ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ
Sanskrit title (Tibetan script, as in the text) པཉྩ་བིང་ཤ་ཏི་སཱ་ཧ་སྲི་ཀཱ་པྲ་ཛྙཱ་པཱ་ར་མི་ཏཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 28 · folio 244b
པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་མ་ལགས། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་
ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་མ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་
དག་པའི་མཐའ་ཡང་གཞན་མ་ལགས་ན། འོ་ན་ཇི་ལྟར་ཆོས་རྣམས་ཀྱི་འབྲས་བུ་རྣམ་པར་དགོད་ཅིང་། ནག་པོའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་ནག་པོ་ནི་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན། དཀར་པོའི་
ཆོས་རྣམས་ཀྱི་རྣམ་པར་སྨིན་པ་དཀར་པོ་ནི་ལྷ་དང་མི། དཀར་ནག་གི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་དཀར་ནག་ནི་བདེ་བ་དང་། སྡུག་བསྔལ་ཉམས་སུ་མྱོང་བ། མི་གནག་ཅིང་དཀར་པའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་མི་གནག་ཅིང་དཀར་བ་ནི་རྒྱུན་དུ་ཞུགས་
པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ་ཞེས་བགྱི་བར་རྣམ་པར་དགོད་པར་འགྱུར། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཀུན་རྫོབ་ཀྱི་བདེན་པ་ཚད་མར་བྱས་ཏེ། འབྲས་བུ་རྣམ་པར་དགོད་པར་བསྟན་གྱི་དོན་དམ་པའི་བདེན་པས་ནི་འབྲས་བུ་རྣམ་པར་དགོད་པ་བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་ནི་རྣམ་པར་བརྟག་ཏུ་མེད་པ། བརྗོད་
དུ་མེད་པ་ཐ་སྙད་མེད་པ་སྟེ། འདི་ལྟར་མིང་བདེན་པ་དང་། གཟུགས་བདེན་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་སྟེ། འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་
Vol. 28 · folio 245a
ཐ་མ་མེད་པ་སྟོང་པ་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་ཉེ་བར་བཟུང་སྟེ། འབྲས་བུ་རྣམ་པར་དགོད་པ་ལགས་ཀྱི། དོན་དམ་པའི་བདེན་པ་མ་ལགས་ན། བྱིས་པ་སོ་སོའི་སྐྱེ་བོ་དེ་ཐམས་
ཅད་ཀྱང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རབ་འབྱོར་ཅི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀུན་རྫོབ་ཀྱི་བདེན་པ་འམ། དོན་དམ་པའི་བདེན་པ་ཤེས་སམ། གལ་ཏེ་ཤེས་ན་ནི་དེ་དག་ཀྱང་། རྒྱུན་དུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་
བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་དགོད་པར་འགྱུར་ན། རབ་འབྱོར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ། ལམ་ཡང་མེད། ལམ་རྣམ་པར་དགོད་པ་ཡང་མེད། ལམ་བསྒོམ་
པ་ཡང་མེད་པར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་འབྲས་བུ་རྣམ་པར་དགོད་པ་ལྟ་ག་ལས་འོང་། རབ་འབྱོར་འཕགས་པའི་གང་ཟག་རྣམས་ལ་ནི་ལམ་ཡང་ཡོད། ལམ་བསྒོམ་པ་ཡང་ཡོད་པས་ན། དེའི་ཕྱིར་འཕགས་པའི་གང་ཟག་དེ་དག་ལ་འབྲས་བུ་རྣམ་པར་དགོད་
པ་ཡོད་དོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། ལམ་བསྒོམས་པས་འབྲས་བུ་འཐོབ་པ་འམ། འབྲས་བུ་ཐོབ་པར་བགྱི་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། ལམ་བསྒོམས་པས་འབྲས་བུ་
འཐོབ་པ་འམ། འབྲས་བུ་ཐོབ་པར་བྱ་བ་མེད་དོ། །རབ་འབྱོར་ལམ་མ་བསྒོམས་པར་ཡང་འབྲས་བུ་འཐོབ་པ་མེད་དེ། ལམ་གྱིས་འབྲས་བུ་ཐོབ་པར་བྱ་བ་ཡང་མེད་དོ། །ལམ་ལ་མ་གནས་པར་ཡང་འབྲས་བུ་འཐོབ་པར་མི་འགྱུར་ཏེ། རབ་འབྱོར་དེ་ལྟར་
Vol. 28 · folio 245b
ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་ཀྱི་འབྲས་བུ་རྣམ་པར་འགོད་པ་བྱེད་དེ། འདུས་བྱས་ཀྱི་ཁམས་སམ། འདུས་མ་བྱས་ཀྱི་ཁམས་རིས་སུ་བཅད་ཅིང་འབྲས་བུ་རྣམ་
པར་དགོད་པར་མི་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་འདུས་བྱས་ཀྱི་ཁམས་སམ། འདུས་མ་བྱས་ཀྱི་ཁམས་རིས་སུ་བཅད་ཅིང་འབྲས་བུ་རྣམ་པར་དགོད་པ་མ་མཆིས་ན། བཅོམ་ལྡན་འདས་ཀྱིས་འདི་ནི་ཀུན་དུ་སྦྱོར་བ་གསུམ་སྤངས་པས།
རྒྱུན་དུ་ཞུགས་པའི་འབྲས་བུའོ། །འདོད་པའི་འདོད་ཆགས་དང་། གནོད་སེམས་བསྲབས་པས། ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འོག་མའི་ཆ་ཅན་གྱིས་ཀུན་དུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་བའི་འབྲས་བུའོ། །བླ་མའི་ཆ་ཅན་གྱིས་ཀུན་དུ་
སྦྱོར་བ་ལྔ་སྤངས་པས་དགྲ་བཅོམ་པ་ཉིད་དོ། །གང་ཅི་ཡང་རུང་སྟེ། ཀུན་འབྱུང་བའི་ཆོས་དེ་དག་ཐམས་ཅད་འགོག་པའི་ཆོས་ཅན་དུ་ཤེས་པས་རང་བྱང་ཆུབ་བོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པས། ཡང་དག་པར་རྫོགས་
པའི་བྱང་ཆུབ་བོ་ཞེས་གསུངས་ན། བཅོམ་ལྡན་འདས་རིས་སུ་བཅད་ཅིང་འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་འབྲས་བུ་རྣམ་པར་གཞག་པ་མ་མཆིས་ན། གསུངས་པའི་དོན་དེ་བདག་གིས་ཇི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྒྱུན་དུ་
ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ་ཕྱིར་མི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ་རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདུས་བྱས་སམ། འོན་ཏེ་འདུས་མ་བྱས་པ་ཡིན། གསོལ་པ་བཅོམ་ལྡན་འདས་དེ་ནི་འདུས་མ་བགྱིས་
པའོ། །བདེ་བར་གཤེགས་པ་དེ་ནི་འདུས་མ་བགྱིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འོ་ན་འདུས་མ་བྱས་ཀྱི་ཆོས་ལ་རིས་སུ་བཅད་པ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་
Vol. 28 · folio 246a
གི་ཚེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་ཏུ་ཆུད་པར་གྱུར་ན། དེའི་ཚེ་འདུས་བྱས་ཤེས་སམ། འདུས་མ་བྱས་ཤེས་ཆོས་གང་ལ་ཡང་རིས་སུ་གཅོད་
པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟ་སྟེ། ནང་སྟོང་
པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཉེ་བར་བཟུང་སྟེ། སེམས་ཅན་རྣམས་ལ་རིས་སུ་བཅད་པས་ཆོས་མི་སྟོན་ཏོ། །དེ་བདག་ཀྱང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་འམ། བཟོད་པའི་ཕ་རོལ་དུ་
ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་འམ། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འམ། བསམ་གཏན་དང་པོའམ། བསམ་གཏན་གཉིས་པ་འམ། བསམ་གཏན་གསུམ་པ་འམ། བསམ་གཏན་
བཞི་པ་འམ། བྱམས་པ་འམ་སྙིང་རྗེ་འམ་དགའ་བ་འམ་བཏང་སྙོམས་སམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་འམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་འམ། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་
པར་འཇུག་པ་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་འམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་
སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། ལམ་འམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་
Vol. 28 · folio 246b
གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་འམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་
རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་རམ། ཆོས་གང་ལ་
ཡང་མངོན་པར་ཞེན་པ་མེད་དོ། །དེ་མངོན་པར་ཞེན་པ་མེད་པས་གང་ལ་ཡང་ཆགས་པ་མེད་དོ། །འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་སྦྱིན་པ་ཡོངས་སུ་གཏང་ཡང་། སྦྱིན་པའི་འབྲས་བུ་ལ་ཆགས་པ་མེད། སྦྱིན་པའི་འབྲས་བུ་ཉམས་
སུ་མྱོང་བ་མེད་དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་དུ་སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་
གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་རྣམས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་སྒོམ་ཡང་འདུས་བྱས་
དང་འདུས་མ་བྱས་ཀྱི་ཆོས་ཀྱི་འབྲས་བུ་ལ་ཆགས་པ་མེད། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་མེད་དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་དུ་འདུས་བྱས་དང་། འདུས་མ་བྱས་ཀྱི་
ཆོས་རྣམས་སྒོམ་མོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཕ་རོལ་དུ་ཕྱིན་པ་དྲུག་དང་། ཆོས་ཐམས་ཅད་ལ་སྤྱོད་པ། ཆོས་གང་ལ་ཡང་གནས་པ་འམ། ཆགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་
Vol. 28 · folio 247a
ལྟར་དེས་ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ཤིན་དུ་ཁོང་དུ་ཆུད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། མཚན་དང་དཔེ་བྱད་བཟང་པོ་མངོན་པར་སྒྲུབ་པ་དང་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ལེའུ་སྟེ། དྲུག་
ཅུ་གཉིས་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་རབ་ཏུ་
རྟོགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྤྲུལ་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་ཡོངས་སུ་སྤྱོད་པ་མེད་དོ། །བག་ལ་ཉལ་བ་དང་ཀུན་ནས་ལྡང་བ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཕྱི་ནང་གི་ཆོས་རྣམས་
ལ་ཡོངས་སུ་སྤྱོད་པ་མེད་དོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །གཟུགས་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཚོར་བ་དང་འདུ་ཤེས་
དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
སུམ་ཅུ་རྩ་བདུན་ལ་ཡོངས་སུ་སྤྱོད་པ་མེད་དོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་
སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །དེ་བཞིན་གཤེགས་
Vol. 28 · folio 247b
པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ཡོངས་སུ་སྤྱོད་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་
ལ་ཡོངས་སུ་སྤྱོད་པ་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཆོས་ཐམས་ཅད་ལ་ཡོངས་སུ་སྤྱོད་པ་མེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་རྣམས་ཀྱི་མཚན་ཉིད་རབ་ཏུ་རྟོགས་པ་
ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་དྲུག་ཅུ་དགུ་པ། གསོལ་པ། བཅོམ་ལྡན་འདས་སྤྲུལ་པས་ལམ་བསྒོམ་པ་ལ་བརྟེན་ཀྱང་། ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་རྣམ་པར་བྱང་བར་ཡང་མི་
འགྱུར་ལ། འགྲོ་བ་ལྔའི་འཁོར་བ་ན་ཡང་མི་གདའ་ན་ལམ་བསྒོམ་དུ་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པའི་སྤྲུལ་པ་དངོས་པོ་ལ་ལ་ཞིག་ལ་བརྟེན་ཏེ། ཀུན་ནས་ཉོན་མོངས་པར་འགྱུར་
བ་འམ། རྣམ་པར་བྱང་བར་འགྱུར་བ་འམ། འགྲོ་བ་ལྔའི་འཁོར་བ་ན་སྣང་བར་འགྱུར་བ་དེ་ལྟ་བུའི་དངོས་པོ་གང་ཡང་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྲུལ་པས་དངོས་པོ་ལ་ལ་ཞིག་ལ་རྟེན་
ཏེ། ཀུན་ནས་ཉོན་མོངས་པར་འགྱུར་བ་འམ། རྣམ་པར་བྱང་བར་འགྱུར་བ་འམ། འགྲོ་བ་ལྔའི་འཁོར་བ་ན་གདའ་བར་འགྱུར་བའི་དངོས་པོ་དེ་ལྟ་བུ་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་ཆོས་རྣམས་ཀྱི་ཆོས་ཀྱི་ཚུལ་རབ་ཏུ་རྟོགས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། གཟུགས་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་སམ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཐམས་ཅད་སྤྲུལ་པ་ལྟ་བུ་
Vol. 28 · folio 248a
ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཐམས་ཅད་ནི་སྤྲུལ་པ་ལྟ་བུའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཐམས་ཅད་ནི་སྤྲུལ་པ་ལྟ་བུའོ། །གསོལ་པ། བཅོམ་
ལྡན་འདས་དེ་ལྟར་གཟུགས་ཐམས་ཅད་སྤྲུལ་པ་ལྟ་བུ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་ན། བཅོམ་ལྡན་འདས་སྤྲུལ་པ་ལ་ནི་གཟུགས་མ་མཆིས། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་
ཤེས་པ་མ་མཆིས། ཀུན་ནས་ཉོན་མོངས་པ་མ་མཆིས། རྣམ་པར་བྱང་བ་མ་མཆིས་པ་གང་ལས་འགྲོལ་བར་འགྱུར་བའི་འགྲོ་བ་ལྔའི་འཁོར་བ་མ་མཆིས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་དམྱལ་བ་འམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ལྷ་འམ། མི་དག་ལས་ཡོངས་
སུ་གྲོལ་བར་བྱ་བའི་སེམས་ཅན་གང་ཡང་དམིགས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་
གསུམ་ནས་ཡོངས་སུ་གྲོལ་བར་བྱ་བའི་སེམས་ཅན་གང་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་སོ། །མཐོང་ངོ་རྟོགས་སོ། །སྤྲུལ་པ་ལྟ་བུར་ཤེས་སོ་མཐོང་ངོ་རྟོགས་སོ། །གསོལ་པ། བཅོམ་ལྡན་
འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འཚལ་ཅིང་མཐོང་སྟེ། རྟོགས་ལ། སྤྲུལ་པ་ལྟ་བུར་འཚལ་ཅིང་མཐོང་སྟེ། རྟོགས་པ་ལགས་ན། གང་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
Vol. 28 · folio 248b
ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ལགས། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
བཅྭོ་བརྒྱད་ཀྱི་བར་ལ་སྤྱོད་པ་ལགས། དེ་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་གྱི་བར་ལ་སྤྱོད་པ་ལགས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་སེམས་ཅན་རྣམས་རང་རང་གིས། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་ཤེས་སུ་ཟིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སེམས་ཅན་རྣམས་ཀྱི་དོན་དུ་བསྐལ་པ་གྲངས་མེད་པར་བྱང་ཆུབ་
སེམས་དཔའི་སྤྱད་པ་མི་སྤྱོད་དེ། རབ་འབྱོར་སེམས་ཅན་རྣམས་རང་རང་གིས་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་མི་ཤེས་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསྐལ་པ་གྲངས་མེད་པར་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་དོ། །སེམས་ཅན་རྣམས་ཡོངས་
སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། སྒྲ་བརྙན་ལྟ་བུ། སྨིག་རྒྱུ་ལྟ་བུ། མིག་ཡོར་ལྟ་བུ། སྒྱུ་མ་ལྟ་བུ། སྤྲུལ་པ་
ལྟ་བུ་ལགས་ན། བཅོམ་ལྡན་འདས་སེམས་ཅན་རྣམས་ཅི་ལ་གནས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་གྱེན་དུ་སྐྱོད་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་
སེམས་ཅན་རྣམས་ནི་མིང་དང་མཚན་མ་ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པ་ལ་གནས་པས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། དེ་དག་མིང་དང་མཚན་མ་ལས་གྱེན་དུ་སྐྱོད་དོ། །གསོལ་པ་བཅོམ་
Vol. 28 · folio 249a
ལྡན་འདས་མིང་ནི་གང་ལགས། མཚན་མ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ། མིང་ཞེས་བྱ་བ་འམ། མཚན་མ་ཞེས་བྱ་བ་ནི་གློ་བུར་གྱི་མིང་གིས་སྒྲོ་བཏགས་སོ། །འདི་ལྟ་སྟེ་མིང་
ཞེས་བྱ་བ་འམ། མཚན་མ་ཞེས་བྱ་བ་འམ། གཟུགས་ཞེས་བྱ་བ་འམ། ཚོར་བ་ཞེས་བྱ་བ་འམ། འདུ་ཤེས་ཞེས་བྱ་བ་འམ། འདུ་བྱེད་ཅེས་བྱ་བ་འམ། རྣམ་པར་ཤེས་པ་ཞེས་བྱ་བ་འམ། བུད་མེད་ཅེས་བྱ་བ་འམ། སྐྱེས་པ་ཞེས་བྱ་བ་འམ། ཁྱེའུ་ཞེས་
བྱ་བ་འམ། བུ་མོ་ཞེས་བྱ་བ་འམ། སེམས་ཅན་དམྱལ་བ་པ་ཞེས་བྱ་བ་འམ། བྱོལ་སོང་གི་སྐྱེ་གནས་པ་ཞེས་བྱ་བ་འམ། གཤིན་རྗེའི་འཇིག་རྟེན་པ་ཞེས་བྱ་བ་འམ། ལྷ་ཞེས་བྱ་བ་འམ། མི་ཞེས་བྱ་བ་འམ། འདུས་བྱས་ཀྱི་ཆོས་ཞེས་བྱ་བ་འམ། འདུས་མ་
བྱས་ཀྱི་ཆོས་ཞེས་བྱ་བ་འམ། རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱ་བ་འམ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱ་བ་འམ། ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བ་འམ། དགྲ་བཅོམ་པ་ཉིད་ཅེས་བྱ་བ་འམ། རང་བྱང་ཆུབ་ཅེས་བྱ་བ་འམ། ཡང་དག་པར་
རྫོགས་པའི་བྱང་ཆུབ་ཅེས་བྱ་བ་འདི་ནི་སྒྱུ་མའི་མིང་གིས་སྒྲོ་བཏགས་པ་སྟེ། རབ་འབྱོར་མིང་ཐམས་ཅད་ནི་མིང་གི་དོན་གྱིས་བཏགས་པ་སྟེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་གང་ལ་ཆགས་པར་གྱུར་པའི་འདུས་བྱས་ཐམས་ཅད་ནི་མིང་ཙམ་སྟེ། དེ་དག་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས། མིང་ཐམས་ཅད་ནི་ཡོངས་སུ་རྟོག་པ་ལས་བྱུང་བ་ཡིན་གྱིས། ཡོངས་སུ་བརྟགས་པ་དངོས་པོ་མེད་པ། ངོ་བོ་ཉིད་ཀྱིས་སྟོང་པ་ལ་ཁྱེད་ཆགས་པར་མ་བྱེད་ཅིག །
ཆོས་ཐམས་ཅད་སྟོང་པ་ལ་མཁས་པ་རྣམས་ནི་མངོན་པར་ཞེན་པར་མི་བྱེད་དོ་ཞེས་བསྐུལ་བ་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་ལ་ཆོས་
Vol. 28 · folio 249b
སྟོན་པ་ཡིན་ནོ། །རབ་འབྱོར་མཚན་མ་གང་ཞེ་ན། གཉིས་པོ་འདི་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གང་ལ་ཆགས་པར་གྱུར་པའི་མཚན་མ་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཀྱི་མཚན་མ་དང་། གཟུགས་མེད་པའི་མཚན་མའོ། །རབ་
འབྱོར་གཟུགས་ཀྱི་མཚན་མ་གང་ཞེ་ན། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་རགས་པ་འམ། ཕྲ་བ་འམ་བཟང་བ་འམ་ངན་པ་འམ། རྒྱང་རིང་བ་འམ། ཐག་ཉེ་བ་གང་ཆོས་ཐམས་ཅད་སྐད་ཅིག་མ་ལ་ཀུན་དུ་རྟོག་པས་བཟུང་བ་སྟེ། འདི་
ནི་གཟུགས་ཀྱི་མཚན་མ་ཞེས་བྱའོ། །རབ་འབྱོར་གཟུགས་མེད་པའི་མཚན་མ་གང་ཞེ་ན། གཟུགས་མེད་པའི་ཆོས་གང་ལ་ཡང་རུང་སྟེ། མཚན་མར་བཟུང་བས་ཡོངས་སུ་བརྟགས་ཤིང་ཉོན་མོངས་པ་སྐྱེ་བར་འགྱུར་བ་སྟེ། འདི་ནི་གཟུགས་མེད་པའི་མཚན་མ་
ཞེས་བྱའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་མཚན་མ་དེ་དག་ལས་བཀྲོལ་ཞིང་། མཚན་མ་མེད་པའི་དབྱིངས་སུ་འགོད་ཅིང་རབ་ཏུ་གཞོག་སྟེ། ཅི་ནས་ཀྱང་འདི་ནི་མཚན་
མའོ། །འདི་ནི་མཚན་མ་མེད་པའོ་ཞེས་བྱ་བ་གཉིས་སུ་མི་ལྟུང་བ་དེ་ལྟར་འགོད་ཅིང་གཞོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་མཚན་
མ་ལས་རྣམ་པར་བཀྲོལ་ཞིང་། མཚན་མ་མེད་པའི་དབྱིངས་སུ་རབ་ཏུ་འགོད་དོ། །གསོལ་པ། གལ་ཏེ་ཆོས་འདི་དག་ཐམས་ཅད་ནི་དེ་ཙམ་དུ་བས་ཏེ། མིང་དང་མཚན་མར་བས་ལ། བཏགས་པ་ཙམ་དུ་བས་ཏེ། ཡོངས་སུ་བཏགས་པ་ལས་བྱུང་བ་
ལགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ཀྱང་དགེ་བའི་ཆོས་ཀྱི་ཁྱད་པར་འཐོབ་ལ། གཞན་ཡང་དགེ་བའི་ཆོས་ཀྱི་ཁྱད་པར་འཐོབ་པ་ལ་གཞོག་ཅིང་། དགེ་
Vol. 28 · folio 250a
བའི་རྩ་བ་དེ་དག་གིས་ས་ནས་ས་ཡོངས་སུ་རྫོགས་པར་བགྱིད་པ་ལགས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སྦྱོར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་དངོས་པོ་འམ། དངོས་པོའི་
མཚན་མ་ཞིག་ཡོད་ན་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཁྱད་པར་འཐོབ་པར་ཡང་མི་འགྱུར་ཏེ། གཞན་ཡང་ཁྱད་པར་འཐོབ་པ་ལ་སྦྱོར་བར་མི་འགྱུར་གྱི། འདི་ལྟར་དངོས་
པོའི་མཚན་མ་ཡང་མེད། དངོས་པོ་ཡང་མེད་པས་ན། རབ་འབྱོར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་མ་མེད་པའི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་
པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་
པའི་ཚུལ་གྱིས་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་དང་། རྫུ་
འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ཡོངས་
སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་།
Vol. 28 · folio 250b
འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་
རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་
པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་དགེ་བའི་ཆོས་དེ་དག་ཡོངས་སུ་རྫོགས་པར་བྱས་ནས། མཚན་མ་མེད་པའི་ཚུལ་གྱིས་གཞན་ཡང་དགེ་བའི་ཆོས་དེ་དག་ལ་སྦྱོར་ཏེ། རབ་འབྱོར་གལ་ཏེ་ཆུང་ངུ་ན་སྐྲའི་རྩེ་མོའི་ཆ་ཤས་བཞག་པ་ཙམ་གྱིས་ཁྱོན་
ཅིག་མཚན་མ་ཡོད་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་མཚན་མ་མེད་པ། དྲན་པ་མེད་པ། ཡིད་ལ་བྱེད་པ་མེད་པ་དེ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ཏེ། སེམས་ཅན་
རྣམས་ཀྱང་དེ་བཞིན་ཉིད་དང་། ཟག་པ་མེད་པའི་ཆོས་རྣམས་ལ་གཞོག་པར་མི་འགྱུར་རོ། རབ་འབྱོར་ཟག་པ་མེད་པའི་ཆོས་ཐམས་ཅད་ནི་མཚན་མ་མེད་པ། དྲན་པ་མེད་པ་ཡིད་ལ་བྱ་བ་མེད་པ་སྟེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཟག་པ་མེད་པའི་ཆོས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་ཤིང་། དྲན་པ་མ་མཆིས་ཏེ། ཡིད་ལ་
བགྱི་བ་མ་མཆིས་ན། བཅོམ་ལྡན་འདས་འདི་ལྟར་འདི་དག་ནི་དགེ་བའི་ཆོས་སོ། །འདི་དག་ནི་མི་དགེ་བའི་ཆོས་སོ། །འདི་དག་ནི་འཇིག་རྟེན་པའི་ཆོས་སོ། །འདི་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་སོ། །འདི་དག་ནི་ཟག་པ་དང་བཅས་པའི་ཆོས་སོ། །འདི་
Vol. 28 · folio 251a
དག་ནི་ཟག་པ་མེད་པའི་ཆོས་སོ། །འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་སོ། །འདི་དག་ནི་ཐུན་མོང་གི་ཆོས་སོ། །འདི་དག་ནི་ཐུན་མོང་མ་ཡིན་པའི་ཆོས་སོ། །འདི་དག་ནི་ཉན་ཐོས་ཀྱི་ཆོས་སོ། །འདི་དག་
ནི་རང་སངས་རྒྱས་ཀྱི་ཆོས་སོ། །འདི་དག་ནི་བྱང་ཆུབ་སེམས་དཔའི་ཆོས་སོ། །འདི་དག་ནི་སངས་རྒྱས་ཀྱི་ཆོས་སོ་ཞེས་ཇི་ལྟར་བགྲང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མཚན་མ་མེད་པ་ཡང་གཞན་ལ་ཉན་ཐོས་
ཀྱི་ཆོས་རྣམས་ཀྱང་གཞན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མཚན་མ་མེད་པ་ཡང་གཞན་ལ། རང་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་ནམ། མཚན་
མ་མེད་པ་ཡང་གཞན་ལ་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་གཞན་ནམ། མཚན་མ་མེད་པ་ཡང་གཞན་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་
རབ་འབྱོར་མཚན་མ་མེད་པ་ཉིད་རྒྱུན་དུ་ཞུགས་པའི་འབྲས་བུའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །ཕྱིར་མི་འོང་བའི་འབྲས་བུའོ། །དགྲ་བཅོམ་པ་ཉིད་དོ། །རང་བྱང་ཆུབ་བོ། །བྱང་ཆུབ་སེམས་དཔའི་ཆོས་སོ། །སངས་རྒྱས་ཀྱི་ཆོས་སོ། །གསོལ་པ།
བཅོམ་ལྡན་འདས་དེ་དེ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་དེས་ན། འདི་ལྟར་ཆོས་ཐམས་ཅད་ནི་མཚན་མ་མེད་པར་རིག་པར་བྱ་སྟེ། རབ་འབྱོར་ཆོས་ཐམས་ཅད་མཚན་མ་
མེད་པ་འདི་ལ་བསླབ་པའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དགེ་བའི་ཆོས་མང་པོས་རྣམ་པར་འཕེལ་ཏེ། འདི་ལྟ་སྟེ། ཕ་རོལ་དུ་ཕྱིན་པ་དྲུག་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་།
Vol. 28 · folio 251b
དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་
གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་
ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། དེ་མ་ཡིན་པའི་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་དག་གིས་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་བསླབ་པར་བྱ་
བ་མ་གཏོགས་པར་གཞན་ལ་བསླབ་པར་བྱ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཐར་པའི་སྒོ་འདི་གསུམ་དུ་དགེ་བའི་ཆོས་ཐམས་ཅད་མ་འདུས་པ་མེད་དེ། འདི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ནི་སྟོང་པ་ཉིད་རྣམ་པར་ཐར་པའི་སྒོའོ། །མཚན་མ་དང་བྲལ་བ་ནི་
མཚན་མ་མེད་པ་རྣམ་པར་ཐར་པའི་སྒོའོ། །མངོན་པར་འདུ་བྱ་བ་མེད་པ་ནི་སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་པོ་འདི་དག་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕུང་པོ་ལྔ་ལ་སློབ་པ་ཡིན། སྐྱེ་མཆེད་བཅུ་གཉིས་ལ་
སློབ་པ་ཡིན། ཁམས་བཅྭོ་བརྒྱད་ལ་སློབ་པ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་སློབ་པ་ཡིན། ཕ་རོལ་དུ་ཕྱིན་པ་དྲུག་ལ་སློབ་པ་ཡིན། ནང་སྟོང་པ་ཉིད་ལ་སློབ་པ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སློབ་པ་ཡིན། དྲན་
Vol. 28 · folio 252a
པ་ཉེ་བར་གཞག་པ་བཞི་ལ་སློབ་པ་ཡིན། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སློབ་པ་
ཡིན། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་
མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་ལ་སློབ་པ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་
དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སློབ་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སློབ་པ་ཡིན། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་རྣམ་པ་གང་གིས་
ཚུལ་དུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སློབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རབ་ཏུ་ཤེས་ཏེ། གཟུགས་ཇི་ལྟར་སྐྱེ་བ་དང་། གཟུགས་ཇི་ལྟར་འགག་པ་དང་། གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ཡིན་པ་རབ་ཏུ་ཤེས་སོ། །དེ་ལ་ཇི་ལྟར་ན་གཟུགས་ཤེས་པ་
ཡིན་ཞེ་ན། འདི་ལྟ་སྟེ་དཔེར་ན། ལྦུ་བའི་ཕུང་པོ་སྙིང་པོ་མེད་པ་ལྟར་ཤིན་དུ་གསོང་ལྡོང་དང་། ཤིན་དུ་གསེ་ཚགས་དང་། ཤིན་དུ་སྙིང་པོ་མེད་པར་རབ་ཏུ་ཤེས་ཏེ། དེ་ལྟར་ན་གཟུགས་ཤེས་པ་ཡིན་ནོ། །ཇི་ལྟར་གཟུགས་ཀྱི་སྐྱེ་བ་དང་། འཇིག་པ་ཤེས་
Vol. 28 · folio 252b
པ་ཡིན་ཞེ་ན། གཟུགས་ནི་གང་ནས་ཀྱང་འོངས་པ་མེད་ཅིང་གང་དུ་ཡང་འགྲོ་བ་མེད་པས། གང་ནས་ཀྱང་མི་འོང་གང་དུ་ཡང་མི་འགྲོ་བ་སྟེ། གང་གང་ནས་ཀྱང་མ་འོངས་པ་དེ་གང་དུ་ཡང་མ་སོང་བ་དེར་ཤེས་པ་སྟེ། དེ་ལྟར་ན་གཟུགས་ཀྱི་སྐྱེ་བ་དང་
འཇིག་པ་ཤེས་པ་ཡིན་ནོ། །ཇི་ལྟར་ན་གཟུགས་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ཞེ་ན། གཟུགས་ཀྱི་དེ་བཞིན་ཉིད་ནི་མི་སྐྱེ། མི་འགག །འོང་བ་མེད། འགྲོ་བ་མེད། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། འབྲི་བ་མ་ཡིན།
འཕེལ་བ་མ་ཡིན་ཏེ། ཕྱིན་ཅི་ལོག་མ་ཡིན་ཞིང་དེ་བཞིན་ཉིད་དུ་གནས་པ་སྟེ། དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་ལྟར་ན་གཟུགས་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ནོ། །ཇི་ལྟར་ན་ཚོར་བ་ཤེས་པ་ཡིན་ཞེ་ན། འདི་ལྟ་སྟེ་དཔེར་ན། ཆུའི་ཆུ་བུར་གསོག་
ཏུ་འདུག་པ་སྐྱེ་ཞིང་འགག་པ་ལྟར་ཤེས་པ་སྟེ། དེ་ལྟར་ན་ཚོར་བ་ཤེས་པ་ཡིན་ནོ། །ཇི་ལྟར་ན་ཚོར་བའི་སྐྱེ་བ་དང་། འཇིག་པ་ཤེས་པ་ཡིན་ཞེ་ན། ཚོར་བ་ནི་གང་ནས་ཀྱང་འོང་བ་མེད་ཅིང་གང་དུ་ཡང་འགྲོ་བ་མེད་པས། གང་ནས་ཀྱང་མི་འོང་གང་དུ་ཡང་
མི་འགྲོ་བ་སྟེ། གང་གང་ནས་ཀྱང་མ་འོངས་པ་དེ་གང་དུ་ཡང་མ་སོང་བར་ཤེས་པ་སྟེ། དེ་ལྟར་ན་ཚོར་བའི་སྐྱེ་བ་དང་འཇིག་པ་ཤེས་པ་ཡིན་ནོ། །ཇི་ལྟར་ན་ཚོར་བའི་དེ་བཞིན་ཉིད་ཤེས་པ་ཡིན་ཞེ་ན། ཚོར་བའི་དེ་བཞིན་ཉིད་ནི་མི་སྐྱེ། མི་འགག །འོང་བ་
མེད། འགྲོ་བ་མེད། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། འབྲི་བ་མ་ཡིན། འཕེལ་བ་མ་ཡིན་ཏེ། ཕྱིན་ཅི་ལོག་མ་ཡིན་ཞིང་། དེ་བཞིན་ཉིད་དུ་གནས་པ་སྟེ། དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་ལྟར་ན་ཚོར་བའི་དེ་
བཞིན་ཉིད་ཤེས་པ་ཡིན་ནོ། །ཇི་ལྟར་ན་འདུ་ཤེས་ཤེས་པ་ཡིན་ཞེ་ན། འདི་ལྟ་སྟེ་དཔེར་ན། སྨིག་རྒྱུ་ལ་ཆུ་ཤིན་དུ་མི་དམིགས་པ་ལྟར་ཤེས་པ་སྟེ། དེ་ལྟར་ན་འདུ་ཤེས་ཤེས་པ་ཡིན་ནོ། །ཇི་ལྟར་ན་འདུ་ཤེས་ཀྱི་སྐྱེ་བ་དང་འཇིག་པ་ཤེས་པ་ཡིན་ཞེ་ན།
Vol. 28 · folio 253a
འདུ་ཤེས་ནི་གང་ནས་ཀྱང་འོང་བ་མེད་ཅིང་གང་དུ་འགྲོ་བ་མེད་པས། གང་ནས་ཀྱང་མི་འོང་གང་དུ་ཡང་མི་འགྲོ་བ་སྟེ། གང་གང་ནས་ཀྱང་མ་འོངས་པ་དེ་གང་དུ་ཡང་མ་སོང་བར་ཤེས་པ་སྟེ། དེ་ལྟར་ན་འདུ་ཤེས་ཀྱི་སྐྱེ་བ་དང་འཇིག་པ་
ཤེས་པ་ཡིན་ནོ། །ཇི་ལྟར་ན་འདུ་ཤེས་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ཞེ་ན། འདུ་ཤེས་ཀྱི་དེ་བཞིན་ཉིད་ནི་མི་སྐྱེ་མི་འགག །འོང་བ་མེད། འགྲོ་བ་མེད། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། འབྲི་བ་མ་ཡིན། འཕེལ་བ་མ་ཡིན་ཏེ།
དེ་ཕྱིན་ཅི་ལོག་མ་ཡིན་ཞིང་དེ་བཞིན་ཉིད་དུ་གནས་པ་སྟེ། དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་ལྟར་ན་འདུ་ཤེས་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ནོ། །ཇི་ལྟར་ན་འདུ་བྱེད་ཤེས་པ་ཡིན་ཞེ་ན། འདི་ལྟ་སྟེ་དཔེར་ན། ཆུ་ཤིང་གི་ཤུན་པ་སོ་སོར་ཕྱེ་ན། སྙིང་པོ་ཤིན་དུ་མི་དམིགས་
པ་དེ་ལྟར་ཤེས་པ་སྟེ། དེ་ལྟར་ན་འདུ་བྱེད་ཤེས་པ་ཡིན་ནོ། །ཇི་ལྟར་ན་འདུ་བྱེད་ཀྱི་སྐྱེ་བ་དང་འཇིག་པ་ཤེས་པ་ཡིན་ཞེ་ན། འདུ་བྱེད་ནི་གང་ནས་ཀྱང་འོང་བ་མེད་ཅིང་གང་དུ་ཡང་འགྲོ་བ་མེད་པས། གང་ནས་ཀྱང་མི་འོང་གང་དུ་ཡང་མི་འགྲོ་བ་སྟེ། གང་གང་ནས་
ཀྱང་མ་འོངས་པ་དེ་གང་དུ་ཡང་མ་སོང་བར་ཤེས་པ་སྟེ། དེ་ལྟར་ན་འདུ་བྱེད་ཀྱི་སྐྱེ་བ་དང་། འཇིག་པ་ཤེས་པ་ཡིན་ནོ། །ཇི་ལྟར་ན་འདུ་བྱེད་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ཞེ་ན། འདུ་བྱེད་ཀྱི་དེ་བཞིན་ཉིད་ནི་མི་སྐྱེ། མི་འགག །འོང་བ་མེད། འགྲོ་བ་མེད། ཀུན་ནས་
ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། འབྲི་བ་མ་ཡིན། འཕེལ་བ་མ་ཡིན་ཏེ། ཕྱིན་ཅི་ལོག་མ་ཡིན་ཞིང་དེ་བཞིན་དུ་གནས་པ་སྟེ། དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་ལྟར་ན་འདུ་བྱེད་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ནོ། །ཇི་ལྟར་ན་རྣམ་པར་ཤེས་པ་
ཤེས་པ་ཡིན་ཞེ་ན། འདི་ལྟ་སྟེ་དཔེར་ན། སྒྱུ་མ་བྱེད་པས་སྤྲུལ་པའི་དཔུང་གི་ཚོགས་ཡན་ལག་བཞི་པ་ལྟར་ཤེས་པ་སྟེ། དེ་ལྟར་ན་རྣམ་པར་ཤེས་པ་ཤེས་པ་ཡིན་ནོ། །ཇི་ལྟར་ན་རྣམ་པར་ཤེས་པའི་སྐྱེ་བ་དང་འཇིག་པ་ཤེས་པ་ཡིན་ཞེ་ན། རྣམ་པར་ཤེས་པ་ནི་གང་ནས་ཀྱང་
Vol. 28 · folio 253b
འོང་བ་མེད་ཅིང་གང་དུ་ཡང་འགྲོ་བ་མེད་པས། གང་ནས་ཀྱང་མི་འོང་། གང་དུ་ཡང་མི་འགྲོ་གང་གང་ནས་ཀྱང་མ་འོངས་པ་དེ་གང་དུ་ཡང་མ་སོང་བར་ཤེས་པ་སྟེ། དེ་ནི་རྣམ་པར་ཤེས་པའི་སྐྱེ་བ་དང་འཇིག་པ་ཤེས་པ་ཡིན་ནོ། །ཇི་ལྟར་ན་རྣམ་པར་ཤེས་པའི་དེ་བཞིན་ཉིད་
ཤེས་པ་ཡིན་ཞེ་ན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་མི་སྐྱེ་མི་འགག་པ། འོང་བ་མེད། འགྲོ་བ་མེད། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། འབྲི་བ་མ་ཡིན། འཕེལ་བ་མ་ཡིན་ཏེ། ཕྱིན་ཅི་ལོག་མ་ཡིན་ཞིང་། དེ་བཞིན་དུ་གནས་པ་སྟེ། དེའི་
ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་ལྟར་ན་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཤེས་པ་ཡིན་ནོ། །ཇི་ལྟར་ན་སྐྱེ་མཆེད་རྣམས་ཤེས་པ་ཡིན་ཞེ་ན། ནང་གི་ཆོས་རྣམས་ནི་ནང་གི་ཆོས་རྣམས་ཀྱིས་སྟོང་། ཕྱིའི་ཆོས་རྣམས་ཀྱང་ཕྱིའི་ཆོས་རྣམས་ཀྱིས་སྟོང་པར་ཤེས་པ་སྟེ། དེ་ལྟར་
ན་སྐྱེ་མཆེད་རྣམས་ཤེས་པ་ཡིན་ནོ། །ཇི་ལྟར་ན་ཁམས་རྣམས་ཤེས་པ་ཡིན་ཞེ་ན། མིག་གི་ཁམས་ཀྱང་མིག་གི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །གཟུགས་ཀྱི་ཁམས་ཀྱང་གཟུགས་ཀྱི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །མིག་གི་རྣམ་པར་ཤེས་པའི་ཁམས་
ཀྱང་། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་ཁམས་ཀྱང་ཡིད་ཀྱི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །ཆོས་ཀྱི་ཁམས་ཀྱང་ཆོས་ཀྱི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པའི་
ཁམས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཤེས་ཏེ། དེ་ལྟར་ན་ཁམས་རྣམས་ཤེས་པ་ཡིན་ནོ། །ཇི་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་ཡིན་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པར་ཤེས་པ་དང་། དེ་བཞིན་
དུ་རྟེན་ཅིང་འབྲེལ་པར་འབྱུང་བ་འགག་པ་མེད་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། དོན་གཅིག་པ་མ་ཡིན་པ་དང་། དོན་ཐ་དད་པ་མ་ཡིན་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། སྤྲོས་པ་དང་བྲལ་ཞིང་ཞི་བར་ཤེས་པ་དེ་ལྟར་ན། རྟེན་ཅིང་
Vol. 28 · folio 254a
འབྲེལ་པར་འབྱུང་བ་ཤེས་པ་ཡིན་ནོ། །ཇི་ལྟར་ན་འཕགས་པའི་བདེན་པ་རྣམས་ཤེས་པ་ཡིན་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་ཤེས་པ་ཡིན། ཀུན་འབྱུང་བ་དང་འགོག་པ་དང་། འགོག་པར་འགྲོ་བའི་ལམ་འཕགས་པའི་
བདེན་པ་ཤེས་པ་ཡིན་ཏེ། ཇི་ལྟར་ན་སྡུག་བསྔལ་འཕགས་པའི་བདེན་པ་ཤེས་པ་ཡིན་ཞེ་ན། སྡུག་བསྔལ་ཤེས་པ་ཡིན། བདེན་པ་ཤེས་པ་ཡིན། འཕགས་པའི་བདེན་པ་ཤེས་པ་ཡིན། གཉིས་ལས་རྣམ་པར་གྲོལ་བ་འཕགས་པའི་བདེན་པ་སྟེ། གཉིས་
སུ་མེད་པ་ནི་འཕགས་པའི་བདེན་པ་ཞེས་བྱ་བར་ཤེས་པ་ཡིན་ནོ། །དེ་བཞིན་དུ་ཀུན་འབྱུང་བ་དང་། འགོག་པ་དང་། འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཤེས་པ་ཡིན་ཏེ། དེ་ལྟར་ན་འཕགས་པའི་བདེན་པ་རྣམས་ཤེས་པ་ཡིན་ནོ། །ཇི་ལྟར་ན་
སྡུག་བསྔལ་གྱི་དེ་བཞིན་ཉིད་ཤེས་པ་ཡིན་ཞེ་ན། སྡུག་བསྔལ་གྱི་དེ་བཞིན་ཉིད་ནི་མ་ནོར་བ་ཞེས་བྱ་བར་ཤེས་པ་ཡིན། དེ་བཞིན་དུ་ཀུན་འབྱུང་བ་དང་། འགོག་པ་དང་ལམ་གྱི་དེ་བཞིན་ཉིད་ཀྱང་རབ་ཏུ་ཤེས་པ་ཡིན། དེ་ལྟར་ན་འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་
ཉིད་ཤེས་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕན་ཚུན་ཐ་དད་པའི་ཆོས་
དེ་དག་དེ་ལྟར་འཚལ་ན། དེས་ཆོས་ཀྱི་དབྱིངས་རྣམ་པར་དཀྲུགས་པར་མི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་ལ་ལ་ཞིག་ཡོད་ན་ནི། རྣམ་པར་དཀྲུགས་པར་ཡང་འགྱུར་ཏེ། རབ་འབྱོར་
ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གཞན་གང་ཡང་མི་དམིགས་སོ། །གལ་ཏེ་དམིགས་ན་ནི་ཆོས་ཀྱི་དབྱིངས་ཀྱང་རྣམ་པར་འཁྲུག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་དཔའ་འམ། རང་སངས་རྒྱས་སམ།
Vol. 28 · folio 254b
དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གང་ཡང་མ་དམིགས་སོ། །དེ་ལྟར་མ་དམིགས་པས་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གཞན་ནོ་ཞེས་བྱ་བར་བརྟགས་པ་མེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས་ཆོས་ཀྱི་དབྱིངས་ལ་བསླབ་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ལ་སློབ་པས་གང་ལ་བསླབ་པར་འགྱུར། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཀྱི་དབྱིངས་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཆོས་ཐམས་ཅད་ལ་བསླབ་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་སོ། །གསོལ་པ། །
བཅོམ་ལྡན་འདས་ཅིའི་སླད་དུ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། དབྱེར་མེད་པའི་ཚུལ་གྱིས་ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་ནི་དེ་
བཞིན་དུ་གནས་པ་སྟེ། རབ་འབྱོར་ཆོས་ཀྱི་དབྱིངས་ནི་འདི་ལྟ་སྟེ། དགེ་བ་དང་མི་དགེ་བའི་ཆོས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་
བ་མེད་པའི་ཆོས་དང་། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས། ཆོས་ཀྱི་དབྱིངས་ལ་སློབ་པས་ཆོས་ཐམས་ཅད་ལ་བསླབ་པར་འགྱུར་རོ། །གསོལ་པ་
བཅོམ་ལྡན་འདས་གལ་ཏེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས། ཇི་ལྟར་གཟུགས་ལ་བསླབ་པར་བགྱི། ཇི་ལྟར་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་
Vol. 28 · folio 255a
པ་ལ་བསླབ་པར་བགྱི། ཇི་ལྟར་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བསླབ་པར་བགྱི། ཇི་ལྟར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་
པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་ནང་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་བསླབ་པར་བགྱི།
ཇི་ལྟར་དྲན་པ་ཉེ་བར་གཞག་པ་བཞི་ལ་བསླབ་པར་བགྱི། ཇི་ལྟར་ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བསླབ་པར་བགྱི། ཇི་ལྟར་འཕགས་
པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་
མེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་ལ་བསླབ་པར་བགྱི། ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་
པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་བསླབ་པར་བགྱི། ཇི་ལྟར་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་གྲུབ་པར་བགྱི་བ་ལ་
བསླབ་པར་བགྱི། ཇི་ལྟར་རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་དང་། ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་
Vol. 28 · folio 255b
བར་བགྱི་བ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་།
ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་དགེ་བ་དང་ཆུང་དགེ་དང་ཚད་མེད་དགེ་བ་དང་དགེ་རྒྱས་དང་ཆེ་བ་དང་ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བའི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེ་བར་བགྱི་བའི་སླད་དུ་
བསླབ་པར་བགྱི། ཇི་ལྟར་གནས་གཙང་མའི་རིས་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་ཅིང་དེར་ཡང་མི་སྐྱེ་བར་བགྱི། ཇི་ལྟར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་
ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་ཅིང་དེར་ཡང་མི་སྐྱེ་བར་བགྱི། ཇི་ལྟར་སེམས་དང་པོ་བསྐྱེད་པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་བསྐྱེད་པ་གཉིས་པ་དང་། གསུམ་པ་དང་བཞི་པ་དང་ལྔ་པ་དང་དྲུག་པ་དང་བདུན་པ་དང་བརྒྱད་པ་དང་དགུ་པ་དང་།
སེམས་བསྐྱེད་པ་བཅུ་པ་ལ་བསླབ་པར་བགྱི། ཇི་ལྟར་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལ་བསླབ་པར་བགྱི། ཇི་ལྟར་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་
པར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་བྱང་ཆུབ་ཀྱི་ལམ་ལ་བསླབས་ཤིང་། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་འཚལ་བར་བགྱི་བའི་བྱང་ཆུབ་ཀྱི་ལམ་ལ་བསླབ་པར་བགྱི། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་དུ་ཕྱིན་པ་ལ་སྤྱོད་པས། གཟུགས་ལ་བསླབ་པར་བགྱི། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་བསླབ་པར་བགྱི། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བསླབ་པར་བགྱི། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་
Vol. 28 · folio 256a
བསླབ་པར་བགྱི། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བགྱི། ནང་
སྟོང་པ་ཉིད་ལ་བསླབ་པར་བགྱི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་བསླབ་པར་བགྱི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་བསླབ་པར་བགྱི། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་།
གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་
རྣམས་དང་། གཟུངས་ཀྱི་སྒོ་རྣམས་ལ་བསླབ་པར་བགྱི། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་
པ་རྣམས་ལ་བསླབ་པར་བགྱི། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་བསླབ་པར་བགྱི། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་བསླབ་པར་བགྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་
བར་ལ་བསླབ་པར་བགྱི། བཅོམ་ལྡན་འདས་དེའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིན་ཅི་ལོག་ལ་སྤྱོད་པ་འམ། མི་སྤྲོ་བ་སྤྲོས་པར་བགྱིད་པར་མི་འགྱུར་བ་ལགས་གྲང་། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། ཆོས་ཀྱི་དབྱིངས་ལ་ནི་
རྣམ་པར་རྟོག་པ་དེ་དག་མ་མཆིས་ཏེ། གཟུགས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། གཟུགས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། གཟུགས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུགས་སོ། །ཚོར་བ་དང་འདུ་ཤེས་
Vol. 28 · folio 256b
དང་འདུ་བྱེད་དང་། རྣམ་པར་ཤེས་པར་ཡང་ཆོས་ཀྱི་དབྱིངས་མ་ལགས། རྣམ་པར་ཤེས་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཤེས་པའོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་
ཅིང་འབྲེལ་པར་འབྱུང་བ་ཡང་ཆོས་ཀྱི་དབྱིངས་མ་ལགས། རྟེན་ཅིང་འབྲེལ་པར་འབྱུང་བ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཕ་རོལ་
དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་ཆོས་ཀྱི་དབྱིངས་མ་ལགས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཉིད་
ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་།
མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། གཟུངས་ཀྱི་སྒོ་རྣམས་ལས་
གུད་ན་ཡང་ཆོས་ཀྱི་དབྱིངས་མ་ལགས་ཏེ། གཟུངས་ཀྱི་སྒོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུངས་ཀྱི་སྒོ་རྣམས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་
ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་
Vol. 28 · folio 257a
ཀྱི་དབྱིངས་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཀྱང་ཆོས་ཀྱི་དབྱིངས་མ་
ལགས། རང་བྱང་ཆུབ་ལས་གུད་ན་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རང་བྱང་ཆུབ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རང་བྱང་ཆུབ་བོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་ཆོས་ཀྱི་དབྱིངས་མ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་
སྐད་དུ་སྨྲས་པ་དེ་དེ་བཞིན་ནོ། །གཟུགས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཤེས་
པའོ། །སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་
བདུན་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་
གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུངས་ཀྱི་སྒོ་རྣམས་སོ། །དེ་བཞིན་
Vol. 28 · folio 257b
གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་
པ་རྣམས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རང་བྱང་ཆུབ་བོ། །
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རབ་འབྱོར་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཀྱི་
དབྱིངས་ལ་མ་གཏོགས་པའི་ཆོས་འགའ་ཞིག་མཐོང་ན་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་ཡང་མི་འགྱུར་ཏེ། ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཡིན་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་
ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་སུ་ཤེས་ནས། ཆོས་ཐམས་ཅད་མིང་མེད་པ་ལ་མིང་གི་བརྡས་ཆོས་སྟོན་ཏེ། འདི་ནི་གཟུགས་ཞེས་བྱའོ། །འདི་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། །རྣམ་པར་ཤེས་པ་ཞེས་
བྱའོ། །འདི་དག་ནི་སྐྱེ་མཆེད་དང་། ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །འདི་དག་ནི་ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་བྱའོ། །འདི་དག་ནི་འཕགས་པའི་བདེན་པ་རྣམས་
དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།
Vol. 28 · folio 258a
སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཞེས་བྱའོ། །འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་
པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཞེས་བྱའོ། །འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ཞེས་བྱའོ་ཞེས་ཆོས་སྟོན་ཏོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ།
སྒྱུ་མ་བྱེད་པའི་མཆན་བུ་མཁས་པ་ཞིག་གིས་རྫས་ཀྱི་རྣམ་པ་གྱི་ན་ཞིག་ལ་བརྟེན་ཏེ། གཟུགས་ཀྱི་བྱེ་བྲག་སྣ་ཚོགས་འདི་ལྟ་སྟེ། གླང་པོའི་གཟུགས་སམ། རྟའི་གཟུགས་སམ། བ་ལང་གི་གཟུགས་སམ། རྔ་མོ་དང་། ལུག་གི་གཟུགས་སམ།
སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་བུ་མོའི་གཟུགས་སམ། སྐྱེད་མོས་ཚལ་དང་། གཞལ་མེད་ཁང་དང་། དཀའ་ཐུབ་ཀྱི་ནགས་ཚལ་དང་། ཀུན་དགའི་ར་བ་མདངས་དགའ་བ་འམ། རྫིང་བུ་མདངས་དགའ་བ་འམ། ནགས་ཚལ་མདངས་དགའ་
བ་དག་སྤྲུལ་ཅིང་། དེ་དག་ཏུ་སྟན་དང་། འཁོར་གྱི་སྟན་དང་། གཞི་རྣམ་པ་སྣ་ཚོགས་བཏིང་སྟེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་བྱུག་པ་དང་། ཁ་ཟས་དང་། སྤྱན་གཟིགས་ཞིམ་པོ་དག་བསྟན་ཏམ། གླུ་དང་སིལ་སྙན་གྱིས་སྐྱེ་བོ་དགའ་བར་བྱས་
སམ། སྦྱིན་པ་ཡོངས་སུ་གཏང་བ་འམ། ཚུལ་ཁྲིམས་བསྲུང་བ་འམ། བཟོད་པ་བསྒྲུབ་པ་འམ། བརྩོན་འགྲུས་བརྩམ་པ་འམ། ཏིང་ངེ་འཛིན་གྱིས་རྣམ་པར་རྩེ་བ་འམ། ཤེས་རབ་བསྒོམ་པ་འམ། རྣམ་པ་དེ་ལྟ་བུ་དག་གིས་སྐྱེ་བོ་དགའ་བར་བྱས་ཏེ།
རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་བསྟན་ཏམ། བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་དང་། ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་བསྟན་ཏམ། རི་རབ་བསྟན་ཏམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་བསྟན་ཏམ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མ་དང་།
Vol. 28 · folio 258b
དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་སྣང་བ་དང་ཆུང་སྣང་དང་། ཚད་མེད་སྣང་བ་དང་ཀུན་སྣང་དང་བ་དང་། དགེ་བ་དང་ཆུང་དགེ་དང་།
ཚད་མེད་དགེ་བ་དང་དགེ་རྒྱས་དང་། ཆེ་བ་དང་ཆུང་ཆེ་དང་། ཚད་མེད་ཆེ་བ་དང་འབྲས་བུ་ཆེ་བ་དང་། མི་ཆེ་བའི་ལྷ་རྣམས་བསྟན་ཏམ། མི་གདུང་བའི་ལྷ་རྣམས་དང་། ཤིན་དུ་མཐོང་བའི་ལྷ་རྣམས་དང་། གྱ་ནོམ་སྣང་བའི་ལྷ་རྣམས་དང་། འོག་མིན་གྱི་ལྷ་
རྣམས་བསྟན་ཏམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་གཟུགས་མེད་པ་རྣམས་བསྟན་ཏམ། རྒྱུན་དུ་ཞུགས་པ་དང་། ལན་ཅིག་
ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་མང་པོ་བསྟན་ཏམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་
ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། བསམ་
གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་སྤྱོད་པ་དང་། ས་དང་པོ་ཡོངས་སུ་རྫོགས་པར་བྱེད་པ་དང་། ས་བཅུ་པའི་བར་དུ་ཡོངས་སུ་རྫོགས་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་དང་། མངོན་པར་ཤེས་པ་
མངོན་པར་བསྒྲུབ་པ་དང་། མངོན་པར་ཤེས་པ་དེ་དག་གིས་རྣམ་པར་རྩེ་ཞིང་འཇིག་རྟེན་གྱི་ཁམས་རྣམས་སྣང་བར་བྱེད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང་། ཡན་ལག་དང་ཉིང་ལག་ཡོངས་
Vol. 28 · folio 259a
སུ་གཏོང་བ་དང་། སྤྱད་པར་དཀའ་བའི་སྤྱད་པ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་སྒྲུབ་པ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་
བསྒྲུབ་པ་དང་། སྙིང་རྗེ་ཆེན་པོ་མངོན་པར་བསྒྲུབ་པ་དེ་དག་བསྟན་ཏམ། སངས་རྒྱས་ཀྱི་སྐུ་ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པ་བསྟན་ན། དེ་ལ་སེམས་ཅན་བྱིས་པའི་ངང་ཚུལ་ཅན་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་མི་འདིས་ལེགས་པར་
བསླབས་པ་ངོ་མཚར་ཆེའི་རེ་མཛེས་དག་བྱེད། དེ་ལྟར་སྐྱེ་བོ་དགའ་བར་བྱེད་ཅིང་། གཟུགས་ཀྱི་བྱེ་བྲག་སྣ་ཚོགས་འདི་ལྟ་སྟེ། གླང་པོའི་གཟུགས་དང་། རྟའི་གཟུགས་དང་། སངས་རྒྱས་ཀྱི་སྐུ་ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པའི་བར་དུ་
སྟོན་པ་ནི་ངོ་མཚར་ཆེའོ་ཞེས་ངོ་མཚར་ཆེར་འཛིན་ཏོ། །འདི་ལྟ་སྟེ་སྐྱེས་བུ་མཁས་ཤིང་གསལ་ལ་ཡིད་རྣོ་བ་དང་ལྡན་པ། དཔྱོད་པ་དམ་པ་དང་ལྡན་པ་རྣམས་ནི་འདི་སྙམ་སྟེ། འདི་ལ་ཆོས་གང་ཡང་དམིགས་སུ་མེད་ན། མི་འདི་དེ་ལྟར་མེད་པའི་ཆོས་ཀྱིས་སྐྱེ་བོ་མང་པོ་
འདི་དག་དགའ་བར་བྱེད་པ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སོ་སྙམ་སྟེ། སེམས་ཅན་འདི་དག་ནི་དངོས་པོ་མེད་པ་ལ་དངོས་པོར་འདུ་ཤེས་པའོ་ཞེས་བྱ་བར་དེ་དག་གི་ཤེས་པ་འབྱུང་ངོ་། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤེས་རབ་ཀྱི་
ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གང་ཡང་མི་མཐོང་སྟེ། ཐབས་མཁས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཀྱང་སེམས་ཅན་དུ་མི་དམིགས། སེམས་ཅན་དུ་གདགས་པ་ཡང་མི་དམིགས་ཏེ། བདག་ཀྱང་
སྦྱིན་པ་གཏོང་བ་ཡིན། གཞན་ཡང་སྦྱིན་པ་ལ་ཡང་དག་པར་སྐུལ་བ་ཡིན། སྦྱིན་པའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་སྦྱིན་པ་གཏོང་བ་དེ་དག་གི་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་ཚུལ་ཁྲིམས་སྲུང་བ་ཡིན། གཞན་
Vol. 28 · folio 259b
ཡང་ཚུལ་ཁྲིམས་སྲུང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཚུལ་ཁྲིམས་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་ཚུལ་ཁྲིམས་སྲུང་བ་དེ་དག་གི་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བཟོད་པ་སྒོམ་པ་ཡིན་གཞན་ཡང་
བཟོད་པ་ལ་ཡང་དག་པར་སྐུལ་བ་ཡིན། བཟོད་པའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་བཟོད་པ་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བརྩོན་འགྲུས་རྩོམ་པ་ཡིན། གཞན་ཡང་བརྩོན་འགྲུས་ལ་
ཡང་དག་པར་སྐུལ་བ་ཡིན། བརྩོན་འགྲུས་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་བརྩོན་འགྲུས་རྩོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཡིན། གཞན་
ཡང་ཏིང་ངེ་འཛིན་ལ་ཡང་དག་པར་སྐུལ་བ་ཡིན། ཏིང་ངེ་འཛིན་གྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་ཤེས་རབ་སྒོམ་པ་ཡིན། གཞན་
ཡང་ཤེས་རབ་ལ་ཡང་དག་པར་སྐུལ་བ་ཡིན། ཤེས་རབ་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་ཤེས་རབ་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་པ་ཡིན།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་
ཉི་ཤུ་ལྔ་པ། བམ་པོ་བདུན་ཅུ་པ། བདག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་པ་ཡིན། གཞན་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་སྐུལ་བ་ཡིན། དགེ་བ་བཅུའི་ལས་ཀྱི་ལམ་གྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་
གཞན་གང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་པ་དེ་དག་གི་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་ལ་ཉེ་བར་གནས་པ་ཡིན། གཞན་ཡང་ཡན་ལག་བརྒྱད་དང་ལྡན་པའི་
Vol. 28 · folio 260a
གསོ་སྦྱིན་ལ་ཡང་དག་པར་སྐུལ་བ་ཡིན། ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་གྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་ལ་ཉེ་བར་གནས་པ་དེ་དག་གི་ལེགས་པ་རྗོད་ཅིང་
འཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བསླབ་པའི་གནས་ལྔ་ཡང་དག་པར་འཛིན་པ་ཡིན། གཞན་ཡང་བསླབ་པའི་གནས་ལྔ་ལ་ཡང་དག་པར་སྐུལ་བ་ཡིན། བསླབ་པའི་གནས་ལྔའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་བསླབ་
པའི་གནས་ལྔ་ཡང་དག་པར་འཛིན་པ་དེ་དག་གི་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ཡིན་སེམས་ཅན་གཞན་ཡང་བསམ་གཏན་དང་པོ་ལ་ཡང་དག་པར་སྐུལ་བ་ཡིན། བསམ་
གཏན་དང་པོའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་།
བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་གཏན་བཞི་པ་ལ་ཡང་དག་པར་སྐུལ་བ་ཡིན། བསམ་གཏན་བཞི་པའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་དེ་དག་གི་
ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བཏང་སྙོམས་ལ་ཡང་དག་པར་སྐུལ་བ་ཡིན། བཏང་སྙོམས་ཀྱི་ལེགས་པ་
རྗོད་པ་ཡིན། སེམས་ཅན་གཞན་གང་བཏང་སྙོམས་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་
Vol. 28 · folio 260b
མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཡང་དག་པར་སྐུལ་བ་ཡིན། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལེགས་
བརྗོད་པ་ཡིན། སེམས་ཅན་གཞན་གང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྒོམ་པ་ཡིན།
གཞན་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་ཡང་དག་པར་སྐུལ་བ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་
འཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་རྣམ་པར་ཐར་པའི་སྒོ་གསུམ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་སྒོམ་པ་ཡིན། གཞན་ཡང་གཟུངས་ཀྱི་སྒོ་རྣམས་ལ་ཡང་དག་པར་
སྐུལ་བ་ཡིན། གཟུངས་ཀྱི་སྒོ་རྣམས་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་གཟུངས་ཀྱི་སྒོ་རྣམས་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་
སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྒོམ་པ་ཡིན། གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ཡང་དག་པར་སྐུལ་བ་ཡིན། སངས་རྒྱས་
ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་
Vol. 28 · folio 261a
དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་སྒྲུབ་པ་ཡིན། གཞན་ཡང་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་ཡང་དག་པར་སྐུལ་བ་ཡིན། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་།
དཔེ་བྱད་བཟང་པོ་བརྒྱད་ཅུའི་ལེགས་པ་རྗོད་པ་ཡིན། སེམས་ཅན་གཞན་གང་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་སྒྲུབ་པ་དེ་དག་གི་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་པ་ཡིན། རབ་འབྱོར་གལ་ཏེ་ཆོས་
ཀྱི་དབྱིངས་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་མ་ཡིན་ནམ། བར་དུ་ཡང་དེ་བཞིན་དུ་མ་ཡིན་དུ་ཟིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་ལ་ཆོས་ཀྱི་དབྱིངས་
སྟོན་པར་མི་འགྱུར། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པར་མི་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པར་མི་འགྱུར་ཏེ། རབ་འབྱོར་ཆོས་ཀྱི་དབྱིངས་དེ་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན། བར་དུ་ཡང་དེ་བཞིན་པས་ན། དེའི་ཕྱིར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་ལ་ཆོས་ཀྱི་དབྱིངས་སྟོན་ཏོ། །སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །སེམས་ཅན་རྣམས་ཡོངས་སུ་སྨིན་
པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་མཉམ་པ་ཉིད་དུ་བསྟན་པའི་ལེའུ་སྟེ། དྲུག་ཅུ་གསུམ་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་
ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་གལ་ཏེ་སེམས་ཅན་ཡང་ཤིན་དུ་དམིགས་སུ་མ་མཆིས་ལ། སེམས་ཅན་དུ་དམིགས་པ་ཡང་མ་མཆིས་ན། སུའི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་
Vol. 28 · folio 261b
སྒོམ་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡང་དག་པའི་མཐའ་ཚད་མར་བྱས་ཤིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་
སྒོམ་སྟེ། རབ་འབྱོར་གལ་ཏེ་ཡང་དག་པའི་མཐའ་ཡང་གཞན་ལ། སེམས་ཅན་གྱི་མཐའ་ཡང་གཞན་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྒོམ་པར་མི་འགྱུར་ཏེ། །རབ་འབྱོར་ཡང་དག་པའི་མཐའ་
ཡང་གཞན་མ་ཡིན། སེམས་ཅན་གྱི་མཐའ་ཡང་གཞན་མ་ཡིན་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སེམས་ཅན་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྒོམ་པའི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཡང་དག་པའི་མཐའ་རྣམ་པར་འཁྲུག་པ་མེད་པར་སེམས་ཅན་རྣམས་ཡང་དག་པའི་མཐའ་ལ་འགོད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཡང་དག་པའི་མཐའ་ཡང་གཞན་མ་ལགས། སེམས་ཅན་གྱི་མཐའ་ཡང་
གཞན་མ་ལགས་ན། ཡང་དག་པའི་མཐའ་ཡང་དག་པའི་མཐའ་ལ་གནས་པར་འགྱུར་རམ། བཅོམ་ལྡན་འདས་གལ་ཏེ་ཡང་དག་པའི་མཐའ་ཡང་དག་པའི་མཐའ་ལ་གནས་པར་འགྱུར་ན་ནི། དེས་རང་བཞིན་ལ་རང་བཞིན་གནས་པར་འགྱུར་ཏེ། བཅོམ་ལྡན་
འདས་རང་བཞིན་ལ་ནི་རང་བཞིན་གནས་པ་མ་མཆིས་ན། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ཡང་དག་པའི་མཐའ་ལ་འགོད་པ་ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རབ་འབྱོར་ཡང་དག་པའི་མཐའ་ལ་ཡང་དག་པའི་མཐའ་གནས་པར་འགྱུར་བ་ཡང་མེད་དོ། །རང་བཞིན་ལ་རང་བཞིན་གནས་པར་འགྱུར་བ་ཡང་མེད་ན། འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་
Vol. 28 · folio 262a
སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་གྱི་མཐའ་ཡང་དག་པའི་མཐའ་ལ་འགོད་དེ། ཡང་དག་པའི་མཐའ་རྣམ་པར་འཁྲུག་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་མཐའ་ཡང་གཞན་མ་ཡིན། ཡང་དག་པའི་མཐའ་
ཡང་གཞན་མ་ཡིན་ཏེ། དེ་ལྟར་ན་སེམས་ཅན་གྱི་མཐའ་དང་ཡང་དག་པའི་མཐའ་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་
མཁས་པ་དང་ལྡན་པས། སེམས་ཅན་རྣམས་ཡང་དག་པའི་མཐའ་ལ་འགོད་ཀྱང་ཡང་དག་པའི་མཐའ་རྣམ་པར་འཁྲུག་པར་མི་བགྱིད་པ་དེ་ལྟ་བུའི་ཐབས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སེམས་ཅན་རྣམས་སྦྱིན་པ་ལ་རབ་ཏུ་འགོད་དོ། །སྦྱིན་པ་དེ་ལ་རབ་ཏུ་བཀོད་ནས། སྦྱིན་པ་དེའི་ཐོག་མའི་མཐའ་དང་། ཐ་མའི་མཐའ་དང་།
དབུས་སྟོང་སྟེ། ཇི་ལྟར་སྦྱིན་པ་དེའི་ཐོག་མའི་མཐའ་ཡང་སྟོང་། ཐ་མའི་མཐའ་ཡང་སྟོང་། དབུས་ཀྱང་སྟོང་བ་དེ་ལྟར་སྦྱིན་པའི་འབྲས་བུ་ཡང་སྟོང་། སྦྱིན་བདག་ཀྱང་སྟོང་། ལེན་པ་ཡང་སྟོང་བར་སྟོན་ཅིང་། རིགས་ཀྱི་བུ་དེ་ལྟར་ཡང་དག་པའི་མཐའ་ལ་དོན་དེ་
དག་མེད་ཀྱིས། སྦྱིན་པ་ཡང་གཞན་ལ། སྦྱིན་པའི་འབྲས་བུ་ཡང་གཞན་ནོ་སྙམ་དུ་མ་སེམས་ཤིག །སྦྱིན་བདག་ཀྱང་གཞན་ལ། ལེན་པ་ཡང་གཞན་ནོ། སྙམ་དུ་མ་སེམས་ཤིག །རིགས་ཀྱི་བུ་ཁྱོད་ནམ་སྦྱིན་པ་ཡང་གཞན་ལ། སྦྱིན་པའི་འབྲས་བུ་ཡང་
གཞན་ནོ་སྙམ་དུ་མི་སེམས། སྦྱིན་བདག་ཀྱང་གཞན་ལ། ལེན་པ་ཡང་གཞན་ནོ་སྙམ་དུ་མི་སེམས་པ་དེའི་ཚེ། ཁྱོད་ཀྱི་སྦྱིན་པ་འདི་བདུད་རྩི་དང་། བདུད་རྩིའི་འབྲས་བུ་དང་། མཐར་བདུད་རྩིར་འགྱུར་ཏེ། སྦྱིན་པ་འདིས་གཟུགས་ཡོངས་སུ་མ་འཛིན་ཅིག །ཚོར་
Vol. 28 · folio 262b
བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཡོངས་སུ་མ་འཛིན་ཅིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱོད་ཀྱི་སྦྱིན་པ་འདི་ནི་སྦྱིན་པས་སྟོང་ངོ་། །དེའི་འབྲས་བུ་ཡང་འབྲས་བུས་སྟོང་ངོ་། །སྦྱིན་བདག་ཀྱང་སྦྱིན་བདག་གིས་སྟོང་ངོ་། །ལེན་པ་ཡང་ལེན་པས་
སྟོང་སྟེ། སྟོང་པ་ཉིད་ལ་ནི་སྦྱིན་པ་མི་དམིགས། སྦྱིན་པའི་འབྲས་བུ་དང་། སྦྱིན་བདག་དང་། ལེན་པ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་ནི་ངོ་བོ་ཉིད་ཀྱིས་ཤིན་དུ་སྟོང་ངོ་ཞེས་རྗོད་དོ། །གཞན་ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་ཚུལ་ཁྲིམས་ལ་འགོད་དེ། ཚུར་རིགས་ཀྱི་བུ་སྲོག་གཅོད་པ་སྤོངས་ལ། སྲོག་གཅོད་པ་ལས་ཕྱིར་ལྡོག་པར་གྱིས་ཤིག །མ་བྱིན་པར་ལེན་པ་དང་། འདོད་
པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཞེ་གཅོད་པ་དང་། ཚིག་ཀྱལ་པ་དང་། ཆགས་སེམས་དང་། གནོད་སེམས་དང་། གང་ལོག་པར་ལྟ་བ་སྤོངས་ལ་ལོག་པར་ལྟ་བ་ལས་ཕྱིར་ལྡོག་པར་གྱིས་ཤིག །རིགས་ཀྱི་བུ་ཆོས་འདི་
དག་ལ་ཇི་ལྟར་ཡོངས་སུ་བརྟགས་པ་དེ་ལྟ་བུའི་རང་བཞིན་གང་ཡང་མེད་ཀྱིས། རིགས་ཀྱི་བུ་སོམས་དང་། གང་གི་སྲོག་གཅད་པར་བྱ་བའི་སྲོག་ཆགས་དང་། གང་སྲོག་གཅད་པར་བྱ་བ་དེ་ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན། གང་མ་བྱིན་པར་ལེན་པ་དང་། འདོད་
པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཞེ་གཅོད་པའི་ཚིག་དང་། ཚིག་ཀྱལ་པ་དང་། ཆགས་སེམས་དང་། གནོད་སེམས་དང་། གང་ལོག་པར་ལྟ་བ་དང་། ལོག་པར་ལྟ་བར་བཏགས་པ་དང་། གང་གིས་ལོག་པར་ལྟ་བར་
བཏགས་པ་དང་། གང་གིས་ལོག་པར་མཐོང་བ་དེ་ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན་ཞེས་སྟོན་ཅིང་། ཚུལ་ཁྲིམས་ལ་འགོད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་
Vol. 28 · folio 263a
པའི་ཚེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེས་དེ་ལ་སྦྱིན་པ་དང་། ཚུལ་ཁྲིམས་ཀྱི་འབྲས་བུ་བསྟན་ཏེ། སྦྱིན་པའི་འབྲས་བུ་དང་། ཚུལ་ཁྲིམས་ཀྱི་འབྲས་བུ་དེ་ཡང་ངོ་བོ་ཉིད་ཀྱིས་སྟོང་པར་བསྟན་པས། རིགས་ཀྱི་
བུ་དེས་སྦྱིན་པ་དང་། ཚུལ་ཁྲིམས་ཀྱི་འབྲས་བུ་ངོ་བོ་ཉིད་ཀྱིས་སྟོང་པར་རིག་ནས། དེ་ལ་མངོན་པར་ཞེན་པར་མི་བྱེད་དོ། །མངོན་པར་ཞེན་པ་མེད་པས་འཁྲུག་པར་མི་འགྱུར་ཞིང་ཤེས་རབ་སྐྱེད་དོ། །ཤེས་རབ་དེས་ཀྱང་བག་ལ་ཉལ་བ་དང་། ཀུན་ནས་ལྡང་བ་ཐམས་
ཅད་བཅད་ནས། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་སྟེ། དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་དོན་དམ་པར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་གང་ཡོངས་སུ་མྱ་ངན་ལས་འདའ་བ་འམ། ཡོངས་སུ་མྱ་ངན་ལས་
འདས་པ་ཞེས་བྱ་བ་དེ་ལྟ་བུའི་ཆོས་གང་ཡང་མི་དམིགས་ཏེ། དེའི་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། མཐའ་ལས་འདས་པ་སྟོང་པ་ཉིད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་
ཚེ། སེམས་ཅན་ཕན་ཚུན་གནོད་པར་སེམས་ཤིང་། འཁྲུགས་པར་གྱུར་པ་དང་ལྡན་པ་དག་མཐོང་ན། འདི་སྐད་དུ་འདེམས་ཤིང་སྟོན་ཏེ། རིགས་ཀྱི་བུ་བཟོད་པ་སྒྲུབས་ཤིག །བཟོད་པ་སྒོམས་ཤིག །དེས་པ་དང་། སེམས་ཞི་བ་དང་། དང་དུ་སེམས་
པའི་ངང་ཚུལ་ཅན་དུ་གྱིས་ཤིག །གང་གནོད་པར་བྱེད་པ་དང་། གང་གིས་གནོད་པར་བྱ་བ་དང་། གང་ལ་གནོད་པར་བྱ་བའི་ཆོས་དེ་དག་ནི། ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པ་ཡིན་གྱིས། རིགས་ཀྱི་བུ་གནོད་པར་བྱེད་པ་ནི་སུ་ཡོད། གནོད་པར་ནི་སུ་ལ་
བྱ། ཅིས་ནི་གནོད་པར་བྱ་སོམས་དང་ཆོས་དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་གང་ཡིན་པ་དེ་ནི་ནམ་ཡང་མི་སྟོང་བར་མི་འགྱུར་ཏེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་མཛད་དོ། །བྱང་ཆུབ་སེམས་དཔའ་དང་།
Vol. 28 · folio 263b
རང་སངས་རྒྱས་དང་། ཉན་ཐོས་རྣམས་ཀྱིས་མ་བྱས་སོ། །ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མ་བྱས་སོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་མ་བྱས་
སོ། །སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་པ་དང་། དགེ་རྒྱས་དང་། གནས་གཙང་མ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་
ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱིས་མ་བྱས་ཏེ། དེ་ནི་རྟག་པར་ཡང་རང་བཞིན་གྱིས་སྟོང་པའོ། །རང་བཞིན་གྱིས་སྟོང་པ་ནི་སུ་ལ་ཡང་གནོད་པར་མི་བྱེད་དོ་ཞེས་
ནས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་ཐབས་མཁས་པས། རང་བཞིན་གྱིས་སྟོང་པ་ཉིད་དང་། རྒྱུ་དང་འབྲས་བུ་ལ་སྦྱོར་ཏེ། རང་བཞིན་སྟོང་པ་ཉིད་ལ་བཀོད་
ཅིང་། རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །གཞོག་གོ །འདུལ་ལོ། །རབ་ཏུ་འགོད་དོ། །དེ་ཡང་འཇིག་
རྟེན་གྱི་ཐ་སྙད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་སྟོང་པ་ཉིད་ལ་གང་ཐོབ་པར་བྱེད་པ་དང་། གང་གིས་ཐོབ་པར་བྱ་བ་དང་། གང་ཐོབ་པར་བྱ་བ་གང་ཡང་མེད་དོ། །རབ་འབྱོར་འདི་ནི་ཡང་དག་པའི་མཐའ་སྟོང་པ་ཉིད་དེ། དེ་ལ་གནས་
ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་དུ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དེ། དེ་ལ་སེམས་ཅན་དུ་དམིགས་པ་མེད་དོ། །སེམས་ཅན་དུ་གདགས་པ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་
Vol. 28 · folio 264a
ཐམས་ཅད་ནི་སེམས་ཅན་གྱིས་དབེན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་དག་
མཐོང་ན། འདི་ལྟར་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་ཡང་དག་པར་བསྐུལ་ཏེ། རིགས་ཀྱི་བུ་དག་རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་ཆོས་གང་ཡང་ཞུམ་ཞིང་ལེ་ལོར་འགྱུར་བ་འམ། གང་ལ་ཞུམ་ཞིང་ལེ་ལོར་འགྱུར་བའི་ཆོས་གང་ཡང་མེད་དེ། ཆོས་དེ་
དག་ནི་ཐམས་ཅད་ཀྱང་རང་བཞིན་སྟོང་པ་ཉིད་ལས་མི་འདའ་བ་ཡིན་གྱིས། ལུས་དང་སེམས་ཀྱིས་བརྩོན་འགྲུས་སྐྱེད་ལ། ལེ་ལོ་འོར་ཏེ་དགེ་བའི་ཆོས་སྦྱིན་པ་འམ། ཚུལ་ཁྲིམས་སམ། བཟོད་པ་འམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་
རབ་བམ། ནང་སྟོང་པ་ཉིད་དམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་རམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་
ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་
སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་འམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་
རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དག་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་དག་སྟོང་པ་ཉིད་ཀྱིས་ཆོས་དེ་དག་
Vol. 28 · folio 264b
ཐམས་ཅད་སྒྲིབ་པ་མེད་པར་རྟོགས་ཤིག །སྒྲིབ་པ་མེད་པའི་ཆོས་ལ་ཞུམ་པར་འགྱུར་བ་གང་ཡང་མེད་དོ་ཞེས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་
རྣམས་ལ་རང་བཞིན་སྟོང་པ་ཉིད་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །གཞོག་གོ །འདུལ་ལོ། །རབ་ཏུ་འགོད་དོ། །ཅི་ནས་ཀྱང་གཉིས་ལ་མི་གནས་པ་དེ་ལྟར་རབ་ཏུ་འགོད་
དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་སྟོང་པ་ཉིད་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །གཉིས་སུ་མེད་པའི་ཆོས་ནི་གང་ལ་ཡང་གནས་པ་མེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་
པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་ལ་རང་བཞིན་སྟོང་པ་ཉིད་ཀྱི་བརྩོན་འགྲུས་ལ་འདེམས་ཤིང་རྗེས་སུ་སྟོན་ཏེ། ཚུར་རིགས་ཀྱི་བུ་སྦྱིན་པ་འམ། ཚུལ་ཁྲིམས་སམ། བཟོད་པ་འམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་
བམ། ནང་སྟོང་པ་ཉིད་དམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་རམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་
ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་
སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་འམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་
Vol. 28 · folio 265a
སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དག་ལ་བརྩོན་འགྲུས་རྩོམས་ལ། ཆོས་དེ་དག་གཉིས་
པར་ཡང་ཡིད་ལ་མ་བྱེད་ཅིག །མི་གཉིས་པར་ཡང་ཡིད་ལ་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་ནི་གཉིས་པར་ཡིད་ལ་བྱ་བ་མ་ཡིན། མི་གཉིས་པར་ཡང་ཡིད་ལ་བྱ་བ་མ་ཡིན་ནོ། །རབ་
འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་རང་བཞིན་སྟོང་པ་ཉིད་ལ་ཡོངས་སུ་སྨིན་པར་བྱེད་དེ། ཡོངས་སུ་སྨིན་པར་བྱས་ནས། རིམ་གྱིས་རྒྱུན་དུ་
ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་འགོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་
དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་སེམས་གཡེང་བ་རྣམས་ལ་འདི་སྐད་དུ་འདེམས་ཤིང་རྗེས་སུ་སྟོན་ཏེ། ཚུར་རིགས་ཀྱི་བུ་ཏིང་ངེ་འཛིན་སྒོམས་
ཤིག །གཡེང་བའི་འདུ་ཤེས་སམ། ཏིང་ངེ་འཛིན་གྱི་འདུ་ཤེས་སུ་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་སྟོང་པ་ཉིད་ལ་ནི་གང་གཡེང་བ་འམ། རྩེ་གཅིག་ཏུ་འགྱུར་བའི་ཆོས་གང་ཡང་དམིགས་སུ་མེད་དོ། །
ཁྱོད་ཀྱིས་ཏིང་ངེ་འཛིན་དེ་ལ་གནས་ཏེ། རང་བཞིན་སྟོང་པ་ཉིད་ལ་སྤྱད་ན། ལུས་དང་ངག་དང་། ཡིད་ཀྱིས་དགེ་བའི་ཆོས་གང་ཅི་བྱེད་ཀྱང་རུང་སྟེ། སྦྱིན་པ་གཏོང་ངམ། ཚུལ་ཁྲིམས་སྲུང་ངམ། བཟོད་པ་སྒྲུབ་བ་བམ། བརྩོན་འགྲུས་རྩོམ་མམ། ཏིང་
Vol. 28 · folio 265b
ངེ་འཛིན་སྐྱེད་དམ། ཤེས་རབ་སྒོམ་འམ། ནང་སྟོང་པ་ཉིད་ལ་སྤྱོད་དམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་དམ། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་
དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་དམ། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་
འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་
ཀྱི་སྒོ་རྣམས་ལ་སྤྱོད་དམ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་དམ། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སྤྱོད་དམ། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སྤྱོད་དམ། ཉན་ཐོས་ཀྱི་ལམ་དང་། རང་སངས་རྒྱས་ཀྱི་ལམ་ལ་སྤྱོད་དམ། བྱང་ཆུབ་སེམས་དཔའི་ལམ་དང་། སངས་
རྒྱས་ཀྱི་ལམ་ལ་སྤྱོད་དམ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་སྤྱོད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་དམ། སེམས་
ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སྤྱོད་དམ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་སྤྱོད་ཀྱང་རུང་སྟེ། དགེ་བའི་ཆོས་དེ་དག་ལས་གྲོན་ཆུང་ངུས་འགྲུབ་པར་འགྱུར་རོ་ཞེས་འདེམས་ཤིང་རྗེས་སུ་སྟོན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་
Vol. 28 · folio 266a
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ནས། བར་འགའ་ཡང་ལས་མི་བྱེད་པར་མི་འགྱུར་གྱི། དགེ་བ་
ཐམས་ཅད་ཚོལ་ཞིང་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྙེན་བཀུར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་
ཆོས་ཐོས་པ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཚེ་རབས་རྗེས་ཀྱང་ནམ་དུ་ཡང་རྣམ་པར་ཆུད་མི་ཟ་སྟེ། རྟག་ཏུ་རྒྱུན་མི་ཆད་པར་གཟུངས་ཐོབ་ཅིང་ལུས་ཀྱི་དབང་པོ་འམ། ངག་གི་དབང་
པོ་འམ། ཡིད་ཀྱི་དབང་པོ་མི་ཉམ་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་རྟག་ཏུ་རྒྱུན་མི་ཆད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་བསྒོམས་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་
དུ་བསྒོམས་པ་དེ་ལམ་ཐམས་ཅད་ཤིན་དུ་བསྒོམས་པར་འགྱུར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། བྱང་ཆུབ་སེམས་དཔའི་ལམ་འམ། སངས་རྒྱས་ཀྱི་ལམ་ཤིན་དུ་བསྒོམས་པར་འགྱུར། མངོན་པར་ཤེས་པ་གང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ལ་རྣམ་པར་ཆུད་མི་ཟ་བའི་ཚུལ་གྱིས་ཕན་པར་འགྱུར་བ་དེ་དག་ཀྱང་ཤིན་དུ་བསྒོམས་པར་འགྱུར་ཏེ། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་དེ་དག་ལ་གནས་ཤིང་སེམས་ཅན་རྣམས་ཀྱི་དོན་བྱེད་ན། འགྲོ་བ་ལྔའི་
འཁོར་བར་འཁོར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཀྱང་ཡོངས་སུ་མི་ཉམ་མོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། རང་བཞིན་སྟོང་པ་ཉིད་ལ་གནས་ཤིང་། ཐབས་
Vol. 28 · folio 266b
མཁས་པས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། རང་བཞིན་སྟོང་པ་ཉིད་ལ་གནས་ཤིང་། སེམས་ཅན་ཤེས་རབ་འཆལ་བ་ཅན་བློ་ཆུང་བ་རྣམས་
མཐོང་ན། འདི་སྐད་འདེམས་ཤིང་རྗེས་སུ་སྟོན་ཏེ། ཚུར་རིགས་ཀྱི་བུ་ལུས་དང་ངག་དང་ཡིད་ཀྱི་ལས་གང་ཅི་བྱེད་ཀྱང་རུང་སྟེ། དེ་ཐམས་ཅད་རང་བཞིན་སྟོང་པ་ཉིད་དུ་རྟོགས་ཤིག་དང་། ཁྱོད་ཀྱི་ལས་ཐམས་ཅད་བདུད་རྩིའི་འབྲས་བུར་འགྱུར་ཏེ། མཐར་
བདུད་རྩིར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ལ་ནི་གང་འཇིག་པར་འགྱུར་བ་འམ། ཡོངས་སུ་ཉམ་པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་སྟོང་པ་ཉིད་ནི་ཡོངས་སུ་ཉམས་པར་མི་འགྱུར། རང་
བཞིན་སྟོང་པ་ཉིད་ལས་ཡོངས་སུ་ཉམ་པའི་ཆོས་ཀྱང་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རང་བཞིན་གྱིས་སྟོང་པ་ཉིད་ནི་དངོས་པོ་ཡོད་པ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་ཅི་ཞིག་
ཡོངས་སུ་ཉམ་པར་འགྱུར་ཞེས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་ལ་འདེམས་ཤིང་རྗེས་སུ་སྟོན་ཏོ། །དེ་ལྟར་འདེམས་ཤིང་རྗེས་
སུ་སྟོན་པའི་ཚེ། ནམ་ཡང་རྗེས་སུ་མ་བསྒྲུབས་པ་མ་ཡིན། དེ་ནི་བདག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཤིང་གནས་པ་ཡིན་གཞན་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བསླབ་པའི་
གནས་ལྔ་ཡང་དག་པར་བླངས་ཤིང་གནས་པ་ཡིན། གཞན་ཡང་བསླབ་པའི་གནས་ལྔ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་ལ་ཉེ་བར་གནས་པ་ཡང་དག་པར་བླངས་ཤིང་གནས་པ་ཡིན། གཞན་
Vol. 28 · folio 267a
ཡང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་ལ་ཉེ་བར་གནས་པར་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་གཏན་དང་པོ་ལ་ཡང་དག་པར་
སྐུལ་བ་ཡིན། བདག་ཀྱང་བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་ལ་ཡང་དག་པར་སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་གཏན་བཞི་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་
ཀྱང་རྟག་ཏུ་རྒྱུན་མི་ཆད་པར་བྱམས་པ་ལ་གནས་པ་ཡིན། གཞན་ཡང་རྟག་ཏུ་རྒྱུན་མི་ཆད་པར་བྱམས་པ་སྒོམ་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྟག་ཏུ་རྒྱུན་མི་ཆད་པར་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་
པ་ཡིན། གཞན་ཡང་རྟག་ཏུ་རྒྱུན་མི་ཆད་པར་བཏང་སྙོམས་སྒོམ་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྟག་ཏུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་
པ་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་
འཇུག་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྒོམ་པ་ཡིན། གཞན་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་ཡང་
དག་པར་སྐུལ་བ་ཡིན། བདག་ཀྱང་རྣམ་པར་ཐར་པའི་སྒོ་གསུམ་ལ་སློབ་པ་ཡིན། གཞན་ཡང་རྣམ་པར་ཐར་པའི་སྒོ་གསུམ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་འཕགས་པའི་བདེན་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་
Vol. 28 · folio 267b
གནས་པའི་སྙོམས་པར་འཇུག་པ་དགུ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ལ་སློབ་པ་ཡིན། གཞན་ཡང་གཟུངས་ཀྱི་སྒོ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་དེ་བཞིན་གཤེགས་
པའི་སྟོབས་བཅུ་ལ་སློབ་པ་ཡིན། གཞན་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་
ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སློབ་པ་ཡིན། གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སློབ་པ་ཡིན། གཞན་
ཡང་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུའི་ཤེས་པ་སྐྱེད་ཅིང་། དེ་ལ་མི་གནས་པ་ཡིན། གཞན་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་
ལ་འགོད་པ་ཡིན། བདག་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུའི་ཤེས་པ་སྐྱེད་ཅིང་དེ་ལ་མི་གནས་པ་ཡིན། གཞན་ཡང་དགྲ་བཅོམ་པའི་འབྲས་བུ་ལ་རབ་ཏུ་འགོད་པ་ཡིན།
བདག་ཀྱང་རང་བྱང་ཆུབ་ཀྱི་ལམ་སྐྱེད་ཅིང་དེ་ལ་མི་གནས་པ་ཡིན། གཞན་ཡང་རང་བྱང་ཆུབ་ལ་རབ་ཏུ་འགོད་པ་ཡིན། བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་སྐྱེད་པ་ཡིན། གཞན་ཡང་ལམ་དེ་ལ་འདེམས་ཤིང་རྗེས་སུ་
སྟོན་པ་དང་། གཞོག་ཅིང་འདུལ་བ་དང་འགོད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་གཟུང་སྟེ། རང་བཞིན་སྟོང་པ་ཉིད་
Vol. 28 · folio 268a
ལ་གནས་ཤིང་། སེམས་ཅན་རྣམས་ཀྱི་དོན་བྱེད་པའི་ཚེ། ནམ་ཡང་ལས་མེད་པར་གནས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན། རང་བཞིན་སྟོང་པ་
ཉིད་ལ་ནི་སེམས་ཅན་ཡང་མི་དམིགས། ཆོས་ཀྱང་མི་དམིགས། ཆོས་མ་ལགས་པ་དེ་ཡང་མི་དམིགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་ཡང་དག་པར་འཇུག་པ་ལགས་
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་སྟོང་པ་ཉིད་ལ་ནི་སེམས་ཅན་མི་དམིགས་སོ། །ཆོས་མི་དམིགས་སོ། །
ཆོས་མ་ཡིན་པ་མི་དམིགས་སོ། །རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་རང་བཞིན་སྟོང་པ་ཉིད་ལ་གནས་པར་མི་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཆོས་རྣམས་རང་བཞིན་གྱིས་སྟོང་པར་མི་སྟོན་ཏོ། །རང་བཞིན་གྱིས་སྟོང་པའི་ཆོས་དེ་དག་ཀྱང་གང་ཞེ་ན། རབ་འབྱོར་གཟུགས་ནི་རང་བཞིན་གྱིས་སྟོང་ངོ་། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་།
རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་ངོ་། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་རང་བཞིན་གྱིས་སྟོང་ངོ་། །ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་རང་བཞིན་གྱིས་སྟོང་ངོ་། །
འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་།
Vol. 28 · folio 268b
མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ནི་རང་བཞིན་གྱིས་སྟོང་ངོ་། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་
པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་རང་བཞིན་གྱིས་སྟོང་ངོ་། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་
པོ་བརྒྱད་ཅུ་ནི་རང་བཞིན་གྱིས་སྟོང་ངོ་། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ནི་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ཀྱི་བར་ནི་རང་བཞིན་གྱིས་སྟོང་ངོ་། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕུང་པོ་ལྔ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །སྐྱེ་མཆེད་བཅུ་གཉིས་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་
བར་ཆོས་སྟོན་ཏོ། །ཁམས་བཅྭོ་བརྒྱད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །
སྟོང་པ་ཉིད་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་
འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་
Vol. 28 · folio 269a
ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་
དང་། གཟུངས་ཀྱི་སྒོ་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་།
དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་
བྱད་བཟང་པོ་བརྒྱད་ཅུ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ནི་རང་བཞིན་གྱིས་སྟོང་
ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤོང་བ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །རབ་འབྱོར་གལ་ཏེ་ནང་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གལ་ཏེ་ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་
པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་
Vol. 28 · folio 269b
ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཡིན་ན་ནི། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་ཏེ། དེའི་ཕྱིར་རང་བཞིན་སྟོང་པ་ཉིད་ཀྱང་བཤིག་པར་འགྱུར་ན། རང་བཞིན་སྟོང་པ་ཉིད་ནི་འཇིག་པར་མི་འགྱུར། རྟག་པར་མ་ཡིན་ཏེ།
ཕྱིས་མེད་པར་འགྲོ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཡུལ་ན་མི་གནས། ཕྱོགས་ན་མི་གནས་པ་སྟེ། དེ་ནི་གང་ནས་ཀྱང་འོང་བ་མ་ཡིན། གང་དུ་ཡང་འགྲོ་བ་མ་ཡིན་ཏེ། དེ་ནི་ཆོས་གནས་པ་ཉིད་དོ། །དེ་ལ་ནི་ཆོས་གང་ཡང་འཕེལ་བ།
དམིགས་པ་འམ། འགྲིབ་པ་དམིགས་པ་འམ། འགོད་པ་འམ། སྐྱེ་བ་འམ། འབྱུང་བ་འམ། འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་དམིགས་པ་མེད་དོ། །དེ་ནི་ཆོས་རྣམས་ཀྱི་རང་བཞིན་ཏེ། དེ་ལ་གནས་ཤིང་།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་སྟེ། ཆོས་གང་ཡང་འཇུག་པ་འམ། མི་འཇུག་པར་མཐོང་བ་མེད་དོ། །ཆོས་ཐམས་ཅད་ནི་འཇུག་པ་མེད་ཅིང་གནས་པ་མེད་
པ་སྟེ། དེ་ནི་ཆོས་རྣམས་ཀྱི་ཆོས་གནས་པའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་མཐོང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ལས་ཕྱིར་མི་ལྡོག་གོ །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་སྒྲིབ་པའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་ཐམས་ཅད་ནི་སྒྲིབ་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་ནི་འདི་ལྟར་རང་བཞིན་སྟོང་པ་ཉིད་ལ་
Vol. 28 · folio 270a
བདག་མི་དམིགས། བདག་ཏུ་བཏགས་པ་ཡང་མི་དམིགས་སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་
བ་པོ་དང་། ཚོར་བར་བྱེད་པ་པོ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོར་ཡང་མི་དམིགས། མཐོང་བ་པོར་བཏགས་པ་ཡང་མི་དམིགས། གཟུགས་ཀྱང་མི་དམིགས། གཟུགས་སུ་བཏགས་པ་ཡང་
མི་དམིགས། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་མི་དམིགས། རྣམ་པར་ཤེས་པར་བཏགས་པ་ཡང་མི་དམིགས་སོ། །མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་བར་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང་མི་
དམིགས། དཔེ་བྱད་བཟང་པོ་བརྒྱད་ཅུར་བཏགས་པ་ཡང་མི་དམིགས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐེ་ཚོམ་ཟ་བར་འགྱུར་བ་ལྟ་ག་ལས་འོང་། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པས་སྤྲུལ་པའི་དགེ་སློང་
ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་ལ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་རྒྱུན་དུ་ཆོས་བསྟན་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྤྲུལ་པ་དེ་དག་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་རྗེས་སུ་འཐོབ་པར་འགྱུར་
བའི་སྐལ་བ་ལྟ་ཡོད་དམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་བའི་
སྐལ་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་དག་ལ་དངོས་པོ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ།
Vol. 28 · folio 270b
ཆོས་ཐམས་ཅད་ལ་དངོས་པོ་མེད་ན། སེམས་ཅན་གང་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱུན་དུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ།
རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགོད་པར་བྱ་སྟེ། གཞན་དུ་ན་ཕྱིན་ཅི་ལོག་གིས་ཡོངས་སུ་འཁྲིས་པའི་སྐྱེས་བུ་དག་ཕྱིན་ཅི་ལོག་མེད་པ་ལ་གཞོག་གོ །འདུལ་ལོ། །རབ་ཏུ་འགོད་དོ། །ཕྱིན་ཅི་ལོག་
གང་ཡིན་པ་དེ་ཡང་རྟོག་པའི་རྒྱུ་ལས་བྱུང་བའི་ཕྱིར། ཕྱིན་ཅི་ལོག་མ་ཡིན་པ་སྟེ། རྣམ་པར་རྟོག་པ་མེད་པ་ནི་ཕྱིན་ཅི་ལོག་མ་ཡིན་པའོ། །གང་ལ་ཕྱིན་ཅི་ལོག་མེད་པ་དེ་ལ་བདག་མེད་དོ། །སེམས་ཅན་མེད་དོ། །སྲོག་མེད་དོ། །འགྲོ་བ་མེད་དོ། །
གསོ་བ་མེད་དོ། །སྐྱེས་བུ་མེད་དོ། །གང་ཟག་མེད་དོ། །ཤེད་ཅན་མེད་དོ། །ཤེད་བདག་མེད་དོ། །བྱེད་པ་པོ་མེད་དོ། །ཚོར་བ་པོ་མེད་དོ། །ཤེས་པ་པོ་མེད་དོ། །མཐོང་བ་པོ་མེད་དོ། །དེ་ལ་གཟུགས་མེད་དོ། །ཚོར་བ་མེད་དོ། །འདུ་ཤེས་
མེད་དོ། །འདུ་བྱེད་མེད་དོ། །རྣམ་པར་ཤེས་པ་མེད་དོ། །དེ་ལ་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་མེད་དོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་
མེད་དོ། །དེ་ལ་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་
པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་མེད་དོ། །དེ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་།
Vol. 28 · folio 271a
སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མེད་དོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མེད་དོ། །གང་ལ་གཟུགས་མེད་པ་དང་། ཚོར་བ་མེད་པ་དང་། འདུ་ཤེས་མེད་པ་དང་། འདུ་བྱེད་མེད་པ་དང་།
རྣམ་པར་ཤེས་པ་མེད་པ་དང་། གང་ལ་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་མེད་པ་དང་། གང་ལ་ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མེད་པ་དང་། བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མེད་པ་དེ་ནི་རང་བཞིན་སྟོང་པ་ཉིད་དེ། །དེ་ལ་གནས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་ཕྱིན་ཅི་ལོག་ཏུ་གྱུར་
པ་རྣམས། སེམས་ཅན་གྱི་འདུ་ཤེས་ལས་འགྲེལ་ཏེ། གཟུགས་ཀྱི་འདུ་ཤེས་ལས་འགྲེལ་ཏོ། །གཟུགས་མེད་པའི་འདུ་ཤེས་པ་ལས་འགྲེལ་ཏོ། །ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་བར་ལས་འགྲེལ་ཏོ། །གང་ཟག་པ་མེད་པའི་ཆོས་འདི་ལྟ་སྟེ།
བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་
ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་པོ་དེ་དག་ཀྱང་དེ་ལ་དོན་དམ་པའི་རྣམ་པ་གང་
ཡིན་པ་དེ་ལྟ་བུ་མ་ཡིན་ཏེ། དེ་ལྟར་འདུས་མ་བྱས་པ་དང་། མ་སྐྱེས་པ་དང་། དངོས་པོ་མེད་པ་དང་། འབྱུང་བ་མེད་པ་འདི་ནི་རང་བཞིན་སྟོང་པ་ཉིད་དོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སྟེ། དེ་ལ་བདག་མེད་དོ། །སེམས་ཅན་དང་།
Vol. 28 · folio 271b
སྲོག་དང་། སྐྱེ་བ་པོ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་ཤེས་པ་པོ་དང་། མཐོང་བ་པོ་མེད་དོ། །གཟུགས་མེད་དོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་
ཤེས་པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་མེད་དོ། །ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མེད་དོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཞན་དུ་ན་རང་བཞིན་སྟོང་པ་ཉིད་ཡོངས་སུ་ཤེས་པ་ལས་ལམ་གྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་པ་མེད་དེ། རང་བཞིན་སྟོང་པ་ཉིད་དེ་ཡང་སྔ་ནས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཕྱིན་ཆད་
ཀྱང་རང་བཞིན་གྱིས་སྟོང་པ་ཉིད་བར་དུ་ཡང་རང་བཞིན་གྱིས་སྟོང་པ་ཉིད་དེ། དེ་ནམ་ཡང་རང་བཞིན་གྱིས་མི་སྟོང་པ་མ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་དུ་འདུ་ཤེས་
པའི་སེམས་ཅན་རྣམས་ཀྱི། སེམས་ཅན་གྱི་འདུ་ཤེས་ཡོངས་སུ་དགྲོལ་བའི་ཕྱིར། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་དོ། །དེ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པའི་ཚེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ལམ་དང་། རང་སངས་རྒྱས་ཀྱི་ལམ་དང་།
བྱང་ཆུབ་སེམས་དཔའི་ལམ་དང་། ལམ་ཐམས་ཅད་ལ་སྤྱོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་
པར་བྱས་ནས། དེའི་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། འདི་ལྟ་
Vol. 28 · folio 272a
སྟེ། སངས་རྒྱས་ཀྱི་ཚུལ་རང་བཞིན་སྟོང་པ་ཉིད་ཀྱི་རྒྱུན་མི་གཅོད་དོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཚུལ་ཏེ། འདས་པའི་དུས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བྱུང་བ་དེ་དག་གི་སངས་
རྒྱས་ཀྱི་ཚུལ་ཡང་འདི་ལྟ་སྟེ། རང་བཞིན་སྟོང་པ་ཉིད་དོ། །མ་འོངས་པའི་དུས་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་འབྱུང་བར་འགྱུར་བ་དེ་དག་གི་སངས་རྒྱས་ཀྱི་ཚུལ་ཡང་འདི་ལྟ་སྟེ། རང་བཞིན་སྟོང་པ་ཉིད་དོ། །ད་ལྟར་ཕྱོགས་བཅུའི་
འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་། འཚོ་སྐྱོང་བ་དེ་དག་གི་སངས་རྒྱས་ཀྱི་ཚུལ་ཡང་འདི་ལྟ་སྟེ། རང་བཞིན་སྟོང་པ་ཉིད་དེ། རང་བཞིན་སྟོང་པ་ཉིད་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མ་གཏོགས་
པར་གཞན་ལས་འཇིག་རྟེན་དུ་འབྱུང་བར་མི་འགྱུར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་བཞིན་སྟོང་པ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ལས་ཡོངས་སུ་ཉམ་པར་མི་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རང་བཞིན་སྟོང་པ་ཉིད་ཀྱིས་ཆོས་ཐམས་ཅད་ལ་སྤྱོད་ཅིང་གཟུགས་ཀྱང་གཞན་ནོ། །རང་བཞིན་
སྟོང་པ་ཉིད་ཀྱང་གཞན་ནོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །
ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་
Vol. 28 · folio 272b
པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་
ཉིད་ཀྱང་གཞན་ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་
གཞན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ་ཞེས་བགྱི་བར་རང་བཞིན་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བགྱིད་ཀྱི། གཟུགས་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་
གཟུགས་སོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་
ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བགྱི་བར་སྤྱོད་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ཏེ། རབ་འབྱོར་གལ་ཏེ་གཟུགས་ཀྱང་གཞན་ལ། རང་
བཞིན་སྟོང་པ་ཉིད་ཀྱང་གཞན། ཚོར་བ་ཡང་གཞན། འདུ་ཤེས་ཀྱང་གཞན། འདུ་བྱེད་ཀྱང་གཞན། རྣམ་པར་ཤེས་པ་ཡང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་
གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། སྟོང་པ་ཉིད་ཀྱང་གཞན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། འཕགས་པའི་བདེན་པ་དང་། བསམ་གཏན་དང་།
Vol. 28 · folio 273a
ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་
དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་གཞན་ལ།
རང་བཞིན་སྟོང་པ་ཉིད་ཀྱང་གཞན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་མ་ཡིན་ཏེ། གལ་ཏེ་གཟུགས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་གཟུགས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་
པར་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་བཞིན་གྱིས་སྟོང་
ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་
Vol. 28 · folio 273b
སེམས་དཔའ་ཆེན་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དེ། །རང་བཞིན་སྟོང་པ་ཉིད་ལ་ནི་ཆོས་གང་ཡང་རྣམ་པར་འཇིག་པར་འགྱུར་བ་
འམ། རྟག་ཏུ་གནས་པ་འམ། འགྲོ་བ་མེད་དེ་གཞན་དུ་ན། ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་ཚངས་པར་བཅས་པའི་འཇིག་རྟེན་རྣམས་འདི་ནི་གཟུགས་སོ། །བདག་གི་གཟུགས་སོ། །བདག་ནི་གཟུགས་དང་ལྡན་ནོ། །བདག་ནི་རྣམ་པར་ཤེས་
པའི་བར་རོ། །བདག་གི་རྣམ་པར་ཤེས་པའོ། །བདག་ནི་རྣམ་པར་ཤེས་པ་དང་ལྡན་པའོ་སྙམ་དུ་རྨོངས་ཤིང་དེ་དག་གཟུགས་ལ་མངོན་པར་ཞེན། རྣམ་པར་ཤེས་པའི་བར་ལ་མངོན་པར་ཞེན་ཏོ། །བདག་ཏུ་བྱ་བ་དང་བདག་གིར་བྱ་བ་ལ་མངོན་པར་སྤྱོད་དོ། །བདག་ཏུ་
བྱ་བ་དང་བདག་གིར་བྱ་བ་ལ་མངོན་པར་ཞེན་ནས། ཕྱི་ནང་གི་དངོས་པོ་ལ་མངོན་པར་ཞེན་ཅིང་ཆགས་སོ། །དེ་ལྟར་མངོན་པར་ཞེན་ཅིང་ཆགས་ནས་སྐྱེ་བའི་སྐྱེ་མཆེད་དག་ཏུ་གཟུགས་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཉེ་བར་ལེན་ཏེ།
Vol. 28 · folio 274a
སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། འགྲོ་བ་ལྔའི་འཁོར་བ་ནས་ཡོངས་སུ་མི་འགྲོལ་ལོ།། །།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་བདུན་ཅུ་གཅིག་པ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་བཞིན་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་ཅིང་། གཟུགས་སྟོང་པ་འམ། འོན་ཏམ་མི་སྟོང་ཞེས་བྱ་བར་
རྣམ་པར་འཁྲུག་པར་མི་བྱེད་དོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་པ་འམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་སྟོང་པ་འམ།
འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སྟོང་པ་འམ་འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །འཕགས་པའི་བདེན་པ་དང་།
བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་
ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་སྟོང་པ་འམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་།
སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྟོང་པ་འམ་འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་སྟོང་པ་འམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་
Vol. 28 · folio 274b
པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་སྟོང་པ་ཉིད་ནི་འདི་ནི་གཟུགས་སོ། །འདི་ནི་གཟུགས་ཀྱི་སྟོང་པ་ཉིད་དོ་ཞེས་གཟུགས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའོ། །
འདི་ནི་རྣམ་པར་ཤེས་པའི་སྟོང་པ་ཉིད་དོ་ཞེས་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི། སྐྱེ་མཆེད་དང་། ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བའོ། །འདི་དག་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྟོང་པ་ཉིད་དོ་ཞེས་རྟེན་ཅིང་འབྲེལ་
པར་འབྱུང་བ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི་ཕ་རོལ་དུ་ཕྱིན་པ་དང་། སྟོང་པ་ཉིད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །འདི་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་བྱང་ཆུབ་ཀྱི་
ཕྱོགས་ཀྱི་ཆོས་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་
པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་སོ། །འདི་ནི་གཟུངས་ཀྱི་སྒོ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་གཟུངས་ཀྱི་སྒོ་རྣམས་རྣམ་པར་
འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
རྣམས་སོ། །འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྟོང་པ་ཉིད་དོ། །ཞེས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་
Vol. 28 · folio 275a
བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་བྱང་ཆུབ་བོ། །འདི་ནི་བྱང་ཆུབ་ཀྱི་སྟོང་པ་ཉིད་དོ་ཞེས་བྱང་ཆུབ་རྣམ་པར་འཁྲུག་པར་མི་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་
ནམ་མཁའ་རྣམ་པར་འཁྲུག་པར་མི་བྱེད་དོ། །ནང་གི་ནམ་མཁའ་ནི་ཕྱིའི་ནམ་མཁའ་རྣམ་པར་འཁྲུག་པར་མི་བྱེད་དོ། །ཕྱིའི་ནམ་མཁའ་ནི་ནང་གི་ནམ་མཁའ་རྣམ་པར་འཁྲུག་པར་མི་བྱེད་དོ། །རབ་འབྱོར་དེ་བཞིན་དུ་གཟུགས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་
མི་བྱེད་དོ། །སྟོང་པ་ཉིད་ཀྱང་གཟུགས་རྣམ་པར་འཁྲུག་པར་མི་བྱེད་དོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །སྐྱེ་མཆེད་
དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་འཁྲུག་པར་མི་བྱེད་དོ། །ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་།
བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་
མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་
སྒོ་རྣམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་གཟུངས་ཀྱི་སྒོ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་
Vol. 28 · folio 275b
རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྣམ་པར་འཁྲུག་པར་མི་བྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་
མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །སྟོང་པ་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྣམ་པར་འཁྲུག་
པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་གང་འདི་ལྟར་འདི་ནི་གཟུགས་སོ། །འདི་ནི་སྟོང་པ་ཉིད་དོ། །འདི་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ་འདི་ནི་སྟོང་པ་ཉིད་དོ། །འདི་ནི་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཀྱི་བར་དུའོ་འདི་ནི་སྟོང་པ་ཉིད་དོ་ཞེས་རྣམ་པར་འཁྲུག་པ་དེ་ལྟ་བུའི་རང་བཞིན་མེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དབྱེར་མ་མཆིས་ན། ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་བགྱི་བར་སེམས་པར་གྱུར། བཅོམ་ལྡན་འདས་བྱང་ཆུབ་ནི་གཉིས་སུ་དབྱེར་མ་མཆིས་པ་སྟེ། གཉིས་
སུ་འབྱེད་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་ནི་གཉིས་སུ་དབྱེར་མེད་པ་སྟེ། གཉིས་
ལ་སྤྱོད་པ་ལ་བྱང་ཆུབ་མེད་དོ། །རབ་འབྱོར་བྱང་ཆུབ་ནི་གཉིས་སུ་དབྱེར་མེད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ནི་བྱང་ཆུབ་བོ། །བྱང་ཆུབ་སེམས་དཔའོ་ཞེས་བྱ་བར་གཉིས་སུ་བྱ་བ་ལ་མི་སྤྱོད་དེ། བྱང་ཆུབ་སེམས་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words