འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

Sanskrit title (Tibetan script, as in the text) ཨཱརྱ་བྷ་དྲ་ཀལྤི་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 45 · folio 1b

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཀལྤི་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ།

སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་ཏེ། དབྱར་

གནས་པར་བཞུགས་བཞུགས་ནས། དབྱར་ཟླ་གསུམ་འདས་པ་དང་། ཆོས་གོས་མཛད་དོ། །ཆོས་གོས་མཛད་ནས། ཆོས་གོས་མནབས་ཏེ། ལྷུང་བཟེད་ཐོགས་ནས།

ཡངས་པ་ཅན་གྱི་གྲོང་ཁྱེར་ག་ལ་བ་དེར། དགེ་སློང་འབུམ་དང་ཡང་ཐབས་ཅིག །བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ་སྙེད་དང་ཡང་ཐབས་ཅིག་ཏུ་གཤེགས་ཏེ། བྱོན་ནས་

ཚལ་ཆེན་པོར་གཤེགས་པ་དང་། ནང་དུ་ཡང་དག་འཇོག་ལས་བཞེངས་སོ། །བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་དེ་ཡང་ནང་དུ་ཡང་དག་འཇོག་ལ་ཞུགས་པ་ལས།

Vol. 45 · folio 2a

ནང་དུ་ཡང་དག་འཇོག་ལས་ལངས་ཏེ། དགེ་སློང་གི་འཁོར་དང་། དགེ་སློང་མའི་འཁོར་དང་། དགེ་བསྙེན་གྱི་འཁོར་དང་། དགེ་བསྙེན་མའི་འཁོར་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་

མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་འཁོར་དག་དང་ལྷན་ཅིག་ཏུ་སྟན་བཏིང་བ་ལ་འདུག་གོ། །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སྣང་བ་ཐོབ་པ། གཟུངས་ཐོབ་པ། ཏིང་ངེ་འཛིན་ཐོབ་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ།

ཚིག་གཟུང་བར་འོས་པ། ཚུལ་འཆོས་པ་མེད་པ། ཤེས་ཀྱི་ཁེ་དང་། ཆགས་སེམས་དང་བྲལ་བ། ཟང་ཟིང་མེད་པར་ཆོས་སྟོན་པ། ཆོས་ཟབ་མོ་ལ་བཟོད་པའི་ཕ་རོལ་ཏུ་སོན་པ། མི་འཇིགས་པ་ཐོབ་པ། བདུད་ཀྱི་ལས་ལས་ཡང་དག་

པར་འདས་པ། ལས་ཀྱི་སྒྲིབ་པ་སྤངས་པ། ཆོས་ཀྱི་རང་བཞིན་ལ་ཐེ་ཚོམ་མེད་པ་ཐོབ་པ། བསྐལ་པ་གྲངས་མེད་པར་སྨོན་ལམ་ཤིན་ཏུ་བསགས་པ། བཞིན་འཛུམ་པ། གསོང་པོར་སྨྲ་བ། ཁྲོ་གཉེར་མེད་པ། ཚིགས་སུ་བཅད་པའི་དབྱངས་ཀྱིས་

སྨྲ་བ། སེམས་ཟིལ་གྱིས་མི་ནོན་པ། སྤོབས་པ་རྒྱུན་མི་འཆད་པ། མཉམ་པ་ཉིད་ལ་བཟོད་པ་ཐོབ་པ། འཁོར་མཐའ་ཡས་པ་ཟིལ་གྱིས་གནོན་ཅིང་མི་འཇིགས་པ་ཐོབ་པ། ཚིག་གཅིག་གིས་བསྐལ་པ་བྱེ་བ་ཆར་ཕྱིན་པ་སྟོན་པ་ལ་མཁས་པ། ཆོས་

ཐམས་ཅད་ལ་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། རྨི་ལམ་དང་། བྲག་ཅ་དང་མཚུངས་པར་མོས་པ། ཤེས་པ་མི་འཇིགས་པ་ཚད་མེད་པ། སེམས་ཅན་གྱི་སེམས་ཀྱི་རྒྱུ་བ་ཕྲ་མོའི་ཚུལ་དང་། སྤྱོད་པ་སྣ་ཚོགས་ཤེས་པ་ལ་མོས་པ། དགེ་བ་རྒྱ་ཆེ་བ།

Vol. 45 · folio 2b

སེམས་ཐོགས་པ་མེད་པ། ལྷག་པའི་ང་རྒྱལ་མེད་ཅིང་བཟོད་པ་དང་ལྡན་པ། དགེ་བ་ཇི་ལྟ་བ་བཞིན་དུ་རླབས་ཆེ་བ། སངས་རྒྱས་ཀྱི་ཞིང་གི་བཀོད་པ་མཐའ་ཡས་པར་སྨོན་ལམ་རབ་ཏུ་བཟུང་བ། འཇིག་རྟེན་གྱི་ཁམས་གྲངས་མེད་པའི་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་

འཛིན་རྟག་པར་རྒྱུན་དུ་མངོན་དུ་གྱུར་པ། སངས་རྒྱས་དཔག་ཏུ་མེད་པ་ལ་གསོལ་བ་འདེབས་པ་ལ་མཁས་པ། ལྟ་བ་ཐ་དད་པ་དང་། བག་ལ་ཉལ་དང་། ཀུན་ནས་དཀྲིས་པའི་ཉོན་མོངས་པ་རབ་ཏུ་ཞི་བར་བྱེད་པ་ལ་མཁས་པ། ཏིང་ངེ་འཛིན་གྱིས་རྣམ་པར་རོལ་པ་བརྒྱ་

སྟོང་བསྒྲུབ་པ་ལ་མཁས་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། འབྲུག་སྒྲ་དང་། དགེ་བ་བརྒྱ་སྟོང་གི་མེ་ཏོག་ཀུན་ཏུ་རྒྱས་པའི་བློ་དང་། བསྒྲུབ་

པ་མཐའ་ཡས་པའི་བློ་ཅན་གློག་གིས་རབ་ཏུ་བརྒྱན་པའི་སྒྲ་དབྱངས་དང་། ཆགས་པ་མེད་པའི་མཐའ་དང་ལྡན་པའི་བློ་ཅན་དང་། རྣམ་པར་བསྒྲགས་པའི་རྒྱལ་པོ་དང་། འཐུན་པ་དང་མི་འཐུན་པ་མཐོང་བར་གྱུར་པ་དང་། གསེར་སྟུག་པོ་བསགས་པའི་འོད་གཟི་བརྗིད་

ཀྱི་རྒྱལ་པོ་དང་། དཔག་ཚད་བརྒྱར་རྣམ་པར་ལྟ་ཞིང་འགྲོ་བ་དང་། སྤོབས་པ་བརྩེགས་པ་དང་། ཡེ་ཤེས་ཕུང་པོ་དང་། མཐོང་བ་དོན་ཡོད་དང་། བཟང་སྐྱོང་ལ་སོགས་པ་དང་། སྐྱེས་བུ་དམ་པ་བརྒྱད་པོ་གང་སྤོས་ཀྱི་གླང་པོ་དང་། རིན་ཆེན་མཐའ་ཡས་མཛོད་

དང་། ཤེས་རབ་བརྩེགས་པ་དང་། མཆོད་པ་བཀོད་པ་དང་། སེང་གེ་རྣམ་པར་སྒྲོགས་པའི་སྒྲ་དབྱངས་ཀྱི་རྒྱལ་པོ་དང་། བློའི་བཀོད་པས་ལེགས་པར་བརྒྱན་པ་ལ་གནས་པ་དང་། སེང་གེའི་སྟབས་ཀྱིས་འགྲོ་བ་དང་། སྤོབས་པ་མཐའ་ཡས་པར་བསྒྲུབ་པ་ལ་

འཇིགས་པ་མེད་པ་དང་། བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་སོགས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གང་དག་རྒྱལ་པོ་ཆེན་པོ་བཞི་པོ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་དང་། དབང་སྒྱུར་དང་། ཚངས་པ་ཆེན་

Vol. 45 · folio 3a

པོ་དང་། ཀླུའི་བདག་པོ་དང་། གནོད་སྦྱིན་གྱི་བདག་པོ་དང་། ལྷ་མ་ཡིན་གྱི་བདག་པོ་དང་། ནམ་མཁའ་ལྡིང་གི་བདག་པོ་དང་། མི་འམ་ཅིའི་བདག་པོ་དང་། ལྟོ་འཕྱེ་ཆེན་པོའི་བདག་པོ་དང་། དྲི་ཟའི་བདག་པོ་དང་། དེ་དག་ཐམས་ཅད་བཅོམ་ལྡན་

འདས་ག་ལ་བ་དེར་དོང་སྟེ། བཅོམ་ལྡན་འདས་ལ་མེ་ཏོག་སིལ་མས་གཏོར་ནས་འཁོད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་ཉིན་ཞག་བདུན་ཟས་བཅད་དེ་འཆག་ཅིང་འགྲེང་ལ་འདུག་བཞིན་དུ་གློས་མ་ཕབ་པར་རྨུགས་པ་དང་།

གཉིད་མེད་པར་མངོན་པར་བརྩོན་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་ཆོས་གང་རྫོགས་པར་བགྱིས་ན་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་སྤྱོད་པ་

འཚལ་བར་འགྱུར་བ་དང་། སངས་རྒྱས་རྣམས་ཀྱི་དགོངས་པའི་བཀའ་ལ་འཇུག་པར་འགྱུར་བ་དང་། ཕྱིན་ཅི་ལོག་ཏུ་སྟོན་པ་ལས་མི་སྟོན་པར་འགྱུར་བ་དང་། སྒྲ་ཇི་ལྟ་བ་བཞིན་དུ་བདེན་པ་ཤེས་པ་ལ་རྗེས་སུ་འཇུག་པར་འགྱུར་བ་དང་། ད་ལྟར་གྱི་སངས་རྒྱས་ཐམས་ཅད་

ལ་སྒྲིབ་པ་མེད་པར་འགྱུར་བ་དང་། འདི་ལྟ་སྟེ་སངས་རྒྱས་དང་འགྲོགས་པ་འཐོབ་ཅིང་མཐོང་བ་དང་། ཆོས་ཀྱིས་ངེས་པ་འཐོབ་པར་འགྱུར་བ་དང་། འཇིག་རྟེན་གྱི་ཆོས་ལ་ཡང་སྤྱོད་ལ་འཇིག་རྟེན་པས་ཀྱང་མི་གོས་པར་འགྱུར་བ་དང་། སྙོམས་པར་འཇུག་པ་ལ་གནས་

ཀྱང་དེ་དེར་སྐྱེ་བར་མི་འགྱུར་བ་དང་། མྱ་ངན་ལས་འདས་པའི་ཆོས་ལ་སྤྱོད་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་བ་དང་། སངས་རྒྱས་ཀྱི་སྨོན་ལམ་ཡོངས་སུ་རྫོགས་པར་མ་བགྱིས་པར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ལ་སྤྱོད་ཀྱང་ཐེག་པ་དེ་དག་གིས་

ངེས་པར་མི་འབྱུང་བར་འགྱུར་བ་དང་། སངས་རྒྱས་རྗེས་སུ་དྲན་པ་ལ་སེམས་ནག་ནོག་མ་མཆིས་པར་འགྱུར་བ་དང་། ཁམས་སྣ་ཚོགས་ལ་ཡང་འཇུག་ལ་ཐམས་ཅད་ཀྱི་རྗེས་སུ་ཡང་འཇུག་པར་འགྱུར་བ་དང་། ཞུ་བ་དང་། སྤོབས་པའི་བསམ་པ་ལ་ཟིལ་གྱིས་ནོན་

Vol. 45 · folio 3b

པར་མི་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་གི་བཀོད་པ་མཐའ་ཡས་པ་རབ་ཏུ་འཛིན་ཅིང་ཤེས་རབ་མ་ལུས་པར་འཐོབ་པར་འགྱུར་བ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་ལ་སེམས་ཅན་གྱི་འདུ་ཤེས་ལ་ཡང་མི་གནས་པར་འགྱུར་བ་དང་། ཆོས་ཀྱང་སྟོན་ལ།

དམིགས་པ་ལ་ཡང་མི་གནས་པ་དང་། མྱ་ངན་ལས་འདས་པ་ཡང་སྨྲ་ལ། ཉེ་བར་ཞི་བ་གང་ཡང་མི་དམིགས་པར་འགྱུར་བ་དང་། བྱང་ཆུབ་ཀྱི་ཕྱིར་ཡང་སྤྱོད་ལ་མི་གནས་པར་ཡང་འགྱུར་བ་དང་། མཆིས་པ་དང་། མ་མཆིས་པ་ཡོངས་སུ་སྤངས་ཀྱང་རྒྱ་ཆེན་པོ་ལ་མོས་པར་

འགྱུར་བར་བགྱིད་པ་དག །བཅོམ་ལྡན་འདས་བདག་མ་འཚལ་བཞིན་དུ་ནི་མི་ཞུ་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ལྷ་མི་གནོད་

སྦྱིན་དྲི་ཟ་འཁོར་མང་པོ། །མཐའ་ཡས་ཇི་ལྟར་མོས་བཞིན་ཚོགས་ལགས་པས། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གང་། །འཇིག་རྟེན་དག་གི་མགོན་པོ་འོད་མཛད་པ། །སྨྲ་བའི་ཟླ་བ་ལ་ནི་ཞུ་ལགས་ན། །གོ་རིམས་བཞིན་དུ་བདག་ལ་ལུང་བསྟན་གསོལ། །

བྱང་ཆུབ་སྤྱོད་མཆོག་ཡོན་ཏན་ཐོས་ནས་ནི། །སྐྱེ་བོ་ཕལ་ཆེན་འདུན་གྱུར་བྱང་ཆུབ་བརྩོན། །བྱང་ཆུབ་ཡོན་ཏན་མཆོག་ལ་དད་བསྐྱེད་ནས། །ཡོན་ཏན་ཀུན་མཐར་ཕྱིན་ལ་ཞུ་ལགས་ན། །གྲགས་པ་མཐའ་ཡས་བདག་གི་སེམས་མཁྱེན་ཏམ། །རྒྱལ་བ་མ་གཏོགས་དཔང་

གཞན་བདག་ལ་མེད། །རྒྱལ་བའི་ཡོན་ཏན་ལྷ་མི་ཤིན་ཏུ་སྐོམ། །སྟོབས་བཅུའི་སྤྱོད་པ་རྣམ་པར་ཕྱེ་སྟེ་གསུངས། །ཡོན་ཏན་མཆོག་སྤྱོད་བྱང་ཆུབ་ཡོན་ཏན་བྱུང་། །གྲགས་མཛེས་ཚུལ་ཆེན་ཁྱོད་ཀྱི་མཁྱེན་སྤྱོད་གསུངས། །ཇི་ནས་ཡེ་ཤེས་འོད་ཟེར་འཕྲོ་བགྱིད་ཅིང་། །

ནག་པོའི་རྩ་ལག་དཔུང་བཅས་འཇོམས་བགྱིད་ལ། །ཇི་ནས་སྟོང་གསུམ་མྱུར་དུ་གཡོ་བགྱིད་པ། །དེ་འདྲའི་བྱང་ཆུབ་སྤྱོད་པ་བདེ་གཤེགས་གསུངས། །ཇི་ནས་མཚན་གྱི་མེ་ཏོག་རྒྱས་འགྱུར་ཞིང་། །ཇི་ནས་མཐའ་ཡས་དབྱངས་ལྡན་འགྱུར་བ་དང་། །ཇི་ནས་རི་རབ་འདྲ་

Vol. 45 · folio 4a

བའི་ཏིང་འཛིན་འགྱུར། །དེ་འདྲའི་བྱང་ཆུབ་སེམས་སྤྱོད་བཤད་དུ་གསོལ། །མཉམ་མེད་མཚུངས་མེད་གཡོ་མེད་ཚུལ་འཆོས་མེད། །ང་བྲལ་དགྲ་བཅོམ་དྲི་གསུམ་དྲི་བྲལ་བ། །དགེ་སྦྱོང་མཆོག་སྟེ་མཁས་པའི་ཚོགས་ཀྱིས་བསྟོད། །ཁྱོད་ལ་མི་

མཆོག་དག་གི་སྤྱོད་པ་ཞུ། །རྟོགས་བློ་བརྟན་པོ་དྲན་ལྡན་མེ་ཏོག་གསུང་། །འཁྲུལ་མེད་ལེགས་སྤྱད་སྤྱོད་མངའ་སྨྲ་བའི་མཆོག །དྲི་བསལ་སྐྱེས་བཟང་ཁྱུ་མཆོག་ཕན་མཛད་པ། །ཅི་ནས་རྒྱལ་འགྱུར་དེ་ལྟར་བདག་ལ་གསུངས། །ཁྱོད་ལས་ཉིན་མཚན་དག་ཏུ་

འདི་དག་གིས། །མཉན་ནས་བྱང་ཆུབ་སྤྱོད་པ་ཡང་དག་ལ། །ཡིད་ལ་བྱེད་པ་གཞན་མེད་བདེ་བ་ཡིས། །སྤྱོད་པ་འདི་ལ་མཆོག་ཏུ་སྤྱོད་པར་འགྱུར། །ཇི་ནས་ཏིང་འཛིན་ལྡན་ཞིང་གཟུངས་ལྡན་དང་། །ཇི་ནས་བློ་དང་ཤེས་རབ་སྤོབས་ལྡན་དང་། །ཕྱོགས་

མཐའ་ཡས་པར་སངས་རྒྱས་མཐོང་བ་དང་། །ཚུལ་དང་ཚུལ་མིན་དྲི་བ་འདྲི་བ་དང་། །ཇི་ལྟར་ཡེ་ཤེས་མཚུངས་མེད་འགྱུར་བ་དང་། །དགེ་བ་སྒོ་བརྒྱ་དག་ནི་བསྒྲུབ་པ་དང་། །འཆད་པ་ལ་ནི་འཁྲུལ་པ་མེད་འགྱུར་བ། །སྟོབས་བཅུའི་སྤྱོད་པ་ཁྱོད་ལ་ཞུ་ལགས་སོ། །

སྲིད་པའི་བདེ་ལ་ཆགས་ཏེའང་མི་ཞུའོ། །ཡུལ་གྱིས་བསྒྱུར་སླད་དུ་ཡང་མི་ཞུའོ། །རྒྱལ་བའི་བདུད་རྩི་ལ་ནི་བདག་ལེགས་འདུན། །སྟོབས་བཅུའི་སྤྱོད་པ་བདག་ལ་མྱུར་དུ་གསུངས། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་

མཆོག་ཏུ་དགའ་བའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཆོག་ཏུ་དགའ་བའི་རྒྱལ་པོ་ལེགས་སོ་ལེགས་སོ། །ཆོས་ཐམས་ཅད་ཀྱི་ཚུལ་ལ་ངེས་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དེ་དང་ལྡན་ན་ཡོན་ཏན་དེ་དག་འཐོབ་

པར་འགྱུར་རོ། །གཞན་ཡང་ཕ་རོལ་ཏུ་ཕྱིན་པ་བརྒྱ་ཉི་ཤུ་རྩ་གཅིག་ཡོངས་སུ་རྫོགས་པར་བྱེད་དོ། །ཏིང་ངེ་འཛིན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཐོབ་པར་འགྱུར་རོ། །གཟུངས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཐོབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་

Vol. 45 · folio 4b

འཇུག་པ་མཁས་པ་ཡང་རྟོགས་པར་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །མཆོག་ཏུ་དགའ་བའི་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ཚུལ་ལ་ངེས་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་གང་ཞེ་ན།

འདི་ལྟ་སྟེ་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་ཉིད་དོ། །ཇི་ལྟར་བྱས་པ་དེ་བཞིན་དུ་སྨྲ་བ་ཉིད་དོ། །ལུས་དག་པར་བྱེད་དོ། །ངག་དག་པར་བྱེད་དོ། །སེམས་དག་པར་བྱེད་དོ། །ཕན་པར་འདོད་པ་ཉིད་དོ། །བྱམས་པའི་སེམས་དང་ལྡན་པ་ཉིད་དོ། །སྙིང་རྗེ་ཉིད་མི་སྤོང་བའོ། །

འདོད་པ་དག་ལ་དོན་དུ་མི་གཉེར་བ་ཉིད་དོ། །ཆོས་དོན་དུ་གཉེར་བ་ཉིད་དོ། །དད་པ་ཆུད་ཟ་བར་མི་བྱེད་པའོ། །རང་གིས་དམ་བཅས་པ་ཀུན་ཏུ་སྤྱོད་པ་ཉིད་དོ། །ངེས་པའི་ཚིག་ལ་མཁས་པའོ། །སེམས་ཅན་སྒྲོལ་བའོ། །ཅང་ཤེས་ཀྱི་ལས་ཅན་ནོ། །ལུས་ལ་མི་བརྐམ་

པ་ཉིད་དོ། །སེམས་རྒྱུ་བ་མེད་པ་ཉིད་དོ། །སྡུག་བསྔལ་དང་ལྡན་པ་རྣམས་ལ་ཚིམ་པར་བྱེད་པ་ཉིད་དོ། །བདེ་བ་དང་ལྡན་པ་རྣམས་ལ་གཟེངས་སྟོད་པའོ། །བག་མེད་པ་རྣམས་ལ་འདོམས་པའོ། །བརྩོན་པ་རྣམས་ལ་འཆོས་པའོ། །ཆོས་ལ་འགྱོད་པ་དག་སེལ་བ་ཉིད་

དོ། །སེམས་ཅན་གྱི་འདུ་ཤེས་ལ་མི་གནས་པའོ། །དངོས་པོའི་འདུ་ཤེས་ཀྱིས་རྟོག་པ་མེད་པའོ། །འཛིན་པ་ཡོངས་སུ་གཅོད་པའོ། །མཚན་མ་རྣམ་པར་འཇིག་པ་ཉིད་དོ། །མཉམ་པར་གཞག་པ་ལ་གཡོ་བ་མེད་པའོ། །རྟག་ཏུ་ཡེ་ཤེས་འཚོལ་བའོ། །འཇིག་རྟེན་པའི་

གཏམ་རྣམ་པར་སྤོང་བ་ཉིད་དོ། །འཇིག་རྟེན་ལས་འདས་པའི་གཏམ་འཚོལ་བ་ཉིད་དོ། །དྲན་པ་ཉམས་པ་མེད་པ་ཉིད་དོ། །ཆོས་རྣམས་ལ་བརྗོད་པ་མེད་པ་ཉིད་དོ། །ཇི་ལྟར་བྱ་བ་བཞིན་དུ་འཇུག་པའོ། །སྤྱོད་པ་སྒྲུབ་པའོ། །འཇིག་རྟེན་ཤེས་པ་ཉིད་དོ། །ལས་ལ་མངོན་པར་

ཡིད་ཆེས་པ་ཉིད་དོ། །མ་དད་པ་ཡོངས་སུ་སྤོང་བ་ཉིད་དོ། །མོས་པ་མང་བ་ཉིད་དོ། །སངས་རྒྱས་ཡིད་ལ་བྱེད་པའོ། །འཕེལ་བ་སྟོན་པའོ། །བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་ཉིད་དོ། །སངས་རྒྱས་ལ་གསོལ་བ་འདེབས་པ་ཉིད་དོ། །སྦྱིན་གནས་ལ་ཕྱག་འཚལ་བ་ཉིད་

Vol. 45 · folio 5a

དོ། །བསྔགས་པ་བརྗོད་པ་ཉིད་དོ། །ང་རྒྱལ་མེད་པ་ཉིད་དོ། །དགེ་བའི་རྩ་བས་ངོམས་པ་མེད་པ་ཉིད་དོ། །སྦྱོར་བས་རྟག་ཏུ་མངོན་པར་བརྩོན་པའོ། །བསྒྲུབ་པ་མི་སྤོང་ཞིང་རྫོགས་པར་བྱེད་པ་ཉིད་དོ། །རྒྱུ་རྐྱེན་གྱི་ལས་བྱ་བ་ལ་འཇིག་རྟེན་ན་རྒྱ་ཆེ་བའོ། །བཅས་

པ་མི་འདྲལ་བའོ། །གཞི་གཅིག་ཏུ་མི་འཇོག་པ་ཉིད་དོ། །འདི་ཁོ་ན་བདེན་ནོ་ཞེས་མངོན་པར་ཞེན་པ་མེད་པའོ། །འདོད་པའི་ཁམས་ལ་ཁྱིམ་མོ་ཞེས་བརྗོད་པ་མི་འཇུག་པའོ། །གཟུགས་ཀྱི་ཁམས་ལ་མངོན་པར་ཞེན་པ་མེད་པའོ། །གཟུགས་མེད་པའི་ཁམས་ཀྱི་རང་བཞིན་མ་ཡིན་

པའོ། །ཇི་ལྟར་མངོན་པར་འདུ་བྱེད་པའི་འབྲས་བུ་ལ་མངོན་པར་ཡིད་ཆེས་པ་ཉིད་དོ། །ཡོ་བྱད་ལ་བགོ་བཤའ་བྱེད་ཅིང་སེམས་མཉམ་པ་ཉིད་དོ། །སེམས་ཅན་ཐམས་ཅད་ལ་གཡོས་མི་སྟོན་པ་ཉིད་དོ། །སངས་རྒྱས་རྣམས་ལ་མི་སླུ་བ་ཉིད་དོ། །བྱང་ཆུབ་སེམས་དཔའ་རྣམས་

ལ་རྣམ་པར་ཐོ་མི་འཚམས་པའོ། །བསྟན་པ་ལ་ངན་དུ་མི་བརྗོད་པ་ཉིད་དོ། །རིགས་པ་དང་ལྡན་པ་དང་རིགས་པ་དང་ལྡན་པ་མ་ཡིན་པ་ལ་ཞེ་སྡང་མེད་པའོ། །ཕ་རོལ་གྱི་སྡེ་རྙེད་པ་ལ་མི་གནས་པའོ། །བསམ་པ་རྫོགས་པར་བྱ་བ་མི་སྤོང་བའོ། །ང་རྒྱལ་སྤོང་བའོ། །

ཁོང་ཁྲོ་བ་སྤོང་བའོ། །གཏི་མུག་ཡང་དག་པར་འཇོམས་པའོ། །རྙེད་པ་ལ་ཀུན་ཏུ་མི་སྤྱོད་པའོ། །ངན་ངོན་ཙམ་གྱིས་ཆོག་ཤེས་པའོ། །ཤེས་ཀྱི་ཁེ་སྤོང་བའོ། །མ་རྙེད་པ་ལ་མི་དགའ་བ་མེད་པའོ། །རྙེད་པས་ཁེངས་པ་མེད་པའོ། །ཅི་རྙེད་པ་ལ་བགོ་བཤའི་ངང་ཚུལ་ཅན་

ཉིད་དོ། །སྩོགས་པར་མི་བྱེད་པ་ཉིད་དོ། །མི་སྙན་པར་ཟེར་བ་དང་དུ་ལེན་པ་ཉིད་དོ། །ཚིག་བསྲུང་བའོ། །བློ་གསལ་བར་བྱེད་པའོ། །རིགས་པ་དང་ལྡན་པ་ལ་སྐུལ་མ་འདེབས་པའོ། །རིགས་པ་དང་ལྡན་པ་མ་ཡིན་པ་ལ་མི་རྟེན་པའོ། །ཕྱིར་ཞིང་འདྲི་བའོ། །ནང་དུ་ཡང་

དག་འཇོག་མི་སྤོང་བའོ། །དགོན་པ་ཡོངས་སུ་མི་གཏོང་བའོ། །རྟག་ཏུ་སྦྱངས་པའི་ཡོན་ཏན་ལ་གནས་པའོ། །སྟོང་པ་ཉིད་ལ་མོས་པའོ། །དངོས་པོས་ཡོངས་སུ་ཚིམ་པ་མ་ཡིན་པའོ། །ཕུང་པོ་ལ་མི་གནས་པའོ། །ཁམས་རྣམས་འདུལ་བའོ། །སྐྱེ་མཆེད་ལ་མི་

Vol. 45 · folio 5b

དམིགས་པ་ཉིད་དོ། །ཡུལ་ལ་མི་སྟོན་པའོ། །ཕྱིན་ཅི་ལོག་སྤོང་བའོ། །སེམས་བརྟན་པོར་བསྒྲུབ་པའོ། །འཕགས་པའི་གནས་པའོ། །སེམས་ལ་བརྐམ་ཆགས་མེད་པ་ཉིད་དོ། །སྦྱིན་གནས་ཀྱི་ས་ཐོབ་པ་ཉིད་དོ། །མངོན་པར་འདུ་བྱེད་པ་ཤིན་ཏུ་སྦྱངས་པའོ། །

སྦྱིན་པས་རྣམ་པར་སྨིན་པ་མི་ལེན་པའོ། །ཚུལ་ཁྲིམས་ཀྱིས་མི་སྙེམས་པ་ཉིད་དོ། །བཟོད་པས་རྟོག་པ་མེད་པའོ། །བརྩོན་འགྲུས་ཆུད་ཟ་བ་མེད་པའོ། །བསམ་གཏན་གྱིས་སྐྱེ་བ་མེད་པའོ། །ཤེས་རབ་ཀྱིས་ཆུད་ཟ་བ་མེད་པའོ། །ས་ལ་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་

མཉམ་པ་ཉིད་དོ། །རང་གི་ཡོན་ཏན་གྱིས་སྙེམས་པ་མེད་པ་ཉིད་དོ། །གཞན་གྱི་ཡོན་ཏན་ལ་སུན་མི་འབྱིན་པའོ། །འཁོར་བ་ལ་མི་གནས་པའོ། །མྱ་ངན་ལས་འདས་པ་ལ་མི་དམིགས་པ་ཉིད་དོ། །ཐར་པ་ལ་དབང་དུ་གྱུར་པའོ། །མྱ་ངན་ལས་འདས་པ་ལ་མ་ཆགས་

པའོ། །དེས་པ་ལ་གནས་པའོ། །བཞིན་འཛུམ་པའོ། །ཁྲོ་གཉེར་དང་བྲལ་བ་ཉིད་དོ། །གསོང་པོར་སྨྲ་བ་ཉིད་དོ། །འོས་པའི་ཤེས་རབ་དང་ལྡན་པས་གསར་བུ་དང་། བར་མ་དང་། རྒན་རབས་ལ་བཀུར་སྟི་བྱེད་པའོ། །རྣམ་པར་འཚེ་བ་མེད་པ་ཉིད་དོ། །

རྩོད་པ་ཞི་བར་བྱེད་པའོ། །ཞི་བ་ལ་བསྔགས་པ་རྗོད་པའོ། །ཚོགས་པ་ལ་མངོན་པར་བརྩོན་པའོ། །མཛའ་བ་དང་མི་མཛའ་བ་ལ་སེམས་མཉམ་པ་ཉིད་དོ། །གཟུངས་འཚོལ་བའོ། །སེམས་ཅན་རྣམས་ལ་ནི་མ་ལ་སྲི་ཞུ་ཆེ་བ་ལྟ་བུའོ། །མཛངས་པ་ལ་ནི་ཕ་ལ་སྲི་

ཞུ་ཆེ་བ་ལྟ་བུའོ། །བླ་མ་རྣམས་ལ་ནི་མཁན་པོ་ལ་སྲི་ཞུ་ཆེ་བ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སངས་རྒྱས་ལ་གུས་པ་ལྟ་བུའོ། །བསྒྲུབ་པ་རྫོགས་པར་བྱེད་པ་ཉིད་དོ། །དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱེད་པའོ། །དགེ་བ་ལ་མོས་པ་ཉིད་དོ། །དཀོན་

མཆོག་གསུམ་ལ་ཞུམ་པ་མེད་པས་བཀུར་སྟི་བྱེད་པའོ། །ཐ་སྙད་ལ་མི་གནས་པར་དང་དུ་ལེན་པ་ཉིད་དོ། །ལུས་ལ་མི་ལྟ་བ་ཉིད་དོ། །སྲོག་ལ་ལྷག་པར་ཆགས་པ་མེད་པ་ཉིད་དོ། །འཚོ་བ་དག་པར་བྱེད་པའོ། །བསོད་སྙོམས་ལ་རྒྱུ་བ་དག་བརྩོན་པ་མི་སྤོང་བའོ། །ཚོགས་པའི་

Vol. 45 · folio 6a

གནས་ཡོངས་སུ་སྤོང་བའོ། །ཁྱིམ་པ་རྣམས་ལ་མི་བསྟོད་པའོ། །རབ་ཏུ་བྱུང་བ་རྣམས་ཀྱི་ནང་ན་འདུ་འཛི་ལ་མི་གནས་པའོ། །ཚུལ་འཆོས་པ་མེད་པ་ཉིད་དོ། །ཁ་གསག་མེད་པ་ཉིད་དོ། །སྙན་པར་སྨྲ་བ་ཉིད་དོ། །བྱང་ཆུབ་ཡང་དག་པར་ལེན་དུ་འཇུག་པ་

ཉིད་དོ། །རང་བཞིན་གྱིས་ཞུམ་པ་མེད་པ་ཉིད་དོ། །ཚུལ་བཞིན་ལ་འཇུག་པའོ། །ཕྱིར་ཞིང་སངས་རྒྱས་ལ་བསྟོད་པ་ཉིད་དོ། །ཆོས་ལ་རྟག་ཏུ་སེམས་པ་ཉིད་དོ། །དགེ་འདུན་ལ་རྟག་ཏུ་རྗེ་ས་བྱེད་པའོ། །ཤེས་པ་དང་ལྡན་པ་རྣམས་ལ་རྟག་ཏུ་མཆོད་པ་བྱེད་པའོ། །མཛངས་

པ་རྣམས་ལ་རྟག་ཏུ་བསྟེན་པའོ། །བསམ་གཏན་པ་རྣམས་ལ་རྟག་ཏུ་བསྲུང་བའོ། །རིགས་པ་དང་ལྡན་པ་རྣམས་ལ་རྟག་ཏུ་སྐུལ་མ་འདེབས་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ལ་རྟག་ཏུ་རྟོན་པའོ། །ཆོས་རྣམས་ལ་རྟག་ཏུ་བསྒོམ་པའོ། །བསོད་ནམས་ལ་རྟག་ཏུ་ཡིད་ཆེས་

པ་ཉིད་དོ། །སེམས་ཅན་རྣམས་ལ་རྟག་ཏུ་ཡངས་པའོ། །དད་པ་དང་ལྡན་པ་རྣམས་ལ་རྟག་ཏུ་བྱམས་པའོ། །སྡུག་བསྔལ་དང་ལྡན་པ་རྣམས་སེལ་བའོ། །སྤྱོད་ལམ་དག་པར་བྱེད་པའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའོ། །ངོ་ཚ་བ་དང་འཇིགས་པ་སྟོན་པའི་ཚུལ་ཅན་ནོ། །

སྤྱོད་པ་ངན་པ་སྤོང་བ་ཉིད་དོ། །ཆོ་ག་ལ་བསྟེན་པའོ། །སྤོང་བ་ལ་མངོན་དུ་ཕྱོགས་པའོ། །འཕགས་པའི་གནས་པ་ཚོལ་བའོ། །དྲན་པ་ཉེ་བར་གཞག་པ་བསྒོམ་པའོ། །ཡང་དག་པར་སྤོང་བ་བསྟེན་པའོ། །དབང་པོ་རྣམས་འཛིན་པའོ། །སྟོབས་རྣམས་ཟིལ་གྱིས་མི་ནོན་

པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལྷག་པར་མཐོང་བའོ། །ལམ་ལ་ཕྱིན་ཅི་མ་ལོག་པ་ཉིད་དོ། །ཞི་གནས་རྒྱ་ཆེ་བའོ། །ལྷག་མཐོང་ལ་སྐུལ་མ་འདེབས་པའོ། །སེམས་བརྗེད་ངས་པ་མེད་པ་ཉིད་དོ། །ཆོས་ལ་མངོན་པར་དགའ་བའོ། །དམིགས་པ་ལས་ཡང་དག་

པར་འདས་པའོ། །མི་གནས་པ་ལ་མི་སྐྲག་པའོ། །དམིགས་པ་མེད་པ་ལ་བག་མེད་པའི་འདུ་ཤེས་དང་བྲལ་བའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་ཏུ་བསྲུང་བ་ཉིད་དོ། །སངས་རྒྱས་ཀྱི་སྤྱོད་པ་ཚད་མེད་པར་བྱེད་པའོ། །མི་འཐུན་པའི་སྤྱོད་པ་ལ་སྨོད་པ་ཉིད་དོ། །

Vol. 45 · folio 6b

སྔོན་གྱི་མངོན་པར་འདུ་བྱེད་པ་ལ་ཡིད་བྱུང་བའོ། །རང་གི་ལས་ཡོངས་སུ་སྦྱོང་ཞིང་འདུལ་བ་མ་ཡིན་པ་སྦེད་པའོ། །བསྟན་པ་སུན་མི་འབྱིན་པའོ། །ཐེ་ཙོམ་མི་འཛིན་པའོ། །དུས་སུ་སྤྱོད་པ་ཉིད་དོ། །དུས་མ་ཡིན་པ་རྣམ་པར་སྤོང་བ་ཉིད་དོ། །འགྲོ་བ་དང་ལྡོག་པ་ལ་མཁས་པའོ། །

ཚོད་ཤེས་པ་ཉིད་དོ། །ཡོ་བྱད་ཀྱིས་ཆོག་ཤེས་པའོ། །མངོན་པར་ཤེས་པ་རྒྱ་ཆེ་བའོ། །ཏིང་ངེ་འཛིན་ཁོང་དུ་ཆུད་པའོ། །སྤྱོད་པའི་བྱེ་བྲག་ཅན་ནོ། །སྙིང་སྟོབས་རྒྱ་ཆེ་བའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་བསྟན་པའོ། །མི་དམིགས་པས་ཡོངས་སུ་བཟུང་བའོ། །

བརྩོན་པ་དང་ལྡན་པ་རྣམས་ཚིམ་པར་བྱེད་པའོ། །སངས་རྒྱས་ཀྱི་སྲས་རྣམས་ཀྱིས་བསྒོམ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནོར་ཡིན་ནོ། །སངས་རྒྱས་རྣམས་ཀྱི་གནས་པའོ། །མཁས་པ་རྣམས་ཀྱི་སྤྱོད་པའོ། །ཅང་ཤེས་ཀྱི་འགྲོས་ཀྱི་སྤྱོད་ཡུལ་བའོ། །ཆོས་སྨྲ་བ་

རྣམས་ཀྱི་སྤྱོད་ཡུལ་ལོ། །མོས་པ་མང་བ་རྣམས་ལ་སྐུལ་མ་འདེབས་པའོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཐོང་བའི་ཚུལ་ཅན་ནོ། །ནོར་དོན་དུ་གཉེར་བ་རྣམས་ཀྱི་མཛོད་དོ། །རྣམ་པར་སྨིན་པ་དང་ལྡན་པ་རྣམས་ཀྱི་ཞིང་ངོ་། །གདུངས་པ་རྣམས་ཀྱི་ཀུན་དགའ་ར་བའོ། །

གཟུངས་ཐོབ་པ་རྣམས་ཀྱི་སྐྱེད་མོས་ཚལ་ལོ། །ཏིང་ངེ་འཛིན་ཐོབ་པ་རྣམས་ཀྱི་རྫིང་ངོ་། །ཆོས་དཀར་པོ་དང་ལྡན་པ་རྣམས་ཀྱི་མའོ། །གཏམ་ལ་མོས་པ་རྣམས་ཀྱི་གནས་སོ། །མཚན་རྣམས་ཀྱི་རྒྱུའོ། །དཔེ་བྱད་རྣམས་རྣམ་པར་འབྱེད་པའོ། །སངས་རྒྱས་ཀྱི་ཞིང་ཡང་དག་པའི་

གནས་སོ། །གཟུངས་རབ་ཏུ་ཐོབ་པའོ། །བསྒྲུབ་པ་ཁོང་དུ་ཆུད་པའོ། །ཤིན་ཏུ་རིགས་པར་སྨྲ་བ་ཉིད་དོ། །བདུད་ཀྱི་ཡུལ་ལས་འདས་པའོ། །དཔའ་བོ་རྣམས་ཀྱི་ཡུལ་ལོ། །ཉོན་མོངས་པ་འཇོམས་པའོ། །མི་དགེ་བ་འཇིལ་བའོ། །སྨོན་ལམ་དང་ལྡན་པ་རྣམས་ཀྱི་རྒྱན་ནོ། །

བདུད་ཀྱིས་མི་ཕྱེད་པའོ། །བསྟན་པ་ཟད་མི་ཤེས་པའོ། །མུ་སྟེགས་ཅན་རྣམས་ཀྱིས་ཤེས་པར་དཀའ་བའོ། །འཇིག་རྟེན་དང་མི་མཚུངས་པའོ། །ཉན་ཐོས་ཀྱི་ཆོས་ལས་འདས་པའོ། །རང་བྱང་ཆུབ་ཀྱིས་ངེས་པར་མ་བྱུང་བའོ། །ཐམས་ཅད་མཁྱེན་པ་ཉིད་ལ་ཡང་དག་པར་ཞུགས་

Vol. 45 · folio 7a

པའོ། །སེམས་ཅན་གྱི་འགྲོ་བ་ལ་འཇུག་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་སྐུལ་མ་འདེབས་པའོ། །བཟའ་བ་འདོད་པ་རྣམས་དགའ་བར་བྱེད་པའོ། །བཏུང་བ་འདོད་པ་རྣམས་ཀྱི་རོ་བྲོ་བའོ། །མྱ་ངན་ལས་འདས་པར་འགྲོ་བ་རྣམས་ཀྱི་སྙིང་པོའོ། །མྱ་ངན་ལས་

འདས་པར་འགྲོ་བ་རྣམས་ཀྱི་ཤིང་རྟའོ། །ཕ་རོལ་ཏུ་འགྲོ་བ་རྣམས་ཀྱི་གྲུའོ། །རྒལ་འདོད་པ་རྣམས་ཀྱི་གཟིངས་སོ། །སྙིང་རྗེ་ཅན་རྣམས་ཀྱི་མར་མེའོ། །ཆོས་སྟོན་པ་རྣམས་ཀྱི་སྐར་མདའོ། །མི་སླུ་བར་འདོད་པ་རྣམས་ཀྱི་གནས་སོ། །སྦྱིན་པར་འདོད་པ་རྣམས་ཀྱི་ནོར་ཡིན་ནོ། །

གྲོལ་བར་འདོད་པ་རྣམས་ཀྱི་རིག་པའོ། །རྩེད་མོ་དོན་དུ་གཉེར་བ་རྣམས་དང་བར་བྱེད་པའོ། །ཉན་པའི་བསམ་པ་ཅན་རྣམས་ཀྱི་རྒྱ་མཚོའོ། །ཏིང་ངེ་འཛིན་ཐོབ་པ་རྣམས་ཀྱི་རི་རབ་བོ། །མིག་ལ་དགའ་བ་རྣམས་ཀྱི་དབང་པོའོ། །བལྟ་འདོད་པ་རྣམས་ཀྱི་བཀོད་པའོ། །སེམས་

དང་ལྡན་པ་རྣམས་དགའ་བའོ། །ཕྱིར་མི་ལྡོག་པ་རྣམས་ཀྱི་གནས་སོ། །མི་སྐྱེ་བའི་བཟོད་པ་ཐོབ་པ་རྣམས་ཀྱི་བསམ་པའོ། །ལས་དང་པོ་པ་རྣམས་ཀྱི་བསྒོམ་པའོ། །སྐྱེས་བུ་ཤེས་པ་དང་ལྡན་པ་རྣམས་ཀྱི་རྒྱལ་མཚན་ནོ། །ཞི་གནས་ལ་བཀུར་སྟི་བྱེད་པ་རྣམས་ཀྱི་བྱང་ཆུབ་

བོ། །བདག་མེད་པར་སྨྲ་བ་རྣམས་ཀྱི་སྲེད་མེད་ཀྱི་བུའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མོ། །ཡེ་ཤེས་དང་རྣམ་པར་གྲོལ་བ་རྣམས་ཀྱི་སྐྱེ་བ་མཉམ་པ་ཉིད་དོ། །ལྷ་རྣམས་ཀྱིས་བསྔགས་པའོ། །ཀླུ་རྣམས་ཀྱིས་བརྗེད་པའོ། །མི་རྣམས་ཀྱིས་མཆོད་པའོ། །སློབ་པ་རྣམས་

ཀྱིས་ངོ་མཚར་དུ་བྱས་པའོ། །མི་སློབ་པ་རྣམས་ཀྱིས་ཕྱག་བྱས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད་པའོ། །ཆོས་ཀྱི་རྗེ་རྣམས་ཀྱིས་བསྒོམས་པའོ། །དབང་པོ་སྦས་པ་རྣམས་ཀྱི་གྲོང་ཁྱེར་རོ། །ཐབས་མཁས་པ་རྣམས་ཀྱི་ཚུལ་ལོ། །བརྩོན་པ་རྣམས་ཀྱི་རྙེད་པའོ། །

ཐེ་ཙོམ་རྣམས་སེལ་བའོ། །ཡིད་གཉིས་གཅོད་པའོ། །ཉོན་མོངས་པ་རྣམས་སེལ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་སོ། །ནད་པ་རྣམས་ཀྱི་སྨན་པའོ། །ཕྱིན་ཅི་ལོག་པ་རྣམས་གསོ་བའོ། །ཟུག་རྔུ་རྣམས་འབྱིན་པའོ། །བརྩོན་པར་འདོད་པ་རྣམས་ཡིད་ལ་བྱེད་

Vol. 45 · folio 7b

པའོ། །སྒྲོགས་པར་འདོད་པ་རྣམས་ཀྱི་མི་འཇིགས་པའོ། །སྨྲ་བར་འདོད་པ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་རྒྱ་ཆེ་བའོ། །རྣམ་པར་འཕྲུལ་པར་འདོད་པ་རྣམས་ཀྱི་རྫུ་འཕྲུལ་ལོ། །ཉན་འདོད་པ་རྣམས་ཀྱི་འགྲོ་བའོ། །བལྟ་འདོད་པ་རྣམས་ཀྱི་མིག་གོ། །མྱ་ངན་ལས་

འདས་པའི་ལམ་མོ། །ངན་སོང་རྣམས་སྤོང་བའོ། །འདོད་པ་དང་། གཟུགས་དང་། གཟུགས་མེད་པ་དག་ལས་འདས་པའོ། །སངས་རྒྱས་ཀྱི་ཞིང་དག་རྣམ་པར་བསྒྲུབ་པའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལེན་པའོ། །སྲིད་པ་ཐ་མ་པ་དག་སེང་གེའི་གདན་ལ་འདུག་པའོ། །ཆུད་

ཟ་བ་མེད་པར་དོན་དུ་གཉེར་བ་རྣམས་ཀྱི་དགེ་བའི་རྩ་བ་ཐམས་ཅད་དོ། །སྐྱོ་བ་རྣམས་དགའ་བར་བྱེད་པའོ། །ལྷུང་བ་རྣམས་འདེག་པའོ། །རྩོམ་པ་རྣམས་བརྟན་པོར་བྱེད་པའོ། །སྤྱོད་པའི་ཁམས་རྣམ་པར་བསྒྲུབ་པའོ། །སྙོམ་ལས་བྱེད་པ་དག་ཡིད་ལ་བྱེད་པའོ། །ཐེག་པ་

གསུམ་མཉམ་པ་ཉིད་ཀྱི་བཀའ་ཡིན་ནོ། །འཛིན་པ་ཐམས་ཅད་སྤངས་པའོ། །ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པའོ། །དོན་དམ་པ་སྨྲ་བ་རྣམས་ཀྱི་སྒོ་མཐའ་ཡས་པ་བསྒྲུབ་པ་རབ་ཏུ་ཐོབ་པའོ། །སྟོང་པ་ཉིད་སྨྲ་བ་རྣམས་ཀྱི་ཆོས་ཆུད་མི་ཟ་བའོ། །སྨོན་ལམ་གྱི་སྒོའི་ཤུགས་

མཐར་ཕྱིན་པའོ། །མཚན་མ་མེད་པ་ལ་མོས་པ་རྣམས་ལ་བརྡ་སྤྲོད་པའོ། །མཐོང་བ་དང་། བཏང་སྙོམས་ལ་མོས་པ་རྣམས་ཀྱི་དུས་གསུམ་མཉམ་པ་ཉིད་དོ། །ཐམས་ཅད་ཀྱི་རྗེས་སུ་སོང་བ་ལ་ཐབས་མཁས་པའོ། །བྱང་ཆུབ་ཡོངས་སུ་སྟོན་པའོ། །ཕ་རོལ་པོས་སྤ་དགོང་

དུ་མེད་པའོ། །ཆོས་སྨྲ་བ་ལ་མ་འཁྲུལ་བར་ཚོལ་བ་ཉིད་དོ། །ཟང་ཟིང་མེད་པར་ཆོས་སྨྲ་བ་ལ་ཡང་དག་པར་བསྟེན་པའོ། །ཆོས་མཉན་པ་ལ་གཡེང་བ་མེད་པའོ། །འཁོར་ལ་བརྙས་པ་མེད་པའོ། །ཆོས་ཀྱི་སྦྱིན་པ་ལ་བར་ཆད་མེད་པའོ། །ངེས་པ་རྣམས་ཀྱི་དྲི་བ་ལ་ངོ་མཚར་དུ་

བྱེད་པའོ། །འགྱོད་པ་རྣམ་པར་སེལ་བའོ། །སྦྱོར་བ་ལ་རྒྱུན་ཆད་པ་མེད་པའོ། །ཡེ་ཤེས་ཀྱི་ཚོགས་ཡོངས་སུ་མི་གཏོང་བའོ། །འཛིན་པ་ལ་གནས་པ་རྣམས་ཀྱི་རྣམ་པར་གྲོལ་བའོ། །མ་རུངས་པ་རྣམས་དུལ་བར་བྱེད་པའོ། །ཉོན་མོངས་པ་རྣམས་འདོར་བའོ། །མི་གནས་པ་ལ་

Vol. 45 · folio 8a

སྤྱོད་པའོ། །རྗེས་སུ་དྲན་པ་འདོད་པ་རྣམས་ཀྱི་དྲན་པའོ། །བྱང་ཆུབ་སེམས་དཔའ་རྣམས་སློང་བར་བྱེད་པའོ། །འཁོར་བཞི་ལ་སྟོན་པའོ། །རོ་བྲོ་བ་རྣམས་ཀྱི་ནང་ན་མངར་བའོ། །རྣམ་པར་འཕྲུལ་པར་འདོད་པ་རྣམས་ཀྱི་སྒྲ་སྒྲོགས་པའོ། །སྲིད་པ་ལས་ལྡོག་པར་

འདོད་པ་རྣམས་ཀྱི་སྒོ་འབྱེད་པའོ། །མྱ་ངན་ལས་འདས་པར་ཐར་པའོ། །ལུས་བདེ་བའོ། །སེམས་བདེ་བའོ། །མཁས་པ་རྣམས་དགའ་བའོ། །ཡི་དམ་ལ་བརྟན་པ་རྣམས་མི་གཏོང་བའོ། །དེ་བཞིན་གཤེགས་པའི་ཡོན་ཏན་ལས་མི་ལྡོག་པའོ། །དགེ་བའི་རྩ་བ་རྣམས་ཀྱི་

གནས་སོ། །མི་དགེ་བ་རྣམས་ངེས་པར་འཇོམས་པའོ། །འཆལ་པའི་ཤེས་རབ་ཅན་རྣམས་ཀྱི་བསླབ་པའོ། །རིགས་པ་ལ་གནས་པ་རྣམས་ཀྱི་གནས་སོ། །སླུ་བ་མེད་པར་མཚོན་པའོ། །སངས་རྒྱས་ཀྱི་སྣང་བ་སྒྲུབ་པའོ། །ཡེ་ཤེས་ཀྱི་ཕུང་པོའི་སྣང་བའོ། །སངས་

རྒྱས་ཀྱི་ཞིང་སྟོན་པའོ། །དྲི་བ་བྱེ་བ་སྙེད་འདྲི་བའོ། །ཆོས་དཀར་པོ་དག་ལ་རྟག་པའོ། །སྐྱོ་བའི་བློ་ཅན་རྣམས་ཀྱི་དམིགས་པའོ། །ཤེས་རབ་ཆུང་བ་རྣམས་ཆུད་མི་ཟ་བའོ། །རིག་པ་ཅན་རྣམས་དགའ་བར་འགྱུར་བའོ། །སྨྲ་འདོད་པ་རྣམས་ཀྱི་སྤྱོད་པའི་རྒྱུའོ། །ཆོས་

སྟོན་པ་རྣམས་བསྲུང་བའོ། །རྒྱུ་ཐམས་ཅད་ཡོངས་སུ་ཤེས་པའོ། །ཆོས་ཐམས་ཅད་ལ་ཐབས་མཁས་པའོ། །རྟོག་པའི་ཐབས་གྲུབ་པའོ། །དེ་ཁོ་ན་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའོ། །བདག་ལ་བརྡ་སྤྲོད་པའོ། །གཞན་དག་ཡང་དག་པར་ཚིམ་པར་བྱེད་པའོ། །

དྲ་བ་གཅོད་པའོ། །མ་རིག་པ་སེལ་བའོ། །ཕུང་པོ་རྣམས་ཡོངས་སུ་ཤེས་པའོ། །རྣམ་པར་ཤེས་པ་ཡོངས་སུ་ཤེས་པའོ། །མིང་དང་གཟུགས་སྡུད་པའོ། །སྐྱེ་མཆེད་དྲུག་མཐོང་བའོ། །རེག་པ་ཡོངས་སུ་ཤེས་པའོ། །ཚོར་བ་ཤེས་པའོ། །སྲེད་པ་རབ་ཏུ་ཞི་བར་བྱེད་

པའོ། །ཉེ་བར་ལེན་པ་བོར་བའོ། །སྲིད་པ་ཆད་པའོ། །སྐྱེ་བ་ཆོམས་པའོ། །རྒ་ཤི་ལས་འདས་པའོ། །སྡུག་བསྔལ་ཤིན་ཏུ་སྦྱངས་པའོ། །བདེ་བ་ལ་ཀུན་ཏུ་རངས་པའོ། །སྡུག་བསྔལ་དང་ཡིད་མི་བདེ་བ་རྣམ་པར་སེལ་བའོ། །གྲུབ་པ་རྣམས་གནས་པར་སྦྱོར་

Vol. 45 · folio 8b

བའོ། །དཔྱོད་པ་རྣམས་ཚིམ་པར་བྱེད་པའོ། །སྣང་བ་སྐྱོན་མེད་པའོ། །ཆོས་ཀྱི་རྗེས་སུ་བསྒྲགས་པའོ། །སྐྱེས་བུ་གྲགས་པ་ཅན་རྣམས་ཀྱི་མཐུ་རྩལ་ལོ། །འབྱུང་པོ་དྲི་མ་ཅན་རྣམས་འཁྲུ་བའོ། །འཇིག་ཚོགས་ལ་ལྟ་བ་རྣམས་ངེས་པར་འཇོམས་པའོ། །ཐོས་པ་ཀུན་ཏུ་

འཛིན་པའོ། །ཆོས་རྣམས་ཀུན་ཏུ་འཛིན་པའོ། །བྱང་ཆུབ་འཁྲུལ་པ་མེད་པ་ཉིད་དོ། །དགེ་བ་ཐམས་ཅད་ལ་འཇུག་པ་མི་ལྡོག་པའོ། །དགེ་བ་ཕལ་ཆེར་བསགས་པའོ། །བློ་བསྒྲུབ་པའི་གཞིའོ། །བརྩོན་པ་དང་ལྡན་པ་རྣམས་ཀྱི་ཆོས་ཀྱི་ཚུལ་ལོ། །འཕགས་པའི་དགེ་འདུན་

འཕེལ་བར་བྱེད་པའོ། །ཕས་ཀྱི་རྒོལ་བ་རྣམས་ཚར་གཅོད་པའོ། །ཆོས་སྨྲ་བ་རྣམས་ལ་ལེགས་སོ་ཞེས་བརྗོད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའོ། །རྩེད་མོ་འདོད་པ་རྣམས་ཀྱི་ཟླ་བའོ། །ལས་ཀྱི་མཐའ་དོན་དུ་གཉེར་བ་རྣམས་ཀྱི་ཉི་མའོ། །སློབ་པར་འདོད་

པ་རྣམས་ཀྱི་བསྟན་བཅོས་སོ། །ཕུ་དུད་དང་བཅས་པ་རྣམས་ཀྱི་རྒྱལ་པོའོ། །མཁས་པ་རྣམས་ཀྱི་འདྲེན་པའོ། །ཆོས་དཀར་པོ་རྣམས་ཀྱི་ས་བོན་ནོ། །རྣམ་པར་སྨིན་པའི་འབྲས་བུའི་བདུད་རྩིའོ། །སྐྱེ་བ་དྲན་པའི་གཞིའོ། །སྐྱེ་བ་རབ་ཏུ་ཐོབ་པའོ། །བྱིས་པའི་ཆོས་རྣམས་ལ་སྨོད་

པའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་ཡོན་ཏན་ཡང་དག་པའོ། །སྟོན་པ་དང་འཛིན་པ་རྣམ་པར་སྨིན་པ་མཐའ་ཡས་པའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་གནས་སོ། །སྟོན་པ་ན་བདེ་འགྲོ་ཐོབ་པར་འགྱུར་བའོ། །ཡི་གེར་འདྲི་བ་ན་འཇིགས་པ་ཐམས་ཅད་སྤོང་བའོ། །རྒལ་ནས་

ཕྱིར་ལྡོག་པ་མེད་པའོ། །རྟོགས་པ་བརྗོད་པའི་གནས་སོ། །འཇིག་རྟེན་པ་ཐམས་ཅད་ཀྱི་བསྟན་པ་མནོས་པའོ། །འདས་པའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའོ། །ད་ལྟར་གྱི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་གཏེར་རོ། །མ་འོངས་པའི་སངས་རྒྱས་རྣམས་ཀྱི་དགོངས་པ་

ཡོངས་སུ་རྫོགས་པར་བྱེད་པའོ། །ཡང་དག་པའི་ཡེ་ཤེས་འཁྲུགས་པ་མེད་པ་མྱུར་དུ་འཐོབ་པར་འགྱུར་བའོ། །སངས་རྒྱས་ཀྱི་ཕྱག་ལས་བྱུང་བའི་ཕྱག་རྒྱའོ། །སངས་རྒྱས་ཀྱི་ཡོན་ཏན་ཡོངས་སུ་དྲི་བར་འདུན་པ་ལ་ངོམས་པ་མེད་པའོ། །ཁོང་ཁྲོ་བའི་རྣམ་པར་རིག་པ་རབ་ཏུ་ཞི་བའོ། །

Vol. 45 · folio 9a

ཐབས་མཁས་པ་རབ་ཏུ་ཐོབ་པའོ། །སའི་ཁམས་བསྒོམ་པའོ། །ཆུའི་ཁམས་ལ་འཇུག་པའོ། །མེའི་ཁམས་ལ་སྙོམས་པར་འཇུག་པའོ། །རླུང་གི་ཁམས་ལ་གནས་པར་བྱེད་པའོ། །ནམ་མཁའི་ཁམས་རྣམ་པར་ཐར་པ་བསྒྲུབ་པའོ། །ཤེས་པའི་ཁམས་

སྟོན་པར་བྱེད་པའོ། །འདུས་བྱས་ལ་ཡིད་བྱུང་བའོ། །བག་ལ་ཉལ་ཟློག་པའོ། །ཁོང་ཁྲོ་བ་སེལ་བའོ། །བཏང་སྙོམས་སུ་འདོར་བའོ། །རང་གི་གནས་པ་ལ་མཁས་པའོ། །གཞན་གྱི་གནས་པ་ལ་མཁས་པའོ། །བརྗོད་པ་འདོད་པ་རྣམས་ཀྱི་ཡི་གེའོ། །བསྒྲུབ་

པ་རྣམས་ལ་མངོན་པར་ཞེན་པ་མེད་པའོ། །ངར་འཛིན་པ་སྤོང་བའོ། །ང་ཡིར་འཛིན་པ་འདོར་བའོ། །མོས་པ་བཟློག་པའི་གནས་སོ། །སེམས་འཇིག་པ་དང་བཅས་པའོ། །སེམས་ཁྱི་དང་མཚུངས་པས་བསྟེན་པའོ། །རྒྱ་ཆེ་བ་ལ་འཇུག་པའོ། །ཕྲ་བ་རྟོགས་པར་བྱེད་པའོ། །

ངལ་བ་རྣམས་ཀྱི་གྲིབ་མའོ། །ཆུ་བོ་ལས་སྒྲོལ་བའོ། །ཕས་ཀྱི་རྒོལ་བ་རྣམས་ཀྱིས་མི་ཕྱེད་པའོ། །དེས་པ་རྣམས་ཀྱི་འཁར་བའོ། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའོ། །རྨུགས་པ་དང་གཉིད་རྣམས་སྤོང་བའོ། །རྒོད་པ་ལས་འདས་པའོ། །ཐེ་ཙོམ་

སྤོང་བའོ། །འདོད་པ་ལ་འདུན་པ་སེལ་བའོ། །ལེ་ལོ་ཡོངས་སུ་སྤོང་བའོ། །བདག་ཏུ་མི་དམིགས་པའོ། །སེམས་ཅན་དུ་མི་སྟོན་པའོ། །སྲོག་ལ་མི་གནས་པའོ། །ཆོས་ལ་བརྗེད་ངས་པ་མེད་པའོ། །ཕྱིན་ཅི་ལོག་མེད་པའི་གཏམ་སྨྲ་བའོ། །རིགས་པར་སྨྲ་བའོ། །

མངོན་པར་འདུ་བྱེད་པ་ལ་ལེགས་པར་བསམས་པའོ། །ཅང་ཤེས་ཀྱི་ངོ་བོའོ། །ཞུམ་པ་མེད་པའི་ངོ་བོའོ། །སྦྱིན་པ་དང་ཡེ་ཤེས་ལ་མོས་པ་ཉིད་དོ། །འཁོར་གྱི་ནང་དུ་ཞུམ་པ་མེད་པར་འགྲོ་བ་ཉིད་དོ། །གཞན་ལ་མི་སྨོད་པ་ཉིད་དོ། །རང་གི་ཡོན་ཏན་མི་བརྗོད་པའོ། །

བྱང་ཆུབ་ཀྱི་ཕྱིར་རྟག་ཏུ་གནས་པའོ། །སྦྱོར་བར་བརྩམས་པའོ། །ཕྱོགས་འགའ་ལ་ཡུན་རིང་དུ་མི་གནས་པའོ། །ཡོངས་སུ་འཛིན་པ་སྤོང་བའོ། །བཀྲ་ཤིས་པར་ཡང་དག་པར་སྤྱོད་པའོ། །ལུས་ཀྱི་ངོ་བོ་མ་ཡིན་པའོ། །སེམས་ཞུམ་པ་མེད་པ་ཉིད་དོ། །གནས་

Vol. 45 · folio 9b

པ་ལ་མཁས་པའོ། །རྗེས་སུ་དྲན་པ་བསྒོམ་པའོ། །མི་གཡོ་ཞིང་ང་རྒྱལ་མེད་པའོ། །རྣམ་པར་གྲོལ་བ་ཚོལ་བའོ། །ཐེ་ཙོམ་ངེས་པར་བྱེད་པའོ། །ཚངས་པའི་གནས་པ་བསྐྱེད་པའོ། །བྱམས་པའི་སེམས་མཉམ་པ་ཉིད་དོ། །སྙིང་རྗེས་རྗེས་སུ་འཛིན་པ་ཉིད་དོ། །

དགའ་བས་རང་ལ་དགའ་བར་ཉམས་སུ་མྱོང་བ་ཉིད་དོ། །བཏང་སྙོམས་པ་ན་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སེལ་བའོ། །ཚུལ་ཁྲིམས་ཀྱིས་གཞན་རྗེས་སུ་འཛིན་པའོ། །ཏིང་ངེ་འཛིན་བསྒྲུབ་པ་ལ་འཇུག་པའོ། །ཆོས་ཐམས་ཅད་ལ་ཤེས་རབ་ཀྱིས་རྣམ་པར་གྲོལ་བར་འཇུག་

པའོ། །ཡི་གེ་བསྒྲུབ་པ་ཁོང་དུ་ཆུད་པའོ། །ངེས་པའི་ཚིག་ལ་མཁས་པའོ། །བརྗོད་པ་རྟོགས་པའོ། །སྒྲ་ལ་འཇུག་པའོ། །མཁས་པའི་ངོ་བོ་དོན་དུ་གཉེར་བ་ཉིད་དོ། །འདོད་པ་མེད་པར་ཆོས་ཀྱི་སྦྱིན་པ་རབ་ཏུ་སྒྲོགས་པ་ཉིད་དོ། །བློ་གཅིག་ཏུ་ངེས་པ་ལ་མངོན་པར་

དགའ་བ་མེད་པའོ། །ཚུལ་གཅིག་པ་ལ་ཡོངས་སུ་སྐྱོ་བ་མེད་པའོ། །བྱང་ཆུབ་ལ་བླང་དོར་མེད་པའོ། །ཆོས་ཐམས་ཅད་ལ་ཆུད་ཟ་བ་མེད་པའོ། །ཇི་ལྟ་བ་བཞིན་ཡོངས་སུ་སྟོན་པའོ། །སེམས་ཅན་ཐམས་ཅད་ལ་སླུ་བ་མེད་པ་ཉིད་དོ། །སྨོན་ལམ་བརྟན་པོ་ཡོངས་སུ་རྫོགས་

པར་བྱེད་པའོ། །ཉིན་མཚན་དུ་སྦྱོར་བ་ལ་རྒྱུན་ཆད་པ་མེད་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པའོ། །སེམས་ཅན་གྱི་ཁམས་ལ་འཇུག་པའོ། །ཐམས་ཅད་མཁྱེན་པ་ཉིད་བསྒྲུབ་པ་སྟེ། མཆོག་ཏུ་དགའ་བའི་རྒྱལ་པོ་འདི་ནི་ཆོས་ཐམས་ཅད་ཀྱི་ཚུལ་ལ་ངེས་པར་སྟོན་པ་ཞེས་བྱ་

བའི་ཏིང་ངེ་འཛིན་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སྤྱོད་པ་དག་བྱེད་འཕགས་པ་རྣམས་ཀྱི་ལམ། །རྗེས་སུ་འཐུན་པའི་ཚུལ་ཡིན་སེམས་སྦྱངས་པ། །སྤོབས་པའི་སྙིང་པོ་བྱང་ཆུབ་ཡན་ལག་ཚུལ། །ཏིང་འཛིན་འདི་ནི་

བདེ་བར་གཤེགས་པའི་ནོར། །བདུད་འདུལ་དྲི་བྲལ་ཁོ་ནས་ཁྲོ་བ་སྤངས། །སྲིད་པའི་སྲེད་པ་གཅོད་བྱེད་ཤེས་རབ་དང་། །སྙན་དང་གྲགས་པའི་ཡོན་ཏན་ལེགས་འབྱོར་ཅིང་། །ཁམས་གསུམ་དག་ལས་ངེས་འབྱུང་མཐར་ཡང་ཕྱིན། །ཡེ་ཤེས་ས་ཡིན་དགེ་བའི་ལམ་ཡང་

Vol. 45 · folio 10a

ཡིན། །འཕགས་པའི་རིགས་ཡིན་བདུད་རྣམས་ཕུང་བྱེད་པ། །སྲིད་ལས་ཐར་བྱེད་བདེ་བར་གཤེགས་པས་བསྟོད། །ཏིང་འཛིན་འདི་ནི་བདེ་བར་གཤེགས་པའི་ནོར། །ཤིན་ཏུ་མཉམ་འཇུག་ཚུལ་ནི་བྱེ་བའི་སྒོ། །རྗེས་སུ་རྟོགས་བྱེད་ཚིམ་བྱེད་གཅོད་བྱེད་ཅིང་། །

སྡུག་བསྔལ་བཅོམ་པ་བདེ་བའི་རྗེས་འཇུག་པ། །ཏིང་འཛིན་འདི་ནི་བདེ་གཤེགས་སྤྱོད་པ་ཡིན། །བྱང་ཆུབ་ཡན་ལག་མེ་ཏོག་དྲན་རྟོགས་བྱེད། །ངོ་ཚ་ཤེས་པར་ལེགས་གནས་དགེ་བ་བསྡུས། །བྱང་ཆུབ་ཡན་ལག་ཕྲེང་བ་བདེ་གཤེགས་དགྱེས། །ཏིང་འཛིན་མཆོག་དེ་འདི་

ནི་གསུངས་པ་ཡིན། །བྱང་ཆུབ་ཡན་ལག་ཕྲེང་བ་རྣམ་ཐར་པ། །རབ་ཏུ་སྐྱེ་བྱེད་ཞིང་གི་ཕ་མཐར་ཕྱིན། །ཟླ་བའི་འོད་བྱེད་སྣང་བྱེད་སྲིད་གསུམ་འདས། །ཆོས་མཆོག་འདི་ཀུན་ཟླ་བས་བསྟོད་པ་ཡིན། །སེམས་གཡེངས་ཚུལ་འཆོས་ཤེས་ཁེ་རྙེད་པ་དག །སྤངས་ནས་དགོན་

པར་བསྟེན་པར་འགྱུར་བྱ་ཞིང་། །སྦྱོར་བ་རྣམ་གསུམ་དག་པར་འགྱུར་བྱ་ན། །ཏིང་ངེ་འཛིན་འདི་ཡང་དག་བསྒྲུབ་པར་གྱིས། །ཕ་རོལ་འཆིང་དང་གཡོ་དང་ཤེས་ཁེའི་རྒྱུ། །སྤངས་ནས་རང་གི་ཡོན་ཏན་མི་རྗོད་པར། །ཆོས་གོས་གསུམ་དང་བསོད་སྙོམས་སྤྱོད་པར་ཤོག །

འདི་ལ་སྦྱོར་གྱུར་སྩོགས་འཇོག་བྱེད་མ་གྱུར། །འཕགས་པ་བགེད་པའི་ངང་ཚུལ་ལྡན་བྱ་ཞིང་། །གལ་ཏེ་ཏིང་འཛིན་མྱུར་ཐོབ་འདོད་ན་ནི། །མཁས་པས་རྟག་ཏུ་དྲི་བ་བརྩམ་པར་གྱིས། །དྲིས་ནས་ཡང་དག་བསྒྲུབ་ལའང་གནས་པར་གྱིས། །ཚོགས་ལས་ཐག་རིང་ཞི་

གནས་དགར་འགྱུར་དང་། །འགྲོ་ཀུན་ལ་ནི་མཛའ་བས་མཉེན་བྱ་ཞིང་། །ཚུལ་འཆོས་གཞི་ཡི་གྲགས་པ་གཞར་བཏང་ན། །ཏིང་འཛིན་ཞི་བ་འདི་ནི་བཙལ་བར་གྱིས། །ངོ་ཚ་ཤེས་གོས་དབེན་པའི་རོ་ཡི་ཟས། །བསམ་གཏན་མལ་ཆ་སྟན་དང་དབེན་པའི་ཁྱིམ། །བདག་

མེད་རྟོགས་ལ་རྟག་ཏུ་དགའ་བྱེད་ན། །མཁས་པ་གཞན་གྱི་བདེ་ལ་འདོད་མི་འགྱུར། །གལ་ཏེ་ཏིང་འཛིན་འདི་མྱུར་ཐོབ་འདོད་ན། །ཁྲོས་པས་སྨྲས་ན་གཞན་ལ་བཟོད་པ་དང་། །ང་རྒྱལ་བསྐྱེད་མི་བྱ་ཞིང་ང་བྲལ་བྱ། །ལས་ཀྱི་རྣམ་པར་སྨིན་ལའང་མངོན་དད་གྱིས། །ངན་

Vol. 45 · folio 10b

སོང་ལམ་དང་དམིགས་ལ་མི་སྟེན་ཅིང་། །འཕགས་པའི་འགྲོ་བ་སྟོང་ལའང་མི་སྟེན་པར། །ཉིན་མཚན་བརྩོན་འགྲུས་སྟོབས་ལ་བརྩམ་བྱ་ན། །ཚུལ་གཞན་མིན་པའི་ཏིང་འཛིན་འདི་ཐོབ་བྱ། །མཐའ་གཉིས་ཡིད་འོང་མ་ཡིན་ལམ་སྤངས་པ། །ཡང་དག་ཚུལ་འདི་ལམ་ནི་

མཉམ་པ་སྟེ། །མ་བྱས་སྐྱེ་མེད་ཆོས་ནི་སུས་མཐོང་བ། །བསྒྲུབ་པ་འདི་ལ་སངས་རྒྱས་དགྱེས་པར་འགྱུར། །མཆོག་ཏུ་དགའ་བའི་རྒྱལ་པོ་འདི་ནི་ཆོས་ཐམས་ཅད་ཀྱི་ཚུལ་ལ་ངེས་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱ་སྟེ། དེ་ཐོབ་པའི་བྱང་ཆུབ་སེམས་དཔས་ནི་ཆོས་

ཐམས་ཅད་ཕྱིན་ཅི་མ་ལོག་པ་ཉིད་དུ་རྟོགས་སོ། །ཆོས་ཐམས་ཅད་མི་གནས་པར་རྟོགས་སོ། །ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་སོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱས་པ་མེད་པར་རྟོགས་སོ། །ཆོས་ཐམས་ཅད་གསོག་ཏུ་རྟོགས་སོ། །ཆོས་ཐམས་ཅད་གསོབ་ཏུ་

རྟོགས་སོ། །ཆོས་ཐམས་ཅད་སྙིང་པོ་མེད་པར་རྟོགས་སོ། །གཞན་གྱིས་ཟིལ་གྱིས་མི་ནོན་ཏོ། །འགྲོ་བ་ལྔ་ལས་རྒལ་ཏོ། །བདུད་རླག་པར་བྱེད་དོ། །སེམས་ཅན་ཐམས་ཅད་དགའ་བར་འགྱུར་རོ། །མཁས་པ་རྣམས་ཀྱིས་མཆོད་པར་བྱ་བ་ཡིན་ནོ། །ཆོས་ཉིད་ཐམས་ཅད་མཐོང་

ངོ་། །ཟླ་བ་ལྟར་ལྷང་ངེར་སྣང་ངོ་། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་བ་རབ་ཏུ་ཤེས་སོ། །བསམ་པ་དག་པ་རྣམས་ལ་སྐུལ་མ་འདེབས་པ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཤེས་པ་ཡིན་ནོ། །སྤྱོད་པའི་ས་རྗེས་སུ་ཐོབ་བོ། །བདག་མེད་

པ་ཉིད་ལ་འཇུག་གོ། །ངེས་པར་འབྱུང་བར་བྱ་བའི་ཁམས་རབ་ཏུ་ཤེས་སོ། །སེམས་ཅན་ཐམས་ཅད་ཀྱི་མངོན་པའི་ང་རྒྱལ་མེད་པའི་ས་རྗེས་སུ་ཐོབ་བོ། །སྒྲིབ་པ་ལས་འདས་སོ། །མིང་དང་གཟུགས་ཀྱི་རང་བཞིན་རབ་ཏུ་ཤེས་སོ། །ངེས་པའི་ཚིག་གི་སྒོ་ནས་སངས་རྒྱས་

རྣམས་ཀྱིས་བསྟན་པ་རྗེས་སུ་རྟོགས་སོ། །མཚན་སུམ་ཅུ་རྩ་གཉིས་རབ་ཏུ་ཐོབ་བོ། །རྙེད་པ་དང་མ་རྙེད་པས་གཏུགས་པ་ལས་འདས་སོ། །འཇིག་རྟེན་ན་གོས་པ་མེད་པ་ཉིད་ཐོབ་བོ། །སེམས་ཅན་རྣམས་ཀྱི་གནས་ཡིན་ནོ། །མྱ་ངན་ལས་འདས་པའི་སྒོ་འབྱེད་དོ། །སྦྱིན་པ་པོ་

Vol. 45 · folio 11a

ཡིན་ནོ། །འཆི་བ་མེད་པར་སྟོན་པ་ཡིན་ནོ། །མྱ་ངན་ལས་འདས་པ་ཁོང་དུ་ཆུད་པ་ཡིན་ནོ། །སེམས་ཅན་རྣམས་ཀྱི་གདུང་བ་སེལ་ཏོ། །སེམས་ཅན་རྣམས་ཀྱི་ཐེ་ཙོམ་གཅོད་པ་ཡིན་ནོ། །དབང་པོ་དྲུག་པོ་དག་གིས་མི་གོས་པ་ཡིན་ནོ། །ཡི་གེའི་སྒོ་བཅུ་དྲུག་ལ་

འཇུག་པའི་གཟུངས་ཐོབ་བོ། །ཡི་གེ་བཅུ་དྲུག་འཐོབ་པ་གང་ཞེ་ན། ཨ་ཞེས་བྱ་བ་དང་། ར་ཞེས་བྱ་བ་དང་། པ་ཞེས་བྱ་བ་དང་། ཙ་ཞེས་བྱ་བ་དང་། ན་ཞེས་བྱ་བ་དང་། ད་ཞེས་བྱ་བ་དང་། ས་ཞེས་བྱ་བ་དང་། ཀ་ཞེས་བྱ་བ་དང་། ཐ་ཞེས་བྱ་བ་དང་། པ་ཞེས་བྱ་བ་དང་།

བ་ཞེས་བྱ་བ་དང་། ཀྴ་ཞེས་བྱ་བ་དང་། ཚ་ཞེས་བྱ་བ་དང་། པ་ཞེས་བྱ་བ་དང་། ཋ་ཞེས་བྱ་བ་དང་། ཌྷ་ཞེས་བྱ་བ་སྟེ། འདི་དག་ནི་བཅུ་དྲུག་གོ། །རྣམ་པ་བཅུ་དྲུག་ལ་འཇུག་པའི་གཟུངས་ལས་ནི་མཐའ་ཡས་པས་བསྒྲུབ་པའི་ས་ཡང་ཐོབ་བོ། །ཆོས་ཐམས་ཅད་ཡ་མ་བརླར་

རབ་ཏུ་ཤེས་སོ། །ངེས་པར་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཤེས་པ་དག་སྐྱེད་པར་བྱེད་དོ། །དེ་ལ་ཉོན་མོངས་པ་ཐམས་ཅད་ཡོད་པ་མ་ཡིན་ནོ། །བྱིས་པ་ཐམས་ཅད་ཀྱིས་གཟུང་བའི་ཆོས་དེ་ཁོ་ན་རབ་ཏུ་ཤེས་སོ། །འཇུག་པར་བྱེད་དོ། །སེམས་ཅན་

རྣམས་ཚིམ་པར་བྱེད་དོ། །ལེགས་པར་སྨྲས་པས་མཆོད་སྦྱིན་བྱེད་དོ། །འཆི་བ་མེད་པའི་མཆོད་སྦྱིན་ཉེ་བར་འཇོག་གོ། །སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཁྱེན་པ་ཉིད་དུ་བྱེད་དོ། །ཡོངས་སུ་ཤེས་པ་རྗེས་སུ་འཐོབ་བོ། །བདག་དང་གཞན་གྱི་སོམ་ཉི་གཅོད་དོ། །

སེམས་ཅན་རྣམས་ཀྱི་འགྱོད་པ་བསལ་བར་ཡི་དམ་བླངས་པའོ། །བྱ་ཀ་ལ་པིང་ཀའི་སྒྲ་དབྱངས་ལྟ་བུ་འཐོབ་བོ། །མཉམ་པ་ཉིད་ཀྱིས་རྗེས་སུ་འཐོབ་བོ། །སེང་གེའི་སྒྲ་སྒྲོགས་པ་ཡིན་ནོ། །དེས་པ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཞུགས་ནས་སྙིང་རྗེ་ཆེན་པོ་

ཡོངས་སུ་རྫོགས་པར་བྱེད་དོ། །བདུད་ཀྱི་ཡུལ་ལས་འདས་སོ། །དབྱངས་སྙན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ང་རྒྱལ་སྤང་བའི་ཕྱིར་བཟོད་པ་ཐོབ་བོ། །བསམ་གཏན་ཟབ་མོའི་བསམ་གཏན་པ་ཡིན་ནོ། །འགྲོ་བ་ལས་རྒྱལ་བའི་ཆོས་སྟོན་ཏོ། །གཏིང་

Vol. 45 · folio 11b

ཐོབ་པ་ཡིན་ནོ། །ཆོས་ཐམས་ཅད་ལ་སྟོབས་དང་མཐུ་ཆེ་བ་རྗེས་སུ་འཐོབ་བོ། །ཆོས་ཐམས་ཅད་ཀྱི་སྒོ་ནས་ཤེས་པའི་ཕྱིར་ཤེས་པ་པོ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དྲན་ནོ། །བསྐལ་པ་གྲངས་མེད་པ་ནས་ཆོས་རྣམས་ཀྱི་ཆོས་དེ་བཞིན་ཉིད་མངོན་པར་རྟོགས་

སོ། །རྒོལ་བ་ཐམས་ཅད་ཤེས་སོ། །སྐྱོ་བའི་བསམ་པ་ཐམས་ཅད་སྤོང་བ་འཐོབ་བོ། །བྱང་ཆུབ་མྱུར་དུ་རྟོགས་སོ། །ལྷ་རྣམས་ཀྱིས་བསྟོད་དོ། །ཤེས་པས་ཆོས་ཐམས་ཅད་ཀྱི་རྗེས་སུ་འཇུག་གོ། །དོན་ཐོབ་པར་བྱ་བ་ལ་མཁས་པ་ཡིན་ནོ། །དེ་ལ་ཆོས་ཐམས་ཅད་ཡང་

དག་པར་སྣང་ངོ་། །ཟས་སུ་བདུད་རྩི་ཟའོ། །ཐེ་ཙོམ་ཐམས་ཅད་གཅོད་དོ། །བག་ཆགས་ཀྱི་མཚམས་སྦྱོར་བ་འདོར་རོ། །སྙིང་རྗེ་ཆེན་པོས་འགེབས་སོ། །དགོངས་པ་དྲན་ནོ། །སྔོན་གྱི་གནས་རྗེས་སུ་དྲན་པ་བསྒོམ་མོ། །མྱ་ངན་ལས་འདས་པའི་ཡོན་ཏན་སྤྱོད་པ་མྱུར་བར་

རྟོགས་སོ། །ཚོགས་ཀྱིས་མཆོད་པ་བྱས་པ་འཐོབ་བོ། །ང་རྒྱལ་ཐམས་ཅད་གཅོག་གོ། །མཐུའི་ས་ངེས་པར་རྗེས་སུ་འཐོབ་བོ། །སྣ་ཚོགས་པ་ཉིད་ལ་འཇུག་གོ། །བསྒྲུབ་པ་ཤེས་སོ། །སྨིན་པ་ཐམས་ཅད་ཤེས་སོ། །སངས་རྒྱས་ཀྱི་ཞིང་རྒྱས་པར་བྱེད་དོ། །ཕུང་པོའི་

བདུད་འཇོམས་སོ། །དགོངས་པའི་བཀའ་མྱུར་དུ་རྟོགས་སོ། །དེ་ལས་བདུད་མྱུར་དུ་རླག་པར་བྱེད་དོ། །ཕས་ཀྱི་རྒོལ་བ་མྱུར་དུ་འདུལ་ལོ། །འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ན་སངས་རྒྱས་མཐོང་ངོ་། །ཆོས་ཀྱང་ཉན་ཏོ། །དམ་པའི་ཆོས་བརྗེད་པ་མེད་དོ། །ཇི་

ལྟར་བསམ་པ་བཞིན་ཏིང་ངེ་འཛིན་གྱི་རྣམ་པར་རོལ་པ་བསྒྲུབ་པ་ཡང་རྗེས་སུ་འཐོབ་སྟེ། ཏིང་ངེ་འཛིན་འདི་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་བག་ཡོད་པས་ཐམས་ཅད་མཁྱེན་པ་ཉིད་དུ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གལ་ཏེ་དེ་འདོད་ན་སྐྱེ་བ་གཅིག་ཁོ་ནས་སམ། འདོད་

ན་སྐྱེ་བ་གཉིས་སམ། གསུམ་འམ། བཞི་ནས་བསྐལ་པའི་བར་གྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཏིང་ངེ་འཛིན་འདི་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་

Vol. 45 · folio 12a

འདི་དག་བཀའ་སྩལ་ཏོ། །སྟོབས་བཅུའི་སྤྱོད་པ་ཚུལ་འདི་འཛིན་པ་ནི། །མ་འཁྲུལ་མ་འཁྲུགས་འདྲ་བ་ཡོད་མིན་ལ། །འཆི་མེད་བདུད་རྩི་འཐོབ་ཅིང་ལྷ་ཡུལ་དང་། །མི་ཡུལ་དཔལ་བྱེད་མཚུངས་མེད་རྩོམ་པར་འགྱུར། །སྟོབས་བཅུས་བསྟོད་པ་ཚུལ་འདི་

འཛིན་པ་ནི། །དགའ་བྱེད་ཉོན་མོངས་རྡུལ་དང་ཐ་བ་འཇོམས། །གསལ་བའི་ཚིག་གིས་ལྷ་མི་དགའ་བར་བྱེད། །རྒྱལ་བའི་ཡོན་ཏན་འོས་ཡིན་སྲིད་མུན་སེལ། །སྟོབས་བཅུ་ཐོབ་བྱ་ཕྱིར་ནི་འདི་སྤྱོད་ན། །འགྲོ་ངན་འཇོམས་ཤིང་འགྲོ་བ་ངན་ལ་མཁས། །ལྷ་མི་གཞན་བློ་ངན་

སེལ་དགའ་བར་འགྱུར། །བློ་ལྡན་ལམ་མཁས་གཞན་སྤྱོད་རྣམ་པར་འབྱེད། །ཚུལ་འདི་སྤྱོད་པ་སྲིད་འགྲོ་ཡངས་པ་སྤོང་། །སྲིད་སོང་ལོག་པ་རྣམས་ལ་བསྐུལ་འདེབས་ཤིང་། །ལྷ་མི་ཇི་ལྟར་འདོད་བཞིན་སྤྱོད་བྱེད་ལ། །མཐུ་ལྡན་དྲི་མེད་ཟླ་འདྲའི་མིག་ཏུ་འགྱུར། །བྱ་བ་

འདི་སྤྱོད་མཚུངས་པ་མེད་པ་ཡིན། །དེ་ལ་ལྷ་མི་རྟག་ཏུ་དགའ་བར་འགྱུར། །བློ་ལྡན་སྲིད་འགྲོ་མི་དགའ་ཡུལ་འཁྲུལ་མེད། །འཁོར་ལ་སྒྲ་སྒྲོགས་ཚུལ་བརྒྱ་རྣམ་པར་འབྱེད། །རྒྱལ་བ་ཡོན་ཏན་གྲོང་རྡལ་བདུད་རྩིའི་ཚུལ། །འདི་འཛིན་རང་གིས་ལེན་བཅུག་རྣམ་འབྱེད་པ། །

སྦྱིན་བདག་མཚན་རབ་མཛེས་པ་སུམ་ཅུ་གཉིས། །ཐོབ་པས་ལྷ་དང་མི་རྣམས་དགའ་བར་བྱེད། །འདི་ལ་སྤྱོད་པ་མཐའ་འཁོབ་ཚོགས་སེལ་ཅིང་། །སྐྱེ་དགུ་མང་འདུལ་ཡོན་ཏན་ཕལ་ཆེན་འབྱེད། །གཡོན་ཅན་ཡུལ་དང་འགྲོ་མཁས་མྱུར་བར་ནི། །དགེ་སྦྱོང་མཆོག་འགྱུར་

ལྷ་མིས་ཡོན་ཏན་བསྟོད། །འཆི་མེད་ནོར་མཆོག་དག་ནི་ཐོབ་འདོད་ན། །སྤྱད་པ་འདི་སྤྱོད་མྱུར་དུ་རྒྱལ་བར་འགྱུར། །གྲགས་ལྡན་ཡོན་ཏན་མཆོག་ཐོབ་དྲི་བསུང་གཏོང་། །ལྷ་མི་འཇིགས་མེད་གྲོང་ཁྱེར་ཞི་བར་སྒྲོལ། །ཚུལ་འདི་སྤྱོད་པ་འཆི་བ་མེད་ལ་དགའ། །གནས་ན་གནས་

ཚེ་ཕྱོགས་བཅུའི་བདེ་གཤེགས་བསྟོད། །དེ་ནི་གཏམ་བརྗོད་ལྷ་མི་རྣམས་དགའ་ལ། །ཕན་འདུལ་མཉམ་གཞག་སྙན་པ་སྤྱོད་མཆོག་སྨྲ། །ལྷ་དང་ལྷ་མིན་ས་སྟེང་སྡུག་བསྔལ་ལས། །འདའ་བར་བྱེད་ཅིང་བདུད་དཔུང་རླག་པར་བྱེད། །རྒྱལ་བའི་ཐད་སོང་མཆོད་བྱེད་འགྲོ་

Vol. 45 · folio 12b

གནས་མཁས། །སྲིད་འགྲོ་སྤོང་དྲན་རྟོགས་མཁས་ཡོན་ཏན་འཛིན། །ཏིང་འཛིན་ཞི་བ་མཆོག་འདི་འཛིན་པ་ནི། །དབང་པོ་ཞི་ཞིང་ཡེ་ཤེས་མཆོག་འཛིན་ལ། །བསེ་རུ་ལྟ་བུ་སྤྱོད་ཅིང་ངར་མི་འཛིན། །ཆོས་ཀྱི་སྐར་མདའ་རྟག་ཏུ་འབར་བ་འང་ཡིན། །ཡེ་ཤེས་རྒྱ་མཚོ་

འདི་ནི་སྟོན་པ་དག །དངོས་པོའི་ཚུལ་ལ་སྐད་ཅིག་པར་ཡང་རྟོགས། །སྲིད་གསུམ་དག་ན་འདི་ནི་གདུགས་བཞིན་ཏེ། །ལྷ་མང་རྒྱལ་པོ་དེ་ལ་སྟོད་པར་བྱེད། །ཞི་བ་བལྟ་དཀའ་འདི་ལ་འབད་པ་དག །ཉོན་མོངས་ཉམ་ཐག་དག་ནི་སེལ་བྱེད་ཅིང་། །བདེ་བར་གཤེགས་

ཀྱི་འགྲོ་བར་འགོག་པ་བརྗོད། །ཉོན་མོངས་རྒྱུན་ཆད་སྲིད་གསུམ་འདུལ་བར་བྱེད། །ཏིང་འཛིན་མཆོག་རབ་འདི་དག་ཐོབ་པ་ནི། །གཞན་གྱི་སྤྱོད་པ་དྲན་ལས་བདག་གིའང་སྟེན། །གང་གིས་བདེ་གཤེགས་མཁྱེན་པ་མང་ཤེས་ཤིང་། །ཚུལ་རྣམས་ཐམས་ཅད་ལ་ནི་གནས་

པ་ཡིན། །འདི་བསྒྲུབ་པ་ནི་སངས་རྒྱས་རིགས་ཡིན་ཞིང་། །བསྒྲུབ་པ་བྱེ་བ་མང་པོ་ཆུབ་པར་བྱེད། །སྡུག་བསྔལ་ཅན་གྱི་རེག་པ་རྟག་སེལ་ཅིང་། །མི་དེ་འཆི་བ་མེད་པ་སྟོན་པ་ཡིན། །མཐོང་དགའ་ཚིག་སྙན་ཡོན་ཏན་གྲགས་པས་འཕགས། །ཡོན་ཏན་དག་གིས་ཀུན་ཏུ་

མངོན་མཛེས་ལ། །འཁོར་གྱི་ནང་དུ་ཕྱིན་ན་ནམ་མཁའ་ལ། །སྟོན་ཟླ་ཐ་ཆུངས་ཟླ་བ་ཉ་བ་བཞིན། །ཏིང་ངེ་འཛིན་ཏེ་འདི་དག་བསྟེན་པ་ནི། །འཁོར་བ་ན་ཡང་འཁོར་དང་ལོངས་སྤྱོད་དང་། །རུས་རིགས་གྲགས་པ་བདེ་བར་གཤེགས་ཀྱིས་མཁྱེན། །དེ་ཡི་སྤོབས་པ་རྒྱ་མཚོ་

ཇི་བཞིན་ནོ། །རྨད་དུ་བྱུང་བའི་མདོ་འདི་སྤྱོད་པ་ནི། །ཆོས་ཀྱི་ངོ་བོ་བདག་མེད་ཚུལ་དག་ལ། །རིང་པོར་མི་ཐོགས་རྟོགས་ཤིང་སྟོན་པར་བྱེད། །སྟོང་གསུམ་དག་གི་སྨན་པར་མྱུར་དུ་འགྱུར། །འཆི་བ་མེད་པར་ཐོབ་པར་སྦྱོར་བ་ན། །སྟོང་གསུམ་འཇིག་རྟེན་མི་རྣམས་

ཇི་སྙེད་དང་། །གང་གཱའི་ཀླུང་གི་བྱེ་སྙེད་སེམས་ཅན་ཁམས། །དེ་ལས་བརྒལ་ཏེ་ཡེ་ཤེས་སྒོ་ཡང་འཐོབ། །གང་ཞིག་ལྷག་པའི་བསམ་པས་འདི་སྦྱོར་བ། །དུག་དང་མཚོན་དང་མེས་ཀྱང་མི་ཚུགས་ཤིང་། །རྒྱལ་པོས་བཀྲབས་ལྟུང་ཁུ་སྒོའི་འཇིགས་པའང་མེད། །

Vol. 45 · folio 13a

རྒྱལ་པོ་སྲིན་པོའི་འཇིགས་པའང་འབྱུང་མི་འགྱུར། །ཚིག་བཞི་པོ་ནི་འཛིན་པར་བྱེད་པ་ན། །ཁྱིམ་ནས་འཆི་མེད་ནོར་ཆུད་ཟོས་མི་འགྱུར། །མེ་དང་སྐེམས་དང་གདོན་གྱིས་མི་ཚུགས་ཤིང་། །ལོང་དང་ཞར་དང་རྨོངས་པར་མི་འགྱུར་རོ། །ཏིང་འཛིན་ཞི་བ་

འདི་ལ་སྦྱོར་བྱེད་པ། །དེ་ལ་གང་དག་གཟུངས་ཀྱི་གཏེར་ཡང་སྩོལ། །གང་ཞིག་འདི་སྦྱོར་དེ་ཚེ་བདེ་བར་གཤེགས། །བྱེ་བ་དྲུག་ཅུ་གཉིས་པོའང་དགོངས་པར་འགྱུར། །གལ་ཏེ་བྱང་ཆུབ་མྱུར་དུ་རེག་འདོད་ཅིང་། །གལ་ཏེ་ཡོན་ཏན་ཞིང་མཆོག་འདོད་བྱེད་པས། །མདོ་

མཆོག་ཚུལ་འདི་ལ་ནི་སྦྱོར་བ་ན། །ཐམས་ཅད་མཁྱེན་པ་དེ་ཡི་ལག་ཏུ་འཐོབ། །དེ་བས་མཉན་ཏེ་འདིར་ནི་སེམས་ཅན་གང་། །བྱང་ཆུབ་དོན་དུ་དགེ་ལ་དགའ་བྱ་ན། །ཞག་བཞིའི་བར་དུ་ལེགས་པར་བརྩོན་བྱས་པས། །སྟོབས་བཅུ་དག་གི་ནོར་ནི་འཐོབ་པར་འགྱུར། །

ཏིང་འཛིན་མཆོག་མ་ལ་ནི་འཇུག་བྱེད་པ། །རྐང་གཉིས་མཆོག་མ་བྱེ་བ་བརྒྱད་ཅུ་དང་། །གཞན་ཡང་རྒྱལ་བ་ཁྲག་ཁྲིག་དྲུག་ཅུ་རྣམས། །གང་དག་དེ་ལ་རྟག་ཏུ་དགོངས་པར་འགྱུར། །གང་གིས་མཉན་པ་རྙེད་པ་ལེགས་རྙེད་ལ། །འདི་མཉན་ནས་ཀྱང་འདི་ལ་མོས་བྱས་

པ། །དེ་དག་ཡིད་གཉིས་སྤོངས་ཏེ་བྱང་ཆུབ་ལ། །དེ་དག་ཐེ་ཙོམ་འཁོར་བར་ཕྱིར་མི་མཐོང་། །དེ་བས་མཉན་ཏེ་ཡང་དག་སྤྱོད་འདི་ལ། །བརྩོན་དང་ཡོན་ཏན་དག་ལ་དགའ་བྱ་ན། །མདོ་འདི་བྲིས་ནས་ཀྱང་ནི་འཆང་བྱེད་པ། །ཐམས་ཅད་མཁྱེན་ཉིད་ངེས་པར་ལག་ཏུ་འཐོབ། །

ངས་མངོན་ཤེས་ཏེ་བསྐལ་པ་བརྒྱ་འདས་ན། །སྤོབས་པའི་ཏོག་ཅེས་བྱ་བའི་རྒྱལ་བ་བྱུང་། །དེ་ནི་ཏིང་འཛིན་མཆོག་འདི་བསྟན་པ་དག །རྒྱལ་པོའི་བུ་སྟེ་ཟླ་བ་དཔལ་གྱིས་མཉན། །རྒྱལ་སྲིད་སྤངས་ནས་མྱུར་བར་རབ་བྱུང་སྟེ། །དེས་ནི་ཉིན་མཚན་གཅིག་ཏུ་མཉན་ནས་

ཀྱང་། །དེ་ཐུན་ཐ་མ་དག་ལ་དུས་ལས་འདས། །ཞིང་གཞན་དག་ཏུ་དེ་ནི་རྫུས་ཏེ་སྐྱེས། །ཇི་ལྟར་གང་གཱའི་བྱེ་མ་དེ་བས་ཀྱང་། །མང་བའི་ཞག་ཏུ་མཚུངས་པ་མེད་ལ་མཆོད། །བྱང་ཆུབ་རྗེས་སུ་དེ་རྟོགས་བྱ་བའི་ཕྱིར། །ཀུན་ལས་ཏིང་ངེ་འཛིན་འདི་བསྐལ་པར་མཉན། །

Vol. 45 · folio 13b

རྒྱལ་བ་མར་མེ་མཛད་ལུང་སྟོན་པ་གང་། །རིན་ཆེན་གཙུག་ཏོར་ཞེས་བྱའི་རྒྱལ་དེ་བྱུང་། །དེ་ལྟར་འདི་ཐོས་འབྲས་བུ་ཆེ་བས་ན། །དེ་ཕྱིར་ཐོས་ནས་ལེ་ལོར་མི་བྱའོ། །ལྷ་མི་རྣམས་ལ་སྙན་པའི་དབྱངས་དག་གིས། །རབ་ཏུ་རྟོགས་པར་བྱ་ཞིང་མཆོད་བྱ་ལ། །ངས་ནི་རིན་

ཆེན་གཏེར་དག་ཕྱེ་ཟིན་གྱིས། །སྟོབས་བཅུ་པོ་ཡི་ནོར་འདི་གཟུང་བར་གྱིས། །མཆོག་ཏུ་དགའ་བའི་རྒྱལ་པོ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་བྱུང་བ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་སྤོབས་པའི་རྒྱན་བཀོད་པའི་དབྱངས་ཀྱི་ང་རོ་སྙན་པར་འབྲུག་སྒྲ་སྒྲོགས་པ་ཞེས་བྱ་བ་བྱུང་སྟེ། དེའི་གསུང་རབ་ལ་ཆོས་སྨྲ་བ་སྤོབས་པ་མཐའ་ཡས་པའི་ཡོན་ཏན་ཏོག་གི་རྒྱལ་མཚན་རྣམ་པར་འཕྲུལ་པ་ཞེས་བྱ་བ་ཞིག་བྱུང་ནས་དེ་ཏིང་ངེ་འཛིན་འདི་སྟོན་པའི་ཚེ། རྒྱལ་

པོའི་བུ་སྐྱེ་བོ་མང་པོ་ལ་བསོད་ནམས་ཀྱི་རྣམ་པར་སྨིན་པ་དག་པར་སྒྲ་སྒྲོགས་པས་འབུམ་རི་བའི་གོས་གྱོན་གྱོན་པ་བསྐོན་ཏེ། འདི་སྙམ་དུ་སེམས་ཅན་ཐམས་ཅད་ཀྱིས་ཏིང་ངེ་འཛིན་འདི་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དེ་དགེ་བའི་རྩ་བ་དེས་ན་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་

མ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་དགྱེས་པར་བྱས་ནས། ཐམས་ཅད་ལས་ཏིང་ངེ་འཛིན་འདི་མཉན་ཏེ། མ་བསྟན་པའི་ཆོས་ཐམས་ཅད་ཀྱང་སྣང་ངོ་། །རྟག་ཏུ་རྫུས་ཏེ་བྱུང་བར་གྱུར་པའི་སྐྱེ་བའང་དྲན་ནོ། །རྒྱལ་པོའི་བུ་སྐྱེ་བོ་མང་པོ་ལ་བསོད་ནམས་ཀྱི་རྣམ་པར་སྨིན་པ་

དག་པར་སྒྲ་སྒྲོགས་པ་དེ། སངས་རྒྱས་ཀྱི་ཞིང་ཡོན་ཏན་དཔག་ཏུ་མེད་པ་བཀོད་པར་ཚེ་དཔག་མེད་ཅེས་བྱ་བར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །དགེ་སློང་ཆོས་སྨྲ་བ་སྤོབས་པ་མཐའ་ཡས་པའི་ཡོན་ཏན་ཏོག་གི་རྒྱལ་མཚན་རྣམ་པར་འཕྲུལ་པའི་ང་རོ་ཞེས་བྱ་བ་

དེ་ནི་དེ་བཞིན་གཤེགས་པ་སྤྱན་ཆེན་པོ་ཞེས་བྱ་བར་གྱུར་ཏོ། །རྒྱལ་པོའི་བུ་དེས་ཏིང་ངེ་འཛིན་འདི་ཐོས་ནས་བསྐལ་པ་འབུམ་ཕྲག་བདུན་ཅུར་མངོན་པར་འདུས་བྱས་པའི་ལས་ཀྱི་སྒྲིབ་པ་རྣམས་སྤངས་སོ། །རྣམ་པར་འབྱེད་པའི་ལེའུ་དང་། སྒོ་མཐའ་ཡས་པས་བསྒྲུབས་པའི་གཟུངས་

Vol. 45 · folio 14a

དང་ཡང་སྐྱེ་བ་ཐམས་ཅད་དུ་མ་བྲལ་ཏེ། ཆུང་ངུ་ན་སེ་གོལ་གཏོགས་པ་ཙམ་ཡང་མ་བྲལ་བར་གྱུར་ཏོ། །གཞན་ཡང་དེ་བཞིན་གཤེགས་པ་ཞལ་གསལ་ཟླ་བ་དྲི་མ་མེད་པའི་དཔལ་གྱི་སྙིང་པོ་གཟི་བརྗིད་ཅེས་བྱ་བ་བྱུང་སྟེ། དེས་དེ་ལ་ཏིང་ངེ་འཛིན་འདི་བསྟན་ཅིང་བཤད་

པ་ན། ཚོང་དཔོན་གྱི་བུ་རྒྱ་ཆེར་མཛེས་ཤིང་བཀོད་པ་ལེགས་སེམས་ཀྱིས་དེ་ལས་མཉན་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ཆུང་མ་བདུན་ཅུ་དང་། དཔག་ཚད་གཅིག་ཁོར་ཡུག་ཙམ་གྱི་གཏེར་བཞི་དང་། སྐྱེད་མོས་ཚལ་བརྒྱ་ཕྲག་བཅྭ་བརྒྱད་དག་སྤངས་ནས་དེ་གོས་

བཀྲམ་པའི་ས་གཞི་ལ་རྐང་པ་ནམ་ཡང་འཇོག་པར་མ་གྱུར་ཏོ། །དེ་རབ་ཏུ་བྱུང་ནས་ལོ་ཁྲིའི་བར་དུ་བཤང་གཅི་དང་གྲལ་མ་གཏོགས་པར་ནམ་ཡང་འདུག་པ་དང་མཆིལ་ལྷམ་བགོས་པ་མ་མྱོང་སྟེ། རྨུགས་པ་དང་གཉིད་དང་བྲལ་ནས་འཆག་པ་ལ་མངོན་དུ་བརྩོན་པར་གྱུར་ཏོ། །

དེ་ལོ་ཁྲི་པོ་དེ་དག་འདས་ནས་དེས་སངས་རྒྱས་ཐམས་ཅད་ཀྱི་བཀའ་དང་ངེས་པའི་ཚིག་དང་དབྱངས་སྡུད་པ་ཞེས་བྱ་བའི་གཟུངས་དང་། སྒྲ་ཐམས་ཅད་ལ་འཇུག་པར་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་སྟེ། དེ་ལ་ལྷ་དྲུག་འབུམ་སྙེད་པོ་དེ་དག་ཀྱང་བསྙེན་བཀུར་

བྱེད་པ་ལ་བརྩོན་པར་གྱུར་ཏོ། །ལུས་དང་སེམས་མཆོག་ཏུ་དགེ་བར་བསྒྲུབ་པའི་ཚེ། ལྷོ་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པར་དེ་བཞིན་གཤེགས་པ་ཡིད་འཐད་ཅེས་བྱ་བར་ད་ལྟར་བྱང་ཆུབ་མངོན་པར་རྫོགས་པར་སངས་

རྒྱས་སོ།། །།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དཔེར་ན་གང་གཱའི་བྱེ་མ་སྙེད། །བསྐལ་པ་མཐའ་ཡས་

དྲན་གྱུར་ཏེ། །གང་ཚེ་སྤོབས་པའི་དབྱངས་ཞེས་བྱ། །འཇིག་རྟེན་མགོན་པོ་བྱུང་བར་གྱུར། །དེ་ཡི་གསུང་རབ་དག་ལ་ནི། །དགེ་སློང་ཆོས་འཛིན་མཁས་པ་བྱུང་། །དེ་ཡིས་ཏིང་འཛིན་འདི་བཤད་པ། །རྒྱལ་པོའི་བུ་དེས་མཉན་ནས་ནི། །དེ་ཡི་གོས་ཀྱང་བསྐོན་བྱས་ཏེ། །

Vol. 45 · folio 14b

ཡོངས་སུ་བསྔོ་བ་བྱས་ནས་ཀྱང་། །མགོན་པོ་སངས་རྒྱས་དེས་མཐོང་ནས། །ཚེ་དཔག་མེད་པ་བྱང་ཆུབ་འཐོབ། །སྔོན་གང་ལས་རྣམས་བྱས་གྱུར་པའི། །དེ་ཡི་རྣམ་པར་སྨིན་པ་དག །ཡེ་ཤེས་ཕུང་པོ་འདི་ཐོས་པས། །མ་ལུས་པར་ནི་ཐམས་ཅད་ཟད། །གཞན་ཡང་

སངས་རྒྱས་དྲི་མེད་ཟླས། །ཏིང་ངེ་འཛིན་ནི་བཤད་པ་ན། །ཚོང་དཔོན་བུ་ཡིས་མཉན་ནས་ནི། །ཁྱིམ་དག་སྤངས་ནས་ངེས་བྱུང་སྟེ། །གཉིད་དང་འདོད་པ་མེད་གྱུར་ཅིང་། །མཆིལ་ལྷམ་བགོས་པར་མ་གྱུར་པར། །དེ་ཡིས་ལོ་ནི་སྟོང་ཕྲག་བཅུར། །ཏིང་ངེ་འཛིན་ནི་བསྒོམ་པ་

བྱས། །འདི་ཐོས་ཙམ་གྱི་མོད་ལ་ནི། །བྱང་ཆུབ་མཆོག་ནི་ཐོབ་འགྱུར་ཏེ། །ཕྱིར་ཞིང་ཁྱིམ་ནོར་འདོད་པ་དང་། །ལོངས་སྤྱོད་དག་ལ་དགའ་མ་གྱུར། །སངས་རྒྱས་མཐའ་ཡས་དེས་མཐོང་ནས། །ཐམས་ཅད་དག་ལ་ཡོངས་ཞུས་ཏེ། །དེ་ཡིས་ཚུལ་ཀུན་འཛུག་པ་ནི། །

མྱུར་བར་རྗེས་སུ་རྟོགས་པར་གྱུར། །ཏིང་འཛིན་འདི་ལ་སྦྱོར་བྱེད་དེས། །ཡིད་དུ་འཐད་ཅེས་བྱ་བ་ཡིན། །བསམ་པ་ཡོངས་སུ་རྫོགས་མཛད་པ། །བྱང་ཆུབ་དེ་ནི་མྱུར་དུ་འཐོབ། །ཕྱི་མའི་དུས་ན་འབྱུང་བ་ནི། །ཡེ་ཤེས་ཕྱག་རྒྱ་འདི་མཉན་ཀྱང་། །ལོངས་སྤྱོད་མེད་ཅིང་

བདེ་བ་མེད། །རབ་ཏུ་བྱུང་བར་འདུན་པའང་མེད། །གཅིག་ལ་གཅིག་ནི་སྤྱོ་བ་དང་། །གཤེ་བ་དང་ནི་བསྡིགས་པ་དང་། །སྨོད་པ་དག་ནི་སྒྲོགས་བྱེད་ཀྱང་། །སངས་རྒྱས་འགྱུར་བར་བྱ་ཞེས་ཟེར། །ཁྱིམ་ན་སྡུག་བསྔལ་སྟོང་ཡོད་པ། །བཟོད་འགྱུར་འདོད་པའི་རྒྱུ་དག་

ལས། །ལྟོས་ནས་ཉོན་མོངས་བྲན་གྱུར་ཀྱང་། །སངས་རྒྱས་འགྱུར་བར་བྱ་ཞེས་ཟེར། །དེ་དག་གི་ནི་རྨི་ལམ་དུ། །སངས་རྒྱས་མཐོང་ནས་དབུགས་འབྱིན་ཅིང་། །མངོན་པའི་ང་རྒྱལ་འབྱུང་གཞན་ཡང་། །ང་ལ་བྱང་ཆུབ་ཐེ་ཙོམ་མེད། །དོན་ཕྱིར་མ་ཡིན་དེ་དག་གིས། །

མདོ་འདི་སྒྲ་ཙམ་མཉན་ནས་ཀྱང་། །དབུགས་དག་འབྱིན་བྱེད་བདག་གིས་ནི། །རིང་པོར་མི་ཐོགས་བྱང་ཆུབ་འཐོབ། །དེ་ཡིས་ཡང་དག་ཚུལ་འདི་ནི། །ཇི་བཞིན་ཐོས་ཤིང་མཉན་བྱས་ཀྱང་། །འཛིན་མེད་ཕྱིར་ཞིང་ཆགས་མེད་པ། །བར་སྣང་གི་ནི་རླུང་བཞིན་ནོ། །འདི་ལ་མང་

Vol. 45 · folio 15a

པོ་ཁ་ཅིག་དག །བྱང་ཆུབ་དོན་ཕྱིར་རབ་བྱུང་ཡང་། །ཕན་ཚུན་ཤེས་ཁེའི་གཞི་དག་ལས། །ཉེས་པ་དག་ནི་སྐྱེད་པར་འགྱུར། །ཤིན་ཏུ་དབུལ་ཞིང་ཤེས་རབ་དམན། །ཐོས་པ་ཙམ་གྱིས་ང་རྒྱལ་ཅན། །གཞན་ལ་སྙེམས་པར་བྱེད་པ་དེས། །བདག་གིས་

བྱང་ཆུབ་མཐར་ཕྱིན་སྙམ། །སྐུ་གདུང་རྙེད་དང་འོད་མཐོང་དང་། །རྒྱལ་བ་མཆོད་པས་སྤུ་ཟིང་བྱེད། །བྱང་ཆུབ་ཐོབ་པར་ཤེས་འགྱུར་བས། །ཆུང་ཟད་ཙམ་གྱིས་ངོ་མཚར་བྱེད། །བྱང་ཆུབ་ཤིན་ཏུ་རིང་གྱུར་པའི། །གང་དེའི་གཡོ་འདི་དག་གིས་ཀྱང་། །ཉམས་པར་བྱས་ནས་

ཕྱིར་ཞིང་ནི། །དེ་ཡི་རྒྱལ་བ་ཤིན་ཏུ་རིང་། །མདོ་འདི་དག་ནི་མཉན་ནས་ཀྱང་། །བྱང་ཆུབ་ཐོབ་པར་འགྱུར་ཤེས་ཤིང་། །ཚེ་དཔག་མེད་གྱུར་བལྟ་བྱ་སྙམ། །མྱུར་དུ་སངས་རྒྱས་བལྟ་བྱ་སྙམ། །དམིགས་པ་དག་ལ་གནས་པ་ཡི། །བྱང་ཆུབ་ཤིན་ཏུ་རིང་བ་སྟེ། །ཡང་

དག་མཐའ་ལ་གང་མི་བརྩོན། །དེ་དག་ལ་ནི་ལུང་མི་བསྟན། །ཚོང་དཔོན་གྱི་ནི་བུ་འདི་ཡིས། །ནོར་མཛོད་གང་ཡིན་བཏང་མཐོང་ནས། །དེ་དག་རབ་ཏུ་བྱུང་ནས་ཕྱིས། །སློངས་མོ་སྟེར་བའི་ཁྱིམ་ལ་ཆགས། །འདི་འདྲའི་ཏིང་ངེ་འཛིན་ནི་གང་། །མར་མེ་མཛད་ལས་ངས་

སྔོན་ཐོས། །ཡང་དག་པ་ནི་མི་ཤེས་པ། །དེ་ནི་གང་ཡང་འབྱུང་མི་འགྱུར། །རིན་ཆེན་རིན་ཐང་མེད་འདོད་ཕྱིར། །རྒྱ་མཚོར་ཤ་ནའི་ཁུར་ཁྱེར་ལྟར། །བླུན་པོ་དེ་དག་རབ་བྱུང་ནས། །ཤེས་ཁེའི་མཆོག་ལ་རག་ལས་སོ། །འདི་ལ་ཐོས་དང་ཚུལ་ཁྲིམས་དང་། །རབ་

ཏུ་བྱུང་བས་དག་མི་འགྱུར། །བྱང་ཆུབ་ལམ་ནི་བསྒྲུབས་འདི་ལ། །བག་ཡོད་པར་ནི་གནས་པར་གྱིས། །ཕྱི་མའི་དུས་ན་གང་ཞིག་གིས། །བཤད་པའི་ཚེ་ན་མཉན་ནས་ཀྱང་། །དེ་ཉིད་ལ་ནི་རྙེད་པའི་རྒྱུས། །ཕྱིར་ཞིང་མི་སྙན་པ་དག་ཟེར། །མདུན་ནས་ཀྱང་ནི་ཕྱག་

འཚལ་ལ། །ལེགས་སོ་ཞེས་ནི་སྦྱིན་བྱེད་ཅིང་། །དེ་ལ་ཆོས་གོས་འབུལ་བྱེད་ཀྱང་། །མི་སྙན་པ་དག་ཟེར་བར་འགྱུར། །མཆི་མ་དག་ཀྱང་བླགས་བྱས་ཤིང་། །བདག་ཉིད་དབུལ་བ་བྱས་ནས་ཀྱང་། །དགེ་འདུན་ནང་དུ་དེ་ལ་ནི། །སྡིག་པ་བྱེད་ཅེས་ཕྱིར་ཞིང་སྨྲ། །

Vol. 45 · folio 15b

སློབ་དཔོན་ལ་ནི་མཆོད་མི་བྱེད། །བླ་མ་དག་ལ་རི་མོ་མེད། །ཆུང་ཟད་ཙམ་གྱིས་ཁྲོ་བྱེད་ཅིང་། །ཁྱིམ་སུན་འབྱིན་དང་ལྡན་པ་ཡིན། །ཕ་རོལ་བསོད་ནམས་མ་དད་ཅིང་། །རང་གི་སྐྱོན་ལ་མི་སེམས་པར། །གཞན་གྱི་མཆོད་པ་ཤེས་ནས་ནི། །ཕྲག་དོག་མི་བཟད་སྐྱེད་པར་

བྱེད། །བདག་གིས་གདུགས་དང་རྒྱལ་མཚན་དང་། །ཆོས་གོས་དང་ནི་མེ་ཏོག་གིས། །སྐུ་གདུང་དག་ནི་མཆོད་བྱས་ནས། །བྱང་ཆུབ་ཐོབ་པར་འགྱུར་ཞེས་ཟེར། །མདོ་འདི་དག་ནི་མཉན་ནས་ཀྱང་། །བདེ་བ་ཐམས་ཅད་སྤང་བྱས་ཏེ། །བསྒྲུབ་པ་དག་ལ་གནས་པ་ནི། །ང་ཡི་

ཡང་དག་མཆོད་འདི་ཡིན། །དཔེར་ན་རབ་འབྱོར་མཆོད་བྱེད་ལྟར། །བདག་གི་ཕུང་པོ་སྤངས་ནས་ཀྱང་། །ཆོས་ཉིད་དེ་ལ་མཆོད་བྱེད་ཀྱི། །སྐུ་གདུང་གཟུགས་ལ་ཅི་ཞིག་མཆོད། །མདོ་འདི་སྒོམ་པར་བྱེད་པ་ན། །སྲོག་ལ་དགའ་བ་སྤང་བྱ་སྟེ། །དགོན་པར་རྟག་ཏུ་གནས་བྱ་

ཞིང་། །འཚོ་བའི་འཇིག་རྟེན་ཟད་པར་བྱ། །མཆོག་དགའ་རྒྱལ་པོ་ང་ལས་ནི། །བསྒྲུབ་པ་དག་ནི་མཉན་ནས་ཀྱང་། །མི་དང་ལྷན་ཅིག་རྒྱུ་བ་ན། །ནམ་ཡང་ཡིད་བརྟན་མི་བྱ་སྨྲ། །འདི་བདེན་འདི་ནི་མི་བདེན་ཞེས། །བདག་སྨྲ་བ་ན་དེ་དག་ནི། །དགའ་བས་མི་སྙན་

རྗོད་བྱེད་པ། །དེ་ཚེ་བདག་ནི་ཉམས་པར་འགྱུར། །བྱང་ཆུབ་མཆོག་ལ་ཕྱིར་ཞིང་ནི། །ཤེས་ཁེའི་སྤྱོད་ཡུལ་འདུན་པ་མེད། །དེ་དག་བྱང་ཆུབ་བཀུར་སྟི་ཅན། །དེ་དག་རྣམ་གྲོལ་ཤིན་ཏུ་རིང་། །སྡོམ་པས་བསྒྲུབས་ཏེ་ངས་ཐོབ་པ། །ང་ཡི་བདག་ཉིད་ཆེན་པོ་དང་། །

རྫུ་འཕྲུལ་གང་ཡང་རུང་བ་དག །འདི་དག་ཐམས་ཅད་འདིར་མཐོང་ངམ། །ཤེས་ཀྱི་ཁེ་དང་རྙེད་སྤངས་ནས། །རི་དགས་བཞིན་དུ་དགོན་པ་ན། །དབེན་པ་དག་ཏུ་བསྟེན་གྱིས་ཏེ། །ས་དང་ཚུལ་ཁྲིམས་གཟུངས་རྣམས་སྤྱོད། །བདེན་མིན་ངས་ནི་མ་སྨྲས་པ། །ཁྱོད་

ལ་བྱིན་གྱིས་བརླབ་བྱ་སྟེ། །ཕྱི་དུས་མི་བཟད་པ་ཡི་ཚེ། །མདོ་སྡེ་འདི་ཡང་ཁྱོད་ལ་ནི། །ཚེ་དཔག་མེད་དང་འཇིག་རྟེན་མགོན། །མི་འཁྲུགས་དེ་བཞིན་འོད་ཟེར་གཏོང་། །དེ་ལ་བྱེ་བ་དྲུག་ཅུ་པོ། །སངས་རྒྱས་འཁོར་བཅས་ཀུན་མཐོང་ངམ། །སྟོན་པ་འཁོར་བཅས་

Vol. 45 · folio 16a

དེ་དག་ནི། །ཕྱི་མའི་དུས་ན་ཆོས་ཀྱང་སྐྱོང་། །མདོ་འདི་ཆོས་ཀྱི་ཕྱག་རྒྱ་སྟེ། །ཕྱི་མའི་ཚེ་ན་བསྒྲུབ་པར་འགྱུར། །ཡོངས་སུ་གཏད་པ་འདི་མཉན་ཚེ། །སྟོང་གསུམ་དག་ཀྱང་གཡོས་གྱུར་ཏེ། །ལྷ་ཡིས་ལེགས་སོ་ཞེས་བྱིན་ཞིང་། །མེ་ཏོག་མང་པོའི་ཆར་

པ་བབ། །དེ་ནས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་སུམ་ཁྲི་དང་ལྷན་ཅིག་ཏུ་ལུས་འདར་ལ་མཆི་མ་ཟག་ཅིང་སྐྱི་བུང་ཞེས་བྱེད་ལ། མཆན་ཁུང་ནས་རྔུལ་བྱུང་བཞིན་དུ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་

ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིག་འཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་དུས་ན་བརྡེག་འཚོག་ལ་ཉེ་བར་གནས་པ་དང་། ཆོས་སྨྲ་བ་ལ་བརྙས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་མཆིས་པ་དང་། བསྟན་པ་

འཇིག་པ་དང་ཡེ་ཤེས་མཐོང་བ་ཆུང་བ་དང་། ཆོས་དཀར་པོ་རྣམ་པར་གཞིག་པ་དང་། འཚོ་བའི་མཐར་གྱུར་པ་དེའི་ཚེ་ན་ལུས་དང་སྲོག་ཡོངས་སུ་བཏང་སྟེ། བདེ་བར་གྲགས་པ་ཐམས་ཅད་བདག་གིས་རལ་གྲི་ལྟ་བུས་གཅད་པར་བགྱི་ཞིང་། དེ་བཞིན་གཤེགས་

པའི་ལམ་གཏེར་སྣ་ཚོགས་པ་སྤོབས་པ་ཕྱིན་ཅི་མ་ལོག་པ་ཕྱག་རྒྱ་དགེ་བའི་རྩ་བ་ལེགས་པར་སྡུད་པའི་རྒྱ་མཚོ་གཟུངས་ཀྱི་རིགས་བདུད་ཟིལ་གྱིས་གནོན་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྒྲུབ་པ་ལ་རྗེས་སུ་རྟོགས་པའི་མདོ་སྡེ་འདི་དང་འདི་ལྟ་བུ་དག་བྲིས་ནས་འཆང་བ་དང་སྟོན་པར་

བགྱིད་ལགས་སོ། །བཅོམ་ལྡན་འདས་བདག་ཅག་སེམས་ཅན་དམྱལ་བ་ན་མཆིས་སུ་ལགས་ཀྱང་། ཏིང་ངེ་འཛིན་རིན་པོ་ཆེ་འདིའི་སླད་དུ་ནི་སྤྲོ་བར་བགྱིད་ལགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་

གསོལ་ཏོ། །འཇིག་རྟེན་མགོན་པོ་མ་གཏོགས་པར། །དཔང་གཞན་སུ་ཡང་མ་མཆིས་ན། །ཅི་ནས་བྱང་ཆུབ་བདག་འདུན་དང་། །བདག་གི་བསམ་པ་མཁྱེན་ལགས་སམ། །རྒྱལ་བ་སླད་དུས་འཇིགས་ཆེན་ཚེ། །བདག་གི་ལུས་དང་སྲོག་དག་ནི། །མ་ལུས་

Vol. 45 · folio 16b

པར་ནི་སྤངས་གྱུར་ཀྱང་། །ཏིང་ངེ་འཛིན་འདི་གཟུང་བར་བགྱི། །གལ་ཏེ་བསྐལ་པ་ཚད་མེད་པར། །སེམས་དམྱལ་གནས་ན་མཆིས་གྱུར་ཀྱང་། །ཏིང་ངེ་འཛིན་འདི་འཆང་བ་ན། །རྟག་ཏུ་དེ་ལ་སྤྲོ་བར་བགྱི། །སེམས་ཅན་ཐམས་ཅད་གཉེར་ནས་ནི། །

ཟང་ཟིང་མ་མཆིས་ཆོས་བསྟན་བགྱི། །འདུ་བྱེད་ཐམས་ཅད་སྤངས་ནས་ཀྱང་། །སྲོག་ཆགས་རྣམས་ཀྱི་དོན་དག་བགྱི། །སླད་དུས་ཉེ་བར་གནས་པ་ན། །བདག་གི་ལུས་སྲོག་རུས་པ་དང་། །ཤ་དང་ཆུ་རྒྱུས་ཞིག་ཀྱང་རུང་། །བདག་གིས་ལེ་ལོ་མི་བགྱིའོ། །

བཤེས་འདྲིན་ཐམས་ཅད་སྤངས་ནས་ནི། །དགོན་གནས་དག་ཏུ་མཆི་བགྱི་ཞིང་། །བྱམས་པས་སེམས་ཅན་ཁྱབ་བགྱི་སྟེ། །ནད་མེད་འགྱུར་བའི་སྨན་སྩལ་བགྱི། །སྤྱོད་ཡུལ་ལོག་པ་གང་དེ་དག །དེ་དག་གི་ནི་མི་བསླབ་ཅིང་། །ཅི་ནས་མདོ་འདི་སྤྱད་པ་ཡང་། །

ཡང་དག་ཇི་བཞིན་སྤྱད་པར་བགྱི། །ཇི་ལྟར་སངས་རྒྱས་མཁྱེན་པ་ལྟར། །རྟག་ཏུ་བག་མཆིས་པར་ཡང་བགྱི། །འདི་ལ་ཐོག་མར་མཆི་བ་དག །སེམས་ཅན་རྣམས་ལའང་སྤྲོ་བར་བགྱི། །ཞུགས་ཀྱི་ཕུང་པོར་མཆོངས་ཀྱང་རུང་། །འཇིགས་ཆེན་སྨན་ཆོས་འཚལ་

ཀྱང་རུང་། །གྲགས་པ་དང་ནི་མཆོད་སླད་དུ། །བྱང་ཆུབ་མཆོག་མ་སྟོན་མི་བགྱིད། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། གང་གཱའི་ཀླུང་བདུན་ཅུའི་བྱེ་མ་དང་མཉམ་པའི་སེམས་ཅན་གང་དག་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ནས་ལྷགས་ཏེ། དེ་དག་གིས་འདི་ཐོས་

ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སྟོང་པོ་དེ་དག་ཐམས་ཅད་ཀྱིས་ཀྱང་ཏིང་ངེ་འཛིན་འདི་ཐོབ་བོ། །ཕྱི་མའི་ཚེ་ན་གང་དག་ཆོས་སྨྲ་བ་ལྷ་འབུམ་ཕྲག་བཅུ་པོ་དེ་དག་ཀྱང་སྤྲོ་བར་མཛད་ནས་བྱང་ཆུབ་ལས་

ཕྱིར་མི་ལྡོག་པར་གྱུར་ཏོ། །ལྷ་དུང་ཕྱུར་ཕྲག་བདུན་པོ་དག་ཀྱང་གང་དག་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ། །འཁོར་བཞི་པོ་མིའི་སྐྱེ་དགུ་བྱེ་བ་ཕྲག་བཅྭ་བརྒྱད་པོ་དག་གིས་ཀྱང་གང་དག་ཆོས་རྣམས་ལ་ཆོས་ཀྱི་མིག་སྐྱེས་སོ། །ངན་སོང་གསུམ་པོ་ཐམས་ཅད་ཀྱང་

Vol. 45 · folio 17a

རབ་ཏུ་ཞི་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་འོད་ཀྱིས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་དག་ཏུ་སྣང་བར་གྱུར་ཏོ། །དེའི་མོད་ལ་སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་གྱི་སེམས་ཅན་ཐམས་ཅད་བདེ་བར་གྱུར་ཏོ། །

བཅོམ་ལྡན་འདས་ཀྱི་འོད་དེ་ལས་རིན་པོ་ཆེ་བཀོད་པ་མཐའ་ཡས་པའི་པད་མ་འདབ་མ་འབུམ་ཡོད་པ་བྱེ་བ་ཁྲག་ཁྲིག་བྱུང་བར་གྱུར་ནས། པད་མ་ཐམས་ཅད་ལ་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་འཁོར་དེ་ལྟ་བུ་དག་དང་

བཞུགས་ཏེ། མཆོག་ཏུ་དགའ་བའི་རྒྱལ་པོ་ཡང་ཐམས་ཅད་ལ་གསོལ་བ་འདེབས་ལ། སངས་རྒྱས་དེ་དག་ཐམས་ཅད་ཀྱིས་ཀྱང་ཏིང་ངེ་འཛིན་འདི་བཀའ་སྩལ་ནས། སེམས་ཅན་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་

ལྡོག་པར་མཛད་དོ། །འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སྟོན་པ་སྤྱོད་པ་ཡོངས་སུ་དག་པར་བྱེད་པ་ཞེས་བྱ་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་བཀའ་

སྩལ་པ། མཆོག་ཏུ་དགའ་བའི་རྒྱལ་པོ་དེ་ལྟ་བས་ན་སྦྱིན་པ་ལྷུར་མ་བྱེད་པར། ཆོས་ལ་མཆོད་པ་བྱ་བའི་ཕྱིར་ནི་མཆོད་པ་གྱིས་ཤིག །མཆོག་ཏུ་དགའ་བའི་རྒྱལ་པོ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་མང་པོ་དག་བྱུང་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་

པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་སྡུག་མཛེས་པ་རྣམ་པར་ངེས་པའི་འོད་ཀྱི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ་ཞིག་བྱུང་སྟེ། སྐུ་ཚེའི་ཚད་ནི་དཔག་ཏུ་མེད་དོ། །སངས་རྒྱས་ཀྱི་ཞིང་གི་བཀོད་པ་ནི་མཐའ་ཡས་སོ། །འཁོར་ནི་གྲངས་མེད་དོ། །ཕྱི་མའི་དུས་ལྔ་བརྒྱ་

པ་ཐ་མའི་ཚེ་དེའི་ཆོས་སྨྲ་བ་རིན་པོ་ཆེའི་ལུས་མཐའ་ཡས་པར་གྲགས་པ་སྤྱོད་པའི་མཛོད་ཅེས་བྱ་བ་ཞིག་བྱུང་བར་གྱུར་ཏེ། དེ་ཏིང་ངེ་འཛིན་འདི་སྟོན་པ་ན་དགེ་སློང་གཞན་དག་གིས་བསྟན་པ་ཐམས་ཅད་ལས་བསྙིལ་བར་གྱུར་ཏོ། །དེ་ནས་ཆོས་སྨྲ་བ་དེ་ཞུམ་པ་མེད་པའི་སེམས་

Vol. 45 · folio 17b

ཀྱིས་ལུས་དང་སྲོག་ལ་མི་བལྟ་བར། འདི་ལྟར་དུར་ཁྲོད་དུ་གནས་བཅས་ནས་རྩ་བ་དང་འབྲས་བུ་ཟ་ཞིང་ཏིང་ངེ་འཛིན་འདི་བསྟན་པའི་ཚེ། དེ་ལས་ཆོས་མཉན་པའི་ཕྱིར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དག་ནས་བཟུང་སྟེ། འོག་མིན་གྱི་བར་གྱི་ལྷ་རྣམས་ལྷགས་སོ། །དེའི་ཚེ་

འཁོར་ལོས་སྒྱུར་བའི་རྒྱལ་པོ་སྐྱེ་བོ་མང་པོ་མངོན་པར་དགའ་ཞིང་མྱ་ངན་མེད་པའི་ང་རོ་ཞེས་བྱ་བ་ཞིག་བྱུང་སྟེ། དེས་ཆོས་སྨྲ་བ་དེ་ལས་ཏིང་ངེ་འཛིན་འདི་མཉན་ཏོ། །མཉན་ནས་ཀྱང་ཆོས་སྨྲ་བ་དེ་ལ་མི་འཇིགས་པ་བྱིན་ཏེ། དགེ་སློང་སངས་རྒྱས་ཀྱིས་ཡང་དག་པར་བཀའ་

སྩལ་པའི་ཏིང་ངེ་འཛིན་འདི་སྟོན་ཅིག །བདག་ནི་ཁྱོད་ལ་བསྲུང་ཞིང་སྐྱོང་བ་ལགས་སོ། །དེས་བུ་སྟོང་ཡང་དེའི་བསྲུངས་མར་བཀོད་ལ། ཐོགས་པ་མེད་པའི་སེམས་ཀྱིས་སྲོག་ཆགས་སུམ་ཁྲི་ཞིག་ཀྱང་བདེ་བའི་ཡོ་བྱད་ཐམས་ཅད་སྦྱོར་དུ་བཅུག་གོ། །ཆོས་སྨྲ་བ་བདེ་

བར་གནས་པར་བྱས་པ་དེས་ཀྱང་བསྐལ་པ་ཕྱེད་ཀྱི་བར་དུ་ཏིང་ངེ་འཛིན་འདི་བསྟན་ཏེ། དགེ་བའི་རྩ་བ་དེ་བྱས་པས་ཆོས་སྨྲ་བ་དང་། རྒྱལ་པོ་བུ་དང་བཅས་ཤིང་སྐྱེ་བོའི་འཁོར་དང་བཅས་པ་དང་། ཚོགས་པ་ཐམས་ཅད་ཀྱིས་བསྐལ་པ་བརྒྱད་ཅུར་སངས་རྒྱས་གཏམས་པ་བྱེ་

བ་སུམ་ཁྲི་མཉེས་པར་བྱས་ཏེ། ཐམས་ཅད་ལས་ཏིང་ངེ་འཛིན་འདི་ཐོབ་བོ། །བསམ་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་འཛིན་པར་གྱུར་ཏོ། །མཆོག་ཏུ་དགའ་བའི་རྒྱལ་པོ་དེའི་ཚེ་ན་ཆོས་སྨྲ་བ་དེ་གལ་ཏེ་ཁྱོད་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་

དེ་དེ་ལྟར་མི་བལྟ་སྟེ། དེ་བཞིན་གཤེགས་པ་ཚེ་དཔག་མེད་ནི་ཆོས་སྨྲ་བར་དེར་གྱུར་ཏོ། །དེ་བཞིན་གཤེགས་པ་མི་འཁྲུགས་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །བསྐལ་པ་བཟང་པོ་པའི་སངས་རྒྱས་སྟོང་ནི་རྒྱལ་པོའི་བུ་རྣམས་སུ་གྱུར་ཏོ། །མཆོག་ཏུ་

དགའ་བའི་རྒྱལ་པོ་ལ་སོགས་ཏེ་བྱང་ཆུབ་སེམས་དཔའ་སུམ་ཁྲི་པོ་འདི་དག་ནི་འདི་ལྟར་ཆོས་སྨྲ་བ་དེའི་བསམ་པ་ཇི་ལྟ་བ་བཞིན་བདེ་བར་སྦྱོར་བ་དང་། བསྲུང་ཞིང་སྐྱོང་བར་གྱུར་ཏོ། །མཆོག་ཏུ་དགའ་བའི་རྒྱལ་པོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་ཡིན་

Vol. 45 · folio 18a

ཏེ། དེ་ལྟ་བས་ན་ཡང་དག་པར་བསྒྲུབ་པར་གནས་པས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ནི་གུས་པ་དང་བཅས་པར་ཟུང་ཤིག །ལྷོགས་ཤིག །བྲི་བར་གྱིས་ཤིག །སྟོན་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་

འདི་དག་བཀའ་སྩལ་ཏོ། །གང་གིས་བསྐལ་པ་བྱེ་བ་སྟོང་ཚང་བར། །སེམས་ཅན་ཀུན་ལ་བདེ་བ་བྱིན་པ་བས། །ལ་ལས་བྱང་ཆུབ་མཆོག་སེམས་གཅིག་བསྐྱེད་པ། །དེ་ཡི་བསོད་ནམས་དཔེར་ཡང་བཟོད་མི་འགྱུར། །ཕྱོགས་བཅུ་དག་ན་སེམས་ཅན་ཇི་སྙེད་པ། །

དེ་དག་ཐམས་ཅད་རང་རྒྱལ་གྱུར་དེ་ལ། །བདེ་བ་ཀུན་གྱིས་བསྐལ་པར་བཀུར་བྱས་ཀྱང་། །འདི་ལྟར་བྱང་ཆུབ་མཆོག་ཙམ་བསོད་ནམས་མེད། །འཇིག་རྟེན་སེམས་ཅན་ཀུན་སངས་རྒྱས་གྱུར་ཏེ། །དེ་དག་བསམ་པ་ཇི་བཞིན་བསྐལ་མཆོད་པས། །ལ་ལས་བྱང་

ཆུབ་མཆོག་སེམས་གཅིག་བསྐྱེད་པ། །དེ་ཡི་བསོད་ནམས་དཔེར་ཡང་བཟོད་མི་འགྱུར། །གང་གིས་སངས་རྒྱས་ཆོས་རྣམས་བསྲུང་བའི་ཕྱིར། །ཚིག་བཞིའི་ཚིགས་བཅད་མི་ཡིས་གུས་བྱེད་པས། །ལ་ལས་བྱང་ཆུབ་ཡོངས་སུ་བསྲུང་བའི་ཕྱིར། །བྱང་ཆུབ་

སེམས་ཀྱི་བསོད་ནམས་དེ་འདྲ་མེད། །འཇིག་རྟེན་ཁམས་འདིའི་སེམས་ཅན་གང་སུ་དག །དེ་དག་ཐམས་ཅད་བྱང་ཆུབ་བཀོད་པ་བས། །ལ་ལས་ཕུང་པོ་མེད་པའི་ཚིག་མཉན་ནས། །སྐྲག་མེད་དེ་ཡི་བསོད་ནམས་ཁྱད་པར་འཕགས། །གང་གཱའི་ཀླུང་ཕྲག་

བྱེ་བ་བྱེ་སྙེད་ཀྱི། །བསྐལ་པར་བྱང་ཆུབ་སེམས་དཔས་རིན་པོ་ཆེའི། །འབྱོར་པ་ཀུན་གྱིས་ཞིང་བཀང་སྦྱིན་བྱིན་པས། །ལ་ལས་བྱང་ཆུབ་བསྲུངས་འདི་ཁྱད་པར་འཕགས། །རྒྱལ་བས་གནང་བའི་བྱང་ཆུབ་བསྲུང་བྱ་བ། །བསམ་གྱིས་མི་ཁྱབ་པ་ཡི་ཏིང་

འཛིན་འདི། །གང་ཞིག་ཚིག་བཞིའི་ཚིགས་བཅད་བསྲུང་བ་དེའི། །ཚིག་ཀུན་གྱིས་ནི་བརྗོད་པར་མི་ནུས་སོ། །གང་ཞིག་ཏིང་འཛིན་འདི་བྲིས་འཆང་བྱེད་པ། །དུས་བྱེད་ཚེ་ན་སངས་རྒྱས་ཕལ་ཆེན་མཐོང་། །དེ་ནི་དྲན་ལྡན་གཞར་ཡང་རྨོངས་པ་མེད། །

Vol. 45 · folio 18b

གང་དུ་འདོད་པ་དེར་ནི་སྐྱེ་བ་ལེན། །ཏིང་འཛིན་རྒྱལ་པོ་ལ་ནི་དགའ་བྱེད་པ། །བྱང་ཆུབ་མ་ཐོབ་བར་དུ་ལུས་བདེ་ཞིང་། །དེ་བཞིན་སེམས་བདེ་མཐོ་རིས་སུ་ཡང་འགྲོ། །འཕགས་དང་ཕྲད་ཅིང་སྡུག་བསྔལ་གཞར་མི་མྱོང་། །རྒྱལ་བ་རྣམས་ཀྱི་མཛོད་ཡིན་འོད་མཐའ་

ཡས། །སྒོ་མོ་སྟོང་ཕྲག་ཁྲི་ལ་འཇུག་པ་དག །སྟོབས་མཆོག་གནས་ཏེ་ང་ཡིས་བསྟན་པར་བྱས། །ཏིང་འཛིན་བྱང་ཆུབ་འདི་ལ་སྦྱོར་བར་གྱིས། །ངས་ནི་ཚིག་གིས་བརྗོད་ནུས་དེ་སྙེད་དོ། །ཁྱོད་ཀྱིས་བྱ་བ་དག་ནི་འདི་ཡིན་ཏེ། །ཇི་སྲིད་བར་དུ་དེར་འཇུག་སྦྱོར་གྱིས་

དང་། །ཕྱི་མའི་དུས་ན་གདུངས་པར་མི་འགྱུར་རོ། །ཇི་ལྟར་ལག་ཏུ་འོངས་བཞིན་ངས་བཤད་དེ། །ལྷག་པའི་བསམ་པས་སྤྱོད་པ་སྦྱོར་གྱིས་ཤིག །བྱམས་པས་བྱ་བ་མང་པོ་ངས་བྱས་པས། །ཕ་ཡིས་བུ་ལ་གདམས་པ་བཞིན་དུ་བྱ། །དེ་ནས་བཅོམ་ལྡན་འདས་

ཀྱིས་ཏིང་ངེ་འཛིན་འདི་བསྟན་ནས་ཏིང་ངེ་འཛིན་འདི་ལ་སྙོམས་པར་ཞུགས་སོ། །བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ཡང་སྙོམས་པར་ཞུགས་ཏེ་ཏིང་ངེ་འཛིན་འདི་ཞག་བདུན་དུ་ཆོས་རབ་ཏུ་རྣམ་པར་འབྱེད་པས་རབ་ཏུ་རྣམ་པར་འབྱེད་དོ། །དེ་ནས་ཡངས་

པ་ཅན་གྱི་ནང་རོལ་ན་ལིཙྪ་བཱི་བརྒྱད་ཁྲི་བཞི་སྟོང་དང་ཡངས་པ་ཅན་གྱི་ཕྱི་རོལ་ན་ལིཙྪ་བཱི་བརྒྱད་ཁྲི་བཞི་སྟོང་འཁོད་པ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་དང་། འཇིག་རྟེན་ལ་ཐུགས་བརྩེ་བའི་ཕྱིར་དང་།

ལྷ་དང་མི་རྣམས་ལ་ཕན་པ་དང་། བདེ་བའི་དོན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ནང་དུ་ཡང་དག་འཇོག་ལ་ཞུགས་པ་

དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ལས་བཞེངས་པར་བདག་ཅག་གི་ནང་ནས་སུས་གསོལ་བ་གདབ་སྙམ་མོ། །དེ་ནས་ནང་རོལ་ན་འཁོད་པའི་ལིཙྪ་བཱི་རྣམས་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །

Vol. 45 · folio 19a

བཙུན་པ་ཤཱ་རིའི་བུ་ཚེ་ཐུང་བའི་དུས་ན་སངས་རྒྱས་འབྱུང་བ་ཡང་དཀོན་ལ། དད་པ་ཡང་དཀོན་པས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་པར་བཞག་པ་དེ་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཏིང་ངེ་འཛིན་དེ་ལས་ལེགས་པར་བཞེངས་སུ་གསོལ་ཅིག །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལིཙྪ་བཱི་དེ་དག་ལས་ཚིག་དེ་ཐོས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་བསམ་

གཏན་གྱིས་བསམ་གཏན་དུ་ཞུགས་ཤིང་། ཏིང་ངེ་འཛིན་གྱིས་ཏིང་ངེ་འཛིན་དུ་ཞུགས་པ་དག་བཙལ་ཡོངས་སུ་བཙལ་ཀྱང་དེ་བཞིན་གཤེགས་པའི་གནས་པ་མངོན་པར་མ་རྟོགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་ག་ལ་བ་དེར་སོང་སྟེ།

ལིཙྪ་བཱི་རྣམས་ཀྱི་བསམ་པ་དང་རང་བཞིན་དེ་ཉིད་སྨྲས་སོ། །དེ་ནས་མཽད་གལ་གྱི་བུ་ཆེན་པོ་རྫུ་འཕྲུལ་གྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་ནས་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་

ལས་བཞེངས་པར་གསོལ་བའི་ཕྱིར་ཚངས་པའི་འཇིག་རྟེན་མན་ཆད་དབྱངས་ཀྱིས་གོ་བར་བྱས་ཀྱང་མ་བཞེངས་སོ། །དེ་བཞིན་དུ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཀུན་ཤེས་ཀཽཎྜི་ནྱ་དང་། ཚེ་དང་ལྡན་པ་བཟང་པོ་དང་། ལག་

བཟངས་དང་། མིང་ཆེན་དང་། བ་ལང་བདག་དང་། སྒྲ་གཅན་འཛིན་དང་། གང་པོ་དང་། རབ་འབྱོར་དང་། ཀཱ་ཏྱཱའི་བུ་དང་། འོད་སྲུང་དང་། ཀུན་དགའ་བོ་དང་། གང་པོ་ངན་དང་། ཀ་པི་ན་ཆེན་པོ་དང་། ཉེ་བར་འཁོར་དང་། བྱང་ཆུབ་སེམས་དཔའ་བྱམས་པ་

ཡང་བྱང་ཆུབ་སེམས་དཔའ་ལྔ་སྟོང་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ། བཅོམ་ལྡན་འདས་ལ་འཁོར་བར་བསྐོར་ནས་རང་རང་གི་སྟན་ལ་འཁོད་དོ། །རྒྱལ་པོ་ཆེན་པོ་བཞི་རྣམས་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། ཤིན་ཏུ་འཐབ་བྲལ་

Vol. 45 · folio 19b

དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་ཀྱང་འདོད་པ་ན་སྤྱོད་པའི་ལྷའི་བུ་དཔག་ཏུ་མེད་པ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་

འཚལ་ཏེ། བཅོམ་ལྡན་འདས་ཉིད་ལ་འདུད་ཅིང་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ། །ཚངས་པ་དང་། འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བར་དུ་དེ་བཞིན་དུ་སྦྱར་ཏེ། ལྷའི་བུ་དཔག་ཏུ་མེད་པ་དག་དང་ལྷན་

ཅིག་ཏུ་བཅོམ་ལྡན་འདས་ཉིད་ལ་འདུད་ཅིང་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་དེ་ཞག་བདུན་དུ་ཡིད་ལ་གཞན་མི་བྱེད་པར་ནང་དུ་ཡང་དག་འཇོག་ལ་ཞུགས་པར་གྱུར་ཏོ། །དེས་ཞག་བདུན་འདས་པ་

དང་བསམས་དཔྱད་དེ། ནང་དུ་ཡང་དག་འཇོག་ལས་ལངས་ནས། བྱང་ཆུབ་སེམས་དཔའ་ཡོན་ཏན་ལ་དབང་དུ་གྱུར་པ་དག་དང་། འཁོར་གྱི་ཁྱམས་ག་ལ་བ་དེར་དོང་སྟེ་ལྷགས་ནས་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ནས་སྟན་ལ་

འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་མཁྱེན་བཞིན་དུ་བཞེངས་ཏེ་ཐམས་ཅད་དང་ལྡན་པའི་འཁོར་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་ནས་ཅང་མི་གསུང་བར་བཞུགས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་

བའི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་བཀའ་མཆིད་འབེལ་བ་བཀའ་སྩལ་བའི་དུས་ལ་བབ་སྟེ། དེ་ལྟ་ལགས་པས། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་

སྐབས་ཕྱེ་ན། བཅོམ་ལྡན་འདས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་

Vol. 45 · folio 20a

གཤེགས་པ་ལ་ཞུས་ཤིག་དང་ངས་ཞུ་བ་ཞུས་པ་དེ་དང་དེ་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཅོམ་ལྡན་འདས་འདི་ན་བདག་གཅིག་པུ་དབེན་པར་ཞུགས་ཏེ། ནང་དུ་ཡང་དག་འཇོག་ལ་ཞུགས་པ་ན་འདི་སྙམ་དུ་གང་དག་བྱང་ཆུབ་སེམས་དཔའ་འདི་དག་བྱང་ཆུབ་ཀྱི་དོན་དུ་ཡང་དག་པར་འགྲུབ་པར་འགྱུར་བ་དང་། དེ་དག་བྱང་ཆུབ་ཀྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དག་

གིས་དགེ་བའི་རྩ་བ་སོགས་པར་འགྱུར་རོ་སྙམ་བགྱིད་ན། བཅོམ་ལྡན་འདས་དེ་ལ་ཕ་རོལ་ཏུ་ཕྱིན་པ་སེམས་ཅན་རྣམས་ལ་ཕན་འདོགས་པ་ཞིག་གམ། ཕ་རོལ་ཏུ་ཕྱིན་པ་བྱང་ཆུབ་ལ་ཕན་འདོགས་པ་ཞིག་གམ། ཕ་རོལ་ཏུ་ཕྱིན་པ་ཟག་པ་དང་བཅས་པ་ཞིག་གམ།

ཕ་རོལ་ཏུ་ཕྱིན་པ་ཟག་པ་མེད་པ་ཞིག་གམ་ཞེས་དེ་ལྟར་བརྟགས་ཏེ་ཅི་ནས་ཀྱང་ཕ་རོལ་ཏུ་ཕྱིན་པ་གང་ལ་བྱང་ཆུབ་སེམས་དཔའ་ཡང་དག་པར་འཕེལ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ཚུལ་ཐོག་མ་དང་། བར་མ་དང་། ཐ་མའི་བར་དུ་ལེགས་པར་གཟུང་བ་

བསྐྱེད་པ་དང་། ཐབས་ལ་མཁས་པའི་སྤྱོད་པ་དེ་དག་མཆོག་ཏུ་དགའ་བ་ཆེས་མང་པོ་རབ་ཏུ་ཐོབ་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་རྒྱ་ཆེར་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཆོག་ཏུ་དགའ་བའི་རྒྱལ་པོ་ལེགས་སོ་ལེགས་

སོ། །མཆོག་ཏུ་དགའ་བའི་རྒྱལ་པོ་ཁྱོད་གང་གི་ཕྱིར་དེ་བཞིན་གཤེགས་པ་ལ་དོན་འདི་ཉིད་དྲི་བར་སེམས་པ་ཁྱོད་ལེགས་སོ། །དེ་ལྟ་མོད་ཀྱི་ཁྱོད་ཀྱིས་འདས་པའི་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་དག་ལས་ཀྱང་ཞུ་བ་འདི་ཉིད་ཞུས་སོ། །མཆོག་ཏུ་དགའ་བའི་རྒྱལ་པོ་

དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཚུལ་བཞིན་དུ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཆོག་ཏུ་

Vol. 45 · folio 20b

དགའ་བའི་རྒྱལ་པོ་ཡོངས་སུ་སྦྱོང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སྣང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཇིག་རྟེན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སེམས་ཅན་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །གནས་པའི་ཕ་རོལ་

ཏུ་ཕྱིན་པ་དྲུག་ཡོད་དོ། །འཁོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཀུན་ནས་ཉོན་མོངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །གཞན་ལ་ཕན་འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །གནས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བྱང་ཆུབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་དྲུག་ཡོད་དོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བདག་ལ་ཕན་འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཐོབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྣམ་པ་གསུམ་ལྟ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་

དོ། །ལས་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ལམ་ཤིན་ཏུ་སྦྱངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བརྩོན་པ་མི་འདོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བྱ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །

བྱ་བ་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རློམ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བརྩམས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དགེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྣོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཟབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །

སྣ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བཀོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཐུབ་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སེམས་ཅན་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཆོས་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཞི་

གནས་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ལྷག་མཐོང་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཐམས་ཅད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཕྱོགས་གཅིག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་

Vol. 45 · folio 21a

ཡོད་དོ། །བཅོས་མ་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དབུལ་པོ་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཕྱིར་མི་ལྡོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྣམ་པར་བསྒྲུབས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དག་པའི་ཕ་རོལ་ཏུ་

ཕྱིན་པ་དྲུག་ཡོད་དོ། །བརྟན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བརྟུན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ངོམས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །

བླ་ན་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །གཡེང་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མི་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཁོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཐུན་མོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཐུན་མོང་མ་ཡིན་པའི་ཕ་རོལ་ཏུ་

ཕྱིན་པ་དྲུག་ཡོད་དོ། །རྣམ་པར་འགེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྣམ་པར་སྨིན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ངོ་བོ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དངོས་པོ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྒྱ་ཆེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་

ཡོད་དོ། །རྒྱས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཚོལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྒལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མངོན་པར་དགའ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མངོན་པར་

དགའ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཐོས་པ་འཛིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཁོར་བར་ཡུན་རིང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྒྱུན་ཆད་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འདོད་པའི་ཡོན་ཏན་ཡོངས་སུ་སྨིན་པར་བསྔོས་པའི་

ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བསམ་གཏན་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཇིག་རྟེན་པའི་བཟོའི་གནས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བྱམས་པས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་

Vol. 45 · folio 21b

ཕྱིན་པ་དྲུག་ཡོད་དོ། །སྙིང་རྗེས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དགའ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བཏང་སྙོམས་ཀྱིས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ལོག་པར་ལྟ་བས་ཡོངས་སུ་

བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཡང་དག་པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་

དྲུག་ཡོད་དོ། །གནས་མེད་པས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ང་རྒྱལ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཕན་འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཕན་མི་འདོགས་པའི་ཕ་རོལ་ཏུ་

ཕྱིན་པ་དྲུག་ཡོད་དོ། །ལྷག་མ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ལྷག་མ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རིགས་པའི་ཁྱད་པར་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སངས་རྒྱས་

འབྱུང་བ་ཕུན་སུམ་ཚོགས་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དྲན་པ་ཉམས་པ་མེད་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སངས་རྒྱས་འབྱུང་བ་རབ་ཏུ་འཐོབ་པ་ཁྱིམ་གྱི་དངོས་པོ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ངེས་པར་འབྱུང་བ་

བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མང་དུ་ཐོས་པ་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རབ་ཏུ་བྱུང་བའི་ངང་ཚུལ་རྒྱུན་མི་ཆད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མངོན་པར་ཤེས་པ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མངོན་པར་ཤེས་པ་

རྒྱུན་ཆད་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ལུས་འདོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྣམ་པར་སྨིན་པ་མང་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྣམ་

Vol. 45 · folio 22a

པར་སྨིན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མངོན་པར་དགའ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དུས་སུ་སྦྱིན་པ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འོད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འོད་མཐའ་ཡས་

པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྣམ་པར་སྨིན་པ་བདེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཕྱིར་མི་ལྡོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དགའ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྣམ་པར་དག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཇིག་རྟེན་པའི་

ཆོས་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སྐྱེ་བ་བཀོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རིགས་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཁོར་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཁོར་མི་ཕྱེད་

པ་སྒྲུབ་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྣམ་པར་སྨིན་པ་དག་པ་སྐྱེད་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཕྱོགས་རྣམ་པར་ལྟ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཡོངས་སུ་ཤེས་པ་ཡོངས་སུ་བསྒྲགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །

བག་ཡོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བརྫི་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མྱ་ངན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དབང་ཆེ་བར་གྲགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སྐུལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །

བརྗེད་ངས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་རྣམས་ཕན་ཚུན་འབྲེལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མངོན་པར་འབྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དུས་ཤེས་པའི་ཕ་

རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྣམ་པར་དབྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །འཇིག་རྟེན་དང་འཐུན་པར་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སྤོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྡོ་རྗེ་ལྟ་བུའི་ཕ་རོལ་ཏུ་

Vol. 45 · folio 22b

ཕྱིན་པ་དྲུག་ཡོད་དོ། །མུན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཟིལ་གྱིས་མི་ནོན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །བདུད་ཀྱི་དཔུང་འཇོམས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །གཡོ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སྐད་ཅིག་གཅིག་

དང་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མཉམ་པར་མ་བཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །མཉམ་པར་བཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཡོངས་སུ་སྨིན་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །

ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ལྷག་མ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ལྷག་མ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དང་དུ་ལེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །རྟོགས་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་

དོ། །རྒྱ་ཆེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །ཡིད་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །གཞན་ལ་དགེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །གཞན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དོ། །དེ་བཞིན་དུ་སྦྱར་ཏེ། ཡང་དག་པར་སྤོང་བ་རེ་རེའི་ཕ་རོལ་ཏུ་ཕྱིན་པ་དྲུག་

དྲུག་གོ། །རྫུ་འཕྲུལ་གྱི་རྐང་པ་བཞི་པོ་རེ་རེའི་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ། །བསམ་གཏན་བཞི་པོ་དག་གི་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ། །དྲན་པ་ཉེ་བར་གཞག་པ་བཞི་པོ་དག་གི་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ། །བདེན་པ་བཞི་པོ་དག་གི་ཡང་ཕ་རོལ་

ཏུ་ཕྱིན་པ་དྲུག་དྲུག་གོ། །དབང་པོ་ལྔ་པོ་རེ་རེའི་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ། །སྟོབས་ལྔ་པོ་དག་གི་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ། །བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དག་གི་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ། །འཕགས་པའི་ལམ་ཡན་ལག་བརྒྱད་པོ་

དག་གི་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ། །ཞི་གནས་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ལྷག་མཐོང་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །རིག་པ་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །རྣམ་པར་གྲོལ་བ་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་

Vol. 45 · folio 23a

དྲུག་གོ། །དགེ་སློང་གིས་འཁོར་ཉེ་བར་འོང་བ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །སོ་སོ་ཡང་དག་པར་རིག་པ་བཞི་པོ་དག་གི་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ། །ཡོངས་སུ་སྐྱོ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །སྦྱིན་པ་ལས་ངེས་པར་བྱུང་

བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ཚུལ་ཁྲིམས་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །བཟོད་པ་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །བརྩོན་འགྲུས་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །བསམ་གཏན་ལས་ངེས་པར་བྱུང་

བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ཤེས་རབ་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། སེམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །གཞན་ལ་ཕན་པར་ཡོངས་སུ་བསྔོས་པའི་ཟང་ཟིང་གི་ཕ་རོལ་ཏུ་

ཕྱིན་པ་དྲུག་གོ། །བདག་ལ་ཕན་པར་ཡོངས་སུ་བསྔོས་པའི་ཟང་ཟིང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དོན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །སྤྲོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །སྟོང་པ་ཉིད་ཀྱི་ཕ་རོལ་

ཏུ་ཕྱིན་པ་དྲུག་གོ། །མཚན་མ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །སྨོན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །གཞན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །རྣམ་པར་སྨིན་པ་གཞན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །སྦྱོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་བཞིན་གཤེགས་

པའི་སྟོབས་བཅུ་པོ་དག་གི་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ། །མི་འཇིགས་པ་བཞི་པོ་དག་གི་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ། །སྙིང་རྗེ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ཤའི་སྤྱན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ལྷའི་སྤྱན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ཤེས་

རབ་ཀྱི་སྤྱན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ཆོས་ཀྱི་སྤྱན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །སངས་རྒྱས་ཀྱི་སྤྱན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །རང་བྱུང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །རྣམ་པར་རོལ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །གཏིང་དཔག་དཀའ་བའི་ཕ་

Vol. 45 · folio 23b

རོལ་ཏུ་ཕྱིན་པ་དྲུག་གོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་རེ་རེའི་འང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གོ། །མཁས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ཇི་ལྟ་བ་བཞིན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །རང་བཞིན་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །འདོད་པ་

ན་སྤྱོད་པའི་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །གཟུགས་ན་སྤྱོད་པའི་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །གཟུགས་མེད་པ་ན་སྤྱོད་པའི་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དཀར་པོ་རྣམ་པར་མཐོང་བའི་སའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །རིགས་ཀྱི་སའི་ཆོས་ཀྱི་ཕ་རོལ་

ཏུ་ཕྱིན་པ་དྲུག་གོ། །བརྒྱད་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །རྒྱུན་དུ་ཞུགས་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ལན་ཅིག་ཕྱིར་འོང་བའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ཕྱིར་མི་འོང་བའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དགྲ་བཅོམ་པའི་ཆོས་ཀྱི་ཕ་རོལ་

ཏུ་ཕྱིན་པ་དྲུག་གོ། །རང་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ཟད་པ་ཤེས་པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །མི་སྐྱེ་བ་ཤེས་པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །བྱིན་གྱི་རླབས་ཀྱི་ཕ་རོལ་ཏུ་

ཕྱིན་པ་དྲུག་གོ། །དམ་པའི་ཆོས་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །སྤྱོད་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ཕན་པར་འདོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ཉོན་མོངས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །

སྤངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ཚེའི་འདུ་བྱེད་འདོར་བ་ལ་དབང་སྒྱུར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །མྱ་ངན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ཆོ་འཕྲུལ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །བསྟན་པ་རྣམ་པར་དབྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །རིང་

བསྲེལ་རྣམ་པར་དབྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །མཆོག་ཏུ་དགའ་བའི་རྒྱལ་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ཏུ་ཕྱིན་པ་བརྒྱ་ཉི་ཤུ་རྩ་གཅིག་པོའི་བསམ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ལ་ཁྱད་པར་ཅན་ཉིད་

Vol. 45 · folio 24a

འཐོབ་པར་འགྱུར་རོ། །མཚུངས་པ་མེད་པ་ཉིད་འཐོབ་པར་འགྱུར་རོ། །གཞན་ལ་རག་མ་ལས་པའི་ཤེས་པ་ཉིད་ཐོབ་པར་འགྱུར་རོ། །འདུས་བྱས་ཐམས་ཅད་ཟིལ་གྱིས་ཀྱང་གནོན་ལ་སྲིད་པ་ཡང་ཡང་དག་པར་འགྲུབ་པར་བྱེད་དོ། །ཐེ་ཙོམ་

ཐམས་ཅད་གཅོད་པ་ཡང་དག་པར་འགྲུབ་པར་འགྱུར་རོ། །ཐམས་ཅད་མཁྱེན་པ་ཉིད་འཐོབ་པ་ཡང་དག་པར་འགྲུབ་པར་འགྱུར་རོ། །དེས་ཕ་རོལ་ཏུ་ཕྱིན་པ་འདི་དག་ཡོངས་སུ་རྫོགས་པར་བྱས་པས་ཏིང་ངེ་འཛིན་བརྒྱད་ཁྲི་བཞི་སྟོང་དག་འཐོབ་པར་འགྱུར་རོ། །

གཟུངས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དག་སྒྲུབ་པར་འགྱུར་རོ། །སངས་རྒྱས་ཀྱི་རྣམ་པར་རོལ་པ་ལྔ་བརྒྱ་དག་སྒྲུབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་ཡུལ་ལ་མཁས་པ་ཉིད་དུ་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་

དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཡུལ་ངེས་པར་སྟོན་པ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་འདི་མདོར་བསྡུས་ཏེ་བཀའ་སྩལ་གྱི་དོན་རྒྱས་པར་ཕྱེ་སྟེ་མ་གསུངས་པས་བདག་

གིས་མ་འཚལ་ཏོ། །དེ་ལྟ་ལགས་པས། བཅོམ་ལྡན་འདས་ཀྱིས་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་དང་། སྐྱེ་བོ་མང་པོ་ལ་ཐུགས་བརྩེ་བའི་ཕྱིར་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བར་འགྱུར་བ་དེ་རྒྱ་

ཆེར་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཆོག་ཏུ་དགའ་བའི་རྒྱལ་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་

རྒྱ་ཆེར་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་ནས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །མཆོག་ཏུ་དགའ་བའི་རྒྱལ་པོ་དེ་ལ་ཡོངས་སུ་

Vol. 45 · folio 24b

སྦྱོང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་བྱང་ཆུབ་ཀྱི་ཕྱིར་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་དགའ་བའི་ངོ་བོ་ཡིན་ཡང་སྔོན་ཡང་དག་པར་རྫོགས་

པའི་སངས་རྒྱས་དང་སེམས་ཅན་གཞན་སུ་ཡང་རུང་བ་དག་ལ་བྱང་ཆུབ་ཅེས་རབ་ཏུ་རྗོད་པར་མི་བྱེད་ཅིང་སྨོན་པའི་སེམས་ཡོད་པ་གང་ཡིན་པ་དེ་ནི་ཡོངས་སུ་སྦྱོང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱའོ། །དེ་ལ་སྣང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན།

ཕ་རོལ་ཏུ་ཕྱིན་པའི་ཆོས་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་སྐྱེ་བ་སྦྱིན་པ་སྔོན་དུ་འགྲོ་བའམ། ཚུལ་ཁྲིམས་སྔོན་དུ་འགྲོ་བའམ། བཟོད་པ་སྔོན་དུ་འགྲོ་བའམ། བརྩོན་འགྲུས་སྔོན་དུ་འགྲོ་བའམ། བསམ་གཏན་སྔོན་དུ་འགྲོ་བའམ།

ཤེས་རབ་སྔོན་དུ་འགྲོ་བ་ཞིག་གམ་ཞེས་བདག་ཉིད་དཔྱོད་པར་བྱེད་པ་གང་ཡིན་པ་དེ་ནི་སྣང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་འཇིག་རྟེན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ཅན་ལ་དམིགས་པའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་

པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་གང་ཡིན་པ་འདི་དག་ནི་འཇིག་རྟེན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱའོ། །དེ་ལ་སེམས་ཅན་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ཅན་རྣམས་སྦྱིན་པས་སྡུད་པར་བྱེད་

པ་ན། བྱང་ཆུབ་ཀྱི་ཕྱིར་གདམས་ངག་མི་སྟོན་པར་སེམས་ཅན་འདི་དག་བདེ་བར་གྱུར་ཅིག་པ་དེ་ནི་སེམས་ཅན་ལ་དམིགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱིས་སེམས་ཅན་བདེ་བར་བྱེད་པ་དེ་ནི་སེམས་ཅན་ལ་དམིགས་པའི་ཚུལ་ཁྲིམས་

སོ། །སྟོང་པ་ཉིད་ཤེས་པ་མེད་པར་སེམས་ཅན་ཐམས་ཅད་ལ་བཟོད་པར་བྱེད་པ་དེ་ནི་སེམས་ཅན་ལ་དམིགས་པའི་བཟོད་པའོ། །སེམས་ཅན་རྣམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དེ་ནི་སེམས་ཅན་ལ་དམིགས་པའི་བརྩོན་འགྲུས་སོ། །སེམས་

Vol. 45 · folio 25a

ལ་འཛིན་པ་མེད་པར་བྱ་བའི་ཕྱིར་བདག་ཏུ་དམིགས་པའི་བསམ་གཏན་སེམས་ལ་འཛིན་པ་མེད་པ་དེ་ནི་སེམས་ཅན་ལ་དམིགས་པའི་བསམ་གཏན་ནོ། །དམིགས་པའི་འདུ་ཤེས་དང་ལྡན་པའི་ཤེས་རབ་ཀྱིས་སེམས་ཅན་རྣམས་བསྐྱབ་པའི་ཕྱིར། བྱང་ཆུབ་

ཏུ་ཡོངས་སུ་སྔོ་ཞིང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བ་གང་ཡིན་པ་དེ་ནི་སེམས་ཅན་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡི་དམ་ལ་བརྟན་པ་ལྷག་པའི་བསམ་པས་བྱང་ཆུབ་ཀྱི་ཕྱིར་ཡོངས་

སུ་བསྔོས་པ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་ཕྱིར་གནས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །རྟོག་པ་མེད་པའི་ཚུལ་ཁྲིམས་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་སྔོ་ཞིང་བཅབས་པ་མེད་པ་དེ་ནི་བྱང་ཆུབ་ཀྱི་ཕྱིར་གནས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་ཀྱི་བར་དུ་

སྡུག་བསྔལ་ཐམས་ཅད་བཟོད་པ་བརྟན་པར་སྨོན་པ་དེ་ནི་བྱང་ཆུབ་ཀྱི་ཕྱིར་གནས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ནམ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ཀྱི་བར་དུ་བསྐལ་པ་གྲངས་མེད་པའི་བར་དུ་སྤྱོད་པ་རྒྱུན་མ་བཅད་པ་དེ་ནི་བྱང་ཆུབ་ཀྱི་ཕྱིར་གནས་པའི་བརྩོན་

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དམིགས་སུ་མེད་པས་རབ་ཏུ་ཕྱེ་བ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་འདུ་ཤེས་རབ་ཏུ་ཕྱེ་བ་མ་ཡིན་ཞིང་བྱང་ཆུབ་ཁོང་དུ་ཆུད་པ་དེ་ནི་བྱང་ཆུབ་ཀྱི་ཕྱིར་གནས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་ཀྱི་བར་དུ་ཆོས་

ཐམས་ཅད་ལ་བསམ་གྱིས་མི་ཁྱབ་པ་དང་། བརྟག་ཏུ་མེད་པས་རབ་ཏུ་ཕྱེ་བ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པ་དེ་ནི་བྱང་ཆུབ་ཀྱི་ཕྱིར་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱའོ། །དེ་ལ་འཁོར་བའི་ཕ་

རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ནམ་བྱང་ཆུབ་ཀྱི་བར་དུ་འཁོར་བ་ན་ལོངས་སྤྱོད་ཆེན་པོ་འཐོབ་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟད་པར་མི་འགྱུར་བ་གང་ཡིན་པ་དེ་ནི་འཁོར་བར་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེའི་ཚད་ཡོངས་སུ་རྫོགས་པའི་བར་དུ་

Vol. 45 · folio 25b

འཁོར་བ་ན་གནས་པ་གང་ཡིན་པ་དེ་ནི་འཁོར་བར་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གནོད་སེམས་མེད་པར་ཕ་རོལ་ལ་སྙིང་བརྩེ་བའི་སྤྱོད་པས་ཉེ་བར་གནས་པ་གང་ཡིན་པ་དེ་ནི་འཁོར་བར་ཡོངས་སུ་བསྔོས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །

བསྐལ་པ་གྲངས་མེད་པར་སྐྱོ་བ་མེད་པས་དགེ་བའི་ཆོས་རྣམས་ལ་སྦྱོར་བ་གང་ཡིན་པ་དེ་ནི་འཁོར་བར་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྐྱེ་བ་ལ་དམིགས་པའི་བསམ་གཏན་གང་ཡིན་པ་དེ་ནི་འཁོར་བར་ཡོངས་སུ་བསྔོས་པའི་བསམ་གཏན་

གྱི་ཕ་རོལ་ཏུ་ཕྱིན་པའོ། །ཕ་རོལ་ཏུ་ཕྱིན་པ་འདི་དག་ལྷག་པར་མཐོང་བའི་ཆེད་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། ལས་ཀྱི་གནས་དང་། བཟོའི་གནས་ཐམས་ཅད་ལ་ཇི་ལྟ་བ་བཞིན་ཤེས་པ་གང་ཡིན་པ་དེ་ནི་འཁོར་བར་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་ཀུན་ནས་ཉོན་མོངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདོད་པའི་ཡོན་ཏན་སྔོན་དུ་བཏང་སྟེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ནི་དཔེར་ན་སེང་གེའི་རྒྱལ་པོའི་བུས་ཆུང་མ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་རྣམས། ནམ་

ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ལ་མ་བཀོད་ཀྱི་བར་དུ་སྐྱབས་གསུམ་དུ་འགྲོ་ཞིང་མིའི་གནས་ན་འཁོད་པ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་ལ་དམིགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དཔེར་ན་རྭ་གཅིག་པའི་རྫིང་བུར་སེམས་ཅན་ལ་དམིགས་པའི་ཚུལ་

ཁྲིམས་འདི་བྱམས་པས་ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་ལ་དམིགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཕ་རོལ་དང་འཐུན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལ་མི་སྨོད་པ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་ལ་དམིགས་

པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱིས་ཕ་རོལ་སྐྲག་པར་བྱེད་དེ། དཔེར་ན་ཀུ་ཤའི་རྒྱལ་པོའི་བུའི་རྟོགས་པ་བརྗོད་པ་ལས་རྒྱ་ཆེར་ཤེས་པར་བྱ་བ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་ལ་དམིགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །

Vol. 45 · folio 26a

བདག་ཏུ་ལྟ་བ་ལས་བྱུང་བའི་བསམ་གཏན་ངར་འཛིན་པ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་ལ་དམིགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱིས་ཆོ་ལོ་དང་། རྒྱན་པོ་དང་། བྱ་ལོང་གི་རྩེད་མོ་ལ་མངོན་པར་དགའ་ཞིང་ཡེ་

ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་པ་དང་བཅས་པས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་ལ་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་གཞན་ལ་ཕན་འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདོད་པའི་ཡོན་

ཏན་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པ་དེ་ནི་གཞན་ལ་ཕན་འདོགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བྱམས་པས་གཞན་ལ་གནོད་པར་མི་གནས་པ་གང་ཡིན་པ་དེ་ནི་གཞན་ལ་ཕན་འདོགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་

དེ་ལ་བཟོད་ཅིང་མི་སྨོད་པ་གང་ཡིན་པ་དེ་ནི་གཞན་ལ་ཕན་འདོགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ལྷ་དང་མིའི་རིས་ཀྱི་ཕུན་སུམ་ཚོགས་པ་སྒྲུབ་པར་འགྱུར་བའི་བརྩོན་འགྲུས་ནི། དཔེར་ན་བརྒྱ་བྱིན་གྱིས་གསོལ་བ་བཏབ་པས། བྲམ་ཟེ་ཆེན་པོ་ཀིན་ཏུ་ཞེས་

བྱ་བས་སེམས་ཅན་རྣམས་མཐོ་རིས་སུ་བཀྱེ་བ་གང་ཡིན་པ་དེ་ནི་ཕན་འདོགས་པས་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་དེ་ལ་སེམས་ཀྱིས་སྦྱོར་བ་གང་ཡིན་པ་དེ་ནི་གཞན་ལ་ཕན་འདོགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །

བྱང་ཆུབ་ཀྱི་ཕྱིར་ཡང་དག་པར་འཛིན་དུ་འཇུག་ཅིང་རྐྱེན་དེ་དག་གིས་སེམས་ཅན་ཚིམ་པར་བྱེད་པ་གང་ཡིན་པ་དེ་ནི་གཞན་ལ་ཕན་འདོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། །།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །

བམ་པོ་གསུམ་པ། དེ་ལ་གནས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དམིགས་པར་ལྷུང་བའི་སྦྱིན་པ་རྣམ་པར་བགེད་པ་ལ་རེ་བས་ཕྱེ་བ་གང་ཡིན་པ་དེ་ནི་གནས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དངོས་པོ་ལ་གནས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་གནས་ཀྱི་ཚུལ་

Vol. 45 · folio 26b

ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་ལ་དམིགས་པའི་བཟོད་པ་གང་ཡིན་པ་དེ་ནི་གནས་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་རྟོག་པ་ཅན་གྱི་བརྩོན་འགྲུས་གང་ཡིན་པ་དེ་ནི་གནས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བདག་ཏུ་ཞུགས་པའི་

བསམ་གཏན་གང་ཡིན་པ་དེ་ནི་གནས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཞི་བ་དང་ཉེ་བར་མ་ཞི་བའི་ཆོས་རྣམས་ལ་རྟོགས་པས་རབ་ཏུ་ཕྱེ་ཞིང་ཀུན་ནས་དཀྲིས་པར་འདུག་པ་གང་ཡིན་པ་དེ་ནི་གནས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་གནས་ཀྱི་ཕ་

རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་བྱང་ཆུབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་ཀྱི་ཕྱིར་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་རབ་ཏུ་ལྡན་པའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ལུས་དང་སེམས་ལ་མི་དམིགས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་

ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་རྣམས་ལ་ཇི་ལྟ་བ་བཞིན་དུ་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ལུས་དང་སེམས་ལ་མི་དམིགས་པར་གནས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་

ལ་མཉམ་པ་ཉིད་དང་ལྡན་པའི་སེམས་གང་ཡིན་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་ལ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་

དྲུག་གོ། །དེ་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྒྱུན་མི་འཆད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐབས་མཁས་པས་རབ་ཏུ་ཕྱེ་བ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་ཚིགས་སུ་བཅད་པ་ལྔ་བརྒྱ་བྱ་

བ་དང་། ཡ་མཚན་ཅན་དགུ་བཅུ་རྩ་དྲུག་པོ་ཐམས་ཅད་རྣམ་པར་སྤོང་བས་རབ་ཏུ་ཕྱེ་བ་སྡུག་བསྔལ་སྤང་བ་དང་། ཡང་དག་པའི་ལྟ་བ་སྤང་བར་བྱ་བ་མ་ཡིན་པས་རབ་ཏུ་ཕྱེ་བ་དང་། བདེ་འགྲོ་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་

Vol. 45 · folio 27a

ཕྱིན་པའོ། །ཡེ་ཤེས་ཀྱི་རྣམ་པས་སྡུག་བསྔལ་བཟོད་ཅིང་གང་དག་འདོད་ཆགས་མི་སྨོད་པར་ཕ་རོལ་པོ་ཡོངས་སུ་སྨིན་པར་བྱེད་པས་ཕྱེ་བ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་རྟའི་རྒྱལ་པོ་རྔོག་ལྡན་བདག་ཉིད་སྡུག་

བསྔལ་དང་དུ་ལེན་ཅིང་གང་དག་བརྩོན་འགྲུས་ཀྱིས་བདག་དང་གཞན་ལ་ཕན་པ་དང་བདེ་བའི་ཕྱིར་གནས་པ་འདི་ལྟར་འགྲོན་པ་ལྔ་བརྒྱ་ཐར་བར་བྱས་པ་དང་། འདི་ལྟར་རི་དགས་ཀྱི་རྒྱལ་པོ་སེང་གེས་འགྲོན་པ་རྣམས་ཐར་བར་བྱས་པ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་བརྩོན་

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་ཡང་བསྐྱེད། གཟུགས་མེད་པ་ཡང་བསྐྱེད། ཉན་ཐོས་ཀྱི་ཆོས་ཀྱང་བསྐྱེད་མོད་ཀྱི། གང་དག་དེ་དག་གིས་ངེས་པར་མི་འབྱུང་བ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཡེ་ཤེས་ཀྱིས་

ཆོས་ཇི་ལྟ་བའི་ཕྱིར་འདི་ལྟར་སྨན་ཆེན་པོ་དང་། འདི་ལྟར་བྱང་ཆུབ་ཀུན་ཏུ་རྒྱུའི་མི་དགེ་བ་བཅུ་རྣམ་པར་སྤོང་བ་སེམས་ཅན་སུ་ལ་ཡང་མེད་པ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བདག་ལ་ཕན་འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་

ཞེ་ན། བདག་ལོངས་སྤྱོད་ཆེན་པོ་འགྲུབ་པར་ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་བདག་ལ་ཕན་འདོགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བདེ་འགྲོ་ལྷ་དང་མིར་སྐྱེ་བར་བསྒྲུབ་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་བདག་ལ་ཕན་འདོགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་

ཕྱིན་པའོ། །བཟོད་པ་ཐོབ་པའི་རྣམ་པར་སྨིན་པའི་མཛེས་ཤིང་ཁ་དོག་མཆོག་ཏུ་རྒྱས་པ་ཐོབ་པ་དང་། དབང་ཆེ་བར་གྲགས་པར་འགྱུར་བ་གང་ཡིན་པ་དེ་ནི་བདག་ལ་ཕན་འདོགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་ཀྱི་ཕྱིར་གཞན་ལ་རག་མ་ལས་པར་སྤྱོད་

ཅིང་བདག་ཉིད་ཀྱི་བརྩོན་འགྲུས་ཀྱིས་དཔྱོད་པར་བྱེད་པ་གང་ཡིན་པ་དེ་ནི་བདག་ལ་ཕན་འདོགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་བསྐྱེད་པས་འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་བདུན་གྱི་བར་དུ་འཇིག་རྟེན་འདིར་མི་འོང་བ་

Vol. 45 · folio 27b

གང་ཡིན་པ་དེ་ནི་བདག་ལ་ཕན་འདོགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཕ་རོལ་གྱི་ངོར་མི་ལྟ་ཞིང་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་བདེན་པའི་རྗེས་སུ་འཇུག་པ་གང་ཡིན་པ་དེ་ནི་བདག་ལ་ཕན་འདོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ།

འདི་དག་ནི་བདག་ལ་ཕན་འདོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་འཐོབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པའི་རྣམ་པར་སྨིན་པ་ལོངས་སྤྱོད་ཆེན་པོ་འཐོབ་པ་གང་ཡིན་པ་འདི་དང་། བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་འཐོབ་པའི་སྦྱིན་

པའི་ཕ་རོལ་ཏུ་ཕྱིན་པའོ། །རྙེད་པ་ཆེན་པོའི་ཕྱིར་སེམས་ལ་ཀུན་ནས་ཉོན་མོངས་པ་མེད་པ་གང་ཡིན་པ་དང་། བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་འཐོབ་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་ཀྱི་ཕྱིར་གཞན་ལ་གནོད་པ་མི་བྱེད་ཅིང་དམ་པའི་

ཆོས་ཡོངས་སུ་སྤོང་བར་མི་འགྱུར་བ་གང་ཡིན་པ་དེ་ནི་འཐོབ་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྟུན་པའི་བརྩོན་འགྲུས་ཚད་མེད་པ་གང་ཡིན་པ་དེ་ནི་འཐོབ་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱ་བ་ཐམས་ཅད་མངོན་པར་བསྒྲུབ་པའི་ཏིང་ངེ་འཛིན་ཐོབ་པ་

གང་ཡིན་པ་དེ་ནི་འཐོབ་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་གང་ཡིན་པ་དེ་ནི་འཐོབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་འཐོབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་རེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་

ཞེ་ན། དམིགས་པས་བསྐྱེད་པའི་སྦྱིན་པ་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་རེ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ལུས་དང་ངག་དམིགས་པ་ཅན་གྱི་ཚུལ་ཁྲིམས་རྣམ་པར་སྨིན་པ་བྱང་ཆུབ་ཀྱི་ཕྱིར་སྦྱོར་བ་གང་ཡིན་པ་དེ་ནི་རེ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་

ཏུ་ཕྱིན་པའོ། །ཇི་ལྟ་བ་བཞིན་མཐོང་བ་གང་ཡིན་པར་ཆོས་རྣམས་ལ་སོ་སོར་བརྟགས་པས་དང་དུ་ལེན་པ་གང་ཡིན་པ་དེ་ནི་རེ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ལུང་དུ་མ་བསྟན་པའི་ཤེས་པས་ཆོས་དེ་དང་དེ་དག་ལ་བརྩོན་ཞིང་ཕ་རོལ་གནོན་པ་གང་ཡིན་པ་དེ་ནི་རེ་བའི་བརྩོན་

Vol. 45 · folio 28a

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བྱང་བར་བྱས་པས་སྤོང་བ་ལ་མཚན་མར་མི་འཛིན་པ་གང་ཡིན་པ་དེ་ནི་རེ་བའི་བསམ་པ་བསྐྱེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ལུང་དུ་མ་བསྟན་པ་ཁོང་དུ་ཆུད་

པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱི་བོར་སོན་པར་འགྱུར་རམ། མི་འགྱུར་རམ། ཡུན་ཇི་ཙམ་གྱིས་འགྱུར། སུ་ཞིག་གིས་འགྱུར་སྙམ་པ་གང་ཡིན་པ་དེ་ནི་རེ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་རེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །

དེ་ལ་རྣམ་པ་གསུམ་ལྟ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདུས་བྱས་ཀྱི་ཐབས་ཀྱང་རྒྱུན་མི་གཅོད་ལ། འབྲས་བུ་འདུས་མ་བྱས་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་རྣམ་པ་གསུམ་ལྟ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ལམ་ལ་ཞུགས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་

ནི་རྣམ་པ་གསུམ་ལྟ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཕྱི་དང་ནང་གི་ཆོས་རྣམས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པས་རབ་ཏུ་ཕྱེ་བ་གང་ཡིན་པ་དང་། ཆོས་འདི་དག་ལ་བཟོད་པ་གང་ཡིན་པ་དེ་ནི་རྣམ་པ་གསུམ་ལྟ་བའི་བཟོད་པའི་ཕ་

རོལ་ཏུ་ཕྱིན་པའོ། །ཐོགས་པ་མེད་པའི་ཡེ་ཤེས་ཀྱི་དམིགས་པ་དང་ལྡན་ཞིང་ལྷག་མཐོང་སྔོན་དུ་འགྲོ་བའི་སེམས་ཀུན་ནས་ཉོན་མོངས་པ་མེད་པ་གང་ཡིན་པ་དེ་ནི་རྣམ་པ་གསུམ་ལྟ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་དང་། ལྷག་མཐོང་དང་མ་

བྲལ་བས་ཉོན་མོངས་པ་དེ་དག་རབ་ཏུ་ཞི་བར་བྱ་བའི་ཕྱིར། གནས་པ་གང་ཡིན་པ་དེ་ནི་རྣམ་པ་གསུམ་ལྟ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བར་ཐབས་དང་ཤེས་རབ་ལ་མཁས་པས་ཡོངས་སུ་ཟིན་པས་ཉོན་མོངས་པ་སྤང་

བའི་ཕྱིར་གནས་པ་ནི་མ་ཡིན་གྱི། ཇི་ལྟ་བ་བཞིན་ཡོངས་སུ་ཤེས་ཤིང་སྨོན་ལམ་གྱི་དུས་སུ་ཡོངས་སུ་སྨིན་པར་བྱེད་པ་དང་ལྡན་པ་གང་ཡིན་པ་དེ་ནི་རྣམ་པ་གསུམ་ལྟ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་རྣམ་པ་གསུམ་ལྟ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་

Vol. 45 · folio 28b

ལས་བྱས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བསྡུ་བའི་དངོས་པོ་དང་ལྡན་པས་སེམས་ཅན་རྣམས་ལ་སྦྱིན་པ་གང་ཡིན་པ་དེ་ནི་ལས་བྱས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱིས་སྐྱེ་བོ་མང་པོ་སྨིན་པར་བྱེད་པ་གང་ཡིན་པ་དེ་ནི་ལས་བྱེད་པའི་ཚུལ་ཁྲིམས་ཀྱི་

ཕ་རོལ་ཏུ་ཕྱིན་པ་སྟེ། དཔེར་ན་སྲེག་པའི་སྐྱེས་པའི་རབས་ལས་མེ་བསད་པ་དང་། སེམས་ཅན་ཐར་བར་བྱས་པ་ལྟ་བུ་སྟེ། དེ་ཡང་གང་གི་ཕྱིར་བལྟ་ཞེ་ན། བསྡུ་བའི་དངོས་པོའི་ཕྱིར་སྐྱེ་བོ་རྣམས་ལ་སྙན་པར་སྨྲ་བའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སྐྱེ་བོ་མང་པོ་

ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གནས་པ་གང་ཡིན་པ་དེ་ནི་དཔེར་ན་ཀ་ལིང་ཀའི་རྒྱལ་པོས་ལུས་དུམ་བུ་བརྒྱད་དུ་གཏུབས་ཀྱང་བཟོད་པ་མ་བཏང་བ་དང་། ཇི་ལྟར་མགོ་བཅད་ཀྱང་སྡུག་བསྔལ་གྱི་ཚོར་བ་དང་དུ་ལེན་པའི་བར་དུ་སྦྱར་ཏེ། ཐམས་ཅད་དུ་དཀའ་བ་སྤྱད་པ་དེ་ནི་ལས་

བྱེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡང་གང་གི་ཕྱིར་བལྟ་ཞེ་ན། བསྡུ་བའི་དངོས་པོའི་ཕྱིར་དོན་སྤྱོད་པའོ། །སྙིང་རྗེ་ཆེན་པོ་སྔོན་དུ་བཏང་སྟེ། དུས་ཤེས་པ་དང་ལྡན་པའི་བརྩོན་འགྲུས་ཀྱིས་སྐྱེ་བོ་མང་པོ་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་རྣམས་ལ་སྐུལ་

བར་བྱེད་པ་གང་ཡིན་པ་དེ་ནི་ལས་བྱེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡང་གང་གི་ཕྱིར་བལྟ་ཞེ་ན། བསྡུ་བའི་དངོས་པོའི་ཕྱིར་དོན་འཐུན་པའོ། །བསམ་གཏན་ཡོངས་སུ་སྦྱང་བར་མ་བྱས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པས་ཆོས་ཐམས་ཅད་ལ་

ཐོགས་པ་མེད་པ་གང་ཡིན་པ་དེ་ནི་ལས་བྱེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡང་གང་གི་ཕྱིར་བལྟ་ཞེ་ན། རྣམ་པར་ཐར་པ་སྟོང་པ་ཉིད་ཀྱི་སྒོའི་ཕྱིར་རོ། །ཤེས་རབ་ཀྱིས་དགེ་བའི་ཆོས་ཐམས་ཅད་ལ་རྨོངས་པ་མེད་པར་གནས་ཤིང་། སྐྱེ་བོ་མང་པོ་བྱང་ཆུབ་

ཀྱི་ཕྱིར་ཡང་དག་པར་འཛིན་དུ་འཇུག་པ་དང་། དངོས་པོ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་ལ་ཆུང་ངུ་ན་རྣམ་པར་ཐར་པ་སྨོན་པ་མེད་པའི་སྒོ་ཡོངས་སུ་བཟུང་བ་གང་ཡིན་པ་དེ་ནི་ལས་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ལས་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་

Vol. 45 · folio 29a

དྲུག་གོ། །དེ་ལ་ལམ་ཤིན་ཏུ་སྦྱངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡང་དག་པའི་ལྟ་བ་ལ་ཞུགས་ཤིང་ལྟས་དང་དགེ་མཚན་སྤངས་པའི་སྦྱིན་པ་དང་ལྡན་པ་མ་ཡིན་པར་ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་ལམ་ཤིན་ཏུ་སྦྱངས་པའི་སྦྱིན་པའི་ཕ་རོལ་ཏུ་

ཕྱིན་པའོ། །ཡང་དག་པའི་ངག་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་ལས་ཀྱི་མཐའ་དང་ལྡན་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ལམ་ཤིན་ཏུ་སྦྱངས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་མ་བཏང་བ་གང་ཡིན་པ་དེ་ནི་

ལམ་ཤིན་ཏུ་སྦྱངས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ལུས་དང་སེམས་ལ་མི་དམིགས་པ་གང་ཡིན་པ་དེ་ནི་ལམ་ཤིན་ཏུ་སྦྱངས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དམིགས་པ་མེད་པའི་ཏིང་ངེ་འཛིན་ལ་མི་གཡེང་བ་གང་ཡིན་པ་དེ་ནི་ལམ་ཤིན་ཏུ་སྦྱངས་

པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །མཚན་མར་འཛིན་པ་མེད་པས་ཤེས་རབ་ཡང་དག་པའི་ལྟ་བ་དང་ལྡན་ལ་ཡང་དག་པའི་དྲན་པ་བསྐྱེད་པས་བྱང་ཆུབ་ཕྱོགས་གཅིག་པ་མཐར་ཕྱིན་པར་བྱ་བ་དང་། ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་གནས་པ་གང་ཡིན་པ་དེ་ནི་ལམ་

ཤིན་ཏུ་སྦྱངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་ལམ་ཤིན་ཏུ་སྦྱངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་བརྩོན་པ་མི་འདོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་བྱང་ཆུབ་ཀྱི་ཕྱིར་ཐབས་མཁས་པས་ཡོངས་སུ་

བསྔོས་པ་གང་ཡིན་པ་དེ་ནི་བརྩོན་པ་མི་འདོར་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་རྣམས་བདེ་འགྲོ་ཐོབ་པར་བྱ་བའི་ཕྱིར་མི་དམིགས་པ་སྔོན་དུ་བཏང་བ་ཉམས་པ་མེད་པའི་ཚུལ་ཁྲིམས་ལ་གནས་པ་གང་ཡིན་པ་དེ་ནི་དཔེར་ན་དགའ་ལྡན་ནས་བྱང་ཆུབ་སེམས་དཔའ་འཆི་

འཕོ་བ་ན་སྟོང་གསུམ་གཡོ་བ་དང་གནས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་འཛིན་པ་དེ་ནི་བརྩོན་པ་མི་འདོར་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཟོད་པས་ཕ་རོལ་གྱི་དགེ་བའི་རྩ་བ་བསྒྲུབ་པའི་ཕྱིར་ཉེ་བར་གནས་ཤིང་འཇིག་རྟེན་གྱི་

Vol. 45 · folio 29b

ཆོས་བརྒྱད་ཀྱིས་མི་གོས་པ་གང་ཡིན་པ་དེ་ནི་བརྩོན་པ་མི་འདོར་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་འཛིན་པ་དང་། སེམས་ཅན་རྣམས་ལ་བྱམས་པས་ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་བརྩོན་པ་མི་འདོར་

བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྙོམས་པར་འཇུག་པའི་རྣམ་པ་ཐམས་ཅད་བསྒྲུབ་པའི་བསམ་གཏན་ཚད་མེད་པ་ཡོངས་སུ་འཛིན་པ་གང་ཡིན་པ་དེ་ནི་བརྩོན་པ་མི་འདོར་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་ལ་མཁས་པར་བྱ་བའི་ཕྱིར་

དང་། གང་མངོན་པར་ཤེས་པས་ངེས་པར་འབྱུང་བའི་ཕྱིར་སྨོན་ལམ་ཡོངས་སུ་བསྔོས་པའི་ཤེས་རབ་ལ་གནས་པ་གང་ཡིན་པ་དེ་ནི་བརྩོན་པ་མི་འདོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བརྩོན་པ་མི་འདོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་རིགས་

པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མྱ་ངན་ལས་འདས་པ་དང་ལྡན་པའི་སྦྱིན་པ་གང་ཡིན་པ་དེ་ནི་རིགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འདོད་ཆགས་དང་བྲལ་བར་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་རིགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །

འགོག་པར་ཡོངས་སུ་བསྔོས་པའི་བཟོད་པ་གང་ཡིན་པ་དེ་ནི་རིགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཉེ་བར་ཞི་བ་རྩོམ་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་རིགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལྟ་བར་གྱུར་པ་རབ་ཏུ་ཞི་བར་བྱེད་པ་དང་། ཉོན་མོངས་

པ་འཇོམས་པར་བྱེད་པའི་བསམ་གཏན་གང་ཡིན་པ་དེ་ནི་རིགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སྔགས་དང་། སྨན་དང་། གཙུག་ལག་དང་། ས་གཡོ་བ་ཤེས་པ་དང་། དུས་ཚིགས་དང་། ལོ་ཤེས་པ་དང་། ཡི་གེ་ཤེས་པ་དང་། མངོན་པར་ཤེས་

པ་དང་། སྙིང་རྗེ་ཆེན་པོ་དང་། བདེ་འགྲོ་དང་། ངན་འགྲོའི་ལས་རྗེས་སུ་ཤེས་པར་གནས་ཤིང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་མངོན་པར་ཞེན་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་

Vol. 45 · folio 30a

རིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། དེ་དག་ནི་མི་འཇིགས་པ་བཞི་ལས་བལྟ་བར་བྱའོ། །དེ་ལ་བྱ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ཅན་ལ་ཕན་པའི་ཕྱིར་ཡོངས་སུ་བསྔོ་ཞིང་བདག་ཉིད་ཀྱང་སྦྱིན་པ་བྱེད་ལ་གཞན་དག་ཀྱང་ཡང་དག་

པར་འཛིན་དུ་འཇུག་པ་གང་ཡིན་པ་དེ་ནི་བྱ་བར་གཏོགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་ཅན་ལ་དམིགས་པའི་བྱམས་པ་བསྒྲུབ་པ་གང་ཡིན་པ་དེ་ནི་བྱ་བར་གཏོགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པའི་བཟོད་པ་

གང་ཡིན་པ་དེ་ནི་བྱ་བར་གཏོགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དགེ་བ་བཅུ་དང་ལྡན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བྱ་བར་གཏོགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་ལ་དམིགས་

པའི་བསམ་གཏན་གང་ཡིན་པ་དེ་ནི་བྱ་བར་གཏོགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། དགེ་བའི་ཆོས་རྣམས་ཆུད་མི་ཟ་བར་བྱ་བ་དང་། མི་དགེ་བའི་ཆོས་རྣམས་སྤང་བར་བྱ་བའི་ཕྱིར་ཐབས་མཁས་པས་སྐྱེ་བོ་མང་པོ་ལ་ཕན་འདོགས་པའི་ཤེས་རབ་གང་ཡིན་པ་དེ་ནི་བྱ་བར་

གཏོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བྱ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་བྱ་བ་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདོད་པའི་ཡོན་ཏན་གྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པ་དེ་ནི་བྱ་བར་གཏོགས་པ་མ་ཡིན་པའི་སྦྱིན་

པའི་ཕ་རོལ་ཏུ་ཕྱིན་པའོ། །བྱ་བ་མ་ཡིན་པའི་འབྱུང་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་བྱ་བ་མ་ཡིན་པར་གཏོགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྲེད་པས་ཡོངས་སུ་བསྔོས་ཤིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཡུལ་ལ་བཟོད་པ་གང་ཡིན་པ་དེ་ནི་བྱ་བ་མ་

ཡིན་པར་གཏོགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་པའི་གད་མོ་དང་། དགའ་བ་དང་། རྩེད་མོ་དང་། སྔགས་དང་། སྨྲ་བ་དང་། བརྗོད་པ་དང་། ཆོ་ལོ་དང་། རྒྱན་པོ་དང་། ཡོ་བྱད་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པ་དེ་ནི་

Vol. 45 · folio 30b

བྱ་བ་མ་ཡིན་པར་གཏོགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཏང་སྙོམས་དང་བྱང་ཆུབ་ཀྱི་ཡན་ལག་གིས་ཕྱེ་བའི་བསམ་གཏན་གང་ཡིན་པ་དེ་ནི་བྱ་བ་མ་ཡིན་པར་གཏོགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤིན་ཏུ་སྦྱངས་པ་དང་ལྡན་པའི་ཤེས་

རབ་གང་ཡིན་པ་དེ་ནི་བྱ་བ་མ་ཡིན་པར་གཏོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དཔེར་ན་རྒྱལ་པོའི་བུ་བླུན་པོ་ལྐུགས་པ་ལྟ་བུ་སྟེ། འདི་དག་ནི་བྱ་བ་མ་ཡིན་པར་གཏོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་རློམ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡོངས་

སུ་བསྔོ་བ་དང་བྲལ་བའི་སྦྱིན་པ་གང་ཡིན་པ་དེ་ནི་རློམ་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བདག་ཚུལ་ཁྲིམས་དང་ལྡན་པ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་རློམ་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ང་རྒྱལ་དང་ལྡན་པའི་བཟོད་པ་གང་ཡིན་པ་དེ་ནི་རློམ་

པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རྩོམ་པ་རྒྱས་པར་བྱེད་པ་གང་ཡིན་པ་དེ་ནི་རློམ་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྒོམ་ཞིང་གཏོང་བ་གང་ཡིན་པ་དེ་ནི་རློམ་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཐོས་པའི་བདག་ཉིད་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་གང་

ཡིན་པ་དེ་ནི་རློམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་རློམ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། དེ་ག་ལས་བལྟ་ཞེ་ན། ཆོས་མཉན་པ་དག་ལས་སོ། །དེ་ལ་བརྩམས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དངོས་པོ་ཐམས་ཅད་ལ་མི་བལྟ་བར་ཡོངས་སུ་གཏོང་བ་

གང་ཡིན་པ་དེ་ནི་དཔེར་ན་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་རྒྱ་མཚོ་ཆེན་པོར་ལུས་ཡོངས་སུ་གཏོང་བ་ལྟ་བུ་སྟེ། དེ་ནི་བརྩམས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱི་རང་བཞིན་ལྟ་བ་དང་རྒོད་པ་སྤངས་པ་གང་ཡིན་པ་དེ་ནི་བརྩམས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་

པའོ། །ཐ་ན་མགོ་བཅད་ཀྱང་མི་འཁྲུགས་པ་གང་ཡིན་པ་དེ་ནི་བརྩམས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བྱ་བ་ཐམས་ཅད་ཟིལ་གྱིས་མནན་ཏེ། རྩོམ་པ་གང་ཡིན་པ་དེ་ནི་དཔེར་ན་རྒྱ་མཚོ་ཆེན་པོ་བསྐམ་པར་འབད་པ་ལྟ་བུ་སྟེ། དེ་ནི་བརྩམས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words