དཀར་ཆག

This name comes from the volume’s file name in the source

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 213 · folio 85a

ཆུབ་སེམས་དཔའི་སའི་ཚུལ་ཁྲིམས་ཀྱི་ལེའུའི་འགྲེལ་པ་ལ་སོགས་པ་མང་དུ་བརྩམས་སོ། །སློབ་དཔོན་ཆེན་པོ་ཤཱཀྱ་འོད་ནི་མ་ག་དྷཱའི་མཁན་པོ་བསོད་ནམས་གྲགས་པ་དང་ཞི་བའི་འོད་རྣམས་ལས་འདུལ་བའི་སྡེ་སྣོད་མཉན་ཅིང་སྦྱངས་པ་མཐར་ཕྱིན་པར་མཛད་

པས་ཆོས་འདུལ་སྨྲ་བ་མཆོག་གི་ཁྲི་ལ་བཞུགས་ཏེ། འདུལ་བ་སུམ་བརྒྱ་པ་དང༌། རང་འགྲེལ་འོད་ལྡན་ལ་སོགས་པ་མང་དུ་མཛད་དོ། །བརྡ་སྤྲོད་པ་ཇི་ལྟར་བྱུང་བའི་ཚུལ་ནི།སྔོན་སུམ་ཅུ་རྩ་གསུམ་ན་བརྡ་སྤྲོད་སྨྲ་བ་སརྦྦ་ཛྙཱ་ཞེས་བྱ་བ་བྱུང་སྟེ། དེས་སརྦྦ་ཛྙཱ་བྱཱ་ཀ་ར་ཎ་ཞེས་བྱ་བའི་

སྒྲའི་བསྟན་བཅོས་མཛད་དོ། །དེ་ལས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསླབས་པས་མཁས་པར་གྱུར་ནས་ཨིནྡྲ་བྱཱ་ཀ་ར་ཎ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་མཛད་དོ། །དེ་ལས་དྲང་སྲོང་ཕུར་བུས་བསླབས་ནས་མཁས་པར་གྱུར་པ་དང༌། ལྷའི་བུ་རྣམས་ལ་བརྡ་སྤྲོད་པ་སྟོན་པའི་

སློབ་དཔོན་དུ་བསྐོས་པས་ལྷའི་བླ་མའམ་སྒྲ་མཁན་ཞེས་བྱ་བར་གྲགས་ཏེ། འོན་ཀྱང་ང་རྒྱལ་ཆེ་བར་གྱུར་པས་སློབ་མ་རྣམས་ཀྱང་ཤིན་ཏུ་བསྟེན་དཀའ་བར་བྱུང་སྟེ། དེའི་ང་རྒྱལ་རྣམ་པར་གཞིལ་བའི་ཕྱིར་དུ། ལྷའི་དབང་པོས་ཕུར་བུ་ལ་གསེར་གྱི་བུམ་པ་གཅིག་བསྐུར་ཏེ་ཕྱིའི་རྒྱ་མཚོ་ལས་

ཆུ་ལེན་དུ་བཏང་ངོ༌། །དེས་ཀྱང་དབང་པོའི་ལྟར་མཉན་ཏེ་རྒྱ་མཚོ་ནས་ཆུ་བླངས་ཏེ་ཕུལ་བ་དང༌། བརྒྱ་བྱིན་གྱིས་ཆུ་དེ་ལས་ཀུ་ཤའི་རྩེ་མོས་ཐིགས་པ་གཅིག་བླངས་པ་ཕུར་བུའི་ལག་པ་ལ་བཞག་སྟེ། འདི་སྐད་དུ། བརྡ་སྤྲོད་པའི་བསྟན་བཅོས་ནི་རྒྱ་མཚོ་ཆེན་པོ་ཙམ་མོ། །ཁོ་བོས་

ཁོང་དུ་ཆུད་པ་ནི་བུམ་པའི་ཆུ་ཙམ་མོ། །ཁྱོད་ཀྱིས་ཤེས་པ་ནི་ཆུའི་ཐིགས་པ་དེ་ཙམ་མོ་ཞེས་སྨྲས་པ་དང༌། དེ་ཡི་མུག་པར་གྱུར་ཏེ་སླན་ཆད་དུ་སྒྲ་མི་འཆད་པར་དམ་བཅས་སོ། །དེའི་ཚེ་སླར་ཡང་བརྒྱ་བྱིན་གྱིས་འོན་ཏེ་རང་གིས་གང་དག་ཤེས་པ་ནས་གཞན་ལ་སྟོན་ཅིག་དང་ཕན་ཐོགས་

པར་འགྱུར་རོ་ཞེས་གསུངས། སྔར་གྱི་དམ་བཅའ་བ་དང་མི་འགལ་བའི་ཕྱིར། ཇི་སྐད་དུ། ཚེས་བརྒྱད་སློབ་དཔོན་ངེས་པར་འཇོམས། །བཅུ་བཞི་ལ་ནི་སློབ་མ་འཇོམས། །གནམ་སྟོང་ལ་ནི་རིག་པ་འཇོམས། །ཚེས་གཅིག་ལ་ནི་ཐམས་ཅད་འཇོམས། །ཞེས་བྱ་བའི་དུས་

Vol. 213 · folio 85b

གཉེན་པ་བཞི་པོ་བསྲུངས་ནས། དེ་ལས་གཞན་རྣམས་ལ་སྟོན་པར་ཁས་བླངས་སོ། །དབང་པོས་བྱས་པའི་བརྡ་སྤྲོད་པ་ནི་མིའི་ཡུལ་དུ་འོང་རེ་ཞིག་དར་བར་གྱུར་ཏོ། །དེའི་འོག་ཏུ་བྲམ་ཟེ་པཱ་ཎི་ནི་བྱུང་སྟེ། དེ་ནི་ཐོག་མ་ཉིད་ནས་བརྡ་སྤྲོད་པའི་རིག་པ་སློབ་པའི་འདུན་པ་ཆེན་པོས་མཚན་

མཁན་ལ་ལག་རིས་བསྟན་པས་བྱཱ་ཀ་ར་ཎ་ཤེས་པའི་མཚན་བཟང་ཅི་ཡང་མཐོང་བར་མ་གྱུར་མོད། མཚོན་རྣོན་པོ་དག་གིས་ལག་རིས་ལེགས་པར་བཅོས་ཏེ་བསླབ་པར་བརྩམས་ཀྱང་སློབ་དཔོན་མ་རྙེད་དོ། །དེ་ནས་མ་ཧཱ་དེ་ཝ་བསྒྲུབས་པས་ཇི་ཙམ་ཞིག་ན་ལྷའི་ཞལ་གྱི་དཀྱིལ་འཁོར་མངོན་

སུམ་བསྟན་ཏེ་འདོད་པ་དྲིས་སོ། །དེས་ཀྱང་བརྡ་སྤྲོད་པ་ཤེས་པར་འཚལ་ལོ་ཞེས་སྨྲས་པས། ལྷ་དེ་ཉིད་ཀྱིས། ཨ་ཨི་ཨུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བྱིན་གྱིས་བརླབས་པས་དེའི་མོད་ལ་བརྡ་སྤྲོད་ཐམས་ཅད་ཤེས་པ་ཡིན་ནོ་ཞེས་འགའ་ཞིག་འཆད་ལ། ནང་པ་རྣམས་ནི་

འཕགས་པ་སྤྱན་རས་གཟིགས་བསྒྲུབས་པས་དེ་ལྟར་དུ་ཤེས་པར་འཆད་དེ། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་རྩ་བའི་རྒྱུད་ལས། བྲམ་ཟེའི་ཁྱེའུ་པཱ་ཎི་ནི། །ངེས་པར་ཉན་ཐོས་བྱང་ཆུབ་ཏུ། །ང་ཡིས་ལུང་བསྟན་བྱས་པ་ཡིན། །འཇིག་རྟེན་དབང་ཕྱུག་བདག་ཉིད་ཆེ། །དེ་ཡང་

དེ་ཡི་སྔགས་གྲུབ་བོ། །ཞེས་དང༌། ལངྐར་གཤེགས་པ་ལས་ཀྱང༌། སྒྲ་བྱེད་པ་ནི་པཱ་ཎི་ནི། །ཞེས་ལུང་དུ་བསྟན་པའི་སློབ་དཔོན་ཆེན་པོ་དེས་པཱ་ཎི་བྱཱ་ཀ་ར་ཎ་ཞེས་བྱ་བ་ཤླཽ་ཀ་ཉིས་སྟོང་ཡོད་པ་བྱས་སོ། །དེ་ལ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུས་མ་ཧཱ་བྷཱ་ཥ་ཞེས་བྱ་བའི་འགྲེལ་པ་བྱས་པ་ལ་སོགས་

པ་མང་དུ་ཡོད་དོ། །ཀ་ལཱ་པའི་མདོ་ནི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་སྦྱིན་བདག་ཏུ་གྱུར་པའི་རྒྱལ་པོ་བདེ་སྤྱོད་ལ་བཙུན་མོ་སྒྲ་རིག་པ་ཅུང་ཟད་ཤེས་པ་ཞིག་ཡོད་དེ། ནམ་ཞིག་གི་ཚེ་ཁྲུས་ཀྱི་ཆེད་དུ་ཆུ་ལ་ཞུགས་པའི་དུས་ན་རྒྱལ་པོས་དེ་ལ་ཆབ་ཀྱི་ཟེགས་མས་གཏོར་བ་དང༌། དེས་མ་མོ་ད་ཀཱ་སཱིཉྩ་

ཞེས་པ་བདག་ལ་ཆུ་མ་འཐོར་ཞེས་པ་སཾ་སྐྲྀ་ཏའི་སྐད་ཀྱིས་སྨྲས་པ་ལ། རྒྱལ་པོས་འཕྲལ་སྐད་དང་སྦྱར་ཏེ་ཏིལ་གྱི་ལ་དུ་སློང་ཞེས་བྱ་བར་གོ་སྟེ། བྲན་མོ་ལ་ཏིལ་གྱི་ལ་དུ་བསྐུར་རོ། །དེའི་ཚེ་བཙུན་མོ་འདི་སྙམ་དུ། སཾ་སྐྲྀ་ཏའི་སྐད་ཅུང་ཟད་ཀྱང་མི་ཤེས་པའི་རྒྱལ་པོ་བ་ལང་ལྟ་བུ་འདི་དང་

Vol. 213 · folio 86a

ལྷན་ཅིག་ཏུ་གནས་པ་བས་ཤི་བ་བླའོ་སྙམ་སྟེ་ཡི་མུག་པར་གནས་པ་རྒྱལ་པོས་ཤེས་ཏེ། ངས་ཀྱང་བརྡ་སྤྲོད་པ་བསླབ་པར་བགྱིའོ་ཞེས་སྤྲོ་བ་བསྲིང་ངོ༌། །གང་གི་ཚེ་རྒྱལ་པོའི་ཞང་པོ་དབང་ཕྱུག་གོ་ཆས་རྒྱལ་པོས་བསྟེན་པར་འོས་པའི་སློབ་དཔོན་མཁས་པ་ཡང་རྙེད་པར་དཀའ་

ཞིང༌། རྙེད་པར་གྱུར་ཀྱང་ཡུན་རིང་དུ་ཐོགས་པས་རྒྱལ་སྲིད་ཀྱི་བྱ་བ་འཆོར་བར་འགྱུར་བས་དེས་ན་བདག་གིས་འདོད་པའི་ལྷ་བསྒྲུབས་ཏེ་ལེགས་པར་ཤེས་པར་བྱས་ནས་རྒྱལ་པོ་ལ་ཚེགས་ཆུང་ངུས་བསླབ་པར་བགྱིའོ་ཞེས་སྨྲས་ཏེ། དེས་གཞོན་ནུ་ཀཱརྟི་ཀ་བསྒྲུབས་པས་ཞག་བདུན་ནས་གཞོན་

ནུ་གདོང་པ་དྲུག་དང་ལྡན་པ། རྨ་བྱའི་བཞོན་པ་ལ་བཅིབས་ཏེ་མདུང་ཐུང་གིས་ལག་པར་སྤྲས་པའི་རྣམ་པ་ཅན་དུ་བྱུང་སྟེ། རིགས་ཀྱི་བུ་ཁྱོད་ལ་ཅི་ཞིག་འདོད་ཅེས་དྲིས་པ་ལ། དེས་ཀྱང་སྒྲ་ཤེས་པར་འཚལ་ལོ། །ལྷའི་ཞལ་ནས། སིདྡྷོ྅་ཝརྞ་ས་མཱམྣཱ་ཡ་ཞེས་བྱ་བ་ནས་མཚམས་སྦྱོར་

རྐང་པ་ལྔ་དང༌། མིང་རྐང་པ་དྲུག་དང༌། ཀུན་བཤད་པ་རྐང་པ་བཞི་རྣམས་བཤད་པས། ལྷའི་བྱིན་གྱིས་བརླབས་དང་རང་གི་བག་ཆགས་སད་པས་ལེགས་པར་ཤེས་ཏེ། ཚིམ་པའི་རློམ་པས་དེས་ཆོག་པར་འཚལ་ལོ་ཞེས་སྨྲས་སོ། །དེ་ནས་རྨ་བྱའི་བཞོན་པ་གདོང་བསྒྱུར་ཏེ་སོང་བ་དང༌། དེའི་

ཚེ་བསྟན་བཅོས་འདིའི་མིང་ཅི་ཡིན་སྙམ་ནས། དེ་ཝ་ཤཱསྟྲ་ནཱ་མ་ཀི་ཧོ་ཞེས་སྨྲས་པས། ལྷའི་ཞལ་ནས་ཀ་ལཱ་པ་སཱུ་ཏྲ་ཞེས་གསུངས་པ་དང༌། རྨ་བྱའི་མདོངས་ཀྱི་ཁ་དོག་ལ་ལེགས་པའི་ཆ་མང་པོ་བསགས་པ་སྟོན་པ་དང་གཉིས་ཀ་འཛོམ་པས་བསྟན་བཅོས་ལའང་ལེགས་པའི་བརྗོད་བྱ་ཐམས་ཅད་

ཚང་བར་ཤེས་ནས་ཀ་ལཱ་པ་སཱུ་ཏྲ་ཞེས་བཏགས་སོ། །ཡན་ལག་ཅུང་ཟད་མ་རྫོགས་པ་ཀུན་བཤད་པ་རྐང་པ་བཞི་དང་ཀྲྀ་ཏ་རྐང་པ་དྲུག་ནི། དབང་ཕྱུག་གོ་ཆ་དང་བྲམ་ཟེ་མཆོག་སྲེད་ཀྱིས་ཁ་བསྐང་བྱས་པར་གྲགས་སོ། །དེ་ནས་རྒྱལ་པོ་ལ་བསླབས་པས་མྱུར་དུ་ཤེས་ཏེ། བདག་གི་ལག་གཡས་

པདྨ་ཡོད། །གཡོན་པ་ལ་ནི་ཨུཏྤ་ལ། །ཡུ་བ་འཇམ་དང་རྩུབ་པ་དག །གང་འདོད་སྨྲོས་ཤིག་བཞིན་བཟང་མ། །ཞེས་པ་བསྐུར་བས་བཙུན་མོའང་མགུའོ། །རྒྱལ་པོས་འདི་ལ་དོན་འགྲེལ་ཞིག་མཛད་པ་བདེ་སྤྱོད་ཀྱི་བྱཱ་ཀ་ར་ཎ་ཞེས་བྱ་བ་ཤླཽ་ཀ་ལྔ་བརྒྱ་པ་ཅིག་ཡོད་ཅེས་གྲགས་སོ། །དེ་ལ་

Vol. 213 · folio 86b

བརྟེན་ནས་པཎྜི་ཏ་བྲམ་ཟེ་ཨུ་གྲ་བྷཱུ་ཏི་སྟེ་གྲགས་འབྱོར་དང༌། དུརྒ་སིངྷ་དང༌། ཁ་ཆེའི་པཎྜི་ཏ་རཏྣ་ཙྪ་ཏྲ་དང༌། སློབ་དཔོན་སྤྱན་གསུམ་འབངས་ཀྱིས་བྱས་པའི་འགྲེལ་བཤད་ལ་སོགས་པ་མང་དུ་ཡོད་དོ། །སློབ་དཔོན་ཙནྡྲ་གོ་མི་ནི་ཤར་ཕྱོགས་བྷངྒ་ལར་འཁྲུངས་ཤིང་གཞོན་ནུ་ནས་མཁས་

པར་གྱུར་ཏེ། མུ་སྟེགས་ཀྱི་པཎྜི་ཏ་བརྡ་སྤྲོད་པའི་དབང་ཕྱུག་ཅེས་བྱ་བ་སྒྲ་རིག་པ་སྨྲ་བ་ཀུན་གྱིས་མ་ཐུབ་པ་དེས་ཕྱི་དང་ནང་གི་བསྟན་པ་རྒྱལ་བའི་རུ་མཚོན་དུ་བཞག་སྟེ་རྩོད་པའི་ཕྱིར་བྱུང་བའང༌། སློབ་དཔོན་འདིས་བྱིས་པར་གནས་པའི་དུས་ནས་ཚར་བཅད་དེ་པཎྜི་ཏ་འཁོར་དང་བཅས་པ་ནང་

པའི་བསྟན་པ་ལ་བཅུག་གོ །བྷ་རེནྡྲའི་རྒྱལ་པོའི་བུ་མོ་ཏཱ་རཱ་ཞེས་པ་དང་ལྷན་ཅིག་བཞུགས་པ་ན། དུས་གཅིག་གི་ཚེ་གཡོག་མོས་རྗེ་མོ་ལ་ཏཱ་རཱ་ཞེས་བོས་པ་གསན་པས། ཡི་དམ་གྱི་ལྷའི་མཚན་དང་མཐུན་པས་མི་རུང་བར་དགོངས་ནས་འབྱོན་པར་ཆས་པ་དང༌། རྒྱལ་པོས་ངའི་

བུ་མོ་དང་ལྷན་ཅིག་མི་འདུག་ན་གངྒཱ་ལ་སྐྱུར་ཅིག་ཅེས་དེ་ལྟར་དུ་བསྐྱུར་བའི་ཚེ།སློབ་དཔོན་གྱིས་སྒྲོལ་མ་ལ་བསྟོད་པ་མཛད་པས། སྒྲོལ་མས་ཞལ་བསྟན་ནས་ཆུའི་དབུས་སུ་གླིང་སྤྲུལ་ཏེ་མི་འཇིགས་པར་བྱིན་གྱིས་བརླབས་པས་དེང་སང་ཡང་ཙནྡྲ་གླིང་ཞེས་བྱ་བ་གྲོང་དང་གྲོང་རྡལ་དུ་

བཅས་པ་ཡོད་པར་གྲགས་སོ། །གཏམ་དེ་ཐོས་པས་བྷ་རེནྡྲའི་རྒྱལ་པོའང་སླར་དད་པར་གྱུར་ཏེ་བླ་མ་ཉིད་དུ་བཀུར་རོ། །མཐར་གྱིས་ནཱ་ལེནྡྲཱར་བྱོན་ཏེ། སློབ་དཔོན་ཟླ་བ་གྲགས་པས་ཆོས་འཆད་པའི་སར་གདུགས་ཤིག་ཁྱེར་ཏེ་ཕྱིན་པ་ན། སློབ་དཔོན་ཟླ་བ་གྲགས་པས་འདི་ང་ལ་རྩོད་པའི་

ཕྱིར་འོངས་སོ་དགོངས་ནས་ཡོན་ཏན་ཅི་ཤེས་དྲིས་པས། སྒྲ་པཱ་ཎི་དང༌། འཇམ་དཔལ་མཚན་བརྗོད་དང༌། བསྟོད་པ་བརྒྱ་ལྔ་བཅུ་པ་གསུམ་ཤེས་གསུངས་པས། སློབ་དཔོན་ཙནྡྲཱ་གོ་མི་ཡིན་ནམ་གསུངས་པས།དེ་ལྟར་དུ་གྲགས་སོ་ཞེས་གསུངས་སོ། །འོ་ན་དགེ་འདུན་གྱིས་

བསུ་བ་བྱེད་པས་རེ་ཞིག་ཕར་ཐེགས་ཤིག་གསུངས་པ་ན། ང་དགེ་བསྙེན་ལ་དགེ་འདུན་གྱིས་བསུ་བར་བྱར་མི་རུང་བྱས་པས། ཤིང་རྟའི་སྟེང་དུ་འཇམ་དཔལ་བཞུགས་ནས་དེའི་རྒྱབ་ཏུ་ཁྱེད་བཞུགས་ཤིག འཇམ་དབྱངས་ལ་བསུ་བ་བྱེད་པའི་ལུགས་སུ་བྱའོ་གསུངས་ནས་དེ་ལྟར་

Vol. 213 · folio 87a

བྱས་སོ། །དེའི་དུས་སུ་སློབ་དཔོན་གྱིས་རྔ་ཡབ་གཡོབ་ཅིང་འཇམ་པའི་དབྱངས་དེ་ལ་བསྟོད་པ་ཤླཽ་ཀ་བཅུ་བཞི་པ་མཛད་པས། འཇམ་པའི་དབྱངས་ཀྱི་ཞལ་ནས་ང་ལ་དེ་ཙམ་གྱི་ཡོན་ཏན་མཆིས་སམ་གསུངས་ནས་དབུ་ཡོན་མཛད་པས་རྟེན་དེ་ལ་འཇམ་དབྱངས་དབུ་ཡོན་

མ་ཞེས་གྲགས་སོ། །རྩོད་པ་མཛད་པའི་དུས་སུ་ཙནྡྲ་གོ་མི་ལ་འཕགས་པའི་རྡོ་སྐུ་གཅིག་གིས་སློབ་ཀྱིན་ཡོད་པ་ཟླ་བ་གྲགས་པས་གཟིགས་ནས་འཕགས་པ་ཉེ་རིང་མ་མཛད་ཅིག་གསུངས་པས་སྐྱེངས་ཏེ་ཕྱག་མཛུབ་ཀྱེ་རེ་ལུས་པ་ལ་སྤྱན་རས་གཟིགས་མཛུབ་ཀྱེར་མ་ཞེས་བྱ་བར་གྲགས་སོ། །ཡང་

དབུལ་པོ་ཞིག་གིས་སློབ་དཔོན་ལ་ནོར་བསླངས་པ་ན། སློབ་དཔོན་ལ་ནོར་མེད་པར་སྒྲོལ་མའི་སྐུ་བརྙན་ཞིག་ལ་གསོལ་བ་བཏབ་པས། ཕྱག་གདུབ་ལ་སོགས་པའི་རིན་པོ་ཆེའི་རྒྱན་རྣམས་བྱིན་པས་སྒྲོལ་མ་རྒྱན་མེད་མ་ཞེས་བྱ་བར་གྲགས་སོ། །དེ་ལ་སོགས་པའི་ཡི་དམ་གྱི་ལྷས་རྗེས་

སུ་བཟུང་བའི་ལོ་རྒྱུས་མང་དུ་ཡོད་དོ། །དེ་ནས་སྨན་དཔྱད་ལ་སོགས་པའི་བསྟན་བཅོས་མང་དུ་བརྩམས་པས། འཇིག་རྟེན་དབང་ཕྱུག་གི་བཀས་ཐེག་པ་ཆེན་པོའི་བསྟན་བཅོས་མང་དུ་རྩོམས་ཤིག་དང་སེམས་ཅན་ལ་ཕན་པ་ཆེ་བར་འགྱུར་རོ་ཞེས་བསྐུལ་ནས། ཟླ་བ་སྒྲོན་མེའི་འགྲེལ་

པ་དང༌། སྡོམ་པ་ཉི་ཤུ་པ་དང༌། སྐུ་གསུམ་ལ་འཇུག་པ་ལ་སོགས་པ་མཛད་དོ། །དེའི་ཚེ་སློབ་མ་རྒྱལ་རིགས་ཀྱི་དགེ་སློང་ཞིག་བབས་ནས་སྡིག་པ་སྣ་ཚོགས་སྤྱོད་པ་གཟིགས་པས་དེ་འདུལ་བའི་ཕྱིར་དུ་སློབ་མ་ལ་སྤྲིང་བ་དང༌། ཙནྡྲ་པའི་མདོ་དང༌། ཡི་གེའི་མདོ་དང༌། བྱིངས་

ཀྱི་མདོ་དང༌། ཉེར་བསྒྱུར་དང༌། ཨུཎ་དང༌། སུབ་དང་ཏིང་ལ་སོགས་པ་མཛད་ནས་བཏུལ་ལོ། །དུས་དེར་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་སྒྲའི་བསྟན་བཅོས་ཀུན་དུ་བཟང་པོ་ཞེས་བྱ་བ་ཚིགས་སུ་བཅད་པར་བྱས་པ་ལེགས་པ་ཞིག་ཡོད་པ་དེ་ཉིད་དར་ཆེ་བར་གྱུར་པས།

ཙནྡྲ་གོ་མིས་འཕགས་པ་ལ་བདག་གི་དེ་དར་བར་གསོལ་བ་བཏབ་པས། ཀུན་དུ་བཟང་པོ་དར་འཕྲོ་ཆད་ནས་ཙནྡྲ་པ་དར་བར་གྱུར་ཏོ། །དེའི་ཚེ་སློབ་དཔོན་ཟླ་བ་གྲགས་པ་ཐུགས་ཆད་དེ་བསྟན་བཅོས་ཁྲོན་པ་ལ་འཕངས་པས་ཁྲོན་པ་དེ་ལ་ཙནྡྲ་ཁྲོན་པ་ཞེས་གྲགས་ཤིང༌། དེ་ནས་ཆུ་

Vol. 213 · folio 87b

འཐུངས་པ་རྣམས་བློ་རྣོ་བར་འགྱུར་རོ་ཞེས་གྲགས་སོ། །དེ་ལ་བརྟེན་ནས་སློབ་དཔོན་དེའི་ཞང་པོ་ཆོས་ཀྱི་འབངས་དང༌།རཏྣ་མ་ཏི་དང༌། པཎྜི་ཏ་ཟླ་བ་གང་བ་དང༌། པཎྜི་ཏ་རཱ་ཛ་ཤྲཱི་ལ་སོགས་པས་མཛད་པའི་འགྲེལ་པ་མང་དུ་བྱུང་ངོ༌། །བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ནི། རྒྱ་གར་ལྷོ་

ཕྱོགས་མ་ཧཱ་རཱཥྚ་ཞེས་བྱ་བའི་ཡུལ་ཁམས་སུ་བྲམ་ཟེའི་གཙང་མའི་རིགས་སུ་འཁྲུངས་པ། ཚངས་པར་སྤྱོད་པའི་བསླབ་པ་ལ་གནས་པའི་དགེ་བསྙེན་རྗེས་སུ་འབྱོར་པ་རང་བཞིན་བཟང་པོ་ཞེས་བྱ་བ། རིག་བྱེད་ཐམས་ཅད་དང་བྱེ་བྲག་ཏུ་བརྡ་སྤྲོད་པའི་གཞུང་ལ་མཁས་པ་ཞིག་བྱུང་ངོ༌། །

དུས་གཞན་ཞིག་ཏུ་ཡུལ་དབུས་སུ་ཕྱིན་ཏེ། བྲམ་ཟེའི་པཎྜི་ཏ་སྟོང་ཕྲག་ལྷག་ཙམ་དང༌། གཞན་ཡང་རིག་བྱེད་སྨྲ་བའི་མཁས་པ་མང་པོ་ཚོགས་པའི་ཁྲོད་དུ་བརྡ་སྤྲོད་ཀྱི་གཞུང་ལས་བརྩམས་པའི་འབེལ་གཏམ་ཉིན་ཞག་ཏུ་སྦྲེལ་བར་བྱས་པ་ན། སྐྱེས་བུའི་མིང་ལ་རྣམ་དབྱེ་བདུན་པའི་

མང་པོའི་ཚིགས་སུ་པྲ་བྱིན་པ་ལ་པུཾ་སུ་ཞེས་འདོན་དགོས་པ། སློབ་དཔོན་གྱིས་པུཾ་ཀྵུ་ཞེས་ཐལ་ཏེ། །དེའི་རྐྱེན་གྱིས་སློབ་དཔོན་ཐུགས་མུག་སྟེ་རང་ཉིད་ཤི་བར་བརྩམས་པ་ན། དུས་དེ་ཉིད་དུ་དབྱངས་ཅན་མས་ཞལ་བསྟན་ཏེ་བུ་དེ་ལྟ་བུའི་

ལས་རྩོམ་པར་བྱེད་མི་དགོས་ཀྱི། དེ་དང་མཐུན་པའི་མདོ་ཡོད་པ་ངས་བསྟན་པར་བྱའོ་ཞེས་དབུགས་ཕྱུང་ནས། བརྡ་སྤྲོད་པའི་གཞུང་གཞན་ལས་ཁྱད་པར་དུ་འཕགས་པའི་མདོ་མཚམས་སྦྱོར་ལེའུ་ལྔ་དང༌། མིང་ལེའུ་བཅུ་གཉིས་དང༌། ཀུན་བཤད་པ་ལེའུ་བཅུ་གསུམ་དང༌། ཀྲྀ་ཏ་

ལེའུ་གཅིག་སྟེ་ལེའུ་སུམ་ཅུ་རྩ་གཅིག་པ་འདི་ཉིད་སྐད་ཅིག་གི་ཡུན་དུ་རྫོགས་པར་གསུངས་ནས། སློབ་དཔོན་གྱིས་མདོ་འདི་འགྲེལ་པ་དང་བཅས་པ་མཚན་མོ་དེ་ལ་བྲིས་ཏེ། དེའི་འཕྲལ་ལ་དཔེ་ཤོག་ཀྱང་རྙིང་པ་ལྟར་སོང་ངོ༌། །སང་ཉིན་རྒོལ་བ་རྣམས་ཀྱི་གནས་སུ་ཕྱིན་ཏེ་བསྟན་པས་ཐམས་

ཅད་མགུ་བར་གྱུར་པ་དང༌། སླར་ཡང་སྔར་གྱི་ལོ་རྒྱུས་དང་བཅས་པ་རྒྱས་པར་བསྟན་པས་ཐམས་ཅད་ཀྱང་ངོ་མཚར་ཆེ་བར་གྱུར་ཅིང་བརྡ་སྤྲོད་པའི་གཞུང་གཞན་ལས་ཁྱད་པར་འཕགས་པར་བཀུར་རོ། །མདོ་དེ་ལ་བརྟེན་ནས་ཕྱི་ནང་གི་པཎྜི་ཏ་རྣམས་ཀྱིས་བྱས་པའི་འགྲེལ་པ་མང་དུ་ཡོད་

Vol. 213 · folio 88a

པར་གྲགས་སོ། །དེ་ཙམ་གྱིས་ནི་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་སྲས་དང་བཅས་པའི་རྣམ་པར་ཐར་པ་དག་གི་རྗེས་སུ་འཇུག་ཅིང་རྗེས་སུ་སློབ་པར་འདོད་པའི་བློ་ལྡན་རྣམས་ལ་ཕན་པ་དང་བདེ་བ་ཀུན་གྱི་འབྱུང་གནས་དམ་པར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་

ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཇིག་རྟེན་གྱི་ཁམས་སུ་རིང་པོར་གནས་པའི་ཐབས་ལ་ཤིན་ཏུ་གུས་པ་བགྱིད་དགོས་སོ་ཞེས་སྤྲོ་བ་སྐྱེད་པའི་དགོས་པ་དམ་པས་ཉེ་བར་དྲངས་ཏེ། བསྟན་པའི་གཏད་རབས་རྣམས་དང༌། ཛམྦུའི་གླིང་འདི་མཛེས་པར་བྱེད་པའི་མཁས་པ་རྒྱན་དྲུག་དང་མཆོག་

ཟུང་ལ་སོགས་པ་ཇི་ལྟར་བྱོན་པ་དང༌། བསྟན་པ་ལ་བྱ་བ་ཇི་ལྟར་བྱས་པའི་ཚུལ་ཐོར་བུ་བ་མདོ་ཙམ་དུ་སྨོས་པ་ཡིན་ལ། དེ་ལས་གཞན་པའི་འགྲེལ་བྱེད་ཀྱི་སློབ་དཔོན་ཇི་སྙེད་བྱོན་པ་རྣམས་ཀྱི་རྣམ་པར་ཐར་པ་རེ་རེ་ཞིང་བརྗོད་པ་ལ་ནི་མ་ལུས་པའི་འབྱུང་ཁུངས་བཙལ་བ་ཡང་དཀའ་ཞིང༌།

ཕལ་ཆེ་བ་ཞིག་ནི་རིག་པའི་གནས་ཀྱི་གཙུག་ལག་རྣམས་དང༌། བྱེ་བྲག་ཏུ་སྡོམ་པ་རིན་པོ་ཆེ་རྣམ་པ་གསུམ་དང་རྗེས་སུ་འབྲེལ་པའི་བཤད་པ་དང༌། ལུང་འབོགས་པ་དང༌། གདམས་ངག་འདོམས་པ་དང༌། རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་དབང་ཀ་དང༌། བྱིན་གྱིས་བརླབ་པ་དང༌། རྗེས་

སུ་གནང་བ་དང༌། བཤད་ཀ་ལ་སོགས་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་ཇི་ལྟར་བྱུང་བའི་ཚུལ་དང་རྣམ་པར་ཐར་པ་རྣམས་ནི་སོ་སོའི་ཆོས་འབྱུང་དང་རྟོགས་པ་བརྗོད་པ་རྣམས་སུ་འབྱུང་ཡང༌། འདི་ན་མཐོང་ཐོས་གང་དག་བྱུང་བ་ཙམ་གླེང་བ་ལ་ཡང་ཡི་གེའི་ཁུར་གྱི་ངལ་བའི་རྒྱུས་མ་བྲིས་

ཤིང༌། དེ་ལས་གཞན་པའི་དགོངས་འགྲེལ་གྱི་བསྟན་བཅོས་ཐ་དད་པའི་རྩོམ་པ་པོའི་སློབ་དཔོན་རྣམས་དང་སྒྱུར་བ་པོའི་ལོ་ཙཱ་བ་རྣམས་ཀྱི་མཚན་གྱི་ཕྲེང་བ་ཙམ་ཤེས་པར་འདོད་པ་ལ་ནི་འོག་ཏུ་ཆོས་ཚན་རྣམས་ཀྱི་མཚན་བྱང་སྨོས་པའི་སྐབས་སུ་ལེགས་པར་བལྟས་པས་ཤིན་ཏུ་གསལ་བར་

འགྱུར་རོ། །གཞན་དུ་བསྟན་བཅོས་རིན་པོ་ཆེ་འདི་དག་ལ་ད་ལྟའི་སྐབས་སུ་ལུང་རྒྱུན་ཐོར་བུ་བ་བཞུགས་པ་རྣམས་ཀྱི་བརྒྱུད་པའི་མཚན་གྱི་ཕྲེང་བ་རིམ་པར་བསྟར་བ་ཞིག་བྱུང་ན་ཤིན་ཏུ་འཐད་པའི་གནས་སུ་རིགས་ནའང་འདིར་ཡི་གེ་མངས་ཀྱིས་དོགས་པ་ལ་སོགས་པས་སླར་ཡང་གཞན་དུ་

Vol. 213 · folio 88b

རྣམ་པར་སྤྲོ་བར་བྱའོ། །དེ་དག་གིས་ནི་འཕགས་པའི་ཡུལ་གྱི་བསྟན་སྐྱོང་ཆེན་པོ་རྣམས་ཀྱིས་བསྟན་པ་ལ་བྱ་བ་བྱས་པའི་ཚུལ་ཇི་ལྟར་རིགས་པ་ངག་གི་ལམ་ནས་རེ་ཞིག་གླེང་ཟིན་ཏོ།། །།ད་ནི་གངས་ཅན་ཡུལ་གྱི་བསྟན་སྐྱོང་ཆེན་པོ་རྣམས་ཀྱིས་བསྟན་པ་ལ་བྱ་བ་བྱས་པའི་ཚུལ་ལ་བསྟན་པ་སྔ་དར་དང༌།

ཕྱི་དར་གཉིས་སོ། །དང་པོ་བསྟན་པ་སྔ་དར་ལ། སྤྱིར་བོད་ཀྱི་རྒྱལ་པོའི་བརྒྱུད་པ་ནི། འཕགས་པའི་ཡུལ་གྱི་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་སྲས་ལྔ་ཚིགས་སུ་བཤད་པ་དང༌། རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་སྟེ་དེའི་སྲས་ལྔ་ཚིགས་སུ་བཤད་པ་དང༌། བཏྶ་ལའི་

རྒྱལ་པོ་འཆར་བྱེད་ཀྱི་སྲས་སུ་བཤད་པ་སྟེ། འདོད་ཚུལ་གྱི་རྣམ་པ་ཐ་དད་པ་མཆིས་ཤིང༌།དེ་ལས་ཕྱི་མ་འདིའི་ལུགས་ལ་ནི། རྒྱལ་པོ་འཆར་བྱེད་ལ་སྲས་མིག་མས་ལྕིབས་ཀྱིས་འགེབས་པ་དང༌། སོར་མོ་རྣམས་དྲྭ་བས་འབྲེལ་བའི་མཚན་དང་ལྡན་པ་ཞིག་བྱུང་སྟེ། དེ་ཉིད་ལེགས་

པ་མ་ཡིན་པའི་མཚན་མར་བཟུང་ནས། ཟངས་ཀྱི་སྒྲོམ་བུ་ཁ་སྦྱར་གྱི་ནང་དུ་བཅུག་སྟེ་ཆུ་བོ་གངྒཱ་ལ་བསྐུར་བ་མཐར་གྱིས་ཞིང་པ་རྣམས་ཀྱིས་རྙེད་དེ། དེ་ལ་མཐུན་པའི་རྐྱེན་དུ་འགྱུར་བ་དག་གིས་ཚུལ་བཞིན་དུ་བསྐྱེད་དུ་བསྲིང་བར་བྱས་སོ། །ནམ་ཞིག་ཆེར་སོན་པ་ན་སྔར་གྱི་བྱུང་བ་རྣམས་ཐོས་

པས་ཡིད་སྐྱོ་བར་གྱུར་ཏེ་གངས་ལྡན་གྱི་རི་བོའི་དབྲག་ཏུ་བྲོས་ནས་རིམ་གྱིས་ལྷ་རི་ཡོལ་བའི་ཁར་བྱུང་སྟེ་བཙན་ཐང་སྒོ་བཞིར་ཐོན་པ་ལ། བོན་པོ་རྣམས་ནི་དམུ་ཐག་དང་དམུ་སྐས་ལ་བརྟེན་ཏེ་བབས་པའི་ལྷ་ཡིན་ནོ་ཞེས་སྨྲ་ཞིང༌། དངོས་ལ་ཁྱོད་སུ་ཞིག་ཅེས་དྲིས་པ་དང་བཙན་པོ་ཞེས་སྨྲས་སོ། །

གང་ནས་བྱོན་དྲིས་པ་དང་ནམ་མཁའ་ལ་མཛུབ་མོ་སྦྲེང་ངོ༌། །དེ་ནས་འདི་ནི་ཁོ་བོ་ཅག་རྣམས་ཀྱི་ཇོ་བོ་བྱའོ་ཞེས་ཤིང་གི་ཁྲི་ལ་བཞག་སྟེ་མིའི་གཉའ་བ་ལ་ཁུར་བས་མིང་ཡང་གཉའ་ཁྲི་བཙན་པོ་ཞེས་བྱ་བར་ཐོགས་སོ། །དེ་ནས་བཟུང་སྟེ་གནམ་གྱི་ཁྲི་བདུན་དང༌། བར་གྱི་སྟེང་གཅིག་དང༌།

སའི་ལེགས་དྲུག་དང༌། དེ་ནས་ཀྱང་ཕྱི་མའི་སྲས་ལྡེ་གནམ་ཞེས་བྱ་བ་ནས། ཁྲི་རྗེ་ཐོག་བཙན་ཞེས་བྱ་བའི་བར་གྱི་རྒྱལ་རབས་ཉི་ཤུ་རྩ་དྲུག་ཡན་ཆད་ཀྱི་ཆབ་སྲིད་དག་ནི་བོན་གྱིས་བསྐྱངས་སོ། །དེ་ནས་ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་

Vol. 213 · folio 89a

སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ་ཞེས་ཐམས་ཅད་མཁྱེན་པའི་ལུང་བསྟན་གྱི་རྔ་བོ་ཆེ་བདེན་པའི་མཐའི་རང་སྒྲ་འབུམ་དུ་ལྡིར་བ་གང་ཡིན་པ་དེ་ནི་ནམ་ཡང་འགོག་ཏུ་མེད་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁྱད་པར་གྱི་ཆོས་ཏེ། ཅིའི་ཕྱིར་

ཞེ་ན། བར་སྐབས་དེ་ནས་ལྷ་ཐོ་ཐོ་རི་གཉན་བཙན་ཞེས་བྱ་བ་བསིལ་ལྡན་ཁ་བ་ཅན་གྱི་ལྗོངས་འདིར་ཆོས་དང་ལྡན་པའི་རྒྱལ་པོ་ཐམས་ཅད་ཀྱི་ཐོག་མར་གྱུར་པ་དེ་བོད་ཁམས་ཀྱི་འགྲོ་བ་སྤྱིའི་བསོད་ནམས་ཀྱི་མགྲོན་དུ་ཁུགས་པར་གྱུར་ཏོ། །དེའང་ཇི་ལྟར་ཞེ་ན། རྒྱལ་པོ་དེ་ཡུམ་བུ་གླ་སྒང་གི་རྩེ་ན་

བཞུགས་པའི་དུས་སུ་བསོད་ནམས་ཀྱི་མཐུ་ལས་ནམ་མཁའ་ནས་ཟ་མ་ཏོག་ཅིག་བབས་ཏེ་དེ་ཁ་ཕྱེ་བའི་ནང་ན་ཟ་མ་ཏོག་བཀོད་པ་དང༌། པང་ཀོང་ཕྱག་བརྒྱ་པ་དང༌། གསེར་གྱི་མཆོད་རྟེན་གཅིག་ལ་སོགས་པ་བྱུང་སྟེ། དེའི་མིང་ལ་གཉེན་པོ་གསང་བ་ཞེས་བྱ་བར་བཏགས་ཏེ་དེ་ལ་མཆོད་པ་

བྱས་པས་རྒྱལ་པོ་ཚེ་ལོ་བརྒྱ་དང་ཉི་ཤུ་ཐུབ་པ་བྱུང་ཞིང་དམ་པའི་ཆོས་ཀྱི་དབུ་བརྙེས་པར་གྱུར་ཏོ། །དེ་ནས་བརྩམས་ཏེ་རྒྱལ་རབས་ལྔའི་ཕྱི་མར་གྱུར་པ་གནམ་རི་སྲོང་བཙན་ལ་སྲས་ལེགས་པའི་མཚན་དང་ལྡན་ཞིང༌། དབུའི་གཙུག་ཏུ་སངས་རྒྱས་ཨ་མི་ཏཱ་བྷ་བཞུགས་པ་ཞིག་སྐུ་བལྟམས་

སོ། །དེ་ཅུང་ཟད་ཆེར་སོན་ནས་བཟོ་ལ་སོགས་པའི་སྒྱུ་རྩལ་དང་རིག་པའི་གནས་མཐའ་དག་ལ་མཁས་པར་གྱུར་པས་བློན་པོ་རྣམས་ཀྱིས་འོ་ཅག་རྣམས་ཀྱི་རྗེ་འདི་ཐུགས་ཤིན་ཏུ་སྒམ་མོ་ཞེས་བསྔགས་པ་བརྗོད་པ་བྱུང་བས། མཚན་ཡང་སྲོང་བཙན་སྒམ་པོ་ཞེས་གྲགས་སོ། །

ཆོས་རྒྱལ་ཆེན་པོ་དེའི་སྐུ་རིང་ལ་དམ་པའི་ཆོས་དར་བར་བྱེད་པའི་སྟ་གོན་དུ། ཐོན་མི་ཨ་ནུའི་བུ་འཁོར་དང་བཅས་པ་རྒྱ་གར་དུ་བརྫོངས་ནས། འཕགས་པའི་ཡུལ་ནས་བྲམ་ཟེའི་རིགས་ཀྱི་སློབ་དཔོན་ལི་བྱིན་དང་ལྷ་རིགས་པའི་སེང་གེ་ལ་སོགས་པ་ལ་གཏུགས་ནས་རྒྱ་གར་གྱི་ཡི་གེའི་

རིགས་དང་བརྡ་སྤྲོད་པའི་གཞུང་ལུགས་རྣམས་ལ་སྦྱངས་པ་མཐར་ཕྱིན་པར་མཛད་ནས་ཤིན་ཏུ་མཁས་པར་གྱུར་ཏེ། ལེགས་པར་སྦྱར་བའི་སྐད་ཀྱི་ཡི་གེ་ལྔ་བཅུ་བོད་ཀྱི་སྐད་ལ་མཁོ་བའི་དབྱངས་ཀྱི་ཡི་གེ་བཞི་དང་གསལ་བྱེད་སུམ་ཅུར་དབྲི་བ་དང་བསྣན་པའི་སྒོ་ནས་ངེས་

Vol. 213 · folio 89b

པར་མཛད་དོ། །འཕགས་པའི་ཡུལ་གྱི་བརྡ་སྤྲོད་པའི་གཞུང་ཆེན་པོ་བརྒྱད་དང་གྲངས་མཚུངས་སུ་སྦྱར་ནས་བོད་ཀྱི་སྐད་དང་རྗེས་སུ་མཐུན་པའི་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་བརྩམས་པ་ལ་སོགས་པས་ཁ་བ་ཅན་གྱི་ལྗོངས་འདིར་བཀའ་དྲིན་གྱི་གཏིང་མཐའ་གཞལ་བའི་ཡུལ་ལས་འདས་

པར་གྱུར་ཏེ། ལོ་ཙཱ་བ་དེ་ཉིད་ཀྱི་གསུང་ལས། ང་དྲིན་ཆེན་གྱི་བློན་པོ་ཐོན་མི་ངས། །ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ། །ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད། །ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ། །ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས། །

ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ། །དོན་རྙེད་པར་དཀའ་བའི་ཡིག་འབྲུ་བསྟན། །བློ་ཐེ་ཚོམ་སེལ་བའི་མཛུབ་ཁྲིད་བྱས། །ཚིག་དབྱངས་ཡིག་རྣམས་ལ་མཁས་པར་བསླབས། །རྒྱ་ཡིག་ལྔ་བཅུ་ཐམ་པ་སྟེ། །བོད་ཡིག་སུམ་ཅུར་གཏན་ལ་ཕབ། །རང་མཁས་པའི་ངེས་ཤེས་བློ་ལ་ཤར། །འཕྲལ་

ཡོན་ཏན་ཐམས་ཅད་ཁོང་དུ་ཆུད། །དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད། །ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །མི་མཁས་པས་སླེབ་པའི་སྔ་མ་ཡིན། །ང་མུན་པ་སེལ་བའི་སྒྲོན་མ་ཡིན། །རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད། །བོད་

ཁ་བ་ཅན་པའི་མི་རྣམས་ལ། །ང་ཐོན་མི་བཀའ་དྲིན་མི་ཆེའམ། །ཞེས་འབྱུང་བ་ལྟར་བཀའ་དྲིན་གྱི་གཏིང་མཐའ་ཐུག་པ་མེད་པར་གྱུར་ཏོ། །དེ་ནས་རྒྱལ་པོས་ཀྱང་བསླབས་ཏེ་ཐོག་མར་མདོ་ཟ་མ་ཏོག་བཀོད་པ་དང༌། པང་ཀོང་དང༌། མདོ་སྡེ་དཀོན་མཆོག་སྤྲིན་ལ་སོགས་པའི་དམ་པའི་

ཆོས་བསྒྱུར་བ་དང༌། བོད་འབངས་རྣམས་ཀྱང་དམ་པའི་ཆོས་ལ་བཀོད་པ་ལ་སོགས་པའི་སྐུ་དྲིན་ཤིན་ཏུ་ཆེ་བ་བྱུང་སྟེ། རྒྱལ་པོ་འདིས་ཐོག་མར་ཡུལ་ཕྱོགས་བཀྲ་ཤིས་པར་བསྒྲུབ་པའི་ཕྱིར་བོད་ཀྱི་སའི་དབྱིབས་འདི་སྲིན་མོ་གན་རྐྱལ་དུ་ཉལ་བ་ལྟར་ཡོད་པའི་ས་དགྲ་གནོན་པའི་གཉེན་པོར་

མཐའ་འདུལ་དང༌། ཡང་འདུལ་དང༌། རུ་གནོན་གྱི་གཙུག་ལག་ཁང་རྣམས་བཏབ་སྟེ། ཛམྦུའི་གླིང་གི་རྟེན་གྱི་མཆོག་དམ་པ་ཇོ་ཤཱཀ་རྣམ་པ་གཉིས་ལ་སོགས་པ་སྤྱན་དྲངས་ཏེ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་པ་དང༌། རྒྱ་གར་གྱི་སློབ་དཔོན་ཀུ་ས་

Vol. 213 · folio 90a

ར་དང༌། བྲམ་ཟེ་ཤངྐ་ར་དང༌། བལ་པོའི་སློབ་དཔོན་ཤཱི་ལ་མཉྫུ་དང༌། རྒྱ་ནག་གི་སློབ་དཔོན་མ་ཧཱ་ཡཱ་ན་དང་དྷརྨ་ཀོ་ཥ་རྣམས་སྤྱན་དྲངས་ཤིང་ཐོན་མི་སམྦྷོ་ཊས་ལོ་ཙཱ་བ་བྱས་ཏེ་དམ་པའི་ཆོས་མང་དུ་བསྒྱུར་རོ། །དེ་ནས་རྒྱལ་རབས་ལྔ་ནས་འཇམ་དཔལ་

བརྟན་པའི་འཁོར་ལོའི་སྒྱུ་འཕྲུལ་རྣམ་པར་རོལ་པའི་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གིས། ཐམས་ཅད་མཁྱེན་པ་ཞི་བ་འཚོ་དང༌། སློབ་དཔོན་པདྨ་སམྦྷ་ཝ་ལ་སོགས་པ་འཕགས་པའི་ཡུལ་གྱི་པཎྜི་ཏ་མང་པོ་སྤྱན་དྲངས་པ་དང༌། ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་

གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཉིད་དུ་བསྐྲུན་པར་མཛད་དོ། །བོད་ཀྱི་རབ་ཏུ་བྱུང་བ་ཐམས་ཅད་ཀྱི་ཐོག་མར་གྱུར་པ་སད་མི་མི་བདུན་ལ་སོགས་པའི་རབ་ཏུ་བྱུང་བའི་སྡེ་ཚུགས་ཤིང༌། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་བི་མ་ལ་

མི་ཏྲ་དང༌། སངས་རྒྱས་གསང་བ་དང༌། ཤཱནྟིཾ་གརྦ་དང༌། རྣམ་དག་སེང་གེ་ལ་སོགས་པ་དང༌། བོད་ཀྱི་ལོ་ཙཱ་བ་འཁོན་ཀླུའི་དབང་པོའི་བསྲུངས་པ་དང༌། པ་གོར་བཻ་རོ་ཙ་ན་དང༌། ཨཱ་ཙཱརྻ་རིན་ཆེན་མཆོག་དང༌། ཡེ་ཤེས་དབང་པོ་དང༌། ཀ་ཅོག་ཞང་གསུམ་ལ་

སོགས་པའི་ལོ་ཙཱ་བ་སྟོང་ཕྲག་ཙམ་གྱིས་སྡེ་སྣོད་གསུམ་དང༌། གསང་སྔགས་རྒྱུད་སྡེ་བཞི་དང༌། དེ་དག་གི་དགོངས་འགྲེལ་དང་བཅས་པའི་ཆོས་མང་པོ་བསྒྱུར་ཅིང༌། དེ་དག་ཀྱང་འཆད་པ་དང༌། ཉན་པ་དང༌། སྒོམ་པ་ལ་སོགས་པས་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་

ཅད་དུ་རྒྱས་པའི་ལས་བསྒྲུབས་སོ། །དེའི་སྲས་སད་ན་ལེགས་མཇིང་ཡོན་གྱི་སྲས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་པར་རོལ་པ་ཆོས་རྒྱལ་ཆེན་པོ་ཁྲི་རལ་པ་ཅན་གྱི་སྐུ་རིང་ལ། རྒྱ་གར་དང་བལ་པོ་ལ་སོགས་པ་ནས་པཎྜི་ཏ་མང་པོ་

སྤྱན་དྲངས་ཏེ་བཤད་པ་དང་སྒྲུབ་པའི་སྲོལ་ཤིན་ཏུ་དར་བར་གྱུར་ཏོ། །ཉི་འོག་གི་མཁན་པོ་ཨཱ་ཙཱརྻ་ཛི་ན་མི་ཏྲ་ལ་སོགས་པའི་ལོ་ཙཱ་བ་མཁས་པ་རྣམས་ལ་གསུང་རབ་ཀྱི་བརྡའི་སྐད་མི་འདྲ་བའི་ཁྱད་པར་མང་དུ་མཆིས་པ་རྣམས་ཤིན་ཏུ་རྟོགས་པར་སླ་བར་ཀུན་གྱིས་བསླབ་ཏུ་རུང་བར་

Vol. 213 · folio 90b

གྱིས་ཤིག་ཅེས་བཀའ་སྩལ་ནས་གསུང་རབ་མཐའ་དག་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་དང༌། འོན་ཅང་གི་རྡོའི་རྒྱ་ཕིབས་དགུ་ཐོག་བཞེངས་པ་དང༌། རབ་ཏུ་བྱུང་བ་རེ་རེ་ལའང་འབངས་སུ་མི་ཁྱིམ་བདུན་རེ་འབུལ་བ་ལ་སོགས་པས་བསྟན་པ་ལ་སྨན་པའི་ཕྲིན་ལས་བསམ་

པའི་ཡུལ་ལས་བརྒལ་བར་མཛད་དོ། །མདོར་ན་དེ་དག་གི་སྐབས་སུ་བོད་ཀྱི་ཡུལ་འཛིན་མའི་ཁྱོན་འདིར་ཞབས་ཀྱིས་བཅགས་ཤིང་བསྟན་པ་རྒྱས་པའི་རྩ་ལག་ཏུ་གྱུར་པའི་པཎྜི་ཏ་དང༌། སྐད་གཉིས་སྨྲ་བའི་དབང་པོ་སྤྲུལ་པའི་ལོ་ཙཱ་བ་གང་དག་བྱོན་པ་ཕལ་ཆེ་བ་རྣམས་ཀྱི་མཚན་གྱི་ཕྲེང་བ་

རྟོགས་པར་སླ་བའི་ཕྱིར། ཚིགས་སུ་བཅད་པར་བསྡེབས་ན་འདི་ལྟ་སྟེ། བོད་དུ་རྒྱལ་བའི་བསྟན་པ་སྔ་དར་དུས། །རྒྱ་བལ་ཁ་ཆེ་ནས་བྱོན་པཎྜི་ཏ། །ཀུ་ས་ར་དང་བྲམ་ཟེ་ཤངྐ་ར། །(*བལ་པོ།)མཉྫུ་ཤྲཱི་དང་མཁན་ཆེན་ཞི་བ་འཚོ། །པདྨ་འབྱུང་གནས་སྔགས་འཆང་ཆོས་ཀྱི་གྲགས། །

དྲི་མེད་བཤེས་གཉེན་དང་ནི་སངས་རྒྱས་གསང༌། །(*བསམ་ཡས་རབ་གནས་མཁན།)ཤཱནྟིཾ་གརྦ་རྣམ་དག་སེང་གེ་དང༌། །པདྨའི་ངང་ཚུལ་བྲམ་ཟེ་ཨཱ་ནནྡ། །ཀལྤ་མི་ཏྲ་ཛི་ན་མི་ཏྲ་དག །(*སུ་རེནྡྲ་བོ་དྷིཿ)ལྷ་དབང་བྱང་ཆུབ་ཤཱི་ལེནྡྲ་བོ་དྷིཿ། །དཱ་ན་ཤཱི་ལ་བོ་དྷི་མི་ཏྲ་དང༌། །མུ་ནི་ཝརྨ་སརྦ་ཛྙཱ་དེ་ཝ། །(*བི་དྱཱ་ཀ་ར་པྲ་གྷཱ།)རིག་བྱེད་

འོད་ཟེར་ཞེས་བྱ་ལ་སོགས་དང༌། །རྒྱ་ནག་སློབ་དཔོན་མ་ཧཱ་དེ་ཝ་ཚེ། །མ་ཧཱ་ཡཱ་ན་ཞེས་བྱ་ལ་སོགས་བྱོན། །དེ་དེའི་སྐབས་སུ་སྐད་གཉིས་སྨྲ་བའི་དབང༌། །ཀུན་གྱི་སྔོན་མ་ཐོན་མི་སམྦྷོ་ཊ། །དྷརྨ་ཀོཥྛ་དང་ནི་རྡོ་རྗེ་དཔལ། །

(*གཉགས།)མཱུ་ལ་ཀོ་ཥ་ཡེ་ཤེས་གཞོན་ནུ་དང༌། །(*རྦ།)ངན་ལམ་རྒྱལ་བ་མཆོག་དབྱངས་ཡེ་ཤེས་དབང༌། །(*འབའ་ཁྲི་བཞིར།)སཾ་ཤི་ཏ་དང་སྦྲང་རྒྱར་ལེགས་གཟིགས་མཚན། །(*རྦ།)སེང་གོང་ལྷ་ལུང་གཟིགས་དང་གསལ་སྣང་དང༌། །(*སྣ་ནམ།)རྡོ་རྗེ་བདུད་འཇོམས་ཛྙཱ་ན་(*ལྕེ།)སིདྡྷིའི་མཚན། །(*གླིང་ཏི།)ཤཱཀྱ་པྲ་བྷཱ་ཛ་ཡ་རཀྵི་ཏ། །(*ཤུང་བུ།)དཔལ་གྱི་

སེང་གེ་མཉྫུ་ཤྲཱི་དབའ། །(*རྩངས།)ལྷ་དབང་བསྲུངས་དང་བྲན་ཀ་མུ་ཏི་ཀ །(*པ་གོར།)རྣམ་པར་སྣང་མཛད་བསྲུངས་དང་(*འཁོན།)ཀླུ་དབང་བསྲུངས། །(*རྩངས།)རིན་ཆེན་མཆོག་དང་རིན་ཆེན་མཆོག་དང་རིན་ཆེན་ལེགས་པར་གྲུབ། །དྷརྨཱ་ལོ་ཀ་

Vol. 213 · folio 91a

དྲན་པ་ནམ་མཁའ་དང༌། །རྣམ་པར་མི་རྟོག་ཤཱཀྱ་འོད་དང་ལྕེ། །(*ཉང༌།)ཁྱི་འབྲུག་དང་ནི་ཁམས་པ་གོ་ཆ་ཛྙཱ། །(*ཞང༌།)དེ་ཝ་ཀོ་ཥ་རྒྱལ་ཉེན་ཉ་བཟང་དང༌། །འགོས་ལོ་ཆོས་འགྲུབ་སྟོང་གི་ཨཱ་ཙཱརྻཱ། །(*ཅོག་རོ།)དྷརྨ་ཤཱི་ལ་ཀླུ་ཡི་རྒྱལ་མཚན་དང༌། །དཔལ་བརྩེགས་

བསྲུངས་དང་རཏྣ་རཀྵི་ཏ། །ཡེ་ཤེས་སྡེ་དང་ཛ་ཡ་རཀྵི་ཏ། །འཇམ་དཔལ་གོ་ཆ་རཏྣེནྡྲ་ཤཱི་ལ། །བཟང་སྐྱོང་ལྷ་ཡི་ཟ་བ་དཔལ་གྱི་ལྷུན། །དཔལ་གྱི་འབྱོར་པ་ཡེ་ཤེས་སྙིང་པོ་ཅན། །རྒྱལ་བ་ཤེས་རབ་ཤཱཀྱ་བཤེས་གཉེན་དང༌། །དགེ་བ་

(*གནུབས།)དཔལ་དང་ལེགས་སྡེ་ནམ་མཁའི་སྙིང༌། །ཡིག་མཁན་དགོན་གླིང་རྨ་དང་གཞོན་ནུ་བསྲུངས། །ནམ་མཁའ་སྐྱོང་སྟེ་སྐད་གཉིས་སྨྲ་རྣམས་ཀྱིས། །དམ་པའི་ཆོས་མང་བོད་ཀྱི་སྐད་དུ་བསྒྱུར། །ཞེས་སོ། །སྐབས་དེར་བོད་ཡུལ་འདིར་སྔོན་དུས་རྒྱ་གར་གྱི་ཡུལ་ལ་འགྲན་

ནུས་པའི་བསྟན་པ་དར་བ་ལ། སྔོན་གྱི་སྨོན་ལམ་ལོག་པའི་ཕོ་ཉས་བོས་པའི་གླང་དར་མ་འུ་དུམ་བཙན་དང༌། སྡིག་ཅན་གྱི་བློན་པོ་དབང་བཙན་པ་རྣམས་ཀྱི་སྙིང་ལ་ཡིད་ཀྱི་སྲུབ་ཤིང་བརྒྱད་ཁྲི་བཞི་སྟོང་གི་ཚང་སྟན་བཅས་པའི་དབང་གིས་མ་བཟོད་པར། ཆོས་

རྒྱལ་ཆེན་པོ་བཀྲོངས་ནས་རྒྱལ་སྲིད་ཀྱི་ཁྲི་བཟུང༌། དགེ་འདུན་གྱི་འདུལ་བའི་ཁྲིམས་ཐམས་ཅད་ལོ་ཐོག་ལ་སེར་བ་ཕོག་པ་ལྟར་བཅོམ་ནས། སྔོན་ཆད་དར་རོ་ཅོག་གི་བསྟན་པ་ཐམས་ཅད་མིང་གི་ལྷག་མ་ཙམ་དུ་བྱས་ཏེ་བསྣུབས་སོ། །དེའི་ཚེ་ཕྱོགས་བཅུའི་རྒྱལ་བ་

རྣམས་ཀྱི་མཐུ་སྟོབས་དང་བྱིན་རླབས་མ་ལུས་པ་གཅིག་ཏུ་བསྡུས་པའི་བདག་ཉིད་གསང་བའི་བདག་པོ་མིའི་སྲིད་པའི་བརྫུ་ལ་ཞུགས་པའི་ལྷ་ལུང་དཔལ་གྱི་རྡོ་རྗེས་སྡིག་ཅན་གྱི་རྒྱལ་པོ་ལ་ལྕགས་མདས་བསྣུན་ཏེ་གཤིན་རྗེའི་དེད་དཔོན་ཆེན་པོའི་ཁར་བསྟབ་བོ། །དེ་ནས་འདུལ་བ་

འོད་ལྡན་ལ་སོགས་པའི་ཆོས་ཀྱི་གླེགས་བམ་འགའ་ཞིག་བསྣམས་ནས་ཁམས་ཀྱི་ཕྱོགས་སུ་བྱོན་ནོ། །གཉིས་པ་བསྟན་པ་ཕྱི་དར་ནི། དེ་ལྟར་རྒྱལ་པོ་གླང་དར་མ་འཇིག་རྟེན་ཕ་རོལ་ཏུ་འཕོས་པའི་རྗེས་སུ་ཡང་བསྟན་པ་རྨས་ཚབ་ཤིན་ཏུ་ཆེ་བའི་རྐྱེན་གྱིས་དུས་རིང་པོའི་བར་དུ་

Vol. 213 · folio 91b

བོད་ཡུལ་གྱི་འགྲོ་བ་མཐའ་དག་མུན་པའི་གླིང་དུ་གྱི་ནར་འཁྱམས་དགོས་པ་བྱུང་ངོ༌། །དེའི་ཚེ་མདོ་སྨད་ཀྱི་ཕྱོགས་ནས་གཙང་རབ་གསལ་དང༌། གཡོ་དགེ་འབྱུང་དང༌། སྨར་ཤཱཀྱ་མུ་ནི་སྟེ་གསུམ་དང༌། བླ་ཆེན་དགེ་བ་རབ་གསལ་ལམ་དགོངས་པ་རབ་གསལ་ཏེ་བཞི་དང༌། སྟོད་

ནས་པཱ་ལའི་མཐའ་ཅན་རྣམ་པ་གསུམ་ནས་རིམ་པར་བརྒྱུད་དེ། འདུལ་བའི་བསྟན་པ་རིན་པོ་ཆེའི་སྒྲོན་མེ་སླར་ཡང་སྦོར་བར་མཛད་དོ། །དེའི་རྗེས་སུ་སྟོད་ནས་མངའ་བདག་ལྷ་བླ་མ་ཡེ་ཤེས་འོད་ཁུ་དབོན་གྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་སྙིང་གི་ནོར་དུ་

བཅང་བའི་ཐུགས་བསྐྱེད་ཀྱི་ཤིང་རྟ་རྣམ་པར་ཡངས་པའི་འཕྲུལ་ལ་བརྟེན་ནས། ཡང་དག་བསྟན་པའི་ཉིན་མོར་བྱེད་པ་ལྗོངས་འདིར་འདྲེན་པར་བྱེད་པའི་བློ་གྲོས་ཀྱི་སྐྱ་རེངས་རྣམ་པར་གསལ་བའི་རིན་ཆེན་བཟང་པོ་ལ་སོགས་པའི་གཞོན་ནུ་ཉི་ཤུ་རྩ་གཅིག་རྒྱ་གར་གྱི་ཡུལ་དུ་བརྫངས་སོ། །

དེའི་ནང་ནས་སྤྲུལ་པའི་ལོ་ཆེན་རིན་ཆེན་བཟང་པོ་དང༌། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ཀྱིས་བོད་དུ་བྱོན་ནས་མཁས་པའི་བྱ་བ་ཡང་དག་པར་བྱས་ཤིང༌། ཁྱད་པར་ལོ་ཆེན་རིན་ཆེན་བཟང་པོ་ནི་སྔགས་དང་མཚན་ཉིད་གཉིས་ཀ་ལ་སྦྱངས་པ་ཆེན་པོའི་མཐར་ཕྱིན་ཏེ་བསྟན་པའི་

སྒྲོན་མེ་ཆེན་པོར་གྱུར་ཅིང༌། ཤྲདྡྷཱ་ཀ་ར་ཝརྨྨ་ལ་སོགས་པའི་པཎྜི་ཏ་ཡོངས་སུ་གྲགས་པ་མང་པོ་བོད་དུ་སྤྱན་དྲངས་ཏེ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་བསྒྱུར་བ་དང༌། ཉན་པ་དང་བཤད་པ་དང་སྒོམ་པའི་སྲོལ་བཟང་ཡང་དག་པས་བསྟན་པའི་གཞི་ཆེན་པོ་

བཙུགས་སོ། །དེའི་རྗེས་སུ་འཕགས་པའི་ཡུལ་གྱི་བྷྲྀ་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་པཎྜི་ཏ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟར་གྱུར་པ་ཇོ་བོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་པ། བསྐལ་པ་དུ་མ་ནས་དེ་བཞིན་གཤེགས་པ་ཀུན་གྱི་འབྱུང་གནས་སུ་གྱུར་པའི་བྱང་ཆུབ་ཀྱི་སེམས་

རིན་པོ་ཆེ་ལ་ལེགས་པར་གོམས་པའི་རྒྱལ་བའི་མྱུ་གུ་ཆེན་པོ་དེ་ལ་སོགས་པ་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པའི་མ་ཧཱ་པཎྜི་ཏ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བས་བསྟན་པ་རིན་པོ་ཆེ་མི་ནུབ་པའི་

Vol. 213 · folio 92a

རྒྱལ་མཚན་དུ་བསླང་ངོ༌། །དེ་བཞིན་དུ་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་ལྷ་བླ་མ་ཡེ་ཤེས་འོད་ལ་སོགས་པའི་སྐད་གཉིས་སྨྲ་བའི་དབང་པོ་མང་དུ་བྱོན་པ་རྣམས་ཀྱིས་དཀའ་བ་དུ་མ་སྤྱད་པས་བཀའ་དང་བསྟན་བཅོས་དཔག་ཏུ་མེད་པ་བསྒྱུར་ཅིང་གཏན་ལ་ཕབ་སྟེ། ཆོས་

ཀྱི་སྣང་བ་དཀར་པོས་འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་བར་བྱས་སོ། །དེ་དག་གི་སྐབས་སུ་པཎྜི་ཏ་དང་ལོ་ཙཱ་བ་བྱོན་པའི་མཚན་གྱི་ཕྲེང་བ་ཚིགས་སུ་བཅད་པར་བསྡེབས་པ་ནི། བསྟན་པ་ཕྱི་དར་དུས་ཀྱི་པཎྜི་ཏ། །བུདྡྷ་པཱ་ལ་དྷརྨ་པཱ་ལ་དང༌། །པྲཛྙཱ་པཱ་ལ་དང་ནི་ལེགས་

པར་བཤད། །ཤྲདྡྷཱ་ཀ་ར་ཝརྨ་པདྨ་སྦས། །མུཀྟི་མི་ཏྲ་སངས་རྒྱས་དཔལ་ཞི་བ། །ཤེས་རབ་གོ་ཆ་(*ཇོ་བོ་རྗེ།)དཔལ་ལྡན་ཨ་ཏི་ཤ །(*དེའི་དབོན་པོ།)དཱ་ན་ཤྲཱི་དང་དྲན་པ་ཡེ་ཤེས་གྲགས། །ཕྲ་ལ་རིང་བ་སུནྱཱ་ཡ་ཤྲཱི་དང༌། །(*ཁ་ཆེ།)ཛྙཱ་ན་ཤྲཱི་དང་ཙནྡྲ་རཱ་ཧུ་ལ། །(*འབུམ་ཕྲག་གསུམ་པ།)དྷི་ར་པཱ་ལ་ཨ་ཏུ་ལྱ་ད་ཤ །བློ་བཟང་གྲགས་པ་ཨ་

མ་ར་ཙནྡྲ། །ཐིག་ལེ་བུམ་པ་གཞོན་ནུ་བུམ་པ་དང༌། །གསེར་གྱི་གོ་ཆ་དམ་པ་རྒྱ་གར་པ། །ཛ་ཡཱ་ནནྡ་ག་ཡ་དྷ་རའི་ཞབས། །དོན་ཡོད་རྡོ་རྗེ་ཁ་ཆེ་ཟླ་བ་མགོན། །སྟོང་ཉིད་ཏིང་འཛིན་རྡོ་རྗེ་ཡེ་རྡོར་བ། །ཤེས་རབ་གསང་བ་མ་ཧཱ་ཛ་ན་དང༌། །

སྟོབས་ཀྱི་ཟླ་བ་མནྟྲ་ཀ་ལཀྵུ། །ཀརྨ་བཛྲ་དང་ནི་ཛ་མཱ་རི། །དཔའ་བོ་རྡོ་རྗེ་སྒྲ་གཅན་འཛིན་སྦས་པ། །རྣམ་སྣང་རྡོ་རྗེ་མཉྫུ་གྷོ་ཥ་དང༌། །སཱུརྻ་ཀཱིརྟྟི་པྲཛྙཱ་ཤྲཱི་ཛྙཱ་ན། །གཾ་གཱ་དྷ་ར་དང་ནི་ནོར་སྦས་དང༌། །ཀུན་བཟང་དཔལ་དང་ནིཥྐ་ལངྐ་ལྷ། །འགྲོ་བཤེས་དགའ་དང་བུདྡྷ་ཤྲཱི་ཛྙཱ་ན། །

ཤཱཀྱ་ཤྲཱི་བཟང་རབ་འབྱོར་ཟླ་བ་དང༌། །སུ་ག་ཏ་ཤྲཱི་དཱ་ན་ཤཱི་ལ་དང༌། །ཛ་ཡ་དཏྟ་དང་ནི་སཾ་གྷ་ཤྲཱི། །བློ་བཟང་སྙིང་པོ་ཀཱ་ལ་ཙནྡྲ་དང༌། །ཛི་ན་གུཔྟ་མ་ཧཱ་བོ་དྷི་པ། །ཛ་བྷ་མ་ཤྲཱི་འཇིག་རྟེན་གསུམ་ཀུན་དགའ། །ལོངས་སྤྱོད་རྡོ་རྗེ་དང་ནི་རཏྣ་ཤྲཱི། །(*བལ་པོ།)མ་ཧཱ་པ་ན་བཛྲ་ཀཱིརྟི་དང༌། །ཀ་

ཡ་ཤྲཱི་དང་བལ་པོ་གྲགས་པ་དཔལ། །ཀུ་མཱ་ར་དང་ཐམས་ཅད་མཁྱེན་པའི་དཔལ། །སཱ་དྷུ་ཀཱིརྟི་བི་ན་ཡ་ཤྲཱི་དང༌། །ཤཱི་ལ་ཤྲཱི་དང་མངྒ་ལ་ཤྲཱི་དང༌། །བི་མ་ལ་ཤྲཱི་དཱར་པཎ་ཨཱ་ཙཱརྻ། །རྒྱལ་བའི་ལྷ་དང་ལཀྵྨཱི་ཀ་ར། །ཨཱ་ནནྡ་ཤྲཱི་རཱ་ཧུ་ལ་ཤྲཱི་དང༌། །ཟངས་གླིང་པ་དང་ཀཱིརྟི་

Vol. 213 · folio 92b

པཎྜི་ཏ། །ཤ་རི་པུ་ཏྲ་ནགས་ཀྱི་རིན་ཆེན་དང༌། །བུདྡྷ་གུཏྤ་ཞེས་བྱ་ལ་སོགས་སོ། །དུས་དེར་སྔ་ཕྱིར་བྱོན་པའི་ལོ་ཙཱ་བ། །ཆེན་པོ་ལྷ་ཡི་བླ་མ་ཡེ་ཤེས་འོད། །རིན་ཆེན་བཟང་པོ་གྲགས་འབྱོར་ཤེས་རབ་དང༌། །(*འགྲོ།)(*ལྷ་)སེང་དཀར་ཤཱཀྱ་འོད་དང་ཞི་བ་འོད། །(*རྔོག)ལེགས་པའི་ཤེས་རབ་

(*རྒྱ)བརྩོན་འགྲུས་སེངྒེ་དང༌། །(*ནག་ཚོ།)ཚུལ་ཁྲིམས་རྒྱལ་བ་ཁུ་ཡི་དངོས་གྲུབ་དང༌། །(*འབྲོམ།)རྒྱལ་བའི་འབྱུང་གནས་ཤཱཀྱ་བློ་གྲོས་མཚན། །(*མར་ཐུང༌།)ཆོས་ཀྱི་ཤེས་རབ་དད་པ་ཤེས་རབ་དང༌། །(*རྨ།)(*་ག་རོད།)དགེ་བའི་བློ་གྲོས་ཚུལ་ཁྲིམས་འབྱུང་གནས་མཚན། (*ཁྱུང་པོ།)ཆོས་ཀྱི་བརྩོན་འགྲུས་སྟག་ལོ་

གཞོན་བརྩོན་པ། །མགར་པ་ཆོས་བཟང་ཤེའུ་རྡོ་རྗེའི་ལྷ། །(*རྔོག)རབ་ཞི་བཤེས་གཉེན་བློ་ལྡན་ཤེས་རབ་ཅན། །(*པུ་ཧྲང༌།)ལེགས་པའི་ཤེས་རབ་འཕགས(*ཟངས་དཀར།)པ་ཤེས་རབ་དང༌། །(*འབྲོག་མི།)ཤཱཀྱ་ཡེ་ཤེས་དགའ་བའི་རྡོ་རྗེ་གཟུ། །གྱི་ལྗང་དབུ་

དཀར་ཆོས་ཀྱི་ཡོན་ཏན་དང༌། །(*མར་པ་ལྷོ་བྲག)ཆོས་ཀྱི་རིན་ཆེན་ཆོས་ཀྱི་བློ་གྲོས་མཚན། །གཉན་ལོ་དར་མ་གྲགས་དང་འགོས་ལྷས་བཙས། །(*ཀློག་སྐྱ།)གྱི་ཇོ་ཟླ་བའི་འོད་ཟེར་ཤེས་རབ་བརྩེགས། །(*མལ་གྱོ།)བློ་གྲོས་གྲགས་དང་བསོད་(*སེ་ཙ།)ནམས་རྒྱལ་མཚན་པ། །རོང་པ་ཆོས་བཟང་

(*ཡོལ་ལྕགས།)རྡོ་རྗེ་དབང་ཕྱུག་དང༌། །(*མང་འོར།)བྱང་ཆུབ་ཤེས་རབ་རྩ་མི་སངས་རྒྱས་གྲགས། །(*་སྤང་ཞོ།)ཁེའུ་གད་འཁོར་ལོ་གྲགས་དང་གསལ་བ་གྲགས། །དིང་རི་ཆོས་གྲགས་རྒྱུས་ཀྱི་སྨོན་ལམ་གྲགས། །པ་ཚབ་ཉི་གྲགས་བ་རི་རིན་ཆེན་གྲགས། །(*འབྲོ།)ཤེས་

རབ་གྲགས་དང་རྭ་ཆེན་རྡོ་རྗེ་གྲགས། །ཀྲེ་བོ་ཤེས་དཔལ་བཀྲ་ཤིས་རྒྱལ་མཚན་པ། །བ་རེག་ཐོས་དགའ་རྨ་ཕན་ཆོས་འབར་དང༌། །མཚུར་སྟོན་དབྱིག་གི་རྒྱལ་མཚན་མཚུར་དབང་ངེ། །(*དཔྱལ་པ།)ཀུན་དགའ་རྡོ་རྗེ་དང་ནི་ཀུན་(*དཔྱལ།)དགའ་གྲགས། །མར་

དོ་ཆོས་དབང་ཆོས་ཀྱི་སྙིང་པོ་དང༌། །(*ཀམ།)ཆོས་ཀྱི་ཡེ་ཤེས་དབང་(*ཕྱུགས་མཚམས།)ཕྱུག་རྒྱ་མཚོ་དང༌། །ཚུལ་ཁྲིམས་ཡོན་ཏན་ཁེའུ་གད་ཡོན་ཏན་དཔལ། །བསོད་ནམས་བཟང་པོ་སུམ་པ་དཔལ་མཆོག་གི །རྡོ་རྗེ་དང་ནི་ཉི་མ་རྡོ་རྗེ་དང༌། །(*ཞུ།)དགེ་བསྙེན་ནེ་ཚོ་གློག་སྐྱ་གཞོན་ནུ་འབར། །

Vol. 213 · folio 93a

ལྷ་སྟོན་ཡེ་ཤེས་རྒྱལ་མཚན་བྱང་ཆུབ་འབྱུང༌། །(*སྨན།)ཆོས་ཀྱི་བློ་གྲོས་ཏིང་ངེ་(*ཅོག་བྲུ།)འཛིན་བཟང་པོ། །ཤེས་རབ་ཡེ་ཤེས་རིག་པ་གཞོན་ནུ་དང༌། །གཞོན་ཚུལ་དང་ནི་ཁུ་ཡི་མདོ་སྡེ་འབར། །ཤེས་རབ་བརྩོན་འགྲུས་དང་ནི་གཡུང་དྲུང་འོད། །བསོད་ནམས་

(*ཅོག་བྲུ།)རྒྱལ་བ་ཤེས་རབ་བླ་མ་དང༌། །(*ཅོག་བྲུ།)མྱ་ངན་མེད་དཔལ་ལ་ཆིངས་ཡོན་ཏན་འབར། །བསོད་ནམས་མོས་པ་དགེ་ཚུལ་ཁྱུང་གྲགས་པ། །ཚུལ་ཁྲིམས་བརྩེགས་པ་དང་ནི་ལྷ་བཙུན་པ། །(*རྔོག)ལྷ་བཙུན་མུ་ནི་རཱ་ཛ་སངས་རྒྱས་བསྐྱངས། །(*་སྦལ།)རྒྱལ་གྱི་ལོ་ཙཱ་རྡོ་རྗེ་རྒྱལ་པོ་

དང༌། །དེ་ཝ་རིན་ཆེན་ཆོས་ཀྱི་རིན་ཆེན་དང༌། །(*གྱུར།)ཚུལ་ཁྲིམས་འོད་ཟེར་དགེ་སློང་བྱ་ཡི་གདོང༌། །ད་པྱིད་ལོ་ཙཱ་དང་ནི་ཕུར་བུ་འོད། །(*པ་ཚབ།) ཚུལ་རྒྱལ་ཤེས་རབ་ལེགས་དང་དྷརྨ་(*ནག་ཚོ།)གྲགས། །མར་པ་བློ་གྲོས་བཟང་པོ་སེ་ལོ་ཙཱ། །ཟླ་བ་གྲགས་པ་གཉལ་

མི་ཡེ་ཤེས་ཆོས། །ཆོས་ཀྱི་ཟླ་བ་དགེ་སློང་ཤེས་རབ་བསྐྱབས། །ནག་ཚོ་ཤེར་རྒྱན་འ་ཞྭ་རྒྱ་གར་བརྩེགས། །གཉན་སྟོན་བསོད་ནམས་བ་རི་ཆོས་གྲགས་དང༌། །ཨོང་པོ་ལོ་ཙཱ་གཞོན་ནུ་ཤེས་རབ་དང༌། །འགར་བ་ཤེས་འབྱུང་འཇམ་དཔལ་གཞོན་ནུ་དང༌། །

(*ལྕེ།)ཤེས་རབ་འོད་ཟེར་དང་ནི་དགའ་བ་དཔལ། །ཡེ་ཤེས་འབྱུང་གནས་ཤཱཀྱ་བརྩོན་འགྲུས་པ། །(*ལོ་བཙུན་ཆུང༌།)རྭ་པ་ཆོས་རབ་རྡོ་རྗེ་རྒྱལ་མཚན་དང༌། །ཞ་མ་དགེ་བསྙེན་སེང་རྒྱལ་ལྕེ་བཀྲ་ཤིས། །ཆག་ལོ་དགྲ་བཅོམ་དཔྱལ་པ་ཆོས་ཀྱི་བཟང༌། །(*གནུབས།)བྱམས་པའི་དཔལ་དང་ས་སྐྱ་པཎྜི་ཏ། །(*ཆག་ལོ།)ཆོས་

(*དཔྱལ་པ།)རྗེ་དཔལ་དང་ཤེས་རབ་འོད་དང་ཞང༌། །(*གློ་བོ།)གྲུབ་པ་དཔལ་དང་ཤེས་རབ་རིན་པོ་ཆེ། །(*ལྷོ་བྲག)འུ་རུ་དར་མ་སེང་གེ་མི་མཉམ་བཟང༌། །(*ཤོང༌།)ཤོང་སྟོན་རྡོ་རྗེ་རྒྱལ་མཚན་བློ་གྲོས་བརྟན། །ཨཽ་ཌྱཱན་པ་རིན་ཆེན་དཔལ་དང་ཁམས། །བློ་གྲོས་རྒྱལ་པོ་ལྡན་མ་ཚུལ་

སེང་དང༌། །ར་ས་གཞོན་བརྩོན་ཤུ་ཀེ་གྲགས་རྒྱལ་མཚན། །(*ཐང་ལོ།)ཉི་མ་རྒྱལ་མཚན་དཔང་ལོ་བློ་གྲོས་བརྟན། །(*དབུས་པ།)སྒྲ་ཚད་སྨྲ་བ་རིན་རྒྱལ་བློ་གསལ་དང༌། །ལེགས་པའི་བློ་གྲོས་ཡར་ལུང་གྲགས་རྒྱལ་མཚན། །(*བུ་སྟོན།)རིན་ཆེན་གྲུབ་དང་རིན་ཆེན་རྣམ་རྒྱལ་བ། །(*ཇོ་ནང༌།)བློ་གྲོས་

Vol. 213 · folio 93b

དཔལ་དང་ཀུན་སྤངས་གྲགས་པའི་མཚན། །(*ལོ་ཆེན།)བྱང་ཆུབ་རྩེ་མོ་བོ་དོང་གྲགས་རྒྱལ་མཚན། །སྣར་ཐང་སཾ་གྷ་ཤྲཱི་དང་སྐྱབས་མཆོག་དཔལ། །(*་ཆོས་འཁོར)ཤེས་རབ་རིན་ཆེན་འགོས་སྒང༌། ལོ་གཞོན་ནུ་དཔལ། །(*ཆག་ལོ།)རིན་ཆེན་ཆོས་རྒྱལ་བསོད་ནམས་རྒྱ་མཚོ་དང༌། །(*ཞྭ་ལུ།)ཆོས་སྐྱོང་བཟང་པོ་ཏཱ་ར་ནཱ་ཐ་དང༌། །

ངག་དབང་ཕུན་ཚོགས་ལ་སོགས་སྐད་གཉིས་སྨྲ། །མང་པོས་བཀའ་དང་བསྟན་བཅོས་འདི་སྙེད་ཅིག །བསྒྱུར་དང་བཤད་པས་གཏན་ལ་ཕབ་པར་མཛད། །ཅེས་སོ། །དེ་ལྟར་འཕགས་པའི་ཡུལ་གྱི་པཎྜི་ཏ་ཆེན་པོ་དང༌། སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་

ཇི་སྙེད་བྱོན་པ་རྣམས་ལས་ཉེ་བར་བརྒྱུད་པའི་བཀའ་སྲོལ་དྲི་མ་མེད་པ་རྣམས་ལེགས་པར་བཟུང་ནས། ངོ་མཚར་མཁས་པ་ལ་འོས་པའི་ཕྲིན་ལས་རྣམ་པ་གསུམ་གྱིས་ཛམྦུའི་གླིང་གི་བྱང་ཕྱོགས་ཀྱི་འཛིན་མའི་དཀྱིལ་འཁོར་ཆེན་པོ་ལུས་པ་མེད་པར་སྣང་བར་བྱེད་པའི་བོད་ཡུལ་བསྟན་

པའི་སྒྲོན་མེ་ཆེན་པོ་རྣམས་ཀྱི་ལུགས་སྲོལ་བཀའ་རྫོགས་ལ་སོགས་པ་ཇི་ལྟར་བྱུང་བ་ལ། བཀའ་གདམས་པ་ནི། ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་བདག་པོ་མཉམ་མེད་ཇོ་བོ་ཆེན་པོ་དཔལ་ལྡན་མར་མེ་མཛད་ཀྱིས་གསལ་བར་ཕྱེ་བའི་སྲོལ་ཏེ། དེའང་ཐེག་པ་གསུམ་གྱི་བཀའ་

མ་ལུས་པ་གང་ཟག་གཅིག་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆ་རྐྱེན་དུ་ཡང་དག་པར་གདམས་པས་སམ། རྒྱལ་བའི་བཀའ་མཐའ་དག་ཉམས་སུ་བསྟར་བར་བྱ་བའི་གདམས་ངག་ཏུ་ལེགས་པར་རྟོགས་པས་དེ་སྐད་དུ་གྲགས་ཤིང༌། དེའང་ཇོ་བོ་ཉིད་ཀྱིས་གཞན་ལ་རྗེས་སུ་གདམས་

ཤིང་བྱིན་གྱིས་བརླབས་པ་ལས་སྐྱེས་པའི་སློབ་མ་རྒྱ་གར་དང༌། བལ་བོད་རྣམས་སུ་དཔག་ཏུ་མེད་པར་བྱོན་པ་ལས།ཇོ་བོ་རང་དང་མཁྱེན་པ་མཉམ་ཞིང་དབུ་དང་སྤྱན་དང་ཕྱག་གཡས་པ་དང་ཕྱག་གཡོན་པ་ལྟ་བུའི་སྲས་ཀྱི་ཐུ་བོ་རྣམས་ནི་པཎྜི་ཏ་པི་ཏོ་བ་དང༌། རཏྣཱ་ཀ་ར་དང༌། སའི་

སྙིང་པོ་དང༌། བཤེས་གཉེན་གསང་བ་དང༌། དབུ་མ་སེང་གེའམ་དྷརྨཱ་ཀ་ར་མ་ཏི་ལ་སོགས་པ་དང༌། བོད་ན་མངའ་རིས་སྟོད་དུ་ལྷ་བཙུན་བྱང་ཆུབ་འོད་དང༌། ལོ་ཆེན་རིན་ཆེན་བཟང་པོ་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་དང༌། རྨ་དགེ་བའི་བློ་གྲོས་ལ་སོགས་པ་དང༌།

Vol. 213 · folio 94a

གཙང་དུ་འབྲོག་མི་ཤཱཀྱ་ཡེ་ཤེས་དང༌། གོས་ཁུག་པ་ལྷས་བཙས་དང༌། ལིང་ལོ་ཙཱ་བ་དང༌། མགར་དགེ་བ་དང༌། སེ་སྟོན་སྒྲ་གཅན་འཛིན་ལ་སོགས་པ་དང༌། དབུས་སུ་ཁུ་རྔོག་འབྲོམ་གསུམ་དང༌། ལྷོ་བྲག་ཏུ་རྣལ་འབྱོར་པ་ཆག་ཁྲི་མཆོག་དང༌། དགེ་བ་སྐྱོང་དང༌། ཁམས་

སུ་ཕྱག་དར་སྟོན་པ་སྟེ་ཕ་རོལ་ཏུ་ཕྱིན་པའི་ཊཱི་ཀ་ཁམས་ལུགས་སུ་གྲགས་པའི་མཛད་པ་པོ་དེ་དང༌། རྣལ་འབྱོར་པ་ཆེན་པོ་ལུང་ཨ་མི་བྱང་ཆུབ་དང༌། དགོན་པ་བ་འཛིང་སྒོམ་དབང་ཕྱུག་རྒྱལ་མཚན་དང༌།གསང་ཕུར་འོད་དུ་ཡལ་བའི་རྣལ་འབྱོར་པ་ཤེས་རབ་ལ་སོགས་པ་རྣམས་བྱོན་པ་ལས། བཀའ་

གདམས་ཀྱི་ཕྲིན་ལས་བསྐྱང་བའི་བརྒྱུད་འཛིན་ཆེན་པོ་ནི། གསང་བའི་བདག་པོའི་རྣམ་པར་འཕྲུལ་པ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང༌། འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པ་རྔོག་ལེགས་པའི་ཤེས་རབ་དང༌། སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་པ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཏེ་

གསུམ་གྱི་ཕྱི་མ་ནི་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། བྱང་ཕྱོགས་སུ་དགེ་བསྙེན་ཆོས་འཕེལ་ཞེས་བྱ་བ་འབྱུང་ཞེས་པ་དང༌། སྙིང་རྗེ་པདྨ་དཀར་པོ་ལས། དེར་དགེ་བསྙེན་ཆོས་འཕེལ་ཞེས་བྱ་བ་རྫུ་འཕྲུལ་དང་ལྡན་པ་འབྱུང་ཞེས་དང༌། འཕགས་མ་སྒྲོལ་མས་ཇོ་བོ་ལ་བོད་དུ་བྱོན་ན་ཕན་ཐོགས་པ་འོང་

ཞིང༌། ཁྱད་པར་ཨུ་པ་སི་ཀ་ཅིག་ལ་ཕན་ཐོགས་པ་འོང་ཞེས་བྱ་བའི་ལུང་གིས་རྗེས་སུ་བསྟན་པ་སྟེ། དེང་འདིར་བཀའ་གདམས་བསྟན་པའི་བདག་པོ་ཇོ་བོ་ཡབ་སྲས་གཉིས་ཞེས་པའི་ཐུགས་སྲས་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་འདི་ཉིད་དོ། །གང་གིས་ལེགས་པར་གསུངས་པའི་བདུད་རྩིས་ཉེ་བར་

བསྐྱེད་པ་ནི་དགེ་བའི་བཤེས་གཉེན་ཕུ་ཆུང་བ་དང༌། སྤྱན་སྔ་བ་དང༌། པུ་ཏོ་བ་རིན་ཆེན་གསལ་ལ་སོགས་པ་དང་རྗེས་སུ་འཇུག་པ་མཁས་ཤིང་བཙུན་པ་དང་བཟང་པོའི་ཡོན་ཏན་གྱིས་མངོན་པར་ཕྱུག་པའི་དགེ་བའི་བཤེས་གཉེན་ཆེན་པོ་མང་དུ་བྱོན་པ་རྣམས་ཀྱིས་ཕྲིན་ལས་ཀྱི་འཁོར་ལོ་ཤིན་ཏུ་དར་བར་བྱས་

སོ། །འོན་ཀྱང་ད་ལྟ་ནི་བཀའ་གདམས་པའི་གྲུབ་མཐའ་ལོགས་སུ་གྱུར་པ་མེད་ཀྱང་གདམས་ངག་གི་བརྒྱུད་པ་ཕལ་ཆེ་བ་དག་ས་དགེ་བཀར་གསུམ་གྱི་ནང་དུ་འདྲེས་ཏེ་མི་ནུབ་པར་སྐྱོང་བ་འདི་ལྟར་ཉིད་དོ། །རྙིང་མ་པའི་ལུགས་སྲོལ་ནི། གསང་སྔགས་ཀྱི་ཐེག་པ་སྔ་འགྱུར་དང་ཕྱི་འགྱུར་གྱི་དབང་ལས་

Vol. 213 · folio 94b

གསར་རྙིང་གཉིས་སུ་འབྱེད་པའི་ཕྱི་མ་སྟེ། དེའང་ཐོག་མར་སྲོང་བཙན་སྒམ་པོའི་རིང་ལ་རྒྱ་གར་གྱི་པཎྜི་ཏ་བྱོན་པ་རྣམས་དང༌། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ཐུགས་རྗེ་ཆེན་པོའི་མདོ་རྒྱུད་མང་པོ་བོད་དུ་བསྒྱུར་བ་དང༌། རྒྱལ་པོས་སློབ་མ་སྐལ་བ་དང་ལྡན་པ་རྣམས་ལ་གསང་སྔགས་ཀྱི་ལྷ་ཞི་ཁྲོ་རྣམས་ཀྱི་གདམས་

ངག་སྣ་ཚོགས་པ་བསྟན་པས་དུས་དེར་དངོས་གྲུབ་ཐོབ་པའི་སྐྱེས་བུའང་མང་དུ་བྱུང་ཞིང༌། དེ་ནས་བརྩམས་ཏེ་མེས་ཨག་ཚོམ་ཡན་ཆད་ལ་གསང་བ་སྔགས་ཀྱི་སྐོར་ཉམས་སུ་ལོན་པ་མང་ཙམ་བྱུང་བ་དང༌། བོད་འབངས་གཞན་ཐམས་ཅད་ཀྱང་སྤྱན་རས་གཟིགས་ལ་གསོལ་བ་

འདེབས་པ་དང་ཡི་གེ་དྲུག་པ་འདོན་པ་ཙམ་ནི་ཀུན་ལ་དར་རོ། །དེ་ནས་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་དབས་མཉྫུ་ཤྲཱིས་ཀྲི་ཡོག་སྡེ་གསུམ་གྱི་ཉན་བཤད་དར་བར་མཛད་པ་དང༌། ཁྱད་པར་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་རྣལ་འབྱོར་བླ་ན་མེད་པ་གཙོ་བོར་གྱུར་པའི་དབང་བསྐུར་བ་དང་རྒྱུད་བཤད་

པ་དང་གདམས་ངག་བསྟན་པ་དང༌། ཆོས་ཀྱི་གཏེར་དང་ནོར་གྱི་གཏེར་གཞུག་པ་ལ་སོགས་པས་གསང་སྔགས་ཀྱི་ཆོས་ཤིན་ཏུ་དར་བར་མཛད་དོ། །ཕྱིས་སུ་འདུལ་བ་ལ་སོགས་པའི་བསྟན་པ་ལ་འཕེལ་འགྲིབ་ཆེར་བྱུང་མོད་ཀྱི། གསང་སྔགས་བླ་མེད་ཀྱི་བསྟན་པ་ནི་མ་ནུབ་པར་བཞུགས་པར་

བཤད་དོ། །འདི་དག་གི་སྐབས་སུ་དར་བའི་རྒྱུད་ནི་གསང་བ་འདུས་པ་དང༌། ཟླ་གསང་ཐིག་ལེ་ལ་སོགས་པའི་ཏནྟྲ་སྡེ་བཅོ་བརྒྱད་དུ་གྲགས་པ་རྣམས་ཏེ། ཁྱད་པར་ཉམས་སུ་སྤྱད་པ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ནི་འཇམ་དཔལ་སྐུ་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་སྡེ་ལྔ་དང༌། མ་མོ་རྦོད་

གཏོང་ལ་སོགས་པ་འཇིག་རྟེན་པའི་སྡེ་གསུམ་སྟེ། དེ་ལས་ཕུར་པ་དང་རྟ་མགྲིན་གཉིས་ནི་སློབ་དཔོན་ཆེན་པོ་ཉིད་ཀྱིས་རྒྱལ་པོ་ལ་སྩལ་བས་རྒྱལ་པོས་དཔལ་རྟ་མགྲིན་གྲུབ་སྟེ་རྟ་མགྲིན་གྱིས་རྟ་སྐད་འཚེར་བ་ཐོས་པ་མང་པོ་བྱུང་ཞིང༌། ཕུར་པ་ནི་ཇོ་མོ་དང་འབྲེ་ཨ་ཙ་ར་ས་ལེ་ལ་སྩལ་བས་དེ་དག་

ལས་རིམ་གྱིས་འཕེལ་ལོ། །དེ་བཞིན་དུ་འཇམ་དཔལ་གྱི་སྐོར་ནི་སློབ་དཔོན་ཤཱནྟིཾ་གརྦྷ་དང༌། ཡང་དག་གི་སྐོར་ནི་ཧཱུྃ་ཀཱ་ར་དང༌། བདུད་རྩིའི་སྐོར་ནི་བི་མ་ལ་མི་ཏྲ་རྣམས་ཀྱིས་བཤད་ཅིང་དར་བར་བྱས་སོ། །མ་མོ་ལ་སོགས་པ་ནི་སློབ་དཔོན་གྱིས་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་བཏུལ་བ་རྣམས་

Vol. 213 · folio 95a

དབང་བསྐུར་ཏེ་དམ་ཚིག་ལ་བཞག་ནས་རིས་སུ་བཅད་པའི་སྡེ་གསུམ་པོ་འཇིག་རྟེན་པ་ལ་ཕན་གདགས་པའི་རྩ་ལག་ཏུ་སྒྲུབ་པའི་ཐབས་ཀྱི་རིམ་པ་བསྟན་པ་རྣམས་ཡིན་ནོ། །འདུས་པ་མདོ་ནི་དགོངས་པ་འདུས་པ་སྟེ། འདི་ནི་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་རྒྱ་གར་

དང་བྲུ་ཤའི་ཡུལ་ལ་སོགས་པ་ན་བཞུགས་པའི་མཁས་པ་རྣམས་བསྟེན་ཅིང༌། བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་དང་བཅས་ཏེ་དགོངས་པ་འདུས་པ་བོད་སྐད་དུ་བསྒྱུར་བ་དང་ཉན་བཤད་ཀྱི་སྒོ་ནས་དར་བར་བྱས་སོ། །གསང་བའི་སྙིང་པོ་ལ་སོགས་པ་སྒྱུ་འཕྲུལ་རྒྱན་གྱི་སྐོར་ནི་དྲི་མེད་བཤེས་

གཉེན་དང་རྨ་རིན་ཆེན་མཆོག་གིས་བསྒྱུར་ཅིང་བཤད་པས་དར་བར་གྱུར་པའོ། །མན་ངག་རྫོགས་པ་ཆེན་པོ་སེམས་སྡེ་དང༌། ཀློང་སྡེ་དང༌། མན་ངག་གི་སྡེ་གསུམ་གྱི་དང་པོ་གཉིས་ནི་བཻ་རོ་ཙ་ན་དང༌། ཕྱི་མ་ནི་བི་མ་ལ་མི་ཏྲ་ལས་བྱུང་བའི་མན་ངག་ཏུ་བཤད་དོ། །དེ་ལྟ་བུའི་གསང་སྔགས་

འདི་དག་བསླབ་པ་ལས་བྱུང་བའི་གྲུབ་པ་བརྙེས་པའང་སྔོན་གྱི་དུས་སུ་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་སོགས་པ་མང་དུ་བྱོན་པ་རྣམས་དང༌། དེ་དག་གི་རྗེས་སུ་འཇུག་པའི་བཀའ་གཏེར་གྱི་བརྒྱུད་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ཤིན་ཏུ་དར་ཞིང་རྒྱས་པར་བྱས་སོ། །རྗེ་བཙུན་ས་སྐྱ་

པ་ནི་འོག་ཏུ་བཤད་པར་བྱའོ། །མར་པ་ལས་བརྒྱུད་པའི་ཕྱག་རྒྱ་པའམ་སྒྲུབ་བརྒྱུད་པའི་ལུགས་སྲོལ་ནི། སྐད་གཉིས་སྨྲ་བའི་དབང་ཕྱུག་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་འཕགས་པའི་ཡུལ་དུ་ལན་གསུམ་དུ་བྱོན། བླ་མ་བརྒྱ་རྩ་བརྒྱད་ཙམ་བསྟེན་ཏེ། འཁོར་ལོ་བདེ་མཆོག་

དང་གསང་བ་འདུས་པ་ལ་སོགས་པའི་རྒྱུད་སྡེ་དང༌། སྨིན་བྱེད་དང་གྲོལ་བྱེད་ཀྱི་གདམས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། བོད་ཡུལ་དུ་བསྒྱུར་བཤད་ཀྱི་ཕྲིན་ལས་ཡང་དག་པས་གཏན་ལ་ཕབ་བོ། །གསུང་ལས་སྐྱེས་པའི་སློབ་བུ་གྲངས་མེད་པ་བྱོན་པའི་ནང་ནས་གཙོ་བོར་གྱུར་

པ་ནི་བཀའ་ཆེན་བཞི་སྟེ། དེའང་འཕོ་བ་རྒྱ་མཐོངས་ཁ་ཕྱེ་བ་ལས་བྱ་འཕུར་བ་ལྟ་བུའི་བཀའ་བབས་དོལ་གྱི་མཚུར་སྟོན་དབང་ངེ༌། རྒྱུད་བཤད་ཐབས་ཀྱི་མན་ངག་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་བཀའ་བབས་གཞུང་གི་རྔོག་སྟོན་ཆོས་རྡོར། འོད་གསལ་མུན་ནང་མར་མེ་

Vol. 213 · folio 95b

སྦར་བ་ལྟ་བུའི་བཀའ་བབས་གཙང་རོང་གི་མེས་སྟོན་ཚོན་པོ། གཏུམ་མོ་ཤིང་གཤགས་ལ་མེ་སྦར་བ་ལྟ་བུའི་བཀའ་བབས་གུང་ཐང་གི་མིད་ལ་རས་པ་སྟེ། དེ་དག་ལས་དང་པོ་གསུམ་གྱིས་རྒྱུད་བཤད་པའི་སྲོལ་བསྐྱངས་ཤིང༌། མིད་ལས་གྲུབ་པའི་དབང་ཕྱུག་གི་སར་གཤེགས་

ནས་སྒྲུབ་བརྒྱུད་ཀྱི་བསྟན་པའི་རྒྱལ་མཚན་བཟུང་སྟེ་སློབ་མ་མང་དུ་བསྐྲུན་པའི་ཆོས་བརྒྱུད་འཛིན་པའི་སློབ་མའི་གཙོ་བོ་ནི་རས་ཆུང་པ་དང༌། དྭགས་པོ་ལྷ་རྗེ་གཉིས་ཏེ། དང་པོས་ནི་རྒྱ་གར་དུ་བྱོན་ཏེ་ལུས་མེད་མཁའ་འགྲོའི་ཆོས་སྐོར་གྱི་ལྷག་མ་སྤྱན་དྲངས་པ་དང༌། རས་ཆུང་

སྙན་བརྒྱུད་ལ་སོགས་པའང་དེ་ཉིད་ནས་དར་བར་མཛད་དོ། །ཕྱི་མས་ནི་ཐོག་མར་དབུ་རུ་ཕྱོགས་སུ་བྱོན་ཏེ་བྱ་ཡུལ་བ་དང༌། སྙུག་རུམ་པ་དང༌། ལྕགས་རི་གོང་ཁ་བ་རྣམས་ལས་བཀའ་གདམས་ཀྱི་ཆོས་ལ་གསན་སྦྱངས་མཐར་ཕྱིན་པར་མཛད། ཕྱིས་སུ་མིད་ལ་ལས་ཟབ་

ཆོས་ཀྱི་གདམས་པ་གསན་ཏེ་དགས་ལ་སྒམ་པོའི་དགོན་པ་བཏབ་ནས་དེར་བཞུགས་པས་དེ་སྐད་དུ་གྲགས་སོ། །སློབ་མའི་ཚོགས་ལ་བཀའ་གདམས་ཀྱི་ཆོས་དང་ཕྱག་རྒྱ་ཆེན་པོའི་གདམས་པ་རྒྱ་ཆེར་སྤེལ་བའི་ཕྲིན་ལས་རབ་ཏུ་རྒྱས་པར་གྱུར་ཏེ་བཀའ་ཕྱག་ཆུ་བོ་གཉིས་འདྲེས་སུ་

གྲགས་པའང་འདི་ཉིད་ནས་བྱུང་ཞིང༌། བཀའ་བརྒྱུད་ཐམས་ཅད་ཀྱི་བྱུང་ཁུངས་ཆེན་པོ་ཡིན་ནོ། །རྗེས་སུ་གདམས་པའི་སློབ་མ་བརྒྱུད་འཛིན་གྱི་བུ་ཆེན་ནི། དྭགས་པོ་སྒོམ་ཚུལ་དང༌། ཕག་མོ་གྲུ་པ་སྟེ་ཁམས་པ་རྡོར་རྒྱལ་དང༌། གྲུབ་ཐོབ་དབུ་སེ་སྟེ་དུས་གསུམ་མཁྱེན་པ་དང༌།

འབའ་དོམ་རས་པ་ལ་སོགས་པའོ། །ཕག་གྲུ་ནི་ཐོག་མར་དབུས་ཀྱི་སྟོད་ལུང་རྒྱ་དམར་ལ་སོགས་པ་ལས་དབུ་ཚད་དང༌། གཙང་དུ་ལས་སྟོད་དཀོན་མཆོག་མཁར་དང༌། ས་སྐྱ་པ་ཆེན་པོ་དང༌། བྱང་སེམས་ཟླ་བ་རྒྱལ་མཚན་དང༌། དམར་ཆོས་ཀྱི་རྒྱལ་པོ་ལ་སོགས་པ་ལས་ཟབ་ཆོས་

ཀྱི་གསན་སྦྱངས་མཛད་པས་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས། ཕྱིས་སུ་དྭགས་པོ་ལྷ་རྗེའི་ཞབས་བསྟེན་ཏེ་དེའི་ཟབ་ཆོས་ཀྱི་བདག་པོར་གྱུར་ཏོ། །དེ་ཉིད་ཀྱི་རྗེས་སུ་གདམས་པ་ལས་སྐྱེས་པའི་སློབ་མའི་གཙོ་བོ་ནི་གླིང་རས་དང༌། འབྲི་ཁུང་སྐྱུར་རིན་ཆེན་དཔལ་དང༌། སྟག་ལུང་བཀྲ་

Vol. 213 · folio 96a

ཤིས་དཔལ་དང༌། ཁྲོ་ཕུ་བ་ལ་སོགས་པའོ། །གླིང་རས་ཀྱི་སློབ་མ་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེའོ། །དེའི་སློབ་མ་ནི་རྒོད་ཚང་པ་དང༌། ལོ་རས་པ་དང༌། དབོན་སྲས་ལ་སོགས་པ་སྟེ། དེ་

གསུམ་སོ་སོ་ལས་མཆེད་པ་ལ་སྟོད་སྨད་བར་གྱི་འབྲུག་པ་རྣམས་ཏེ། དེ་དག་ལས་རིམ་གྱིས་བྱུང་བའི་རང་རང་གི་སྲོལ་འཛིན་རྣམས་ཀྱིས་མི་ནུབ་པར་སྐྱོང་བར་བྱེད་དོ། །དམ་པའི་ཆོས་སྡུག་བསྔལ་ཞི་བར་བྱེད་པའི་བཀའ་སྲོལ་ནི། གྲུབ་པའི་དབང་ཕྱུག་ཆེན་པོ་དམ་པ་སངས་རྒྱས་ཀྱིས་ཡོངས་སུ་དར་བར་བགྱིས་ཏེ། འདི་ལ་བརྒྱུད་པ་སྔ་ཕྱི་བར་གསུམ་གྱི་བརྒྱུད་པ་དང་པོ་ནི།

དམ་པ་རྒྱ་གར་གྱིས་ཁ་ཆེ་ཛྙཱ་ན་གུ་ཧྱ་ལ་བཤད་པའི་ཞི་བྱེད་སྒྲོན་མ་སྐོར་གསུམ་ལ་སོགས་པ་རྣམས་ཏེ། དེ་རྣམས་དམ་པ་དང་ཁ་ཆེ་བ་གཉིས་ཀས་ཨང་པོ་ལོ་ཙཱ་བ་ལ་བཤད་པ་དང༌། ཁ་ཆེ་བས་པུ་ཧྲངས་ལོ་ཆུང་ལའང་བཤད་དེ། དེས་དམར་སྟོན་ཆོས་ཀྱི་རྒྱལ་པོ་ལ་སོགས་པ་ལ་བཤད་དོ། །

བརྒྱུད་པ་བར་མ་ནི་དམ་པས་བོད་ལ་ལན་ལྔར་བྱོན་པའི་བཞི་པའི་དུས་སུ་རྨ་ཆོས་ཀྱི་ཤེས་རབ་དང༌། སོ་དགེ་འདུན་འབར་དང༌། ཀམ་ཡེ་ཤེས་རྒྱལ་མཚན་གསུམ་ལ་བཤད་དོ། །བརྒྱུད་པ་ཕྱི་མ་ནི་ལན་ལྔ་པར་དིང་རི་ལ་བྱོན་པའི་དུས་སུ་དམ་པ་ཕྱར་ཆེན་དང་ཕྱར་ཆུང་དང༌། བཛྲ་ཀྲོ་དྷ་དང༌།

དམ་པ་ཀུན་དགའ་ལ་སོགས་པ་ལ་གསུངས་ནས་རིམ་གྱིས་དར་རོ། །དེ་ནས་བརྒྱུད་པའི་གཅོད་ཀྱི་སྐོར་ནི། དམ་པ་བོད་དུ་ལན་གསུམ་པར་བྱོན་པའི་དུས་སུ་ཡར་ལུངས་པའི་སྨར་སེར་པོ་དང༌། སྐྱོ་སྟོན་བསོད་ནམས་བླ་མ་ལ་བཤད་དེ། དེ་ནས་བརྒྱུད་པ་ལ་ཕོ་གཅོད་ཅེས་གྲགས་པ་དང༌། མ་གཅིག་

གིས་དམ་པ་དང་སྐྱོ་སྟོན་གཉིས་ཀ་ལས་གསན་ཏེ། དེ་ནས་བརྒྱུད་པ་ལ་མོ་གཅོད་ཅེས་གྲགས་སོ། །དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་ལུགས་སྲོལ་ནི། ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་དུ་བྱོན་ཏེ་རྡོ་རྗེ་གདན་པ་དང༌། མཻ་ཏྲི་པ་དང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་ལ་སོགས་

པའི་བླ་མ་བརྒྱ་དང་ལྔ་བཅུ་ལྷག་པ་ལས་ཆོས་གསན་ཏེ་ཐུགས་ཉམས་སུ་བསྟར། བོད་དུ་བྱོན་ཏེ་ཤངས་གཞོང་གཞོང་གི་དགོན་པ་བཏབ་པས་ཤངས་པ་བཀའ་བརྒྱུད་ཅེས་བྱ་བར་གྲགས་ཤིང༌། འདི་ལ་སློབ་མ་ལ་སྟོད་དཀོན་མཆོག་མཁར་དང༌། རྨོག་ཅོག་པ་ལ་སོགས་པ་ཁྲི་ཕྲག་བརྒྱད་

Vol. 213 · folio 96b

དུ་ལངས་པ་བྱུང་བར་གྲགས་སོ། །མན་ངག་སྦྱོར་དྲུག་སོགས་ནི་བོད་དུ་ཐོག་མར་དཔལ་ཆེན་རྒ་ལོ་དང༌། གྲུབ་ཐོབ་ཡུ་མོ་ཡབ་སྲས་དང༌། བུ་དོལ་ལ་སོགས་པས་དར་བར་མཛད་དོ། །རི་བོ་དགའ་ལྡན་པའི་ལུགས་སྲོལ་ནི། ཤར་བཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་

རྗེས་སུ་འཇུག་པ་དང་བཅས་པ་སྟེ། རྗེ་བཙུན་དམ་པ་འདི་ནི་འཇམ་དཔལ་རྩ་བའི་རྒྱུད་དང༌། མཁའ་འགྲོ་གསང་བའི་རྒྱུད་དང༌། བཀའ་གདམས་གླེགས་བམ་རིན་པོ་ཆེ་ལ་སོགས་པའི་བཀའ་དང་བསྟན་བཅོས་མང་པོ་ནས་ལུང་བསྟན་ཅིང༌། སྔོན་གྱི་དུས་སུ་དེ་བཞིན་གཤེགས་པ་

དབང་པོའི་ཏོག་གི་དྲུང་དུ་ཐུགས་བསྐྱེད་ཅིང༌། མ་འོངས་པ་ན་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་འདས་པའི་མཚམས་སུ་ངོ་མཚར་རྨད་བྱུང་བཀོད་པ་སྣ་ཚོགས་པས་མཛེས་པ་ཞེས་བྱ་བའི་ཞིང་ཁམས་སུ། དེ་བཞིན་གཤེགས་པ་སེང་གེའི་ང་རོ་ཞེས་བྱ་བར་འཚང་རྒྱ་བར་ལུང་བསྟན་པའི་སྐྱེས་བུ་

དམ་པ་སྟེ། རྗེ་བཙུན་དམ་པ་འདིས་སྐུ་ཚེའི་སྟོད་དུ་མདོ་སྔགས་དང་རིག་པའི་གཙུག་ལག་གངས་ཅན་གྱི་ལྗོངས་སུ་དར་བ་ཕལ་ཆེར་གྱི་གསན་པ་དང་སྦྱངས་པ་རྒྱ་མཚོ་ཆེན་པོ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པར་མཛད་དོ། །བར་སྐབས་སུ་ཐོས་པའི་དོན་ལ་དཔྱད་པ་དང་བསྒོམ་པའི་སྒོ་ནས་ཉམས་སུ་

བཞེས་པ་ཁོ་ན་ལྷུར་མཛད་ཅིང༌།འཕྲལ་གྱི་ཀུན་དུ་སྤྱོད་པ་རྣམས་ཀྱང་འདུལ་བ་དང་མཐུན་པའི་ལག་ལེན་གྱི་གསོས་བཏབ་བོ། །ཁྱད་པར་རྒྱལ་བའི་གསུང་རབ་མདོ་རྒྱུད་མ་ལུས་པའི་སྙིང་པོ་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། སྐྱེས་བུ་གསུམ་གྱིས་

ཉམས་སུ་བླང་བར་བྱ་བའི་རིམ་པ་ཐམས་ཅད་ཚང་བར་སྟོན་པར་བྱེད་པ་བྱང་ཆུབ་ལམ་གྱི་རིམ་པ་གཙོ་བོར་གྱུར་པའི་བསྟན་པ་རྒྱས་པའི་ཕྲིན་ལས་སྐྱོང་བ་ལ་འབད་པ་རྩེ་གཅིག་ཏུ་བཏོན་པས། དཔལ་ལྡན་འཇམ་པའི་དབྱངས་ཀྱང་དགེས་པས་ཞལ་གཟིགས་པ་ལ། བླ་མ་དབུ་མ་པས་ལོ་ཙཱ་བ་

མཛད་པའི་ཚུལ་གྱིས་མདོ་དང་སྔགས་ཀྱི་ཆོས་མང་པོ་ལ་ཐེ་ཚོམ་གྱི་མདུད་པ་གྲོལ་བར་བྱས་སོ། །སྐུ་ཚེའི་སྨད་དུ་འགྲོ་དོན་དང་ཕྲིན་ལས་རྨད་དུ་བྱུང་བར་རྒྱས་པར་གྱུར་ཏེ་ལྷ་ལྡན་དུ་ཆོ་འཕྲུལ་དུས་ཆེན་གྱི་སྨོན་ལམ་ཆེན་པོ་ཚུགས་པ་དང༌། འབྲོག་རི་བོ་དགའ་ལྡན་རྣམ་རྒྱལ་གླིང་བཏབ་པས།

Vol. 213 · folio 97a

དེ་ནས་བརྩམས་ཏེ་དེའི་རྗེས་སུ་འཇུག་པ་དང་བཅས་པ་ལ་དགའ་ལྡན་པ་ཞེས་ཡོངས་སུ་གྲགས་པ་བྱུང་ངོ༌། །དེ་ཉིད་ཀྱི་གསུང་གི་བདུད་རྩི་འཐུང་བ་ལས་སྐྱེས་པའི་སློབ་མ་གྲངས་མེད་པ་བྱུང་བ་ལས་མཆོག་ཏུ་གྱུར་པ་ནི་རྒྱལ་ཚབས་རྗེ་དང༌། མཁས་གྲུབ་རྗེ་དང༌།

ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དང༌། འདུལ་འཛིན་གྲགས་རྒྱལ་དང༌། འདུལ་འཛིན་བློ་གྲོས་སྦས་པ་སྟེ་འདུལ་བ་འཛིན་པ་རྣམ་པ་གཉིས་ལ་སོགས་པ་མཁས་པའི་ཕྲིན་ལས་ལ་དབང་འབྱོར་བ་མང་དུ་བྱོན་པ་རྣམས་ཀྱིས་ཕྲིན་ལས་ཀྱི་རྒྱུན་གནས་པར་བྱེད་དོ། །རྗེ་བཙུན་ས་སྐྱ་

པའི་ལུགས་སྲོལ་ནི། ཐོག་མར་འཁོན་ཀླུའི་དབང་པོའི་བསྲུངས་པས་སད་མི་མི་བདུན་གྱི་ནང་གསེས་སུ་རབ་ཏུ་བྱུང་སྟེ། སློབ་དཔོན་པདྨ་སམྦྷ་ཝའི་ཞབས་ཀྱི་པདྨར་བརྟེན་ཏེ་གསང་སྔགས་ཀྱི་སྨིན་བྱེད་དང་གྲོལ་བྱེད་ཀྱི་གདམས་པ་མང་དུ་གསན་ཅིང༌། དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ་སོགས་

པའི་གསང་སྔགས་ཀྱི་བཀའ་བབས་ཤིང་གྲུབ་པ་བརྙེས་སོ། །དེ་ནས་བཟུང་སྟེ་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཡན་ཆད་ལ་གསང་སྔགས་རྙིང་མའི་གྲུབ་པ་བརྙེས་པ་ཤ་སྟག་བྱུང་ངོ༌། །ཇི་ཙམ་ཞིག་ན་འཁོན་རོག་གི་གཅུང་དུ་གྱུར་པ་དཀོན་མཆོག་རྒྱལ་པོས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་གར་འཆམ་བྱེད་པ་ལ་སོགས་

པ་གཟིགས་པའི་རྐྱེན་གྱིས།གསང་སྔགས་གསར་མ་ལ་འཇུག་པའི་སྒོ་བྱེ་སྟེ། རྙིང་མའི་ཆོས་སྐོར་ཡང་ཕུར་གཉིས་ཙམ་མིན་པའི་ཕལ་ཆེ་བ་གཏེར་དུ་སྦས་ནས། བླ་ཆེན་འབྲོག་མི་ལོ་ཙཱ་ལ་སོགས་པའི་མཁས་གྲུབ་ཀྱི་འཁོར་ལོས་སྒྱུར་བ་དུ་མའི་

ཞབས་བསྟེན་ནས་ཐོས་བསམ་བསྒོམ་པ་རྒྱ་མཚོ་ལྟ་བུའི་མཐར་སོན་པར་མཛད་དོ། །ས་དཀར་པོའི་ལོགས་ལ་སཱ་ལུའི་སྨན་ལྗོངས་ཀྱི་རྡོ་རྗེའི་གདན་ཆེན་པོ་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོ་འདི་ཉིད་སྐྱེ་དགུ་མ་ལུས་པའི་བསོད་ནམས་ཀྱི་དཔྱིད་དུ་བསྐྲུན་ཏེ། དེ་ཕྱིན་ཆད་ནས་ལྷ་རིགས་

འཁོན་ས་སྐྱ་པ་ཞེས་ཡོངས་སུ་གྲགས་སོ། །དེའི་སྲས་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་འགྲོ་བའི་དོན་ལ་བསམ་བཞིན་དུ་སྐྱེ་བའི་སྒྱུ་འཕྲུལ་གྱི་རོལ་པ་དཔལ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་སྟེ། རྗེ་བཙུན་དམ་པ་འདིས་ལྷག་པའི་ལྷ་འཇམ་པའི་དབྱངས་བསྒྲུབས་པས་ཟླ་

Vol. 213 · folio 97b

བ་དྲུག་ནས་ལྷག་པ་ལྷའི་ཞལ་གྱི་དཀྱིལ་འཁོར་མཐོང་ཞིང༌། ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་ལམ་ཡོངས་སུ་རྫོགས་པར་སྟོན་པར་བྱེད་པའི་ཞེན་པ་བཞི་བྲལ་གྱི་གདམས་པའི་ལམ་སྲོལ་ཆེན་པོ་སྩལ་ཏོ། །དེ་ནས་བརྩམས་ཏེ་བཀའ་སྡེ་སྣོད་ཀྱི་ཆོས་ཐམས་ཅད་ལ་མི་འཇིགས་པ་མེད་

པའི་སྤོབས་པ་བརྙེས་ནས་རིམ་གྱིས་བྲང་ཏི་དར་མ་སྙིང་པོ་དང༌། ཁྱུང་རིན་ཆེན་གྲགས་དང༌། མེས་ལྷང་ཚེར་དང༌། ཁའུ་པ་དར་མ་རྒྱལ་མཚན་དང༌། སྒྱི་ཆུ་བ་དགྲ་ལྷ་འབར་དང༌། མལ་ལོ་ཙཱ་བ་དང༌། པུ་ཧྲངས་ལོ་ཆུང་ལ་སོགས་པ་ལས་མདོ་སྔགས་ཀྱི་ཆོས་ཚུལ་བསམ་

གྱིས་མི་ཁྱབ་པ་གསན་ཏེ་བསྟན་པའི་བདག་པོར་གྱུར་ཏོ། །ཁྱད་པར་བླ་ཆེན་ཞང་དགོན་པ་བ་ཡུན་རིང་དུ་བརྟེན་ཏེ། དཔལ་ལྡན་བིརྺ་པའི་བཞེད་གཞུང་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཡན་ལག་དང་བཅས་པ་གསན་ཅིང་ཐུགས་ཉམས་སུ་བསྟར་

རོ། །དཔལ་རྣལ་འབྱོར་གྱི་དབང་ཕྱུག་གཙོ་འཁོར་ལྔ་དམ་པའི་ཆོས་སྒོ་སྐྱེལ་གྱི་ཚུལ་དུ་བྱོན་ནས། རྒྱུད་སྡེ་བདུན་ཅུ་རྩ་གཉིས་དང༌། ལྕགས་རིའི་ཁོང་ལས་མི་འདའ་བའི་ཟབ་ཆོས་བཞི་ལ་སོགས་པ་དང༌། གསུང་ངག་རིན་པོ་ཆེ་ཉེ་བརྒྱུད་ཀྱི་གདམས་པ་མ་ལུས་པ་སྩལ་ཏོ། །རང་ལོ་

ལྔ་བཅུ་པར་གདམས་ངག་གི་བཀའ་རྒྱ་གྲོལ་ཏེ། ཁམས་པ་ཨ་སེང་གིས་ཞུས་པའི་ངོར་གསུང་ངག་ཐོག་མར་གསུངས་པ་ནས་བཟུང་སྟེ་གདམས་པ་རྣམས་ལེགས་པར་སྩལ་བའི་སློབ་མ་མཆོག་ཐོབ་པ་གསུམ། བཟོད་པ་ཐོབ་པ་བདུན། རྟོགས་པ་ལྡན་པ་བརྒྱད་ཅུ། གཞུང་བཤད་འཛིན་

པའི་ཐུགས་སྲས་བཅུ་གཅིག ཚིག་རྐང་རྣམ་པར་འགྲེལ་པའི་ཐུགས་སྲས་བདུན། ཕྱོགས་ཀྱི་མཁས་གྲུབ་ཆེན་པོ་བཞི་ལ་སོགས་པ་རྣམས་སོ། །དེའི་སྲས་རྗེ་བཙུན་མཆེད་གཉིས་ཞེས་པ་ནི་འཕགས་པའི་ཡུལ་གྱི་པཎྜི་ཏ་ཆེན་པོ་མི་ཐུབ་ཟླ་བའི་རྣམ་པར་འཕྲུལ་བ་སློབ་དཔོན་བསོད་ནམས་

རྩེ་མོ་དང༌། སྐྱེ་བ་དུ་མར་རྗེ་བཙུན་འཇམ་པའི་དབྱངས་ལྷག་པའི་ལྷར་གྱུར་པས་སྐྱེ་བ་འདིར་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཐུགས་ལ་རང་རྡོལ་དུ་བྱུང་བ་ལ་སོགས་པའི་ཡོན་ཏན་རྒྱ་མཚོའི་མངའ་བདག་རྗེ་བཙུན་གྲགས་པ་རྒྱལ་མཚན་དང༌། ཆོས་རྗེ་ཁུ་དབོན་ཞེས་པ་མཁྱེན་

Vol. 213 · folio 98a

རབ་འཇམ་པའི་དབྱངས་དང་གཉིས་སུ་མེད་པས། གངས་ཅན་གྱི་ལྗོངས་སུ་བཅུ་ཕྲག་རིག་པའི་གནས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་གསལ་བར་བྱེད་པའི་ཐོག་མར་གྱུར་པ་ས་སྐྱ་པཎྜི་ཏ་དང༌། ལུང་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའི་རྟགས་སུ། དབུ་དང་ཕྱག་

ཞབས་རྣམས་སོ་སོར་ཕྲལ་ཏེ་དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་དུ་སྤྲུལ་པ་དང་བསྡུ་བས་སའི་སྟེང་གི་འགྲོ་བ་རྒྱ་མཚོ་དད་པར་བྱས་ཏེ། མདོ་སྔགས་ཆོས་ཀྱི་སྣང་བར་བྱེད་པོ་འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེ་སྟེ། དཔལ་ས་སྐྱའི་རྗེ་བཙུན་གོང་མ་ལྔ་ཞེས་ཡོངས་སུ་གྲགས་སོ། །

འདི་དག་གིས་སྟོབས་བཅུ་མངའ་བའི་བསྟན་པ་ལ་ལྷག་པའི་བྱ་བ་བྱས་པ་དང་ཆེ་བའི་ཡོན་ཏན་མདོར་བསྡུས་པ་རྟོགས་པར་འདོད་པ་རྣམས་ཀྱིས་དཔལ་ས་སྐྱའི་རྗེ་བཙུན་གོང་མ་ལྔའི་གསུང་རབ་རིན་པོ་ཆེའི་པར་གྱི་སྒོ་འཕར་འབྱེད་པའི་དཀར་ཆག་འཕྲུལ་གྱི་ལྡེ་མིག་ཏུ་འཁོད་པ་ལ་སོགས་པར་

ཤེས་པར་བྱ་བ་ལས་འདིར་མ་སྤྲོས་སོ། །ཇི་སྐད་སྨོས་པའི་རྗེ་བཙུན་རྣམ་པ་ལྔ་པོ་དེ་དག་གི་བསྟན་པ་མ་ལུས་པ་ཕྱོགས་བཅུ་ཀུན་དུ་གསལ་བར་བྱེད་པའི་བསྟན་སྐྱོང་གི་སྐྱེས་བུ་ཆེན་པོ་བགྲང་གིས་མི་ལྡང་བར་བྱོན་ཞིང༌། བྱེ་བྲག་ཏུ་འཛམ་གླིང་བྱང་ཕྱོགས་ཀྱི་ནོར་འཛིན་དགའ་མའི་དཀྱིལ་

འཁོར་ཀུན་དུ་ཉི་མ་དང༌། ཟླ་བ་ལྟར་ཡོངས་སུ་གྲགས་ཤིང༌། རྒྱལ་བ་དགྱེས་པའི་ཕྲིན་ལས་འཆད་རྩོད་རྩོམ་པ་གསུམ་ལ་བསྙེངས་པ་དང་བྲལ་བའི་མཁས་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཀུན་དགའ་རྣམ་པ་གཉིས་སམ། རྗེ་བཙུན་ངོར་པ་དང་རྫོང་པ་གཉིས་སུ་གྲགས་པ་ལ་སོགས་

པ་སྟེ། རྗེ་བཙུན་ངོར་པ་ལ་སློབ་མ་བསམ་གྱིས་མི་ཁྱབ་པ་བྱོན་པའི་ནང་ནས་གཙོ་བོར་གྱུར་པ་ནི། བདག་ཆེན་གཞི་ཐོག་པ་ལ་སོགས་པ་ས་སྐྱ་འཁོན་གྱི་གདུང་བརྒྱུད་དང༌། བདག་ཆེན་ཡེ་ཤེས་དབང་ཕྱུག་ལ་སོགས་པ་བླ་བྲང་ཤར་པ་རྣམས་དང༌། ཐུགས་སྲས་སེམས་དཔའ་ཆེན་པོ་

དཀོན་མཆོག་རྒྱལ་མཚན་དང༌། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་དང༌། ཡོངས་འཛིན་དཀོན་མཆོག་འཕེལ་བ་དང༌། འཇམ་པའི་དབྱངས་ཤེས་རབ་རྒྱ་མཚོ་དང༌། མཁས་གྲུབ་དཔལ་ལྡན་རྡོ་རྗེ་དང༌། གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་དང༌། གུང་རུ་ཤེས་རབ་བཟང་པོ་དང༌། དྭགས་

Vol. 213 · folio 98b

པོ་བཀྲ་ཤིས་རྣམ་རྒྱལ་དང༌། བཟང་ཆེན་ཕྱོགས་ལས་རྣམ་རྒྱལ་དང༌། སྨར་ཁམས་པ་གྲགས་པ་བཟང་པོ་དང༌། དམར་སྟོན་རྒྱལ་མཚན་འོད་ཟེར་དང༌། པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དང༌། ཞྭ་ལུ་སྐུ་ཞང་མཁྱེན་རབ་ཆོས་རྗེ་དང༌། བྱམས་ཆེན་རབ་འབྱམས་པ་

སངས་རྒྱས་འཕེལ་དང༌། འཇམ་དབྱངས་ཀུན་དགའ་ཆོས་བཟང་དང༌། དཔལ་འབུམ་ཕྲག་གསུམ་པ་བྱམས་པ་ཆོས་དོན་གྲུབ་དང༌། བྱང་ཆུབ་སེམས་དཔའ་གཞོན་ནུ་རྒྱལ་མཆོག་དང༌། གྲུབ་ཆེན་དཀོན་མཆོག་བློ་གྲོས་དང༌། གོ་བོ་རབ་འབྱམས་པ་ཀུན་

མཁྱེན་བསོད་ནམས་སེང་གེ་དང༌། ཉག་རེ་དཔལ་གྱི་རྒྱལ་མཚན་དང༌། ཡོན་ཏན་འོད་ཟེར་དང༌། གྲགས་པ་རིན་ཆེན་དོན་གྲུབ་དང༌། ལྡན་མ་དྲུང་ཀུན་དགའ་རིན་ཆེན་ལ་སོགས་པ་དང༌། སྲད་པ་ཀུན་དགའ་བློ་གྲོས་དང༌། མཁས་གྲུབ་ཟླ་བ་བཟང་པོ་དང༌། བྲག་དཀར་

སེམས་དཔའ་ཆེན་པོ་དང༌། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང༌། མངོན་པར་དགའ་བའི་མཁན་པོ་དཔལ་ལྡན་སངས་རྒྱས་དང༌། བླ་མ་དཔལ་ལྡན་རྒྱལ་པོ་ལ་སོགས་པ་སའི་སྟེང་ན་ཡོངས་སུ་གྲགས་པའི་སློབ་མ་མང་དུ་བྱོན་པ་རྣམས་དང༌། རིམ་གྱིས་སྙན་བརྒྱུད་བསྟན་པའི་བདག་པོ་

ཚར་ཆེན་བློ་གསལ་རྒྱ་མཚོ་ལ་སོགས་པ་སྟེ། དེ་དག་གི་རྗེས་སུ་འཇུག་པ་བརྒྱུད་པ་དང་བཅས་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་ལེགས་པར་བསྐྱངས་སོ། །མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་དང་ཕན་བདེའི་འདོད་དགུ་མི་ཟད་པའི་འབྱུང་གནས་གཅིག་

པུར་གྱུར་པ་སངས་རྒྱས་བཅོམ་ལྡན་འདས་ཉི་མའི་གཉེན་གྱི་ཞལ་ལུང་དང་མངོན་པར་རྟོགས་པའི་ཆོས་ཚུལ་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་འདི་ཉིད། ཛམྦུ་བྲྀཀྵའི་ཟུར་ཕུད་ཀྱིས་ཉེ་བར་མཚན་པའི་གླིང་གི་དམ་པ་འདི་ན་མཁས་པའི་སྐྱེས་བུ་གང་དག་བྱོན་པ་རྣམས་ཀྱིས་ལེགས་པར་བཤད་

པ་དང་ཚུལ་བཞིན་སྒྲུབ་པའི་རྒྱལ་མཚན་གྱི་རྩེ་མོ་ལ་མངའ་གསོལ་ཏེ། དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱི་སྣང་བ་དཀར་པོས་ཕྱོགས་དང་ཕྱོགས་བྲལ་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཡང་དག་པར་རབ་ཏུ་གསལ་བར་བགྱིས་པ་འདི་ལྟར་ལགས་སོ། །འདིར་སྨྲས་པ། ས་གསུམ་

Vol. 213 · folio 99a

(*མཐའ་དག་གཟུགས་ཅན།)བཀྲ་ཤིས་བྱེད་པའི་ཆོ་ག་བཟོ་གནས་རིག་པའི་རིན་ཆེན་རྒྱན་གྱིས་རྣམ་པར་མཛེས། །རིག་བྱེད་ཚེ་ཡི་བདུད་རྩིའི་དགའ་སྟོན་འགྱེད་ལ་རབ་མཁས་སྒྲ་དང་ཚད་མའི་རྡོ་རྗེ་ཡིས། །ཚིག་དོན་འཁྲུལ་པའི་རི་བོའི་འགྲོས་བཅིངས་ནང་གི་ལུང་དོན་རྣམ་པར་འབྱེད་

པའི་མིག་སྟོང་བཀྲ། །ཡང་དག་རྟོགས་པའི་ལང་ཚོ་རྟག་ཏུ་དར་ལ་བབ་རྣམས་བློ་ལྡན་སྔོན་གྱི་ལྷ་དབང་ཡིན། །(*བྱ་བའི་རང་བཞིན་བརྗོད་པ།)དེ་བཞིན་གཤེགས་པ་རང་གི་ཐུགས་རྗེ་དང༌། །སྨོན་ལམ་གཞལ་དུ་མེད་ལས་ཟློས་པའི་གར། །ཕྱོགས་བཅུར་ཆོས་ཀྱི་སྣང་བས་

འགེངས་བཟོད་པ། །སྨྲ་བའི་དབང་ཕྱུག་བྱོན་པ་བསམ་མི་ཁྱབ། །(*ཆོས་འགོག་པ།)གང་དག་བྱོན་པ་དེ་དག་སྟོབས་བཅུ་པའི། །ལེགས་གསུངས་དྲི་མ་མེད་པས་འགྲོ་བ་ལ། །ཕན་པ་བསྒྲུབས་པའི་རྟོགས་བརྗོད་ཕྱོགས་རེ་ཙམ། །མཐོང་བའི་ང་རོ་འབྱིན་དེ་

ཅི་ལ་སྙམ། །དེ་ཀོ་རྗེས་སུ་འཇུག་པའི་སྐྱེ་བོ་རྣམས། །ཆོས་ལ་བློ་གྲོས་ཞུམ་པ་གཟེངས་བསྟོད་དང༌། །རྒོད་པ་འདུལ་སོགས་ཆ་ཙམ་བསྙད་པ་ལས། །འཕགས་རྣམས་མཛད་པ་བྱིས་པའི་བློ་ལས་འགོངས། །(*བསམ་པ་རྒྱ་ཆེ་བ།)གང་ཕྱིར་སྟོན་པ་ཐམས་ཅད་མཁྱེན་པ་

ཡི། །གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས། །གཞན་དུ་བགྲང་ལས་འདས་པའི་བསྐལ་པ་རུ། །བཙལ་ཡང་དམིགས་སུ་མེད་པ་ངེས་པའི་དོན། །འོན་ཏེ་བློ་གྲོས་དམན་པའི་ཆོས་ཀྱི་བློ། །འཕྱང་མོ་ཉུག་ལ་བརྟེན་པ་སྤོང་བའི་སླད། །འདྲི་དང་

ལེན་ལྡོན་སྡུད་དང་འགྲེལ་པ་ཡི། །རྣམ་པར་སྣང་བས་བསྟན་པ་རབ་གསལ་བྱས། །(*རིགས་རང་བཞིན་བརྗོད་པ།)དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་དང་བརྩེ། །བྱིན་རླབས་ཟད་མི་ཤེས་པའི་འབབ་སྟེགས་སུ། །བྱས་པ་མཐོང་ན་མི་མཐུན་མེད་པའི་སྐུ། །ཚངས་བཅས་སྐྱེ་དགུ་ཀུན་

གྱིས་བཏུད་པའི་གནས། །(*དགག་པའི་དཔེ།)དངོས་པོ་ཐམས་ཅད་སྐྱོན་བཅུ་སྤངས་པའི་གླུ། །རྟག་པར་འཇོ་བའི་ཡོན་ཏན་གྱིས་དབེན་པས། །དྲི་ཟའི་གླིང་བུ་སྙན་དགུ་བསྒྱུར་བའི་དཔལ། །སྨྲ་མཆོག་རྣམས་ཀྱི་གསུང་ལས་ཤིན་ཏུ་

Vol. 213 · folio 99b

དམན། །(*མཛེས་པ་བསྔགས་པ་ལ་སྦྱར་བ།)མཐའ་ཀླས་སྐྱེ་བའི་ཡུན་དུ་ཆོས་ཐམས་ཅད། །སྦྱངས་སྟོབས་ཕུན་སུམ་ཚོགས་པའི་མཁྱེན་པ་དེས། །དཔྱད་པ་གང་ཚེ་ངལ་བའི་གཏམ་འབྱུང་བ། །ཆེས་བརླིང་རིག་པའི་གནས་དེ་གང་དུ་མཆིས། །(*མཆོག་གི་ངེས་བསྟན།)ཨེ་མ་ཆུ་ཡི་གཏེར་ལས་དག་བྱེད་མ། །རྟག་

ཏུ་འབྱིན་ཡང་གང་བའི་རང་བཞིན་གྱིས། །མཁས་བཙུན་བཟང་པོ་གྲུབ་པའི་ཡོན་ཏན་དག །སྨྲ་མཁས་ཡོངས་ཀྱིས་བརྗོད་པས་མི་ཟད་སྟོན། །(*ཡན་ལག་གཉིས་པའི་གཟུགས་ཅན།)གསུང་རབ་ཀུན་གྱི་སྙིང་པོ་འདོམས་པ་ལ། །མཁས་པའི་འབྲས་

བུ་སྐལ་བར་ལྡན་པའི་བུ། །སྡུག་བསྔལ་ཞི་བ་ཐར་པའི་ལྡིང་ཁང་དང༌། །ཐམས་ཅད་མཁྱེན་པའི་གྲོང་ཁྱེར་སོང་བ་མང༌། །(*ནང་ཤེས་བྱེད་ཀྱི་རྒྱུ།)འགལ་འབྲེལ་རིགས་པར་སྨྲ་ལ་སྤྲོ་བའི་འཛུམ། །དཀའ་བའི་གནད་ལ་བརྩད་པས་མ་འགྱུར་ཞིང༌། །ཕྱི་རོལ་

རྒོལ་བ་སྟོང་གིས་མ་ཕྲོགས་པར། །ལེགས་པར་བརྟགས་པའི་གཏམ་གྱིས་མགྲིན་པ་ཕྱུག །(*དཔའ་བ་ཕུན་སུམ་ཚོགས་པའི་ཟོལ་བསྟོད།)ལེགས་བཤད་བརྩམས་པའི་ཚིག་དོན་ཟེགས་མས་ཀྱང༌། །སྐྱེ་འཕགས་ཡིད་ཀྱི་བརྟན་པ་མ་བྱིན་པར། །བརྩེ་མེད་རང་དབང་འཕྲོག་པའི་

ལས་འདི་འདྲ། །དགེ་སྦྱོང་ཆོས་ལ་མི་འོས་པ་མིན་ནམ། །(*ངེས་པའི་དཔེ།)མདོར་ན་རྣམ་པར་དཀར་བའི་ཕྲིན་ལས་མཐའ། །མཐོང་འདོད་ལྷ་ཡི་ལམ་འདིས་རང་གི་ལུས། །སྔོན་པོར་སོང་བ་དེ་སྲིད་བཙལ་བྱས་ཀྱང༌། །མ་རྙེད་ད་དུང་

རྗེས་སུ་སོང་བར་ངེས། །ཐམས་ཅད་མཁྱེན་པ་ཆེན་པོ་ཉི་མའི་གཉེན་གྱི་བཀའ་ལུང་སྤྱི་དང་བྱེ་བྲག་གི་དགོངས་དོན་རྣམ་པར་འགྲེལ་པའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་ཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་

ལྡན་བསྐལ་པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་ལས། སྤྲོ་བ་བསྐྱེད་པའི་ཆེད་དུ་བསྟན་སྐྱོང་རྣམས་ཀྱིས་བྱ་བ་བྱས་པའི་སརྒ་སྟེ་གཉིས་པའོ།། །།

Vol. 213 · folio 100a

༄༅། །སརྦྦཛྙེནསུདྷོཀྟཾཤྲོཏམིཔཏིཏཻཿཀྲིཏོཧིཏཾསདྲྀ། ཀྩིནྟཱམཎིཿསུཀུམྦྷེཧཀལྤདཱརུབྷིརཔིབིཤཱཀྱཾ། །

༄༅། །(*རབ་ཏུ་སྤེལ་བ།)ཀུན་མཁྱེན་གྱིས་གསུངས་བདུད་རྩི་སྒྲ་འཛིན་ཏུ། །ལྷུང་བས་བསྒྲུབས་པའི་ཕན་པ་དེ་འདྲ་ནི། །འདི་ན་ཡིད་བཞིན་ནོར་བུ་བུམ་པ་བཟང༌། །དཔག་བསམ་ཡོངས་འདུ་དག་ཀྱང་བཟོད་པ་མིན། །

Vol. 213 · folio 100b

(*རིགས་བརྗོད་པ་ཐ་མའི་གསལ་བྱེད།)གང་གིས་བགྲོད་པའི་ལམ་དང་མྱ་ངན་ལས། །འདས་པ་བསོད་ནམས་གསུམ་གྱི་སྙིང་པོ་ཅན། །དེས་ནི་འཁོར་བ་ངན་པར་སོང་དག་ཏུ། །འབབ་ལས་ཡོང་ཡེ་འཛིན་པ་ཆོས་ཀྱི་མཆོག །(*རིགས་རང་བཞིན་བརྗོད་པ།)ལམ་དང་འབྲས་བུ་དབེན་པའི་བས་མཐའ་རུ། །ངལ་བསོའི་བདེ་བ་ལ་དམིགས་ལྟུང་བ་ལས། །འཛིན་ཅིང་

སྲིད་དང་ཞི་བའི་མཐའ་འགོང་བ། །ཐེག་ཆེན་ཆོས་ཀྱི་ཁྱད་པར་དེ་བས་མང༌། །(*རིགས་རང་བཞིན་བརྗོད་པ།)གསང་ཆེན་སྐལ་བར་ལྡན་པའི་ལུས་ངག་ཡིད། །མི་ཕྱེད་རྡོ་རྗེ་གསུམ་གྱི་རྒྱས་བཏབ་ནས། །མཆོག་གི་གོ་འཕང་རིངས་པར་འདོང་བའི་ཆོས། །སྒྲ་དོན་རྒྱུད་ཀྱི་ཟབ་ཁྱད་བསམ་ལས་

འདས། །(*ཁྱད་གཞི་ཐ་དད་ཅིང་ཁྱད་ཆོས་མཚུངས་པའི་བསྡུས་བརྗོད།)སྲིད་པའི་ལམ་ན་དུབ་པ་དབུགས་རབ་འབྱིན། །གདུང་བས་ཉན་ལ་བསིལ་བའི་ངལ་བསོ་སྟེར། །མངོན་འདོད་སྙེ་མ་གཡུར་བའི་དགའ་ཚལ་འདི། །ཐོབ་པའི་ལུས་ཅན་དེ་དག་སྐལ་བ་སྦོམ། །(*རྨད་དུ་བྱུང་བའི་དཔེ།)ཚངས་པའི་བཀའ་ལས་མ་འདས་ལམ་གསུམ་དུ། །འགྲོ་བ་དག་

བྱེད་འབབ་པའི་ལྷ་མོ་ཁྱོད། །ལས་ཉོན་སྒྲིབ་པ་སྦྱོང་བའི་མཐུ་རྫོགས་ན། །ཐུབ་པའི་བཀའ་ལུང་དམ་པའི་རྗེས་སུ་སྙེགས། །(*རིགས་རང་བཞིན་བརྗོད་པ།)བརྗོད་པ་བླ་ན་མེད་པ་འགོག་ལམ་གྱི། །བདེན་པ་ཟུང་གི་སྙིང་པོ་འདྲེན་པའི་གསུང༌། །རབ་མཆོག་དྲི་

མས་དབེན་པ་ལུང་རྟོགས་ཀྱི། །དཀོན་མཆོག་དམ་པའི་ཆོས་ཀྱི་དབྱེ་བ་བྲི། །སྤྱི་དོན་གསུམ་པ་བཀྲལ་བྱ་ངེས་པའི་ཆེད་དུ་དམ་པའི་ཆོས་ཀྱི་རྣམ་པར་གཞག་པ་ལ། ཆོས་ཀྱི་སྒྲ་འཇུག་པའི་ཡུལ་སྤྱིར་བཤད་པ་དང༌།དེ་ལས་དམ་པའི་ཆོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་སྒྲའི་དོན་བཤད་

པ་དང༌། དབྱེ་བ་བསྟན་པ་གཉིས་ལས། དང་པོ་སྒྲའི་དོན་ནི་སྤྱིར་ཆོས་ཞེས་བྱ་བ་དེ་ལ་ལེགས་པར་སྦྱར་བའི་སྐད་དུ་ནི་དྷརྨ་ཞེས་འབྱུང་སྟེ། དེ་ནི་ཌུ་དྷྲྀ་ཉ྄་འཛིན་པ་ལའོ་ཞེས་བྱ་བའི་བྱིངས་ལས་བྱུང་བའི་ཕྱིར་འཛིན་པར་བྱེད་པའི་དོན་ལ་འཇུག་གོ །དེའང་གང་འཛིན་པར་བྱེད་པ་ཡིན་ཞེ་ན། ཤེས་བྱ་

རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཐམས་ཅད་འཛིན་པར་བྱེད་དེ། དེའང་འདི་ལྟར་གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་འཛིན་པར་བྱེད་པ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་མཚན་ཉིད་ཆོས་ཐམས་ཅད་མངོན་སུམ་དུ་བྱེད་དོ་ཞེས་བྱ་བ་ལྟ་བུའི་བར་གྱིས་རང་གི་མཚན་ཉིད་ཐམས་ཅད་འཛིན་པར་

Vol. 213 · folio 101a

བྱེད་དོ། །གཞན་ཡང་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ལྟ་བུའི་སྤྱིའི་མཚན་ཉིད་ཐམས་ཅད་ཀྱང་འཛིན་པར་བྱེད་པའི་ཕྱིར་

གང་ཆོས་ཞེས་བྱ་བའི་ངེས་པའི་ཚིག་ནི་འཛིན་པར་བྱེད་པའི་དོན་དུ་གཟུང་བར་བྱའོ། །གཉིས་པ་དབྱེ་བ་བསྟན་པ་ནི། དེ་ལྟ་བུའི་སྒྲ་དེ་འཇུག་པའི་ཡུལ་གང་ལ་དབྱེ་ན་རྣམ་པ་བཅུ་ཉིད་དུ་འཇུག་པར་རིག་པར་བྱ་སྟེ། རྣམ་བཤད་རིགས་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་

ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང༌། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་པ་ལྟར་ཏེ། དེའང་ཤེས་བྱ་ལ་འཇུག་པ་ནི་དཔེར་ན་ཆོས་གང་ལ་འདུས་བྱས་སམ་འདུས་མ་བྱས་ཞེས་བྱ་བ་ལྟ་བུ་སྟེ་ཤེས་བྱའི་ཆོས་སུ་གཏོགས་པ་གང་ཡིན་པ་དེ་ལ་ནི་མཁས་པར་བྱ་བའི་གནས་

ཉིད་དོ། །དེ་བཞིན་དུ་ལམ་ལ་འཇུག་པ་ནི། ཡང་དག་པར་ལྟ་བ་ནི་ཆོས་ཡིན་ནོ། །ཡང་དག་པར་ལྟ་བ་ནི་ལམ་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ་ལམ་གྱི་ཆོས་གང་ཡིན་པ་དེ་ནི་བསྒྲུབ་པར་བྱ་བ་ཉིད་དོ། །མྱ་ངན་ལས་འདས་པ་ལ་འཇུག་པ་ནི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ཞེས་བྱ་བ་

ལྟ་བུ་སྟེ། མྱ་ངན་ལས་འདས་པའི་ཆོས་གང་ཡིན་པ་དེ་ལ་ནི་རེག་པར་བྱ་བ་ཉིད་དོ། །ཡིད་ཀྱི་ཡུལ་ལ་འཇུག་པ་ནི་ཆོས་ཀྱི་ཁམས་དང་ཆོས་ཀྱི་སྐྱེ་མཆེད་ཅེས་བྱ་བ་ལྟ་བུའམ། འདི་ནི་རིགས་པའི་ཆོས་སོ་འདི་ནི་རིགས་པ་མ་ཡིན་པའི་ཆོས་སོ་ཞེས་བྱ་བ་ལྟ་བུ་སྟེ། ཡིད་ཀྱི་ཡུལ་དུ་གྱུར་པའི་ཆོས་

རྣམས་ནི་ཡོངས་སུ་ཤེས་ནས་འཇུག་ལྡོག་ཚུལ་བཞིན་དུ་བྱ་བ་ཉིད་དོ། །བསོད་ནམས་ལ་འཇུག་པ་ནི་བཙུན་མོའི་འཁོར་དང་གཞོན་ནུ་རྣམས་ལྷན་ཅིག་སྤྱོད་ཅེས་བྱ་བ་ལྟ་བུ་སྟེ། བསོད་ནམས་ཀྱི་ཆོས་སུ་གྱུར་པ་གང་ཡིན་པ་དེ་ནི་ཡོངས་སུ་སྤྱད་པར་བྱ་བ་ཉིད་དོ། །ཚེ་ལ་འཇུག་པ་ནི་མཐོང་བའི་

ཆོས་ལ་བདེ་བར་གནས་ཞེས་བྱ་བ་ལྟ་བུ་སྟེ། མཐོང་བའི་ཚེའི་ཆོས་གང་ཡིན་པ་དེ་ལ་ནི་བརྩོན་པར་བྱ་བ་ཉིད་དོ། །གསུང་རབ་ལ་འཇུག་པ་ནི་དམ་པའི་ཆོས་ཞེས་བྱ་བ་འདི་ལྟ་སྟེ། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་ལུང་དུ་བསྟན་པའི་སྡེ་ཞེས་བྱ་བ་ལྟ་བུ་སྟེ། གསུང་རབ་ཀྱི་ཆོས་

Vol. 213 · folio 101b

རྣམས་ནི་ཐོས་པ་དང་བསམ་པའི་བགྱི་བས་འཇུག་པར་བྱ་བ་ཉིད་དོ། །འབྱུང་འགྱུར་ལ་འཇུག་པ་ནི་ལུས་འདི་ནི་རྒ་བར་འགྱུར་བའི་ཆོས་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ་འབྱུང་བར་འགྱུར་བའི་ཆོས་རྣམས་ཀྱང་ཤེས་པར་བྱ་བ་ཉིད་དོ། །ངེས་པ་ལ་འཇུག་པ་ནི་དགེ་སྦྱོང་གི་ཆོས་བཞི་ཞེས་པ་ལྟ་བུ་སྟེ། ངེས་

པའི་ཆོས་ལ་ནི་ནམ་ཡང་དབྲི་བ་དང་བསྣན་པར་བྱར་མེད་པའམ་དེ་ལས་མི་འདའ་བར་བྱ་བ་ཉིད་དོ། །ཆོས་ལུགས་ལ་འཇུག་པ་ནི་ཡུལ་ཆོས་དང་རིགས་ཆོས་ཞེས་བྱ་བ་ལྟ་བུ་སྟེ། ལུགས་ཀྱི་ཆོས་གང་ཡིན་པ་དེ་དང་དེའི་རྗེས་སུ་མཐུན་པར་བྱ་བ་ཉིད་དོ། །གཉིས་པ་དམ་པའི་ཆོས་བྱེ་བྲག་ཏུ་བཤད་པ་

ལ། དམ་པའི་ཆོས་ཀྱི་མཚན་ཉིད་དང༌། སྒྲ་དོན་དང༌། རབ་ཏུ་དབྱེ་བ་སྟེ་གསུམ་ལས། དང་པོ་དམ་པའི་ཆོས་ཀྱི་མཚན་ཉིད་ནི། བཤད་མ་ཐག་པའི་བཅུ་པོ་དེ་ལས། བསོད་ནམས་དང་ལམ་དང་མྱ་ངན་ལས་འདས་པ་གསུམ་ནི་བརྗོད་བྱའི་གཙོ་བོ་ཉིད་དུ་བཟུང་ནས། གསུང་རབ་ནི་རྗོད་བྱེད་

དུ་བྱས་པའི་དམ་པའི་ཆོས་གང་ལ་དམིགས་ནས། སྲིད་པའི་སྡུག་བསྔལ་རྒྱུ་དང་བཅས་པ་མཐར་འབྱིན་པར་བྱེད་པའི་ཐབས་སུ་གྱུར་པ་གང་ཡིན་པ་སྟེ། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང༌། །སྒྲིབ་པ་ཀུན་སེལ་དམ་པའི་ཆོས། །ཞེས་སོ། །དམ་པའི་ཆོས་དེ་ལ་ཡང་གང་ཞིག་བརྗོད་

པར་བྱ་བ་དང་གང་གིས་རྗོད་པར་བྱེད་པའི་མཚན་ཉིད་ལ་ལྟོས་ནས་དབྱེ་ན་རྟོགས་པའི་དམ་པའི་ཆོས་དང༌། ལུང་གི་དམ་པའི་ཆོས་གཉིས་སུ་འགྱུར་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་སོ། །རྟོགས་པའི་དམ་པའི་ཆོས་དེ་ལའང་

གང་འདོད་ཆགས་དང་བྲལ་བར་གྱུར་པ་དང༌། གང་གིས་འདོད་ཆགས་དང་བྲལ་བར་བྱེད་པའི་མཚན་ཉིད་ཀྱིས་རྣམ་པར་དབྱེ་ན་འགོག་པའི་བདེན་པའི་དམ་པའི་ཆོས་དང་ལམ་གྱི་བདེན་པའི་དམ་པའི་ཆོས་རྣམ་པ་གཉིས་སུ་འགྱུར་ཏེ། མགོན་པོ་བྱམས་པས། གང་ཞིག་གང་གིས་ཆགས་བྲལ་བ། །

བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང༌། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་སོ། །ལུང་གི་དམ་པའི་ཆོས་ནི་རྟོགས་པའི་དམ་པའི་ཆོས་སུ་འཇུག་པར་བྱེད་པའི་རྗོད་པ་ཕུན་སུམ་ཚོགས་པ་སྟེ་དེ་ལ་ཡང་སྤྲོས་པ་ལས་བྱུང་བའི་བག་ཆགས་སམ་

Vol. 213 · folio 102a

འཇིག་རྟེན་པའི་མངོན་བརྗོད་ཅེས་བྱ་བ་དང༌། ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་ལས་བྱུང་བའི་མངོན་བརྗོད་དམ་འཇིག་རྟེན་ལས་འདས་པའི་མངོན་བརྗོད་ཅེས་བྱ་བ་གཉིས་སུ་དབྱེ་བར་བྱ་བའང་འབྱུང་སྟེ། དང་པོ་ནི་རྟ་དང་གླང་པོ་ལ་སོགས་པའི་གཏམ་སྣ་ཚོགས་པ་སྟེ་འཁོར་བ་དང་ཆོས་མཐུན་

པས་དེ་སྐད་ཅེས་བྱའོ། །གལ་ཏེ་དེ་ལྟར་ཡིན་ན་རྟོགས་པའི་དམ་པའི་ཆོས་སུ་འཇུག་པའི་རྗོད་པ་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། དངོས་སུ་མངོན་པར་མཐོ་བའི་རྒྱུ་གཙོ་བོར་སྨོས་ནས། བརྒྱུད་ནས་རྟོགས་པའི་ཆོས་ལ་འཇུག་པའི་དབང་གིས་བཞག་པ་སྟེ། ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ལུགས་

ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང༌། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་ཡོད། །ཅེས་གསུངས་པ་དང༌། མགོན་པོ་བྱམས་པས་ཀྱང༌། །རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་ཅི་གཏམ་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །

ཞེས་བྱ་བ་ལ་སོགས་པའི་དོན་དུ་དགོངས་ནས་དེ་ལྟར་དུ་བཞག་པར་མངོན་ནོ། །གཉིས་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཏེ། དེ་ནི་ཆོས་ཉིད་རྟོགས་པར་བྱེད་པའི་རྒྱུ་མཐུན་ནམ། ཆོས་དབྱིངས་རྟོགས་པར་བྱེད་པའི་རྒྱུ་མཐུན་ལས་བྱུང་བས་དེ་སྐད་ཅེས་བྱ་སྟེ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས།

རྒྱུ་མཐུན་དོན་གྱི་མཆོག་ཉིད་དང༌། །ཞེས་དང༌། མྱ་ངན་ལས་འདས་པའི་མདོ་ལས། ཆུ་བོ་ཆེན་པོ་རྒྱ་མཚོར་བབ། འབབ། གཞོལ་བ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་མྱ་ངན་ལས་འདས་པར་བབ། འབབ། གཞོལ་ཞེས་གསུངས་སོ། །གཉིས་པ་སྒྲ་དོན་བཤད་པ་ལ། སྤྱི་དང་བྱེ་བྲག་པ་གཉིས་

ལས། དང་པོ་ནི་ལེགས་པར་སྦྱར་བའི་སྐད་དུ་སདྡྷརྨ་ཞེས་འབྱུང་བ་བོད་སྐད་ལ་དམ་པའི་ཆོས་ཞེས་བྱ་བར་འགྱུར་ཏེ། དེ་ལ་དམ་པ་ནི་སྟོན་པ་རྫོགས་པའི་སངས་རྒྱས་ཡིན་ལ། ཆོས་ནི་དེས་གསུངས་པ་ཡིན་པའི་ཕྱིར་དམ་པའི་ཆོས་ཞེས་བྱའོ། །ཡང་ན་བསྟན་བཅོས་ཀྱི་དབང་དུ་བྱས་ན་དམ་པ་ནི་སངས་

རྒྱས་ཀྱི་རྣམ་པར་འཕྲུལ་པ་དང༌། དེའི་སྲས་བཀའི་དོན་རང་རྒྱུད་དུ་རྩོམ་པར་བྱེད་པའི་སློབ་དཔོན་དང༌། གཞུང་འགྲེལ་བྱེད་པ་ལ་དབང་བརྙེས་པའི་སློབ་དཔོན་ཡིན་ལ། ཆོས་ནི་དེ་དག་གིས་ལེགས་པར་བཤད་པ་ཡིན་པའི་ཕྱིར་དམ་པའི་ཆོས་སོ། །ཡང་ན་དམ་པ་ནི་མཆོག་ཏུ་གྱུར་པ་ཡིན་ལ་ཆོས་

Vol. 213 · folio 102b

ཀྱང་ཡིན་པས་དམ་པའི་ཆོས་ཏེ་གཞི་མཐུན་པས་སམ། སྐྱེས་བུ་དམ་པ་རྣམས་ཀྱིས་སྤྱད་པར་བྱ་བ་ཡིན་པས་ན་དམ་པའི་ཆོས་ཏེ། དཔེར་ན་དགེ་སྦྱོང་གི་ཆོས་བཞི་ཞེས་བྱ་བ་ལྟ་བུའོ། །གཉིས་པ་ནི་དེ་བཞིན་གཤེགས་པའི་བཀའ་འབའ་ཞིག་པ་སྟེ། དེ་ནི་སུ་བྷཱ་ཥི་ཏ་ཞེས་པ་ལེགས་པར་གསུངས་པ་སྟེ།

ཚིག་དང་དོན་ཕྱིན་ཅི་མ་ལོག་པར་ཡང་དག་པར་གསུངས་པའི་ཕྱིར་ལེགས་པར་གསུངས་པ་སྟེ། ཇི་ལྟར་ལེགས་པར་གསུངས་ཤེ་ན། མདོ་ལས་བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་

ཀྱི་རང་གིས་རིག་པར་བྱ་བའོ་ཞེས་གསུངས་པ་དེའང་ཕྱིན་ཅི་མ་ལོག་པར་ཡང་དག་པར་གསུངས་པའི་ཕྱིར་ལེགས་པར་གསུངས་པ་དང༌། དོན་མཐོང་བའི་ཕྱིར་ཡང་དག་པར་མཐོང་བ་དང༌། ཉོན་མོངས་པའི་བག་ལ་ཉལ་གྱི་གཉེན་པོར་གྱུར་པའི་ཕྱིར་ནད་མེད་པ་དང༌། ཡོངས་སུ་ཉམས་པ་མེད་པའི་ཕྱིར་

དུས་ཆད་པ་མེད་པ་དང༌། སྡུག་བསྔལ་མ་ལུས་པ་ལས་ངེས་པར་འབྱུང་བ་ལ་ཉེ་བར་གཏོད་པའི་ཕྱིར་ཉེ་བར་གཏོད་པ་དང༌། ཐུན་མོང་མ་ཡིན་པའི་ཕྱིར་འདི་མཐོང་བ་ལ་དོན་ཡོད་པ་དང༌། རྟོག་གེས་བརྟག་པར་མི་ནུས་པའི་ཕྱིར་མཁས་པ་རྣམས་ཀྱི་རང་གིས་རིག་པར་བྱ་བའོ། །གཞན་ཡང་དུས་

ཐམས་ཅད་དུ་བྱ་སླ་བའི་ཕྱིར་དུས་ཆད་པ་མེད་པ་དང༌། སློབ་དཔོན་གྱི་དཔེ་མཁྱུད་དང་བྲལ་བའི་ཕྱིར་ཚུར་ཤོག་ལྟོས་ཤིག་ཅེས་བྱ་བའི་སྐབས་དབྱེ་བ་དང་ལྡན་པའི་ཕྱིར་ཏེ། དབྱིག་གཉེན་གྱིས། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་ནི། །ཡང་དག་དོན་དང་དོན་ནི་མཐོང་བ་དང༌། །གཉེན་པོ་

དང་ནི་གཏན་དང་མ་ལུས་དང༌། །ཐུན་མོང་མིན་དང་རྟོག་གེའི་ཡུལ་མིན་དང༌། །གཞན་ཡང་དེ་ནི་དུས་ཆད་མེད་པའི་ཕྱིར། །བྱ་སླ་བ་དང་ཚུར་ཤོག་ལྟོས་ཤིག་ཅེས། །སློབ་དཔོན་དཔེ་མཁྱུད་བྲལ་བར་ཤེས་བྱ་ཞིང༌། །ཞེས་སོ། །གཞན་ཡང་ལུང་ལས་བཅོམ་ལྡན་འདས་ཀྱིས་ལེགས་པར་

གསུངས་པའི་ཆོས་འདུལ་བ་ནི་ལེགས་པར་བསྟན་པ། ངེས་པར་འབྱུང་བ་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ། རྟེན་པ་ཡོད་པ་ཞེས་བྱ། འདི་སྟོན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་པ་

Vol. 213 · folio 103a

སྟེ། དེ་དག་གི་དོན་ནི་ཕྱི་རོལ་པ་ལས་ཆོས་འདུལ་བ་འདིའི་ཡོན་ཏན་ཡང་དག་པར་བསྟན་པ་ཡིན་ཏེ། ཕྱི་རོལ་པ་དག་གི་འདུལ་བ་ནི་ཉེས་པར་བསྟན་པ་ཉིད་ཀྱིས་ལེགས་པར་གསུངས་པ་མ་ཡིན་པ་དང༌། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་མི་འགྱུར་བ་ཉིད་ཀྱིས་ངེས་པར་འབྱུང་

བ་མ་ཡིན་པ་དང༌། འདུས་པ་དང་མི་ལྡན་པ་ཉིད་ཀྱིས་མཐུན་པ་མ་ཡིན་པ་དང༌། སྟོན་པ་དེ་བཞིན་གཤེགས་པ་ལ་སོགས་པ་མ་ཡིན་པ་ཉིད་ཀྱིས་རྟེན་པ་མེད་པའོ། །མདོར་ན་སྐྱོན་རྣམ་པ་འདི་བཞི་བསྟན་པ་ཡིན་ཏེ། བསྟན་པའི་ཆོས་ལ་དོན་ཕྱིན་ཅི་ལོག་པ་ཉིད་ཀྱི་སྐྱོན་དང༌། སྒྲུབ་པའི་ཆོས་ལས་

མྱ་ངན་ལས་འདས་པར་མི་འགྲོ་བ་ཉིད་ཀྱི་སྐྱོན་དང༌། ཉན་པ་པོ་རྣམས་ལ་བློ་དུ་མ་དང་ལྡན་པ་ཉིད་ཀྱི་སྐྱོན་དང༌། སྟོན་པ་ལ་ཐེ་ཚོམ་ཐམས་ཅད་གཅོད་མི་ནུས་པའི་སྐྱོན་དང་ལྡན་པ་སྟེ། དེ་ཉིད་ལས། ཚིག་འབྲུ་བཟང་མིན་དོན་བཟང་མིན། །གྲོལ་དང་རིགས་པའི་ཐབས་མ་ཡིན། །སྔ་མ་ཕྱི་མ་

འགལ་བ་ཡིན། །དེ་བཞིན་བསྡུ་བ་བཞི་དང་ནི། །བསྟན་པ་བཞི་དག་སྤངས་པ་དང༌། །སྟོན་པའང་སྟོན་པའི་མཚན་ཉིད་མེད། །དེ་ལྟར་གཞན་གྱི་བསྟན་བཅོས་དང༌། །སློབ་མ་བསྟན་པ་སྐྱོན་ཅན་ཡིན། །ཆོས་འདུལ་བ་འདི་ལ་ནི་དེ་ལས་བཟློག་པས་ན་སྐྱོན་མེད་པ་ཡིན་ནོ། །དོན་ཕྱིན་

ཅི་མ་ལོག་པ་ཉིད་ཀྱིས་རིགས་པ་ཡིན་པའི་ཕྱིར་ཆོས་སོ། །ཉོན་མོངས་པ་འདུལ་བའི་ཕྱིར་འདུས་པའོ། །དེ་ལྟར་ན་སངས་རྒྱས་ཀྱི་བསྟན་པ་ནི་ཡང་དག་པའི་ཡེ་ཤེས་དང་སྤངས་པ་འདྲེན་པ་ཉིད་བསྟན་པ་ཡིན་ནོ་ཞེས་གསུངས་སོ། །གཞན་ཡང་མདོ་ལས་དགེ་སློང་དག་ངའི་ཆོས་ནི་ལེགས་པར་

གསུངས་པ། གསལ་བ། ཕྱེ་བ། རྒྱུ་བ་བཅད་པ། ལྷ་དང་མིའི་བར་དག་ལ་ཡང་དག་པར་ཤིན་ཏུ་བསྟན་པའོ་ཞེས་བྱ་བས་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་ཡོན་ཏན་བསྟན་ཏོ། །དེའང་ཇི་ལྟར་ཞེ་ན། དོན་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར་ལེགས་པར་གསུངས་པ་དང༌། ཚིག་དང་ཡིག་

འབྲུ་གསལ་བ་དང་དོན་ཤིན་ཏུ་རྣམ་པར་ཕྱེ་ནས་བསྟན་པའི་ཕྱིར་བདེ་བར་འཇུག་པ་ཉིད་དང༌། གོང་དུ་འགྲོ་བའམ་རྒྱུ་བ་བཅད་པ་ཉིད་ཀྱིས་གོང་ན་མེད་པ་ཉིད་དང༌། ལྷ་དང་མིས་ཡང་དག་པར་བཟུང་བ་ཉིད་དང༌། ཇི་ལྟར་འོས་པའི་གདུལ་བྱ་ལ་བསྟན་པ་ཉིད་དང༌། སློབ་དཔོན་གྱི་དཔེ་མཁྱུད་མེད་པར་རྒྱུན་

Vol. 213 · folio 103b

དུ་བསྟན་པ་ཉིད་དེ། དེ་ལྟ་བུའི་ཡོན་ཏན་དྲུག་དང་ལྡན་པ་སྟེ། དེ་ཉིད་ལས།དེ་ཉིད་དོན་ནི་ལེགས་གསུངས་ཕྱིར། །བདེ་བར་འཇུག་ཕྱིར་བླ་མེད་ཕྱིར། །རབ་ཏུ་གཟུང་ཕྱིར་ཇི་ལྟར་འོས། །མ་ལུས་པ་ནི་བསྟན་ཕྱིར་རོ། །ཞེས་སོ། །གཞན་ཡང་རྣམ་པར་བཤད་པའི་རིགས་པ་ལས་ཡོན་

ཏན་ཡོངས་སུ་འཛིན་པའི་རྣམ་པ་བཅུ་དག་གིས་ལེགས་པར་གསུངས་པ་ཉིད་དུ་བཤད་དོ། །བཅུ་ནི་ཡང་དག་པར་བླང་བ་དང༌། དབང་དུ་མཛད་པ་དང༌། འཇུག་པ་དང༌། རབ་ཏུ་བསྟན་པ་དང༌། རབ་ཏུ་དབྱེ་བ་དང༌། རྟེན་དང༌། གོ་བར་མཛད་པ་དང༌། གདགས་པ་དང༌། དུས་དང༌། ཡོན་ཏན་

ཡོངས་སུ་འཛིན་པ་རྣམས་སུ་གསུངས་ཏེ། དེ་དག་གི་དོན་ནི། ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་ནས་གསུངས་པའི་ཕྱིར་ཡང་དག་པར་བླང་བ་དང༌། སེམས་ཅན་ཐམས་ཅད་ཀྱི་དབང་དུ་མཛད་ནས་གསུངས་པའི་ཕྱིར་དབང་དུ་མཛད་པ་ཉིད་དང༌། རེས་འགའ་བ་མ་ཡིན་

པར་ཡང་དང་ཡང་དུ་རྒྱུན་དུ་གསུངས་པའི་ཕྱིར་འཇུག་པ་ཉིད་དང༌། དཔེ་མཁྱུད་ཀྱིས་འགའ་ལ་ཡང་བར་ཆད་པར་མ་བྱས་པར་ཡང་དག་པར་གསུངས་པའི་ཕྱིར་རབ་ཏུ་བསྟན་པ་ཉིད་དང༌། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་གསུངས་པའི་ཕྱིར་རབ་ཏུ་དབྱེ་བ་དང༌། དབྱངས་ཀྱི་

ཡན་ལག་ལྔ་དང་ལྡན་པར་ཡང་དག་པར་གསུངས་པའི་ཕྱིར་རྟེན་ཉིད་དང༌། དབྱངས་གཅིག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་གོ་བར་མཛད་པའམ། འཁོར་གྱི་དཀྱིལ་འཁོར་ཇི་སྙེད་པ་ཁྱབ་པར་ཡང་དག་པར་གསུངས་པའི་ཕྱིར་གོ་བར་མཛད་པ་ཉིད་དང༌། མཐའ་གཉིས་སྤངས་

པའི་ལམ་གསུངས་པའི་ཕྱིར་གདགས་པ་ཉིད་དང༌། འདུལ་བ་ཡོངས་སུ་སྨིན་པ་རྣམས་ལ་གསུངས་པའི་ཕྱིར་དུས་ཉིད་དང༌། གསུང་ཡོན་ཏན་དྲུག་ཅུ་དང་ལྡན་པར་ཡང་དག་པར་གསུངས་པའི་ཕྱིར་ཡོན་ཏན་ཡོངས་སུ་འཛིན་པ་ཉིད་དེ། ཁྱད་པར་དེ་དང་དེ་དག་གིས་ལེགས་པར་

གསུངས་སོ་ཞེས་བྱ་བའི་དོན་དུ་བསྟན་པ་ཡིན་ནོ། །གསུམ་པ་རབ་ཏུ་དབྱེ་བ་ལ་ལྔ་སྟེ། བརྗོད་བྱའི་སྒོ་ནས་དབྱེ་བ་དང༌། རྗོད་བྱེད་ཀྱི་སྒོ་ནས་དབྱེ་བ་དང༌། གཉེན་པོའི་སྒོ་ནས་དབྱེ་བ་དང༌། གདུལ་བྱའི་སྒོ་ནས་དབྱེ་བ་དང༌། བདག་རྐྱེན་གྱི་སྒོ་ནས་དབྱེ་བའོ། །དང་པོ་བརྗོད་

Vol. 213 · folio 104a

པར་བྱ་བའི་སྒོ་ནས་དབྱེ་ན། བདེན་པ་གཉིས་སམ་དྲང་ངེས་གཉིས་ཏེ། དབུ་མ་རྩ་བའི་ཤེས་རབ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་སོ། །དེའང་ཇི་ལྟར་ན་གསུང་རབ་གང་གིས་ཀུན་རྫོབ་ཀྱི་བདེན་

པ་བརྗོད་པར་བྱ་བའི་གཙོ་བོར་སྟོན་པར་བྱེད་པ་དེ་ནི་དྲང་བའི་དོན་དང༌། དོན་དམ་པའི་བདེན་པ་བརྗོད་པར་བྱ་བའི་གཙོ་བོར་སྟོན་པར་བྱེད་པ་དེ་ནི་ངེས་པའི་དོན་ཏེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། ཀུན་རྫོབ་སྒྲུབ་པ་སྟོན་པ་ནི་དྲང་བའི་དོན་ཏོ། །དོན་དམ་སྒྲུབ་པ་སྟོན་པ་ནི་ངེས་

པའི་དོན་ཏོ་ཞེས་སོ། །གཉིས་པ་རྗོད་བྱེད་ཀྱི་སྒོ་ནས་དབྱེ་ན་གསུང་རབ་ཡན་ལག་བཅུ་གཉིས་ཏེ། བརྒྱད་སྟོང་འགྲེལ་པ་སྙིང་པོ་མཆོག་ལས། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང༌། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང༌། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང༌། །སྐྱེས་རབས་

ཤིན་ཏུ་རྒྱས་པ་དང༌། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་སོ། །ཞེས་གསུངས་པ་ལྟར་མདོའི་སྡེ་ནི་གང་བཞེད་པའི་དོན་མདོར་སྨོས་པའི་ཚུལ་གྱིས་ལྷུག་པར་གསུངས་པ་སྟེ། འདུས་བྱས་འདུས་མ་བྱས་རྣམ་པར་ངེས་པ་ལས། དེ་ལ་

ཚིག་རྐྱང་ལྷུག་གིས་མདོ་མདོར་བརྗོད་པ་དེ་ནི་མདོའི་སྡེའོ་ཞེས་སོ། །ཅིའི་ཕྱིར་ཕྱེ་སྟེ་མི་གསུངས་སྙམ་ན། ཀུན་ལས་བཏུས་པ་ལས། ཕན་ཡོན་བཅུ་གཟིགས་ནས་དེ་བཞིན་གཤེགས་པས་སྨོས་པའི་ཚུལ་གྱིས་ཆོས་སྟོན་ཏེ་རྣམ་པར་གཞག་སླ་བ་དང༌། བཤད་སླ་བ་དང༌། གཟུང་

སླ་བ་དང༌། ཆོས་ལ་གུས་པས་མྱུར་དུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང༌། མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་དང༌། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང༌། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་

པའི་མཆོག་ལ་རེག་པ་དང༌། འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་དོ། །མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་སོ། །དབྱངས་ཀྱིས་བསྙད་པའི་སྡེ་ནི། མདོའི་སྡེ་དེ་ཉིད་ལ་བར་དང་མཐའ་མ་དག་ཏུ་

Vol. 213 · folio 104b

ཚིགས་སུ་བཅད་པའི་དབྱངས་སུ་བསྙད་པའམ། ད་དུང་བརྟག་པར་བྱ་བ་གཞན་ཡོད་པས་དྲང་བའི་དོན་དུ་གསུང་བའི་མདོ་སྡེ་གང་ཡིན་པ་རྣམས་སོ། །ལུང་དུ་བསྟན་པའི་སྡེ་ནི། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྔོན་བྱུང་བ་ཤི་བའི་དུས་བྱས་པ་དང་འབྱུང་

བར་འགྱུར་བ་ལ་སོགས་པ་རྣམས་ལུང་སྟོན་པ་མཛད་པའམ། དགོངས་པ་རྣམ་པར་ཕྱེ་ནས་ལུང་སྟོན་པར་བྱེད་པ་ངེས་པའི་དོན་གྱི་མདོ་སྡེ་གང་ཡིན་པ་རྣམས་སོ། །ཚིགས་སུ་བཅད་པའི་སྡེ་ནི། ལུང་གང་དག་ཚིག་རྐང་པ་གཉིས་པ་ནས་བརྩམས་ཏེ་རྐང་པ་དྲུག་པའི་བར་དུ་ཚིགས་

སུ་བཅད་པར་བསྡེབས་ནས་གསུངས་པ་གང་ཡིན་པ་རྣམས་སོ། །ཆེད་དུ་བརྗོད་པའི་སྡེ་ནི། གང་ཟག་གཞན་གྱིས་ཞུ་བ་ལ་མ་ལྟོས་པར་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡུན་དུ་གནས་པར་བྱ་བ་ཁོ་ནའི་ཕྱིར་ཡི་རང་བའི་ཚུལ་གྱིས་གསུངས་པ་སྟེ། དཔེར་ན་མདོ་ལས་བཅོམ་

ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ་གདན་ལ་བཞུགས་ནས་དགེ་སློང་གི་དགེ་འདུན་རྣམས་ལ་ཆེད་དུ་རྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་པ་ལྟ་བུ་སྟེ།རྣམ་བཤད་རིགས་པ་ལས། གང་ཟག་གི་ཆེད་དུ་གསུངས་པ་མ་ཡིན་གྱི། བསྟན་པ་གནས་པར་བྱ་བ་

འབའ་ཞིག་གི་ཕྱིར་གསུངས་པ་གང་ཡིན་པ་སྟེ་ཞེས་གསུངས་སོ། །གླེང་གཞིའི་སྡེ་ནི། གང་ཟག་འགའ་ཞིག་གི་ཆེད་དུ་གསུངས་པ་དང་བྱུང་བ་དང་བཅས་པའི་བསླབ་པ་བརྗོད་པ་རྣམས་ཏེ། སྒྲ་སྦྱོར་བམ་པོ་གཉིས་པ་ལས། མདོ་སྡེ་དང་འདུལ་བ་ལ་སོགས་པ་ཐོག་མ་ཅི་ལས་

གླེངས་ཏེ་བཤད་པ་དང༌། གཞི་འདི་དང་སྐབས་འདི་དང་བྱུང་བ་འདིའི་ཚེ་བསླབ་པ་བཅས་པ་ལྟ་བུ་ལ་བྱ་སྟེ་གླེང་གཞིའི་སྡེ་ཞེས་བྱ་ཞེས་སོ། །རྟོགས་པ་བརྗོད་པའི་སྡེ་ནི། ཆོས་ཉན་པ་རྣམས་ཀྱིས་དོན་གོ་ཞིང་ལེགས་པར་རྟོགས་པར་བྱ་བའི་ཕྱིར་སྔོན་བྱུང་བ་གཞན་ལས་

བརྩམས་པའི་དཔེ་དང་བཅས་ནས་སྟོན་པ་གང་ཡིན་པ་རྣམས་སོ། །དེ་ལྟ་བུ་བྱུང་བའི་སྡེ་ནི་སྔོན་རབས་ཀྱི་གཏམ་རྒྱུད་གསུངས་པ་རྣམས་སོ། །སྐྱེས་པ་རབས་ཀྱི་སྡེ་ནི། བཅོམ་ལྡན་འདས་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་གང་དང་གང་དུ་སྐྱེས་པ་དང༌།

Vol. 213 · folio 105a

དཀའ་ཐུབ་ཅི་དང་ཅི་མཛད་པ་རྣམས་ལེགས་པར་སྟོན་པ་རྣམས་སོ། །ཤིན་ཏུ་རྒྱས་པའི་སྡེ་ནི། ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱིས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཤིན་ཏུ་རྒྱ་ཆེ་བ་དང་རྒྱས་པ་དང་ཟབ་པའི་རྣམ་པར་སྟོན་པ་རྣམས་སོ། །རྨད་དུ་བྱུང་

བའི་སྡེ་ནི། གང་ལས་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཁྱེན་པ་དང་རྫུ་འཕྲུལ་དང་བྱིན་གྱིས་བརླབས་པ་ལ་སོགས་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟན་པ་རྣམས་སོ། །གཏན་ལ་དབབ་པའི་སྡེ་ནི། ཆོས་ཐམས་ཅད་རང་དང་སྤྱིའི་མཚན་

ཉིད་ཀྱིས་གཏན་ལ་འབེབས་པའི་སྒོ་ནས་མདོ་སྡེ་ལ་སོགས་པའི་དོན་ཡང་དག་པར་བསྟན་པ་རྣམས་སོ། །གསུམ་པ་གཉེན་པོའི་སྒོ་ནས་དབྱེ་ན་སྡེ་སྣོད་གསུམ་སྟེ། སྤྱིའི་ངེས་ཚིག་དང༌། སོ་སོའི་རང་བཞིན་དང༌། སྡེ་སྣོད་གསུམ་དུ་འཇོག་པའི་རྒྱུ་མཚན་ནོ། །དང་པོ་སྤྱིའི་ངེས་ཚིག་

ནི། ཐུན་མོང་དུ་ལེགས་པར་སྦྱར་བའི་སྐད་དུ་པི་ཊ་ཀ་ཞེས་འབྱུང་སྟེ། དེ་ཉིད་བསྒྱུར་ན་གང་བུའམ་བསྡུས་པའི་དོན་ལ་འཇུག་སྟེ། དེ་ན་ཤེས་པར་བྱ་བའི་ཆོས་ཐམས་ཅད་ནི་འདིའི་བརྗོད་བྱ་ཉིད་དུ་བསྡུས་པའི་ཕྱིར་སྡེ་སྣོད་དམ། ཡང་ན་ཡུལ་དབུས་ཀྱི་བྲེ་བོ་ཆེའི་མིང་སྟེ། དེའི་ནང་

དུ་བྲེའུ་ཆུང་གིས་གཞལ་བར་བྱ་བའི་འབྲུ་ལ་སོགས་པ་མང་པོ་ཆུད་པ་ལྟར། འདིར་ཡང་ཤེས་པར་བྱ་བའི་ཆོས་སམ་བསླབ་པར་བྱ་བའི་ཆོས་མང་པོ་འདུས་པའི་ཕྱིར་སྡེ་སྣོད་ཅེས་བྱ་སྟེ། དཔེར་ན་སྣོད་གང་དུ་འབྲུ་བྲེ་བཅུ་ཤོང་ཞིང་འདུས་པའི་སྣོད་དེ་ལ་སྣོད་ཅེས་བྱ་བ་དང་འདྲ་བར་སྡེ་

སྣོད་གསུམ་པོ་དང་གཉིས་པོ་འདིར་ཡང་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་དང་ཚིག་ཐམས་ཅད་མ་འདུས་པ་མེད་པའི་ཕྱིར་སྡེ་སྣོད་ཅེས་བྱའོ། །དེ་ལྟར་ཡང་སློབ་དཔོན་ཐོགས་མེད་ཀྱིས་གསུམ་པོའམ་གཉིས་པོ་དེ་ཡང་ཅིའི་ཕྱིར་སྡེ་སྣོད་ཅེས་བྱ་ཞེ་ན། སྨྲས་པ། བསྡུས་པའི་

ཕྱིར་ཏེ་ཤེས་བྱའི་དོན་ཐམས་ཅད་བསྡུས་པའི་ཕྱིར་རོ་ཞེས་སོ། །ཡང་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ནས་སྐུ་དང་ཡེ་ཤེས་ལ་སོགས་པའི་བར་གྱིས་ཤེས་པར་བྱ་བའི་དོན་ཐམས་ཅད་འདུས་པས་དེའི་ཕྱིར་སྡེ་སྣོད་ཅེས་བྱའོ་ཞེས་གསུངས་སོ། །སྡེ་སྣོད་གསུམ་དུ་གསུང་རབ་

Vol. 213 · folio 105b

ཡན་ལག་བཅུ་གཉིས་པོ་ཇི་ལྟར་འདུ་བར་འགྱུར་བ་ཡིན་སྙམ་ན། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་ལུང་དུ་བསྟན་པའི་སྡེ་དང་ཚིགས་སུ་བཅད་པའི་སྡེ་དང་ཆེད་དུ་བརྗོད་པའི་སྡེ་སྟེ་ལྔ་པོ་དག་ནི་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དུ་འདོད་དོ། །གླེང་གཞིའི་སྡེ་དང་རྟོགས་པ་

བརྗོད་པའི་སྡེ་དང་དེ་ལྟ་བུ་བྱུང་བའི་སྡེ་སྟེ་གསུམ་པོ་དག་ནི་ཉན་ཐོས་ཀྱི་འདུལ་བ་སྟེ།དེའི་ཡང་དང་པོས་ནི་ལྟུང་བ་བསླབ་བྱ་དང་བཅས་པ་སྟོན་པའི་ཕྱིར་ན་གཙོ་བོའི་ཚུལ་དང༌། ཕྱི་མ་གཉིས་ནི་དེའི་འཁོར་གྱི་ཚུལ་དུ་འདོད་པ་ཡིན་ནོ། །སྐྱེས་པ་རབས་ཀྱི་སྡེ་ནི་བྱང་ཆུབ་སེམས་

དཔའི་འདུལ་བའི་སྡེ་སྣོད་ཀྱི་འཁོར་དང༌། ཤིན་ཏུ་རྒྱས་པའི་སྡེ་དང་རྨད་དུ་བྱུང་བའི་སྡེ་གཉིས་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ཉིད་དུ་འདོད་དོ། །གཏན་ལ་དབབ་པའི་སྡེ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཉིས་ཀའི་ཐུན་མོང་དུ་གྱུར་པའི་ཆོས་མངོན་པའི་སྡེ་སྣོད་དུ་

ངེས་པ་ཡིན་ལ། རང་སངས་རྒྱས་ལ་ནི་སྡེ་སྣོད་ལོགས་སུ་གྱུར་པ་མེད་པས་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་པ་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་ལ། མཚན་ཉིད་དང༌། མཚན་གཞི་དང༌། ངེས་པའི་ཚིགས་སྟེ་གསུམ་གསུམ་ལས། དང་པོ་མདོ་སྡེའི་སྡེ་སྣོད་ཀྱི་མཚན་ཉིད་

ནི། ལྷག་པའི་སེམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་གྱུར་པའི་གསུང་རབ་ཀྱི་རིགས་སུ་གཏོགས་པའོ། །གཉིས་པ་མཚན་གཞི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་རྣམས་སོ། །གསུམ་པ་ངེས་ཚིག་ནི། མདོའི་སྐད་དོད་ལ་ལེགས་པར་

སྦྱར་བའི་སྐད་དུ་སཱུ་ཏྲ་ཞེས་པ་མགོ་སྨོས་པ་སྟེ། མདོ་སྡེ་རྒྱན་ལས། མདོ་དང་ཆོས་མངོན་འདུལ་བ་དག །མདོར་ན་དོན་ནི་རྣམ་བཞིར་འདོད། །བློ་ལྡན་པས་ནི་དེ་ཤེས་ན། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ། །ཅེས་པའི་དོན་ནི་སྡེ་སྣོད་གསུམ་པོ་སོ་སོར་རེ་རེ་ཞིང་གནས་ལ་སོགས་

པ་བཞི་དང༌། མངོན་དུ་བ་ལ་སོགས་པ་བཞི་དང༌། ལྟུང་བ་ལ་སོགས་པ་བཞི་སྟེ། མདོར་ན་སྡེ་སྣོད་གསུམ་པོ་མ་ལུས་པར་ཤེས་པའི་བློ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་བཤད་ལ། ཉན་ཐོས་དག་གིས་ནི་ཚིགས་

Vol. 213 · folio 106a

སུ་བཅད་པ་གཅིག་གི་དོན་རྟོགས་པས་ཀྱང་ཟག་པ་ཟད་པའི་འབྲས་བུ་འཐོབ་པར་བཤད་དོ། །དེ་དག་ལས་གནས་ལ་སོགས་པ་རྣམ་པ་བཞི་ནི། དེ་ཉིད་ལས། གནས་རྣམས་དང་ནི་མཚན་ཉིད་དང༌། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་གསུངས་པ་

བཞིན་དུ།ས་ཡུལ་གང་དུ་བཤད་པ་དང༌། །གང་གིས་བཤད་པ་དང༌། གང་གི་ཕྱིར་གསུངས་པ་རྣམས་སྨོས་པའི་ཕྱིར་གནས་དང༌། ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དང་དོན་དམ་པའི་བདེན་པའི་མཚན་ཉིད་སྨོས་པའི་ཕྱིར་མཚན་ཉིད་དང༌། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་

ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་སྨོས་པའི་ཕྱིར་ཆོས་དང༌། དེ་རྣམས་ཀྱི་དགོངས་པའི་དོན་སྨོས་པའི་ཕྱིར་དོན་ཏེ་དེ་དག་སྨོས་པའི་ཚུལ་གྱིས་གསུངས་པའི་ཕྱིར་མདོ་ཡིན་ནོ། །དེ་དག་སྟོན་པར་བྱེད་པའི་གསུང་རབ་ཀྱི་ཚོགས་སུ་གྱུར་པའི་ཕྱིར་སྡེ་ཞེས་བྱ་བ་ཡིན་ནོ། །གཉིས་པ་མངོན་པའི་སྡེ་སྣོད་ལ་ཡང་དང་པོ་

མཚན་ཉིད་ནི། ལྷག་པའི་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་གྱུར་པའི་གསུང་རབ་ཀྱི་རིགས་སུ་གཏོགས་པའོ། །གཉིས་པ་མཚན་གཞི་ནི་མངོན་པ་སྡེ་བདུན་ལ་སོགས་པ་རྣམས་སོ། །གསུམ་པ་ངེས་པའི་ཚིག་ནི་མངོན་པ་ལ་ལེགས་པར་སྦྱར་བའི་སྐད་དུ་ཨ་བྷི་ཞེས་

འབྱུང་སྟེ། ཨ་བྷི་མུ་ཁྱ་ཞེས་པ་མངོན་དུ་ཕྱོགས་པ་དང༌། ཨ་བྷཱི་ཀྵ་ཎ་ཞེས་པ་ཡང་ཡང་དང༌། ཨ་བྷི་བྷུ་ཞེས་པ་ཟིལ་གནོན་དང༌། ཨ་བྷི་ས་མ་ཡ་ཞེས་པ་རྟོགས་པ་སྟེ། དེ་ཉིད་ལས། མངོན་དུ་ཕྱིར་དང་ཡང་ཡང་དང༌། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །

ཞེས་པ་ལྟར་ཞི་བ་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པའི་ཆོས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དང་རྣམ་པར་ཐར་པའི་སྒོ་ལ་སོགས་པ་སྟོན་པའི་ཕྱིར་མངོན་དུ་བ་དང༌། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཆོས་རེ་རེ་ལའང་བསྟན་དུ་ཡོད་པ་དང་བསྟན་དུ་མེད་པ་ལ་

སོགས་པའི་བྱེ་བྲག་མང་པོ་ཡང་དང་ཡང་དུ་སྟོན་པའི་ཕྱིར་ཡང་ཡང་དང༌། བརྩད་པ་དང་བརྩད་པའི་གཞི་ལ་སོགས་པ་སྨྲ་བ་ལ་རྣམ་པར་ངེས་པས་ཕས་ཀྱི་རྒོལ་བ་ཟིལ་གྱིས་གནོན་པའི་ཕྱིར་ཟིལ་གནོན་དང༌། ཤེས་བྱ་ཇི་སྙེད་པའི་མདོ་སྡེའི་དོན་མ་ནོར་བར་རྟོགས་པའི་རྒྱུར་འགྱུར་

Vol. 213 · folio 106b

བའི་ཕྱིར་རྟོགས་པ་སྟེ་རྣམ་པ་བཞི་པོ་དེ་དག་གིས་མངོན་པ་ཡིན་ནོ། །གསུམ་པ་འདུལ་བའི་སྡེ་སྣོད་ལའང་དང་པོ་མཚན་ཉིད་ནི། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་གྱུར་པའི་གསུང་རབ་ཀྱི་རིགས་སུ་གཏོགས་པའོ། །གཉིས་པ་མཚན་གཞི་ནི་ལུང་སྡེ་བཞི་

ལ་སོགས་པ་རྣམས་སོ། །གསུམ་པ་ངེས་ཚིག་ནི་འདུལ་བ་ལ་ལེགས་པར་སྦྱར་བའི་སྐད་དུ་བི་ན་ཡ་ཞེས་པ་འབྱུང་སྟེ་བི་བཏྟི་རྣམ་པར་ལྟུང་བ་དང༌། བི་ནིཤྩ་ཡ་རྣམ་པར་ངེས་པ་སྟེ། དེ་ཉིད་ལས། ལྟུང་དང་འབྱུང་དང་ལྡང་བ་དང༌། །ངེས་པར་འབྱུང་དང་གང་ཟག་དང༌། །

བཅས་པ་དང་ནི་རབ་དབྱེ་དང༌། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་འབྱུང་བ་ལྟར་ཏེ། དེ་ལ་ལྟུང་བ་ནི་ཕས་ཕམ་པ་དང༌། དགེ་འདུན་ལྷག་མ་དང༌། ཉེས་པ་སྦོམ་པོ་དང༌། ལྟུང་བྱེད་དང༌། སོ་སོར་བཤགས་པ་སྟེ་ལྟུང་བ་རིས་ལྔའོ། །ལྟུང་བ་དེ་དག་གང་

ལས་འབྱུང་བའི་རྒྱུ་ནི། མི་ཤེས་པ་ལ་སོགས་པ་བཞི་ལས་འབྱུང་བའོ། །ལྟུང་བ་ལས་ལྡང་བའི་ཐབས་ནི། ཕྱིན་ཆད་མི་བྱ་བར་བསྡམས་པའི་སེམས་སྟོན་པས་ལྡང་བའོ། །ལྟུང་བ་ལས་ངེས་པར་འབྱུང་བའི་ཐབས་ནི། སོ་སོར་བཤགས་པ་ལ་སོགས་པ་བདུན་སྟོན་

པས་ངེས་པར་འབྱུང་བ་སྟེ་ཆོས་རྣམ་པ་བཞི་འབྱུང་བའི་ཕྱིར་འདུལ་བ་ཡིན་ནོ། །རྣམ་པ་གཞན་ཡང་གང་ལ་བརྟེན་ནས་བསླབ་པའི་ཚིག་བཅའ་བའི་གང་ཟག་དང༌། གང་ཟག་གི་ཉེས་པ་གསོལ་ནས་སྟོན་པས་དགེ་འདུན་ལ་བསླབ་པ་བཅས་པ་དང༌། དེ་མདོར་བསྟན་

པ་ལས་རབ་ཏུ་དབྱེ་བ་དང༌། ལྟུང་བ་དང་ལྟུང་བ་མ་ཡིན་པ་རྣམ་པར་ངེས་པ་སྟེ་བཞི་འབྱུང་བའི་ཕྱིར་ཡང་འདུལ་བ་ཡིན་ནོ། །གསུམ་པ་སྡེ་སྣོད་གསུམ་དུ་བཞག་པའི་རྒྱུ་མཚན་ནི། སྤང་བྱ་གསུམ་ཡིན་པ་དང་བསླབ་བྱ་གསུམ་ཡིན་པ་དང་ཤེས་བྱ་གསུམ་ཡིན་པ་སྟེ་རྒྱུ་རྣམ་པ་དགུ་ལས།

དང་པོ་ནི་སྤང་བྱ་ཉོན་མོངས་པ་གསུམ་གྱི་དབང་གིས་སྡེ་སྣོད་གསུམ་དུ་གཞག་སྟེ། འདི་ལྟར་ཉེ་བའི་ཉོན་མོངས་པ་ཐེ་ཚོམ་གྱི་གཉེན་པོར་མདོ་སྡེའི་སྡེ་སྣོད་རྣམ་པར་གཞག་པ་སྟེ། མདོ་སྡེ་གང་ལས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། བདེན་

Vol. 213 · folio 107a

པ་དང་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དོན་གང་ལ་ཡིད་གཉིས་སུ་གྱུར་པ་དེ་ལ་དེ་གདོན་མི་ཟ་བར་བྱ་བའི་ཆེད་དུ་བཤད་པའི་ཕྱིར་རོ། །མཐའ་གཉིས་ལ་སྦྱོར་བའི་གཉེན་པོར་འདུལ་བའི་སྡེ་སྣོད་རྣམ་པར་གཞག་པ་སྟེ། གང་ལས་ཚེགས་དང་རྩོལ་བས་བསྒྲུབ་པའི་ཁ་

ན་མ་ཐོ་བའི་ཡོངས་སུ་སྤྱད་པས་སྲེད་པས་ཀུན་ནས་བསླང་བའི་སོག་འཇོག་ལ་སྤྱོད་པ་བཀག་པ་འདོད་པའི་བསོད་ཉམས་ཀྱི་མཐའ་སྤོང་བ་དང༌། ངེས་པར་འབྱུང་བའི་ཚུལ་ཁྲིམས་དག་པ་དང་ལྡན་པའི་དགེ་སློང་གིས་ཁ་ན་མ་ཐོ་བ་མེད་པའི་ཡོངས་སུ་སྤྱད་པ་ལྷག་པར་རྙེད་ན་ཁ་ཟས་རོ་བརྒྱ་དང་ལྡན་

པ་དང༌། ཁང་པ་བརྩེགས་པ་ཁང་མིག་ལྔ་བརྒྱ་པ་ཡང་ཞེན་མེད་དུ་སྤྱོད་པར་གནང་བ་བདག་ཉིད་ངལ་ཞིང་དུབ་པའི་མཐའ་སྤོང་བར་སྟོན་པའི་ཕྱིར་ཏེ། དཔེར་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དང༌། ཡོན་ཏན་དང་ལྡན་པ་ལ་ནི་ངས་ཁ་ཟས་རོ་བརྒྱ་དང་ལྡན་པ་དང་གོས་འབུམ་

རི་བ་ཡང་གནང་ངོ་ཞེས་གསུངས་པ་ལྟ་བུའོ། །རང་གི་ལྟ་བ་ལ་མཆོག་ཏུ་འཛིན་པའི་གཉེན་པོར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་གཞག་པ་སྟེ། ཆོས་རྣམས་ཀྱི་མ་མོ་གང་གིས་ཤེས་བྱ་ཐམས་ཅད་ཀྱི་རང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་ནས་རྒྱ་ཆེར་སྟོན་པའི་ཕྱིར་རོ། །

གཉིས་པ་ནི་བསླབ་པར་བྱ་བ་རྣམ་པར་བྱང་བའི་ལམ་གསུམ་གྱི་དབང་གིས་སྡེ་སྣོད་གསུམ་དུ་རྣམ་པར་གཞག་སྟེ། འདི་ལྟར་རྗོད་བྱེད་གསུམ་པོ་དེ་དག་གིས་བརྗོད་བྱ་བསླབ་པ་གསུམ་ཅི་རིགས་པར་བསྟན་ཏེ། མདོ་སྡེའི་སྡེ་སྣོད་ཀྱིས་ནི་ཉན་ཐོས་དང་ཐེག་པ་ཆེན་པོའི་བསླབ་པ་གསུམ་རྒྱས་པར་

བརྗོད་པའི་སྒོ་ནས་གདུལ་བྱ་རྣམས་བསླབ་པ་གསུམ་ལ་ཡང་དག་པར་སྦྱོར་བར་བྱེད་དོ། །འདུལ་བའི་སྡེ་སྣོད་ཀྱིས་ནི་སོ་སོར་ཐར་པའི་སྡོམ་པའི་བསླབ་བྱ་ལ་སློབ་པའི་ཚུལ་རྒྱ་ཆེར་བསྟན་པའི་སྒོ་ནས་གདུལ་བྱ་རྣམས་ཀྱི་རྒྱུད་ལ་དངོས་སུ་ཚུལ་ཁྲིམས་ཡོངས་སུ་དག་པར་བྱེད་པ་དང༌། དེ་ལ་གནས་པས་འགྱོད་

པ་མེད་པ་ལ་སོགས་པ་རིམ་གྱིས་སེམས་རྩེ་གཅིག་པ་འཐོབ་པའི་ཕྱིར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་ལྷག་པའི་སེམས་ཀྱི་བསླབ་པ་ལ་ཡང་དག་པར་སྦྱོར་བར་བྱེད་དོ། །ཆོས་མངོན་པའི་སྡེ་སྣོད་ཀྱིས་ནི་ཆོས་རྣམས་ཀྱི་མཚན་ཉིད་མ་ནོར་བར་རྒྱ་ཆེར་བསྟན་པའི་སྒོ་ནས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་

Vol. 213 · folio 107b

བློ་དྲི་མ་མེད་པར་བསྒྲུབ་པའི་ཕྱིར་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་ཡང་དག་པར་སྦྱོར་བར་བྱེད་དོ། །དེ་སྐད་དུ་ཡང༌། སློབ་དཔོན་དབྱིག་གཉེན་གྱིས། མདོ་སྡེས་ནི་བསླབ་པ་གསུམ་བཤད་དོ། །འདུལ་བས་ནི་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་བསྒྲུབ་པ་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་

པ་མེད་པ་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་འཐོབ་པའི་ཕྱིར་རོ། །ཆོས་མངོན་པས་ལྷག་པའི་ཤེས་རབ་བསྒྲུབ་པ་ཡིན་ཏེ་དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་རོ་ཞེས་གསུངས་སོ། །གསུམ་པ་ནི་ཤེས་པར་བྱ་བ་ཆོས་དོན་བཤད་པ་དང་ཆོས་དོན་སྒྲུབ་པ་དང་ཆོས་དོན་འབེལ་གཏམ་གྱིས་

གཏན་ལ་འབེབས་པའི་དབང་གིས་སྡེ་སྣོད་གསུམ་དུ་རྣམ་པར་གཞག་པ་སྟེ། འདི་ལྟར་མདོ་སྡེའི་སྡེ་སྣོད་ཀྱིས་ནི་རྗོད་པར་བྱེད་པའི་མིང་དང་ཚིག་དང་ཡི་གེའི་མཚན་ཉིད་ཀྱི་ཆོས་དང་དེས་བརྗོད་པར་བྱ་བ་ཕུང་པོ་དང་ཁམས་ལ་སོགས་པའི་མཚན་ཉིད་ཀྱི་དོན་ནམ། མཐོ་རིས་འགྲུབ་པར་བྱེད་པའི་

རྒྱུ་དགེ་བ་བཅུའི་ལས་ལ་སོགས་པའི་ཆོས་དང་མྱ་ངན་ལས་འདས་པ་འགྲུབ་པར་བྱེད་པའི་རྒྱུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་དོན་བརྗོད་པའི་སྒོ་ནས་ཚིག་དོན་ལ་བློ་འབྱང་བར་བྱེད་དོ། །འདུལ་བའི་སྡེ་སྣོད་ཀྱིས་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ལ་མི་སྡུག་

པ་ལ་སོགས་པར་བསྒོམ་པའི་སྒོ་ནས་ཉོན་མོངས་པ་འདུལ་བ་ལ་མཆོག་ཏུ་སྤྲོ་བས་ན། མིང་གི་ཚོགས་ལ་སོགས་པའི་ཆོས་དང་དེ་དག་གིས་བརྗོད་པར་བྱ་བའི་དོན་མངོན་སུམ་དུ་བྱེད་དོ། །མངོན་པའི་སྡེ་སྣོད་ཀྱིས་ནི་ཆོས་ཀྱི་མཚན་ཉིད་ཤིན་ཏུ་མཁས་པར་བསྒྲུབས་ནས་ཆོས་དང་དོན་རྣམས་གཞན་ལ་མ་

ནོར་བ་ཉིད་དུ་ལེགས་པར་འདོམས་པ་ལ་མཁས་པར་འགྱུར་རོ། །དེ་སྐད་དུ་ཡང་སློབ་དཔོན་དེ་ཉིད་ཀྱིས། མདོ་སྡེས་ནི་ཆོས་དང་དོན་བཤད་དོ། །འདུལ་བས་ནི་ཆོས་དང་དོན་བསྒྲུབ་པ་སྟེ། ཉོན་མོངས་པ་འདུལ་བ་ལ་རབ་ཏུ་བརྩོན་པས་དེ་གཉིས་རྟོགས་པའི་ཕྱིར་རོ། །ཆོས་མངོན་པས་ནི་འབེལ་བའི་

གཏམ་རྣམ་པར་གཏན་ལ་དབབ་པ་ལ་མཁས་པ་ཞེས་གསུངས་སོ། །དེ་ལྟར་བཤད་པའི་སྡེ་སྣོད་གསུམ་གྱི་ཆོས་དེ་དག་ལས་བྱུང་བའི་ཤེས་རབ་ཀྱིས་རྣམ་པར་གྲོལ་བར་བྱེད་དོ། །དེའང་ཐོས་པའི་ཤེས་རབ་ཀྱིས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱུ་མཐུན་པ་ལས་བྱུང་བའི་ཐོས་

Vol. 213 · folio 108a

པའི་བག་ཆགས་འཇོག་པ་དང༌། བསམས་པའི་ཤེས་རབ་ཀྱིས་ཇི་ལྟར་བསམས་པ་དེ་དང་དེའི་དོན་སྤྱིའི་ཚུལ་གྱིས་རྟོགས་པར་བྱེད་པ་དང༌། དེ་ལྟ་བུའི་ཐོས་པ་དང་བསམ་པའི་ཤེས་རབ་དང་ལྡན་པས་ནི་བསམ་པའི་དོན་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་བསྒོམ་པ་ལ་སྦྱོར་བའི་ཚུལ་གྱིས་ལྷག་

མཐོང་གི་རྒྱུ་ཞི་གནས་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེད་པར་བྱེད་དོ། །དེས་སེམས་ཀྱི་ཉོན་མོངས་པ་ཞི་བར་བྱེད་པ་དང་ལྷག་མཐོང་གིས་ཆོས་ཉིད་དོན་དམ་པའི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་སྒོ་ནས་རྣམ་པར་གྲོལ་བར་བྱེད་དེ། མགོན་པོ་བྱམས་པས། སྡེ་སྣོད་དག་ནི་གསུམ་མམ་གཉིས་

ཀྱང་རུང༌། །བསྡུས་པའི་ཕྱིར་ན་རྒྱུ་ནི་དགུས་འདོད་དོ། །དེ་ཡིས་བག་ཆགས་རྟོགས་དང་ཞི་བ་དང༌། །རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །ཅེས་སོ། །བཞི་པ་གདུལ་བྱའི་སྒོ་ནས་དབྱེ་བ་ནི། གལ་ཏེ་དེ་ལྟར་སྡེ་སྣོད་གསུམ་དུ་བཞག་པ་དེ་ཁོ་ན་ཉིད་དུ་ངེས་སམ་ཞེ་ན། མཐའ་གཅིག་ཏུ་མ་ངེས་ཏེ། བཞི་

རུ་དབྱེ་བ་དང༌། གཉིས་སུ་བསྡུ་བའོ། །དང་པོ་ནི། རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་ནི་སྔར་གྱི་སྡེ་སྣོད་གསུམ་པོ་གང་ཡང་རུང་བའི་ཁོངས་སུ་འདུ་བར་འགྱུར་རམ། ཡང་ན་ལོགས་སུ་འགྱུར་བ་ཡིན་སྙམ་ན། སློབ་དཔོན་ཨ་བྷ་ཡཱ་ཀ་རས་ནི་བསླབ་པ་གསུམ་ཀ་སྟོན་པས་སྡེ་སྣོད་གསུམ་ཀའོ་ཞེས་གསུམ་ཆར་

གྱི་ཟབ་པའི་མཐར་ཐུག་ཡིན་པས་དེ་དག་ཏུ་བསྡུ་བའི་ལུགས་སུ་མཛད་དོ། །སློབ་དཔོན་ཤཱནྟི་པས་ནི་ཟབ་མོའི་དོན་བསྡུས་ནས་སྟོན་པས་མདོ་སྡེའི་སྡེ་སྣོད་ཡིན་ནོ་ཞེས་མདོ་སྡེའི་ཁོངས་སུ་བསྡུ་བའི་ལུགས་སུ་བཞེད་དོ། །སློབ་དཔོན་ཨཱརྻ་དེ་ཝས་ནི་རིག་པ་འཛིན་པའི་སྡེ་སྣོད་དོ་ཞེས་ལོགས་

སུ་ཕྱེ་བའི་སྡེ་སྣོད་བཞི་པ་ཉིད་དུ་བཞེད་དོ། །དེ་ལྟར་ན་སྡེ་སྣོད་བཞིར་ཡང་འགྱུར་ཏེ་འདི་ནི་གདུལ་བྱ་ཐུན་མོང་དུ་མ་གྱུར་པ་དག་གི་དོན་གསུངས་པ་ལ་སོགས་པས་ཕྱི་མ་ལྟར་འཐད་པའི་ལུགས་སུ་བཞེད་དོ། །གཉིས་པ་ནི། རྒྱན་ལས། གཉིས་ཀྱང་རུང་ཞེས་པས་གདུལ་བྱའི་གང་ཟག་ལ་ལྟོས་ནས་སྡེ་སྣོད་གཉིས་

སུ་བཞག་པའང་རིགས་ཏེ། ཉན་ཐོས་ཀྱི་སྡེ་སྣོད་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་དག་གོ །དེའང་གདུལ་བྱའི་གང་ཟག་བློ་དམན་པ་ལམ་རྒྱ་ཆུང་ངུ་ལ་མོས་པའི་ངོ་ན་ཉན་ཐོས་ཀྱི་སྡེ་སྣོད་དང༌། བློ་མཆོག་ཏུ་གྱུར་པ་ལམ་རྒྱ་ཆེན་པོ་ལ་མོས་པའི་ངོ་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་གཉིས་སུ་འགྱུར་

Vol. 213 · folio 108b

བ་ཡིན་ཏེ། རྒྱན་གྱི་འགྲེལ་པར་གསུམ་པོ་དེ་དག་ཉིད་ཐེག་པ་དམན་པ་དང༌། ཐེག་པ་མཆོག་གི་བྱེ་བྲག་གིས་རྣམ་པ་གཉིས་སུ་འགྱུར་ཏེ། ཉན་ཐོས་ཀྱི་སྡེ་སྣོད་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ་ཞེས་སོ། །དེ་དག་ལ་ཐེག་པ་ཆུང་ངུ་དང་ཐེག་པ་ཆེན་པོ་ཞེས་ཀྱང་བྱ་སྟེ།

སྤྱིར་ཐེག་པ་ཞེས་བྱ་བ་ལེགས་པར་སྦྱར་བ་ལ། ཡཱ་ན་ཞེས་ཡོད་པ་དེ་ནི་ཁྱོགས་དང་ཐེག་པ་དང་བཞོན་པ་དང་ལམ་རྣམས་སུ་འཇུག་པ་ལས། འདིར་འགྲོ་བའི་དོན་གྱིས་ཐེག་པ་ཞེས་བྱ་ཞིང༌། ལམ་གྱི་བདེན་པ་འཁོར་དང་བཅས་པ་ལའང་སྒྲ་དེ་ནི་དོན་གྱིས་འཇུག་སྟེ། སློབ་པའི་གང་ཟག་གི་ལམ་གྱི་བདེན་

པ་ནི་འདིས་འདོང་བར་བྱེད་པས་ཐེག་པ་ཞེས་བྱའོ། །མི་སློབ་པའི་ལམ་གྱི་བདེན་པ་ནི་འདིར་དོང་བས་ན་ཐེག་པ་ཞེས་བྱའོ། །ཐེག་པ་དམན་པ་དང་ཐེག་པ་ཆེན་པོ་གཉིས་ཀྱི་ཁྱད་པར་ཡང༌། སྡེ་སྣོད་ཀྱི་དབང་དུ་བྱས་ན་ཐེག་པ་དམན་པའི་ལུགས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་དང་

བསྟན་བཅོས་མངོན་པ་སྡེ་བདུན་ལ་སོགས་པ་ནི་ཉན་ཐོས་ཀྱི་སྡེ་སྣོད་ཡིན་ལ། དེ་དག་ལ་མ་གྲགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཕལ་པོ་ཆེ་ལ་སོགས་པ་ཤིན་ཏུ་རྒྱས་པའི་སྡེ་སྣོད་རྣམས་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་འདོད་པ་ལ་སོགས་པའི་ཁྱད་པར་ཞིབ་ཏུ་

ཕྱེ་ན་མཐའ་ཡས་པར་གསུངས་ཀྱང༌། གཙོ་བོར་འཕགས་པ་ལངྐར་གཤེགས་པ་ལས། ཆོས་ལྔ་དག་དང་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང༌། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་པ་ཆེན་པོ་མཐའ་དག་འདུས། །ཞེས་གསུངས་སོ། །དེ་ལ་ཆོས་ནི་

མིང་དང་རྒྱུ་མཚན་དང་རྣམ་པར་རྟོག་པ་དང་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་སོ། །རང་བཞིན་ནི་ཀུན་བརྟགས་དང༌། གཞན་དབང་དང༌། ཡོངས་སུ་གྲུབ་པ་སྟེ་གསུམ་མོ། །རྣམ་པར་ཤེས་པ་ནི། ཚོགས་དྲུག་དང༌། ཉོན་མོངས་པའི་ཡིད་དང༌། ཀུན་གཞིའི་རྣམ་པར་ཤེས་པ་སྟེ་བརྒྱད་དོ། །བདག་

མེད་ནི་གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་གཉིས་ཏེ། དེ་དག་སྟོན་པར་བྱེད་པ་ནི་ཐེག་པ་ཆེན་པོའི་གཞུང་ཡིན་ནོ། །ཡང་ལམ་དང་འབྲས་བུའི་དབང་དུ་བྱས་ན། ཆེན་པོ་བདུན་དང་ལྡན་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱ་སྟེ། དེའང་མདོ་སྡེ་ལ་སོགས་པའི་ཆོས་རྒྱ་ཆེན་པོ་དཔག་ཏུ་མེད་པ་དང་ལྡན་པར་

Vol. 213 · folio 109a

དམིགས་པའི་ཕྱིར་དམིགས་པ་ཆེན་པོའོ། །རང་གི་དོན་དང་གཞན་གྱི་དོན་གཉིས་སྒྲུབ་པའི་ཕྱིར་སྒྲུབ་པ་ཆེན་པོའོ། །རྟོགས་པའི་དུས་ན་གང་ཟག་དང་ཆོས་ཀྱི་བདག་མེད་པ་གཉིས་རྟོགས་པས་རྟོགས་པ་ཆེན་པོའོ། །བསྐལ་པ་གྲངས་མེད་པ་གསུམ་དུ་རྟག་ཏུ་གུས་པར་བྱས་ཏེ་སྦྱོར་

བའི་བརྩོན་འགྲུས་རྩོམ་པས་བརྩོན་འགྲུས་རྩོམ་པ་ཆེན་པོའོ། །འཁོར་བ་ཡོངས་སུ་མི་གཏོང་ཞིང་ཀུན་ནས་ཉོན་མོངས་པས་གོས་པ་མེད་པས་ཐབས་ལ་མཁས་པ་ཆེན་པོ་སྟེ། རྒྱུའི་ཁྱད་པར་ལྔའོ། །སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡང་དག་པར་འགྲུབ་པས་ཡང་དག་

པར་གྲུབ་པ་ཆེན་པོའོ། །ཡང་དང་ཡང་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་མྱ་ངན་ལས་འདས་པ་ཆེན་པོ་ཀུན་དུ་སྟོན་པས་སངས་རྒྱས་ཀྱི་ཕྲིན་ལས་ཆེན་པོ་སྟེ། མགོན་པོ་བྱམས་པས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་

པ་དང༌། །ཐབས་ལ་མཁས་པར་གྱུར་པ་དང༌། །ཡང་དག་གྲུབ་པ་ཆེན་པོ་དང༌། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་པ་ལྟར་རོ། །ཡང་ན་ཐེག་པ་ཆེན་པོ་བསྡུས་པ་ལས། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང༌། །

དེ་ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང༌། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང༌། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་པའི་དོན་རྒྱ་ཆེར་འབྱུང་བ་རྣམས་ཀྱི་སྒོ་ནས་ཐེག་པ་ཆེན་པོ་ཁྱད་པར་དུ་འཕགས་པ་བསྟན་པ་ཡིན་ནོ། །ཁྱད་པར་འཕགས་པའི་ཐེག་པ་ཆེན་པོ་དེ་ལ་དབྱེ་ན། གདུལ་

བྱ་དབང་པོ་རྟུལ་པོ་རྒྱུ་ལ་མོས་པས་རྒྱུ་ལམ་དུ་བྱེད་པ་ལ་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། དབང་པོ་རྣོན་པོ་རྒྱུ་འབྲས་ལྷུན་གྲུབ་ལ་མོས་པས་འབྲས་བུ་ལམ་དུ་བྱེད་པ་ལ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་སུ་འགྱུར་ཏེ། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། འདྲེན་

པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང༌། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་པ་དང༌། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་

Vol. 213 · folio 109b

ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་སོ། །དེ་ལས་ཕྱི་མ་གསང་སྔགས་རྡོ་རྗེ་ཐེག་པ་བྱེ་བྲག་ཏུ་བཤད་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་ལ་སྤྱིའི་ངོ་བོ་ངོས་བཟུང་བ་དང༌། རྒྱུད་ཀྱི་ངེས་ཚིག་བསྟན་པའོ། །

དང་པོ་ལ་ཐེག་པ་དམན་པ་ལས་མཆོག་ཏུ་གྱུར་པའི་ཐེག་པ་ཆེན་པོའི་ནང་ནས་གཞི་མི་སྤོང་བར་ལམ་དུ་བྱེད་པའི་ཐབས་ཁྱད་པར་དུ་འཕགས་པ། དཀའ་བ་མེད་པར་གཞན་དོན་དུ་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་འགྲུབ་པའི་ཐབས་སུ་གྱུར་པ་གང་ཡིན་པའོ། །གཉིས་པ་ངེས་

ཚིག་ནི་སྐད་བྱེ་བྲག་ཏུ་རྟོགས་པར་བྱེད་པ་འབྲིང་པོ་ལས། ཏནྟྲ་པྲ་བནྡྷ་ཁྱཱ་ཞེས་པ་རྒྱུན་ཆགས་པར་བཤད་པའི་མིང་དུ་བཤད་དེ། དེ་ལས་བྱེ་བྲག་ཏུ་བརྗོད་བྱ་དོན་གྱི་རྒྱུད་ཀྱི་དབང་དུ་བྱས་ན། སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་རང་གི་མཚན་ཉིད་གསལ་ལ་མ་འགགས་པ། རྒྱུ་དང་

ཐབས་དང་འབྲས་བུའི་གནས་སྐབས་ཐམས་ཅད་དུ་འབྲེལ་ཞིང་རྒྱུན་ཆགས་པ། ངོ་བོ་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་བདག་ཉིད་ཅན་དུ་གནས་པ་དེ་ལ་རྒྱུད་ཅེས་བྱ་སྟེ། སྒྱུ་འཕྲུལ་དྲྭ་བ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། །ཞེས་དང༌། རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་

བ་རྒྱུད་དུ་འདོད་པ་དེ། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་དང༌། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུན་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང༌། །མི་འཕྲོགས་པ་ཡིས་རབ་ཕྱེ་བའོ། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་

ཞེས་བྱ་བ་ཡིན། །དེ་བཞིན་མི་འཕྲོགས་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བུའི་རྒྱུད་སྡེ་དེ་ལ་སྤྱིར་གསང་སྔགས་སམ་སྔགས་ཀྱི་ཐེག་པ་དང༌། རྡོ་རྗེ་ཐེག་པ་དང་རིག་པ་འཛིན་པའི་སྡེ་སྣོད་དང༌། འབྲས་བུའི་ཐེག་པ་ཞེས་བྱ་བའི་མཚན་གྱི་རྣམ་

གྲངས་དང་ལྡན་པའོ། །དེ་ལས་དང་པོ་གསང་སྔགས་ཞེས་པ་འདིའི་སྒྲ་དོན་ནི། ལེགས་པར་སྦྱར་བའི་སྐད་དུ་མནྟྲ་ཞེས་འབྱུང་བ་བོད་སྐད་དུ་གསང་སྔགས་སམ་སྔགས་ཏེ། དེའང་ཡི་གེ་བསྣན་བགོད་ཀྱི་སྒྲ་ལས་དྲངས་ན་མ་ན་ཡིད་དང༌། ཏྲཱ་ཡ་སྐྱོབ་པ་སྟེ། ཡིད་མཚན་མ་དང་རྣམ་པར་རྟོག་པ་ལས་སྐྱོབ་

Vol. 213 · folio 110a

པའི་ཕྱིར་སྔགས་ཏེ། དེ་ཉིད་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་གྱིས་གང་དང་གང་བྱུང་བའི། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བ། །གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱི་སྲུང་བ་

ནི། །སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ། །ཞེས་དང༌། ཡང་ན་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ལའང་བཤད་དེ། དབང་ཡོན་ཏན་རིམ་པ་ལས། མ་ནི་སྟོང་པ་མཚན་མ་བྲལ། །རྡོ་རྗེ་སེམས་དཔའི་དབུགས་དབྱུང་བ། །ཤེས་རབ་ཆེན་པོ་བདག་གིས་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །དེ་

བཞིན་གཤེགས་པའི་དབུགས་དབྱུང་བ། །སྟོང་པ་དང་ནི་སྙིང་རྗེ་ཉིད། །གཉིས་སུ་མེད་དང་གཉིས་ཀྱི་ཚུལ། །ཞེས་སོ། །དེ་ལ་ནང་གསེས་ཀྱི་དབྱེ་བ་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་གསུམ་དུ་འགྱུར་ཏེ། དང་པོ་ནི་སྣོད་མིན་དུ་གཏོགས་པའི་སྐྱེ་བོ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་

ཕྱིར་གསང་བར་བྱ་བའི་འོས་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། དཔལ་ཁ་སྦྱོར་གྱི་རབ་ཏུ་བྱེད་པ་དང་པོར། ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་དང་ཚངས་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གསང་བའོ་ཞེས་སོ། །གཉིས་པ་ནི། བིདྱཱ་ཞེས་པའི་སྒྲས་གཙོ་ཆེར་རིག་པའི་མི་

མཐུན་པའི་ཕྱོགས་སུ་གྱུར་པའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་མུན་པ་འཇོམས་པ་ལ་ལྟོས་ནས་འཇོག་པ་སྟེ། རྡོ་རྗེ་རྩེ་མོར། འདོད་ཆགས་མུན་པ་རྣམ་རྟུལ་ཞིང༌། །ཉོན་མོངས་རྣམས་ཀྱང་རྣམ་པར་འདུལ། །མ་རིག་པ་ནི་ཟློག་བྱེད་པ། །དེ་ནི་རིག་སྔགས་རྣམ་པར་བརྗོད། །ཅེས་དང༌། བསམ་གཏན་

ཕྱི་མའི་འགྲེལ་པ་ལས། དེ་ལ་རིག་སྔགས་ནི་བུད་མེད་ཀྱི་གཟུགས་དང་དབྱིབས་ཀྱི་ལྷ་དང༌། དེ་སྟོན་པའི་སྒྲ་དང་ཕྱག་རྒྱ་ལ་སོགས་པའོ་ཞེས་སོ། །གསུམ་པ་ནི། དྷཱ་ར་ཎི་ཞེས་པའི་སྒྲས་ཡོན་ཏན་འཛིན་པར་བྱེད་པ་ལ་ལྟོས་ནས་འཇོག་པ་སྟེ། དེ་ཉིད་ལས། སངས་རྒྱས་ཆོས་རྣམས་འཛིན་བྱེད་ཅིང༌། །ཆོས་རྣམས་

འཛིན་པར་བྱེད་པ་དང༌། །དགེ་བ་ཞེས་བྱ་འཛིན་བྱེད་པ། །གཟུངས་སྔགས་ཀྱི་ནི་མཚན་ཉིད་བརྗོད། །ཅེས་སོ། །དེ་ལྟར་གསང་སྔགས་ཞེས་བྱ་བའི་སྒྲ་དོན་དང་ལྡན་པ་དེ་ལ་རྡོ་རྗེ་ཐེག་པ་ཞེས་བྱ་བའི་དོན་ནི། འདི་ལྟར་རྡོ་རྗེ་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའོ། །ཐེག་པ་ནི་འདིས་འདོང་བར་བྱེད་པས་ན་ལམ་དང༌།

Vol. 213 · folio 110b

འདིར་དོང་བས་ན་འབྲས་བུ་ལ་བྱའོ། །ཡང་ན་མི་ཕྱེད་པ་དང་མི་ཤིགས་པ་དང་ཐོགས་པ་མེད་པའི་དོན་གྱིས་ན་རྡོ་རྗེའོ། །དེ་ན་རྒྱུ་དང་འབྲས་བུ་ལྷུན་གྱིས་གྲུབ་པའི་ཚུལ་དུ་སྤྱོད་པའི་ལམ་གྱིས་འདོང་བས་ན་ཐེག་པ་སྟེ། རྒྱུད་ཀྱི་དོན་ལ་འཇུག་པ་ལས། དེ་ཉིད་ནི་འཚེ་བ་མེད་ཅིང་ཡང་དག་པའི་དོན་ཐོགས་པ་མེད་པར་

ཐོབ་པར་བྱེད་པས་ན་རྡོ་རྗེའོ། །དེ་ནི་ཐེག་པ་ཡང་ཡིན་ཏེ་ལམ་དེས་དཀའ་བ་མེད་པར་མྱུར་དུ་ཡིད་ལ་བྱེད་པའི་ཕྱིར་རོ་ཞེས་དང༌། དུས་འཁོར་འགྲེལ་ཆེན་ལས། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ། དེ་ཉིད་ཐེག་པ་ཡིན་པ་ནི་རྡོ་རྗེ་ཐེག་པ་སྟེ་སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ། འབྲས་

བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པའོ་ཞེས་དང༌། དཔལ་གསང་བ་འདུས་པ་ལས། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །རྡོ་རྗེ་ལ་དགའ་རྟག་པར་གནས། །དེས་ན་སངས་རྒྱས་རྣམས་ཀྱི་ཐབས། །རྡོ་རྗེ་ཐེག་པ་ཞེས་བཤད་དོ། །ཞེས་འབྱུང་བ་ལྟ་བུའོ། །རིག་པ་འཛིན་པའི་སྡེ་སྣོད་

ཅེས་བྱ་བ་ནི། དེ་བཞིན་གཤེགས་པའི་རིག་སྔགས་འཆང་བ་རྣམས་ཀྱི་བསླབ་པའི་གཞི་དང་ལྟ་བའི་གྲུབ་པའི་མཐའ་འདི་ཉིད་ཀྱིས་སྟོན་པར་བྱེད་པའི་དོན་དུ་དཔུང་བཟང་གི་རྒྱུད་ཀྱི་འགྲེལ་པ་ལས་བཤད་པ་ལྟ་བུའོ། །དེ་ལ་འབྲས་བུའི་ཐེག་པ་ཞེས་བྱ་བའི་དོན་ནི། དཔེར་ན་སྐྱེས་བུ་ཤིན་ཏུ་

མཛེས་པ་ལ་ལྷ་ཞེས་བརྗོད་པ་བཞིན་དུ་ཐེག་པ་འདི་པའི་ལུགས་ཀྱིས་ད་ལྟ་ནས་འབྲས་བུའི་རྣམ་པར་བསྒོམས་པས་ན་འབྲས་བུའི་ཐེག་པ་ཞེས་བྱ་སྟེ། རྡོ་རྗེ་གུར་ལས། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་ངེས་པར་འགྲུབ། །ཅེས་སོགས་རྒྱ་ཆེར་གསུངས་སོ། །ཁྱད་པར་དུ་

ཐེག་པ་འདི་ཉིད་ཀྱིས་མངོན་པར་བསྒྲུབས་པའི་འབྲས་བུ་ནི། གང་ཟག་དབང་པོ་རབ་ཀྱིས་ཚེ་འདི་ཉིད་དུ་འགྲུབ་པ་དང༌། འབྲིང་གིས་བར་དོར་འགྲུབ་པ་དང༌། ཐ་མས་སྐྱེ་བ་བདུན་ན་འགྲུབ་པ་དང༌། ཤིན་ཏུ་ཐ་མས་ཀྱང་སྐྱེ་བ་བཅུ་དྲུག་ན་འགྲུབ་པར་གསུངས་ཏེ། དེའི་དང་པོ་ནི། གསང་བ་འདུས་པ་

ལས། འདི་ཡིས་ཆོས་ཀྱི་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོས་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་གསུངས་པ་དང༌། གཉིས་པ་ཡང་ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་ནི་སྤངས་མ་ཐག །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །

Vol. 213 · folio 111a

ཅེས་གསུངས་པ་དང༌། གསུམ་པ་ཡང༌། གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ན་ནི། །མ་བསྒོམས་པར་ཡང་དངོས་གྲུབ་ཐོབ། །ཅེས་གསུངས་པ་དང༌། བཞི་པ་ཡང་དམ་ཚིག་ལྔ་པ་ལས། གལ་

ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་གསུངས་སོ། །དེ་བས་ན་མི་གནས་པའི་མྱ་ངན་ལས་འདས་པའི་འབྲས་བུ་ཚེགས་མེད་པ་ཉིད་ཀྱིས་འགྲུབ་པའི་ཕྱིར་ན་འབྲས་བུའི་ཐེག་པ་ཞེས་བྱའོ། །དེ་ཉིད་རྗོད་པར་བྱེད་པའི་སྒྲ་རྒྱུད་ཀྱི་དབང་དུ་བྱས་ན། བརྗོད་བྱ་རྒྱུད་གསུམ་པོ་སྟོན་པར་བྱེད་པའི་མིང་དང་

ཚིག་དང་ཡི་གེའི་རྣམ་པ་རང་རང་གི་རྣམ་པར་རིག་པ་ལ་སྒྲ་སྤྱི་དང་དོན་སྤྱི་འདྲེས་མའི་རྣམ་པར་སྣང་བ་གང་ཡིན་པ་དེ་ནི་སྒྲའི་རྒྱུད་མཚན་ཉིད་པ་དང༌། སྒྲ་རྒྱུད་བློ་ལ་སྒྲ་གནས་པའི་འབྲས་བུ་དང༌། དེ་ཉིད་རྒྱུད་ལ་སྐྱེད་པར་བྱེད་པའི་གྲོགས་སུ་གྱུར་པ་གང་རྗོད་པར་བྱེད་པ་ལུང་གི་རྒྱུད་སྡེའི་རིམ་པ་ནི་སངས་རྒྱས་བཅོམ་

ལྡན་འདས་ཀྱིས་ལེགས་པར་གསུངས་པ་ནས་བརྩམས་ཏེ་གླེགས་བམ་དུ་བྲིས་པའི་བར་ནི་སྒྲ་རྒྱུད་བཏགས་པ་བ་ཉིད་དུ་བཞེད་དོ། །གལ་ཏེ་དེ་ལྟ་ན་མངོན་པ་མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་

སམ་འདུ་བྱེད་དག་ཏུ་འདུས། །ཞེས་བཤད་པ་དང་འགལ་ལོ་སྙམ་ན། བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་དག་དེ་ལྟར་འདོད་ཀྱང༌། ཐེག་པ་ཆེན་པོའི་ལུགས་ལ་ཀུན་རྫོབ་ཏུ་སྣང་བ་ཐམས་ཅད་རྣམ་པར་རིག་པ་སྒྱུ་མ་ལྟ་བུར་འདོད་པ་དེ་ཉིད་ཀྱི་ཕྱིར་ན་འོག་མའི་གཞུང་དང་འགལ་བའི་སྐྱོན་དུ་འགྱུར་བ་མེད་དོ། །དེ་དག་

ནི་ཐུན་མོང་བ་ལ་གྲགས་པའི་ལུགས་ཡིན་ལ། ཐུན་མོང་མ་ཡིན་པའི་ལུགས་ཀྱི་སྒྲ་རྒྱུད་མཚན་ཉིད་པ་ནི། རྡོ་རྗེ་རྩེ་མོར། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སངས་རྒྱས་རྣམས་ཀྱི་ཆོས་ལོངས་རྫོགས། །སངས་རྒྱས་ཐུགས་རྗེས་བསྐུལ་ནས་ནི། །རྒྱུད་དོན་ཡང་དག་བྱུང་བ་ཡིན། །ཞེས་འབྱུང་བ་ལྟར་

འོག་མིན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་རྗོད་བྱེད་སྒྲའི་རྒྱུད་ཐམས་ཅད་མཚན་ཉིད་པ་དང༌། སྔར་བཤད་པའི་མཚན་བཏགས་ཀྱི་དབྱེ་བ་དག་ནི་སྒྲ་རྒྱུད་བཏགས་པ་བ་ཉིད་དུ་འཁྲུལ་པ་ཟད་པའི་རྗེ་བཙུན་གོང་མ་རྣམས་ཀྱི་བཞེད་པ་བླ་ན་མེད་པ་ཉིད་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་

Vol. 213 · folio 111b

ལ། དེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་འཕགས་པར་བསྟན་པ་དང༌། ཁྱད་པར་དུ་འཕགས་པའི་རྒྱུད་སྡེའི་དབྱེ་བ་དང༌། དབྱེ་བ་དེ་དང་ལྡན་པའི་གྲངས་ངེས་པ་དང༌། གྲངས་དང་གོ་རིམ་གཉིས་ཀ་ངེས་པ་དང༌། གྲངས་ངེས་པ་ཅན་གྱི་རྒྱུད་ཀྱི་སྒྲ་དོན་བཤད་པའོ། །དང་པོ་དེ་ཕ་རོལ་ཏུ་ཕྱིན་

པའི་ཐེག་པ་ལས་ཁྱད་པར་དུ་འཕགས་པར་བསྟན་པ་ནི་སློབ་དཔོན་ཛྙཱ་ན་ཤྲཱིས། གསང་བ་སྔགས་ཀྱི་ཐེག་པ་འདི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དབུ་མ་ལས་ཀྱང་ཁྱད་པར་ཅི་ཞིག་ཡོད་པར་བསྟན་ཅེ་ན། དམིགས་པ་བླ་ན་མེད་པ་ལ་དམིགས་པའི་ཐབས་དང༌། སྒྲུབ་པ་བླ་ན་མེད་པ་དང༌། ཡེ་ཤེས་བླ་ན་

མེད་པ་དང༌། བརྩོན་འགྲུས་བླ་ན་མེད་པ་དང༌། གདུལ་བྱ་མ་ལུས་པ་རྗེས་སུ་འཛིན་པར་ནུས་པ་དང༌། ཉོན་མོངས་པ་བྱིན་གྱིས་རློབ་པ་དང༌། བྱིན་གྱིས་རློབ་པ་མྱུར་བ་དང༌། མྱུར་དུ་འབྱུང་བ་དང༌། ཉོན་མོངས་སྤོང་བ་དང༌། བསམ་པ་བླ་ན་མེད་པ་དང༌། སྤྱོད་པ་བླ་ན་མེད་པའི་ཐབས་མཁས་པ་སྟེ།

དེ་ལྟར་ཐབས་མཁས་པ་ཉིད་རྣམ་པ་བཅུ་གཅིག་གི་ཁྱད་པར་དུ་འཕགས་སོ་ཞེས་གསུངས་ཏེ། དེ་དག་གི་དོན་ཡང་རིམ་པ་བཞིན་དུ་དགེས་པ་རྡོ་རྗེ་ལ་སོགས་པའི་རྒྱུད་སྡེ་རྒྱ་ཆེན་པོ་ལ་དམིགས་པའི་ཕྱིར་དང༌། བསྐྱེད་པའི་རིམ་པ་ལ་བརྟེན་ནས་ལུས་ཀྱི་བཀོད་པ་སྣ་ཚོགས་པ་དང་ཏིང་ངེ་འཛིན་གྱི་སྟོབས་

ཀྱིས་ཀྱང་མངོན་སུམ་མ་ཡིན་པར་དོན་དཔག་ཏུ་མེད་པ་བསྒྲུབ་པར་ནུས་པའི་ཕྱིར་དང༌། རྒྱུ་དང་ངོ་བོ་ཉིད་དང་ལས་དག་ལས་ཡེ་ཤེས་མྱུར་བ་ཉིད་དུ་འགྲུབ་པའི་ཕྱིར་དང༌། དམ་ཚིག་རྣམ་པར་དག་པའི་དབང་གིས་བརྩོན་འགྲུས་ཆེན་པོ་ཤུགས་འབྱུང་དུ་རྩོམ་པ་འབྱུང་བའི་ཕྱིར་དང༌། མཚམས་མེད་

པ་ལྔའི་ལས་བྱེད་པ་ལ་སོགས་པ་ཐེག་པ་གཞན་ནས་ཡོངས་སུ་སྤངས་པ་རྣམས་ཀྱང་འདིར་འགྲུབ་པར་གསུངས་པའི་ཕྱིར་དང༌། ལྷ་མཆོད་པའི་བསམ་པ་དང་བདེ་བ་ལ་བརྟེན་པའི་རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས་ཉོན་མོངས་པ་བྱིན་གྱིས་རློབ་པའི་ཕྱིར་དང༌། ད་ལྟ་ཉིད་ནས་དེ་བཞིན་གཤེགས་པ་

རྣམས་ཀྱིས་མངོན་པར་དབང་བསྐུར་ཞིང་བྱིན་གྱིས་རློབ་པའི་ཕྱིར་དང༌། ཚེ་འདི་དང་སྐྱེ་བ་བདུན་དང་བཅུ་དྲུག་ན་ངེས་པར་འཚང་རྒྱ་བའི་ཐབས་ཀྱི་ཁྱད་པར་མང་པོ་འདི་ལ་ཡོད་པའི་ཕྱིར་དང༌། དབྱིབས་དང་ཁ་དོག་ལ་སོགས་པའི་སྒོ་ནས་ཉོན་མོངས་པ་རང་བཞིན་གྱིས་རྣམ་པར་གྲོལ་བར་སྤོང་བའི་ཕྱིར་དང༌།

Vol. 213 · folio 112a

སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་དམིགས་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་ཤིང་ཉོན་མོངས་པ་ཚེགས་མེད་པར་སྤོང་བར་ནུས་པའི་ཕྱིར་དང༌། ཐེག་པ་གཞན་ནས་མ་གནང་བའི་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་འདི་

ནས་ཇི་སྐད་བཤད་པའི་ཐབས་ཀྱི་རྩིས་ཟིན་པའི་སྒོ་ནས་སྤྱད་པས་འབྲས་བུ་མྱུར་དུ་འགྲུབ་པར་གསུངས་པས་ན། སྤྱོད་པ་བླ་ན་མེད་པ་སྟེ་འདི་དག་གིས་ཁྱད་པར་དུ་འཕགས་པར་བཞེད་དོ། །སློབ་དཔོན་ཤཱནྟི་པ་ནི། ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཐེག་པ་དོན་དམ་པའི་བདེན་པ་ལ་ཁྱད་པར་མེད་ཀྱང༌།

ཀུན་རྫོབ་ཀྱི་བདེན་པའི་ཁྱད་པར་ལ་སྣང་བའི་དམིགས་པ་རྣམས་ལྷར་བསྒོམ་པས་དམིགས་པ་རྒྱ་ཆེ་བ་དང༌། དུས་གསུམ་གྱི་སངས་རྒྱས་ཀྱི་བདེན་པའི་ཚིག་རྣམས་ཡིད་བཞིན་དུ་བཟུང་བས་བྱིན་གྱིས་བརླབས་པ་ཁྱད་པར་ཅན་སྐྱེ་བས་གྲོགས་རྒྱ་ཆེ་བ་དང༌། འགྲོ་བའི་དོན་དང་ཞིང་ཡོངས་

སུ་དག་པ་ད་ལྟ་ཉིད་ནས་སྤྱོད་པས་སྤྱོད་པ་རྒྱ་ཆེ་བ་སྟེ་གསུམ་པོ་འདིས་རྡོ་རྗེ་ཐེག་པ་ཁྱད་པར་དུ་འཕགས་པར་བཞེད་དོ། །སློབ་དཔོན་ཆེན་པོ་ཏྲི་པི་ཊ་ཀ་མ་ལ་ཤཱི་ལས། ཚུལ་གསུམ་གྱི་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་

རྣོན་པོའི་དབང་བྱས་པས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྔགས་ཀྱི་ཐེག་པ་གཉིས་ལས། རྟོགས་པར་བྱ་བའི་ལྟ་བ་དང་ཐོབ་པར་བྱ་བའི་འབྲས་བུ་དང་ཀུན་སློང་བྱང་ཆུབ་ཀྱི་སེམས་རྣམས་ལ་ཁྱད་པར་ཞུགས་པ་

མ་ཡིན་ཡང༌། མ་རྨོངས་པ་ལ་སོགས་པ་རྣམ་པ་བཞིས་སྔགས་ཀྱི་ཐེག་པ་ཁྱད་པར་དུ་འཕགས་པར་བཞེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྟོགས་པར་བྱ་བའི་ལྟ་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དབུ་མའི་ལམ་ཡིན་ལ་དེ་ལ་ཁྱད་པར་ཞུགས་པ་

མ་ཡིན་ནོ། །དེ་ཉིད་ལས་ཁྱད་པར་དུ་གྱུར་པའམ་ལྷག་པའི་ལྟ་བ་ཡང་དག་པ་ཞིག་ཡོད་པར་མི་འགྱུར་ལ། གལ་ཏེ་ཡོད་པར་གྱུར་ན་ནི་ལྟ་བ་དེ་སྤྲོས་པ་ཅན་ལས་མ་འདས་ཤིང༌། སྤྲོས་པའི་མཐར་ལྷུང་བའི་ལྟ་བས་ནི་ནམ་ཡང་རྣམ་པར་གྲོལ་བ་ཡོད་པར་མདོ་སྔགས་གཉིས་ཀ་ནས་རྣམ་པ་ཀུན་དུ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words