ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ

Sanskrit title (Tibetan script, as in the text) པཉྩ་བིང་ཤ་ཏི་སཱ་ཧ་སྲི་ཀཱ་པྲ་ཛྙཱ་པཱ་ར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 28 · folio 123b

སྤྱོད་པའི་ཚེ། དམིགས་པ་ལ་གནས་ཏེ། ས་ནས་ས་ཡོངས་སུ་རྫོགས་པར་བྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་དམིགས་སུ་མེད། བྱང་ཆུབ་ཀྱང་དམིགས་སུ་མེད་དེ། གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དེ་ཡང་དམིགས་སུ་མེད་དོ། །

རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དམིགས་སུ་མ་མཆིས་ཏེ། གང་བྱང་ཆུབ་ཏུ་སྤྱོད་པ་དེ་ཡང་དམིགས་སུ་མ་མཆིས་པ་

ལགས་ན། འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས་འདི་ནི་གཟུགས་སོ། །འདི་ནི་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པའོ། །འདི་ནི་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བའོ། །འདི་ནི་ཕ་

རོལ་དུ་ཕྱིན་པའོ། །འདི་ནི་སྟོང་པ་ཉིད་དོ། །འདི་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ། །འདི་ནི་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པའོ། །འདི་ནི་རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་

འཇུག་པའོ། །འདི་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ། །འདི་ནི་མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་སོ། །འདི་ནི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་

མ་འདྲེས་པ་བཅྭོ་བརྒྱད་དོ། །འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་རོ་ཞེས་བགྱི་བར་ཆོས་ཐམས་ཅད་རབ་ཏུ་རྟོགས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་

ལ་སྤྱོད་པའི་ཚེ། ཇི་ལྟར་བྱས་པས་གཟུགས་དམིགས་པར་འགྱུར་བ་དང་། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་དམིགས་པར་འགྱུར་བ་དང་། སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དམིགས་པར་འགྱུར་བ་དང་། ཕ་རོལ་དུ་ཕྱིན་པ་ཐམས་ཅད་

Vol. 28 · folio 124a

དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དམིགས་པར་འགྱུར་བ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་

གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་དམིགས་པར་འགྱུར་བ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་།

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དམིགས་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་དམིགས་པར་འགྱུར་བ་དེ་ལྟར་ཆོས་རྣམས་རྟོགས་པར་མི་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཀྱང་མི་དམིགས། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་མི་དམིགས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་མི་དམིགས་ན། འོ་ན་ཇི་ལྟར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་

རྫོགས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིས་ཤིང་། བྱང་ཆུབ་སེམས་དཔའི་སྐྱོན་

མ་མཆིས་པར་འཇུག་པར་འགྱུར། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་ཆུད་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྤྱོད་པར་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིས་ནས། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར། སེམས་ཅན་ཡོངས་སུ་སྨིན་

པར་བགྱིས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བགྱིད་པར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། ཆོས་ཀྱི་འཁོར་ལོ་བསྐོར་ནས། སངས་རྒྱས་ཀྱི་ཕྲིན་ལས་སྒྲུབ་པར་འགྱུར། སངས་རྒྱས་ཀྱི་ཕྲིན་ལས་

Vol. 28 · folio 124b

བསྒྲུབས་ཤིང་། སེམས་ཅན་རྣམས་འཁོར་བ་ནས་ཡོངས་སུ་འགྲེལ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུགས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །ཚོར་བ་དང་འདུ་ཤེས་

དང་འདུ་བྱེད་དང་རྣམ་པར་ཤེས་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་

ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་

པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་

དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །གསོལ་པ། བཅོམ་ལྡན་འདས་གང་གི་སླད་དུ་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་

ལྟར་ཆོས་ཐམས་ཅད་ནི་མ་བྱས་པ་སྟེ། མངོན་པར་འདུས་མ་བྱས་པའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་མ་བྱས་པ་སྟེ། མངོན་པར་འདུས་མ་བྱས་པའོ། །བྱང་ཆུབ་ཀྱང་མ་བྱས་པ་སྟེ། མངོན་པར་འདུས་མ་བྱས་པའོ། །བྱང་ཆུབ་སེམས་དཔའ་ཡང་མ་བྱས་པ་སྟེ།

Vol. 28 · folio 125a

མངོན་པར་འདུས་མ་བྱས་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མ་བྱས་པ་དང་། མངོན་པར་འདུས་མ་བྱས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གལ་

ཏེ་དེ་ལྟར་ཆོས་ཐམས་ཅད་མ་བགྱིས་པ་སྟེ། མངོན་པར་འདུས་མ་བགྱིས་པ་ལགས་ན། འོ་ན་ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་དང་། ཐེག་པ་གསུམ་པོ་འདི་དག་རྣམ་པར་དགོད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། རབ་འབྱོར་མ་བྱས་མངོན་པར་འདུས་མ་བྱས་པའི་ཆོས་རྣམས་ལ་ནི་རྣམ་པར་དགོད་པ་གང་ཡང་དམིགས་སུ་མེད་དེ། །མངོན་པར་འདུས་བྱས་པ་དང་། མངོན་པར་འདུས་མ་བྱས་པའི་ཆོས་རྣམས་ལ་ནི་རྣམ་པར་དགོད་པར་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་

ལྟར་བྱིས་པ་ཐོས་པ་དང་མི་ལྡན་པ། སོ་སོའི་སྐྱེ་བོ་རྣམས་ཕུང་པོ་ལྔ་ལ་མངོན་པར་ཞེན་ཅིང་། གཟུགས་ལ་མངོན་པར་ཞེན། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལ་མངོན་པར་ཞེན། སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མངོན་པར་ཞེན།

ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་མངོན་པར་ཞེན། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་

གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ལ་མངོན་པར་ཞེན། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་

དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མངོན་པར་ཞེན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མངོན་པར་ཞེན་ནས། གཟུགས་ཀྱིས་རློམ་སེམས་སུ་བྱེད་ཅིང་གཟུགས་སུ་དམིགས་སོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པས་རློམ་

Vol. 28 · folio 125b

སེམས་སུ་བྱེད་ཅིང་རྣམ་པར་ཤེས་པར་དམིགས་སོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བས་རློམ་སེམས་སུ་བྱེད་ཅིང་རྟེན་ཅིང་འབྲེལ་པར་འབྱུང་བར་དམིགས་སོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་

ཆོས་ཀྱིས་རློམ་སེམས་སུ་བྱེད་ཅིང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུ་དམིགས་སོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་

འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོས་རློམ་སེམས་སུ་བྱེད་ཅིང་གཟུངས་ཀྱི་སྒོར་དམིགས་སོ། །སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་

པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་རློམ་སེམས་སུ་བྱེད་ཅིང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པར་དམིགས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱིས་རློམ་སེམས་སུ་བྱེད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་

བར་དུ་དམིགས་ཏེ། དེ་འདི་སྙམ་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །བདག་གིས་སེམས་ཅན་རྣམས་འཁོར་བ་ནས་དགྲོལ་བར་བྱའོ་སྙམ་དུ་སེམས་ཤིང་། དེ་འདི་ལྟར་ཡང་དག་པ་མ་ཡིན་པར་རྣམ་པར་

རྟོག་གོ །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་། སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་དུ་ཕྱིན་པ་དང་། སྟོང་པ་ཉིད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་།

འཕགས་པའི་བདེན་པ་དང་། ཏིང་ངེ་འཛིན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་

Vol. 28 · folio 126a

པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། སངས་རྒྱས་རྣམས་ཀྱི་སྤྱན་

ལྔས་ཀྱང་མ་དམིགས་ན། སྐྱེས་བུ་གླེན་པ་ལོང་བ་མིག་མེད་པ་དེ་དག་ནི་སེམས་ཅན་རྣམས་འཁོར་བ་ནས་དགྲོལ་བར་འདོད་དོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་ལྔས་ཀྱང་། སེམས་ཅན་

གང་འཁོར་བ་ལས་ཡོངས་སུ་དགྲོལ་བར་བགྱི་བ་དེ་ལྟ་བུ་མ་གཟིགས་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཡང་དག་པར་ངེས་པ་དང་། མ་ངེས་

པ་དང་། ལོག་པར་ངེས་པའི་ཕུང་པོ་གསུམ་དུ་ལུང་བསྟན་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ངས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཡང་དག་པར་ངེས་པ་དང་། མ་ངེས་པ་དང་། ལོག་

པར་ངེས་པའི་སེམས་ཅན་གང་ཡང་མི་དམིགས་ཏེ། རབ་འབྱོར་འོན་ཀྱང་སེམས་ཅན་དངོས་པོ་མེད་པ་ལ། དངོས་པོར་འདུ་ཤེས་པ་དེ་དག་ཡང་དག་པ་མ་ཡིན་པར་འཛིན་པ་ལས་གདོན་པ་ནི་འཇིག་རྟེན་གྱི་ཐ་སྙད་དུའི། དོན་དམ་པར་ནི་མ་ཡིན་ནོ། །གསོལ་པ། བཅོམ་

ལྡན་འདས་ཀྱིས་དོན་དམ་པ་ལ་ཞུགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། འོ་ན་ཕྱིན་ཅི་ལོག་ལ་ཞུགས་ཏེ། བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དོན་དམ་པ་ལ་ཞུགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་

Vol. 28 · folio 126b

རྫོགས་པར་སངས་རྒྱས་པ་ཡང་མ་ལགས་ལ། ཕྱིན་ཅི་ལོག་ལ་ཞུགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་མ་ལགས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་འམ། གཅིག་ཏུ་མི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ཡང་འདུས་བྱས་ཀྱི་ཁམས་སམ་འདུས་མ་བྱས་ཀྱི་ཁམས་གང་ལ་ཡང་གནས་ཏེ། མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་འདུས་བྱས་

ཀྱི་ཁམས་སམ། འདུས་མ་བྱས་ཀྱི་ཁམས་གང་ལ་ཡང་གནས་པ་མ་ཡིན་ཏེ། འོན་ཀྱང་དེ་བཞིན་གཤེགས་པའི་སྤྲུལ་པ་དེ་ནི་འགྲོ་ཞིང་འོང་བ་དང་གནས་ཤིང་འདུག་པ་ཡང་ཡོད་དོ། །དེས་གལ་ཏེ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱད། ཚུལ་ཁྲིམས་ཀྱི་ཕ་རོལ་

དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད། ནང་སྟོང་པ་ཉིད་ལ་སྤྱད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱད། དྲན་པ་

ཉེ་བར་གཞག་པ་བཞི་ལ་བསྒོམས། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བསྒོམས། འཕགས་པའི་བདེན་པ་བཞི་

ལ་བསྒོམས། བསམ་གཏན་བཞི་ལ་ཉེ་བར་བསྒྲུབས་ཏེ་གནས། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་།

Vol. 28 · folio 127a

མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་མངོན་པར་བསྒྲུབས། དེ་བཞིན་གཤེགས་པའི་སྟོབས་

བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བསྒོམས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་

གྱུར་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་ཚད་མེད་དཔག་ཏུ་མེད་པ་མངོན་པར་སྤྲུལ་ཏེ། ཕུང་པོ་གསུམ་དུ་ལུང་བསྟན་

ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྤྲུལ་པ་དེས་སེམས་ཅན་གང་ཡང་ཕུང་པོར་བྱས་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་

སྤྲུལ་པ་ལྟ་བུར་མཁྱེན་ཅིང་ཐུགས་སུ་ཆུད་དེ། སྤྲུལ་པ་ལྟ་བུར་མཁྱེན་ནས། སེམས་ཅན་གང་ཡང་དམིགས་པ་མེད་དོ། །བཏུལ་བ་མེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྤྲུལ་པ་ལྟར་

ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་ན། དེ་བཞིན་གཤེགས་པ་དང་། སྤྲུལ་པ་ལ་ཁྱད་པར་དང་། བྱེ་བྲག་ཅི་ཞིག་མཆིས། ཅི་ལས་དགོངས་པ་ལགས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པ་དང་། སྤྲུལ་པ་ལ་ཁྱད་པར་དང་བྱེ་བྲག་གང་ཡང་མི་དམིགས་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དང་སྤྲུལ་པ་ལ་ནི་ཁྱད་པར་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་

Vol. 28 · folio 127b

ཕྲིན་ལས་གང་མཛད་པའི་ལས་དེ་ནི་སྤྲུལ་པ་ཡང་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། དེ་བཞིན་གཤེགས་པ་མི་བཞུགས་ན། སྤྲུལ་པ་ལས་བགྱིད་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱེད་དོ། །གསོལ་པ།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བཞུགས་ན། ཇི་ལྟར་སྤྲུལ་པ་ལས་བགྱིད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞི་བའི་བློ་གྲོས་

ཀྱིས་བྱང་ཆུབ་སེམས་དཔའ་མ་གཟིགས་ནས། དེ་བཞིན་གཤེགས་པའི་སྐུ་སྤྲུལ་ཏེ། ཡོངས་སུ་མྱ་ངན་ལས་འདས་སོ། །སྤྲུལ་པ་དེས་དེའི་ཕྱི་ན་བསྐལ་པ་གཅིག་ཏུ་སངས་རྒྱས་ཀྱི་བྱ་བ་བྱས་ཏེ། དེའི་རྗེས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་བསྟན་

ནས་ཡོངས་སུ་མྱ་ངན་ལས་འདས་པར་གྲགས་ཀྱང་། སྤྲུལ་པ་ལ་སྐྱེ་བ་འམ། ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡང་མེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟ་སྟེ། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་ཡིད་ཆེས་པར་བྱས་

ཤིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་སྤྲུལ་པ་དང་། དེ་བཞིན་གཤེགས་པ་ལ་ཁྱད་པར་མ་མཆིས་ན། ཡོན་ཕུལ་ན་ཡོངས་སུ་དག་པར་ཇི་ལྟར་འགྱུར། བཅོམ་ལྡན་འདས་སེམས་ཅན་བསོད་ནམས་

འཚལ་བ་དང་། མྱ་ངན་ལས་འདའ་བ་དོན་དུ་གཉེར་བ་འདི་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡོན་ཕུལ་ན། དེ་ནི་སེམས་ཅན་དེ་དག་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་

མ་གྱུར་གྱི་བར་དུ་ནམ་ཡང་བས་པར་མི་འགྱུར་ན། བཅོམ་ལྡན་འདས་ཅི་ལགས། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྤྲུལ་པ་ལ་ཡོན་ཕུལ་ན་ཡང་སེམས་ཅན་དེ་དག་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་མ་གྱུར་

Vol. 28 · folio 128a

གྱི་བར་དུ་ནམ་ཡང་བས་པར་མི་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཉིད་གང་གིས་དེ་བཞིན་གཤེགས་པ་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡོན་གྱི་གནས་སུ་གྱུར་པའི་ཆོས་ཉིད་དེ་ཉིད་ཀྱིས། སྤྲུལ་

པ་ལ་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡོན་གྱི་གནས་སོ། །རབ་འབྱོར་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ལྟ་ཞོག་སྟེ་དེ་བཞིན་གཤེགས་པའི་སྤྲུལ་པ་ལ་ཡོན་ཕུལ་བ་ལྟ་ཡང་ཞོག་གི །རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་

བྱམས་པ་དང་ལྡན་པར་དེ་བཞིན་གཤེགས་པ་ཡིད་ལ་བྱས་ན་དེ་ཐམས་ཅད་དགེ་བའི་རྩ་བ་དེའི་མཐར་མ་ཕྱིན་པར་སྡུག་བསྔལ་གྱི་མཐར་ཕྱིན་པར་འགྱུར་རོ། །རབ་འབྱོར་བྱམས་པ་དང་ལྡན་པར་ཡིད་ལ་བྱེད་པ་ལྟ་ཞོག་གི །རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་

ཞིག །དེ་བཞིན་གཤེགས་པ་ཡིད་ལ་བྱས་ཤིང་ནམ་མཁའ་ལ་མེ་ཏོག་འཐོར་ན། དེ་ཐམས་ཅད་ཀྱང་དགེ་བའི་རྩ་བ་དེའི་མཐར་མ་ཕྱིན་པར་སྡུག་བསྔལ་གྱི་མཐར་ཕྱིན་པར་འགྱུར་རོ། །རབ་འབྱོར་བྱམས་པ་དང་ལྡན་པའི་ཡིད་ལ་བྱེད་པ་ལྟ་ཡང་ཞོག་སྟེ། ནམ་མཁའ་

ལ་མེ་ཏོག་འཐོར་བ་ལྟ་ཡང་ཞོག་གི །རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་ན། དེ་དག་ཐམས་ཅད་ཀྱང་རིམ་གྱིས་སྡུག་བསྔལ་གྱི་མཐར་ཕྱིན་པར་འགྱུར་ཏེ། རབ་འབྱོར་དེ་ལྟར་དོན་ཆེ་བ་ནི་དེ་བཞིན་

གཤེགས་པ་ལ་ཡོན་ཕུལ་བ་སྟེ། དེ་ལྟ་བུའི་ལེགས་པ་ཆེན་པོ་དང་། དེ་ལྟ་བུའི་ཡོན་ཏན་ཆེན་པོ་ཡོད་དོ། །རབ་འབྱོར་རྣམ་གྲངས་དེ་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་བརྩན་པར་བྱས་ན། དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་སྤྲུལ་པ་ལ་བྱེ་བྲག་གང་

ཡང་མེད་པར་རིག་པར་བྱ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྣམས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཤིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པར་བྱའོ། །ཆོས་རྣམས་ཀྱི་ཆོས་ཉིད་དེ་ཡང་རྣམ་པར་འཁྲུག་པར་མི་བྱ་སྟེ་

Vol. 28 · folio 128b

འདི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མི་བྱའོ། །འདི་ནི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་

ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པའོ། །འདི་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ཆོས་ཉིད་དོ། །ཞེས་རྣམ་པར་དཀྲུག་པར་མི་བྱའོ། །འདི་ནི་ནང་སྟོང་པ་ཉིད་དོ། །འདི་ནི་ནང་སྟོང་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མི་བྱའོ། །འདི་ནི་དངོས་པོ་

མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་རོ། །འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མི་བྱའོ། །འདི་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །འདི་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཆོས་ཉིད་དོ། །ཞེས་རྣམ་པར་དཀྲུག་པར་མི་

བྱའོ། །འདི་ནི་ཡང་དག་པར་སྤོང་བ་དང་རྫུ་འཕྲུལ་གྱི་རྐང་པ་དང་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མི་བྱའོ། །འདི་ནི་སངས་

རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་རོ། །འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མི་བྱའོ། །འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་

དཀྲུག་པར་མི་བྱའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་རྣམ་པར་དཀྲུག་པར་མི་བགྱི་བ་ལགས་ན། དེ་ལ་དེ་བཞིན་གཤེགས་པས་འདི་ནི་གཟུགས་སོ། །འདི་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའོ། །འདི་ནི་སྐྱེ་

མཆེད་དོ། །འདི་ནི་ཁམས་སོ། །འདི་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །འདི་ནི་ཕ་རོལ་དུ་ཕྱིན་པ་རྣམས་སོ། །འདི་ནི་སྟོང་པ་ཉིད་རྣམས་སོ། །འདི་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་རོ། །འདི་ནི་རྣམ་པ་ཐམས་

Vol. 28 · folio 129a

ཅད་མཁྱེན་པ་ཉིད་ཀྱི་བར་རོ་ཞེས་རྣམ་པར་དཀྲུག་པ་མཛད་ན། དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ཆོས་ཉིད་རྣམ་པར་དཀྲུགས་པར་མ་གྱུར་ཏམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། ངས་ཇི་ལྟར་ན་

གཞན་རྣམས་ཁོང་དུ་ཆུད་པར་འགྱུར་ཞེས་མིང་དང་མཚན་མས་ཆོས་རྣམས་ཀྱི་ཆོས་ཉིད་བསྟན་ཏེ་ཆོས་རྣམས་བརྗོད་ཀྱི། ཆོས་རྣམས་ཀྱི་ཆོས་ཉིད་རྣམ་པར་དཀྲུག་པ་མེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་གཞན་རྣམས་ཁོང་དུ་ཆུད་པར་བགྱི་བའི་སླད་དུ། བཅོམ་ལྡན་

འདས་ཀྱིས་མིང་དང་མཚན་མས་ཆོས་རྣམས་ཀྱི་ཆོས་ཉིད་བསྟན་ཏེ། ཆོས་རྣམས་བརྗོད་པ་མཛད་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་མིང་མ་མཆིས་ཤིང་མཚན་མ་མ་མཆིས་པ་ལ་ཇི་ལྟར་མིང་དང་མཚན་མས་བརྗོད་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། རབ་འབྱོར་བརྗོད་པ་ནི་མིང་ཡང་མ་ཡིན། མཚན་མ་ཡང་མ་ཡིན། མངོན་པར་ཆགས་པ་ཡང་མ་ཡིན་ཏེ། རབ་འབྱོར་གཞན་དུ་ན་སྡུག་བསྔལ་ཉིད་བརྗོད་པར་ཟད་དེ། མིང་དང་མཚན་མ་ལ་མངོན་པར་ཆགས་པ་མེད་དོ། །རབ་འབྱོར་དེ་བཞིན་གཤེགས་པ་

འམ། དེ་བཞིན་གཤེགས་པའི་ཉན་ཐོས་ནི། མིང་དང་མཚན་མ་ལ་མངོན་པར་ཆགས་པར་མི་འགྱུར་ཏེ། རབ་འབྱོར་གལ་ཏེ་མིང་ལ་མངོན་པར་ཆགས་པར་འགྱུར་རམ། མཚན་མ་ལ་མངོན་པར་ཆགས་པར་འགྱུར་ན་ནི། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ལ་མངོན་པར་

ཆགས་པར་འགྱུར་རོ། །མཚན་མ་མེད་པ་འང་མཚན་མ་མེད་པ་ལ་མངོན་པར་ཆགས་པར་འགྱུར་རོ། །སྨོན་པ་མེད་པ་འང་སྨོན་པ་མེད་པ་ལ་མངོན་པར་ཆགས་པར་འགྱུར་རོ། །དེ་བཞིན་ཉིད་ཀྱང་དེ་བཞིན་ཉིད་ལ་མངོན་པར་ཆགས་པར་འགྱུར་རོ། །ཡང་དག་པའི་

མཐའ་ཡང་ཡང་དག་པའི་མཐའ་ལ་མངོན་པར་ཆགས་པར་འགྱུར་རོ། །ཆོས་ཀྱི་དབྱིངས་ཀྱང་ཆོས་ཀྱི་དབྱིངས་ལ་མངོན་པར་ཆགས་པར་འགྱུར་རོ། །འདུས་མ་བྱས་ཀྱང་འདུས་མ་བྱས་ལ་མངོན་པར་ཆགས་པར་འགྱུར་ཏེ། ཆོས་འདི་དག་ཐམས་ཅད་ཀྱང་

Vol. 28 · folio 129b

མིང་ཙམ་དུ་ཟད་པས་ན་དེ་དག་ནི་མིང་ཙམ་ལ་གནས་པ་མེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་དང་མཚན་མ་ལ་གནས་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། དེ་ལ་མངོན་པར་ཆགས་པར་མི་བྱའོ། །གསོལ་པ། བཅོམ་ལྡན་

འདས་གལ་ཏེ་དེ་ལྟར་འདུས་བྱས་དེ་དག་ཐམས་ཅད་མིང་དང་མཚན་མ་ཙམ་དུ་བས་པ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གང་གི་དོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། བྱང་ཆུབ་ཏུ་སེམས་བསྐྱེད་ནས། འདུ་བྱེད་རྣམས་དུ་མ་ཉམས་སུ་མྱོང་བར་བགྱིད་

པ་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལགས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་སྦྱིན་པ་སྣ་ཚོགས་ཡོངས་སུ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་རྩོམ་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་།

ཤེས་རབ་སྒོམ་པ་དང་། སྟོང་པ་ཉིད་ཐམས་ཅད་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་

པ་ལ་སྤྱོད་པ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་

མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་

ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་པ་ལགས།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་དྲུག་ཅུ་གཅིག་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་དེ་སྐད་དུ། གལ་ཏེ་འདུས་བྱས་ཐམས་

Vol. 28 · folio 130a

ཅད་མིང་དང་མཚན་མ་ཙམ་དུ་ཟད་ན། འོ་ན་གང་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅེས་ཟེར་བ་ནི། རབ་འབྱོར་དེ་ལྟར་འདུས་བྱས་ཐམས་ཅད་མིང་དང་མཚན་མ་ཙམ་དུ་ཟད་དེ། མིང་ཡང་

མིང་གིས་སྟོང་། མཚན་མ་ཡང་མཚན་མས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཆོས་ཀྱི་འཁོར་

ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། མིང་དང་མཚན་མ་དེ་ལ་སྐྱེ་བ་དང་། འཇིག་པ་དང་། གནས་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མི་དམིགས་སོ། །གསོལ་པ། བཅོམ་

ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་གསུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་སྨྲའོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་

གཤེགས་པས་ཐམས་ཅད་ཤེས་པ་ཉིད་དུ་གསུངས་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་མདོར་གསུངས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དེ་བཞིན་གཤེགས་པས་གསུངས་ན། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་དེ་གསུམ་ལ་ཁྱད་ནི་ཅི་ཞིག་མཆིས།

བྱེ་བྲག་ནི་ཅི་ཞིག་མཆིས། རྣམ་པ་ནི་ཅི་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ཅེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

རྣམས་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ནི་ཐམས་ཅད་ཤེས་པ་ཉིད་ཅེས་བགྱི།

Vol. 28 · folio 130b

ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་ཙམ་དུ་ཕྱི་དང་ནང་གི་ཆོས་ཇི་སྙེད་པ་ཙམ་ནི་ཐམས་ཅད་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་

ཏེ། ལམ་ཐམས་ཅད་དུ་ནི་མ་ཡིན་ནོ། །རབ་འབྱོར་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱ་ཞེས་ཟེར་བ་ནི། རབ་འབྱོར་ལམ་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་

བསྒྲུབ་པར་བྱ། ལམ་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་པར་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའི་ལམ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ཡིན་ལ། ལམ་

དེ་དག་གིས་ཀྱང་ལམ་གྱི་བྱ་བ་བྱ་དགོས་ཏེ། ཡང་དག་པའི་མཐའ་མངོན་དུ་མི་བྱེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་ལམ་ཡོངས་སུ་རྫོགས་པར་བགྱི་འཚལ་ན། འོ་ན་ནི་དེས་ཡང་

དག་པའི་མཐའ་ཡང་མངོན་དུ་བགྱི་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བྱས་ལ། སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་པར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཡང་དག་

པའི་མཐའ་མངོན་དུ་མི་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་ལ་གནས་ཏེ། ཡང་དག་པའི་མཐའ་མངོན་དུ་བགྱི་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་པ།

བཅོམ་ལྡན་འདས་འོ་ན་ལམ་མ་ལགས་པ་ལ་གནས་ཏེ་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་པ། འོ་ན་ལམ་ཡང་ལགས་ལ། ལམ་མ་ལགས་པ་ལ་ཡང་གནས་ཏེ་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །

Vol. 28 · folio 131a

གསོལ་པ། འོ་ན་ལམ་ཡང་མ་ལགས་ལ། ལམ་མ་ལགས་པ་ཡང་མ་ལགས་པ་ལ་གནས་ཏེ་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོས་ཡང་དག་པའི་མཐའ་མངོན་དུ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ལམ་ལ་གནས་པས་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་ལམ་མ་ཡིན་པ་ལ་གནས་ཏེ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་ལམ་ཡང་ཡིན་ལ། ལམ་མ་ཡིན་པ་ལ་ཡང་གནས་ཏེ་འམ། གསོལ་པ། བཅོམ་ལྡན་

འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་ལམ་ཡང་མ་ཡིན་ལ། ལམ་མ་ཡིན་པ་ཡང་མ་ཡིན་པ་ལ་གནས་ཏེ། ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་

ལྡན་འདས་བདག་གི་སེམས་ནི་གང་ལ་ཡང་གནས་པས། ཉེ་བར་ལེན་པ་མ་མཆིས་པར་ཟག་པ་ལས་སེམས་རྣམ་པར་གྲོལ་བ་མ་མཆིས་ཏེ། བཅོམ་ལྡན་འདས་བདག་གི་སེམས་ནི་གང་ལ་ཡང་མི་གནས་པས་རྣམ་པར་གྲོལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཅི་ལ་ཡང་མི་གནས་པར་ཡང་དག་པའི་མཐའ་མངོན་དུ་བྱའོ། །རབ་འབྱོར་གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི། རྣམ་པ་གཅིག་གིས་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ཅེས་བྱ་སྟེ། འདི་ལྟར་ཞི་བའི་རྣམ་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །རབ་འབྱོར་འདི་ལྟར་ཡང་རྣམ་པ་གང་དང་། ཚུལ་གང་དང་། མཚན་མ་གང་གིས་ཆོས་རྣམས་བརྗོད་པར་བྱ་བའི་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་

Vol. 28 · folio 131b

དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པས། དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི་བ། ཐམས་ཅད་མཁྱེན་

པ་ཉིད་འདི་གསུམ་ལས་ཉོན་མོངས་པ་སྤངས་པའི་རྣམ་པ་འདིས་ནི་ལྷག་མ་མ་ལུས་པར་སྤངས་སོ། །འདིས་ནི་ལྷག་མ་མ་ལུས་པར་མ་སྤངས་སོ། །ཞེས་བགྱི་བའི་བྱེ་བྲག་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཉོན་མོངས་པ་སྤངས་པ་ལ་

ནི་བྱེ་བྲག་མེད་དེ། དེ་བཞིན་གཤེགས་པ་ལ་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པ་མངའོ། །ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་ནི། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པ་མེད་དོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས་

ཉན་ཐོས་དང་། རང་སངས་རྒྱས་དེ་དག་ཐམས་ཅད་ཀྱིས་འདུས་མ་བགྱིས་མ་ཐོབ་པར་ཉོན་མོངས་པ་སྤངས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཅི་ལགས། འདུས་མ་བགྱིས་པ་ལ་བྱེ་བྲག་དམིགས་སུ་མཆིས་སམ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དམིགས་སུ་མ་མཆིས་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་དེ་སྐད་དུ་འདི་ལ་ནི། བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པ་མངའོ། །འདི་ལ་ནི་བག་ཆགས་

ཀྱི་མཚམས་སྦྱོར་བ་སྤངས་པ་མེད་དོ། །ཞེས་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བག་ཆགས་ཀྱི་མཚམས་སྦྱོར་བ་ནི་ཉོན་མོངས་པ་ཡང་མ་ཡིན་མོད་ཀྱི། ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་།

གཏི་མུག་གི་ལུས་ཀྱི་རྣམ་པ་དང་། ངག་གི་རྣམ་པ་ཡོད་དེ། དེ་དག་གི་བག་ཆགས་ཀྱི་མཚམས་སྦྱོར་བ་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཀུན་དང་ཐུན་མོང་དུ་གནོད་པར་འགྱུར་བ་ནི་མ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་

Vol. 28 · folio 132a

ལ་ཐམས་ཅད་དུ་ཐམས་ཅད། རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་མངའ་ཞིང་མི་དམིགས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ལམ་ཡང་མ་མཆིས་ལ། མྱ་ངན་ལས་

འདས་པ་ཡང་མ་མཆིས་ན། འོ་ན་ཅིའི་སླད་དུ། འདི་སྐད་དུ། འདི་ནི་རྒྱུན་དུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའོ། །

འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བཤད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་

དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་དེ་དག་ཐམས་ཅད་ཀྱང་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། འདུས་མ་བགྱིས་ཏེ།

འདི་ནི་རྒྱུན་དུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མི་འོང་བའོ། འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་སོ་ཞེས་བགྱི་བར་རབ་ཏུ་འབྱེད་པ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདུས་མ་བྱས་ནི་རབ་ཏུ་འབྱེད་པ་མེད་མོད་ཀྱི། འོན་ཀྱང་ཚིག་ཚད་མར་བྱས་ཤིང་བརྗོད་དེ། དོན་དམ་པར་ནི་རབ་ཏུ་དབྱེ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན།

དེ་ལ་ཚིག་གི་ལམ་གྱི་གདགས་པ་མེད་དེ། འོན་ཀྱང་གང་དང་གང་གིས་མཐའ་མ་ཆོད་པ་དེ་དང་དེ་དག་ལ་ཕྱི་མའི་མཐར་གདགས་པ་ཡིན་ཏེ། རབ་འབྱོར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ། སྔོན་གྱི་མཐའ་ཡང་མི་དམིགས། ཕྱི་མའི་མཐའ་ཡང་དམིགས་པར་

Vol. 28 · folio 132b

འགྱུར་བ་ལྟ་ག་ལ་ཡོད་དེ་གནས་མེད་དོ། །རབ་འབྱོར་སེམས་ཅན་དེ་དག་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་མི་ཤེས་པས། དེ་དག་ལ་འདི་སྐད་དུ། འདི་ནི་སྔོན་གྱི་མཐའ་ཞེས་བྱའོ། །འདི་ནི་ཕྱི་མའི་མཐའ་ཞེས་བྱའོ། །ཞེས་བསྟན་ཏེ། རང་གི་མཚན་ཉིད་ཀྱིས་

སྟོང་པའི་ཆོས་ཐམས་ཅད་ལ་སྔོན་གྱི་མཐའ་འམ་ཕྱི་མའི་མཐའ་དམིགས་སུ་མེད་དོ། །རབ་འབྱོར་དེ་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་སྤྱད་ན།

ནང་ངམ་ཕྱིའི་ཆོས་སམ། འདུས་བྱས་སམ། འདུས་མ་བྱས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། ཆོས་ཀྱི་ཆོས་གང་ལ་ཡང་མངོན་པར་ཆགས་པར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་

འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བགྱི་བ་འདི་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་

པ་འདི་ནི་ཆོས་ཐམས་ཅད་ཀྱི་ཕ་རོལ་དུ་ཕྱིན་པའི་དམ་པ་ཐོབ་པ་ཡིན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིས། ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་།

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད། ཆོས་ཐམས་ཅད་ཀྱི་ཕ་རོལ་དུ་ཕྱིན་པར་གྱུར། ཕ་རོལ་དུ་ཕྱིན་པར་འགྱུར་བས། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་

དུ་ཕྱིན་པ་འདིས། ཆོས་ཐམས་ཅད་ཀྱི་མཆོག་གི་ཚུལ་ཕྱེད་དེ། ཆོས་དེ་དག་ཀུན་ལ་ཡང་འཁོར་བ་མ་དམིགས་པས་དེའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིར། དེ་བཞིན་ཉིད་ཀྱང་ཆུད་ཡང་

Vol. 28 · folio 133a

དག་པའི་མཐའ་ཡང་ཆུད། ཆོས་ཀྱི་དབྱིངས་ཀྱང་ཆུད་དེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་གང་གིས་ཀྱང་ལྡན་པ་འམ་མི་ལྡན་པ་འམ། བསྟན་དུ་ཡོད་པ་འམ།

བསྟན་དུ་མེད་པ་འམ། ཐོགས་པ་དང་བཅས་པ་འམ། ཐོགས་པ་མེད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི། གཟུགས་མེད་པ། བསྟན་དུ་མེད་པ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ། །རབ་འབྱོར་གཞན་

ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་ཀྱི་སྤོབས་པ་ཐམས་ཅད་དང་། སྣང་བ་ཐམས་ཅད་སྐྱེད་པ་སྟེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་སམ། གང་ཟག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་

པ་པ་ནས། མུ་སྟེགས་ཅན་གཞན་གྱི་བར་དང་། སྡིག་པའི་གྲོགས་པོ་རྣམས་ཀྱིས་མི་ཕྱེད་མི་འཕྲོགས་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་གཅད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རང་གི་མཚན་ཉིད་ཀྱིས་སྟོང་པ་

ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིའི་དོན་ལ་སྤྱད་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདིའི་དོན་ལ་སྤྱོད་པས། མི་རྟག་པའི་དོན་ལ་སྤྱད་པར་བྱའོ། །སྡུག་བསྔལ་གྱི་དོན་ལ་སྤྱད་པར་བྱའོ། །བདག་མེད་པའི་དོན་ལ་སྤྱད་པར་བྱའོ། །སྡུག་བསྔལ་ཤེས་པའི་དོན་ལ་སྤྱད་པར་བྱའོ། །ཀུན་འབྱུང་བ་ཤེས་པའི་དོན་

དང་། འགོག་པ་ཤེས་པའི་དོན་དང་། ལམ་ཤེས་པའི་དོན་ལ་སྤྱད་པར་བྱའོ། །ཟད་པ་ཤེས་པའི་དོན་དང་། མི་སྐྱེ་བ་ཤེས་པའི་དོན་དང་། ཆོས་ཤེས་པའི་དོན་དང་། རྗེས་སུ་འགྲོ་བ་ཤེས་པའི་དོན་དང་། ཀུན་རྫོབ་ཤེས་པའི་དོན་དང་། ཡོངས་སུ་རྟོག་པ་ཤེས་པའི་དོན་དང་།

Vol. 28 · folio 133b

སྒྲ་ཇི་བཞིན་ཤེས་པའི་དོན་ལ་སྤྱད་པར་བྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དོན་ལ་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་དོན་དང་དོན་མ་ལགས་པ་མི་

དམིགས་ན། འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདིའི་དོན་ལ་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་

དོན་ཟབ་མོ་འདི་ལ་སྤྱོད་པས། འདི་ལྟར་སྤྱད་པར་བྱ་སྟེ། འདོད་ཆགས་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །ཞེ་སྡང་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །གཏི་མུག་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །འདོད་

ཆགས་དང་། ཞེ་སྡང་དང་། གཏི་མུག་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །ལོག་པར་ལྟ་བ་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །ལྟ་བར་གྱུར་པ་ཐམས་ཅད་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན།

འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དེ་བཞིན་ཉིད་ནི་གང་ལ་ཡང་དོན་དུ་མི་བྱེད། དོན་མ་ཡིན་པར་མི་བྱེད་དོ། །ལྟ་བའི་རྣམ་པ་དག་གི་དེ་བཞིན་ཉིད་ནི་གང་ལ་ཡང་དོན་དུ་མི་བྱེད། དོན་མ་ཡིན་པར་མི་བྱེད་དོ། །གཟུགས་བདག་གི་དོན་ཅེས་སྤྱད་པར་མི་བྱའོ། །གཟུགས་བདག་

གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་བདག་གི་དོན་ཅེས་སྤྱད་པར་མི་བྱའོ། །རྣམ་པར་ཤེས་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་བདག་གི་དོན་ཅེས་སྤྱད་པར་མི་

བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བདག་གི་དོན་ཅེས་སྤྱད་པར་མི་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བདག་

Vol. 28 · folio 134a

གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་།

སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་བདག་གི་དོན་ཅེས་སྤྱད་པར་མི་བྱའོ། །གཟུངས་ཀྱི་སྒོ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །དེ་བཞིན་གཤེགས་པའི་སྟོབས་དང་།

མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བདག་གི་དོན་ཅེས་སྤྱད་པར་མི་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་

བར་དུ་བདག་གི་དོན་ཞེས་སྤྱད་པར་མི་བྱའོ། །བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་

ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་གང་དོན་དུ་བྱ་བ་འམ། དོན་མེད་པར་བྱ་བ་དེ་ལྟ་བུ་གང་ཡང་མ་དམིགས་སོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་རྣམས་སྐྱེས་ཀྱང་རུང་། དེ་བཞིན་གཤེགས་པ་རྣམས་

མ་སྐྱེས་ཀྱང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་ཀྱི་གནས་ཉིད་ནི་གནས་པ། ཆོས་ཀྱི་དབྱིངས་ནི་གནས་པ་སྟེ། དེ་ནི་གང་ལ་ཡང་དོན་ཀྱང་མི་བྱེད། དོན་མ་ཡིན་པ་འང་མི་བྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་དང་དོན་མ་ཡིན་

པ་སྤངས་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གང་ལ་ཡང་དོན་ཀྱང་མི་བགྱིད། དོན་མ་ལགས་པ་འང་མི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་

Vol. 28 · folio 134b

དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཉིད་གང་ཡང་མི་བྱེད་དེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གང་ལ་ཡང་དོན་དུ་བྱེད་པ་ཡང་མ་ཡིན་ནོ། །དོན་མ་ཡིན་པར་བྱེད་པ་ཡང་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་འདུས་

མ་བགྱིས། སངས་རྒྱས་དང་། སངས་རྒྱས་ཀྱི་ཉན་ཐོས་འཕགས་པ་ཐམས་ཅད་ཀྱི་དོན་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་མ་བྱས་ནི་སངས་རྒྱས་དང་། སངས་རྒྱས་ཀྱི་ཉན་ཐོས་འཕགས་པ་ཐམས་ཅད་ཀྱི་དོན་ཀྱང་ཡིན་ཏེ། ཕན་པ་འམ། གནོད་པར་

ཉེ་བར་གནས་པ་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའི་དེ་བཞིན་ཉིད་ནི་གང་ལ་ཡང་ཕན་པ་འམ། གནོད་པར་ཉེ་བར་གནས་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་ཆོས་གང་ལ་ཡང་ཕན་པ་

འམ། གནོད་པར་ཉེ་བར་གནས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་མ་བགྱིས་ཀྱི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་བགྱིད་དམ། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དེ། གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ། །གསོལ་

པ། བཅོམ་ལྡན་འདས་ཅི་ལགས། གཉིས་སུ་མ་མཆིས་པའི་ཆོས་ཀྱིས་གཉིས་སུ་མ་མཆིས་པའི་ཆོས་ཐོབ་པར་བགྱིད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། འོ་ན་གཉིས་ཀྱི་ཆོས་ཤིག་གཉིས་ཀྱི་ཆོས་ཐོབ་པར་བགྱིད་པ་ལགས་སམ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་པ། འོ་ན་ཇི་ལྟར་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་གཉིས་ཀྱི་ཆོས་སམ། གཉིས་སུ་མེད་པའི་ཆོས་ཀྱང་མི་དམིགས་པ་ནི། ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མི་དམིགས་

Vol. 28 · folio 135a

པ་ནི་ཐོབ་པ་སྟེ། དེ་ནི་དམིགས་པས་ཀྱང་ཐོབ་པར་མི་འགྱུར། མི་དམིགས་པས་ཀྱང་ཐོབ་པར་མི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ལེའུ་ལྔ་བཅུ་གསུམ་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་

འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཟབ་བོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་ཡང་དཀའ་བ་

བགྱིད་པ་ལགས་ཏེ། སེམས་ཅན་ཞེས་བགྱི་འམ། སེམས་ཅན་དུ་གདགས་པ་ནི་གང་ཡང་མི་དམིགས་ན། དེ་དག་ནི་སེམས་ཅན་རྣམས་ཀྱི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་

ལ་ཞིག་ནམ་མཁའ་གཞི་མ་མཆིས་པ་ལ། ལྗང་བུ་བསྐྱེད་པར་འཚལ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་སེམས་ཅན་རྣམས་ཀྱི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་

དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་རྣམས་ཀྱི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་

རྣམས་སེམས་ཅན་དུ་འཛིན་པ་ལས་ཡོངས་སུ་འགྲེལ་པ་ནི། དཀའ་བ་བྱེད་པའོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་ལྗང་བུ་བསྐྱེད་པར་འདོད་ལ། སྐྱེས་བུ་དེས་ལྗང་བུ་དེའི་རྩ་བ་མ་དམིགས། ཡལ་ག་དང་སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་མ་

དམིགས་པར་ལྗང་བུ་དེའི་སྡོང་བུ་བསྐྱེད་དེ། དུས་དུས་སུ་ཆུས་བྲན་ཅིང་། དེའི་སྡོང་བུ་དེ་རིམ་གྱིས་ཡལ་ག་ཕུན་སུམ་ཚོགས་པར་གྱུར། ལོ་མ་ཕུན་སུམ་ཚོགས་པར་གྱུར། མེ་ཏོག་ཕུན་སུམ་ཚོགས་པར་གྱུར། འབྲས་བུ་ཕུན་སུམ་ཚོགས་པར་གྱུར་པ་དང་། དེ་ལྗང་བུ་དེའི་འདབ་མ་

Vol. 28 · folio 135b

ལ་སྤྱོད་པ་དང་། མེ་ཏོག་ལ་སྤྱོད་པ་དང་། འབྲས་བུ་ལ་སྤྱོད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། སེམས་ཅན་རྣམས་ཀྱི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་སྟེ། དེ་དག་རིམ་གྱིས་ཕ་རོལ་དུ་ཕྱིན་པ་

དྲུག་ལ་སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དེ། དེ་དག་ལ་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་རོ། །རབ་འབྱོར་དེ་ལ་ལོ་མ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ཅིང་། སེམས་ཅན་

རྣམས་ངན་སོང་གསུམ་ལས་ཡོངས་སུ་འགྲོལ་བའོ། །མེ་ཏོག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ཅིང་། རྒྱལ་རིགས་ཆེ་ཞིང་མཐོ་བ་དང་། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དང་། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བར་སྐྱེ་བ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་

ལྷར་སྐྱེ་བ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་།

ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་དུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་

ཆུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའོ། །འབྲས་བུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། སེམས་ཅན་དེ་དག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་འགོད་པ་དང་། ལན་ཅིག་

ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་རབ་ཏུ་འགོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཉིད་ལ་བརྟེན་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

Vol. 28 · folio 136a

ཐོབ་ནས། དེ་དག་ཀྱང་སེམས་ཅན་ཐམས་ཅད་འབྲས་བུ་ལ་ཉེ་བར་འཚོ་བ་བཞིན་ཉེ་བར་འཚོ་བར་འགྱུར་བ་དང་། དེ་ལ་གང་གིས་ཡོན་ཕུལ་བ་དེ་དག་གིས་ཀྱང་རིམ་གྱིས། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོ་

འམ། ཐེག་པ་གསུམ་པོ་དེ་དག་གིས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཡང་། དེ་ལ་སེམས་ཅན་དུ་ཡང་མི་འདོགས། སེམས་ཅན་དུ་གདགས་པ་ཡང་མེད་པར་སེམས་ཅན་དེ་དག་ཀྱང་

སེམས་ཅན་དུ་འཛིན་པ་ལས་ཡོངས་སུ་འགྲེལ་པ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཀྱང་། གང་གི་དོན་དུ་བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ། །ཞེས་བྱ་བའི་སེམས་ཅན་ནམ། སེམས་ཅན་དུ་

གདགས་པ་གང་ཡང་མི་དམིགས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ལ་བརྟེན་ན། སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་ཐམས་ཅད་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །མི་ཁོམ་པ་དང་། ངན་སོང་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །དབུལ་པོ་ཐམས་ཅད་རྒྱུན་ཆད་པར་འགྱུར་

རོ། །ལམ་གྱི་རྒྱུད་དམའ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །འདོད་པའི་ཁམས་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །གཟུགས་ཀྱི་ཁམས་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །གཟུགས་མེད་པའི་ཁམས་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མེད་ན། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་

Vol. 28 · folio 136b

རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོད་པར་མི་འགྱུར། རང་སངས་རྒྱས་རྣམས་ཀྱང་འཇིག་རྟེན་དུ་འབྱུང་བར་མི་འགྱུར། དགྲ་བཅོམ་པ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། རྒྱུན་དུ་ཞུགས་པ་རྣམས་ཀྱང་འཇིག་རྟེན་དུ་འབྱུང་

བར་མི་འགྱུར་རོ། །སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་ཆད་པར་མི་འགྱུར། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ཀྱང་རྒྱུན་ཆད་པར་མི་འགྱུར། འདོད་པའི་ཁམས་ཐམས་ཅད་ཀྱང་རྒྱུན་ཆད་པར་མི་འགྱུར། གཟུགས་ཀྱི་ཁམས་ཐམས་ཅད་དང་། གཟུགས་

མེད་པའི་ཁམས་ཐམས་ཅད་ཀྱང་རྒྱུན་ཆད་པར་མི་འགྱུར་རོ། །རབ་འབྱོར་དེ་ལྟ་བས་ན་གང་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ། །ཞེས་ཟེར་བ་ནི་རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་ཉིད་གང་གིས་དེ་བཞིན་གཤེགས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་རང་སངས་རྒྱས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་འཕགས་པ་ཐམས་ཅད་དུ་གདགས་པ་དང་།

དེ་བཞིན་ཉིད་གང་གིས་གཟུགས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པར་གདགས་པ་དང་། དེ་བཞིན་ཉིད་གང་གིས་སྐྱེ་མཆེད་དང་། ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བར་གདགས་པ་དང་། དེ་བཞིན་ཉིད་གང་གིས་ཕ་

རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་

པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་སུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་དེ་བཞིན་

Vol. 28 · folio 137a

གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དུ་གདགས་པ་དང་། དེ་བཞིན་ཉིད་གང་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གདགས་པ་དང་།

དེ་བཞིན་ཉིད་གང་གིས་འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཀྱི་བར་དུ་གདགས་པ་དེ་དག་ཐམས་ཅད་ཀྱང་དེ་ཁོ་ན་བཞིན་ཏེ། དེ་བས་ན་དེ་བཞིན་ཉིད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་ཉིད་དེ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ཐོབ་པར་བྱེད་པས། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། རབ་འབྱོར་རྣམ་གྲངས་དེས་ན། དེ་བཞིན་ཉིད་ཚད་མར་བྱས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབས་ཤིང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་སློབ་བོ། །ཆོས་

ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་བསླབས་ཤིང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡོངས་སུ་རྫོགས་པར་བྱས་ཤིང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དབང་དུ་གྱུར་པ་ཐོབ་པར་བྱེད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་

ཉིད་ལ་དབང་དུ་གྱུར་པ་ཐོབ་པར་བྱས་ཤིང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ལ་མཁས་པར་བྱེད་དོ། །དབང་པོ་ལ་མཁས་པར་བྱས་ཤིང་། དབང་པོ་ཡོངས་སུ་བསྐང་བ་ལ་མཁས་པ་ཐོབ་པར་བྱེད་དོ། །དབང་པོ་ཡོངས་སུ་བསྐང་བ་ལ་མཁས་པ་འཐོབ་པར་བྱས་ཤིང་། སེམས་

ཅན་རྣམས་ཀྱི་ལས་རང་གི་བྱས་པ་ཤེས་པར་བྱེད་དོ། །སེམས་ཅན་རྣམས་ཀྱི་རང་གི་ལས་ཤེས་པར་བྱས་ཤིང་། སྨོན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་དོ། །སྨོན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱས་ཤིང་། དུས་གསུམ་དུ་ཡེ་ཤེས་རྣམ་པར་དག་པར་བྱེད་དོ། །

Vol. 28 · folio 137b

དུས་གསུམ་དུ་ཡེ་ཤེས་རྣམ་པར་དག་པར་བྱས་ཤིང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཤིང་། རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱས་ཤིང་། ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ཅིང་། སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་བཀོད་དོ། །སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་བཀོད་

ནས། ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་འོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོན་ཏན་དང་། ལེགས་པ་ཐམས་ཅད་མཐོང་ནས། བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །གཞན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་

ཇི་སྐད་དུ་བསྟན་པ་འདི་ལ་སྤྱོད་པ་དེ་དག་ནི། ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བར་འོས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་

དུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་སྤྱོད་པ་དེ་དག་ནི། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འོས་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་དང་ལྡན་པ། སེམས་ཅན་

ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེའི་བསོད་ནམས་ཇི་ཙམ་ཞིག་ཏུ་འཕེལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་

Vol. 28 · folio 138a

ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད། ཉན་ཐོས་ཀྱི་ས་ལ་གནས་པར་གྱུར། རང་སངས་རྒྱས་ཀྱི་ས་ལ་གནས་པར་གྱུར་ན། སེམས་ཅན་དེ་དག་གི་བསོད་ནམས་ཆེས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་

གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཚད་མ་མཆིས་སོ། །བདེ་བར་གཤེགས་པ་ཚད་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་ཀྱི་ཐེག་པ་པ་འམ། །

རང་སངས་རྒྱས་ཀྱི་ཐེག་པ་པར་གྱུར་པའི་བསོད་ནམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་དང་ལྡན་པའི་བསོད་ནམས་ལས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དང་ལྡན་པའི་བསོད་ནམས་ཀྱི་ཚོགས་དེ་ལ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་

འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པར་གྱུར་པ་དེ་དག་གི་བསོད་ནམས་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་།

བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་དང་ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་གང་ཟག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་

པ་རྣམས་ཏེ། ཉན་ཐོས་དང་། རང་སངས་རྒྱས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པར་གྱུར་པ་ལྟ་ཞོག་གི །

གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཉན་ཐོས་ཀྱི་ཡོན་ཏན་དང་ལྡན་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་།

Vol. 28 · folio 138b

བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཏེ། ཉན་ཐོས་དང་།

རང་སངས་རྒྱས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་ཀྱི་ཡོན་ཏན་དང་ལྡན་པར་གྱུར་པ་འམ། རང་སངས་རྒྱས་ཀྱི་ཡོན་ཏན་དང་ལྡན་པར་གྱུར་པ་

ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་དཀར་པོ་རྣམ་པར་མཐོང་བའི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གིས་བསོད་ནམས་དེས། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་

བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་དཀར་པོ་རྣམ་པར་མཐོང་བའི་ས་ལ་གནས་པ་རྣམས་ཏེ།

དཀར་པོ་རྣམ་པར་མཐོང་བའི་ས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དཀར་པོ་རྣམ་པར་མཐོང་བའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་

ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་རིགས་ཀྱི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་

ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་རིགས་ཀྱི་ས་ལ་གནས་པ་རྣམས་ཏེ། རིགས་ཀྱི་ས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་

Vol. 28 · folio 139a

མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རིགས་ཀྱི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བརྒྱད་པའི་ས་ལ་གནས་པར་

གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་

བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་བརྒྱད་པའི་ས་རྣམས་ཏེ། བརྒྱད་པའི་ས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བརྒྱད་པའི་ས་ལ་གནས་

པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་མཐོང་བའི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །

སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་མཐོང་བའི་ས་རྣམས་ཏེ། མཐོང་བའི་ས་ལས་བྱུང་བ་ནི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་མཐོང་བའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བསྲབས་

པའི་ས་ལ་གནས་པར་གྱུར་ཀྱང་དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་

Vol. 28 · folio 139b

བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་བསྲབས་པའི་ས་རྣམས་ཏེ། བསྲབས་པའི་ས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་

དེ་དག་ཐམས་ཅད་བསྲབས་པའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་འདོད་ཆགས་དང་བྲལ་བའི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས། བྱང་ཆུབ་སེམས་དཔའ་

སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་

བྱུང་བ་ནི། འདོད་ཆགས་དང་བྲལ་བའི་ས་ལ་གནས་པ་རྣམས་ཏེ། འདོད་ཆགས་དང་བྲལ་བའི་ས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་འདོད་ཆགས་དང་བྲལ་

བའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བྱས་པ་རྟོགས་པའི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་

ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་བྱས་པ་རྟོགས་པའི་ས་ལ་གནས་པ་རྣམས་

ཏེ། བྱས་པ་རྟོགས་པའི་ས་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བྱས་པ་རྟོགས་པའི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་

Vol. 28 · folio 140a

འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་རང་སངས་རྒྱས་ཀྱི་ས་ལ་གནས་པར་གྱུར་ཀྱང་དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་

ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། རང་སངས་རྒྱས་རྣམས་ཏེ། རང་སངས་རྒྱས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་ཀྱི་ས་ལ་གནས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་

སེམས་དཔའི་སྐྱོན་མེད་པར་ཞུགས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་རང་བྱང་ཆུབ་ཏུ་ཞུགས་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་ཡང་

ཉེ་བར་མི་འགྲོའོ། །དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པར་གྱུར་པ་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་

ཅན་དེ་དག་ཐམས་ཅད་བྱང་ཆུབ་ཏུ་ཞུགས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་དེས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཁྲག་

ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་སུ་ཡང་མི་བཟོད། ཆར་ཡང་མི་བཟོད། བགྲང་བར་ཡང་མི་བཟོད། དཔེར་ཡང་མི་བཟོད། རྒྱུར་ཡང་མི་བཟོད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

Vol. 28 · folio 140b

སེམས་དང་པོ་བསྐྱེད་པས་ཅི་ཡིད་ལ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དངོས་པོ་ཇི་ལྟ་བུ་ཞིག་མཆིས་དམིགས་པ་ཇི་ལྟ་བུ་ཞིག་མཆིས་

དབང་སྒྱུར་བ་ཇི་ལྟ་བུ་ཞིག་མཆིས། རྣམ་པ་ཇི་ལྟ་བུ་ཞིག་མཆིས། མཚན་ཉིད་ཇི་ལྟ་བུ་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི། དངོས་པོ་མེད་པ་མཚན་ཉིད་མེད་པ། མཚན་མ་མེད་པ། བྱེད་པ་མེད་

པ། སྐྱེ་བ་མེད་པ། འབྱུང་བ་མེད་པ་སྟེ། རབ་འབྱོར་གང་ཡང་འདི་སྐད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ཇི་ལྟ་བུ་ཞིག་ཡོད་ཅེས་ཟེར་བ་ནི། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དམིགས་པ་མེད་པ་སྟེ། དྲན་པས་དབང་བསྒྱུར་བ་དང་། ཞི་བའི་རྣམ་པ་མཚན་

ཉིད་མེད་པ་ཡིན་ཏེ། རབ་འབྱོར་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པའོ། །འདི་ནི་དབང་བསྒྱུར་བའོ། །འདི་ནི་རྣམ་པའོ། །འདི་ནི་མཚན་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབའ་ཞིག་དངོས་པོ་མ་མཆིས་པ་

ལགས་སམ། མ་ལགས་ཀྱི། གཟུགས་ཀྱང་དངོས་པོ་མ་མཆིས་པ་ལགས། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་ལགས། སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དངོས་པོ་མ་མཆིས་པ་ལགས། ཕ་རོལ་དུ་ཕྱིན་

པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དངོས་པོ་མ་མཆིས་པ་ལགས། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་

གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་

Vol. 28 · folio 141a

ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ཡང་དངོས་པོ་མ་མཆིས་པ་ལགས། འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཀྱང་དངོས་

པོ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དངོས་པོ་མེད་པའོ། །གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་དངོས་པོ་མེད་པའོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་

འབྱུང་བ་ཡང་དངོས་པོ་མེད་པའོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དངོས་པོ་མེད་པའོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་

པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་

པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་དངོས་པོ་མེད་པའོ། །བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ཡང་དངོས་པོ་མེད་པའོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་

ཀྱང་དངོས་པོ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ངོ་བོ་ཉིད་མེད་དེ། རབ་འབྱོར་གང་ལ་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་པའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ངོ་བོ་ཉིད་མ་

མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདུས་པའི་ངོ་བོ་ཉིད་མེད་དེ། གང་ལ་འདུས་པའི་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་པའོ། །རབ་འབྱོར་རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །རབ་འབྱོར་འདི་ལྟར་ཡང་ཆོས་

Vol. 28 · folio 141b

ཐམས་ཅད་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པའི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་ངོ་བོ་ཉིད་དོ། །རབ་འབྱོར་འདི་ལྟར་ཡང་ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་ཡང་དག་པའི་མཐའི་ངོ་བོ་ཉིད་དོ། །ཆོས་

ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་འདི་ལྟར་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། འོ་ན་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ཐབས་གང་དང་ལྡན་པས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་།

བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པ་དང་།

བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་

དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་

དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་

Vol. 28 · folio 142a

པ་ལགས། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་།

སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་།

མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་།

སྙིང་རྗེ་ཆེན་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་

ཉིད་དུ་ཡོངས་སུ་འདྲིས་པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་ལ། སངས་རྒྱས་ཀྱི་ཞིང་དེ་དག་དང་། སེམས་ཅན་དེ་དག་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པ་དེ་ཉིད། བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོའི་ཐབས་མཁས་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་

ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་ཅིང་།

Vol. 28 · folio 142b

བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་

སུ་འདྲིས་པར་བྱེད་དོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་

དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བྱང་ཆུབ་ཀྱི་ལམ་དེ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རབ་ཏུ་ཤེས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། ནམ་དེ་བཞིན་

གཤེགས་པའི་སྟོབས་བཅུ་དང་ལྡན་པར་མ་གྱུར་པ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པར་མ་གྱུར་པ་

དེའི་བར་དུ། བྱང་ཆུབ་ཀྱི་ལམ་དེ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའི་ལམ་སྟེ། ལམ་དེ་ལ་གནས་ཤིང་། ཕ་རོལ་དུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས། སྐད་ཅིག་གཅིག་

དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །དེའི་ཚེ་དེའི་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཀྱང་མི་སྐྱེ་བར་སྤང་བས་ཡོངས་སུ་སྤོང་བར་འགྱུར་ཏེ། དེ་སངས་རྒྱས་ཀྱི་སྤྱན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་

Vol. 28 · folio 143a

རྟེན་གྱི་ཁམས་ལ་རྣམ་པར་ལྟ་ན། དངོས་པོ་མེད་པར་ཡང་མི་དམིགས་ན། དངོས་པོ་ཡོད་པར་ལྟ་སྨོས་ཀྱང་ཅི་དགོས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་ཡོངས་སུ་གཏོང་སྟེ།

དེ་ལྟར་སྦྱིན་པ་ཡོངས་སུ་གཏོང་ཡང་། མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ་དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །ལེན་པ་ལ་ཡང་མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །གཏོང་བ་ལ་ཡང་མི་

རྟོག་མཚན་མར་མི་བྱེད་དེ། །དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡིད་ལ་མི་བྱེད་དོ། །བྱང་ཆུབ་ཀྱི་སེམས་དེ་ཡང་མི་དམིགས་ཏེ། མཚན་མར་མི་བྱེད་ཡུལ་དུ་མི་བྱེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་

སྲུང་། བཟོད་པ་སྒོམ། བརྩོན་འགྲུས་རྩོམ། བསམ་གཏན་ལ་གོམས་པར་བྱེད། ཤེས་རབ་སྒོམ་སྟེ། དེ་ལྟར་ཤེས་རབ་སྒོམ་ཡང་མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །གང་ཤེས་རབ་དེ་ལ་སྒོམ་པ་དེ་ཡང་།

མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །སེམས་ཅན་གང་གི་དོན་དུ་ཤེས་རབ་དེ་ལ་སྒོམ་པ་དེ་དག་ལ་ཡང་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ་དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །ནང་སྟོང་པ་ཉིད་དང་།

དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། །འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་

དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་།

Vol. 28 · folio 143b

དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལ་མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ།

དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་མངོན་པར་རྫོགས་པར་འཚང་

རྒྱ་བར་བྱ་བ་དང་། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དེ་ལ་ཡང་མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། དེ་དག་སངས་རྒྱས་རྣམས་

ཀྱིས་ཀྱང་མ་མཛད། རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱིས་ཀྱང་མ་བྱས་ཏེ། ཆོས་ཐམས་ཅད་ནི་བྱེད་པ་པོ་མེད་པ། བྱེད་པ་པོ་དང་བྲལ་བའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ན། ཆོས་རྣམས་ཆོས་རྣམས་ཉིད་དང་བྲལ་བ་ལགས་སམ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་རྣམས་ནི་ཆོས་རྣམས་ཉིད་དང་བྲལ་བའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་རྣམས་ཆོས་རྣམས་ཉིད་དང་བྲལ་བ་ལགས་ན། ཇི་ལྟར་ཆོས་ཀྱིས་ཆོས་ལ་དངོས་པོ་མཆིས་

ཞེས་བགྱི་བ་འམ། དངོས་པོ་མ་མཆིས་ཞེས་བགྱི་བར་ཡོངས་སུ་འཚལ་བར་འགྱུར། བཅོམ་ལྡན་འདས་དངོས་པོ་མ་མཆིས་པའི་ཆོས་ཀྱིས་དངོས་པོ་མ་མཆིས་པའི་ཆོས་ཡོངས་སུ་འཚལ་བར་མི་རུང་སྟེ། དངོས་པོ་མཆིས་པའི་ཆོས་ཀྱིས་ཀྱང་དངོས་པོ་མཆིས་པའི་ཆོས་ཡོངས་སུ་འཚལ་

བར་མི་རུང་ངོ་། །དངོས་པོ་མ་མཆིས་པའི་ཆོས་ཀྱིས་ཀྱང་དངོས་པོ་མཆིས་པའི་ཆོས་འཚལ་བར་མི་རུང་ངོ་། །དངོས་པོ་མཆིས་པའི་ཆོས་ཀྱིས་ཀྱང་དངོས་པོ་མ་མཆིས་པའི་ཆོས་འཚལ་བར་མི་རུང་ངོ་། །དེ་ལྟར་ཆོས་ཐམས་ཅད་ཡོངས་སུ་འཚལ་བར་མ་མཆིས་པས། བྱང་ཆུབ་

Vol. 28 · folio 144a

སེམས་དཔའ་སེམས་དཔའ་ཆེན་པོ་ལྟ་དངོས་པོ་མཆིས་པ་འམ། དངོས་པོ་མ་མཆིས་པར་སེམས་པར་ཡང་ག་ལ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་

སྤྱོད་པའི་ཚེ། འཇིག་རྟེན་གྱི་ཀུན་རྫོབ་ཉེ་བར་བཟུང་བས། དངོས་པོ་ཡོད་ཅེས་བྱ་བ་འམ། དངོས་པོ་མེད་ཅེས་བྱ་བར་སྟོན་ཏེ། དོན་དམ་པར་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ཞིག་ལ། དོན་དམ་པ་ཡང་གཞན་ཞིག་

ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ཞིག་ལ། དོན་དམ་པ་ཡང་གཞན་ཞིག་ཡིན་ཞེས་བྱ་བ་ཡང་མེད་དེ། འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའི་དེ་བཞིན་ཉིད་ཡིན་ཡང་། དེ་ལ་

སེམས་ཅན་དེ་དག་ཕྱིན་ཅི་ལོག་ཏུ་གྱུར་པས་དེ་བཞིན་ཉིད་དེ་མི་ཤེས་མི་མཐོང་སྟེ། དེ་དག་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཀུན་རྫོབ་ཀྱིས་དངོས་པོ་ཡོད་ཅེས་བྱ་བ་འམ། དངོས་པོ་མེད་ཅེས་བྱ་བར་བརྗོད་དོ། །རབ་འབྱོར་འདི་ལྟར་ཡང་།

སེམས་ཅན་གང་ཇི་སྙེད་ཅིག་ཕུང་པོ་ལྔ་ལ་དངོས་པོ་ཡོད་པའི་འདུ་ཤེས་སུ་གྱུར་ཏེ། དངོས་པོ་མེད་པར་མི་ཤེས་པ་དེ་དག་གི་དོན་དུ་ཆོས་རྣམས་རབ་ཏུ་དབྱེ་བ་ཉེ་བར་བཟུང་སྟེ། དངོས་པོ་མེད་པར་ཡང་ཇི་ལྟར་ཤེས་པར་འགྱུར་ཞེས་ཏེ། དེ་སྐད་དུ་བརྗོད་དོ། །རབ་འབྱོར་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་ལྔ་བཅུ་བཞི་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་

འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བགྱི་ན། དེ་སྐད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བགྱི་བ་དེ། གང་གི་ཚིག་བླ་དགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

Vol. 28 · folio 144b

པ། རབ་འབྱོར་བྱང་ཆུབ་སེམས་དཔའི་སྤྱོད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱ་བ་ནི། དེ་བྱང་ཆུབ་ཀྱི་དོན་དུ་སྤྱོད་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་

ལ་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མི་འགྱུར་བ་དེ་ལྟར་སྤྱོད་དོ། །ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་

བློ་རྣམ་པ་གཉིས་སུ་མི་འགྱུར་བ་དེ་ལྟར་སྤྱོད་དོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མི་འགྱུར་བ་དེ་ལྟར་སྤྱོད་དོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་།

བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་པ་ཞེས་བྱ་བར་སྤྱོད། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྟོང་པ་ཞེས་བྱ་བར་

སྤྱོད། བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་

མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟོང་པ་ཞེས་བྱ་བར་སྤྱོད། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་

པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཞེས་བྱ་བར་སྤྱོད། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་ཀྱི་

Vol. 28 · folio 145a

ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་

པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྟོང་པ་ཞེས་བྱ་བར་སྤྱོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟོང་པ་ཞེས་བྱ་བར་སྤྱོད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སྤོབས་པ་དང་།

ཡི་གེ་མངོན་པར་བསྒྲུབ་པ་སྟོང་པ་ཞེས་བྱ་བར་སྤྱོད། ཡི་གེ་ལ་འཇུག་པ་དང་། ཡི་གེ་མེད་པ་ལ་འཇུག་པ་སྟོང་པ་ཞེས་བྱ་བར་སྤྱོད། གཟུགས་སྟོང་པ་ཞེས་བྱ་བར་སྤྱོད། འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་

སུ་མི་འགྱུར་བ་དེ་ལྟར་སྤྱོད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་དྲུག་ཅུ་གཉིས་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བྱང་ཆུབ་ཏུ་སྤྱོད་པ་ཡིན་ཏེ། དེའི་ཕྱིར་

བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་སངས་རྒྱས་ཞེས་བགྱི་ན། སངས་རྒྱས་ཞེས་བགྱི་བ་དེ། གང་གི་ཚིག་བླ་དགས་ལགས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཡང་དག་པའི་དོན་ནི་སངས་རྒྱས་ཞེས་བྱ་སྟེ། རབ་འབྱོར་ཡང་འདི་ལྟར་དེས་ཡང་དག་པའི་ཆོས་མངོན་པར་རྫོགས་པར་སངས་རྒྱས་པས། དེའི་ཕྱིར་སངས་རྒྱས་ཞེས་བྱའོ། །ཡང་དག་པའི་དོན་རབ་ཏུ་རྟོགས་པས། དེའི་

ཕྱིར་སངས་རྒྱས་ཞེས་བྱའོ། །རབ་འབྱོར་ཡང་འདི་ལྟར་དེས་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པས། དེའི་ཕྱིར་སངས་རྒྱས་ཞེས་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་བྱང་ཆུབ་ཅེས་བགྱི་ན། བྱང་ཆུབ་ཅེས་བགྱི་

Vol. 28 · folio 145b

བ་དེ་གང་གི་ཚིག་བླ་དགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་ཅེས་བྱ་བ་དེ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་ལགས་སོ། །དེ་ནི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་སོ། །འདི་ནི་མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་།

ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའི་ཚིག་བླ་དགས་སོ། །རབ་འབྱོར་ཡང་འདི་ལྟར་བྱང་ཆུབ་ཅེས་བྱ་བ་དེ་ནི། དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད། རྣམ་པ་

གཞན་དུ་མི་འགྱུར་བ་སྟེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །རབ་འབྱོར་འདི་ལྟར་ཡང་འདི་ལྟ་སྟེ། བྱང་ཆུབ་ཅེས་བྱ་བ་འདི་ནི་མིང་དང་མཚན་མ་ཙམ་སྟེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །རབ་འབྱོར་ཡང་འདི་ལྟར་ཡང་དག་པའི་དོན་ནི་བྱང་ཆུབ་ཀྱི་དོན་ཏོ། །རབ་འབྱོར་ཡང་

འདི་ལྟར་དེ་ནི་ཆོས་ཐམས་ཅད་མིང་དང་མཚན་མ་ཙམ་དུ་རྟོགས་པར་བྱེད་པ་སྟེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །རབ་འབྱོར་ཡང་འདི་ལྟར་དབྱེར་མེད་པའི་དོན་ནི་བྱང་ཆུབ་ཀྱི་དོན་ཏོ། །རབ་འབྱོར་ཡང་འདི་ལྟར་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སྟེ། དེའི་

ཕྱིར་བྱང་ཆུབ་ཅེས་བྱའོ། །རབ་འབྱོར་ཡང་འདི་ལྟར་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པས་ན། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བྱང་ཆུབ་

འདི་ལ་སྤྱོད་པ་དང་། ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། སྟོང་པ་ཉིད་ཐམས་ཅད་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་པ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་།

རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་

Vol. 28 · folio 146a

པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པའི་དགེ་བའི་རྩ་བ་གང་དང་གང་ཚོགས་སུ་འགྱུར་བ་འམ། འགྲིབ་པ་འམ། འགོད་པ་འམ། འཕེལ་བ་

འམ། སྐྱེ་བ་འམ། འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བྱང་ཆུབ་འདི་ལ་སྤྱོད་པ་དང་། ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་པ་

དང་། སྟོང་པ་ཉིད་ཐམས་ཅད་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་པ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་

སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་

རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པ་དེ་ལ། ཆོས་གང་ཡང་ཚོགས་སུ་འགྱུར་བ་འམ། འགྲིབ་པ་འམ། འགོད་པ་འམ། འཕེལ་བ་འམ། སྐྱེ་བ་འམ། འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་

པར་བྱང་བར་འགྱུར་བ་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་ནི་ཆོས་གང་ཡང་ཚོགས་སུ་འགྱུར་བ་འམ། འགྲིབ་པར་བྱ་བ་འམ། འགོད་པར་བྱ་བ་འམ། འཕེལ་བར་བྱ་

བ་འམ། སྐྱེ་བར་བྱ་བ་འམ། འགག་པར་བྱ་བ་འམ། ཀུན་ནས་ཉོན་མོངས་པར་བྱ་བ་འམ། རྣམ་པར་བྱང་བར་བྱ་བའི་ཕྱིར་དེ་དམིགས་པའི་ཚུལ་གྱིས་ཉེ་བར་གནས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

Vol. 28 · folio 146b

པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་ནི། ཆོས་གང་ཡང་ཚོགས་སུ་འགྱུར་བ་འམ། འགྲིབ་པར་བགྱི་བ་འམ། འགོད་པར་བགྱི་བ་འམ། འཕེལ་བར་བགྱི་བ་འམ། སྐྱེ་བར་བགྱི་བ་འམ། འགག་པར་བགྱི་བ་འམ། ཀུན་ནས་ཉོན་མོངས་པར་བགྱི་བ་འམ་

རྣམ་པར་བྱང་བར་བགྱི་བའི་སླད་དུ། དམིགས་པའི་ཚུལ་གྱིས་ཉེ་བར་གནས་པ་མ་ལགས་ན། བཅོམ་ལྡན་འདས་འོ་ན་དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་

པར་འགྱུར། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པར་འགྱུར། ཇི་ལྟར་ནང་སྟོང་པ་ཉིད་

ལ་སྤྱོད་པར་འགྱུར། ཇི་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་པར་འགྱུར། ཇི་ལྟར་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་

ཡན་ལག་བརྒྱད་པ་ལ་སྤྱོད་པར་འགྱུར། ཇི་ལྟར་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་།

མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ལ་སྤྱོད་པར་འགྱུར། ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་

སྤྱོད་པར་འགྱུར། ཇི་ལྟར་བྱང་ཆུབ་སེམས་དཔའི་ས་བཅུ་ལ་སྤྱོད་པར་འགྱུར། ཇི་ལྟར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདའ་བར་འགྱུར། ཇི་ལྟར་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་འཇུག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

Vol. 28 · folio 147a

རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་གཉིས་སུ་སྤྱོད་པའི་བློ་མེད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཉིས་ཀྱིས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །གཉིས་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་

ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །གཉིས་ཀྱིས་ནང་སྟོང་པ་ཉིད་ལ་མི་སྤྱོད་དོ། །གཉིས་ཀྱིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་

པ་ཉིད་ཀྱི་བར་ལ་མི་སྤྱོད་དོ། །གཉིས་ཀྱིས་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མི་སྤྱོད་དོ། །གཉིས་ཀྱིས་འཕགས་

པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་།

ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ལ་མི་སྤྱོད་དོ། །གཉིས་ཀྱིས་དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་མི་སྤྱོད་དོ། །གཉིས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མི་

སྤྱོད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་གཉིས་ཀྱིས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད། གཉིས་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་

པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད། གཉིས་ཀྱིས་སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་མི་སྤྱོད། གཉིས་ཀྱིས་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་

Vol. 28 · folio 147b

པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ལ་མི་སྤྱོད། གཉིས་ཀྱིས་དེ་བཞིན་གཤེགས་པའི་སྟོབས་

དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་མི་སྤྱོད། གཉིས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མི་སྤྱོད་ན། འོ་ན་དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་མང་པོས་རྣམ་པར་

འཕེལ་བར་འགྱུར་བས། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སེམས་སླད་མ་བསྐྱེད་པའི་བར་དུ་དགེ་བའི་རྩ་བ་མང་པོས་རྣམ་པར་འཕེལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སུ་གང་གཉིས་ལ་སྤྱོད་པ་དེ་དག་ནི་དགེ་བའི་རྩ་བ་རྣམ་པར་

འཕེལ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་གཉིས་ལ་རྟེན་པ་སྟེ། དེ་དག་ནི་དགེ་བའི་རྩ་བས་རྣམ་པར་མི་འཕེལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཉིས་ལ་མི་སྤྱོད་དེ། དེ་ནི་སེམས་དང་པོ་བསྐྱེད་པ་ནས་

ཉེ་བར་བཟུང་སྟེ། སེམས་ཕྱི་མ་བསྐྱེད་པའི་བར་དུ་དགེ་བའི་རྩ་བས་རྣམ་པར་འཕེལ་ཏེ། དེ་ནི་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མི་དགེ་བའི་རྩ་བ་གང་གིས་ཉམས་སྨད་པས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བ་འམ། མི་

དགེ་བའི་ཆོས་གཞན་གྱིས་ཡོངས་སུ་འཕྲོགས་པར་གྱུར་ཅིང་། དེ་དག་གིས་ཡོངས་སུ་ཕྲོགས་པས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མི་འཕེལ་བ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་

འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མི་འཕེལ་བ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་ན། དགེ་བའི་རྩ་བ་མང་

Vol. 28 · folio 148a

པོས་རྣམ་པར་མི་འཕེལ་བ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ན། དགེ་བའི་རྩ་

བ་མང་པོས་རྣམ་པར་མི་འཕེལ་བ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་

དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མི་འཕེལ་བ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་

ཆོས་མ་འདྲེས་པ་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མི་འཕེལ་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་ན། དགེ་བའི་རྩ་བ་མང་པོས་རྣམ་པར་མི་འཕེལ་བ་དེ་ལྟར་ཉམས་སྨད་པར་མི་ནུས་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་

ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་རྩ་བ་རྣམས་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པར་བགྱི་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར་དེ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བ་རྣམས་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །མི་དགེ་བའི་རྩ་བ་རྣམས་ཀྱི་ཕྱིར། ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དེ། སངས་རྒྱས་བཅོམ་ལྡན་

འདས་རྣམས་ལ་བསྙེན་བཀུར་མ་བྱས། དགེ་བའི་རྩ་བ་རྣམས་ཡོངས་སུ་རྫོགས་པར་མ་བྱས། དགེ་བའི་བཤེས་གཉེན་རྣམས་ཀྱིས་ཡོངས་སུ་མ་བཟུང་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་ནུས་སོ། །གསོལ་པ། བཅོམ་ལྡན་

Vol. 28 · folio 148b

འདས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བགྱིས་པ་དང་། དགེ་བའི་རྩ་བས་ཡོངས་སུ་བཟུང་བ་དང་། དགེ་བའི་གཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་

ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མདོ་དང་

དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་དུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། གཏན་ལ་ཕབ་པ་བསྟན་པ་གང་ཅི་གསུངས་ཀྱང་དེ་དག་

ཐམས་ཅད་ཡོངས་སུ་འཛིན་ཏོ། །ཡོངས་སུ་བཟུང་ནས་ཀྱང་ཚིག་གིས་ཡོངས་སུ་འདྲིས་པ་དང་། ཡིད་ཀྱིས་ཤིན་དུ་བརྟགས་པ་དང་། ལྟ་བས་རབ་ཏུ་ཁོང་དུ་ཆུད་པར་བྱས་ཤིང་། གཟུངས་རབ་ཏུ་ཐོབ་པར་བྱེད་དོ། །གཟུངས་རབ་ཏུ་ཐོབ་ནས། སོ་སོ་ཡང་དག་པར་རིག་པ་རབ་ཏུ་སྐྱེད་དོ། །

སོ་སོ་ཡང་དག་པར་རིག་པ་སྐྱེས་པས། དེ་ཚེ་རྣམ་པར་འཕོས་ཀྱང་། ཆོས་དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་གྱི་བར་དུ་ནམ་ཡང་ཆུད་ཟ་བར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་དགེ་བའི་རྩ་བ་སྐྱེད་ཅིང་། དགེ་

བའི་རྩ་བ་དེ་དག་གིས་ཡོངས་སུ་བཟུང་ན། ནམ་ཡང་ངན་སོང་དང་མི་ཁོམ་པར་སྐྱེ་བར་མི་འགྱུར་རོ། །དགེ་བའི་རྩ་བ་དེ་དག་གིས་ཀྱང་ལུས་ཡོངས་སུ་དག་པ་ཡོངས་སུ་འཛིན་ཏེ། ལུས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་

བྱེད་དོ། །དགེ་བའི་རྩ་བ་དེ་དག་གིས་ཡོངས་སུ་བཟུང་བས་ཀྱང་། དགེ་བའི་བཤེས་གཉེན་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་ལེགས་པ་སྟོན་པ་དག་དང་ནམ་དུ་ཡང་འབྲལ་

Vol. 28 · folio 149a

བར་མི་འགྱུར་རོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བར་བྱའོ། །དགེ་བའི་རྩ་བ་རྣམས་བསྐྱེད་པར་བྱའོ། །དགེ་བའི་བཤེས་

གཉེན་རྣམས་ལ་བསྟེན་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ལེའུ་ལྔ་བཅུ་ལྔ་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་གང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་བསྙེན་བཀུར་མི་བགྱིད། དགེ་བའི་རྩ་བ་ཡང་ཡོངས་སུ་རྫོགས་པར་མི་བགྱིད་ལ། དགེ་བའི་བཤེས་གཉེན་གྱིས་ཀྱང་ཡོངས་སུ་མ་བཟུང་བར་གྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་མ་བྱས། དགེ་བའི་རྩ་བ་ཡང་

ཡོངས་སུ་རྫོགས་པར་མ་བྱས་ལ། དགེ་བའི་གཤེས་གཉེན་གྱིས་ཡོངས་སུ་མ་བཟུང་བར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་ཡང་བྱས། དགེ་བའི་རྩ་བ་ཡང་ཡོངས་སུ་རྫོགས་

པར་བྱས། དགེ་བའི་བཤེས་གཉེན་ལ་ཡང་བསྟེན་པ་བྱས་ཀྱང་། ད་དུང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་ནུས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་མ་བྱས། དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་མ་བྱས། དགེ་བའི་བཤེས་གཉེན་ལ་

མ་བསྟེན་པ་རྣམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་མིང་བདེན་པ་ལ་གནས་པར་འདོད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་

Vol. 28 · folio 149b

པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱའོ། །དགེ་བའི་རྩ་བ་མང་པོ་བསྐྱེད་པར་བྱའོ། །དགེ་བའི་གཤེས་གཉེན་ལ་བསྟེན་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་

སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བགྱིས། དགེ་བའི་རྩ་བ་བསྐྱེད། དགེ་བའི་བཤེས་གཉེན་ལ་བསྟེན་པར་བགྱིས་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། དེ་ནི་ཐབས་མཁས་པ་དང་མི་ལྡན་པའི་ཕྱིར་ཏེ། དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཐབས་དེ་དག་ཐོབ་པར་མ་གྱུར་པའི་ཕྱིར། དགེ་བའི་རྩ་བ་དེ་ལྟ་བུ་ཡང་མ་བསྐྱེད། གང་དེ་ལ་ཐབས་སྟོན་པའི་དགེ་བའི་བཤེས་གཉེན་དེ་ལྟ་བུ་དག་

ལ་ཡང་མ་བསྟེན་པས་དེ་ལྟར་ཐོབ་པར་མི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་གང་དང་ལྡན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཐབས་ལ་མཁས་པ་དེ་གང་ལགས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། སངས་རྒྱས་བཅོམ་ལྡན་འདས་རྣམས་

དང་། རང་སངས་རྒྱས་དང་། ཉན་ཐོས་དང་། མི་དང་མི་མ་ཡིན་པར་གྱུར་པ་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དེ་དང་ལྡན་པས། སྦྱིན་པ་ལ་ཡང་སྦྱིན་པའི་འདུ་ཤེས་སུ་མི་འགྱུར། ལེན་པ་ལ་ཡང་ལེན་པའི་འདུ་ཤེས་

སུ་མི་འགྱུར། གཏོང་བ་ལ་ཡང་གཏོང་བའི་འདུ་ཤེས་སུ་མི་འགྱུར་རོ། །དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་། ཆོས་ཐམས་ཅད་མེད་པ་དང་། མ་བྱུང་བ་དང་། ཡོངས་སུ་མ་རྫོགས་པ་དང་། མངོན་པར་མ་གྲུབ་པར་མཐོང་ཞིང་། ཆོས་རྣམས་

Vol. 28 · folio 150a

ཀྱིས་མཚན་ཉིད་ལ་འཇུག་ན་ཡང་། ཆོས་ཐམས་ཅད་ནི་ནུས་པ་གང་ཡང་མེད་པའོ། །ཞེས་བྱ་བར་འདུ་བྱེད་མེད་པའི་མཚན་ཉིད་ཀྱིས་འཇུག་སྟེ། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན། དགེ་བའི་རྩ་བས་རྣམ་པར་འཕེལ་བར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་

ལ་སྤྱོད་དེ། དེ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སྦྱིན་པའི་ཕ་རོལ་

དུ་ཕྱིན་པ་ལ་སྤྱོད་པ་མ་གཏོགས་པར་སྦྱིན་པའི་འབྲས་བུ་གང་འཁོར་བར་ཡོངས་སུ་སྤྱད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་ལྔ་བཅུ་དྲུག་པའོ།། །།རབ་འབྱོར་གཞན་

ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚུལ་ཁྲིམས་སྲུང་སྟེ། དེ་ལ་འདོད་ཆགས་ཀྱི་སེམས་སྒྲིབ་པར་མི་

འགྱུར། ཞེ་སྡང་སྒྲིབ་པར་མི་འགྱུར། གཏི་མུག་སྒྲིབ་པར་མི་འགྱུར། བག་ལ་ཉལ་བ་སྒྲིབ་པར་མི་འགྱུར། ཀུན་ནས་ལྡང་བ་སྒྲིབ་པར་མི་འགྱུར་ཏེ། མི་དགེ་བའི་ཆོས་གཞན་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་འདི་ལྟ་སྟེ། སེར་སྣ་འམ། ཚུལ་ཁྲིམས་ངན་པ་འམ། འཁྲུག་

པའི་སེམས་སམ། ལེ་ལོའི་སེམས་སམ། བརྩོན་འགྲུས་ཆུང་བའི་སེམས་སམ། གཡེང་བའི་སེམས་སམ། ཤེས་རབ་འཆལ་བའི་སེམས་སམ་ང་རྒྱལ་ལམ། བརྙས་པ་འམ་ཆེ་བའི་ང་རྒྱལ་ལམ་ངའི་ང་རྒྱལ་ལམ། ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་

དག་ཀྱང་སྒྲིབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་། ཆོས་ཐམས་ཅད་མེད་པ་དང་། མ་བྱུང་བ་དང་། ཡོངས་སུ་མ་རྫོགས་པ་དང་། མངོན་པར་མ་གྲུབ་པར་མཐོང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་

Vol. 28 · folio 150b

མཚན་ཉིད་ལ་འཇུག་ན་ཡང་། ཆོས་ཐམས་ཅད་ནི་ནུས་པ་གང་ཡང་མེད་པའོ། །ཞེས་བྱ་བར་འདུ་བྱེད་མེད་པའི་མཚན་ཉིད་ཀྱིས་འཇུག་སྟེ། དེ་ཐབས་ལ་མཁས་པ་དེ་ལྟ་བུ་དང་ལྡན་པས་ན། དགེ་བའི་རྩ་བས་རྣམ་པར་འཕེལ་བར་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དེ། དེ་ཚུལ་

ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་

ཕྱིན་པ་ལ་སྤྱོད་པ་མ་གཏོགས་པར། ཚུལ་ཁྲིམས་ཀྱི་འབྲས་བུ་གང་འཁོར་བར་ཡོངས་སུ་སྤྱད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་མེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་

པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བཟོད་པ་སྒོམ་སྟེ། དེ་ལ་འདོད་ཆགས་ཀྱི་སེམས་སྒྲིབ་པར་མི་འགྱུར། །ཞེ་སྡང་སྒྲིབ་པར་མི་འགྱུར། གཏི་མུག་སྒྲིབ་པར་མི་འགྱུར་བག་ལ་ཉལ་བ་སྒྲིབ་པར་མི་འགྱུར་ཀུན་ནས་ལྡང་བ་སྒྲིབ་པར་མི་

འགྱུར་ཏེ། མི་དགེ་བའི་ཆོས་གཞན་གང་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ། འདི་ལྟ་སྟེ་སེར་སྣ་འམ་ཚུལ་ཁྲིམས་ངན་པ་འམ་འཁྲུག་པའི་སེམས་སམ། ལེ་ལོའི་སེམས་སམ། བརྩོན་འགྲུས་ཆུང་བའི་སེམས་སམ། གཡེང་བའི་སེམས་སམ། ཤེས་རབ་འཆལ་བའི་སེམས་

སམ་ང་རྒྱལ་ལམ་བརྙས་པ་འམ། ཆེ་བའི་ང་རྒྱལ་ལམ་ངའི་ང་རྒྱལ་ལམ། ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་དག་ཀྱང་སྒྲིབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་།

ཆོས་ཐམས་ཅད་མེད་པ་དང་མ་བྱུང་བ་དང་། ཡོངས་སུ་མ་རྫོགས་པ་དང་། མངོན་པར་མ་གྲུབ་པར་མཐོང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལ་འཇུག་ན་ཡང་། ཆོས་ཐམས་ཅད་ནི་ནུས་པ་གང་ཡང་མེད་པའོ། །ཞེས་བྱ་བར་འདུ་བྱེད་མེད་པའི་མཚན་ཉིད་ཀྱིས་འཇུག་སྟེ།

Vol. 28 · folio 151a

དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན། དགེ་བའི་རྩ་བས་རྣམ་པར་འཕེལ་བར་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དེ། དེ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་

དག་པར་བྱེད་ཀྱང་། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་མ་གཏོགས་པར་བཟོད་པའི་འབྲས་བུ་གང་འཁོར་བར་ཡོངས་སུ་སྤྱད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་

མེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བརྩོན་འགྲུས་རྩོམ་སྟེ། དེ་ལ་འདོད་ཆགས་

ཀྱི་སེམས་སྒྲིབ་པར་མི་འགྱུར། ཞེ་སྡང་སྒྲིབ་པར་མི་འགྱུར་གཏི་མུག་སྒྲིབ་པར་མི་འགྱུར། བག་ལ་ཉལ་བ་སྒྲིབ་པར་མི་འགྱུར། ཀུན་ནས་ལྡང་བ་སྒྲིབ་པར་མི་འགྱུར། མི་དགེ་བའི་ཆོས་གཞན་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་འདི་ལྟ་སྟེ་སེར་སྣ་འམ་ཚུལ་ཁྲིམས་ངན་པ་འམ། འཁྲུག་

པའི་སེམས་སམ། ལེ་ལོའི་སེམས་སམ། བརྩོན་འགྲུས་ཆུང་བའི་སེམས་སམ། གཡེང་བའི་སེམས་སམ། ཤེས་རབ་འཆལ་བའི་སེམས་སམ། ང་རྒྱལ་ལམ་བརྙས་པ་འམ་ཆེ་བའི་ང་རྒྱལ་ལམ། ངའི་ང་རྒྱལ་ལམ་ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་དག་ཀྱང་།

སྒྲིབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་། ཆོས་ཐམས་ཅད་མེད་པ་དང་མ་བྱུང་བ་དང་ཡོངས་སུ་མ་རྫོགས་པ་དང་། མངོན་པར་མ་གྲུབ་པར་མཐོང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལ་འཇུག་

ན་ཡང་། ཆོས་ཐམས་ཅད་ནི་ནུས་པ་གང་ཡང་མེད་པའོ། །ཞེས་བྱ་བར་འདུ་བྱེད་མེད་པའི་མཚན་ཉིད་ཀྱིས་འཇུག་སྟེ། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན། དགེ་བའི་རྩ་བས་རྣམ་པར་འཕེལ་བར་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །དེ་བརྩོན་འགྲུས་ཀྱི་ཕ་རོལ་དུ་

Vol. 28 · folio 151b

ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་མ་

གཏོགས་པར། བརྩོན་འགྲུས་ཀྱི་འབྲས་བུ་གང་འཁོར་བར་ཡོངས་སུ་སྤྱད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་མེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་

སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བསམ་གཏན་རྣམས་ལ་སྙོམས་པར་འཇུག་སྟེ། དེ་ལ་འདོད་ཆགས་ཀྱི་སེམས་སྒྲིབ་པར་མི་འགྱུར། ཞེ་སྡང་སྒྲིབ་པར་མི་འགྱུར་གཏི་མུག་སྒྲིབ་པར་མི་འགྱུར། བག་ལ་ཉལ་བ་སྒྲིབ་པར་མི་འགྱུར། ཀུན་

ནས་ལྡང་བ་སྒྲིབ་པར་མི་འགྱུར་ཏེ། མི་དགེ་བའི་ཆོས་གཞན་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་འདི་ལྟ་སྟེ། སེར་སྣ་འམ་ཚུལ་ཁྲིམས་ངན་པ་འམ། འཁྲུག་པའི་སེམས་སམ་ལེ་ལོའི་སེམས་སམ་བརྩོན་འགྲུས་ཆུང་བའི་སེམས་སམ། གཡེང་བའི་སེམས་སམ། ཤེས་རབ་

འཆལ་བའི་སེམས་སམ། ང་རྒྱལ་ལམ་བརྙས་པ་འམ་ཆེ་བའི་ང་རྒྱལ་ལམ་ངའི་ང་རྒྱལ་ལམ། ཉན་ཐོས་ཀྱི་སེམས་སམ་རང་སངས་རྒྱས་ཀྱི་སེམས་དག་ཀྱང་སྒྲིབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་

ཤེས་ཤིང་། ཆོས་ཐམས་ཅད་མེད་པ་དང་མ་བྱུང་བ་དང་། ཡོངས་སུ་མ་རྫོགས་པ་དང་། མངོན་པར་མ་གྲུབ་པར་མཐོང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལ་འཇུག་ན་ཡང་། ཆོས་ཐམས་ཅད་ནི་ནུས་པ་གང་ཡང་མེད་པའོ། །ཞེས་བྱ་བར་འདུ་བྱེད་མེད་པའི་མཚན་ཉིད་

ཀྱིས་འཇུག་སྟེ། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན། དགེ་བའི་རྩ་བས་རྣམ་པར་འཕེལ་བར་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དེ། དེ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་

Vol. 28 · folio 152a

ཡོངས་སུ་དག་པར་བྱེད་ཀྱང་། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་མ་གཏོགས་པར། བསམ་གཏན་གྱི་འབྲས་བུ་གང་འཁོར་བར་ཡོངས་སུ་སྤྱད་པར་

བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་མེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་

ཤེས་རབ་སྒོམ་སྟེ། དེ་ལ་འདོད་ཆགས་ཀྱི་སེམས་སྒྲིབ་པར་མི་འགྱུར། ཞེ་སྡང་སྒྲིབ་པར་མི་འགྱུར་གཏི་མུག་སྒྲིབ་པར་མི་འགྱུར། བག་ལ་ཉལ་བ་སྒྲིབ་པར་མི་འགྱུར། ཀུན་ནས་ལྡང་བ་སྒྲིབ་པར་མི་འགྱུར་ཏེ། མི་དགེ་བའི་ཆོས་གཞན་བྱང་ཆུབ་ཀྱི་བགེགས་སུ་

འགྱུར་བ་འདི་ལྟ་སྟེ། སེར་སྣ་འམ་ཚུལ་ཁྲིམས་ངན་པ་འམ་འཁྲུག་པའི་སེམས་སམ། ལེ་ལོའི་སེམས་སམ་བརྩོན་འགྲུས་ཆུང་བའི་སེམས་སམ། གཡེང་བའི་སེམས་སམ་ཤེས་རབ་འཆལ་བའི་སེམས་སམ། ང་རྒྱལ་ལམ་བརྙས་པ་འམ་ཆེ་བའི་ང་རྒྱལ་ལམ་ངའི་

ང་རྒྱལ་ལམ་ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་དག་ཀྱང་སྒྲིབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་། ཆོས་ཐམས་ཅད་མེད་པ་དང་མ་བྱུང་བ་དང་ཡོངས་སུ་མ་རྫོགས་

པ་དང་མངོན་པར་མ་གྲུབ་པར་མཐོང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལ་འཇུག་ན་ཡང་། ཆོས་ཐམས་ཅད་ནི་ནུས་པ་གང་ཡང་མེད་པའོ། །ཞེས་བྱ་བར་འདུ་བྱེད་མེད་པའི་མཚན་ཉིད་ཀྱིས་འཇུག་སྟེ། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན། དགེ་བའི་རྩ་བས་རྣམ་

པར་འཕེལ་བར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དེ། དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words