆོས་རྣམས་ཀྱི་རང་བཞིན་ཡང་ལེགས་པར་ཡིད་

ལ་བྱས་པ་ཡིན་ཏེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོའི། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །

རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མི་

དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་

དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་

Vol. 28 · folio 83a

དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་སྤྱོད་པ། བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་

ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད་པ། བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པའི་བསམ་

གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་སེམས་ཅན་རྣམས་ལ་བདེ་བའི་འདུ་ཤེས་ཡིད་ལ་བྱེད་པས་བྱམས་པ་ཚད་མེད་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་སེམས་ཅན་རྣམས་ལ་སྡུག་བསྔལ་དང་བྲལ་བའི་འདུ་ཤེས་ཡིད་ལ་བྱེད་པས་སྙིང་རྗེ་ཚད་

མེད་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་སེམས་ཅན་རྣམས་ལ་དགའ་བའི་འདུ་ཤེས་ཡིད་ལ་བྱེད་པས། དགའ་བ་ཚད་མེད་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་སེམས་ཅན་རྣམས་ལ་སྡུག་བསྔལ་དང་བདེ་བ་མེད་པའི་འདུ་ཤེས་ཡིད་ལ་བྱེད་པས་བཏང་

སྙོམས་ཚད་མེད་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་གཟུགས་ལ་ཆེ་ལོང་དུ་འདུ་ཤེས་ཤིང་། ནམ་མཁའ་ལ་ཞི་བར་འདུ་ཤེས་པ་ཡིད་ལ་བྱེད་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ནམ་མཁའ་ལ་ཆེ་ལོང་དུ་

འདུ་ཤེས་ཤིང་། རྣམ་པར་ཤེས་པ་ལ་ཞི་བར། འདུ་ཤེས་པ་ཡིད་ལ་བྱེད་པས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ། ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་ཤེས་པ་ལ་ཆེ་ལོང་དུ་འདུ་ཤེས་ཤིང་། ཅུང་ཟད་མེད་པ་ལ་ཞི་བར་

འདུ་ཤེས་པ་ཡིད་ལ་བྱེད་པས། ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ཅུང་ཟད་མེད་པ་ལ་ཆེ་ལོང་དུ་འདུ་ཤེས་པས། འདུ་ཤེས་མེད་འདུ་ཤེས་མེད་མིན་ལ་ཞི་བར་འདུ་ཤེས་པ་ཡིད་ལ་བྱེད་པས། འདུ་ཤེས་མེད་འདུ་ཤེས་མེད་

Vol. 28 · folio 83b

མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གི་རྣམ་པར་སྨིན་པ་ཡོངས་སུ་མི་ལེན་ཏེ། གཞན་དུ་ན་སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར་དེ་དག་ཏུ་སྐྱེ་ཞིང་སེམས་ཅན་དེ་

དག་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཕ་རོལ་དུ་ཕྱིན་པ་དྲུག་

པོ་འདི་དག་ལ་ཡོངས་སུ་སྨིན་པར་བྱེད་དོ། །དགེ་བའི་རྩ་བ་བསྐྱེད་པའི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་།

ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དངོས་

པོ་དང་། རྫས་དང་། མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་

ཕྱིན་པ་དངོས་པོ་དང་། རྫས་དང་། མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་། ནང་སྟོང་པ་ཉིད་དངོས་པོ་དང་། རྫས་དང་། མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དངོས་པོ་དང་། རྫས་དང་། མཚན་མར་ཡང་

Vol. 28 · folio 84a

དག་པར་རྗེས་སུ་མི་མཐོང་། དྲན་པ་ཉེ་བར་གཞག་པ་རྣམས་དངོས་པོ་དང་། རྫས་དང་། མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་

དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དངོས་པོ་དང་། རྫས་དང་། མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དངོས་པོ་དང་། རྫས་

དང་། མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དངོས་པོ་དང་། རྫས་དང་།

མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དངོས་པོ་དང་། རྫས་དང་། མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་

རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དངོས་པོ་དང་། རྫས་དང་། མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དངོས་པོ་དང་། རྫས་དང་། མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ།

ཆོས་ཐམས་ཅད་དངོས་པོ་དང་། རྫས་དང་། མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་བས། ཆོས་གང་ལ་ཡང་གནས་མི་འཆའ་ཞིང་དེ་ཇི་སྐད་དུ་སྨྲ་བ་དེ་ལྟར་བྱེད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་

རོལ་དུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་

Vol. 28 · folio 84b

ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ།

དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་

པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་། ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་

མྱོང་ལ། འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་བ་ཡང་

སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད་པ། བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པ་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་འདུ་ཤེས་མེད་འདུ་

ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ལ་ཡང་དེ་བཞིན་དུ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དེ་ལ་གནས་ནས་མི་གཡེང་བའི་ཡིད་ཀྱིས། སེམས་ཅན་དེ་དག་ལ་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་ཡོངས་སུ་གཏོང་ཞིང་།

གཞན་ཡང་ཟང་ཟིང་གི་སྦྱིན་པ་དང་ཆོས་ཀྱི་སྦྱིན་པ་ལ་ཡང་དག་པར་བསྐུལ་ལོ། །ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པའི་ལེགས་པ་ཡང་བརྗོད་དོ། །གཞན་ཡང་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་གི་ལེགས་པ་ཡང་

Vol. 28 · folio 85a

བརྗོད་ཅིང་འཐུན་པས་དགའ་བར་བྱེད་པ་ཡིན་ཏེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོའི། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་

ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། སེམས་འདོད་ཆགས་དང་ལྡན་པ་མི་སྐྱེད། སེམས་ཞེ་སྡང་དང་ལྡན་པ་དང་། གཏི་མུག་དང་ལྡན་པ་དང་། འཚེ་བ་དང་ལྡན་པ་མི་སྐྱེད་དེ། གཞན་དུ་ན་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་རྣམ་པར་སྤྱོད་ཅིང་། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོའི། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། །

བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་

Vol. 28 · folio 85b

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། གཟུགས་ལ་དབུ་བ་ལྟ་བུར་རབ་ཏུ་རྟོག །ཚོར་བ་ལ་ཆུ་བུར་ལྟ་བུ་དང་། འདུ་ཤེས་ལ་སྨིག་རྒྱུ་ལྟ་བུ་དང་། འདུ་བྱེད་ལ་ཆུ་ཤིང་ལྟ་བུ་དང་། རྣམ་པར་

ཤེས་པ་ལ་སྒྱུ་མ་ལྟ་བུར་རབ་ཏུ་རྟོག་སྟེ། དེ་དེ་ལྟར་ལེན་པའི་ཕུང་པོ་ལྔ་ལ་སོ་སོར་རྟོག་ཅིང་། སྙིང་པོ་མེད་པར་འདུ་ཤེས་ཉེ་བར་གནས་པ་ཡིན་ཏེ། དེ་དེ་ལྟར་སོ་སོར་རྟོག་པས་དེ་འདི་སྙམ་སྟེ། ཡན་ལག་དང་ཉིང་ལག་ཡོངས་སུ་གཏུབས་ཀྱང་སུ་ལ་གཅོད་སུ་ལ་

གཅད་ལུས་ནི་སུའི་ལུས། ཚོར་བ་ནི་སུའི་ཚོར་བ། འདུ་ཤེས་ནི་སུའི་འདུ་ཤེས། འདུ་བྱེད་ནི་སུའི་འདུ་བྱེད། རྣམ་པར་ཤེས་པ་ནི་སུའི་རྣམ་པར་ཤེས་པ་སྙམ་སྟེ། དེ་དེ་ལྟར་སོ་སོར་རྟོག་པའི་ཚེ་འདི་སྙམ་སྟེ། གང་ལ་སྤྱོ་བ་དང་། ཀྱལ་པ་བྱས་

ན་གནོད་སེམས་སྐྱེ་བ་དེ་ལྟ་བུའི་གཤེ་བ་ཡང་གང་ཞིག་ཡོད། འཁྱལ་བ་ཡང་གང་ཞིག་ཡོད་སྙོམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་

སུ་འཛིན་ཏོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་ལྔ་བཅུ་བརྒྱད་པ། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་གནས་

ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འདོད་པས་དབེན་སྡིག་ཏོ་

མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས། ནད་

Vol. 28 · folio 86a

ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་

འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་། ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་

གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད་པ། བཏང་སྙོམས་དང་དྲན་པས་ཡོངས་

སུ་དག་པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཤིང་གནས་ཏེ། དེ་བསམ་གཏན་དང་། བསམ་གཏན་གྱི་ཡན་ལག་དེ་དག་ལ་ཡང་མཚན་མར་མི་འཛིན་ཏོ། །དེ་དེ་ལྟར་མཉམ་པར་བཞག་པའི་སེམས་དང་ལྡན་པས་རྫུ་འཕྲུལ་རྣམ་པ་དུ་མ་ཉམས་སུ་མྱོང་

བར་བྱེད་དེ། དེ་ས་ཆེན་པོ་འདི་ཡང་རབ་ཏུ་གཡོ་བར་བྱེད་དོ། །གཅིག་ཏུ་གྱུར་ཅིང་མང་པོར་འགྱུར་རོ། །མང་པོར་གྱུར་ཅིང་གཅིག་ཏུ་འགྱུར་རོ། །སྣང་བ་དང་། མི་སྣང་བ་ཡང་ཉམས་སུ་མྱོང་བར་བྱེད་དོ། །རྩིག་པ་ལས་ཐལ་བ་དང་། ར་བ་ལས་ཐལ་བ་དང་། རི་

ལས་ཐལ་བ་ཐོགས་པ་མེད་པར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ས་ལ་ཡང་གྱེན་དུ་འབྱུང་བ་དང་། འོག་ཏུ་འཛུལ་བ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་

ཡང་འབྱིང་བ་མེད་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །དུ་བར་འཐུལ་ཞིང་མེར་འབར་ཏེ། དཔེར་ན་མེའི་ཕུང་པོ་ཆེན་པོ་བཞིན་ནོ། །ཉི་མ་དང་། ཟླ་བ་འདི་དག་འདི་ལྟར་རྫུ་འཕྲུལ་ཆེ་ལ་འདི་ལྟར་མཐུ་ཆེ་ཞིང་། དབང་ཆེ་བ་དེ་དག་ཀྱང་

Vol. 28 · folio 86b

ལག་པས་བྱུགས་ཤིང་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་རོ། །དེ་ལྟའི་རྣ་བ་རྣམ་པར་དག་པ་མི་ལས་འདས་པས། ལྷ་དང་མིའི་སྒྲ་ཉེ་འམ་རིང་ཡང་རུང་སྟེ་ཐོས་སོ། །དེ་སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་སེམས་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་

དུ་རབ་ཏུ་ཤེས་ཏེ་འདོད་ཆགས་དང་ལྡན་པའི་སེམས་ལ། འདོད་ཆགས་དང་ལྡན་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བླ་ན་མེད་པའི་སེམས་ཀྱི་བར་ལ་བླ་ན་མེད་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་

སོ། །དེ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ་སེམས་གཅིག་ཀྱང་རྗེས་སུ་དྲན་པ་ནས་སེམས་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་གཅིག་གི་བར་དུ་རྗེས་སུ་དྲན་པ་ནས་བསྐལ་པ་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་བྱེ་བ་ཁྲག་ཁྲིག་

བརྒྱ་སྟོང་དུ་མའི་བར་དུ་ཡང་རྗེས་སུ་དྲན་ཏེ། བདག་ནི་དེ་ལྟ་བུ་ཞིག་ན་འདུག་འདུག་སྟེ། མིང་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཡུན་ནི་འདི་སྲིད་ཅིག་ཏུ་འདུག་འདུག །ཚེའི་མཐའ་ནི་འདི་ཙམ་

ཞིག་ཏུ་གྱུར་ཏེ། དེ་ལྟར་བདག་འདི་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ་ཞེས་བྱ་བ་ནས། དེ་ནས་ཤི་འཕོས་ནས་ནི་འདིར་སྐྱེས་སོ་ཞེས་བྱ་བའི་བར་དུ་རྣམ་པ་དང་བཅས། གཏན་ཚིགས་དང་བཅས། དན་རྟགས་དང་བཅས་པར་བདག་དང་གཞན་གྱི་སྔོན་

གྱི་གནས་རྣམ་པ་དུ་མར་རྗེས་སུ་དྲན་ནོ། །དེ་ནི་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས། སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་ནས་སེམས་ཅན་རྣམས་ལས་གཞན་དུ་འགྲོ་བའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་མངོན་པར་

ཤེས་པ་ལྔ་པོ་དེ་དག་ལ་གནས་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱ་བ་དང་། ཡོངས་སུ་དྲི་བ་དང་། ཡོངས་སུ་ཞུ་བ་དང་། དགེ་བའི་རྩ་བ་བསགས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་

Vol. 28 · folio 87a

ཡོངས་སུ་དག་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོའི། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་

བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་། ཅི་ནས་ཀྱང་གང་ཡོངས་སུ་བསྔོ་བ་དང་། ཅི་ཡོངས་སུ་བསྔོ་བ་དང་། གང་ལ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གསུམ་དུ་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་སྟེ། རབ་འབྱོར་དེ་ལྟར་

ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་

པ་ལ་གནས་པས། གཟུགས་མི་དམིགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མི་དམིགས་སོ། མིག་མི་དམིགས་སོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མི་དམིགས་སོ། །གཟུགས་མི་དམིགས་སོ། །

སྒྲ་དང་། དྲི་དང་རོ་དང་རེག་དང་། ཆོས་མི་དམིགས་སོ། །མིག་གི་རྣམ་པར་ཤེས་པ་མི་དམིགས་སོ། །ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པ་མི་དམིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་བར་དུ་མི་དམིགས་

སོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་དུ་མི་དམིགས་སོ། །སའི་ཁམས་མི་དམིགས་སོ། །རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་མི་དམིགས་སོ། །མ་རིག་པ་མི་དམིགས་

Vol. 28 · folio 87b

སོ། །རྒ་ཤིའི་བར་དུ་མི་དམིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །ནང་སྟོང་པ་ཉིད་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་མི་དམིགས་སོ། །ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་།

དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་དམིགས་སོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་

དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་།

དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་

དམིགས་སོ། །འདུས་བྱས་ཀྱི་ཁམས་མི་དམིགས་སོ། །འདུས་མ་བྱས་ཀྱི་ཁམས་མི་དམིགས་སོ། །དེ་ལྟར་མི་དམིགས་པས་ན་མངོན་པར་འདུ་མི་བྱེད་དོ། །མངོན་པར་འདུ་མི་བྱེད་པས་ན་སྐྱེ་བ་འམ་འགག་པ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན།

རབ་འབྱོར་དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་གནས་ཉིད་དེ་ནི་གནས་པ་སྟེ། ཆོས་ཀྱི་དབྱིངས་དེ་བཞིན་གནས་པའི་ཕྱིར་དེ་མི་སྐྱེ་མི་འགག་པས། དེ་གཡེང་བ་མེད་པའི་སེམས་དང་

Vol. 28 · folio 88a

ལྡན་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་བྲལ་བ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་

དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་སྟོང་པའོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ངོ་། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་

ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་སྟོང་པའོ་ཞེས་བགྱི་བར་ཡང་དག་པར་རྗེས་སུ་མཐོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །ཕྱི་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །ཕྱི་ནང་སྟོང་པ་ཉིད་ལ་ཕྱི་ནང་སྟོང་པ་ཉིད་ཅེས་

བྱ་བར་མི་དམིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །ཆེན་པོ་སྟོང་པ་ཉིད་ལ་ཆེན་པོ་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །དོན་དམ་པ་སྟོང་པ་ཉིད་ལ་དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །

འདུས་བྱས་སྟོང་པ་ཉིད་ལ་འདུས་བྱས་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །འདུས་མ་བྱས་སྟོང་པ་ཉིད་ལ་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་མཐའ་ལས་འདས་པ་སྟོང་པ་ཉིད་

Vol. 28 · folio 88b

ཅེས་བྱ་བར་མི་དམིགས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །དོར་བ་མེད་པ་སྟོང་པ་ཉིད་ལ་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །རང་བཞིན་སྟོང་པ་ཉིད་ལ་རང་བཞིན་སྟོང་

པ་ཉིད་ཅེས་བྱ་བར་མི་དམིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་ཏེ། བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དེ་སྟོང་པ་ཉིད་བཅུ་བཞི་པོ་དེ་དག་ལ་གནས་ཤིང་། གཟུགས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་དམིགས་སོ། །སྐྱེ་

མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་དམིགས་སོ། །འཕགས་

པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་དམིགས་སོ། །

སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་དམིགས་སོ། །མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་དམིགས་སོ། །སྟོབས་བཅུ་

དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་དམིགས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་

Vol. 28 · folio 89a

མི་དམིགས་སོ། །འདུས་བྱས་ཀྱི་ཁམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་དམིགས་སོ། །འདུས་མ་བྱས་ཀྱི་ཁམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་དམིགས་ཏེ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ཅིང་། ཟས་སམ། སྐོམ་འམ། བཞོན་པ་འམ། གོས་སམ། མེ་ཏོག་གམ། ཕྲེང་བ་འམ། སྤོས་སམ། བྱུག་པ་འམ། མལ་ཆ་འམ། གནས་སམ། འཚོ་བ་འམ། ཡོ་བྱད་དམ། མིའི་ཡོ་བྱད་གང་ཅི་ཡང་རུང་

བའི་སྦྱིན་པ་གང་དང་གང་གཏོང་ཡང་དེས་སྦྱིན་པ་དེ་ཡང་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གང་ཡོངས་སུ་གཏོང་བ་དང་། གང་ལ་ཡོངས་སུ་གཏོང་བ་དེ་ཡང་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལ་འཇུངས་

པའི་སེམས་སམ། ཡོངས་སུ་འཛིན་པའི་སེམས་ཀྱི་སྐབས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་

གི་བར་དུ་རྣམ་པར་རྟོག་པ་དེ་དག་ཐམས་ཅད་མེད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ཇི་ལྟར་འཇུངས་པའི་ཐུགས་སམ།

ཡོངས་སུ་འཛིན་པའི་ཐུགས་མི་མངའ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ལ་ཡང་འཇུངས་པའི་སེམས་སམ། ཡོངས་སུ་འཛིན་པའི་སེམས་སྐྱེ་བ་མེད་དོ། །དེ་ནི་འདི་ལྟར་ཤེས་རབ་

ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྟོན་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །

Vol. 28 · folio 89b

གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་

ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སའི་གོ་སྐབས་མི་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ཡང་

མི་དམིགས། སེམས་དེ་ཡང་མི་དམིགས་ཏེ། དེ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་བདག་གིས་ཀྱང་སྲོག་གཅོད་པ་སྤངས་པ་ཡིན། གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན།

སྲོག་གཅོད་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་སྲོག་གཅོད་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་།

ཕྲ་མ་དང་། ཞེ་གཅོད་པའི་ཚིག་དང་། ཚིག་ཀྱལ་པ་དང་། ཆགས་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྤངས་པ་ཡིན། གཞན་ཡང་ལོག་པར་ལྟ་བ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། ལོག་པར་ལྟ་བ་སྤོང་བའི་ལེགས་པ་བརྗོད་

པ་ཡིན། གཞན་གང་གིས་ལོག་པར་ལྟ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱེད་པ་ཡིན་ཏེ། ཚུལ་ཁྲིམས་དེས་ཉན་ཐོས་སམ། རང་སངས་རྒྱས་ཀྱི་ཆོས་གང་ལ་ཡང་ཆགས་པར་མི་འགྱུར་ན། གཞན་མན་ཆད་ལྟ་ལ་ཅི་

སྨོས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་

Vol. 28 · folio 90a

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་

རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་རྗེས་སུ་འཐུན་པའི་བཟོད་པ་སྐྱེས་ཏེ། དེ་འདི་སྙམ་དུ་འདི་ལ་ཆོས་གང་ཡང་སྐྱེ་བ་འམ། འགག་པ་འམ། འབྱུང་བ་འམ། འཇིག་པ་འམ། འཆིང་བ་འམ། གཤེ་བ་འམ། འཁྱལ་བ་འམ། གཅད་པ་འམ། གཏུབ་པ་འམ།

རྡེག་པ་མེད་དོ་སྙམ་པས་དེ་ལ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་གལ་ཏེ་སེམས་ཅན་ཐམས་ཅད་དྲུང་དུ་ལྷགས་ནས་སྤྱོས་ཏེ་ཀྱལ་ཏམ། རྡོ་དབྱུག་གིས་བརྡེགས་སམ། མཚོན་གྱིས་བཏབ་སྟེ། བཅད་གཏུབས་

ཀྱང་དེ་ལ་འདི་སྙམ་སྟེ། ཀྱེ་མ་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་ངོ་མཚར་ཆེ་སྟེ། འདི་ལ་ཆོས་གང་ལ་ཡང་སྤྱོ་བ་འམ་ཀྱལ་པ་འམ། གཅད་པ་འམ། གཏུབ་པ་འམ། བརྡེག་པ་འམ། བཅིང་བ་མེད་དོ་སྙམ་སྟེ། རབ་འབྱོར་དེ་ལྟར་ན་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་

ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་

པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ཏེ། ཐབས་མཁས་པ་དང་ལྡན་པས་ལུས་དང་སེམས་ཀྱི་བརྩོན་པ་བསྐྱེད་དེ། དེ་འཇིག་རྟེན་གྱི་ཁམས་གཅིག་གམ། འཇིག་རྟེན་གྱི་ཁམས་བརྒྱ་འམ། འཇིག་རྟེན་གྱི་ཁམས་སྟོང་

Vol. 28 · folio 90b

ངམ། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་དག་ཏུ་སོང་སྟེ། སེམས་ཅན་རྣམས་ལ་ཆོས་སྟོན་ཅིང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་རབ་ཏུ་འགོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་

འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རབ་ཏུ་འགོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་རབ་ཏུ་འགོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་རབ་ཏུ་འགོད་དོ། །

རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་འགོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་རབ་ཏུ་འགོད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་འགོད་

དོ། །དེ་ཡང་ཅི་ནས་ཀྱང་འདུས་བྱས་ཀྱི་ཁམས་ལ་རབ་ཏུ་བཀོད་པ་ཡང་མ་ཡིན། འདུས་མ་བྱས་ཀྱི་ཁམས་ལ་རབ་ཏུ་བཀོད་པ་ཡང་མ་ཡིན་པ་དེ་ལྟར་རབ་ཏུ་འགོད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་

དུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་དུ་

ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མ་གཏོགས་

པར། ཉན་ཐོས་ཀྱི་ཏིང་ངེ་འཛིན་ཏམ། རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཏམ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཀྱང་རུང་སྟེ། ཏིང་ངེ་འཛིན་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལ་སྙོམས་པར་འཇུག་སྟེ། ཏིང་ངེ་འཛིན་དེ་དག་ལ་གནས་ཤིང་།

Vol. 28 · folio 91a

རྣམ་པར་ཐར་པ་བརྒྱད་ལ་ལུགས་དང་འཐུན་པ་དང་། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ་། །བརྒྱད་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཅན་གྱིས་

གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པའི་འདུ་ཤེས་དང་ལྡན་པས། ཕྱི་རོལ་གྱི་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། བཟང་བར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །དེ་རྣམ་

པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་

བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་ཏེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་

གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཆུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། །

དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་

མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པ་སྟེ། དེ་ལྟར་ན་རྣམ་པར་ཐར་པ་བརྒྱད་པོ་འདི་དག་ལ་ལུགས་དང་འཐུན་པ་དང་། ལུགས་དང་མི་

Vol. 28 · folio 91b

མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ་། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་སྟེ། དགུ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་

གནས་སོ། །དེ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མེད་པ། དཔྱོད་པ་མེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་

བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་སྤྱོད་པ། བཏང་

སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་དེ་ཡང་སྤངས། སྡུག་བསྔལ་བ་ཡང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མེད། སྡུག་བསྔལ་

བ་ཡང་མེད་པ། བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པ་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དགེ་བར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་

ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་

Vol. 28 · folio 92a

ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་

བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་

ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ལྟར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་ལ་ལུགས་དང་འཐུན་པ་དང་། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ་། །དེ་རྣམ་

པར་ཐར་པ་བརྒྱད་པོ་དེ་དག་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་རྣམ་པར་ཕྱེ་ཞིང་། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་སེང་གེ་རྣམ་

པར་བསྒྱིངས་པ་དེ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་

བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་དང་པོ་ལས་ལངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གཉིས་པ་ལས་ལངས་ནས། བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་

གསུམ་པ་ལས་ལངས་ནས། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་བཞི་པ་ལས་ལངས་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས། རྣམ་ཤེས་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words