ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ
Sanskrit title (Tibetan script, as in the text) པཉྩ་བིང་ཤ་ཏི་སཱ་ཧ་སྲི་ཀཱ་པྲ་ཛྙཱ་པཱ་ར་མི་ཏཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 26 · folio 186a
འབྱོར་སྲོག་གཅོད་པ་ནི་འཇིག་རྟེན་པའི་ཆོས་མི་དགེ་བའོ། །མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཞེ་གཅོད་པ་དང་། ཚིག་ཀྱལ་པ་དང་། ཆགས་སེམས་དང་། གནོད་སེམས་དང་།
ལོག་པར་ལྟ་བ་དང་། ཁྲོ་བ་དང་། མདུད་པར་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། འཚེ་བ་དང་། ཕྲག་དོག་དང་། སེར་སྣ་དང་། ང་རྒྱལ་དང་། ལོག་པའི་ང་རྒྱལ་སྟེ། རབ་འབྱོར་དེ་དག་ནི་འཇིག་རྟེན་པའི་ཆོས་མི་དགེ་བའོ། །གསོལ་པ། བཅོམ་
ལྡན་འདས་ལུང་དུ་མ་བསྟན་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་ཀྱི་ལས་ནི་ལུང་མ་བསྟན་པའོ། །ངག་གི་ལས་ནི་ལུང་མ་བསྟན་པའོ། །ཡིད་ཀྱི་ལས་ནི་ལུང་མ་བསྟན་པའོ། །འབྱུང་བ་ཆེན་པོ་བཞི་ནི་ལུང་མ་བསྟན་པའོ། །
དབང་པོ་ལྔ་ནི་ལུང་མ་བསྟན་པའོ། །སྐྱེ་མཆེད་དྲུག་ནི་ལུང་མ་བསྟན་པའོ། །གཟུགས་མེད་པ་བཞིར་སྐྱེས་པ་ནི་ལུང་མ་བསྟན་པའོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ནི་ལུང་མ་བསྟན་པའོ། །རྣམ་པར་སྨིན་པ་ཐམས་ཅད་ནི་ལུང་མ་བསྟན་པ་སྟེ། རབ་འབྱོར་དེ་
དག་ནི་ལུང་མ་བསྟན་པའི་ཆོས་སུ་ཤེས་པར་བྱའོ། །གསོལ་བ། བཅོམ་ལྡན་འདས་འཇིག་རྟེན་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་པའི་ཆོས་ཞེས་བྱ་བ་ནི། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་དང་། དགེ་བ་
བཅུའི་ལས་ཀྱི་ལམ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། འཇིག་རྟེན་ལས་འདས་པའི་ཆོས་མ་གཏོགས་པར། དེ་མ་ཡིན་པར་འཇིག་རྟེན་པའི་ཆོས་གང་ཇི་སྙེད་པ་དེ་དག་
ནི་འཇིག་རྟེན་པའི་ཆོས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་ལས་འདས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་ལས་འདས་པའི་ཆོས་ཞེས་བྱ་བ་ནི། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་
Vol. 26 · folio 186b
སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མ་ཤེས་པ་
ཡོངས་སུ་ཤེས་པར་བྱ་བའི་དབང་པོ་དང་། ཡོངས་སུ་ཤེས་པའི་དབང་པོ་དང་། ཡོངས་སུ་ཤེས་པར་རྟོགས་པའི་དབང་པོ་དང་། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང་། རྟོག་པ་མེད་པ་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང་། རྟོག་པ་མེད་ཅིང་དཔྱོད་པ་
མེད་པའི་ཏིང་ངེ་འཛིན་དང་། རིག་པ་དང་། རྣམ་པར་གྲོལ་བ་དང་། དྲན་པ་དང་། ཤེས་བཞིན་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་། རྣམ་པར་ཐར་པ་བརྒྱད་དེ། བརྒྱད་གང་ཞེ་ན། གཟུགས་དང་ལྡན་པ་གཟུགས་མཐོང་བ་འདི་ནི། རྣམ་པར་ཐར་བ་དང་པོའོ། །
ནང་གཟུགས་མེད་པའི་འདུ་ཤེས་དང་ལྡན་པས། ཕྱི་རོལ་གྱི་གཟུགས་མཐོང་བ་འདི་ནི་རྣམ་པར་ཐར་བ་གཉིས་པའོ། །སྡུག་པར་མོས་པར་གྱུར་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་
གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ།
རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས། ཅུང་ཟད་མེད་པའི་སྐྱེ་
མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་
Vol. 26 · folio 187a
པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པའོ། །རྣམ་པར་ཐར་བ་བརྒྱད་པོ་དེ་དག་དང་། མཐར་གྱིས་གནས་
པའི་སྙོམས་པར་འཇུག་པ་དགུ་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། དེ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་
ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས། ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྣམ་པར་རྟོག་པ་མེད་པ། རྣམ་པར་དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ལ་
ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས། དྲན་པ་དང་ལྡན་ཞིང་། ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་
བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་བ་ཡང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད་པ། བཏང་
སྙོམས་དང་དྲན་པས་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་
པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས། རྣམ་ཤེས་མཐའ་ཡས་སྐྱེ་
Vol. 26 · folio 187b
མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས། ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་
ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་། ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ལྟར་མཐར་གྱིས་
གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་།
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་སྟེ། དེ་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་ཤེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཟག་པ་དང་བཅས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཟག་པ་དང་བཅས་པའི་ཆོས་ཞེས་བྱ་བ་ནི།
འདི་ལྟ་སྟེ། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དག་སྟེ། དེ་དག་ནི་ཟག་པ་དང་བཅས་པའི་ཆོས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཟག་པ་
མ་མཆིས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཟག་པ་མེད་པའི་ཆོས་ནི། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་
དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་བ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་
Vol. 26 · folio 188a
སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་སྟེ། དེ་དག་ནི་ཟག་པ་མེད་པའི་ཆོས་
ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་འདུས་བྱས་ཀྱི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདུས་བྱས་ཀྱི་ཆོས་ཞེས་བྱ་བ་ནི། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། གཞན་ཡང་དེ་མ་
ཡིན་པ་འདུས་བྱས་སུ་གཏོགས་པའི་ཆོས་རྣམས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་དག་སྟེ། དེ་དག་ནི་འདུས་བྱས་ཀྱི་ཆོས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་འདུས་མ་བྱས་ཀྱི་ཆོས་གང་ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རབ་འབྱོར་འདུས་མ་བྱས་ཀྱི་ཆོས་ཞེས་བྱ་བ་ནི། གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མེད་པ་སྟེ། འདོད་ཆགས་ཟད་པ། ཞེ་སྡང་ཟད་པ། གཏི་མུག་ཟད་པ། དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་
ཉིད། ཆོས་ཉིད་ཆོས་ཀྱི་དབྱིངས་ཉིད། ཆོས་སྐྱོན་མེད་པ་ཉིད། བསམ་གྱིས་མི་ཁྱབ་པའི་དབྱིངས། ཡང་དག་པའི་མཐའ་སྟེ། རབ་འབྱོར་དེ་དག་ནི་འདུས་མ་བྱས་ཀྱི་ཆོས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཐུན་མོང་གི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རབ་འབྱོར་ཐུན་མོང་གི་ཆོས་ཞེས་བྱ་བ་ནི། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དག་སྟེ། དེ་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་། ཐུན་མོང་གི་ཆོས་ཞེས་བྱའོ། །གསོལ་པ།
བཅོམ་ལྡན་འདས་ཐུན་མོང་མ་ལགས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཐུན་མོང་མ་ཡིན་པའི་ཆོས་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་དག་སྟེ། དེ་དག་ནི་ཐུན་མོང་
Vol. 26 · folio 188b
མ་ཡིན་པའི་ཆོས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་རྟོག་པ་མེད་པས། ཆགས་པར་མི་བྱའོ། །ཆོས་ཐམས་ཅད་གཉིས་སུ་མེད་པའི་ཚུལ་གྱིས་རྟོག་པ་
མེད་ཅིང་། རྣམ་པར་རྟོག་པ་མེད་པའི་ཕྱིར། ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ཅིའི་
སླད་དུ། བྱང་ཆུབ་སེམས་དཔའ་ལ་སེམས་དཔའ་ཆེན་པོ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱེད་པར་འགྱུར་བས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སེམས་དཔའ་ཆེན་པོ་ཞེས་བྱའོ། །གསོལ་པ།
བཅོམ་ལྡན་འདས་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པ་དེ་ལྟ་བུའི་ཕུལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྱིད་པར་འགྱུར་བ། དེ་ལྟ་བུའི་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་གྱི་
ཕུང་པོ་ཆེན་པོ་ཞེས་བྱ་བ་ནི། འདི་ལྟ་སྟེ། རིགས་ཀྱིས་དང་། བརྒྱད་པ་དང་། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དང་། ཕྱིར་མི་ལྡོག་པའི་ས་ལ་
གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བར་དག་སྟེ། རབ་འབྱོར་དེ་ནི་སེམས་ཅན་གྱི་ཕུང་པོ་ངེས་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟ་བུའི་ཕུལ་བྱེད་པར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྡོ་
རྗེ་ལྟ་བུའི་སེམས་བསྐྱེད་དེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
Vol. 26 · folio 189a
འདི་ལྟར་སེམས་བསྐྱེད་དེ། འཁོར་བ་དཔག་ཏུ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་གོ་ཆ་བགོ་བར་བྱའོ། །བདག་གིས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་བྱའོ། །བདག་གིས་སེམས་ཅན་ཐམས་ཅད་ལ་
སེམས་མཉམ་པ་ཉིད་བསྐྱེད་པར་བྱའོ། །བདག་གིས་སེམས་ཅན་ཐམས་ཅད་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །དེ་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླས་ཀྱང་། སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་
ལས་འདས་པ་མེད་པས། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་བདག་གིས་ཤེས་པར་བྱའོ། །བདག་གིས་མ་འདྲེས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱིས་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་པར་བྱའོ། །བདག་གིས་ཆོས་རྟོགས་པ་ཐམས་ཅད་
ཀྱི་རྗེས་སུ་འགྲོ་བ་ཕུན་སུམ་ཚོགས་པ་ལ་བསླབ་པར་བྱའོ། །བདག་གིས་ཆོས་ཀྱི་ཚུལ་གཅིག་ཏུ་བསྒྲུབ་པ་ཁོང་དུ་ཆུད་པར་བྱའོ། །བདག་གིས་ཕུང་པོ་ནས་བརྩམས་ཏེ་ཕ་རོལ་དུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། བསམ་གཏན་དང་། ཚད་མེད་པ་དང་།
གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་བསྒྲུབ་པ་ཁོང་དུ་ཆུད་པ་ལ་བསླབ་པར་བྱའོ། །བདག་གིས་ཆོས་དཔག་ཏུ་མེད་པ་
ཐམས་ཅད་ཡོངས་སུ་བསྒྲུབ་པར་བསླབ་པར་བྱའོ། །སྙམ་དུ་སེམས་བསྐྱེད་དེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་སྟེ། དེ་དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་
པའི་ཕུལ་མི་དམིགས་པའི་ཚུལ་གྱིས་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་སེམས་བསྐྱེད་དེ། སེམས་ཅན་དམྱལ་བ་པ་དང་། བྱོལ་སོང་གི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་ཇི་སྙེད་ཅིག་སྡུག་
Vol. 26 · folio 189b
བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བར་གྱུར་པའི་སྡུག་བསྔལ་གྱི་ཚོར་བ་དེ་དག་ཐམས་ཅད་སེམས་ཅན་དེ་དག་གི་དོན་དུ་བདག་གིས་ཉམས་སུ་མྱོང་བར་བྱའོ་སྙམ་དུ་སེམས་བསྐྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་དུ་འདི་ལྟར་སེམས་བསྐྱེད་པར་
བྱ་སྟེ། བདག་གིས་སེམས་ཅན་རེ་རེའི་དོན་དུ་ཡང་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་སེམས་ཅན་གང་ཡང་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་མ་བཟླས་ཀྱི་བར་དུ། སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་
ཀྱང་། བདག་གིས་ཉམས་སུ་མྱོང་བར་བྱའོ་ཞེས་ཐབས་དེ་ལྟ་བུས་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ། སེམས་ཅན་ཐམས་ཅད་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་མ་བཟླས་ཀྱི་བར་དུ། སེམས་ཅན་དམྱལ་བའི་སྡུག་
བསྔལ་དེ་དག་ཐམས་ཅད་ཀྱང་བདག་གིས་ཉམས་སུ་མྱོང་བར་བྱའོ། །དེ་ནས་གདོད་བདག་གི་དོན་དུ་དགེ་བའི་རྩ་བ་བསྐྱེད་དེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བྱང་ཆུབ་ཀྱི་ཚོགས་མང་པོ་བསགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་སྟེ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་མི་
དམིགས་པའི་ཚུལ་གྱིས་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱུན་མི་འཆད་པར་རླབས་པོ་ཆེའི་སེམས་གང་གིས་སེམས་ཅན་ཐམས་ཅད་ཀྱི་ཕུལ་དུ་འགྱུར་བ་དེ་ལྟ་བུའི་སེམས་རླབས་པོ་ཆེ་བསྐྱེད་པར་བྱའོ། །དེ་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོའི་སེམས་རླབས་པོ་ཆེ་ནི་སེམས་དང་པོ་བསྐྱེད་ཕྱིན་ཆད། འདོད་ཆགས་ཀྱི་སེམས་མི་བསྐྱེད། ཞེ་སྡང་གི་སེམས་མི་བསྐྱེད། གཏི་མུག་གི་སེམས་མི་བསྐྱེད། གཙེ་བའི་སེམས་མི་བསྐྱེད། ཉན་ཐོས་ཀྱི་སེམས་དང་། རང་སངས་རྒྱས་ཀྱི་
Vol. 26 · folio 190a
སེམས་ཀྱང་མི་བསྐྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་རླབས་པོ་ཆེའོ། །དེས་སེམས་ཅན་ཐམས་ཅད་ཀྱི་ཕུལ་བྱེད་ཀྱང་། སེམས་རླབས་པོ་ཆེ་དེས་རློམ་སེམས་སུ་མི་བྱའོ། །རབ་འབྱོར་གཞན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མི་སྒུལ་བའི་སེམས་དང་ལྡན་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་སྒུལ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པར་ཡིད་ལ་བྱེད་ཅིང་། དེས་རློམ་སེམས་སུ་མི་
བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་སྒུལ་བའོ། །སེམས་དེས་སེམས་ཅན་ཐམས་ཅད་ཀྱི་ཕུལ་དུ་མི་དམིགས་པའི་ཚུལ་གྱིས་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་
ཐམས་ཅད་ལ་ཕན་པ་དང་། བདེ་བའི་སེམས་བསྐྱེད་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕན་པ་དང་བདེ་བའི་སེམས་ནི། སེམས་ཅན་ཐམས་ཅད་སྐྱོབ་ཅིང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ལ། དེས་རློམ་སེམས་སུ་འགྱུར་བ་མེད་
པ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕན་པ་དང་བདེ་བའི་སེམས་ཏེ། དེ་ལ་གནས་ཤིང་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་མི་དམིགས་པའི་ཚུལ་གྱིས་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་རྟག་ཏུ་རྒྱུན་མི་ཆད་པར་ཆོས་འདོད་པར་བྱའོ། །ཆོས་ལ་དགའ་བར་བྱའོ། །ཆོས་ལ་མོས་པར་བྱའོ། །ཆོས་ལ་མོས་པའི་རྣལ་འབྱོར་ལ་བརྩོན་པར་བྱའོ། །དེ་ལ་ཆོས་གང་ཞེ་ན། ཆོས་ཐམས་ཅད་དབྱེར་མེད་པ་སྟེ། འདི་ནི་ཆོས་ཞེས་བྱའོ། །དེ་ལ་ཆོས་འདོད་པ་
གང་ཞེ་ན། གང་ཆོས་དེ་ལ་འདོད་ཅིང་མོས་པ་སྟེ། འདི་ནི་ཆོས་འདོད་པ་ཞེས་བྱའོ། །དེ་ལ་ཆོས་ལ་དགའ་བ་གང་ཞེ་ན། ཆོས་དེ་ལ་དགའ་ཞིང་མངོན་པར་དགའ་བ་སྟེ། འདི་ནི་ཆོས་ལ་དགའ་བ་ཞེས་བྱའོ། །དེ་ལ་ཆོས་ལ་མོས་པ་གང་ཞེ་ན། གང་ཆོས་དེ་ལ་ཡོན་
Vol. 26 · folio 190b
ཏན་དུ་ལྟ་བ་སྟེ། འདི་ནི་ཆོས་ལ་མོས་པ་ཞེས་བྱའོ། །དེ་ལ་ཆོས་ལ་མོས་པའི་རྣལ་འབྱོར་ལ་བརྩོན་པ་གང་ཞེ་ན། ཆོས་དེ་ཉིད་ལ་བསྒོམ་ཞིང་མང་དུ་བྱེད་པ་སྟེ། འདི་ནི་ཆོས་ལ་མོས་པའི་རྣལ་འབྱོར་ལ་བརྩོན་པ་ཞེས་བྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་དུ་མི་དམིགས་པའི་ཚུལ་གྱིས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས། ནང་སྟོང་པ་ཉིད་ལ་གནས། ཕྱི་
སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་དུ་འགྱུར་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་
ལ་སྤྱོད་པས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་གནས། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་བ་བརྒྱད་དང་། མཐར་གྱིས་གནས་པའི་
སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་
པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་དུ་མི་དམིགས་པའི་ཚུལ་གྱིས་འགྱུར་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་གྱི་བར་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་དུ་མི་དམིགས་པའི་ཚུལ་གྱིས་
Vol. 26 · folio 191a
འགྱུར་བར་བྱའོ། །རབ་འབྱོར་ཆོས་དེ་དག་ལ་གནས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་དུ་བྱེད་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཞེས་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་འདི་ལ་བདག་ཀྱང་སྤོབས་པ་སྐྱེའོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ལ་སྤོབས་པ་སྐྱེད་ཅིག །ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། གསོ་བ་དང་། སྐྱེས་བུ་དང་། ཤེད་ཅན་དང་། ཤེད་བདག་
དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོར་ལྟ་བ་དང་། ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། ཡོད་པར་ལྟ་བ་དང་། མེད་པར་ལྟ་བ་དང་། ཕུང་པོར་ལྟ་བ་དང་། ཁམས་སུ་ལྟ་བ་དང་། སྐྱེ་མཆེད་དུ་ལྟ་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བར་
ལྟ་བ་དང་། ཕ་རོལ་དུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུ་ལྟ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་ལྟ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་ལྟ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་ལྟ་བ་དང་། བྱང་ཆུབ་ཏུ་ལྟ་བ་དང་། སངས་
རྒྱས་སུ་ལྟ་བ་དང་། ཆོས་སུ་ལྟ་བ་དང་། དགེ་འདུན་དུ་ལྟ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་ལྟ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་ལྟ་བ་རབ་ཏུ་སྤང་བའི་སླད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པ་བགྱིད་ཀྱང་། དེ་མི་དམིགས་པའི་ཚུལ་གྱིས་བགྱིད་དེ། དེའི་སླད་
དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སུ་ལྟ་བར་
Vol. 26 · folio 191b
འགྱུར་བ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པར་ལྟ་བར་འགྱུར་བ་ཡིན། མྱ་ངན་ལས་འདའ་བའི་བར་དུ་ལྟ་བར་འགྱུར་བ་ཡིན། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་
དུ་ཕྱིན་པ་ལ་སྤྱོད་ཅིང་། ཐབས་མི་མཁས་པས། གཟུགས་ལ་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པར་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །སྐྱེ་མཆེད་དང་།
ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བར་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་།
དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པར་
དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་
བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པར་དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་
དམིགས་ཤིང་། དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །ཚེ་དང་ལྡན་པ་རབ་འབྱོར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སུ་ལྟ་བར་འགྱུར་བ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པར་ལྟ་བར་འགྱུར་བ་ཡིན། ཡོངས་
Vol. 26 · folio 192a
སུ་མྱ་ངན་ལས་འདའ་བའི་བར་དུ་ལྟ་བར་འགྱུར་བ་ཡིན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས། ལྟ་བའི་རྣམ་པ་དེ་དག་སྤང་བའི་ཕྱིར། མི་དམིགས་པའི་ཚུལ་གྱིས་ཆོས་
སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ལ་བདག་ཀྱང་སྤོབས་པ་སྐྱེའོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་ཁྱོད་ཀྱིས་སྤོབས་པ་སྐྱེད་ཅིག །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པའི་སེམས། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པའི་སེམས་དེ་ལྟ་བུ་ལ་ཡང་ཆགས་
པ་མ་མཆིས་པས། དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་ནི། ཟག་པ་མ་མཆིས་ཤིང་ཁམས་གསུམ་གྱི་ཁོངས་སུ་ཆུད་པ་མ་མཆིས་པ་སྟེ། དེ་ལྟར་ཐམས་ཅད་
མཁྱེན་པ་ཉིད་ཀྱི་སེམས་ཟག་པ་མ་མཆིས་ཤིང་། ཁམས་གསུམ་གྱི་ཁོངས་སུ་ཆུད་པ་མ་མཆིས་པའི་སེམས་དེ་ལ་ཡང་། རང་བཞིན་སྟོང་པ་ཉིད་ཀྱི་སླད་དུ་ཆགས་པ་མ་མཆིས་པས། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ནི་སེམས་དཔའ་ཆེན་པོའི་གྲངས་སུ་མཆིའོ། །དེ་
ཅིའི་སླད་དུ་ཞེ་ན། འདི་ལྟར་སེམས་ནི་སེམས་མ་མཆིས་པ་སྟེ། སེམས་མ་མཆིས་པ་དེ་ལ་ཡང་ཆགས་པ་མ་མཆིས་སོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་སེམས་མི་མཉམ་པ་དང་མཉམ་པའི་སེམས། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སེམས་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
Vol. 26 · folio 192b
སེམས་དང་པོ་བསྐྱེད་ཕྱིན་ཆད་ཆོས་གང་ཡང་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་། འགག་པ་དང་། འཕེལ་བ་དང་། འགྲིབ་པ་དང་། འོང་བ་དང་། འགྲོ་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་
ཏིའི་བུ་གང་ལ་སྐྱེ་བ་མེད་ཅིང་། འགག་པ་མེད་པ་དང་། འཕེལ་བ་མེད་ཅིང་འགྲིབ་པ་མེད་པ་དང་། འོང་བ་མེད་ཅིང་འགྲོ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པ་དེ་ལ། ཉན་ཐོས་ཀྱི་སེམས་མེད་དོ། །རང་སངས་རྒྱས་ཀྱི་སེམས་མེད་དོ། །
བྱང་ཆུབ་སེམས་དཔའི་སེམས་མེད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སེམས་མེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་མཉམ་པ་དང་མཉམ་པ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་
ཅད་དང་ཐུན་མོང་མ་ཡིན་པའི་སེམས་སོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ཁྱོད་ཀྱིས་འདི་སྐད་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཟག་པ་མེད་པ། ཁོངས་སུ་ཆུད་པ་མེད་པ། དེ་ལྟ་བུའི་སེམས་ལ་ཡང་ཆགས་པ་མེད་དོ་ཞེས་སྨྲས་པ་ནི་དེ་ལྟ་ཡིན་ཏེ། ཚེ་དང་
ལྡན་པ་རབ་འབྱོར་དེ་བས་གཟུགས་ཀྱང་ཆགས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་ཆགས་པ་མེད་དོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ།
གཟུགས་ཀྱང་ཆགས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་ཆགས་པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་ཆགས་པ་མེད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་ཡང་ཆགས་པ་
མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་ཡང་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་ཆགས་པ་མེད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཁྱོད་ཀྱིས་འདི་སྐད་དུ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་ཡང་ཟག་པ་མེད་
Vol. 26 · folio 193a
ཅིང་། ཁོངས་སུ་ཆུད་པ་མེད་དེ་ཞེས་སྨྲས་པ་ནི་དེ་ལྟ་ཡིན་ཏེ། ཚེ་དང་ལྡན་པ་རབ་འབྱོར་དེར་ཡང་མི་ཟད་དེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ཀྱང་། རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །ཉན་
ཐོས་དང་། རང་སངས་རྒྱས་རྣམས་ཀྱི་སེམས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ཀྱང་། རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །རབ་འབྱོར་གྱིས་སྨྲས་པ། དེ་ཡིན་ཏེ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་
རྣམས་ཀྱི་སེམས་ཀྱང་། རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་སེམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་
ཐུགས་ཀྱང་། རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟ་ཡིན་ན། གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་
དང་། རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་
ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཇི་སྐད་དུ་སྨྲས་པ་དེ་བཞིན་ཏེ། གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །ཚོར་བ་དང་། འདུ་ཤེས་
དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
Vol. 26 · folio 193b
ཀྱི་བར་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ། སེམས་མེད་པའི་ཕྱིར། སེམས་དེ་ལ་ཡང་ཆགས་པ་མེད་དོ་ཞེས་སྨྲས་པ་ནི་དེ་ལྟ་ཡིན་ཏེ། ཚེ་དང་ལྡན་པ་རབ་འབྱོར་དེར་ཡང་མ་
ཟད་དེ། གཟུགས་མེད་པ་ཡང་གཟུགས་ལ་ཆགས་པ་མེད་དོ། །ཚོར་བ་མེད་པ་དང་། འདུ་ཤེས་མེད་པ་དང་། འདུ་བྱེད་མེད་པ་དང་། རྣམ་པར་ཤེས་པ་མེད་པ་ཡང་རྣམ་པར་ཤེས་པ་ལ་ཆགས་པ་མེད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་དུ་མེད་པ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་
ཆོས་རྣམས་ལ་ཆགས་པ་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་མེད་པ་ཡང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མེད་པ་ཡང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཆགས་
པ་མེད་དོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། གཟུགས་མེད་པ་ཡང་གཟུགས་ལ་ཆགས་པ་མེད་དོ། །ཚོར་བ་མེད་པ་དང་། འདུ་ཤེས་མེད་པ་དང་། འདུ་བྱེད་མེད་པ་དང་། རྣམ་པར་ཤེས་པ་མེད་པ་ཡང་རྣམ་པར་ཤེས་པ་ལ་ཆགས་པ་མེད་དོ། །
བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་དུ་མེད་པ་ཡང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཆགས་པ་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་མེད་པ་ཡང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་བར་དུ་མེད་པ་ཡང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཆགས་པ་མེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པའི་
སེམས། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སེམས་དེས་ཀྱང་། ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་ཚུལ་གྱིས་རློམ་སེམས་སུ་འགྱུར་བ་མེད་དོ། །མངོན་པར་ཆགས་པར་འགྱུར་བ་མེད་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་
Vol. 26 · folio 194a
དཔའ་ཆེན་པོ་ཞེས་བྱའོ། །དེ་ནས་ཚེ་དང་ལྡན་པ་བྱམས་གང་གི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ལ། བདག་ཀྱང་སྤོབས་པ་
སྐྱེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་ཁྱོད་ཀྱིས་སྤོབས་པ་སྐྱེད་ཅིག །གང་པོས་གསོལ་པ། བཅོམ་ལྡན་འདས་དེ་ནི་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་ལགས་ཏེ། བཅོམ་ལྡན་འདས་དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་
ཅན་ལགས་ལ། དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་སེམས་ཅན་ལགས་པས། དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་བྱམས་གང་གི་བུ་ལ་འདི་སྐད་ཅེས་སྨྲས་སོ། །
ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་ཆེན་པོ་བགོས་ཤེས་བྱ། གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཉུང་ཟད་ཉི་ཚེ་ཞིག་གི་དོན་དུ་སྦྱིན་པའི་ཕ་རོལ་
དུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་བ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །སེམས་ཅན་ཉུང་ཟད་ཉི་ཚེའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཚུལ་
ཁྲིམས་སྲུང་བ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཚུལ་ཁྲིམས་སྲུང་ངོ་། །སེམས་ཅན་ཉུང་ཟད་ཉི་ཚེའི་ཕྱིར། བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བཟོད་པ་སྒོམ་པ་མ་ཡིན་གྱི། སེམས་ཅན་ཐམས་
ཅད་ཀྱི་དོན་ཏུ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། བཟོད་པ་སྒོམ་མོ། །སེམས་ཅན་ཉུང་ཟད་ཉི་ཚེའི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་རྩོམ་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་
Vol. 26 · folio 194b
ཅིང་། བརྩོན་འགྲུས་རྩོམ་མོ། །སེམས་ཅན་ཉུང་ཟད་ཉི་ཚེའི་ཕྱིར། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་སྐྱེད་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། བསམ་གཏན་སྐྱེད་དོ། །
སེམས་ཅན་ཉུང་ཟད་ཉི་ཚེའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་སྒོམ་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་སྒོམ་མོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་
སེམས་ཅན་འདི་སྙེད་ཅིག་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །སེམས་ཅན་འདི་སྙེད་ཅིག་ནི་ཡོངས་སུ་མྱ་ངན་ལས་བཟླ་བར་མི་བྱའོ་ཞེའམ། སེམས་ཅན་འདི་སྙེད་ཅིག་ནི་བྱང་ཆུབ་ཏུ་དགོད་པར་བྱའོ། །སེམས་ཅན་འདི་
སྙེད་ནི་བྱང་ཆུབ་ཏུ་དགོད་པར་མི་བྱའོ་ཞེས་སེམས་ཅན་ཡོངས་སུ་དཔག་པས་གོ་ཆ་མི་གྱོན་གྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་གོ་ཆ་ཆེན་པོ་གྱོན་ཏོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ཀྱང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་
རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་
ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྦྱོར་བར་བྱའོ། །བདག་ཀྱང་སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་།
ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སྦྱར་བར་བྱའོ། །བདག་ཀྱང་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་
Vol. 26 · folio 195a
པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་
ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྦྱར་བར་བྱའོ་ཞེས་བྱ་བར་སེམས་སྐྱེད་དེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཙམ་གྱིས་ན། བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་བཅུ་བཞི་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་
ཀྱི་ཕ་རོལ་དུ་ཕྱིན་པ་སྤྱོད་པའི་ཚེ། སྦྱིན་པ་གང་ཡོངས་སུ་གཏོང་བ་དེ་དག་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཡོངས་སུ་གཏོང་སྟེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་
ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པ་ཡོངས་སུ་གཏོང་བའི། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་
དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། སྦྱིན་པ་ཡོངས་སུ་གཏོང་ཞིང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སའི་དོན་དུ་ཡོངས་སུ་མི་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པ་ཡོངས་སུ་གཏོང་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཆོས་དེ་དག་
Vol. 26 · folio 195b
ལ་བཟོད་པ་དང་། མོས་པ་དང་། རྟེན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པ་ཡོངས་སུ་གཏོང་བའི་བཟོད་པའི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བརྩོན་འགྲུས་ཉམ་པར་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པ་ཡོངས་སུ་
གཏོང་བའི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། སེམས་རྩེ་
གཅིག་ཏུ་བྱེད་ཅིང་། དེ་ལ་དམིགས་པ་གཅིག་པས་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་སེམས་བསྐྱེད་པ་རྣམས་ཀྱི་གོ་མི་འབྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པ་ཡོངས་སུ་གཏོང་བའི།
བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཆོས་ཐམས་
ཅད་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་ཏེ། སྦྱིན་པ་ཡང་མི་དམིགས། གཏོང་བ་ཡང་མི་དམིགས། ལེན་པ་ཡང་མི་དམིགས་པར། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་
དམིགས་པའི་ཚུལ་གྱིས་ཡོངས་སུ་སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པ་ཡོངས་སུ་གཏོང་བའི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གོ་ཆ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ནམ་བྱང་ཆུབ་སེམས་
Vol. 26 · folio 196a
དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཕ་རོལ་དུ་ཕྱིན་པ་དེ་དག་དང་། སེམས་ཅན་དང་། བྱང་ཆུབ་ལ་མཚན་མར་མི་བྱེད་ཅིང་མི་དམིགས་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཕ་རོལ་དུ་ཕྱིན་པ་དྲུག་གི་གོ་ཆ་ཆེན་པོ་བགོས་པར་ཤེས་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། སྦྱིན་པ་གང་ཡོངས་སུ་གཏོང་བ་དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་སྔོ་བ་འདི་ནི། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས།
ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་ཡང་མོས་པ་མི་སྐྱེད་ན་སོ་སོའི་སྐྱེ་བོའི་ས་ལྟ་སྨོས་ཀྱང་ཅི་དགོས་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། ཚུལ་ཁྲིམས་ཀྱི་ཕ་
རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་དེ་དག་ལ་བཟོད་པ་དང་། མོས་པ་དང་། རྟེན་པ་འདི་ནི་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བཟོད་པའི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚུལ་
Vol. 26 · folio 196b
ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། བརྩོན་འགྲུས་ཉམ་པར་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་གནས་པའི་ཚེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་ཀྱི་གོ་མི་འབྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་
ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་སྒྱུ་མར་བྱས་པའི་འདུ་ཤེས་
ཉེ་བར་གནས་ཤིང་། ཚུལ་ཁྲིམས་དེས་རློམ་སེམས་སུ་མི་བྱེད་དེ། རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཚུལ་ཁྲིམས་དེ་ཡང་མི་དམིགས་ཤིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་འདི་ནི།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། ཕ་རོལ་དུ་
ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏེ། དེའི་ཕྱིར་གོ་ཆ་ཆེན་པོ་བགོས་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་
Vol. 26 · folio 197a
བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། སྦྱིན་པ་ཡོངས་སུ་གཏོང་ཞིང་དགེ་བའི་རྩ་བ་དེ་ཡང་། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་
བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་
སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚུལ་ཁྲིམས་ཡོངས་སུ་སྲུང་ཞིང་། དགེ་བའི་རྩ་བ་དེ་ཡང་། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
ཡོངས་སུ་སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་
སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཆོས་དེ་དག་ལ་བཟོད་པ་དང་། མོས་པ་དང་། རྟེན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། བཟོད་པའི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་
པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། བརྩོན་འགྲུས་ཉམས་པར་
མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཉན་ཐོས་དང་རང་སངས་རྒྱས་
Vol. 26 · folio 197b
དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི།
བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས།
བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་ཐམས་ཅད་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་ཏེ། བཟོད་པ་དེས་རློམ་སེམས་སུ་མི་བྱེད་ཅིང་བཟོད་པ་ལ་མི་དམིགས་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི།
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཕ་རོལ་དུ་ཕྱིན་པ་དེ་དག་དང་། སེམས་ཅན་དང་། བྱང་ཆུབ་ལ་མཚན་མར་མི་བྱེད་ཅིང་།
མི་དམིགས་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། ཕ་རོལ་དུ་ཕྱིན་པ་དྲུག་གི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་
སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། སྦྱིན་པ་ཡོངས་སུ་གཏོང་ཞིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་
Vol. 26 · folio 198a
དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚུལ་ཁྲིམས་སྲུང་ཞིང་། དགེ་བའི་རྩ་བ་དེ་
ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་
ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་དེ་དག་ལ་
དེ་ལྟར་བཟོད་པ་དང་། མོས་པ་དང་། རྟེན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། བཟོད་པའི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ། བརྩོན་འགྲུས་ཉམ་པར་མི་བྱེད་ཅིང་བརྟུན་མི་
ངས་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཉན་ཐོས་དང་། རང་སངས་
རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། བསམ་གཏན་གྱི་ཕ་རོལ་དུ་
Vol. 26 · folio 198b
ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཆོས་ཐམས་ཅད་ལ་
སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་ཏེ། བརྩོན་འགྲུས་དེས་རློམ་སེམས་སུ་མི་བྱེད་ཅིང་། བརྩོན་འགྲུས་དེ་ཡང་མི་དམིགས་ཏེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་
སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
དང་ལྡན་པའི་ཡིད་ལ་བྱ་བས། ཕ་རོལ་དུ་ཕྱིན་པ་དེ་དག་དང་། སེམས་ཅན་དང་། བྱང་ཆུབ་ལ་མཚན་མར་མི་བྱེད་ཅིང་། མི་དམིགས་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། ཕ་རོལ་དུ་ཕྱིན་པ་དྲུག་གི་གོ་ཆའོ། །
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། སྦྱིན་
པ་ཡོངས་སུ་གཏོང་ཞིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། སྦྱིན་
པའི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་
Vol. 26 · folio 199a
ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚུལ་ཁྲིམས་སྲུང་ཞིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་
ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བཟོད་པ་ཡོངས་སུ་སྒོམ་སྟེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་འདི་ནི།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། བཟོད་པའི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་
པའི་ཡིད་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། བརྩོན་འགྲུས་ཉམ་པར་མི་བྱེད་དེ་དེའི་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་ལ། སེམས་རྩེ་གཅིག་ཏུ་བྱེད་དེ། དེ་ལ་དམིགས་པ་གཅིག་པའི་ཕྱིར། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་རྣམས་ཀྱི་གོ་མི་འབྱེད་ཅིང་
Vol. 26 · folio 199b
དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་ཐམས་ཅད་ལ་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་ཏེ། བསམ་གཏན་དེས་ཀྱང་རློམ་སེམས་སུ་མི་བྱེད་ཅིང་། བསམ་གཏན་དེ་ཡང་མི་དམིགས་
ཏེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གོ་
ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཕ་རོལ་དུ་ཕྱིན་པ་དེ་དག་དང་། སེམས་ཅན་དང་། བྱང་ཆུབ་ལ་མཚན་མར་མི་བྱེད་ཅིང་། མི་དམིགས་པ་འདི་ནི། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། ཕ་རོལ་དུ་ཕྱིན་པ་དྲུག་གི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་
རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་ཡོངས་སུ་གཏོང་ཞིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་
Vol. 26 · folio 200a
ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚུལ་ཁྲིམས་ཡོངས་སུ་སྲུང་ཞིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཆོས་དེ་དག་ལ་དེ་ལྟར་བཟོད་པ་ལ་གནས་ཤིང་རྟེན་ཏེ། དགེ་བའི་རྩ་བ་དེ་ཡང་
སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། བཟོད་པའི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་
ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བརྩོན་འགྲུས་ཉམ་པར་མི་བྱེད་ཅིང་། དགེ་བའི་རྩ་བ་དེ་
ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའི་གོ་ཆའོ། །ཚེ་དང་
ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། སེམས་རྩེ་གཅིག་
Vol. 26 · folio 200b
ཏུ་བྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། བསམ་གཏན་གྱི་ཕ་རོལ་དུ་
ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་ཐམས་ཅད་ལ་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་
ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རློམ་སེམས་སུ་མི་བྱེད་དེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་འདི་ནི།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གོ་ཆ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས།
ཕ་རོལ་དུ་ཕྱིན་པ་འདི་དག་དང་། སེམས་ཅན་དང་། བྱང་ཆུབ་ལ་མཚན་མར་མི་བྱེད་ཅིང་། མི་དམིགས་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི། ཕ་རོལ་དུ་ཕྱིན་པ་དྲུག་གི་གོ་ཆ་ཆེན་པོའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕ་རོལ་དུ་ཕྱིན་པ་རེ་རེ་ལ་གནས་ཤིང་། ཕ་རོལ་དུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་། ཚད་མེད་པ་དང་།
གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡང་མཉམ་པར་གཞོག་སྟེ། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རོ་ཡང་མྱོང་བར་མི་བྱེད་དོ། །བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པ་དེ་དག་གིས་ཀྱང་མི་
Vol. 26 · folio 201a
འཕྲོགས་ཏེ། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པའི་དབང་གིས་ཀྱང་མི་སྐྱེའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ།
ཐབས་མཁས་པ་དང་འགྲོགས་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ལ་དབེན་པ་མཐོང་བ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་
དང་། སྨོན་པ་མེད་པ་མཐོང་བས་མཉམ་པར་གཞོག་སྟེ། དེ་དག་གི་དབང་གིས་ཀྱང་མི་སྐྱེ། ཡང་དག་པའི་མཐའ་མངོན་དུ་ཡང་མི་བྱེད་དེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱང་ཟིལ་གྱིས་གནོན་ཏོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའི་གོ་ཆ་ཆེན་པོ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གོ་ཆ་ཆེན་པོ་བགོས་པ་ལ། ཤར་ཕྱོགས་དང་། ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་
ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅིང་། མིང་ཡོངས་སུ་སྒྲོག་པ་མཛད་དེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་འདི་ལྟ་བུ་ཞིག་སེམས་ཅན་ཡོངས་སུ་
སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རྫུ་འཕྲུལ་གྱིས་རྣམ་པར་རྩེའོ་ཞེས་སྒྲ་རྗོད་པ་མཛད་དེ། དབྱངས་རྗེས་སུ་སྒྲོག་གོ །སྨྲས་པ། ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་
Vol. 26 · folio 201b
ཡང་དག་པར་ཞུགས་ཞེས་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ཡིན། གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་དེ། དེ་སྦྱིན་པའི་ཕ་
རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་བསམ་གཏན་གཉིས་
པ་དང་། གསུམ་པ་དང་། བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་དུ་ཡངས་པ། མི་གཉིས་པ། ཚད་མེད་པ། གཅུགས་མེད་པ། གནོད་པ་མེད་པ། ལྟོད་པ་མེད་པ། ཡོངས་སུ་རྫོགས་པ་ཤིན་དུ་བསྒོམས་པས།
འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུར་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་། རྣམ་པར་སྤྱོད་དོ། །དེ་སྙིང་རྗེ་དང་ལྡན་པ་དང་། དགའ་བ་དང་ལྡན་པ་དང་། བཏང་སྙོམས་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་དུ་ཡངས་པ།
མི་གཉིས་པ། ཚད་མེད་པ། གཅུགས་མེད་པ། གནོད་པ་མེད་པ། ལྟོད་པ་མེད་པ། ཡོངས་སུ་རྫོགས་པ། ཤིན་དུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་
པར་སྤྱོད་དོ། །དེ་ཚད་མེད་པ་འདི་དག་དང་། གཟུགས་མེད་པ་ན་ཡོད་པ་འདི་དག་ལ། ནམ་མཁའི་རྣམ་པ་དང་། ཚུལ་དང་། མཚན་མས་མཉམ་པར་གཞོག་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་
པའི་ཕ་རོལ་དུ་ཕྱིན་པའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་
Vol. 26 · folio 202a
དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་དུ་ཡངས་པ། མི་གཉིས་པ། ཚད་
མེད་པ། གཅུགས་མེད་པ། གནོད་པ་མེད་པ། ལྟོད་པ་མེད་པ། ཡོངས་སུ་རྫོགས་པ། ཤིན་དུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །
སྙིང་རྗེ་དང་ལྡན་པ་དང་། དགའ་བ་དང་ལྡན་པ་དང་། བཏང་སྙོམས་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་དུ་ཡངས་པ། མི་གཉིས་པ། ཚད་མེད་པ། གཅུགས་མེད་པ། གནོད་པ་མེད་པ། ལྟོད་པ་མེད་པ། ཡོངས་སུ་རྫོགས་པ། ཤིན་དུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་
ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་
བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་
མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་སྙིང་རྗེ་ཆེན་
པོ་སྔོན་དུ་འགྲོ་བས། ཉོན་མོངས་པ་རབ་ཏུ་སྤང་བའི་ཕྱིར། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གཞན་ལ་རྗོད་ཅིང་། འཆད་པ་དང་། སྟོན་ཅིང་འགྲེལ་ལ། རྣམ་པར་འབྱེད་ཅིང་གསལ་བར་བྱེད་དེ། དེ་དག་གི་རོ་དང་། དེ་
Vol. 26 · folio 202b
དག་གི་སྐྱོན་དང་། འབྱུང་བ་ཡང་ཚུལ་བཞིན་དུ་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དེ་དག་གིས། བསམ་
གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་ལ་མཉམ་པར་གཞོག་ཅིང་། རྣམ་པར་ལྡང་ཡང་། འདི་ལྟ་སྟེ། ཉན་ཐོས་སམ། རང་སངས་རྒྱས་ཀྱི་སེམས་སམ། སེམས་བསྐྱེད་པ་གཞན་གྱི་གོ་མི་འབྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་མཉམས་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་
གིས་རྣམ་པར་སྤྱོད་པའི་ཚེ་འདི་སྙམ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར། ཆོས་བསྟན་ཏོ་སྙམ་དུ་སེམས་ཤིང་། ཡིད་ལ་བྱ་བ་དེ་དག་ལ་བཟོད་པ་དང་། མོས་པ་དང་། རྟོག་པ་དང་། སེམས་ཤིང་ཁོང་དུ་ཆུད་པར་བྱེད་པ་འདི་ནི། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་དུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་
རྣམ་པར་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་ཀྱི་དོན་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར། བརྩོན་འགྲུས་ཉམ་པར་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ལ་མཉམ་པར་གཞོག་ཅིང་། རྣམ་པར་ལྡང་ཡང་། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མི་
Vol. 26 · folio 203a
ལྟུང་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བསམ་གཏན་དང་པོའི་ཡན་ལག་
དང་། བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པའི་ཡན་ལག་དང་། བསམ་གཏན་གྱི་ཡན་ལག་མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་
པ་མེད་པའི་རྣམ་པ་རབ་ཏུ་རྟོག་ཀྱང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་མི་དམིགས་ཤིང་། དེ་དག་གིས་རློམ་སེམས་མེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤ་
ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཐེག་པ་ཆེན་པོའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། རྣམ་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་པ་དང་། རྣམ་པ་ཐམས་ཅད་དུ་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་
འཇུག་པ་དང་། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་
པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒོམ་པ་དང་། རྣམ་པ་ཐམས་ཅད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྒོམ་པ་སྟེ། ཚེ་དང་
Vol. 26 · folio 203b
ལྡན་པ་ཤ་ར་དྭ་ཏི་བུ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིང་། བདག་གིས་སེམས་ཅན་ཐམས་ཅད་
ཡོངས་སུ་བསྐྱབ་པར་བྱའོ་ཞེས། དེ་ལ་གཞོལ་བར་བྱེད་དོ། །སྙིང་རྗེའི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིང་། སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་། སྙིང་བརྩེ་བའི་ཉམས་སུ་བྱེད་དོ། །དགའ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིང་། བདག་ཉིད་ཀྱིས་སེམས་ཅན་
ཐམས་ཅད་དགྲོལ་བར་བྱའོ་ཞེས་སེམས་ཅན་རྣམས་ལ་སེམས་སོ། །བཏང་སྙོམས་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིང་། སེམས་ཅན་རྣམས་ཀྱི་ཟག་པ་ཟད་པར་བྱ་བ་ལ་རབ་ཏུ་གཞོལ་བར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་
སྤྱོད་པའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་དང་། ཚད་མེད་པ་རྣམས་ཀྱི་རྣམ་པ་དང་། ཚུལ་དང་། མཚན་མ་ལ་མཉམ་པར་གཞོག་ཅིང་། རྣམ་པར་ལྡང་ཡང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བ་མ་གཏོགས་
པར་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་མ་ཉམས་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་
གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་མ་འདྲེས་པར་རྣམ་པར་སྤྱོད་ཅིང་། ས་གཉིས་པོ། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་འདོད་པ་མི་སྐྱེད་ཀྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མོས་ཤིང་དགའ་བ་འདི་ནི།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི། བཟོད་པའི་ཕ་རོལ་དུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། མི་དགེ་བའི་ཆོས་རྣམས་རབ་ཏུ་སྤང་བ་དང་། དགེ་
Vol. 26 · folio 204a
བའི་ཆོས་ཕུན་སུམ་ཚོགས་པར་བྱ་བའི་དོན་དུ། བརྩོན་འགྲུས་མི་གཏོང་བས་རྣམ་པར་སྤྱོད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་འདི་དག་ལ་ཡང་མཉམ་པར་གཞོག་ལ། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པའི་དབང་གིས་ཀྱང་མི་སྐྱེ་ཞིང་། དེ་དག་གི་རོ་མྱོང་བར་
བྱེད་པ་ཡང་མེད་ལ། དེ་དག་གིས་འཕྲོགས་པར་ཡང་མི་འགྱུར་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་ལ་ཡང་མཉམ་པར་གཞོག་ཅིང་། རྣམ་པར་ལྡང་ལ། དེ་དག་ལ་མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། བདག་མེད་པའི་རྣམ་པ་
དང་། ཞི་བའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པར་རབ་ཏུ་རྟོག་ཀྱང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྐྱོན་མེད་པར་ཡང་འཇུག་པར་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ན། ནང་སྟོང་པ་ཉིད་ཤེས་ཀྱང་།
དམིགས་པའི་ཚུལ་གྱིས་མ་ཡིན། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཤེས་ཀྱང་། དམིགས་པའི་ཚུལ་གྱིས་མ་ཡིན་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་
Vol. 26 · folio 204b
ཆེན་པོའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། ཆོས་ཐམས་ཅད་ལ་སེམས་རྣམ་པར་མི་འཁྲུག་ཅིང་། མཉམ་པར་གཞག་པར་ཤེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། རྟག་ཅེས་བྱ་བས་ཤེས་པ་མི་འཇུག །མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བདག་དང་། བདག་མེད་
པ་དང་། སྡུག་པ་དང་། མི་སྡུག་ཅེས་བྱ་བར་ཤེས་པ་མི་འཇུག་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི། དེ་མི་དམིགས་པའི་ཚུལ་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། གང་འདས་པའི་དུས་ལ་ཡེ་ཤེས་མི་འཇུག་པ་དང་། མ་འོངས་པའི་དུས་ལ་ཡེ་ཤེས་མི་འཇུག་པ་དང་། ད་ལྟར་བྱུང་བའི་དུས་ལ་ཡེ་ཤེས་མི་འཇུག་པ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས། དུས་གསུམ་ལ་ཡེ་ཤེས་མི་འཇུག་པ་
འདི་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདོད་པའི་ཁམས་སུ་ཤེས་པ་འཇུག་པར་
མི་བྱེད། གཟུགས་དང་། གཟུགས་མེད་པའི་ཁམས་སུ་ཤེས་པ་འཇུག་པར་མི་བྱེད་ལ། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་མི་ཤེས་པ་ཡང་མེད་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ཡང་། དེ་མི་དམིགས་པའི་ཚུལ་གྱིས། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ལ་ཡང་ཤེས་པ་འཇུག་པར་མི་བྱེད། ཟག་པ་དང་
Vol. 26 · folio 205a
བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ལ་ཡང་ཤེས་པ་འཇུག་པར་མི་བྱེད་ཀྱང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་མི་ཤེས་པ་ཡང་མེད། ཟག་པ་དང་བཅས་པ་དང་། ཟག་པ་མེད་
པ་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱང་མི་ཤེས་པ་མེད་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ཡང་དེ་མི་དམིགས་པའི་ཚུལ་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་གནས་ཞེས་བྱ། གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་
གནས་ཀྱང་། དེས་སྦྱིན་པ་ཡང་མི་དམིགས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་ཡང་མི་དམིགས། བྱང་ཆུབ་སེམས་དཔའ་ཡང་མི་དམིགས། ལེན་པ་ཡང་མི་དམིགས། ཡིད་ལ་བྱེད་པ་དེ་དག་ཀྱང་མི་དམིགས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་
དམིགས་པའི་ཚུལ་གྱིས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་གནས་ཞེས་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་
ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་གནས་ཀྱང་། དེས་དགེ་བའི་ཆོས་ཀྱང་མི་དམིགས། མི་དགེ་བ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་
ཀྱང་མི་དམིགས་ཤིང་། ཤེས་རབ་ཀྱང་མི་དམིགས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་མི་དམིགས། བྱང་ཆུབ་སེམས་དཔའ་ཡང་མི་དམིགས། ཡིད་ལ་བྱ་བ་དེ་དག་ཀྱང་མི་དམིགས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་ཚུལ་གྱིས།
Vol. 26 · folio 205b
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་གནས་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་
དམིགས་པའི་ཚུལ་གྱིས། ནང་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ། དེ་མི་དམིགས་པའི་ཚུལ་གྱིས་ཕྱི་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་
ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ། དེ་མི་དམིགས་པའི་ཚུལ་གྱིས་ཕྱི་ནང་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་དམིགས་པའི་ཚུལ་གྱིས་
དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྒོམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ། དེ་མི་དམིགས་
པའི་ཚུལ་གྱིས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ། དེ་མི་དམིགས་པའི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་
རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་སྒོམ་མོ། །རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ། དེ་མི་དམིགས་པའི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
Vol. 26 · folio 206a
དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ། དེ་མི་དམིགས་པའི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་
འདྲེས་པ་བཅྭོ་བརྒྱད་སྒོམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་བྱང་ཆུབ་
སེམས་དཔའ་དམིགས་སུ་མེད་པའི་ཕྱིར། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་ཐ་སྙད་ཙམ་དུ་ཟད་དོ་ཞེས་བྱ་བར་ཤེས་སོ། །གཟུགས་དམིགས་སུ་མེད་པའི་ཕྱིར་གཟུགས་ཞེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་།
རྣམ་པར་ཤེས་པ་དམིགས་སུ་མེད་པའི་ཕྱིར། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །མིག་མི་དམིགས་པའི་ཕྱིར། མིག་ཅེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མི་དམིགས་པའི་ཕྱིར། ཡིད་ཅེས་
བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དམིགས་སུ་མེད་པའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དམིགས་སུ་མེད་པའི་ཕྱིར། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཞེས་
བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དམིགས་སུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་
བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །ནང་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར། ནང་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །ཕྱི་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར། ཕྱི་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །ཕྱི་ནང་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར། ཕྱི་ནང་སྟོང་
Vol. 26 · folio 206b
པ་ཉིད་ཅེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དམིགས་སུ་མེད་པའི་ཕྱིར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དམིགས་སུ་མེད་པའི་ཕྱིར། བྱང་ཆུབ་ཀྱི་ཕྱོགས་ཀྱི་
ཆོས་རྣམས་ཞེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་
པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་
དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དམིགས་སུ་མེད་པའི་ཕྱིར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཅེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །དེ་བཞིན་ཉིད་དམིགས་སུ་མེད་པའི་ཕྱིར། དེ་བཞིན་ཉིད་ཅེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །མ་ནོར་བ་དེ་བཞིན་
ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་ཉིད་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དམིགས་སུ་མེད་པའི་ཕྱིར། ཡང་དག་པའི་མཐའ་ཞེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །བྱང་ཆུབ་དམིགས་
སུ་མེད་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །སངས་རྒྱས་དམིགས་སུ་མེད་པའི་ཕྱིར། སངས་རྒྱས་ཞེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །ཞེས་བྱ་བར་ཡང་དག་པར་ཤེས་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ། མངོན་པར་ཤེས་པ་ཐམས་ཅད་ཡོངས་སུ་རྫོགས་
Vol. 26 · folio 207a
པར་བྱས་ཤིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་དང་། རིམ་གྲོ་བྱ་བའི་ཕྱིར། ཚུལ་གང་ལ་གང་འོས་པ་དེ་དག་གིས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོར་བྱ་བ་དང་།
བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཀྱང་། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཐེག་པ་འདི་ཉིད་ཀྱི་ཆོས་ཉན་ཏོ། །དེ་བྱང་ཆུབ་སེམས་
དཔའི་ཐེག་པ་ལ་གནས་ཏེ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཀྱང་དེ་ལ་སངས་རྒྱས་ཀྱི་ཞིང་གི་འདུ་ཤེས་ཀྱང་མི་འབྱུང་།
སེམས་ཅན་གྱི་འདུ་ཤེས་ཀྱང་མི་འབྱུང་། སངས་རྒྱས་ཀྱི་འདུ་ཤེས་ཀྱང་མི་འབྱུང་ངོ་། །དེ་གཉིས་སུ་མེད་པའི་ས་ལ་གནས་ཤིང་། ལུས་ཇི་ལྟ་བུས་སེམས་ཅན་རྣམས་ཀྱི་དོན་བྱ་བའི་མཐུ་ཡོད་པ་དེ་ལྟ་བུའི་ལུས་ཆེད་དུ་བསམས་ཤིང་ཡོངས་སུ་འཛིན་ཏོ། །དེ་ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་
ཐོབ་པར་མ་གྱུར་གྱི་བར་དུ། ཐེག་པ་དེ་དང་ནམ་དུ་ཡང་མི་འབྲལ་ཏེ། དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་ནས་ཀྱང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་
ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དང་བཅས་པའི་འཇིག་རྟེན་གྱིས་བསྐོར་བར་མི་ནུས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་རོ། །དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཤར་ཕྱོགས་
ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་བརྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཐེག་པ་ཆེན་པོ་བླ་ན་མེད་པའི་ཐེག་
Vol. 26 · folio 207b
པ། ཐེག་པའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དོ། །ཞེས་གྲགས་པ་སྒྲོག་ཅིང་། དབྱངས་སུ་བརྗོད་པ་མཛད་དོ། །ལྷོ་དང་། ནུབ་དང་། བྱང་དང་།
བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་བརྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་
གེ་མོ་ཞིག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ། བླ་ན་མེད་པའི་ཐེག་པ། ཐེག་པའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་། ཆོས་ཀྱི་འཁོར་ལོ་བསྐོར་
བར་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་། དབྱངས་སུ་བརྗོད་པ་མཛད་དོ། །དེ་ལྟར་ན་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་ཞེས་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་
སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གོ་ཆ་ཆེན་པོ་བགོས་སོ། །གོ་ཆ་ཆེན་པོ་བགོས་སོ་ཞེས་བགྱི་ན། བཅོམ་ལྡན་འདས་ཅི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཞེས་བགྱི་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་
ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོའི་གོ་ཆ་ཆེན་པོ་གྱོན་ཅིང་། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་གོ་ཆ་བགོས། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་
པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གོ་ཆ་བགོས། ནང་སྟོང་པ་ཉིད་ཀྱི་གོ་ཆ་བགོས། ཕྱི་སྟོང་པ་ཉིད་ཀྱི་གོ་ཆ་བགོས། ཕྱི་ནང་སྟོང་པ་ཉིད་ཀྱི་གོ་ཆ་བགོས།
Vol. 26 · folio 208a
དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་གོ་ཆ་བགོས། དྲན་པ་ཉེ་བར་གཞག་པའི་གོ་ཆ་བགོས། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་གོ་ཆ་བགོས།
འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་།
མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་གོ་ཆ་བགོས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་ཆ་བགོས།
སངས་རྒྱས་ཀྱི་སྐུའི་གོ་ཆ་བགོས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བས་རྒྱས་པར་བཀང་སྟེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་
དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་རབ་ཏུ་
སྐྱོད་དེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་སྐྱོད་དོ། །ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་།
འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་སྐྱོད་དོ། །དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་དམྱལ་བའི་མེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
Vol. 26 · folio 208b
པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། །དབྱངས་སྒྲོག་གོ །དེའི་ཚེ་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ཀྱང་། སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་། བདེ་བ་ཐོབ་སྟེ། དེ་དག་དགའ་བ་དང་། བདེ་བ་དེས་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་
པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་དུ་སྐྱེའོ། །དེ་བཞིན་དུ་བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་རྣམས་དང་། གཤིན་རྗེའི་
འཇིག་རྟེན་པའི་སེམས་ཅན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །རབ་
འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས། ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཅིག་མངོན་པར་
སྤྲུལ་ལ། དེ་ལྟར་མངོན་པར་སྤྲུལ་ནས། ངན་སོང་གི་སེམས་ཅན་དེ་དག་ལ་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་སྒྲོག་པར་འགྱུར་ཏེ། དེ་ནས་སྤྲུལ་པ་དེ་དག་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དེས་སེམས་ཅན་དམྱལ་བ་དང་། བྱོལ་སོང་
གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་པར་གྱུར་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་དང་། སྒྱུ་མའི་མཁན་པོའི་མཆན་བུ་དེས། སེམས་ཅན་གང་ཡང་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་
འཇིག་རྟེན་དེ་དག་ནས་རྣམ་པར་བསླང་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པའི་
Vol. 26 · folio 209a
སེམས་ཅན་རྣམས། ངན་སོང་གསུམ་ལས་ཡོངས་སུ་བཀྲོལ་ཡང་། སེམས་ཅན་གང་ཡང་ཡོངས་སུ་གྲོལ་བར་བྱས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས། དེ་བཞིན་པའི་
ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། སྟོང་གསུམ་གྱི་སྟོང་ཆེན་པོའི་
འཇིག་རྟེན་གྱི་ཁམས་བཻ་ཌཱུརྱའི་རྒྱུ་ལས་བྱུང་བ། མངོན་པར་སྤྲུལ་པར་བྱེད་དོ། །དེ་ལྟར་བཻ་ཌཱུརྱའི་རྒྱུ་ལས་བྱུང་བ་མངོན་པར་སྤྲུལ་ནས། འཁོར་ལོས་སྒྱུར་བའི་སྲིད་མངོན་པར་སྤྲུལ་པར་བྱེད་དོ། །དེ་ལྟར་འཁོར་ལོས་སྒྱུར་བའི་སྲིད་མངོན་པར་སྤྲུལ་ནས། ཟས་འདོད་པ་རྣམས་ལ་ཟས་ཀྱི་
སྦྱིན་པ་བྱེད་དོ། །སྐོམ་འདོད་པ་རྣམས་ལ་སྐོམ། བཞོན་པ་འདོད་པ་རྣམས་ལ་བཞོན་པ། གོས་འདོད་པ་རྣམས་ལ་གོས། མེ་ཏོག་འདོད་པ་རྣམས་ལ་མེ་ཏོག །ཕྲེང་བ་འདོད་པ་རྣམས་ལ་ཕྲེང་བ། སྤོས་འདོད་པ་རྣམས་ལ་སྤོས། བྱུག་པ་འདོད་པ་རྣམས་ལ་བྱུག་པ། མལ་ཆ་
འདོད་པ་རྣམས་ལ་མལ་ཆ། ཁྱིམ་འདོད་པ་རྣམས་ལ་ཁྱིམ། འཚོ་བ་འདོད་པ་རྣམས་ལ་འཚོ་བ། ཡོ་བྱད་འདོད་པ་རྣམས་ལ་ཡོ་བྱད། ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་འདོད་པ་རྣམས་ལ། རྩི་དང་ཡོ་བྱད་ཀྱི་སྦྱིན་པ་བྱེད་དོ། །ནོར་བུ་དང་། མུ་ཏིག་དང་། བཻཌཱུརྱ་དང་། དུང་དང་། མན་ཤེལ་
དང་། བྱི་རུ་དང་། གསེར་དང་། དངུལ་འདོད་པ་རྣམས་ལ། ནོར་བུ་དང་། མུ་ཏིག་དང་། བཻཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་གྱི་སྦྱིན་པ་བྱེད་ཅིང་། མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་སྦྱིན་པ་བྱེད་དེ། དེས་དེ་ལྟར་ཟས་འདོད་པ་རྣམས་ལ་ནི་ཟས་བྱིན།
མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་བྱིན་ནས། སེམས་ཅན་དེ་དག་ལ་འདི་ལྟ་སྟེ། ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །སེམས་ཅན་དེ་དག་གིས་ཀྱང་ཆོས་བསྟན་པ་དེ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་མ་
Vol. 26 · folio 209b
རྒྱས་ཀྱི་བར་དུ། ཕ་རོལ་དུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས། ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་
ཚོགས་ཞིག་མངོན་པར་སྤྲུལ་ཏེ། ཟས་འདོད་པ་རྣམས་ལ་ཟས་བྱིན། མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་བྱིན་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་དེས་སེམས་ཅན་གང་ལ་ཡང་ཅི་ཡང་བྱིན་པ་ཡོད་དམ། གསོལ་པ།
བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་མངོན་པར་སྤྲུལ་ཏེ། ཟས་འདོད་པ་རྣམས་ལ་ནི་ཟས་བྱིན། མིའི་ཡོ་བྱད་གང་ཅི་ཡང་རུང་བའི་
བར་དུ་བྱིན་ཡང་། སེམས་ཅན་གང་ལ་ཡང་ཅི་ཡང་བྱིན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་
བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཆེད་དུ་བསམས་ཏེ། སྐྱེ་བོ་ཡོངས་སུ་བཟུང་བས། འཁོར་ལོས་སྒྱུར་བའི་རིགས་སུ་སྐྱེ་ཞིང་། དེ་འཁོར་ལོས་སྒྱུར་བའི་དབང་ཕྱུག་དེ་ལ་གནས་ནས། སེམས་
ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་འགོད་དོ། །བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་
དང་། རྣམ་པར་ཐར་བ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། འཕགས་པའི་བདེན་པ་བཞི་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་
Vol. 26 · folio 210a
པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སེམས་ཅན་རྣམས་རབ་ཏུ་འགོད་དེ། སེམས་ཅན་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ། ཆོས་བསྟན་པ་དེ་དང་ནམ་ཡང་
འབྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས། ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཞིག་མངོན་པར་སྤྲུལ་ཏེ། སེམས་
ཅན་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་ལ་བཀོད་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས། སེམས་ཅན་གང་ཡང་དགེ་བ་བཅུའི་
ལས་ཀྱི་ལམ་ལ་བཀོད་པ་ཡོད་དམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་ལ་བཀོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་སེམས་ཅན་ཚད་མེད་གྲངས་མེད་པ་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་ལ་བཀོད་ཀྱང་། སེམས་ཅན་གང་ཡང་དེ་དག་ལ་བཀོད་པ་མེད་དོ། རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་
རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་བཅོ་ལྔ་པ། རབ་འབྱོར་གཞན་ཡང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་ཐམས་ཅད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཞིང་རབ་ཏུ་འགོད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་
Vol. 26 · folio 210b
གནས་ཤིང་། སེམས་ཅན་ཐམས་ཅད་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྦྱོར་ཞིང་རབ་ཏུ་འགོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བརྒྱ་ལ་སེམས་ཅན་ཐམས་ཅད་བདག་ལ་རྡོ་དང་། དབྱིག་པས་
རྡེག་ཅིང་། མཚོན་གྱིས་འདེབས་ཀྱང་། དེ་ལ་བདག་གིས་འཁྲུག་པའི་སེམས་འགའ་ཙམ་ཡང་བསྐྱེད་པར་མི་བྱའོ། །ཞེས་གོ་ཆ་གྱོན་ཅིང་། སེམས་ཅན་ཐམས་ཅད་ཀྱང་བཟོད་པ་དེ་འདྲ་བ་ལ་རབ་ཏུ་འགོད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ།
སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས། ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཞིག་མངོན་པར་སྤྲུལ་ཏེ། བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྦྱར་བ་དང་། རབ་ཏུ་དགོད་པར་བྱས་ན། རབ་འབྱོར་དེ་ལ་ཇི་སྙམ་
དུ་སེམས། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས། སེམས་ཅན་གང་ཡང་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་བཀོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་
དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མེད། གྲངས་མེད་པ། བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་བཀོད་ཀྱང་། སེམས་ཅན་གང་ཡང་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་
བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་
ཤིང་། སེམས་ཅན་ཐམས་ཅད་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ །འགོད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་བརྩོན་འགྲུས་ཀྱི་
Vol. 26 · folio 211a
ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བ་དང་། གཞོག་ཅིང་འགོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། སེམས་ཅན་ཐམས་ཅད་ལུས་
དང་། སེམས་ཀྱི་བརྩོན་འགྲུས་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ །འགོད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས། ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ།
སྐྱེ་བོ་མང་པོའི་ཚོགས་ཞིག་མངོན་པར་སྤྲུལ་ཏེ། ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་བཀོད་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས། སེམས་ཅན་གང་ཡང་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་
བཀོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མེད་གྲངས་མེད་པ། ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་བཀོད་ཀྱང་།
སེམས་ཅན་གང་ཡང་ལུས་དང་། སེམས་ཀྱི་བརྩོན་འགྲུས་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ །འགོད་དོ། །རབ་
འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བ་དང་། གཞོག་ཅིང་འགོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་
Vol. 26 · folio 211b
སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ལ་གནས་ཤིང་། ཆོས་གང་ལ་ཡང་འཁྲུག་པ་འམ། འཁྲུག་པ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་ན། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པ་ཡིན་ཏེ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་བསམ་གཏན་
གྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་པ་དང་། འགོད་པ་བྱེད་དེ། དེ་ལྟར་ཡང་དག་པར་བསྐུལ་བ་རྣམས་ཀྱང་། ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ། ནམ་ཡང་བསམ་གཏན་གྱི་ཕ་རོལ་དུ་
ཕྱིན་པ་དང་བྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ།
བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་བཀོད་ན། རབ་འབྱོར་འདི་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས། སེམས་ཅན་གང་ཡང་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་བཀོད་པ་ཡོད་དམ། གསོལ་པ།
བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་བཀོད་ཀྱང་། སེམས་ཅན་གང་ཡང་བསམ་
གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །
རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཤིང་གཞོག་གོ །འགོད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་
Vol. 26 · folio 212a
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་སྐུལ་བ་དང་། གཞོག་ཅིང་འགོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་
ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། ཚུ་རོལ་ཏམ། ཕ་རོལ་མི་དམིགས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་
རོལ་དུ་ཕྱིན་པ་ལ་གནས་པ་ཡིན་ཏེ། དེ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ །འགོད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་
གིས། ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཞིག་མངོན་པར་སྤྲུལ་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཏེ། བཞག་ཅིང་བཀོད་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ།
སྒྱུ་མའི་མཁན་པོའི་མཆན་བུ་དེས། སེམས་ཅན་གང་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བཀོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བཀོད་ཀྱང་། སེམས་ཅན་གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་
དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཤིང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་དུ་སོང་ཞིང་།
Vol. 26 · folio 212b
ཇི་ལྟར་བདག་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ །འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་
ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་
ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ །འགོད་དོ། །འདི་ལྟ་སྟེ། ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱིས་ཆོས་ཀྱང་སྟོན་ཏེ། སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་
མ་རྒྱས་ཀྱི་བར་དུ། ཕ་རོལ་དུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་
དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བར་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་ཡང་
དག་པར་སྐུལ་ཞིང་གཞོག་གོ །འགོད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་སྐུལ་
ཞིང་གཞོག་གོ །འགོད་དོ། །འདི་ལྟ་སྟེ། ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏོ། །སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ། ཕ་རོལ་དུ་ཕྱིན་པ་དྲུག་དང་།
Vol. 26 · folio 213a
ནམ་ཡང་འབྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས། ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་
ཚོགས་ཞིག་མངོན་པར་སྤྲུལ་ཏེ། ཕ་རོལ་དུ་ཕྱིན་པ་དྲུག་ལ་ཡང་དག་པར་བསྐུལ་ཞིང་བཞག་སྟེ། བཀོད་པར་གྱུར་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་དེས། སེམས་ཅན་གང་ཡང་ཕ་རོལ་དུ་ཕྱིན་པ་དྲུག་ལ་
ཡང་དག་པར་བསྐུལ་ཞིང་བཞག་སྟེ། བཀོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་
གངྒཱའི་ཀླུང་གི་བྱེ་མ་སྙེད་དང་། ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཕ་
རོལ་དུ་ཕྱིན་པ་དྲུག་ལ་བཀོད་ཀྱང་། སེམས་ཅན་གང་ཡང་ཕ་རོལ་དུ་ཕྱིན་པ་དྲུག་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་རྣམ་པར་སྤྱོད་ཅིང་། སེམས་བསྐྱེད་པ་གཞན་གྱི་གོ་མི་འབྱེད་དེ། བདག་
གིས་སེམས་ཅན་འདི་སྙེད་ཅིག་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་
Vol. 26 · folio 213b
པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ད་གོད་པར་བྱའོ། །འདི་སྙེད་ཅིག་ནི་ད་གོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་དགོད་པར་བྱའོ། །འདི་སྙེད་
ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད་པར་
བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་
ཅན་འདི་སྙེད་ཅིག་ནི་རང་བྱང་ཆུབ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ་ཞེས་བྱ་བར་སེམས་བསྐྱེད་པའི་གོ་མི་
འབྱེད་ཀྱི་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་ཚད་མེད་གྲངས་མེད་པ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་དགོད་པར་བྱའོ། །བདག་གིས་སེམས་ཅན་ཚད་མེད་གྲངས་མེད་པ། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་།
བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དགོད་པར་བྱའོ། །ནང་སྟོང་པ་ཉིད་ལ་དགོད་པར་བྱའོ། །ཕྱི་སྟོང་པ་ཉིད་ལ་དགོད་པར་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་དགོད་པར་
བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་དགོད་པར་བྱའོ། །འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་
Vol. 26 · folio 214a
པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་ལ་དགོད་པར་བྱའོ། །དེ་བཞིན་
གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་དགོད་པར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་
མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ། །རང་བྱང་ཆུབ་ལ་དགོད་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དགོད་པར་བྱའོ་ཞེས་བྱ་བར་སེམས་བསྐྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་
བུ་མཁས་པ་ཞིག་གིས། ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཞིག་མངོན་པར་སྤྲུལ་ཏེ། འདི་སྙམ་དུ་བདག་གིས་སེམས་ཅན་ཚད་མེད་གྲངས་མེད་པ་འདི་དག་ཕ་རོལ་དུ་ཕྱིན་པ་དྲུག་ལ་དགོད་པར་བྱའོ། །
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་དགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་གྱུར་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་དེས། སེམས་ཅན་གང་ཡང་ཕ་རོལ་དུ་ཕྱིན་པ་དྲུག་ལ་དགོད་པར་བྱས་པ་ཡོད་དམ།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་དགོད་པར་བྱས་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སེམས་ཅན་ཚད་མེད་གྲངས་མེད་
པ། ཕ་རོལ་དུ་ཕྱིན་པ་དྲུག་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་དགོད་པར་སེམས་བསྐྱེད་ཀྱང་། སེམས་ཅན་གང་གི་དོན་དུ་ཡང་སེམས་བསྐྱེད་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་
Vol. 26 · folio 214b
ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
ནི། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ། གོ་ཆ་མ་མཆིས་པའི་གོ་ཆ་བགོས་པར་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་ངོ་། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམ་པར་
ཤེས་པས་སྟོང་ངོ་། །མིག་མིག་གིས་སྟོང་ངོ་། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཡིད་ཀྱིས་སྟོང་ངོ་། །གཟུགས་གཟུགས་ཀྱིས་སྟོང་ངོ་། །སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ཆོས་ཀྱིས་སྟོང་ངོ་། །མིག་གི་རྣམ་པར་ཤེས་པ་མིག་གི་རྣམ་པར་
ཤེས་པས་སྟོང་ངོ་། །རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་ངོ་། །མིག་གི་འདུས་ཏེ་རེག་པ་མིག་གི་འདུས་ཏེ་རེག་པས་སྟོང་ངོ་། །རྣ་བའི་
འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ཀྱི་འདུས་ཏེ་རེག་པས་སྟོང་ངོ་། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་ངོ་། །
རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་
གྱིས་ཚོར་བས་སྟོང་ངོ་། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་དུ་ཕྱིན་པས་སྟོང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words