དཀར་ཆག

This name comes from the volume’s file name in the source

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 213 · folio 224a

ལྷ་ཤིང་སྣ་ཚོགས་པ་དག་བསྲེགས་པའི་དུད་སྤྲིན་གྱི་ཕུང་པོ་བསྐལ་པ་ཆགས་པའི་དུས་ཀྱི་སྤྲིན་ལྟ་བུ་ཡང་གཏུལ་ལོ། །དེ་ན་གདན་ས་ཆེན་པོ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོ་ཞེས། གང་གི་གྲགས་སྙན་ཀཱ་ཤི་ཀའི་གོས་བཟང་དྲི་མ་མེད་པ་དེ་

ནི་ཕྱོགས་དང་ཕྱོགས་བྲལ་གྱི་བུ་མོས་རང་ལུས་མཛེས་པར་བཀླུབས་པའི་རྒྱན་གྱི་གཙོ་བོ་ཉིད་དུ་ལེན་པ་ལ་ནམ་ཡང་མི་སྤྲོ་བ་མེད་ཅིང་གུས་པས་བཏུད་པ་སྙམ་བྱེད་པ། རིག་པའི་གཞུང་ལུགས་རྣམ་པ་ལྔ་ལ་མཁས་ཤིང་གྲུབ་པའི་ཡོན་ཏན་མང་པོ་ཡང་འཛིན་པའི་སྐྱེས་བུ་ཆེན་པོ། སའི་

སྟེང་ན་ཡོངས་སུ་གྲགས་པ་མང་པོའི་འཁོར་ལོས་མཚན་པའི་ཞབས་ཀྱིས་དངོས་སུ་བཅགས་ཤིང་ལེགས་པར་བཤད་པའི་བདུད་རྩིའི་རྒྱུན་གྱི་དགའ་སྟོན་ནམ་ཡང་འཛད་པ་མེད་པའི་རང་བཞིན་དུ་བཀྱེ་བའི་གདན་ས་སྟེ། དེ་ན་གཉུག་མར་གནས་པའི་སུམ་ལྡན་རྡོ་རྗེ་འཛིན་པའི་བླ་མ་དང་

སློབ་དཔོན་ཆེན་པོ་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་སོན་ཅིང༌། འཆད་རྩོད་རྩོམ་པའི་ཕྲིན་ལས་ཀྱི་སྣང་བ་དཀར་པོ་རིང་པོའི་ལམ་དུ་སྤྲོ་བ་རྣམས་དང༌། ངུར་སྨྲིག་འཆང་བའི་དགེ་སློང་གི་དགེ་འདུན་བརྒྱ་ཕྲག་མང་པོ་སྟེ། ཐམས་ཅད་ཀྱང་ཕྱི་ཚུལ་ཞི་

ཞིང་དུལ་བའི་སྤྱོད་ལམ་མཛེས་པ་ནི། སྔོན་དུས་སྟོན་པའི་འཁོར་གྱི་གནས་བརྟན་དགྲ་བཅོམ་པ་རྣམས་ཀྱི་རྣམ་པར་ཐར་པའི་རྗེས་སུ་བྱེད་ཅིང་རྗེས་སུ་སློབ་པ། སྐྱེ་བོ་མི་སྲུན་པ་རྣམས་ཀྱི་ཡིད་ཀྱི་དབང་པོ་ཡང་དགེ་བའི་ལམ་དུ་བསྒྱུར་བ་ལ་ཤ་ཐང་བ་མེད་པ། ནང་དུ་བསྒྲུབ་པར་

བྱ་བའི་སྙིང་པོ་ནི་གཞན་དོན་དཔག་ཏུ་མེད་པའི་འབྱུང་གནས་སུ་གྱུར་པ། མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་སྟེ། དེ་ཉིད་ཐོབ་པ་ལ་རྩེ་གཅིག་ཏུ་སྨིན་པ་དང༌། དེ་ལ་འཇུག་པའི་སེམས་རིན་པོ་ཆེ་དང་གཞར་ཡང་མི་འབྲལ་བ་དང༌། དེའི་སྤྱོད་པ་རྒྱ་ཆེན་པོ་རྣམས་ལ་ཡང་

ཤིན་ཏུ་གུས་པ་ལྷུར་བྱེད་པ།ཁྱད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ཉེ་ལམ་གསང་ཆེན་རྡོ་རྗེ་ཐེག་པའི་སྔགས་ཀྱི་རྒྱས་སྒོ་གསུམ་ལེགས་པར་བཏབ་ནས། ས་ལམ་གྱི་ཡོན་ཏན་གྱ་ནོམ་པ་སྒྲུབ་པའི་ཐབས་ལ་མ་རྨོངས་པའི་ཚོགས་རྣམས་ནི་མེ་ཏོག་

Vol. 213 · folio 224b

ཨུཏྤལ་དམར་པོ་དང༌། བནྡུ་ཛཱི་བ་ཀ་དང༌། ཀིཾ་ཤུ་དང༌། ཀརྞི་ཀཱ་ར་དང༌། ཀུངྐུ་མའི་མེ་ཏོག་རྣམ་པར་བཞད་པའི་ནགས་ཀླུང་སྟུག་པོ་གང་ལ་ལ་ཞིག སེར་བུ་ཡིད་དུ་འོང་བ་དག་བྱུང་སྟེ་དལ་གྱིས་བསྐྱོད་པ་ན་མཚར་སྡུག་གི་ལྟད་མོ་ཅི་ཡང་འབྱུང་བ་དེ་བཞིན་དུ་ཐུབ་པའི་གོས་མཆོག་རྣམ་པ་

གསུམ་གྱིས་ཀུན་ནས་མཛེས་པར་བཀླུབས་པའི་ངུར་སྨྲིག་གི་ཚོན་མདངས་གསར་པས་ས་གཞིའི་ཁྱོན་ཆེན་པོ་ཡོངས་སུ་བཀབ་པའི་དགེ་སློང་གི་དགེ་འདུན་ཆེན་པོས་སེར་སྦྲེང་གི་བཀོད་པ་མཚར་དུ་དངར་བ་དག་རིམ་གྱིས་བྱོན་ཏེ་བསུ་བར་བྱེད་དོ། །དེ་དག་ཀྱང་ལ་ལ་ནི་སྤང་བྱ་མི་མཐུན་པའི་

ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཉིད་དུ། བཀྲ་ཤིས་པར་བྱེད་པའི་མེ་ཏོག་གི་སིལ་མ་མང་པོ་འཐོར་བར་བྱེད་དོ། །འགའ་ཞིག་ནི་དྲི་འཛིན་གྱི་དབང་པོ་ཡོངས་སུ་ཚིམ་པར་བཟོད་པའི་དྲི་ངད་རབ་ཏུ་ལྡང་བའི་སྤོས་ཀྱི་མཆོག་མང་པོ་དག་གཏུལ་བར་བྱེད་དོ། །ཁ་ཅིག་ནི་བསྟན་པ་

དང་འགྲོ་བ་རྒྱ་མཚོའི་དགེ་ལེགས་དང་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་གསར་དུ་འགུགས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་ཆོ་ག་རྣམས་ནི་སྐྱེ་བ་ལྔ་པའི་དུང་དཀར་གྱི་སྒྲ་དང༌། སྙན་དགུ་ཡོངས་སུ་རྫོགས་པའི་གླིང་བུའི་སྒྲ་དང༌། ལོ་པཎ་སྤྱན་འདྲེན་གྱི་དུས་སུ་དར་བའི་

དུང་གི་སྒྲ་དང༌། སྨྲ་ངན་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པའི་ཆོས་ཀྱི་རྔ་སྒྲ་དང༌། རྔ་ཟླུམ་གྱི་སྒྲ་དང༌། འཁར་རྔའི་སྒྲ་དང༌། ཏིང་ཏིང་ཤག་གི་སྒྲ་དང༌། སིལ་སྙན་གྱི་སྒྲ་དང༌། ཕེག་རྡོབ་ཀྱི་སྒྲ་རྣམས་སུ་བསྒྱུར་ཏེ། བསྟན་ལ་དགའ་བའི་ལྷ་དང་མིའི་འགྲོ་བ་རྣམས་ཀྱི་རྣ་བར་

འཇེབས་པར་བྱེད། སྙིང་ལ་འབེབས་པར་བྱེད། ཀུན་ནས་རངས་པར་བྱེད། ཡོངས་སུ་ཚིམ་པར་བྱེད་དོ། །ལ་ལ་ནི་རིན་པོ་ཆེའི་གདུགས་དང༌། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དང༌། དགའ་བའི་རུ་མཚོན་དང༌། བ་དན་དང༌། ཕྱེ་མ་ཕུར་མ་དང༌། མེ་ཏོག་གི་ཕྲེང་བ་དང༌།

རིན་པོ་ཆེའི་རྔ་ཡབ་དང༌། བསིལ་ཡབ་རྣམས་ཏེ་དེ་དག་རེ་རེ་ཡང་བརྒྱ་སྟོང་མང་པོ་ཐོགས་ཏེ་འགྲོ་བ་ན། ནམ་མཁར་ལྷགས་པའི་ལྷ་རྣམས་ཀྱི་ལག་པས་འཁྱུད་པ་བཞིན་དུ་བྲེ་བར་བྱེད། དཔྱངས་པར་བྱེད། གདེངས་པར་བྱེད། བསྐྱོད་ཅིང་གཡོབ་པར་བྱེད་པའི་མདུན་བསུའི་བཀོད་པ་དཔག་ཏུ་མེད་

Vol. 213 · folio 225a

པ་དག་གིས་བསུ་ཞིང་དལ་གྱིས་འོངས་པ་དང༌། དེའི་རྗེས་ཐོགས་ཉིད་ནས་དཔལ་སྡོམ་བརྩོན་མིའི་ནོར་བུ་རིན་པོ་ཆེ་སྡེ་དགེ་བླ་མ་ཆེན་པོ་སྟེ། ཆོས་ལས་བྱུང་བའི་མཚན་གྱི་རོལ་མོ་ནི་ཀུན་དགའ་འཕྲིན་ལས་རྒྱ་མཚོའི་སྡེ་ཞེས་བྱ་བ། བསོད་ནམས་ཀྱི་མཐུས་མངོན་པར་

བཏེག་པས་ཇེ་མཐོར་གྱུར་པ་མིའི་རྒྱལ་པོ། འཇིག་རྟེན་དུ་སྔ་ན་མེད་པའི་བདེ་སྐྱིད་ཀྱི་དཔལ་འགུགས་པར་བྱེད་པའི་དབང་གི་ལྕགས་ཀྱུ། ཕྱོགས་ཀྱི་རྒྱལ་ཕྲན་མང་པོའི་གཙུག་ན་ངལ་བསོར་སྤྱོད་པ་ལ་མི་གུས་པ་མེད་པ་གཙུག་གི་ནོར་བུ། ཀུན་མཁྱེན་ཉི་མའི་གཉེན་གྱི་བསྟན་པ་རིང་དུ་གནས་

པར་བྱེད་པའི་སྨན་པ་ཆེན་པོ། བྱམས་པ་དང་བརྩེ་བས་རྒྱུད་བརླན་པར་བྱས་པ་རྒྱལ་བའི་མྱུ་གུ་དམ་པ། བགྱི་བ་ཐམས་ཅད་ཀྱི་བློ་སྣ་དཀོན་མཆོག་ལ་གཏོད་པས་གཞན་གྱིས་ཐུབ་པ་མེད་པའི་དཔའ་བོ་ཆེན་པོ་དེ་ཉིད་ལྗོངས་འདིའི་འགྲོ་བ་སྤྱིའི་བསོད་ནམས་ཀྱི་བཞོན་པ་ལ་ལེགས་པར་བཅིབས་ཏེ།

རང་གི་རྒྱལ་ཁབ་དམ་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་དེ་ཉིད་རྣམ་པ་ཐམས་ཅད་དུ་མཛེས་པར་བྱེད་པའི་བཅུད་ཀྱི་སྙིང་པོ་ཉིད་དུ་ལེགས་པར་བྱོན་ཏེ། གཟི་བརྗིད་ཀྱི་ཕུང་པོ་མངོན་པར་བརྟས་པའི་རང་བཞིན་དུ་བརྟན་པར་བཞུགས་སོ། །བཞི་པ་བསྟན་སྲིད་ཀྱི་ཁྲི་ལ་བཞུགས་

ནས་ཕྲིན་ལས་ཀྱི་རྒྱུན་སྐྱོང་བའི་ཁྱད་པར་ལ་གཉིས་ཏེ། ཁྲི་ལ་བཞུགས་པའི་དུས་སུ་བསོད་ནམས་ཀྱི་སྐལ་བར་ལྡན་པའི་ཁྱད་པར། སྐལ་བར་ལྡན་པས་བསྟན་པ་དང་འགྲོ་ལ་ཕན་པ་སྒྲུབ་པའི་ཁྱད་པར་རོ། །དང་པོ་བསོད་ནམས་ཀྱི་སྐལ་བར་ལྡན་པའི་ཁྱད་པར་ནི། དེ་ལྟར་ཁམས་གསུམ་

ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་པའི་སྐྱེས་བུ་དམ་པ་ཇི་སྐད་སྨོས་པ་དེ་དག་གི་དྲིན་གྱིས་ལྷ་དང་བཅས་པའི་སྐྱེ་དགུ་མ་ལུས་པའི་ཕྱག་བགྱིར་འོས་པའི་བླ་མ། སྡོམ་པ་གསུམ་གྱི་འབྱོར་པ་བླ་ན་མེད་པ་དང་ལྡན་པ། ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་དམ་པ་ཉིད་དུ་ཆོ་ག་ཡང་དག་པའི་སྒོ་ནས་མངའ་གསོལ་

དུ་ཟིན་ཡང་སླར་ཡང་སྙིགས་མའི་དུས་ཀྱི་སྐྱེ་བོ་མི་སྲུན་པ་ཤིན་ཏུ་གདུལ་དཀའ་བ་དག །དངོས་སུ་ཆོས་དང་མཐུན་པའི་བཀའ་ཁྲིམས་རྡོ་རྗེ་བརྩེགས་པའི་རྭ་བ་ན་ལེགས་པར་བཅུག་སྟེ། བརྒྱུད་ནས་ཚུལ་བཞིན་མ་ཡིན་པའི་སྤྱོད་པ་ལས་བཟློག་པར་བྱ་བའི་ཕྱིར་དང༌། སངས་རྒྱས་བཅོམ་

Vol. 213 · folio 225b

ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེའི་དབུ་འཕང་མངོན་པར་འདེགས་པའི་ཕྱིར། བསྐལ་པ་དཔག་ཏུ་མེད་པའི་བསོད་ནམས་ཀྱི་འབྲས་བུ་སྨིན་པ་སྙམ་བྱེད་པའི་ཛམྦུ་གསེར་གྱི་ཕུང་པོ་མཐའ་དག་གཅིག་ཏུ་བརྩེགས་པ་དཔལ་སྡེ་དགེ་རྒྱལ་པོ་ཞེས་བྱ་བའི་བསྟན་སྲིད་ཉི་ཟླ་ཟུང་དུ་འབྲེལ་བ་ལྟ་བུའི་གདན་སའི་

ཁྲི་འཕང་མཐོན་པོ། ཕྱོགས་ཀྱི་དཀྱིལ་འཁོར་ཀུན་དུ་འཁོད་པའི་རྒྱལ་རིགས་དང༌། བློན་པོ་དང༌། མི་དཔོན་དང༌། ཆེ་བཙན་གྱི་སྐྱེ་འགྲོ་ཕལ་ཆེ་བ་དག་གི་རལ་པའི་དོ་ཀེར་སྣུམ་པོ་མཛེས་པར་བྱེད་པ་ནོར་བུའི་རྒྱན་དང་བཅས་པས་ལན་གཅིག་མིན་པར་བཏུད་པར་བྱས་པའི་གནས་ག་ལ་བ་དེར། སྡོམ་བརྩོན་བླ་མ་

ཆེན་པོ་གང་གི་ཞབས་ཀྱི་ཆུ་སྐྱེས་དམར་པོ། སེན་མོ་མུ་ཏིག་གི་དོག་པ་འཛིན་པ་དག་ཉེ་བར་བཀོད་དེ་སྐྱེ་དགུའི་བདག་པོ་དམ་པ་ཉིད་དུ་དབང་བསྐུར་རོ། །དེའང་ཇི་ལྟར་ཁྲི་ལ་མངའ་གསོལ་བའི་ཚུལ་ནི། སྡོམ་བརྩོན་བླ་མ་སྐྱེ་དགུའི་བདག་པོར་གྱུར་པ་རང་གི་སྐུའི་མཆེད་ཟླར་གྱུར་པ་ཆེ་ཞིང་མཐོ་བའི་

རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་སྡེ་དགེ་བླ་མ་བློ་གྲོས་རྒྱ་མཚོ་དང༌། དཔོན་ཆེན་བསོད་ནམས་མགོན་པོ་ཞེས་པ་གོང་དུ་སྨོས་པའི་ཡ་རབས་དམ་པའི་སྤྱོད་ཚུལ་དང༌། ཕྱི་དང་ནང་གི་རིག་པའི་གཙུག་ལག་རྒྱ་མཚོའི་མངའ་བདག་ཅན་ཏེ་རྣམ་པ་གཉིས་དང༌། མཁྱེན་དཔྱོད་ཀྱི་དཀྱིལ་འཁོར་རྣམ་པར་

ཡངས་པའི་དགེ་ཚུལ་མ་ཚེ་དབང་ལྷ་མོ་ཞེས་པ་སྲིད་ཞིའི་ཡོན་ཏན་མང་པོ་དང་ལྡན་པར་གྱུར་ཀྱང་རྒྱགས་པ་དང་གཡེང་བ་མ་མཆིས་པར་སྒོ་གསུམ་ཚུལ་དམ་པ་ལ་རྟག་ཏུ་གནས་པ། བདོག་པའི་རྫས་ཕལ་ཆེ་བ་དག་ཀྱང་དཀོན་མཆོག་ལ་མཆོད་པ་འབུལ་བ་དང༌། སེམས་ཅན་ལ་སྦྱིན་པར་གཏོང་

བའི་ཕྱག་ཐུང་ངུར་མ་གྱུར་པ་དེ་ཉིད་དང༌། སྡོམ་བརྩོན་བླ་མ་སྐྱེ་དགུའི་བདག་པོའི་བཀའ་ལུང་གི་ནོར་བུས། འགྲོ་བའི་སེམས་ཀྱི་རྙོག་པ་མ་ལུས་པ་བགྲུང་པར་བྱེད་ཅིང༌། གཅིག་ཏུ་ཕྲིན་ལས་ཀྱི་འཁོར་ལོ་རིན་པོ་ཆེ་ལག་ཏུ་ཐོགས་ནས་འཛིན་མའི་ཁྱོན་གྱི་དཀྱིལ་འཁོར་ཡངས་པ་མཐའ་དག་རང་

དབང་དུ་བགྱིད་པ་ལ་བསྙེངས་པ་མི་མངའ་བའི་བློ་གྲོས་ཀྱི་རྩལ་རབ་ཏུ་རྫོགས་པའི་འཕྲུལ་གྱི་མདུན་ན་འདོན་དང༌། ནང་བློན་དང༌། སྐུ་སྲུང་བ་དང༌། ཡི་གེ་པ་དང༌། ཚོང་དཔོན་དང༌། དམག་དཔོན་དང༌། སྡེ་དཔོན་ལ་སོགས་པ་རྒྱལ་པོའི་འཁོར་གྱི་སྐྱེ་བོའི་ཚོགས་དབང་ཆེ་ཞིང་མཐོ་བར་གྱུར་

Vol. 213 · folio 226a

པ་རྣམས་ཀྱང་གུས་པའི་ཞེ་ས་དང་བཅས་ཏེ། རྐང་རྟེན་དང་ལྡན་པའི་ཁྲི་མཐོན་པོ་གང་ཡིན་པ་དེ་ལ་གཙུག་གིས་ཉེ་བར་བཏུད་ནས་མདུན་དུ་འཁོད་པ་དག་ནི་འདི་ལྟ་སྟེ། མདུན་ན་འདོན་ཐམས་ཅད་ཀྱི་མེས་པོར་གྱུར་པའི་བློན་ཆེན་ཆོས་སྐྱོང་བློ་གྲོས་དང༌། རྒྱལ་བའི་མྱུ་གུའི་

སྤྱོད་ཚུལ་ལ་གོམས་པ་སྡོམ་བརྩོན་བསོད་ནམས་བཀྲ་ཤིས་དང༌། ངོ་མཚར་ཚིག་གི་བང་མཛོད་འཛིན་པ་དགེ་སློང་བསྟན་པ་བཟང་པོ་དང༌། རིག་པའི་གནས་ཀྱི་བང་མཛོད་འཛིན་པ་དྲུང་ཡིག་རྣམ་པ་གཉིས་དང༌། མང་དུ་ཐོས་པའི་དབང་ཕྱུག་དགེ་སློང་བཟང་པོ་དང༌། ངང་ཚུལ་ཆོས་དང་

མཐུན་པ་དགེ་སློང་མགོན་སྲུང་དང༌། དྲན་འཛིན་གྱི་མེ་ལོང་རབ་ཏུ་གསལ་བ་དབོན་པོ་ལྷ་དགྱེས་དང༌། བསྟན་སྲིད་ཟུང་གི་ཕྲིན་ལས་ཀྱི་འཁོར་ལོས་སྒྱུར་བ་ལྷ་བུ་ཚེ་རིང་དང༌། བགྱི་བ་ཀུན་ལ་རྨོངས་པ་མེད་པའི་བློ་ལྡན་དར་རྒྱས་དང༌། བློ་དང་ཐབས་ཀྱི་རྩལ་རབ་ཏུ་རྫོགས་པ་ཕྱག་མཛོད་གུ་རུ་

བཀྲ་ཤིས་དང༌། གཙུག་ལག་ཟུང་གི་མཁྱེན་པ་རབ་ཏུ་རྒྱས་པ་བོ་དགྱེས་དང༌། སྡེབ་ལེགས་གཏམ་གྱི་འབྱུང་གནས་ཚོང་དཔོན་འབུམ་སྐྱབས་དང༌། ཤེས་རབ་དང་གཟུངས་ཀྱི་མེ་ལྕེ་རབ་ཏུ་འབར་བ་བཀྲ་ཤིས་རྒྱ་མཚོ་དང༌། བརྟན་ཅིང་ཟབ་མོའི་བློ་དང་ལྡན་པ་གྲོག་མ་དང༌། རྣམ་པར་

དཔྱོད་པའི་མིག་དཀྱུས་རིང་པོར་གྱུར་པ་ཨ་ཟློས་ལ་སོགས་པ་སྟེ། ཐམས་ཅད་ཀྱང་ཇི་སྐད་དུ། མ་སུ་རཀྵའི་ལུགས་ཀྱི་བསྟན་བཅོས་ལས། ཚིག་གསལ་བློ་ནི་ཕུན་སུམ་ཚོགས། །ལུགས་ཀྱི་བསྟན་བཅོས་དག་ལ་མཁས། །ངང་འཇམ་དཔྱོད་པར་བྱེད་པ་སྟེ། །རྒྱལ་པོའི་བློན་པོ་དེ་

འདྲས་བྱ། །ཞེས་དང༌། རིགས་དང་ངང་ཚུལ་ཡོན་ཏན་ལྡན། །བདེན་དང་ཆོས་ལ་མཆོག་ཏུ་གཞོལ། །གཟུགས་བྱད་ཤིན་ཏུ་བཟང་བ་ནི། །རྒྱལ་པོའི་སྤྱན་མི་ཡིན་པར་བཤད། །ཅེས་གསུངས་པ་ལྟར་ཕྱི་དང་ནང་གི་རིག་པའི་གཙུག་ལག་མང་པོའི་བརྗོད་པར་བྱ་བ་ཐམས་ཅད་འདྲེན་པ་ལ་ཐོགས་

པ་མེད་པའི་རྗོད་བྱེད་ཀྱི་ཚིག་གསལ་བ། བརྗོད་ཚུལ་གྱི་སྡེབ་ལེགས་པ། དགོས་པའི་གཙོ་བོ་གང་དང་གང་ཡིན་པ་དེ་དཔེ་དང་གཏན་ཚིགས་ཀྱི་སྒོ་ནས་བདེ་བླག་ཏུ་སྟོན་ནུས་པ། འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་དང༌། སྐྱེ་བོ་གསོ་བའི་ཐིགས་པ་དང༌། ཙ་ན་ཀའི་རྒྱལ་པོའི་

Vol. 213 · folio 226b

ལུགས་ཀྱི་བསྟན་བཅོས་དང༌། ཚིགས་སུ་བཅད་པ་བརྒྱ་པ་དང༌། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལ་སོགས་པ་ལུགས་ཀྱི་བསྟན་བཅོས་ཐམས་ཅད་རིག་ཅིང་དེ་དག་གི་རྗེས་སུ་བྱེད་པ། གཏུམ་པ་དང་རྩུབ་པའི་ཚེར་མའི་མེ་དབལ་བཏུལ་ནས། སྙིང་རྗེ་ཆེན་པོའི་སེམས་བཞིན་དུ་

འཇམ་ཞིང་མཉེན་པའི་ངང་ཚུལ་དང་ལྡན་པ། བརྩམ་པར་བྱ་བ་དང་བརྩམ་པར་བྱ་བ་མ་ཡིན་པ་དང༌། བསྐྱབ་པར་བྱ་བ་དང་བསྐྱབ་པར་བྱ་བ་མ་ཡིན་པ་དང༌། བསྐྱུང་བར་བྱ་བ་དང་བསྐྱུང་བར་བྱ་བ་མ་ཡིན་པ་དང༌། གཞོམ་པར་བྱ་བ་དང་གཞོམ་པར་བྱ་བ་མ་ཡིན་པ་དང༌། བཀུར་བར་བྱ་བ་དང་བཀུར་

བར་བྱ་བ་མ་ཡིན་པ་ལེགས་པར་དཔྱོད་ཅིང་བླང་དོར་ཚུལ་བཞིན་དུ་བྱེད་པ། བདེན་པའི་ལམ་དུ་རྒྱུ་ཞིང་བདེན་པའི་ཚིག་གསོང་པོར་སྨྲ་བ། བགྱི་བ་ཐམས་ཅད་ཀྱང་མཐར་དམ་པའི་ཆོས་སུ་འགྱུར་བ་དང་བསྟན་པའི་ཞབས་ཏོག་ཏུ་འགྱུར་བའི་ལས་ལ་གཞོལ་བ། བཟོད་པ་བསྒོམ་པ་བཞིན་དུ་བཞིན་

འཛུམ་ཞིང་གཟུགས་བྱད་ཕུན་སུམ་ཚོགས་པ་དང་ལྡན་པས་ཀུན་གྱི་མཉེས་གཤིན་དམ་པར་གྱུར་པ་དང༌། གཞན་ཡང་རྒྱལ་པོའི་འཁོར་དུ་འོས་པ་དཔའ་ཞིང་བརྟན་པ་དང༌། བཟོའི་ལས་དང༌། མཚོན་གྱི་ལས་དང༌། བཞོན་པ་དག་ལ་ཡང་འདབ་ཆགས་བཞིན་དུ་ཤིན་ཏུ་གོམས་པར་བྱས་པ་

སྟེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་འཁོར་གྱི་ཚོགས་ཆེན་པོ་རྣམས་ཀྱིས་མདུན་གྱིས་བལྟས་ཏེ་ཀུན་ནས་བསྐོར་བའི་དབུས་ག་ལ་བ་དེ་ཉིད་དུ། གསེར་གྱི་རི་དབང་ཉི་མའི་འོད་ཀྱིས་འཁྱུད་པའམ་ཀ་ན་ཀའི་མཆོད་སྡོང་ལ་མར་མེའི་འོད་ཀྱིས་ཕོག་པ་ལྟར་བཞུགས་སུ་གསོལ་ལོ། །དུས་དེ་ཉིད་

དུ་ཡར་ལུང་བཀྲ་ཤིས་ཆོས་ལྡན་གྱི་མཁན་པོ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ་ཞེས་པ་དཔལ་ལྡན་སྟོབས་བཅུ་མངའ་བའི་བསྟན་པ་རིན་པོ་ཆེ་འཆད་པ་དང༌། རྩོད་པ་དང༌། རྩོམ་པའི་ཕྲིན་ལས་ཀྱི་སྒོ་ནས་རིང་དུ་གནས་པར་བྱེད་པའི་མཁྱེན་བརྩེ་

ནུས་པའི་བདག་ཉིད་ཅན་དེ་ཉིད་གཙོ་བོར་བྱས་པའི་གསང་སྔགས་གྲུབ་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་རྣམས་དང་ལྷན་ཅིག་པས། སྡོམ་བརྩོན་ས་གཞི་སྐྱོང་བའི་བརྟུལ་ཞུགས་བཟུང་བའི་བླ་མ་ཆེན་པོ་གང་དེ། བསྐལ་པ་བཟང་པོ་འདི་ཉིད་ཇི་སྲིད་གནས་པ་དེ་སྲིད་དུ། སྐུ་གསུང་ཐུགས་མི་

Vol. 213 · folio 227a

ཤིགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་སྒྲུབ་པར་བྱེད་པའི་ཆོ་ག་ཟབ་མོའི་རྟེན་འབྲེལ་ལ་བརྟེན་ནས། རྣམ་པར་དཀར་བའི་ཕྲིན་ལས་གྱི་འཁོར་ལོ་གང་དེ་རིང་པོའི་ལམ་དུ་རྒྱུ་བས་སྙིགས་མའི་དུས་ཀྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ཁྲིམས་ཀྱི་ར་བ་ལ་ཡང་དག་པར་

གཟུད་པར་བྱ་བའི་ཕྱིར་དང༌། བསྒྲུན་དུ་མེད་པའི་སྙིང་སྟོབས་ཀྱི་ཕྲག་པ་བརྟན་པོས་ཐམས་ཅད་མཁྱེན་པ་ཆེན་པོ་ཉི་མའི་གཉེན་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་དུ་མི་ཉམས་པར་བགྱི་བའི་ཁུར་ཆེན་པོ་གོང་ནས་གོང་དུ་གདེགས་པར་བྱ་བའི་ཕྱིར་དང༌། ཕྱོགས་སུ་ལྷུང་བ་མེད་པའི་

སྙིང་རྗེ་ཡོངས་སུ་རྒྱས་པའི་གདུགས་དཀར་གཅིག་གི་གྲིབ་ཏུ་ཡངས་པའི་རྒྱལ་ཁམས་ཀྱི་འགྲོ་བ་ཐམས་ཅད་རྫོགས་ལྡན་བསྐལ་པའི་དུས་ཀྱི་བདེ་སྐྱིད་གསར་པའི་རོ་ལ་ལོངས་སུ་སྤྱད་པར་བྱ་བའི་ཕྱིར་དང༌། མཐའ་གཉིས་ལ་མི་གནས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་མངོན་དུ་བྱ་

བའི་ཐབས་ཀྱི་གཙོ་བོ་གཞན་ལ་ཕན་པ་ཉེ་བར་ཞུགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་མཐར་ཕྱིན་པར་བྱ་བའི་ཕྱིར་དུ་ཞབས་བརྟན་གྱི་ཆོ་ག་ཡང་དག་པར་བསྒྲུབ་པར་བརྩམས་སོ། །དེ་ལྟ་བུའི་ཞབས་ཀྱི་པདྨ་བརྟན་པའི་ཆོ་ག་དེ་ལྟར་བསྒྲུབ་པའི་དགོས་པའང། ཤེས་རབ་བརྒྱ་པར།

ནད་དང་འདྲ་བའི་དགྲ་མེད་དེ། །འཆི་བ་དང་མཉམ་འཇིགས་པ་མེད། །ཅེས་འབྱུང་བ་ལྟར་འཁོར་བ་ན་ཤིན་ཏུ་འཇིགས་ཤིང་བག་ཚ་བར་བྱེད་པའི་གནས་ནི་དེ་དག་ཏུ་བཤད་ལ། དེས་ན་དེ་དག་བཟློག་པའི་ཐབས་ལ་བརྩོན་དགོས་པ་ཡང༌། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་

པའི་འཆི་བ་བསླུ་བའི་མན་ངག་ལས། ཆོས་སྤྱོད་དབང་པོ་ཐུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །འཁོར་བར་སྲོག་ལས་གཅེས་པ་ནི། །ཅི་ཡང་ཡོད་པ་མ་མཐོང་སྟེ། །དེ་བས་མྱུར་དུ་ཐབས་མང་པོས། །

འཆི་བ་བསླུ་བར་ཀུན་དུ་སྤྱོད། །ཅེས་གསུངས་ཤིང་དེ་ལྟ་བུའི་འཆི་བའི་འཇིགས་པ་བཟློག་པའི་ཐབས་ཀྱང༌། དེ་ཉིད་ལས། གང་ཞིག་རིགས་པའི་ཐབས་སྦྱོར་བ། །དཀའ་བ་ཅུང་ཟད་ཡོད་མ་ཡིན། །ནོར་བུ་སྔགས་དང་སྨན་རྣམས་ཀྱི། །མཐུ་ནི་ཐམས་ཅད་འདོད་པ་ཡིན། །ཞེས་དང༌།

Vol. 213 · folio 227b

ལུས་དང་ངག་གི་ལས་ཀྱིས་ཕྱི། །བསམ་གཏན་ལས་ཀྱིས་ནང་གི་ཡིན། །ནོར་བུ་སྔགས་སྨན་ཕྱི་ཡི་སྟེ། །རྣལ་འབྱོར་ནུས་པས་ནང་ཡིན་ནོ། །ཞེས་དང༌། སྔགས་ཀྱིས་གང་ཞིག་ལས་བྱེད་པ། །དེ་ཡི་ཚེ་ནི་འཕེལ་བར་འགྱུར། །ཚེ་ནི་འཕེལ་བར་གྱུར་པ་ན། །དེས་ནི་འཆི་བ་བསླུ་

བར་འགྱུར། །སྔགས་རྣམས་ཀྱི་ནི་མཐུ་ལ་ཡང༌། །ཐེ་ཚོམ་བྱ་བ་རིགས་མ་ཡིན། །གང་ཕྱིར་སྔགས་ཀྱི་མཐུ་དག་ནི། །བསམ་མི་ཁྱབ་པར་ཀུན་ལ་འདོད། །འཇིག་རྟེན་ན་ནི་དངོས་གཞན་དག །སྔགས་ཀྱིས་མི་འགྲུབ་དེ་ཡོད་མིན། །ཡང་དག་དད་དང་མངོན་བརྩོན་ལས། །སྔགས་

རྣམས་ཡིད་བཞིན་ནོར་བུར་མཚུངས། །ཞེས་གསུངས་པ་བཞིན་དུ་ནོར་བུ་དང་སྨན་དང་སྔགས་དང་ཏིང་ངེ་འཛིན་གྱི་ནུས་པས་ཚེ་བསྲིང་བའི་ཐབས་བསམ་གྱིས་མི་ཁྱབ་པ་ཅིག་བསྟན་པ་ལས། འདིར་གཙོ་བོར་གསང་བསྔགས་ཀྱི་གདམས་པ་སྟེ། དེ་ལ་ཡང་སྔོན་གྱི་མཁས་པ་ཆེན་པོ་

རྣམས་ཀྱི་བཞེད་སྲོལ་གྱི་ཆོ་ག་མི་འདྲ་བ་ཚུལ་འགའ་ཞིག་མཆིས་པ་ལས། འདིར་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། ཚངས་དབང་ཁྱབ་འཇུག་ཉི་ཟླ་དང༌། །དྲག་པོ་ཕྱོགས་སྐྱོང་འདོད་ལྷས་ཀྱང༌། །སྤུ་རྩེ་ཙམ་ཡང་མ་ཉམས་པར། །འཆི་བདག་ལྟ་བུར་འཆི་ལས་རྒྱལ། །

སྐྲ་དཀར་གཉེར་མ་སྐལ་ངན་དང༌། །ནད་དང་དབུལ་བ་ཀུན་ཟད་བྱེད། །སེང་གེ་ལ་སོགས་འཇིགས་ཆེན་བརྒྱད། །སྡུག་བསྔལ་ཚོགས་ནི་འཇིག་པར་བྱེད། །མ་བསླངས་པར་ནི་ཟས་སྐོམ་སོགས། །ཁང་བཟང་གོས་ལ་སོགས་པ་རྙེད། །རལ་གྲི་མིག་སྨན་རྐང་བྱུག་དང༌། །བུམ་པ་

བཟང་སོགས་དངོས་གྲུབ་རྣམས། །སྙན་དངགས་སྨྲ་མཁན་ཉིད་ཀྱི་བློ། །ཤེས་རབ་གཅིག་ཏུ་དྲི་མ་མེད། །འདོད་པའི་དངོས་གྲུབ་གཞན་དག་ཀྱང༌། །འཁོར་ལོ་འདི་ལས་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར། ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་ཕྲིན་ལས་མ་ལུས་པ་གཅིག་ཏུ་བསྡུས་པའི་

རང་གཟུགས་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་ཆོ་ག་རྣམ་པར་དག་པའི་སྒོ་ནས། འཆི་བདག་བདུད་ཀྱི་དཔུང་གིས་མི་ཕྱེད་པའི་འཆི་བ་མེད་པ་རྡོ་རྗེའི་སྲོག་གི་ཀ་རིང་ཤིན་ཏུ་བརྟན་པར་བཙུགས་སོ། །སླར་ཡང་དེ་ཉིད་རྒྱུན་དུ་བརྟན་པར་བྱེད་པའི་ཆོ་ག་ལ་བཀྲ་ཤིས་པའི་རྫས་རྟགས་

Vol. 213 · folio 228a

རྣམ་པ་བརྒྱད་ཀྱི་མངའ་འབུལ་དང་བཅས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པའི་ཆེད་དུ། ཕྱོགས་བཅུ་རབ་འབྱམས་ཀྱི་ཞིང་མུར་ཐུག་པ་མེད་པ་རྣམས་སུ་བཞུགས་པའི་རྒྱལ་བ་སྲས་དང་སློབ་མར་བཅས་པའི་ཚོགས་དང༌། གཞན་ཡང་འཆི་མེད་ཚེའི་དངོས་

གྲུབ་བརྙེས་པའི་ལྷ་དང༌། ཀླུ་དང༌། དྲང་སྲོང་དང༌། གྲུབ་པ་དང༌། རིག་པ་འཛིན་པའི་ཚོགས་བསམ་གྱིས་མི་ཁྱབ་པས་ནམ་མཁའི་གཏོས་ཐམས་ཅད་དུ་ཁྱབ་པར་མངོན་པར་བལྟས་ཏེ། དེ་དག་དང་མཆོག་གི་རྡོ་རྗེ་སློབ་དཔོན་ཆེན་པོ་རྣམས་མགྲིན་བསྒྲིགས་ཏེ་བཀྲ་ཤིས་ཀྱི་གླུ་དང་རོལ་མོའི་བྱེ་

བྲག་བསམ་གྱིས་མི་ཁྱབ་པའི་སྒྲ་ཤིན་ཏུ་སྙན་པར་འབྱིན་ཅིང༌། ལྷའི་མེ་ཏོག་མནྡྷ་རྭ་བ་དང༌། པུཎྜཱ་རཱི་ཀ་དང༌། ཨུཏྤལ་ལ་སོགས་པའི་མེ་ཏོག་གི་རྣམ་པ་སྣ་ཚོགས་པ་དག་གིས་སིལ་མ་གཏོར་བ་ནི། བསྐལ་པ་ཆགས་པའི་དུས་ཀྱི་ཆར་གྱི་རྒྱུན་ཆེན་པོ་བཞིན་དུ་བསྙིལ་བས། མི་དང་མི་མ་ཡིན་

པའི་འགྲོ་བ་རྒྱ་མཚོའི་དབང་པོ་ལྔའི་སྤྱོད་ཡུལ་དུ་སྔོན་ཆད་མཐོང་བ་དང༌། ཐོས་པ་དང་མྱང་བར་མ་ནུས་པའི་ངོ་མཚར་གྱི་ལྟད་མོ་ཚར་དུ་དངར་བ་དག་བསྐྲུན་ཏོ། །དེ་ནས་བརྩམས་ཏེ། ཇི་སྐད་དུ། ནོར་དང་འདོད་པ་ཐར་བ་ཆོས། །ཞེས་པ་ལྟར་སྡེ་བཞི་སྟེ། དེ་ཡང་ཆོས་ནི་གནས་སྐབས་སུ་མངོན་

པར་མཐོ་བ་དང༌། མཐར་ཐུག་ངེས་པར་ལེགས་པའི་གོ་འཕང་ཐོབ་པར་བྱེད་པའི་རྒྱུའོ། །ནོར་ནི་རིག་བྱེད་མང་དུ་ཐོས་པ་དང༌། ས་གཞི་དང་རིན་པོ་ཆེ་ལ་སོགས་པ་སོག་པ་དང་བསྲུང་བར་བྱ་བའི་རིགས་སོ། །འདོད་པ་ནི་ལྷ་དང་མིའི་དབང་པོའི་ཡུལ་དུ་གྱུར་པའི་འདོད་པའི་ལོངས་སྤྱོད་རྣམས་སོ། །

ཐར་པ་ནི་གཏན་གྱི་བདེ་བ་བྱང་ཆུབ་ཀྱི་སྙིང་པོ་སྟེ་བསྒྲུབས་པའི་འབྲས་བུ་ཉིད་དུ་བཤད་དོ། །དགེ་བ་ནི་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པས་ཀུན་ནས་བསླངས་པའི་ལས་ཏེ། དེ་ལ་དབྱེ་ན་ལུས་ངག་ཡིད་ཀྱི་སྤང་བ་བཅུ་སྟེ་འབྲས་བུ་རྡུལ་མེད་པ་ཉིད་དུ་སྐྱེད་པར་བྱེད་པའི་རྒྱུ་གང་

ཡིན་པའོ། །མདོར་ན་འཁོར་བ་དང་མྱ་ངན་ལས་འདས་པའི་དཔལ་འབྱོར་གྱི་རྒྱུ་དང་འབྲས་བུ་ཐམས་ཅད་སྡེ་བཞི་པོ་འདིར་མ་འདུལ་བ་མེད་ཅིང༌། ཕྱི་མ་ནི་སྐྱེ་བ་ནས་སྐྱེ་བར་བདེ་བ་ཕུན་སུམ་ཚོགས་པ་འཐོབ་པར་བྱེད་པའི་རྒྱུའམ་ལམ་ཁོ་ན་ཉིད་དོ། །དེས་ན་མིང་དོན་དེ་དང་ལྡན་པའི་བསྟན་སྲིད་ཟུང་

Vol. 213 · folio 228b

འབྲེལ་གྱི་བགྱི་བ་ཤིན་ཏུ་ལྕི་བའི་ཁུར་ཆེན་པོ་ཡོངས་སུ་བཞེས་པར་མཛད་དོ། །དེ་ལའང་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། དམ་པ་དཔོན་དུ་བསྐོས་གྱུར་ན། །དོན་གྲུབ་པ་དང་བདེ་སྐྱིད་འཐོབ། །ནོར་བུ་རྒྱལ་མཚན་རྩེར་མཆོད་ན། །ཡུལ་ཕྱོགས་དགེ་ཞེས་འཇིག་རྟེན་

སྒྲོགས། །ཞེས་གསུངས་པ་ལྟར། དགེ་བའི་རྩ་བ་ལ་ཡོངས་སུ་སྦྱངས་པའི་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་པ་དེ་ཉིད་མངའ་འབངས་ཀྱིས་མཚོན་པའི་བསྟན་འགྲོ་སྤྱིའི་བསོད་ནམས་ཀྱི་ནོར་བུ་བརྩེགས་པའི་ཁྲི་ག་ལ་བར་བཞུགས་པ་ནས་བརྩམས་ཏེ། འདི་ལྟར་མདོ་ལས། ལུས་

ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །ཞེས་དང༌། རྒྱལ་པོ་ལ་གདམས་པ་ལས། སྐྱེས་བུ་དེ་ནི་གང་དང་གང་འགྲོ་ཡང༌། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས། །ཞེས་དང༌།

ལས་ཀྱི་རྣམ་པར་འགྱུར་བའི་མདོ་ལས། ཇི་ལྟར་གང་ཟག་ལས་འདི་ལྟ་བུར་གྱུར་པས་སྔར་ཡང་བདེ་ལ། ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་གང་ཡིན་ཞེ་ན། གང་ཟག་སུ་ཡང་རུང་སྟེ་སྦྱིན་པ་བྱིན་པ་ཡང་མང་པོ་དང་རངས་པར་བྱིན། བདག་ཀྱང་ཡིད་དགའ་སྟེ་བྱིན་པས་ཕྱིས་ཀྱང་མི་འགྱོད་པའི་

གང་ཟག་དེའི་འབྲས་བུ་ནི། མིར་སྐྱེས་ན་ཡང་ཕྱུག་པོའི་རིགས་སུ་སྐྱེ་སྟེ་ནོར་མང་པོ་སྤྱོད་པ་དང༌། མང་པོའི་ཇོ་བོར་གྱུར་ནས། བློན་པོ་དང༌། གྲོགས་པོ་དང༌། གཉེན་དང་རིགས་གཅིག་པ། མང་དུ་བདོག་པ་དང༌། བང་མཛོད་ཐམས་ཅད་གང་ཞིང་བདེ་བའི་རིགས་སུ་སྐྱེ་སྟེ། གང་ཟག་

ལས་འདི་ལྟ་བུ་འདུས་པས་སྔར་ཡང་བདེ། ཕྱིས་ཀྱང་བདེ་བར་འགྱུར་རོ་ཞེས་དང༌། ཟུང་གི་མདོ་ལས། གང་དག་ང་ཡི་བསྟན་པ་ལ། །སྦྱིན་པ་སྐྲ་ཙམ་བྱིན་པ་ནི། །བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རུ། །ལོངས་སྤྱོད་ཆེ་ཞིང་ནོར་ཡང་མང༌། །ཞེས་དང༌། མདོ་རྒྱ་ཆེར་རོལ་པ་ལས། ཁྱོད་

ཀྱིས་སྔོན་ཆད་དགེ་ལས་བསགས་པ་དང༌། །ཡུན་རིང་དུས་ཀྱི་དགེ་བས་བྱུང་བ་དང༌། །ཁྱོད་ཀྱིས་ཆོས་རྣམས་ཀུན་གྱི་ཚུལ་སྦྱངས་པས། །དེ་རིང་མཆོད་པ་རྒྱ་ཆེན་བྱུང་བར་གྱུར། །ཞེས་འབྱུང་བ་ལྟར། སྡོམ་བརྩོན་བླ་མ་ཆེན་པོ་སྐྱེ་དགུའི་བདག་པོར་གྱུར་པ་གང་གི་ལེགས་བྱས་ཀྱི་མཐུས།

Vol. 213 · folio 229a

དུས་དེ་ཉིད་ནས་བརྩམས་ཏེ་མངའ་འོག་ཏུ་འཁོད་པས་མཚོན་ཏེ། ཕྱོགས་བཅུའི་འཛིན་མའི་དཀྱིལ་འཁོར་ཀུན་དུ་ཆེ་བའི་ཡོན་ཏན་དང༌། རིགས་དང༌། སྟོབས་དང༌། དཔུང་གི་སྡེ་ཆེན་པོས་མངོན་པར་ཁེངས་པ་དང་ལྡན་པའི་རྒྱལ་ཕྲན་དང༌། བློན་པོ་དང༌། མི་དཔོན་དང༌།

རྫོང་དཔོན་དང༌། སྡེ་དཔོན་དང༌། ཆེ་བཙན་དང༌། འབྱོར་ལྡན་གྱི་སྐྱེ་བོ་རྣམས་ཏེ། ཐམས་ཅད་ཀྱང་ལེགས་བྲིས་ཀྱི་ཡུལ་ནས་འོངས་པ་ལྟ་བུའི་གོས་བཟང་དང་རྒྱན་གྱི་རྣམ་པ་མང་པོས་ལུས་ལ་སྒེག་པར་བྱས་པ་བགྲང་གི་མི་ལྡང་བ་རྣམས་ཀྱིས་ལྷགས་ཏེ། རང་རང་གི་མངོན་པར་རྒྱགས་

པ་ཐམས་ཅད་ཆོག་ཤེས་ལྡན་པའི་ནོར་བཞིན་དུ་བཏང་ནས། གང་གི་ཞབས་སྟེགས་ཀྱི་ཁྲི་མཐོན་པོ་རིན་ཐང་ཆེ་བའི་ནོར་བུ་རིན་པོ་ཆེའི་ཕྲ་ཚོམ་མཚར་དུ་དངར་བར་བཀོད་པ་དག་ནི། བཙོ་མ་གསེར་གྱི་པ་ཏྲ་རིས་འཁྱུག་པས་ལེགས་པར་བཟུང་བའི་ངོ་མཚར་མིག་གི་དགའ་སྟོན་དུ་གྱུར་པ་ག་ལ་བ་དེ་ན།

ལུས་ཐམས་ཅད་ནས་གུས་པའི་ཞེ་ས་དང་བཀུར་སྟི་སྔོན་དུ་འགྲོ་བས། སྡོམ་བརྩོན་བླ་མ་ཆེན་པོའི་ཐུགས་ལ་ཇི་ལྟར་བཞེད་པའི་དགེ་བའི་རྩ་བ་ཐམས་ཅད་ལེགས་པར་གྲུབ་ནས། དེང་གི་དུས་སུ་བོད་ཆེན་པོའི་ལྗོངས་ཀྱི་འགྲོ་བ་སྤྱིའི་བསོད་ནམས་ཀྱི་ཁང་པ་བརྩེགས་པའི་ནང་དུ་བདེ་བར་བྱོན་

པའི་དགའ་སྟོན་དང༌། གཅིག་ཏུ་བསྟན་སྲིད་ཟུང་འབྲེལ་གྱི་ཁྲི་ལ་མངའ་གསོལ་བའི་ལེགས་སོའི་གཏང་རག་ཏུ། རང་རང་གི་བདོག་པའི་དངོས་པོ་གྱ་ནོམ་པ་དག་སྟོབས་པར་བྱེད་དོ། །དེ་དག་ལ་ཡང་སྔ་ན་མེད་པའི་གཏམ་སྙན་གྱི་བཀའ་སྩལ་དང༌། གནང་སྐྱེས་ཀྱི་རྣམ་པ་མང་པོ་དག་

གིས་ཡིད་ཀྱི་རེ་བ་དག་ཀྱང་ཚིམ་པར་བྱེད་དོ། །གཞན་ཡང་བསོད་ནམས་ཀྱི་མཐུ་ཆེན་པོ་དེས། དེ་ཙམ་ན་རྒྱལ་པོའི་ཕོ་བྲང་གི་ཕྱི་ནང་ཐམས་ཅད་དང༌། མངའ་འོག་ཏུ་གཏོགས་པའི་ཡུལ་ལྗོངས་དང༌། གྲོང་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དང༌། ཚོང་དུས་དང༌། ཕོ་བྲང་དང༌། ཁང་

ཁྱིམ་ཐམས་ཅད་ཀྱང་འབྱོར་པ་དང་རྒྱས་པ་དང༌། བདེ་ཞིང་ལོ་ལེགས་པ་དང༌། མི་དང་སྐྱེ་བོའི་ཚོགས་ཆེན་པོ་རྣམས་ཀྱང་དགའ་གཞས་ཀྱི་གླུ་ལེན་པ་དང༌། གར་གྱིས་རྩེན་པའི་ངོ་མཚར་ཅི་ཡར་རྒྱས་པ་དང༌། ཉེན་ཀོར་གྱི་ཀུན་དགའ་རྭ་བ་དང༌། སྐྱེད་མོས་ཚལ་དང༌། མེ་ཏོག་གི་ལྡུམ་

Vol. 213 · folio 229b

ར་དང༌། ཤིང་ལྗོན་པ་དང༌། ཚང་ཚིང་འཁྲིགས་པའི་ནགས་ཚལ་རྣམས་ཀྱང༌། རིན་པོ་ཆེ་མར་ཀ་ཏི་དང༌། ཨིནྡྲ་ནཱི་ལ་དང༌། གཡུ་ལྗང་གི་ཁ་དོག་ལ་འགྲན་པའི་ལོ་འདབ་དང་ལྡན་པའི་དབྱར་སྐྱེས་ཀྱི་ཕྲེང་བ་དག་ཀྱང༌། རྩ་བ་དང༌། སྡོང་བུ་དང༌། ལྕུག་མ་དང༌། ལོ་མ་དང༌། མེ་ཏོག་དང༌།

འབྲས་བུ་རྣམ་པ་སྣ་ཚོགས་པ་དག་ཀྱང་རང་རང་གི་དུས་ཀྱི་ངོ་མཚར་དང་ལང་ཚོ་ངོམ་པ་བཞིན་དུ་ཉམས་དགའ་བར་བྱེད་དོ། །ཡུལ་ཕྱོགས་དེ་དང་དེ་དག་ཏུ་ནི་གཏེར་དང༌། འབྲུའི་ཚོགས་དང༌། བཟའ་བ་དང༌། བཅའ་བ་དང༌། བཏུང་བ་དང༌། བགོ་བ་དང༌། རྒྱན་དང༌། རྟ་དང་བཞོན་

པ་དང༌། གནག་ལུག་ལ་སོགས་པ་ཉེ་བར་མཁོ་བ་རྣམས་ཀྱང་ཡིད་བཞིན་དུ་འབྱོར་ཞིང་རྒྱས་པར་གྱུར་ཏོ། །གཞན་ཡང་རིན་པོ་ཆེ་གསེར་དང༌། དངུལ་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུརྻ་དང༌། དུང་དང༌། མན་ཤེལ་དང༌། བྱི་རུ་ལ་སོགས་པ་ལྷ་དང་མིའི་དབྱིག་གི་རྣམ་

པ་མང་པོ་ཡང་ཡུལ་ཕྱོགས་དེ་དང་དེ་དག་ཏུ་འཕེལ་བར་གྱུར་ཏོ། །དེ་ལྟར་མཚུངས་པ་མེད་པའི་སྟོབས་དང༌། བསོད་ནམས་ཀྱི་མཐུ་ཆེན་པོས་ཇེ་མཐོར་གྱུར་པའི་སྡོམ་བརྩོན་མིའི་དབང་ཕྱུག་དམ་པ་དེས་ནི། བོད་ཆེན་ལྗོངས་ཀྱི་འཛིན་མའི་དཀྱིལ་འཁོར་རྣམ་པར་ཡངས་པའི་དཀྱིལ་འཁོར་

ཀུན་དུ་འཁོད་པའི་སྐྱེ་དགུ་ཐམས་ཅད་གཞལ་དུ་མེད་པའི་ཐུགས་རྗེ་དང་ཕྲིན་ལས་འདོད་དགུའི་དཔག་བསམ་གྱི་ལྗོན་པ་ལྟར་རྒྱས་པར་གྱུར་པའི་གྲིབ་མ་སྣུམ་པོ་གཅིག་གིས་ཡོངས་སུ་ཁེབས་པར་བྱེད་ཅིང་ཅི་བདེ་བར་སྐྱོང་བ་ལ། རྣམ་པ་ཀུན་དུ་བརྫི་བ་མི་མངའ་ཞིང༌། གལ་ཏེ་སྲིད་པ་དང་ཞི་

བའི་དཔལ་འབྱོར་ཕུན་སུམ་ཚོགས་པ་དང་ལྡན་པར་མཐོང་སྟེ། དེ་ལ་མ་བཟོད་པར་སྡང་བའི་སེམས་དང༌། གདུག་པའི་སེམས་དང༌། དྲག་ཤུལ་གྱི་སེམས་དང༌། བསམ་པ་ངན་པ་དང༌། སྦྱོར་བ་རྩུབ་མོར་གཤོམ་པའི་སྐྱེ་འགྲོ་མི་སྲུན་པ་འགའ་ཞིག་ཡོད་པ་རྣམས་ཀྱང༌། གང་གི་

བསོད་ནམས་ཀྱི་སྟོབས་དང༌། ལྷག་པའི་བསམ་པ་མི་དམན་པའི་ཁང་བཟང་ཡངས་པ་དེ་ན་རྟག་ཏུ་བསྟན་ཅིང་བསྒྲུབས་པའི་དབང་གིས་འབྲལ་བ་མེད་པར་བཞུགས་པའི་ལྷ་དང་སྲུང་མའི་ཚོགས་གཟི་བརྗིད་ཆེ་བ། མཐུ་ཆེ་བ། རྫུ་འཕྲུལ་ཆེ་བ། སྟོབས་ཆེ་བ། ཡེ་ཤེས་ཀྱི་མིག་རྡུལ་

Vol. 213 · folio 230a

མེད་ཅིང་དྲི་མ་དང་བྲལ་བ་མང་པོ་དག་མཆིས་ཏེ། དེ་དག་ལ་ཇི་ལྟར་མངོན་པར་འདོད་པའི་དོན་གང་དང་གང་ཡིན་པ་དེ་དང་དེ་གསོལ་ཞིང་ལས་སུ་བསྒོ་བ་ན། འབད་རྩོལ་དྲག་པོ་ལ་མ་ལྟོས་པར་ལས་ངན་ལ་འདྲིས་ཤིང་བརྩམས་པར་བྱེད་པ་གང་ཡིན་པ་དེ་དག་གཏན་བརླག་ཏུ་

སོང་བ་ཀུན་གྱིས་མངོན་དུ་གྱུར་པ་མང་པོ་དག་ཀྱང་ཡོད་དོ། །དེ་ལྟ་བུའི་ལྷག་པའི་བསམ་པ་དང་བསོད་ནམས་ཀྱི་མཐུ་ཆེན་པོས་ཆབ་སྲིད་ཀྱི་ཐ་གྲུ་རྣམ་པར་ཡངས་པའི་ས་ཆེན་པོ་ཆོས་བཞིན་དུ་སྐྱོང་བ་ལ་ནི་གནོད་པ་དང་སྡོ་བ་མི་མངའ་བའི་ཁར། སླར་ཡང་ཛམྦུའི་གླིང་གི་རྒྱལ་ཁབ་ཆེན་པོ་བཞིའི་

ཡ་གྱལ་དུ་གྱུར་པ་གནམ་གྱི་མཐོངས་ནས་བསྐོས་པའི་ཤར་ཕྱོགས་གོང་མ་རྒྱལ་པོ་ཞེས་བྱ་བ། སའི་སྟེང་ན་མཚུངས་པའི་ཟླ་ཐམས་ཅད་དང་བྲལ་བའི་སྟོབས་དང་ལས་དབང་གི་འཁོར་ལོས་སྒྱུར་བ་ཆེན་པོ་དེས། བཀའ་ལུང་ཛམྦུ་ཆུ་བོའི་གསེར་ལས་བསྒྲུབས་པའི་ཅོད་པཎ་དམ་པ་བས་ཀྱང་

རབ་ཏུ་ལྕི་ཞིང་རིན་ཐང་ཆེ་བ་གང་ཞིག །དེང་གི་སྡོམ་བརྩོན་བླ་མ་ཆེན་པོའི་སྤྱི་བོར་བཅིངས་ཏེ། དེང་ནས་བརྩམས་ཏེ་བོད་ཆེན་པོར་གཏོགས་པའི་ས་གཞིའི་དཀྱིལ་འཁོར་ཆེན་པོ་ཀུན་དུ་འཁོད་པའི་སྐྱེ་འགྲོ་མཐའ་དག་དང༌། མི་བདག་སྤྱིའི་མེས་པོར་དགོས་པའི་འཇའ་ས་དང་གསེར་དམ་

ཆེན་པོ་ཡང་དང་ཡང་དུ་སྩལ་ཏེ། ཤིན་ཏུ་བརླིང་བར་བྱས་པའི་སྒོ་ནས་ཀྱང་མཚུངས་པ་མེད་པའི་སྟོབས་ལྡན་གྱི་རྒྱལ་པོའི་གོ་ས་རུ་དབང་བསྐུར་བ་ལེགས་པར་ཐོབ་བོ། །དུས་ནམ་ཞིག་ན་སྡོམ་བརྩོན་ཆེན་པོ་འདིས་བཞེད་པའི་གཙོ་བོ། མཁན་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་དཔལ་ལྡན་

ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་དང༌། མཁྱེན་རབ་ཀྱི་དབང་ཕྱུག་སངས་རྒྱས་ཡེ་ཤེས་པ་སྟེ། བསྟན་པའི་བདག་པོ་ཆེ་ཆུང་གཉིས་ཀ་ངོར་ནས་དབང་པོའི་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ། རིམ་གྱིས་འབྲི་ཀླུང་གསེར་དང་ལྡན་པ་འབབ་པའི་རྒྱུན་ཕྱོགས་

ནས་བརྒྱུད་དེ་བྱོན་ནོ། །དེ་དག་གི་ལམ་བར་རྣམས་སུ་འཁོད་པའི་དད་ལྡན་གྱི་འགྲོ་བ་རྒྱ་མཚོ་ལྟ་བུ་ལ་རང་རང་གི་བློ་དང་འཚམས་པའི་ཆོས་ཀྱི་བདུད་རྩི་སྩལ་བཞིན་པ་ནས་ལྕགས་ཕོ་སྤྲེལ་ལོའི་རྒྱུ་སྐར་ཐ་སྐར་གྱིས་ཉ་བའི་དཀར་པོའི་ཕྱོགས་ཀྱི་དུས་ཚེས་དགེ་བར། ཆོས་སྡེ་ཆེན་པོ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་དང་

Vol. 213 · folio 230b

ཁད་ཉེ་བའི་ནོར་འཛིན་མའི་ཆ་ཤས་ལྷ་ལུང་ཁུག་ཅེས་བྱ་བར་ཕེབས་སོ། །དེར་ཕེབས་པ་ན་བྱམས་བརྩེའི་དབང་ཕྱུག་སྡེ་དགེ་བླ་མ་ཆེན་པོ་འདི་ཉིད་སྐུ་འཁོར་རྣམས་ཀྱིས་མཚོན་པའི་ཆིབས་བསུའི་རིམ་པ་མང་པོ་དག་གིས་བྱོན་ནས་བསུ་ཞིང༌། ཁྱད་པར་ལྷུན་གྲུབ་སྟེང་གི་གདན་ས་འདིར་འབྱོན་པའི་

སྟ་གོན་ཡང་འདི་ལྟར་བརྩམས་ཏེ། དེའང་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས། ཁྱོད་ལ་བསུ་བས་དཔལ་དུ་བྱེད། །བརྟེན་པས་བློ་གྲོས་མཆོག་ཏུ་འགྱུར། །བསྟེན་ན་འཇིགས་པ་མེད་པར་མཛད། །བསྙེན་བཀུར་བགྱིས་པའང་བདེ་བ་འབྱུང༌། །ཞེས་གསུངས་པ་ལྟར་རང་གི་དངོས་ཀྱི་བླ་མ་བསུ་བ་

དང་སྐྱེལ་མར་བྱས་པའི་འབྲས་བུ་ནི་མཐར་ཐུག་ཕྱག་ཞབས་འཁོར་ལོས་མཚན་པ་འཐོབ་པ་ལ་སོགས་པའི་ཕན་ཡོན་རྗེས་སུ་དྲན་པ་སྡོམ་བརྩོན་བླ་མ་ཆེན་པོ་དེའི་བཀའི་བཀོད་པས་ཇི་ལྟར་སྩལ་བ་དེ་བཞིན་དུ། ས་ཕྱོགས་འདིའི་ཁོ་ར་ཁོར་ཡུག་དང༌། ཡངས་པའི་ཁྱམས་དང༌། སྲང་བར་དང༌།

བཞི་མདོ་དང་སུམ་མདོ་རྣམས་སུ་ཕྱག་དར་གྱི་ཚོགས། རྡོ་བ་དང༌། བོང་བ་དང༌། གསེག་མ་དང༌། གྱོ་མོ་དང༌། སྡོང་དུམ་དང༌། སོ་ཕག་དང༌། མི་གཙང་བའི་འདམ་དང་ལྗན་ལྗིན་གྱི་ཚོགས་ལེགས་པར་བསལ་ཏེ། དྲི་ཞིམ་པོ་དང་ཙནྡན་གྱི་ཆུས་རྡུལ་གྱི་འཚུབ་མ་མེད་པར་ཆག་ཆག་ལེགས་

པར་བཏབ་ལ། དེ་ནས་རིན་པོ་ཆེ་རྣམ་པ་བཞིའི་ཁ་དོག་ལ་མངོན་པར་འཁུ་བའི་སྟེགས་བུ་དང༌། བ་གམ་དང༌། རྟ་བབས་དང༌། སྒོ་དང༌། སྒོ་ཁང་དང༌། སྐར་ཁུང་དང༌།ཁྱམས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་གཙུག་ལག་ཁང་དང༌། ལྷའི་ཁང་བཟང་དང༌། རྒྱལ་པོའི་ཕོ་

བྲང་དང༌། དགེ་འདུན་གྱི་གནས་མལ་དང༌། སྒྲུབ་པའི་ཁང་པ་དང༌། ཁང་པ་བརྩེགས་པ་དང༌། སྐྱེད་ཚལ་གྱི་དོ་ར་རྣམས་སུ་ཡིད་ལ་མི་འབབ་པ་མེད་པའི་རྒྱན་གྱི་བྱེ་བྲག་མང་པོས་ལེགས་པར་བརྒྱན་པ་ནི་འདི་ལྟ་སྟེ། རྒྱ་གར་དང༌། བལ་པོ་དང༌། ཁ་ཆེ་དང༌། སྟོང་འཁུན་གྱི་

ཡུལ་ལས་འོངས་པའི་གོས་བཟང་དང༌། རས་དར་གྱི་བྱེ་བྲག་ཁ་དོག་དཀར་པོ་དང༌། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལེ་བརྒན་དང༌། སྣ་ཚོགས་སྤེལ་བ་དག་གིས་རྒྱལ་མཚན་དང༌། བ་དན་དང༌། བླ་རེ་དང༌། ཡོལ་བ་དང༌། འཕན་གྱི་རྣམ་པ་དང༌། རིན་པོ་ཆེའི་རྔ་

Vol. 213 · folio 231a

ཡབ་ཀྱི་རྣམ་པ་མང་པོ་དག་བསྒྲེང་བ་དང་དཔྱངས་པས་ཀུན་ནས་མཛེས་པར་བྱས་སོ། །གཞན་ཡང་མེ་ཏོག་གི་ཕྲེང་བ་དང༌། གསེར་གྱི་དྲྭ་བ་དང༌། མུ་ཏིག་གི་ཆུན་འཕྱང་དང༌། དྲིལ་བུ་གཡེར་ཁའི་ཕྲེང་བ་དང༌། མེ་ཤེལ་དང༌། ཆུ་ཤེལ་དང༌། ཟླ་བ་རླུང་གིས་བསྐྱོད་

པ་རྣམས་ཀྱིས་འགྲོ་བ་མང་པོའི་སྙིང་ལ་སྔ་ན་མེད་པའི་དགའ་བ་རབ་ཏུ་སྟེར་བར་བྱས་སོ། །གཞུང་ལུགས་རབ་འབྱམས་འཛིན་ཅིང་སྨྲ་བའི་མགྲིན་པ་རྣམ་པར་ཡངས་པའི་བླ་མ་དང༌། དགེ་སློང་གི་དགེ་འདུན་རྒྱ་མཚོ་ཆེན་པོའི་རྡུལ་གྱི་གྲངས་དང་མཉམ་པས་མདུན་ནས་བསུ་བའི་སེར་སྦྲེང་གི་

མཚར་དུ་དངར་བ་དག་ནི་ངུར་སྨྲིག་བླ་གོས་གསར་པའི་ཚོན་གྱིས་ས་དང་ནམ་མཁའི་ཁ་དོག་ཀྱང་བསྒྱུར་བ་སྙམ་བྱེད་པ་རྣམས། ཁ་ཅིག་ནི་ཨ་ག་རུ་དང༌། ཏུ་རུཥྐ་དང༌། ཧ་རི་ཙནྡན་ལ་སོགས་པ་ལྷན་ཅིག་སྐྱེས་པ་དང་སྦྱར་བའི་བདུག་སྤོས་ཀྱི་དུད་པ་ནི། ཆར་ལྡན་མའི་དུས་ཀྱི་སྤྲིན་སྔོན་

ཡིད་དུ་འོང་བ་རབ་ཏུ་བརྩེགས་པ་ལ་ཅོ་འདྲི་བ་ལྟ་བུའི་ཕྱོགས་ཀྱི་ཁོར་ཡུག་ཐམས་ཅད་ཀྱང་ཚུལ་ཁྲིམས་དང་ལྡན་པའི་ལུས་བཞིན་དུ་བྱེད་དོ། །ལ་ལ་ནི་སྲུང་མ་རྒྱ་མཚོའི་སྡེ་དཔོན་ཆེན་པོ་རྡོ་རྗེ་གུར་གྱི་མགོན་པོ་ལྕམ་དྲལ་ལྷ་བརྒྱད་དང༌། ཞིང་སྐྱོང་ཆེན་པོ་བྲམ་ཟེའི་གཟུགས་ཅན་དང་བཅས་

པའི་འཆམ་སྐུ་ཆེན་པོ་ཕལ་ཐོག་ཕྱེད་གཉིས་ཙམ་བརྒལ་བ་བསྣམས་ཏེ། སྒེག་པའི་སྟང་སྟབས་མང་པོ་བྱེད་ཀྱིན་བསུའོ། །འགའ་ཞིག་ནི་བཀྲ་ཤིས་དང་དགེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་རྗེ་བཙུན་ཆེན་པོ་ཉིད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་

བསྐལ་པ་མང་པོར་སྐུ་གསུང་ཐུགས་མི་འགྱུར་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བརྟན་པར་བཞུགས་ནས། སེམས་ཅན་གྱི་དོན་ལ་བསྐུལ་བའི་ཚིགས་སུ་བཅད་པ་ཐམས་ཅད། ཆོས་ཀྱི་དུང་དང༌། གླིང་བུ་དང༌། རྔ་བོ་ཆེ་དང༌། སིལ་སྙན་ལ་སོགས་པའི་རོལ་མོའི་བྱེ་བྲག་ཐ་དད་པ་དེ་དང་དེ་དག་

གི་གདངས་སུ་བསྒྱུར་ཏེ་འབུད་པ་དང་འཁྲོལ་བར་བྱེད་དོ། །ཕལ་ཆེ་བ་དག་ནི་བརྒྱ་བྱིན་གྱི་ཚོན་གྱི་ཁ་དོག་དང༌། སྟོན་ཀའི་ཟླ་བའི་འོད་དང༌། བཙོ་མའི་གསེར་དང༌། གུར་གུམ་དང༌། ལེ་བརྒན་རྩི་དང༌། ཨུཏྤ་ལ་དང༌། ཀརྞི་ཀ་དང༌། ལྡོང་རོས་དང༌། མཚལ་དང༌། མཐོན་

Vol. 213 · folio 231b

ཀ་ཆེན་པོ་དང༌། མར་ཀ་ཏི་དང༌། རྨ་བྱའི་ལྐོག་མའི་མདོངས་ལྟ་བུའི་རས་དང་དར་གྱི་ཁྱད་པར་རབ་ཏུ་མང་པོ་ལས་བྱས་པའི་གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། ལྡ་ལྡི་དང༌། ཕྱེ་མ་ཕུར་མ་དང༌། འཕན་གྱི་རྣམ་པ་བགྲང་ལས་འདས་པ་བསྒྲེང་བ་རྣམས་ནི་ཡིད་འཕྲོག་

རླུང་གི་བགྲོད་པ་དལ་བུས་ཀྱང་ཅུང་ཟད་བསྐྱོད་པ་དང་བཅས་ཏེ་མདུན་ནས་བསུ་བར་བྱེད། དེ་དག་ལས་གཞན་པའི་རྒྱལ་པོ་དང༌། རྒྱལ་ཕྲན་དང༌། བློན་པོ་དང༌། རིག་བྱེད་པ་དང༌། ཁྱིམ་བདག་དང༌། གྲོང་ཁྱེར་གྱི་སྐྱེ་བོ་དང་ཞོ་ཤས་འཚོ་བ་རྣམས་ནི་ཕྱོགས་ཀྱི་དཀྱིལ་འཁོར་ཀུན་དུ་ཡོངས་

སུ་ཁྱབ་པར་ས་ཆེན་པོའི་རྡུལ་བཞིན་དུ་ལྷགས་པ་རྣམས་ཀྱིས་ཀྱང་མཁན་ཆེན་ཐམས་ཅད་མཁྱེན་པ་ཆེན་པོའི་ཞལ་གྱི་དཀྱིལ་འཁོར་མཐོང་ན་དོན་གྱི་སྙིང་པོ་དམ་པས་ཡོངས་སུ་ལྕི་བ་གང་དེར། མིག་གི་དབང་པོས་ཡང་དང་ཡང་དུ་མཇལ་ཞིང༌། ལག་པའི་ཐལ་སྦྱར་བཅིངས་པ་སྤྱི་བོའི་རྒྱན་དུ་བཀོད་

དེ། ཕྱག་གི་ཕྲེང་བ་གྲངས་མེད་པ་བརྩེགས་པས་མངོན་པར་མཆོད་པ་དང༌། འདི་ཕྱི་བར་དོའི་གནས་སྐབས་ཀུན་དུ་ཡེ་ཤེས་ཀྱི་གཟིགས་པ་དམ་པས་འཇུག་པའི་གསོལ་བ་འདེབས་པ་ལ་བྲེལ་བར་གྱུར་ཏོ། །དེར་མ་ཟད་དུས་དེ་ཉིད་དུ་རྗེ་བཙུན་དམ་པ་ཉིད་འབྱོན་པའི་མདུན་ཕྱོགས་ཀྱི་ནམ་མཁའི་

ཁམས་ཕལ་ཆེར་ཡང་སྤྲིན་གྱི་དུམ་བུ་མཆོད་རྫས་ཀྱི་རྣམ་པ་ཅན་མང་པོ་ཆེད་དུ་བྱས་པ་ལྟ་བུས་གཏམས་པའི་ཁྲོད་ན། ཁ་དོག་ལྔ་ལྡན་གྱི་འཇའ་ཚོན་གསར་པའི་རང་བཞིན་ཡིན་པ་ལ། རྣམ་པ་ནི་ལྷའི་རྒྱལ་མཚན་དང༌། ལྷའི་བ་དན་དང༌། ལྷའི་འཕན་དང༌། ལྷའི་གོས་བཟང་སྲབ་ལ་

འཇམ་པ་དང་འདྲ་བ་དག་ཀྱང་ཆེད་དུ་དཔྱངས་པ་ལྟ་བུར་མཆིས་པ་འགྲོ་བ་མང་པོའི་མཐུན་སྣང་དུ་བྱུང་ངོ༌། །ཚུལ་དེ་ལ་དཔག་ན་སྡེ་དགེ་ས་སྐྱོང་བླ་མ་ཆེན་པོ་འདིའི་སྔོན་གྱི་དུས་ནས་བསགས་པའི་བསོད་ནམས་ཀྱི་སྟོབས་དང༌། ཐུགས་བསྐྱེད་རྨད་དུ་བྱུང་བའི་ལེགས་བྱས་ཀྱི་མཐུ་ཆེན་པོས།

དཀར་པོའི་ཕྱོགས་སུ་མངོན་པར་དགྱེས་པའི་ལྷ་དང་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པ་དག་ཀྱང་ས་སྐྱོང་ཆེན་པོ་རང་གི་མཐུན་པའི་གྲོགས་སུ་ཉེ་བར་བཀུག་ནས་མཁན་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་ཉིད་འདིར་སྤྱན་འདྲེན་པ་དང་བསུ་བ་བྱ་བའི་གྲོགས་སུ་ནམ་མཁའི་མཐོངས་ལ་

Vol. 213 · folio 232a

ལྷགས་པར་གདོན་མི་ཟའོ། །ཅིས་མངོན་ན། སྔོན་དུས་དེད་དཔོན་དོན་ཀུན་གྲུབ་པས་རྒྱ་མཚོ་ལས་ཡིད་བཞིན་གྱི་ནོར་བུ་རྙེད་པ། ནག་ཕྱོགས་ཀླུ་གདུག་པ་ཅན་གྱིས་ཕྲག་དོག་གིས་རྒྱ་མཚོར་དོར་བ་ན། དེད་དཔོན་སྙིང་སྟོབས་ཀྱི་མཐུ་བྲི་བ་མེད་པ་དེས། ལྷ་

བདག་གི་རིན་པོ་ཆེ་སྩོལ་ཅིག་ཅེས་ཡང་ཡང་སྨྲས་ཀྱང་དེས་ནོར་བུ་མ་བྱིན་པ་དང༌། ད་ནི་བདག་གིས་རྒྱ་མཚོ་ཆེན་པོ་ཡོངས་སུ་བསྐམ་པར་མ་གྱུར་གྱི་བར་དུ་ཕྱིར་དོར་ལ་ཡིད་བཞིན་གྱི་ནོར་བུ་དེ་བླང་བར་བྱའོ། །བླངས་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དབུལ་འཕོངས་ཀྱི་རྒྱུན་གཅད་པར་བྱའོ་

ཞེས་དམ་བཅས་ཏེ་རྒྱ་མཚོའི་ཆུ་འཕྱགས་པར་བརྩམས་པ་ན། ལྷའི་དབང་པོས་དེའི་ལྷག་པའི་བསམ་པ་རྟོགས་ནས་ལས་སྣ་ཚོགས་པ་ལ་ཆུ་སྣོད་བྱིན་ཅིག་ཅེས་བསྒོ་བ་ན། དེས་ཀྱང་དེ་མ་ཐག་ཏུ་ཆུ་འཕྱགས་པའི་གཞོང་པ་དག་སྤྲུལ་ཏེ་བྱིན་པས། དེར་བསྟན་ལ་དགའ་བའི་ལྷ་རྣམས་ཀྱང་

དེའི་གྲོགས་སུ་ལྷགས་ནས་རྒྱ་མཚོ་བསྐམ་པར་བརྩམས་པ་ན། ཀླུ་དེས་ཀྱང་དེད་དཔོན་མཐུ་ཆེན་པོ་དང་ལྡན་པ་ཡིན་པར་ཤེས་ནས་སྐྲག་སྟེ་ནོར་བུ་དེ་བྱིན་པ་ལྟ་བུའོ། །མདོར་ན་སྡོམ་བརྩོན་སྡེ་དགེ་བླ་མ་ཆེན་པོ་ཞེས་བྱ་བ། གང་གི་ཐུགས་རྒྱུད་ཀྱི་དད་པའི་ཞིང་ས་གཤིན་པ། ཐུགས་བསྐྱེད་

ཀྱི་ས་བོན་དགེ་བ། ཕན་སེམས་ཀྱི་སོ་ནམ་ལེགས་པ། ཐབས་མཁས་ཀྱི་སྲུང་བས་བསྲུངས་པ། སྙིང་སྟོབས་ཀྱི་དྲོད་གཤེར་འཛོམ་པ། སྨོན་ལམ་གྱི་ཆར་ཆུ་ཞོད་པ་སྟེ། མཐུན་པའི་རྐྱེན་ཐམས་ཅད་ཚོགས་པའི་དུས་འདིར། ས་བདག་མཆོག་གིས་མཚོན་པའི་ས་སྟེངས་ཀྱི་སྐྱེ་

འགྲོ་སྤྱིའི་བསོད་ནམས་རྣམ་པར་ཡངས་པའི་དགའ་ཚལ་དམ་པ་དེ་ན། སྐྱབས་གཅིག་མཚུངས་པ་མེད་པའི་མཁན་ཆེན་སྐྱེ་དགུའི་དཔག་བསམ་ཆེན་པོ་ཞེས་བྱ་བ། བྱམས་པའི་རྩ་བ་བརླིང་བ། སྙིང་རྗེའི་སྡོང་པ་རྒྱས་པ། ཕན་སེམས་ཀྱི་ཡལ་ག་བརྐྱངས་པ། ཡོན་ཏན་གྱི་མེ་ཏོག་

ཁ་བྱེ་བ། ཕྲིན་ལས་ཀྱི་ལོ་འདབ་རྒྱས་པ། ཕན་བདེའི་གྲིབ་མ་འགུགས་པ། ཉོན་མོངས་པའི་ཚ་གདུང་འཇིལ་བ། ཆོས་ཀྱི་སྦྱིན་ཆེན་འགྱེད་པ། མོས་པའི་ཤིང་རྟ་འགེངས་པ། ཐར་པའི་འབྲས་བུ་སྟེར་བར་བྱེད་པའི་བདག་ཉིད་ཆེན་པོ་གང་འདི་དེང་གི་དུས་མདོ་སྟོད་སྨད་བར་གསུམ་གྱི་

Vol. 213 · folio 232b

སྐྱེ་འགྲོ་སྤྱིའི་ཕན་པ་དང་བདེ་བ་འཛད་པ་མེད་པར་འབྱུང་བའི་གནས་སུ་གྱུར་པའི་མགྲོན་གྱི་དམ་པ་ཉིད་དུ་ལེགས་པར་སྤྱན་དྲངས་སོ། །དེ་ནས་བརྩམས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་ལ་ཕྲིན་ལས་གཞལ་དུ་མེད་པས་ཕན་འདོགས་པ་དང༌། སེམས་ཅན་དཔག་ཏུ་མེད་པ་

གང་དེའི་མཁྱེན་པ་དང༌། བརྩེ་བ་དང༌། ནུས་པ་མཆོག་གི་ར་བ་ཡངས་པ་ན་ཆུད་པར་མཛད་དོ། །དེ་ལྟ་བུའི་སྐྱབས་གཅིག་མཚུངས་པ་མེད་པ་གང་དེ་མཆོག་དམན་གྱི་འགྲོ་བ་སྤྱིའི་དཔལ་དུ་དཀའ་བ་མེད་པར་ཐོབ་པ་དེའང་རྒྱལ་པོའམ། རྒྱལ་ཕྲན་ནམ། བློན་པོའམ། ཕ་མ་

འམ། མཛའ་བཤེས་ལ་སོགས་པ་གཞན་གང་གི་ཡང་དྲིན་ལས་བྱུང་བ་མ་ཡིན་གྱི། ཆོས་སྐྱོང་བའི་བླ་མ་ཆེན་པོ་བསོད་ནམས་ཀྱི་སྐལ་བར་ལྡན་པ་འདི་ཉིད་ཁོ་ནའི་སྐུ་དྲིན་ལས་བྱུང་བར་ཤེས་པར་བྱའོ། །དེས་ན་ཚུལ་འདི་ཁོ་ན་ལ་བསམས་ཀྱང་སྐྱེས་བུ་སྟོབས་དང་ལྡན་པ་སུ་ཞིག་གིས་

སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ་ལུས་པ་རིན་ཆེན་གསེར་གྱི་བྱེ་མས་བཀང་སྟེ། ཉི་མ་རེ་རེ་ཞིང་བཅལ་ཡང་གང་གི་སྐུ་དྲིན་གྱི་ཚད་དང་ནམ་ཡང་མཉམ་པར་མི་འགྱུར་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚེ་འདིའི་འདུན་མ་ཙམ་མ་ཟད། ཚེ་རབས་གཏན་གྱི་འདུན་མ་མྱ་ངན་ལས་

འདས་པ་ཆེན་པོའི་ཕྱོགས་སུ་གཞོལ་ཞིང་འབབ་པར་འགྱུར་བའི་ལྷག་པའི་བསམ་པ་རྣམ་པར་དག་པ་ལས་བྱུང་བའི་མཐུ་ཉིད་ཀྱིས་སོ། །གཉིས་པ་སྐལ་བར་ལྡན་པས་བསྟན་པ་དང་འགྲོ་ལ་ཕན་པ་བསྒྲུབ་པའི་ཁྱད་པར་ལ་གསུམ་སྟེ། ཟང་ཟིང་གི་སྦྱིན་པས་བསྟན་པ་དང་འགྲོ་བ་ལ་ཕན་པ་

བསྒྲུབ་པའི་ཁྱད་པར། ཆོས་ཀྱི་སྦྱིན་པས་བསྟན་པ་དང་འགྲོ་བ་ལ་ཕན་པ་བསྒྲུབ་པའི་ཁྱད་པར། བྱམས་པ་དང་མི་འཇིགས་པའི་སྦྱིན་པས་བསྟན་པ་དང་འགྲོ་བ་ལ་ཕན་པ་བསྒྲུབ་པའི་ཁྱད་པར་རོ། །དང་པོ་ནི་དེ་ལྟར་བསོད་ནམས་ཀྱི་སྐལ་བར་ལྡན་པའི་སྐྱེས་བུ་དམ་པ་དེ་ལ་སྔོན་གྱི་དགེ་བའི་མཐུ་དམན་

པ་མིན་པའི་བག་ཆགས་བཟང་པོ་ཡོངས་སུ་སད་པའི་གྲོགས་ཀྱིས་བསྐུལ་བའི་རྣམ་པར་རྟོག་པ་གཉིས་ཤིག་སྐྱེས་པར་གྱུར་ཏོ། །དེའང་འདི་ལྟར། འཁོར་བའི་ཕུན་སུམ་ཚོགས་པ་དག་ནི་རྟག་ཅིང་བརྟན་ལ་མི་འགྱུར་བའི་གོ་འཕང་ལྟ་བུར་ཡིད་ལ་བྱེད། བློ་དེ་ལ་བརྟེན་ནས་འབྱོར་པ་དང་ནུས་པ་

Vol. 213 · folio 233a

ཡོད་བཞིན་དུ་མཆོད་པ་འབུལ་བ་དང་སྦྱིན་པ་གཏོང་བ་ལ་སོགས་པ་དགེ་བའི་ཆེད་དུ་ཆུང་ངུ་ཡང་གཏང་བར་མི་ནུས་པ་དག་ཡོད་དེ། དེ་དག་ནི་སྐྱེས་བུ་ཤིན་ཏུ་མ་རབས་ཀྱི་སྤྱོད་པར་གྱུར་པ། ཚེ་འདིར་ཡང་སོག་སྲུང་གི་སྡུག་བསྔལ་ཆེ་བ་དང༌། སྐྱེ་བ་གཞན་དུ་ཡང༌།

མདོ་སྡུད་པར། སེར་སྣ་ཅན་ནི་ཡི་དྭགས་གནས་སུ་སྐྱེ་བར་འགྱུར། །གལ་ཏེ་མིར་སྐྱེ་ན་ཡང་དབུལ་པོ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟ་བུའི་འབྲས་བུ་མི་འདོད་པ་མྱོང་བར་འགྱུར་བའི་ལས་ཅན་ཞིག་གོ །ཡང་ཇི་སྐད་དུ། བསགས་པ་ཀུན་མཐའ་འཛད་པ་སྟེ། །མཐོན་

པོའི་མཐའ་ནི་དམའ་བ་ཡིན། །འདུས་པའི་མཐའ་ནི་འབྲལ་བ་སྟེ། །འཚོ་བའི་མཐའ་ནི་འཆི་བ་ཡིན། །ཞེས་གསུངས་པ་ལྟར་འཁོར་བའི་ཕུན་སུམ་ཚོགས་པ་ནི་ཇི་ལྟར་བདོག་ཀྱང་མི་རྟག་ཅིང་མི་བརྟན་ལ་འགྱུར་བ་སྙིང་པོ་མེད་པ་དང༌། ཁྱད་པར་ནོར་གྱི་འབྱོར་པ་ནི། རྔ་བོ་ཆེའི་མདོ་

ལས། ནོར་ནི་དགྲ་དང་ཆོམ་རྐུན་སོགས་མང་དང༌། །རྒྱལ་པོ་མེ་དང་ཆུ་དང་མཛའ་བཤེས་དང༌། །ཉེ་དུ་མི་མཛའ་བགོ་སྐལ་སྤྱོད་མང་གིས། །སྡིག་པར་སྤྱོད་པ་ཡིས་ནི་འཛད་པར་འགྱུར། །ཞེས་དང༌། བཤེས་སྤྲིང་ལས། ངེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ། །འདོད་པ་

ཆུང་རྣམས་དེ་ལྟ་མ་ལགས་ཏེ། །ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །ཞེས་གསུངས་པ་ལྟར་འཇིགས་པ་དང་གསོད་པ་དང༌། སྡུག་བསྔལ་བ་དུ་མའི་འབྱུང་གནས་ཆེན་པོ་སྟེ། ཚུལ་དེ་ལ་སེམས་ཤིང་ཇི་ལྟར་ནུས་པའི་སྒོ་ནས་དཀོན་

མཆོག་ལ་མཆོད་པ་འབུལ་བ་དང༌། སློང་བ་ལ་སྦྱིན་པ་གཏོང་བ་ལ་སྤྲོ་བ་དག་ཡོད་དེ། དེ་དག་ནི་སྐྱེས་བུ་དམ་པའི་ཁོངས་སུ་འགྲོ་བ། ཚེ་འདིར་ཡང་སེར་སྣ་དང་སོག་སྲུང་གི་སྡུག་བསྔལ་མེད་པ་དང༌། སྐྱེ་བ་གཞན་དུ་ཡང༌། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པ་ལྟ་

བུའི་འབྲས་བུ་ཡིད་དུ་འོང་བ་འཐོབ་པར་འགྱུར་བའི་ལས་ཅན་ཞིག་གོ །དེ་ལྟར་ཡིན་པ་ཡང་གང་གིས་ཤེས་ན། མང་དུ་སྨོས་པས་ཅི་ཞིག །སྙིང་པོ་དམ་པ་བླང་དུ་ཡོད་པའི་སྐབས་འདིར་འབད་པ་བརྒྱ་སྟོང་མང་པོས་བསྒྲུབ་པར་བྱ་བའི་སྙིང་པོ་ནི་མཐར་ཐུག་གི་འབྲས་བུ་རྣམ་པ་ཐམས་ཅད་

Vol. 213 · folio 233b

མཁྱེན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་སྟེ། དེ་ཉིད་གང་ལ་བརྟེན་ནས་མཐར་ཕྱིན་པར་གྱུར་པའི་སྔོན་གྱི་སྐྱེས་བུ་ཆེན་པོ་ཇི་སྙེད་ཅིག་བྱོན་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཐམས་ཅད་ཀྱི་དང་པོར་གྱུར་པ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཉིད་དེ། སྐྱེས་པ་རབས་

ཀྱི་གླེང་གཞིའི་མདོ་ལས། བདག་གིས་སངས་རྒྱས་བྱེད་པའི་ཆོས། །གང་དང་དེ་རུ་བཙལ་བྱས་པ། །སྟེང་དང་འོག་དང་ཕྱོགས་བཅུ་དང༌། །ཆོས་ཀྱི་དབྱིངས་ཀྱི་བར་དུའོ། །དེ་ཚེ་བཙལ་བ་ན་ནི་མཐོང༌། །དང་པོར་སྦྱིན་པའི་ཕ་རོལ་ཕྱིན། །སྔོན་གྱི་སྐྱེས་བུ་ཆེན་པོ་ཡི། །ལམ་ནི་ཕ་རོལ་

ཕྱིན་རྗེས་འགྲོ། །འདི་ནི་རེ་ཞིག་ཁྱོད་ཀྱིས་ཀྱང༌། །བརྟན་པོར་བྱས་ནས་བཟུང་བར་གྱིས། །གལ་ཏེ་བྱང་ཆུབ་ཐོབ་འདོད་ན། །སྦྱིན་པའི་ཕ་རོལ་ཕྱིན་པར་གྱིས། །ཞེས་གསུངས་ཤིང་གནས་སྐབས་ཐམས་ཅད་དུ་ཡང་སྙིང་པོས་རྣམ་པར་དབེན་པའི་ནོར་ལས་སྙིང་པོ་དམ་པ་བླངས་པར་

འགྱུར་བ་དང༌། མཛའ་བཤེས་དང༌། ཉེ་དུ་དང༌། དགྲ་དང་ཆོམ་རྐུན་ལ་སོགས་པས་གཙེ་བར་མི་འགྱུར་བ་དང༌། མངོན་པར་འདོད་པ་དང་སེར་སྣའི་ཉོན་མོངས་པ་རྣམས་ཀྱིས་བདག་ཟིལ་གྱིས་གནོན་པར་མི་འགྱུར་བ་དང༌། སོག་སྲུང་ལ་སོགས་པ་འཁོར་བའི་སྡུག་བསྔལ་གྱི་ལམ་

ལས་འདའ་བར་བྱེད་པའི་བཞོན་པ་བདེ་བ་ཉིད་དུ་འགྱུར་བ་དང༌། ཡོན་ཏན་གྱི་ཚོགས་དང་གྲགས་པ་དཀར་པོ་ཡང་རྣམ་པར་འཕེལ་བར་འགྱུར་བ་དང༌། སྐྱེ་བ་ནས་སྐྱེ་བར་ལོངས་སྤྱོད་འཛད་པ་མེད་པའི་གཏེར་ལ་སྤྱོད་པའི་རྒྱུར་འགྱུར་བ་དང༌། མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པར་

འགྱུར་བ་དང༌། དབང་ཕྱུག་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་བ་སྟེ། ཀོ་ས་ལའི་སྐྱེས་པའི་རབས་ལས། སྦྱིན་པ་ཞེས་བྱ་གཏེར་ཆེན་རྗེས་འགྲོ་རྐུན་པོ་ལ་སོགས་ཐུན་མོང་མིན། །སྦྱིན་པ་འདོད་དང་སེར་སྣའི་སྐྱོན་གྱིས་རྡུལ་ཅན་སེམས་ནི་སྦྱོང་བར་བྱེད། །སྦྱིན་པས་འཁོར་བའི་

ལམ་བགྲོད་ངལ་བ་མེད་པ་བཞོན་པ་བདེ་བ་ཡིན། །སྦྱིན་པས་བདེ་བ་མང་པོ་འགྲུབ་ཅིང་གྲོགས་པོ་བཟང་པོའི་མཆོག་ཡིན་ནོ། །འབྱོར་པ་ཕུན་སུམ་ཚོགས་པའམ་བཀའ་ལུང་ཡོན་ཏན་ནམ། །སུམ་ཅུ་རྩ་གསུམ་ཕོ་བྲང་གནས་སམ་གཟུགས་བཟང་ཡོན་ཏན་ནམ། །གང་ཞིག་འདོད་པ་དེ་དག་

Vol. 213 · folio 234a

ཐམས་ཅད་སྦྱིན་པས་ཐོབ་པར་འགྱུར། །དེ་ལྟར་ངེས་དོན་གཏན་ལ་ཕབ་ན་སྦྱིན་པ་སུས་མི་བྱེད། །སྦྱིན་པས་ནོར་གྱི་སྙིང་པོ་ལེན་པར་གསུངས། །སྦྱིན་པ་དབང་ཕྱུག་རྣམས་ཀྱི་རྒྱུ་ཞེས་གསུངས། །སྦྱིན་པ་དཔལ་ལྡན་སྐྱེ་བོ་མཆོག་གི་ཚུལ། །ཤེས་རབ་ཆུང་ངུས་རྡུལ་ཙམ་

སྦྱིན་མི་ནུས། །ཞེས་དང༌། ཁང་བུ་བརྩེགས་པའི་མདོ་ལས། ཀུན་དགའ་བོ་འདི་ལྟར། དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ནི་ཤིན་ཏུ་རབ་ཏུ་གནས་པ་ཡིན་ནོ། །དེ་ཤིན་ཏུ་རབ་ཏུ་གནས་པའི་ཕྱིར་ཐལ་མོ་སྦྱར་བ་ཡང་ཆུད་ཟ་བར་མི་འགྱུར་ན། སྦྱིན་པ་ལ་སོགས་པ་བྱེད་པ་ལྟ་སྨོས་

ཀྱང་ཅི་དགོས་ཞེས་དང༌། ཆགས་པ་མེད་པའི་སེམས་ཀྱིས་སེར་སྣའི་དགྲ་བོ་ཟིལ་གྱིས་མནན་ནས་སྦྱིན་པ་ལེགས་པར་བྱིན་པའི་མི་དེ་ནི་འཇིག་རྟེན་ན་དཔའ་བོ་ཐམས་ཅད་ཀྱི་ནང་ནས་ཀྱང་ཆེས་དཔའ་བོ་ཉིད་ཡིན་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། འདི་ན་ལན་བརྒྱར་གཡུལ་བཟློག་དཔའ་བོ་

བས། །སེར་སྣ་དགྲར་གྱུར་ཟིལ་གྱིས་མནན་ནས་སུ། །གང་ཞིག་ཆགས་མེད་སེམས་ཀྱིས་སྦྱིན་བྱེད་པ། །དེ་དག་ཆེས་དཔའ་ཡིན་པར་ངེས་གསུངས་སོ། །ཞེས་སོ། །སྦྱིན་པ་གཏོང་བས་ལོངས་སྤྱོད་རེ་ཞིག་ཟད་པ་ལྟར་སྣང་ཡང་ཟད་པའི་མཆོག་ཡིན་པའི་ཕྱིར་འཇིག་རྟེན་འདི་དང་ཕྱི་མར་

བཅས་པར་ཤིན་ཏུ་ཡང་འཕེལ་བའི་ཐབས་བླ་ན་མེད་པ་ཡིན་ཏེ། རྔ་བོ་ཆེའི་མདོར་ཡང༌། རང་དང་རང་གི་ལོངས་སྤྱོད་དག་ལ་ཡང༌། །སྤྱོད་པར་བྱེད་པ་སྐྱེས་བུ་རྣམས་ཀྱི་ནོར། །སྤྱད་པ་ཉིད་ན་གནོད་པ་གཞན་གྱིས་ཀྱང༌། །ཟད་པར་མི་འགྱུར་ཤེས་བྱ་དམ་ཆོས་ཕྱིར། །འདིར་ཟད་བྱས་

མཆོག་ཕ་རོལ་ཟད་མི་འགྱུར། །འཇིག་རྟེན་འདིར་འཕེལ་འཇིག་རྟེན་ཕ་རོལ་དུ། །ཟད་པར་མི་འགྱུར་ཁ་དོག་མཐུར་བཅས་བྱེད། །ཅེས་སོ། །དེ་ལྟ་བུའི་ཕན་ཡོན་གྱི་ཟང་ཟིང་གི་སྦྱིན་པ་དེ་ལ་དབྱེ་ན་གཏོང་བ་དང༌། གཏོང་བ་ཆེན་པོ་དང༌། ཤིན་ཏུ་གཏོང་བ་ཆེན་པོ་དང་གསུམ་དུ་འགྱུར་

ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏོང་བ་རྣམ་པ་གསུམ་སྟེ། གཏོང་བ་དང༌། གཏོང་བ་ཆེན་པོ་དང༌། ཤིན་ཏུ་གཏོང་བའོ། །དེ་ལ་གཏོང་བ་གང་ཞེ་ན། བཟའ་བ་དང༌། བཏུང་བ་དང༌། བཞོན་པ་དང༌། གོས་དང༌། མར་མེ་

Vol. 213 · folio 234b

དང༌། སྤོས་དང༌། རྒྱན་ལ་སོགས་པ་གང་སེམས་ཅན་རྣམས་ལ་ཕན་པར་འགྱུར་བ་མ་གཏོགས་པ་མི་སྦྱིན་པ་གང་ཡིན་པ་དེ་ནི་གཏོང་བའོ། །གཏོང་བ་ཆེན་པོ་འདི་ལྟ་སྟེ། ཆུང་མ་དང༌། བུ་དང༌།བུ་མོ་དང༌། ཡིད་དུ་འོང་བའི་བྲན་དང༌། ཁྱིམ་དང༌། རྒྱལ་སྲིད་རྣམས་ཡོངས་སུ་གཏོང་

བ་ནི་གཏོང་བ་ཆེན་པོའོ། །ཤིན་ཏུ་གཏོང་བ་གང་ཞེ་ན། ལག་པ་དང༌། རྐང་པ་དང༌། རྣ་བ་དང༌། སྣ་དང༌། ཤ་དང༌།རུས་པ་དང༌། པགས་པ་དང༌། མིག་དང༌། ལྕེ་དང༌། མགོ་རུས་དང༌། རྐང་ལ་སོགས་པ་གཏོང་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཤིན་ཏུ་གཏོང་བ་

ཞེས་བྱའོ་ཞེས་གཏོང་བ་རྣམ་པ་གསུམ་དུ་གསུངས་པ་ལས། འདིར་དང་པོ་དང་འབྲེལ་བར་བསགས་པའི་དངོས་པོ་ཐམས་ཅད་མཆོད་སྦྱིན་གྱི་ཆེད་དུ་བཏང་བའི་སྐབས་ཏེ། དེ་ལ་ནང་གསེས་ཀྱིས་སྦྱིན་པར་བྱ་བའི་རྫས་ཀྱང་མ་དག་པའི་སྦྱིན་པ་སྤངས་ནས་སྦྱིན་དུ་རུང་བའི་དངོས་པོ་

རྣམས་སྦྱིན་པར་བྱིན་པའི་རྣམ་པར་སྨིན་པ་སོ་སོར་བཤད་པ་ཡང༌། ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པའི་མདོ་ལས།ཁ་ཟས་སྦྱིན་པར་བྱིན་ན་ནི། །དེ་ནི་ཚེ་དང་ཁ་དོག་དང༌། །སྟོབས་དང་བདེ་བ་ལྔ་པ་སྤོབས། །ཤེས་རབ་ཅན་གྱི་སྦྱིན་པ་ཡིན། །ཁ་ཟས་སྦྱིན་པས་དགའ་བ་དང༌། །ཚེ་རིང་

སྟོབས་ལྡན་བདེ་སྐྱིད་འགྱུར། །སྐོམ་བྱིན་པས་ནི་མཁས་པ་དེ། །ཀུན་དུ་འབར་ཞིང་རབ་འབར་བ། །ཡི་དྭགས་ཉམ་ངར་མི་སྐྱེ་ལ། །སྐོམ་པའི་གནོད་པ་འབྱུང་མི་འགྱུར། །གོས་སྦྱིན་ཤིན་ཏུ་དཔལ་དང་ལྡན། །རྟག་ཏུ་རིགས་ལྡན་གཟུགས་བཟང་ཞིང༌། །མི་དེ་ངོ་ཚ་ཤེས་པར་འགྱུར། །

ཞེས་དང༌། སྦྱིན་པའི་ལེགས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མཁས་པ་རྣམས་ཀྱིས་རྣམ་པ་སུམ་ཅུ་རྩ་བདུན་སྦྱིན་པར་བྱིན་ནོ། །སུམ་ཅུ་རྩ་བདུན་གང་ཞེ་ན། སེར་སྣ་རྣམ་པར་སྤང་བའི་ཕྱིར་དད་པས་སྦྱིན་པ་བྱིན་ནོ། །དུས་

སུ་སྦྱིན་པ་བྱིན་ནོ། །དེ་བཞིན་གཤེགས་པས་གནང་བའི་རུང་བ་དངོས་པོ་གསུམ་ཡོངས་སུ་དག་པས་སྦྱིན་པ་བྱིན་ནོ། །སེམས་ཀྱི་འཁྲུག་པའི་སྐྱོན་ཐམས་ཅད་སྤང་བའི་ཕྱིར་བསྟི་སྟང་དུ་བྱས་ཏེ་སྦྱིན་པ་བྱིན་ནོ། །སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་བའི་ཕྱིར་རང་གི་ལག་ནས་སྦྱིན་པ་བྱིན་ནོ། །

Vol. 213 · folio 235a

གཞན་ལ་མི་གནོད་པར་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་གཏོང་བ་ཆེན་པོ་རབ་ཏུ་ཐོབ་པར་འགྱུར་རོ། །ཁ་དོག་ཕུན་སུམ་ཚོགས་པ་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་ཁ་དོག་མཛེས་པ་རབ་ཏུ་ཐོབ་པར་འགྱུར་རོ། །སྤོས་ཕུན་སུམ་ཚོགས་པ་སྦྱིན་པར་བྱིན་ན་རྣམ་པར་

སྨིན་པ་གྲགས་པའི་སྤོས་རབ་ཏུ་ཐོབ་པར་འགྱུར་རོ། །རོ་བྲོ་བ་ཕུན་སུམ་ཚོགས་པ་སྦྱིན་པར་བྱིན་ན་རོ་བྲོ་བའི་མཆོག་གི་དཔེ་བྱད་བཟང་པོ་རབ་ཏུ་ཐོབ་པར་འགྱུར་རོ། །གྱ་ནོམ་པ་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་ལོངས་སྤྱོད་ཀྱི་ནོམ་པ་རབ་ཏུ་ཐོབ་པར་འགྱུར་རོ། །རྒྱ་ཆེན་པོ་སྦྱིན་པར་བྱིན་ན་

རྣམ་པར་སྨིན་པ་ལོངས་སྤྱོད་རྒྱ་ཆེན་པོ་རབ་ཏུ་ཐོབ་པར་འགྱུར་རོ། །བཟའ་བ་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་སྐྱེ་བ་ཐམས་ཅད་དུ་བཀྲེས་པ་རྣམ་པར་གཅོད་པ་རབ་ཏུ་ཐོབ་པར་འགྱུར་རོ། །བཏུང་བ་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་སྐྱེ་བ་ཐམས་ཅད་དུ་སྐོམ་པ་རྣམ་པར་གཅོད་པ་རབ་ཏུ་

ཐོབ་པར་འགྱུར་རོ། །གོས་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་གོས་ཀྱི་ལོངས་སྤྱོད་སྣ་ཚོགས་པ་རབ་ཏུ་ཐོབ་པར་འགྱུར་རོ། །གནས་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་པུ་ཤུ་དང༌། ཁང་པ་བརྩེགས་པ་དང༌། ཁྱིམ་དང༌། ཁང་པ་དང༌། གཞལ་མེད་ཁང་དང༌། སྐྱེད་ཤིང་གི་རྭ་བ་དང༌།

ཀུན་དགའ་རྭ་བ་དང༌། ཡུལ་རབ་ཏུ་ཐོབ་པར་འགྱུར་རོ། །མལ་ཆ་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་རིགས་མཐོན་པོ་རབ་ཏུ་ཐོབ་པར་འགྱུར་རོ། །བཞོན་པ་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་རྫུ་འཕྲུལ་གྱི་རྐང་པ་བཞི་རབ་ཏུ་ཐོབ་པར་འགྱུར་རོ། །སྨན་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་རྒ་ཤི་མེད་ཅིང་

མྱ་ངན་དང་ཀུན་ནས་ཉོན་མོངས་པ་འགོག་པའི་མྱ་ངན་ལས་འདས་པ་རབ་ཏུ་ཐོབ་པར་འགྱུར་རོ། །ཆོས་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་སྐྱེ་བ་དྲན་པ་རབ་ཏུ་ཐོབ་པར་འགྱུར་རོ། །མེ་ཏོག་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་རབ་ཏུ་ཐོབ་པར་འགྱུར་རོ། །ཕྲེང་བ་སྦྱིན་པར་

བྱིན་ན་རྣམ་པར་སྨིན་པ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་དྲི་མ་རྣམ་པར་དག་པ་རབ་ཏུ་ཐོབ་པར་འགྱུར་རོ། །བདུག་པ་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་ཉོན་མོངས་པའི་དྲི་ང་བ་ཐམས་ཅད་མེད་པ་རབ་ཏུ་ཐོབ་པར་འགྱུར་རོ། །གདུགས་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་ཆོས་ལ་དབང་ཐོབ་

Vol. 213 · folio 235b

པ་རབ་ཏུ་འགྱུར་རོ། །དྲིལ་བུ་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་སྒྲ་དབྱངས་ཡིད་དུ་འོང་བ་རབ་ཏུ་ཐོབ་པར་འགྱུར་རོ། །སིལ་སྙན་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་ཚངས་པའི་སྒྲ་དབྱངས་རབ་ཏུ་ཐོབ་པར་འགྱུར་རོ། །མར་མེ་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་ལྷའི་མིག་སྒྲིབ་པ་མེད་ཅིང་རྣམ་པར་དག་པ་

རབ་ཏུ་ཐོབ་པར་འགྱུར་རོ། །དར་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་ལྷ་དང་མིའི་ནང་ན་རྣམ་པར་གྲོལ་བའི་དར་གྱིས་བཅིངས་པ་རབ་ཏུ་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་འབྲུ་མར་དྲི་ཞིམ་པོ་ཕུལ་ལམ་སྤོས་ཀྱི་ཁྲུས་ཆུ་དབུལ་

བ་ཕུལ་ན་རྣམ་པར་སྨིན་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་རབ་ཏུ་ཐོབ་པར་འགྱུར་རོ། །ཁྲུས་ཀྱི་ཡོ་བྱད་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་སྐྱེ་བ་ཐམས་ཅད་དུ་ནད་ཉུང་བ་དང་རིགས་མཆོག་ཏུ་སྐྱེ་ཞིང་ཀུན་དུ་མཛེས་པ་རབ་ཏུ་ཐོབ་པར་འགྱུར་རོ། །སྙིང་

པོ་ལྔ་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་སྐྱེ་བ་ཐམས་ཅད་དུ་མཐུ་ཆེ་ཞིང་སྤྲོ་བ་ཆེན་པོ་མི་ཐུལ་བ་རབ་ཏུ་ཐོབ་པར་འགྱུར་རོ། །བྱམས་པ་ལ་གནས་ཏེ་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་གནོད་སེམས་མེད་པ་རབ་ཏུ་ཐོབ་པར་འགྱུར་རོ། །སྙིང་རྗེ་ལ་གནས་ཏེ་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་འཚེ་བ་མེད་

པ་རབ་ཏུ་ཐོབ་པར་འགྱུར་རོ། །དགའ་བ་ལ་གནས་ཏེ་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་མི་འཇིགས་པ་སྦྱིན་པ་རབ་ཏུ་ཐོབ་པར་འགྱུར་རོ། །བཏང་སྙོམས་ལ་གནས་ཏེ་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་མི་དགའ་བ་སྤོང་བ་རབ་ཏུ་ཐོབ་པར་འགྱུར་རོ། །རྣམ་པ་སྣ་ཚོགས་ཀྱི་སྦྱིན་པར་བྱིན་ན་རྣམ་པར་

སྨིན་པ་ལོངས་སྤྱོད་སྣ་ཚོགས་རབ་ཏུ་ཐོབ་པར་འགྱུར་རོ། །ལན་ལ་མི་རེ་བ་ལ་གནས་ཏེ་སྦྱིན་པར་བྱིན་ན་རྣམ་པར་སྨིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཟང་ཟིང་གི་སྦྱིན་པ་ཚུལ་བཞིན་དུ་བྱིན་པའི་ཕན་ཡོན་མང་པོ་དྲི་མ་མེད་པའི་ལུང་གི་

ཚོགས་ཀྱིས་ལེགས་པར་གདམས་པའི་ཡི་གེ་དམ་པའི་རྔ་ཆེན་བརྡུང་བ་ནི་ཅི་ཡང་ཐོས་སོ། །ཐོས་ནས་ཀྱང་སླར་ཡང་འདི་ལྟར་ཐུགས་ལ་སེམས་པར་བྱེད་དེ། རྗེ་ངོར་ཆེན་རྡོ་རྗེ་འཆང་གིས། ད་ལྟའི་བདེ་སྡུག་འབྱོར་རྒུད་འདུ་འབྲལ་རྣམས། །སྔོན་བསགས་ལས་ཀྱི་རྗེས་སུ་འབྲང་བའི་

Vol. 213 · folio 236a

ཕྱིར། །ལས་འབྲས་བསླུ་མེད་དོན་ལ་མ་རྨོངས་པས། །བླང་དོར་ཚུལ་བཞིན་སྤྱོད་དང་ཤེས་ལྡན་དག །ཅེས་གསུངས་པ་ལྟར། བདག་གི་སྔོན་གྱི་སྐྱེ་བར་སྦྱིན་པ་མ་ཉུང་ཙམ་ཞིག་བཏང་བའི་མཐུས། ད་ལྟ་ནི་ཀུན་གྱི་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་སྟོབས་

དང༌། དཔལ་དང་འབྱོར་པ་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཞིག་ཐོབ་པར་གྱུར་པ་འདི་དག་གོ །འོན་ཏེ་འདི་དག་གི་རང་བཞིན་ལ་ཇི་ལྟར་དཔྱད་ཀྱང་འཁོར་བའི་ཕུན་སུམ་ཚོགས་པ་ཞེས་པ་མི་རྟག་པའི་མཐའ་ཅན་གང་རུང་ཞིག་ལས་མ་འདས་པའི་ཕྱིར། ནམ་ཞིག་ན། སྟོན་ཀའི་སྤྲིན་གྱི་

འདུ་འགོད་ལྟར་མི་བརྟན་ཅིང་གཡོ་བའི་རང་བཞིན་ཅན་ཡིན་པ་དང༌། ཚྭ་ཆུ་ལྟར་ཇི་ཙམ་སྤྱད་ཀྱང་ངོམས་པའི་མཐའ་མཐོང་བ་མེད་པའི་རང་བཞིན་ཅན་ཡིན་པ་དང༌། ཆུའི་ཆུ་བུར་ལྟར་སྙིང་པོས་རྣམ་པར་དབེན་པའི་རང་བཞིན་ཅན་ཡིན་པའི་ཕྱིར། ཡིད་བརྟན་དུ་རུང་བ་ནི་ཅུང་ཟད་ཀྱང་མ་

མཆིས་སོ། །འོན་ཀྱང་སྙིང་པོ་མེད་པ་ལས་ཀྱང་སྦྱིན་པ་གཏོང་བ་ལ་སོགས་པའི་སྒོ་ནས། བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་ལེན་པ་ལ་ཤིན་ཏུ་མཁས་པ་ནི་སྔོན་གྱི་སྐྱེས་བུ་ཆེན་པོ་ཐབས་ལ་མཁས་པ་རྣམས་སོ། །དེ་བས་ན་ཁོ་བོ་ཅག་ཀྱང་སྔོན་གྱི་སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་རྣམས་ཀྱིས་ཇི་ལྟར་བླ་ན་མེད་པའི་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་ཆེན་པོ་སྤྱད་པའི་ལམ་གང་ཡིན་པ་དེའི་རྗེས་སུ་ཞུགས་ལ། སེར་སྣ་མེད་པའི་གཏོང་བ་ལ་རབ་ཏུ་དཔའ་བར་གྲགས་པའི་རྔ་བོ་ཆེ་ནི་བརྡུང་བར་བགྱིའོ། །ལན་དང་རྣམ་པར་སྨིན་པ་རེ་བ་མེད་པའི་སྦྱིན་པ་དམ་པའི་སྒོ་བརྒྱ་

ཕྲག་གཅིག་ནི་དབྱེ་བར་བགྱིའོ། །གཏོང་ཕོད་དམན་པ་མིན་པའི་ལག་པ་ནི་བརྐྱང་བར་བགྱིའོ། །འགྲོ་བ་ཐམས་ཅད་ནི་མཆོད་པ་དང་སྦྱིན་པའི་ཞིང་དུ་དགོད་པར་བགྱིའོ་ཞེས་སྙམ་དུ་རྩེ་གཅིག་པས་དགོངས་ཏེ། ཟང་ཟིང་གི་འབྱོར་པ་ཕལ་ཆེ་བ་དག་དགེ་བའི་རྩ་བ་བསྒྲུབ་པའི་ཆེད་དུ་ཚུལ་

བཞིན་དུ་གཏོང་བ་ལ་མི་སྤྲོ་བ་མེད་པའི་སྙིང་སྟོབས་ཀྱི་ཆུ་གཏེར་རབ་ཏུ་འཕེལ་བར་གྱུར་ཏོ། །དེའང་གང་དུ་གཏོང་བར་བྱ་བའི་ཞིང་དུ་གྱུར་པ་ནི། དབུ་མ་བཤེས་པའི་སྤྲིང་ཡིག་ལས། ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཐོང་ནས། །དགེ་སློང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་

Vol. 213 · folio 236b

པ་ཚུལ་བཞིན་སྩལ་བགྱི་ཕ་རོལ་དུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ཞེས་བཤད་པ་ལྟར། སྦྱིན་པའི་ཞིང་ངམ་མཆོད་པའི་ཞིང་ངམ་ཡོན་གྱི་ཞིང་དམ་པར་གྱུར་པ་ནི། དམ་པའི་ཆོས་སྨྲ་བ་དང༌། དགེ་སློང་དང་བྲམ་ཟེ་ལ་སོགས་པ་དང༌། ཕན་འདོགས་པའི་ཞིང་

དུ་གྱུར་པ་ནི་བཀྲེན་པ་དང་ནད་པ་ལ་སོགས་པ་དང༌། རེ་བའི་ཞིང་དུ་གྱུར་པ་ནི་མཛའ་བཤེས་ལ་སོགས་པ་རྣམས་སུ་གསུངས་པ་ལས། འདིར་སྡོམ་བརྩོན་སྐྱེ་དགུའི་བདག་པོ་འདི་ཉིད་ནི། སྤྱིར་ཛམྦུའི་གླིང་གི་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་སུ་བཞུགས་སོ་འཚལ་གྱི་སངས་རྒྱས་བཅོམ་

ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་མཐའ་དག་དང༌། དེ་ཉིད་ཡུན་དུ་གནས་པར་བྱེད་པའི་རྩ་ལག་བསྟན་པ་འཛིན་པའི་གང་ཟག་རྒྱ་མཚོ་ཆེན་པོའི་རྡུལ་གྱི་གྲངས་དང་མཉམ་པ་ཇི་སྙེད་ཅིག་བཞུགས་པ་ཐམས་ཅད་ཀྱི་ཉེར་འཚོའི་གཞིར་གྱུར་པའི་བསྟན་པའི་སྦྱིན་བདག་ཆེན་པོ་ཉིད་དུ་ལེགས་

པར་གྲགས་ཤིང་གྲུབ་པའི་ཚུལ་ཕལ་ཆེ་བ་ནི་གོང་དུ་སྨོས་པ་ལས་ཤེས་པར་འགྱུར་ཞིང༌། དེ་དག་ཙམ་དུ་མ་ཟད་སྐབས་འདི་དང་འོག་ཏུ་འཆད་པར་འགྱུར་བ་རྣམས་སུ་ཡང་རྒྱས་པར་འབྱུང་སྟེ། ཅིའི་ཕྱིར་ན། གནའི་དུས་ནས་དར་བའི་དཔྱ་དང་གཞན་གྱིས་ཕུལ་བ་དང༌། ཚོང་ཟོང་

གིས་བསྒྲུབས་པ་ལ་སོགས་པ་བདོག་པའི་དངོས་པོ་ཐམས་ཅད་ཀྱང་མཐར་དཀོན་མཆོག་ལ་མཆོད་པ་འབུལ་བ་དང༌། གཙུག་ལག་ཁང་བརྩིགས་པ་དང༌། དེ་བཞིན་གཤེགས་པ་སྲས་དང་སློབ་མར་བཅས་པའི་སྐུ་དང་གསུང་དང་ཐུགས་ཀྱི་རྟེན་བཞེངས་པ་ལ་སོགས་པའི་རྒྱུར་གཏོང་བ་དང༌།

ཁྱད་པར་ཆོས་ཀྱི་སྦྱིན་པ་རྒྱུན་མི་ཆད་པའི་འཕྲུལ་གྱི་སྒོ་ཆེན་པོ་འདི་ཕྱེ་བའི་རྒྱུར་གཏོང་བའི་ཚུལ་རྒྱས་པ་ནི་འོག་ཏུ་འཆད་པར་འགྱུར་བ་ལྟར་དང༌། བྱེ་བྲག་ཏུ་བོད་ཆེན་པོའི་ལྗོངས་ན་སྡོམ་བརྩོན་བླ་མ་འདི་ཉིད་ཀྱི་ཡབ་མེས་གོང་མར་གྱུར་པ་བསྟན་པ་ལ་ལྷག་པའི་བསམ་པ་མཆོག་ཏུ་དཀར་བ་

རྣམས་ཀྱི་སྐུ་རིང་ནས་གསང་སྔགས་གསར་རྙིང་བོན་གསུམ་གྱི་གྲུབ་པའི་མཐའ་ཕྱོགས་རིས་མེད་པའི་དབུ་འཕང་བླ་མ་ནས་བླ་མར་འདེགས་པའི་འཛིན་སྐྱོང་དང་ཞབས་ཏོག་ཡང་དག་པ་མཛད་ཅིང༌། དེ་དག་གི་ནང་ནས་ཀྱང་མཆོག་གམ། གཙོ་བོའམ། ཕུལ་ལམ། གཙུག་གི་ནོར་

Vol. 213 · folio 237a

བུ་བཞིན་དུ་གཅེས་པར་བཟུང་བ་ནི་འཛམ་གླིང་བསྟན་པའི་བདག་པོ་དཔལ་ས་སྐྱ་པའི་ལུགས་བཟང་དྲི་མ་མེད་པ་འདི་ཉིད་དང༌། རྒྱལ་བ་ཉི་མའི་གཉེན་གྱི་རྒྱལ་ཚབ་ཆེན་པོ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་པའི་བསྟན་པ་རྩོད་པ་ཀུན་གྱི་ཕྱོགས་ལས་རྣམ་པར་རྒྱལ་བའི་

རྒྱལ་མཚན་དམ་པ་འདི་གཉིས་གང་གི་སྙིང་སྟོབས་ཀྱི་ཕྲག་པ་རབ་ཏུ་བརྟན་པའི་རྩེ་ན་བཟུང་ངོ༌། །ཇི་ལྟར་བཟུང་བ་དེ་དག་ཀྱང་བསྐལ་པ་ནས་བསྐལ་པའི་ཕྲེང་བར་བརྟན་པར་བྱེད་པའི་ཆོ་ག་རྨད་དུ་བྱུང་བ་ནི་མཁས་པའི་ཕྲིན་ལས་རྣམ་པ་གསུམ་སྟེ། དེ་དག་ལ་ཤིན་ཏུ་དབང་འབྱོར་པའི་བསྟན་

འཛིན་གྱི་སྐྱེས་བུ་ཆེན་པོ། ས་གསུམ་གྱི་ཁོངས་ནས་གྲགས་པའི་ཟླ་འོད་རྣམ་པར་གསལ་བ་མང་པོ་སྤྱན་དྲངས་ཏེ། བསྟན་པའི་རྒྱུན་ཆེན་པོ་མི་ནུབ་པར་བཙུགས་སོ། །དེས་ན་གོང་མ་དེ་དག་གི་བསྟན་པ་ལ་དམ་པའི་བྱ་བ་ཇི་ལྟར་བྱས་པ་དེ་བཞིན་དུ། དེང་གི་དུས་ཀྱི་སྡོམ་བརྩོན་སྐྱེ་དགུའི་

བདག་པོ་འདིས་ཀྱང་གོང་མ་དེ་དག་གི་ཕྲིན་ལས་དང༌། རྣམ་པར་དཀར་བའི་ལེགས་བྱས་ཀྱི་སྡོང་པོ་ཆེན་པོ་རྨ་མེད་པ་ཉིད་དུ་བཟུང་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བདག་རྐྱེན་ལས་བྱུང་བའི་བསྟན་པ་རིན་པོ་ཆེ་འདི་

ཉིད་འཇིག་རྟེན་གྱི་ཁམས་ན་ཡུན་དུ་འཚོ་ཞིང་གཞེས་པའི་ཐབས་ཀྱི་རྣམ་པ་མང་པོ་མངོན་པར་འདུ་བགྱི་བ་དང༌། དེ་ཉིད་ལེགས་པར་གནས་པ་ལ་བརྟེན་ནས་ཡངས་པའི་རྒྱལ་ཁམས་ཀུན་དུ་བདེ་ལེགས་རྒྱ་ཆེན་པོ་འབྱུང་བར་འགྱུར་བའི་ལྷག་པའི་བསམ་པས་ཀུན་ནས་བསླངས་ཏེ། གཏོང་ཕོད་

ཆེན་པོའི་ཕྱག་གི་དཔག་བསམ་གྱི་ཡལ་ག་རྣམ་པར་བརྐྱངས་ཏེ། བླ་མ་དང་དཀོན་མཆོག་ལ་མཆོད་པ་འབུལ་བ་དང༌། འཕགས་པའི་དགེ་འདུན་ལ་བསྙེན་བཀུར་བགྱིས་པ་ལ་སོགས་པའི་གཏམ་རགས་པ་ཙམ་བརྗོད་པ་ནི་འདི་ལྟ་སྟེ། བགྲང་བ་ལས་འདས་པའི་བསྐལ་པ་རྣམས་སུ་བསགས་

པའི་ལེགས་བྱས་རྒྱ་མཚོ་ལྟ་བུས་ཀྱང་ཤིན་ཏུ་འགྲུབ་པར་དཀའ་བ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག་སྟེ། དེའི་གོ་འཕང་ཉིད་ཀྱང་དཀའ་ཚེགས་ཆེན་པོ་ལ་མ་ལྟོས་པར་བདེ་བླག་ཏུ་བརྙེས་པར་འདོད་པའི་སློབ་མ་བློ་དང་ལྡན་པ་དག་གིས། མཆོད་པ་གཞན་ཐམས་ཅད་

Vol. 213 · folio 237b

སྤངས་ཏེ། རང་ཉིད་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་བླ་ན་མེད་པ་ཐམས་ཅད་མཛད་པའི་དཔལ་ལྡན་བླ་མ་མཆོག་གི་རྡོ་རྗེ་སློབ་དཔོན་ཆེན་པོ་གང་ཡིན་པ་དེ་ཉིད་དོ། །དེ་ནི་རྣམ་པ་ཐམས་ཅད་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལྟ་བུར་བལྟས་ལ། ཤིན་ཏུ་

གཏོང་བར་དཀའ་བ་དང་དཀོན་པ་དང༌། ཁྱད་པར་ཅན་དུ་གྱུར་པའི་ཡོ་བྱད་གང་དང་གང་ཡིན་པ་དེ་དང་དེས་མངོན་པར་མཆོད་ཅིང༌། མཉེས་པར་འགྱུར་བའི་ཐབས་སུ་ཅི་འགྱུར་བྱེད་པ་དེ་ནི་འཁོར་བའི་སྡུག་བསྔལ་མཐའ་ཅན་དུ་བྱེད་པའི་སྐྱེས་བུ་དམ་པ་སྟེ། ཇི་སྐད་དུ། མཆོད་པ་

ཐམས་ཅད་ཡོངས་སྤངས་ནས། །བླ་མར་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་རབ་མཆོད་ན། །དེ་ཡིས་བསོད་ནམས་མ་བྱས་ཤིང༌། །དཀའ་ཐུབ་མ་

བསྟེན་ཅི་ཞིག་ཡོད། །ཅེས་བྱ་བ་དང༌། རིམ་པ་ལྔ་པ་ལས་ཀྱང༌། དེ་ཉིད་མི་ཟད་འདོད་པ་ཡིས། །ཤིན་ཏུ་དགའ་བ་གང་དང་གང༌། །ཤིན་ཏུ་ཁྱད་པར་ཅན་དེ་དེ། །དེ་དང་དེ་ནི་བླ་མར་བྱིན། །སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་

གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོའི་མཆིང་ལས་ཕ་རོལ་སྒྲོལ། །ཞེས་བྱ་བ་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། བློ་ལྡན་རྡོ་རྗེ་སློབ་མ་ཡིས། །ཅི་སྟེ་བདེ་བ་ཀུན་འདོད་ན། །དད་མོས་སེམས་ཀྱིས་དབུལ་བར་བྱ། །ཡིད་ལ་གང་བསམས་མ་ཕུལ་ལམ། །ཁས་བླངས་དེ་ནི་མ་ཕུལ་ན། །

ཡི་དྭགས་དམྱལ་བ་རྣམ་གཉིས་སུ། །ངེས་པར་སྐྱེ་སྟེ་བརླག་པར་འགྱུར། །ཞེས་དང༌། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལས་ཀྱང༌། གང་དང་གང་གིས་སྡུག་པའི་རྫས། །རེ་བ་མེད་པའི་སེམས་ཀྱིས་ནི། །དེ་དང་དེ་ནི་བླ་མར་དབུལ། །ཞེས་བྱ་བ་དང༌། རྡོ་རྗེ་ཕྲེང་བ་ལས། གསེར་དང་

དོ་ཤལ་གོས་དང་ནི། །རིན་ཆེན་སྣ་ཚོགས་ཡོན་ཏན་མཆོག །བྲན་དང་ལས་བྱེད་གྲངས་མེད་དང༌། །དད་ཅིང་གུས་པ་ལ་སོགས་ཀྱི། །ཆགས་པ་བྲལ་བའི་སེམས་ཀྱིས་ནི། །རབ་ཏུ་འབད་པས་མཉེས་པར་བྱ། །ཇི་ལྟར་བཞེད་པ་སྟོན་པ་ལ། །རྙེད་པར་དཀའ་བའི་དངོས་རྣམས་ཀྱིས། །སྔགས་

Vol. 213 · folio 238a

ཀྱི་དོན་སྟོན་བླ་མ་ནི། །དགོངས་པ་ཡོངས་སུ་བསྐང་བར་བྱ། །ཞེས་བྱ་བ་དང༌། གཤིན་རྗེའི་གཤེད་དམར་པོའི་རྒྱུད་ལས། དེ་ནས་བླ་མར་ཡོན་དབུལ་བ། །འདི་ན་རབ་ཏུ་བཤད་པར་བྱ། །བདག་ཉིད་ཞི་བ་ཉིད་དང་ནི། །ལས་ཀུན་འགྲུབ་པའི་ཕྱིར་དུ་ཡང༌། །ཕོངས་པ་མེད་

པར་དབུལ་བྱ་སྟེ། །བདག་ཉིད་དངུལ་གྱི་རྣ་རྒྱན་དང༌། །གསེར་དང་ནོར་བུ་མཱ་ལ་དང༌། །དེ་བཞིན་བུ་དང་ཆུང་མ་དང༌། །སྐྱེད་བྱེད་མ་དང་སྲིང་མོ་དང༌། །རྣམ་པ་སྣ་ཚོགས་ན་བཟའ་ཉིད། །གདུགས་དང་རྔ་ཡབ་མཛེས་པ་དང༌། །ཁང་པ་ཁྲི་དང་དྲི་བཟང་དང༌། །དེ་བཞིན་གླུ་དང་རོལ་མོ་ཉིད། །རལ་

གྲི་དང་ནི་རྒྱན་ཉིད་ཀྱང༌། །བླ་མར་རབ་དབུལ་བརྟུལ་ཞུགས་ཅན། །ཞེས་བྱ་བ་དང༌། བླ་མ་ལྔ་བཅུ་པ་ལས་ཀྱང༌། བླ་མ་ལ་ནི་གུས་བཅས་ཡོན། །རྗེས་སུ་མཐུན་པར་སྦྱིན་པར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རང་གི་དམ་ཚིག་སློབ་དཔོན་ནི། །

སྦྱིན་དཀའ་བུ་དང་ཆུང་མ་དང༌། །རང་སྲོག་གིས་ཀྱང་བསྟེན་བྱ་ན། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །གང་ཕྱིར་བསྐལ་པ་བྱེ་བ་ནི། །གྲངས་མེད་པར་ཡང་རྙེད་དཀའ་བའི། །སངས་རྒྱས་ཉིད་ཀྱང་བརྩོན་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །རྟག་ཏུ་རང་གི་དམ་ཚིག་བསྲུང༌། །རྟག་ཏུ་དེ་

བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །མི་ཟད་དེ་ཉིད་འདོད་པ་ཡིས། །ཅུང་ཟད་ཡིད་འོང་གང་དང་གང༌། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མ་སྦྱིན། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་

བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་བརྗོད་བྱའི་གཙོ་བོ་ལྟར་བསྟན་ཅིང༌། སྐལ་བར་ལྡན་པའི་གང་ཟག་རྣམས་ལ་རྗེས་སུ་གདམས་པ་རྣམས་གང་གི་ཐུགས་ཉམས་སུ་བསྟར་ནས། འདིར་མཁན་

ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ། ལྷ་དང་བཅས་པའི་སྐྱེ་དགུ་མ་ལུས་པའི་ཐོར་ཚུགས་རྣམ་པར་སྤྲ་བའི་རྒྱན་དུ་བཞུགས་པ་ལ་ཕྱོགས་རེས་ཐོབ་ཤོར་དུ་འགྱུར་བའི་སྐབས་ཅི་ཞིག །འོན་ཀྱང་སྔོན་གྱི་སྨོན་ལམ་བཟང་

Vol. 213 · folio 238b

པོའི་གྲོགས་པོ་མཛའ་གཅུགས་དམ་པ་དེ་ནི་སུས་ཀྱང་བསླུ་རུ་མེད་པ་ཆོས་ཉིད་དེ། དེའང་འདི་ལྟར། རྗེ་བཙུན་ཆེན་པོ་དེ་ཉིད་ནི་སྡོམ་བརྩོན་སྐྱེ་དགུའི་བདག་པོ་འདི་དང་སྐྱེ་བ་ནས་སྐྱེ་བར་མཆོད་ཡུལ་དང་སྦྱིན་བདག་གི་ཚུལ་ལམ། སློབ་དཔོན་དང་སློབ་མའི་ཚུལ་གྱིས་ཉི་ཟླ་ཟུང་འབྲེལ་བཞིན་དུ་

མི་འབྲལ་བར་བྱང་ཆུབ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་ནི་དོན་ཡོད་ཞགས་པ་ལྟ་བུས་ལེགས་པར་སྦྲེལ་བར་བརྟེན། དེང་གི་དུས་སུའང་ལྗོངས་འདིའི་སྐྱེ་འགྲོ་སྤྱིའི་བསོད་ནམས་ཀྱི་ཞིང་དུ་སྤྱན་འདྲེན་ཇི་ལྟར་གསོལ་བ་བཞིན་དུ་ལེགས་པར་ཞུགས་པའི་དགའ་སྟོན་གྱི་འབུལ་བ་སྟོབ་པའི་ཕྱིར་

རྗེ་བཙུན་དམ་པ་ཉིད་ལ་སྐབས་དབྱེ་བའི་ཆེད་དུ། མི་བདག་ཆེན་པོའི་ཞལ་ལས་འདི་སྐད་དུ་མཆིད་པ་ཐོས་ཏེ། རྗེ་བཙུན་དམིགས་པ་མེད་པའི་ཐུགས་རྗེའི་བདག་ཉིད་ཅན་ནི། ཁམས་གསུམ་གྱི་འགྲོ་བ་མ་ལུས་པའི་དཔལ་དམ་པར་གྱུར་པའི་ཆོས་ཀྱི་རྒྱལ་པོ། ཆོས་ཀྱི་དབང་ཕྱུག །

ཆོས་ཀྱི་འབྱུང་གནས། ཆོས་ཀྱི་སྒྲོན་མེ་ཆེན་པོ་ཉིད་དུ་བཞུགས་བཞིན་པ་ནས། གུས་ལྡན་ཁོ་བོ་ཅག་གི་ལྷག་བསམ་གྱི་རྫིང་བུའི་ནང་ནས་བྱུང་བའི་སྤྱན་འདྲེན་པར་གསོལ་བ་འདེབས་པའི་ཚིག་གི་པདྨ་དཀར་པོའི་ཕྲེང་བ་ནན་ལྟར་བརྒྱུས་པའི་ཚུལ་ལ་ཐུགས་བརྩེ་བས་རྗེས་སུ་དགོངས་ཏེ།

བཤུལ་རིང་ལམ་གྱི་ངལ་བ་དུ་མ་ཁྱད་དུ་བསད། སྙིང་རྗེ་ཆེན་པོའི་ཤིང་རྟའི་འཁྲུལ་འཁོར་ནི་ལེགས་པར་བསྐོར། དེང་གི་དུས་ན་བདག་ཅག་ལྟོས་དང་བཅས་པའི་བསོད་ནམས་ཀྱི་ནམ་མཁའ་ཡངས་པའི་རྒྱན་དུ་ལེགས་པར་བྱོན་པའི་བཀའ་དྲིན་གྱི་ཕུང་པོ་འདི་ཀོ་གལ་ཏེ་གཟུགས་ཅན་ཉིད་

དུ་བྱར་བཏུབ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་མི་མཇེད་འཇིག་རྟེན་ཁམས་ཀྱི་སྣོད་ཀྱང་ཡངས་པོ་མ་ཡིན་པའི་གྲགས་པ་བྱུང་དུ་དོགས་པ་ཅི་སྟེ་མི་མཆི། དེས་ན་དེ་ལྟ་བུའི་སྐུ་དྲིན་གྱི་ཕུང་པོ་རྫོགས་པར་འཚོབ་པར་བྱེད་པའི་ནུས་པ་དེ་ནི་འཇིག་རྟེན་ཀུན་གྱི་མེས་པོ་གསེར་མངལ་ཅན་གྱིས་ཀྱང་

གསོབ་པར་བཟོད་པའི་མཐུ་ནི་ཤིན་ཏུ་ཡང་ཕྲ་ན། གཞན་གྱིས་ལྟ་ག་ལ་ཞིག །འོན་ཏེ་ལྷག་པའི་བསམ་པ་ཉིད་གཙོ་བོར་བཟུང་བའི་ལེགས་འབུལ་ཉུང་ཟད་ཅིག་སྟོབ་པར་འཚལ་ཏེ། སང་དགེ་འདུན་གྱི་ཀུན་དགའ་རྭ་བ་ཆེན་པོར་ཞབས་ཀྱིས་བཅགས་པར་གསོལ་བ་འདེབས་ཀྱིན་མཆི་

Vol. 213 · folio 239a

ན། ཅི་གནང་ཞེས་བྱ་བའི་ངག་གིས་སྐབས་དབྱེ་བ་ན། མཁན་པོ་ཆེན་པོ་ཐམས་ཅད་མཁྱེན་པ་ནས་ཀྱང༌། དེ་ལྟར་དུ་བགྱིར་རུང་བར་བཀའི་གནང་བ་བྱིན་ནོ། །དེ་ཙམ་ན་དཔལ་མིའི་བདག་པོ་མཆོག་གི་འཁོར་རྣམས་དང་དགེ་སློང་འགའ་ཞིག་ལ་འདི་ལྟར་

བསྒོ་སྟེ། མི་རིང་བར་དགེ་འདུན་གྱི་གཙུག་ལག་ཁང་ཆེན་པོའི་ཕྱི་དང་ནང་གི་ཁྱམས་ཀྱི་དཀྱིལ་འཁོར་ཡངས་པ་ཐམས་ཅད་དུ་རྡོ་བ་དང༌། གསེག་མ་དང༌། གྱོ་མོ་དང༌། བོང་བ་དང༌། ཕྱག་དར་གྱི་ཚོགས་ཐམས་ཅད་ལེགས་པར་བསལ་ཏེ། ཙནྡན་གྱི་ཆུ་དང༌། དྲི་བཟང་པོའི་ཆུ་

དང༌། སྤོས་ཀྱི་ཆུ་དག་གིས་ཆག་ཆག་ལེགས་པར་ཐོབ་ཅིག །དེར་མ་ཟད་རྒྱན་གྱི་བྱེ་བྲག་ཇི་སྙེད་པ་དག་ཀྱང་མཛེས་ཤིང་ཡིད་དུ་འོང་བར་བྲེ་ཞིག་ཅེས་བསྒོའོ། །དེ་རྣམས་ཀྱང་མི་བདག་ཆེན་པོའི་ལྟར་མཉན་ཏེ། གཙུག་ལག་བསམ་གྲུབ་མཐོང་གྲོལ་གྱི་ཕྱི་དང་ནང་ཐམས་ཅད་དུ་ཕྱག་

དར་ལེགས་པར་བགྱིས་པ་ལ། དྲི་ཞིམ་པོས་ཡང་དག་པར་བསྒོས་ཏེ། ངོ་མཚར་མིག་གི་བདུད་རྩིའི་རང་བཞིན་ཅན་གྱི་བླ་རེ་དང༌། གདུགས་དང༌། རྒྱལ་མཚན་དང༌། ཕྱེ་མ་ཕུར་མ་དང༌། འཕན་ཚར་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དབང་པོའི་གཞུ་རིས་ལྟར་བཀྲ་བ་རྣམས་བཏགས་

ཤིང་གཙུག་ལག་ཁང་གི་ཕྱོགས་ཀུན་དུ་མཛེས་པར་བརྒྱན་ནོ། །ཁྱད་པར་དེའི་དབུས་སུ་སྔོན་དུས་ཀྱི་མཁན་པོ་ཆེན་པོ་འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་པ་དང༌། རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་

དཔལ་བཟང་པོ་པ་སྟེ་བསྟན་པའི་བདག་པོ་ཟུང་གི་ཞབས་ཀྱི་པདྨ་དྲི་མ་མེད་པ་དག་རྣམ་པར་བཀོད་པའི་ཆོས་ཀྱི་ཁྲི་ཆེན་པོ། རིན་པོ་ཆེ་གསེར་བཙོ་མའི་ཁ་དོག་ཏུ་སྣང་ཞིང་ཟུར་བཞི་དང་ལྡན་པ་ལ། ས་འཛིན་དང༌། རྡོ་རྗེའི་གདན་དང༌། ལྷ་སྣམ་དང༌། ནོར་བུ་བརྩེགས་པ་དག་དང༌། པདྨའི་འདབ་

མ་དང༌། བྲེ་དང༌། གླང་པོའི་རྒྱབ་དང༌། སེང་གེའི་ཁྱིམ་དང༌། ནོར་བུ་དང༌། བད་ཆུང་དང༌། བད་ཆེན་དང༌། ཙནྡྲའི་གདན་རྣམས་བང་རིམ་རིང་ཐུང་གི་རྣམ་པར་ཡོད་པ། ལོགས་ཤིག་ཏུ་ནི་ཐེམ་སྐས་ཀྱི་རིམ་པ་བཞི་དང་ལྡན་པ། རྒྱབ་ཕྱོགས་ནས་གསེར་གྱི་པདྨ་རབ་ཏུ་རྒྱས་པའི་འདབ་མ་ལྟར་

Vol. 213 · folio 239b

ཡངས་པའི་རྒྱབ་ཡོལ་ཆེན་པོ་གྱེན་དུ་བསླངས་པའི་ངོས་སུ། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་ཕྲ་ཚོམ་གྱི་ཁུར་བུ་ཐོགས་པའི་འོད་ཟེར་གྱི་པ་ཏྲ་རིས་མང་པོ་ཅི་དགར་འཁྱུག་པ། པ་ཏྲའི་ལག་པ་ཁ་ཅིག་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཐོགས་ནས་ཕྱི་རོལ་དུ་གདེངས་པ། འགའ་ཞིག་ནི་ནང་དུ་

ལོག་ནས་ཆུའི་དབའ་ཀློང་ལྟར་འཁྱིལ་བ། དེ་དག་ལ་བརྟེན་ནས་དཔྱངས་པའི་དར་དཀར་པོ་དྲི་མ་མེད་པའི་ཅོད་པཎ་དང༌། མུ་ཏིག་གི་དྲྭ་བ་དང༌། དྲྭ་བ་ཕྱེད་པས་མཛེས་པར་བྱས་པ། རྩེ་མོར་དགོས་འདོད་འབྱུང་བའི་ནོར་བུ་དབང་གི་རྒྱལ་པོའི་ཏོག་དང་བཅས་པའི་ཁྲི་ལྷུན་སྟུག་པ་

དེ་ཉིད་ལེགས་པར་བཤམས་སོ། །བང་རིམ་གྱི་ཁར་སྟེང་ཁེབས་ཁ་དོག་སྣ་ཚོགས་པའི་གོས་བཟང་ཤིན་ཏུ་འཇམ་པ་མང་པོ་བརྩེགས་པའི་གདིང་བས་བཀབ་པ། མདུན་ངོས་སུ་རྟེན་དང་བཅས་པའི་ལྷུང་བཟེད་དང༌། དཀར་ཞལ་དང༌། རིལ་བ་དང༌། བདུག་སྤོས་གཏུལ་བའི་སྣོད་

དང༌། སྤོས་ཀྱི་རེང་བུ་ཐོགས་པའི་སྐྱེས་བུ་གཞོན་ནུའི་གཟུགས་བརྙན་རྣམས་འདེགས་པར་བྱེད་པའི་སྟེགས་བུ་ཡངས་ཤིང་མཐོ་བ། དེའི་ངོས་ན་ཡང་ནོར་བུས་གང་བའི་ཡོལ་གོ་ཐོགས་པའི་སྒྲ་བརྒྱ་པ་སྤྲིན་གྱི་རི་མོ་འཁྲིགས་པའི་གསེབ་ནས་ཀློག་བཞིན་དུ་འགྱུ་བའི་རྣམ་པ་ཅན་ཡང་བཞག་

གོ །དེའི་ཉེན་སྐོར་རྣམས་སུ་ཉེ་བར་མཁོ་བའི་ཁྲིའུ་འགའ་ཞིག་དང་དགེ་འདུན་གྱི་གདིང་བ་དགྲམ་པ་དང་བཅས་པའི་ཉེར་བསྡོགས་ཐམས་ཅད་མ་ཚང་བ་མེད་པར་བཤམས་སོ། །སང་ཉིན་རྒྱུ་སྐར་ཐ་སྐར་གྱིས་ཉ་བའི་ཞག་གི་ཕུང་པོ་དེའི་རྒྱལ་བ་གཉིས་པའི་ཚེས་བཟང་པོ་རེས་

གཟའ་པ་སངས་དང་སྐར་མ་ཆུ་སྨད་འཛོམ་པའི་ཉིན། ཁོར་ཡུག་ཏུ་འཁོད་པའི་ས་འཛིན་གྱི་ཕྲེང་བ་རྣམས་ཀྱི་མདུན་ནམ། ངོས་ཐམས་ཅད་ལ་ཉིན་མོར་བྱེད་པའི་འོད་ཀྱིས་ཁྱབ་པར་བྱས་པའི་དུས་ཀྱི་ཚེ། དགེ་སློང་སྤོས་ཀྱི་རེང་བུ་ཐོགས་པ་དག་གིས་རྗེ་བཙུན་མཆོག་གི་སྤྱན་སྔར་

ཕྱིན་ཏེ་དུས་ལ་བབ་པ་མཁྱེན་པར་གསོལ་བར་བྱེད་དོ། །ཇི་ཙམ་ན་གནྡྷརྦའི་ཡུལ་ནས་འོངས་པ་དང་འདྲ་བའི་གླིང་བུ་བསྒྱུར་བ་ལ་སྦྱངས་པ་མཆོག་གི་མཐར་སོན་པ་དག་སྔོན་དུ་འོངས་ཏེ། དེའི་ལག་པ་ན་མིག་བུ་མང་པོ་དང་ལྡན་པའི་གླིང་བུ་དག་ཐོགས་ཏེ། ཤིན་ཏུ་མཉེན་པའི་མཛུབ་

Vol. 213 · folio 240a

རྩེ་རྣམས་ནི་གློག་གི་ཐག་པ་འཁྱུག་པའི་རྣམ་འགྱུར་དུ་མ་བསྒྱུར་ཅིང་འབུད་པ་ན། ཀུན་གྱི་སྙིང་ལ་བདུད་རྩིའི་ཐིགས་པ་ལྟར་སིམ་པར་བྱེད་པའི་དབྱངས་ཀྱི་མཆོད་པ་འབུལ་བ་དང༌། གཞན་ཡང་དགེ་སློང་སྤོས་ཀྱི་དུད་སྤྲིན་སྔོན་པོ་རབ་ཏུ་འཐུལ་བའི་སྤོས་སྣོད་

ཐོགས་པ་དང༌། དྲང་སྲོང་ཆེན་པོའི་ཞལ་ཟས་ཀྱི་སྣོད་དུ་རུང་བའི་ལྷུང་བཟེད་བཻ་ཌཱུརྻ་སྔོན་པོའི་ཁ་དོག་ཅན་ཐོགས་པ་དང༌། ཆུ་གཙང་མའི་ཞབས་བསིལ་གྱི་རྒྱུན་གཏིགས་པའི་དངུལ་གྱི་རིལ་བ་ལྟ་ན་སྡུག་པ་ཐོགས་པ་དང༌། སྐྱེས་བུ་ཆེན་པོའི་སྐུ་ལ་བགོ་བར་བྱ་བའི་གོས་བེར་གྱི་ན་བཟའ་དང༌།

གདན་དུ་གདིང་བར་བྱ་བའི་བརྟུལ་ཞུགས་ཀྱི་ཡོ་བྱད་ཧ་ཅང་གསར་པ་ཡང་མིན་ལ་ཤིན་ཏུ་རྙིང་པ་ཡང་མིན་པ། ཚུལ་ཁྲིམས་ཀྱི་དྲི་ཞིམ་པོས་ལེགས་པར་བགོས་པ་དག་ཕྲག་ན་ཐོགས་པ་ལ་སོགས་པའི་ཉེ་བ་འཁོར་གྱི་ཚོགས་ཀྱིས་ཀུན་ནས་བསྐོར་ཏེ། བཅོམ་ལྡན་འདས་ཤཱཀྱ་སེང་

གེ་དགྲ་བཅོམ་པའི་འཁོར་གྱིས་བསྐོར་ཏེ་ལྗོངས་རྒྱུ་བ་ལྟར་ཉི་མ་བྱེ་བའི་དཔལ་ལ་འཁུ་བར་བྱེད་པའི་འོད་དང་འོད་ཟེར་གྱི་ཚོགས་ལྷམ་མེར་དཀྲིགས་ཤིང་དལ་གྱིས་བྱོན་ཏེ་ཆོས་ཀྱི་ཁྲི་མཐོན་པོ་གང་ན་བར་ཞབས་ཀྱི་པདྨ་རྣམ་པར་བཀོད་དེ་བཞུགས་སོ། །དེར་བཞུགས་མ་ཐག་ཏུ་ཕྱོགས་

མཚམས་ཐམས་ཅད་ནས་ལི་ཁྲིའི་རྒྱ་མཚོ་ཆེན་པོ་རབ་ཏུ་བསྐྱོད་པ་ལྟ་བུའི་ངུར་སྨྲིག་འཆང་གི་བརྟུལ་ཞུགས་ལ་གནས་པའི་རྡོ་རྗེ་སློབ་དཔོན་གྱི་རིགས་སུ་གཏོགས་པ་དང༌། འཕགས་པའི་དགེ་འདུན་གྱི་ཚོགས་གྲངས་མེད་པས་ཀྱང་ཉེ་བར་ལྷགས་ཏེ། ཧ་ཅང་ཡང་ཉེ་བ་མ་ཡིན་པའི་མཐའ་

སྐོར་ཀུན་དུ་རང་རང་གི་འོས་པའི་ཁྲིའུ་དང་སྟན་བསྟབས་པ་རྣམས་སུ་བག་དང་བཅས་པའི་སྤྱོད་ལམ་གྱིས་ལེགས་པར་འཁོད་ཅིང༌། ཐམས་ཅད་ཀྱང་རྒྱལ་བ་གཉིས་པ་ཡབ་སྲས་ཀྱི་སྐུའི་ཡོན་ཏན་ལ་བསྔགས་པའི་བསྟོད་པ་ཚིགས་སུ་བཅད་པ་རྣམས་ནི་སྙན་ཅིང་ལྡིར་བའི་གདངས་སུ་བསྒྱུར་ཏེ་

གདོན་པར་བྱེད་དོ། །དེར་ཡུན་ཇི་སྲིད་ཅིག་ནས་དཔལ་སྡོམ་བརྩོན་བླ་མ་སྐྱེ་དགུའི་བདག་པོ་ཉིད་ཀྱི་ཕྱག་གི་པདྨ་རྣམ་པར་གདེངས་པའི་མཐིལ་ན། སྟོང་འཁུན་གྱི་རྒྱལ་པོའི་གན་མཛོད་ལས་འཐོན་པའི་དར་དཀར་པོ་དྲི་མ་མེད་པ་ལ་དཔལ་གྱི་བེའུ་ལ་སོགས་པ་བཀྲ་ཤིས་པའི་རི་མོ་རྣམས་ནི་

Vol. 213 · folio 240b

ལྷན་སྐྱེས་སུ་བཀྲ་བ་དང་ཆབ་ཅིག་པར། སྐྱེ་འགྲོ་ཀུན་གྱི་སྤྱི་བོ་ནས་དབང་བསྐུར་བའི་རྟེན་འབྲེལ་དུ་ལེགས་པར་དགོངས་ནས་ཁ་དོག་སྣ་ཚོགས་པའི་དར་གྱི་ཅོད་པཎ་དང༌། སུ་ཝརྞཎ་འབྱམས་བརྡུངས་སུ་བྱས་པ་ལས་གྲུབ་པའི་ཟ་མ་ཏོག་བཟོ་དབྱིབས་དང་བཀོད་པ་ཁྱད་པར་ཅན་དང་

བཅས་པའི་བཀྲ་ཤིས་པར་བྱེད་པའི་རྫས་རྣམ་པར་བརྒྱད་ཀྱི་གཟུགས་རྣམས་གུས་པའི་ཞེ་ས་དང་བཅས་པས་ཐོགས་ཏེ། སྔོན་དུས་བཅོམ་ལྡན་འདས་ཐུབ་པའི་དབང་པོ་ལ་མི་མཇེད་ཀྱི་བདག་པོ་ཚངས་པ་གཙུག་ཕུད་ཅན་དང༌། སུམ་ཅུ་རྩ་གསུམ་གྱི་བདག་པོ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཀྲ་

ཤིས་པའི་རྫས་ཀྱིས་མངོན་པར་མཆོད་པ་དེ་ཇི་ལྟ་བ་བཞིན་དུ་དགེ་ལེགས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་མཆོད་རྫས་དག་གིས་ཐོག་མ་ཉིད་དུ་ཡང་དག་པར་མཆོད་པར་བྱེད་དོ། །དེ་ནས་རྒྱལ་བ་ཀུན་གྱི་ཡུམ་ཆེན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་དབྱངས་ཀྱི་རྒྱལ་མོའི་ཡེ་ཤེས་ཀྱི་ཉི་ཟེར་རྣོན་པོས་ལན་བརྒྱར་

བྲན་པས། བློ་གྲོས་ཀྱི་འདབ་སྟོང་རྣམ་པར་གྲོལ་བའི་སྦུབས་ནས། ཤེས་པར་བྱ་བའི་གཙུག་ལག་མ་ལུས་པ་རྙོག་པ་དང་བྲལ་བའི་སྙན་དངགས་སྦྲང་རྩི་འཛིན་པའི་གླུར་ལེན་པ་ལ་བསྙེངས་པ་མེད་པའི་ངག་གི་དབང་ཕྱུག་ཆེན་པོ་དཔལ་ལྡན་དཎྜཱི་ཞེས་བྱ་བ། གང་གིས་ལེགས་པར་གསུངས་

པའི་ཟེགས་མ་རེ་ཡང་འཕགས་པའི་ཡུལ་གྱི་སྨྲ་བའི་ཁྱུ་མཆོག་དམ་པ་ཐམས་ཅད་ཀྱི་གཙུག་ན་ཡིད་བཞིན་གྱི་ནོར་བུ་ལྟར་ལེན་པ་ལ་མི་གུས་པ་མེད་པ་སྟེ། དེ་ཉིད་ཀྱིས་ལེགས་པར་སྩལ་བའི་གཞུང་གིས་དངོས་སུ་བསྟན་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱན་གྱི་སྙན་དངགས་དམ་པའི་

རྒྱུད་ལས་འཕོས་པའི་ཤིས་པར་བརྗོད་པ་དང༌། ཡུལ་ཁྱད་པར་ཅན་རྣམས་ལ་ཕྱག་བྱ་བ་དང༌། དངོས་པོ་ངེས་པར་བསྟན་པའི་སྒོ་རྣམས་སྔོན་དུ་འགྲོ་བས། སྐབས་སུ་བབ་པའི་འབུལ་ཚན་གྱི་རྣམ་གྲངས་ལ། ཐོག་མར་བཀྲ་ཤིས་པའི་རྟགས་ཀྱིས་སྤྲས་པའི་མང་བཀུར་མཆོད་ཡིག་ཅན། དེ་

བཞིན་གཤེགས་པའི་སྐུའི་རྟེན་ལ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ། བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་རྒྱ་གར་གྱི་ལི་མ་ཁྱད་པར་འཕགས་པ། རྡོ་རྗེ་སེམས་དཔའི་སྐུ་བརྙན་ཆོས་རྒྱལ་ལི་མ། གསུང་

Vol. 213 · folio 241a

གི་རྟེན་ལ་ཀུན་མཁྱེན་ཉི་མའི་གཉེན་གྱི་བཀའ་ལུང་སྤྱི་དང་བྱེ་བྲག་གི་དགོངས་དོན་རྣམ་པར་འགྲེལ་བའི་བསྟན་བཅོས་གངས་ཅན་གྱི་ལྗོངས་སུ་འགྱུར་རོ་འཚལ་པུསྟ་ཀ་ཉིས་བརྒྱ་དང་བརྒྱད། ཐུགས་ཀྱི་རྟེན་ལ་སྐུ་ཚེ་བྱིན་གྱིས་བརླབས་པའི་མཆོད་རྟེན་གསེར་ཟངས་ལས་གྲུབ་པ་

བཀའ་གདམས་མཆོད་རྟེན་ལྕགས་རྩེ་ཅན་ཁྱད་འཕགས་གཉིས། ཆོས་གོས་ངུར་སེར་གྲས་དྲུབས་ཅན་གཅིག །ལྷུང་བཟེད་རྟེན་པ་དང་བཅས་པ་གཅིག །དངུལ་ལྗང་བརྡུང་གི་ཕུད་ཀོང་གཅིག །དངུལ་གྱི་སྤྱི་བླུགས་ལེགས་པ་གཅིག །གན་དཀར་གསེར་རིས་མ་སྟེགས་དང་བཅས་པ་གཅིག །

དངུལ་གྱི་བཟེད་ཞལ་བཟོ་དབྱིབས་ལེགས་པ་གཅིག །ཐེག་ཆེན་གན་གྱི་རྡོ་རྗེ་དྲིལ་བུ་ལེགས་པ་གཅིག །རྡོ་རྗེ་དང་དབུ་རྩེ་གསེར་ལས་བྱས་པའི་དྲིལ་བུ་གཅིག །རག་ལས་བྱས་པ་གཅིགཏིང་ཤག་དངུལ་ཐག་ཅན་ཆ་གཅིག །རག་ཐག་ཅན་ཆ་གཉིས། གཏོར་ཆ་ལེགས་པ་ལྔ་ཚར་གཅིག །ཏིང་

བདུན་ཆེ་བ་ཆ་གཅིག །སེང་ལྡེང་གི་ཌཱ་མ་རུ་འཕན་ཚར་བཅས་པ་གཅིག །རིགས་ལྔའི་ཅོད་པཎ་དར་དཔྱངས་དང་བཅས་པ། རྟེན་ཁེབས་ཇུས་མ་འབྲུག་མཐོངས་ཅན་གཅིག །བཀྲ་ཤིས་རྫས་བརྒྱད་ཀྱི་གཟུགས་དངུལ་གྱི་མཎྜལ་ཆེ་ཞིང་ལེགས་པ་གཅིག །རི་དྭགས་རུ་རུའི་རྭ་གཅིག །གླང་པོ་

ཆེའི་མཆེ་བ་ཡ་གཅིག །མ་ཧཱ་ཙི་ནའི་སྤོག་ཕོར་ཟོང་རྙིང་ལས་གྲུབ་པ་ཆེ་ལེགས་གཅིག །དེ་ལ་སོགས་པའི་ཡོ་བྱད་ཀྱི་རྣམ་པ་རྒྱ་གར་དང་རྒྱ་ནག་དང་བལ་པོ་དང་བོད་ཀྱི་ཡུལ་གྲུ་ཆེན་པོ་རྣམས་ལ་རིན་ཐང་ཤིན་ཏུ་ཆེ་བའི་ཉེ་བར་སྤྱད་པའི་རིགས་དང༌། གཞན་ཡང་གསེར་དང་དངུལ་དང༌། དར་གོས་

དང༌། ཨརྡོ་ཀའི་སྤོབས་རྩེ་དང༌། རྟ་ཕྱུགས་ལ་སོགས་པ་སྟེ་དེ་དག་རེ་རེ་ལའང་ནང་གསེས་ཀྱི་རྣམ་གྲངས་ཤིན་ཏུ་མང་ཞིང་དངོས་པོ་བཟང་བའི་འབུལ་ཚན་གྱི་རྣམ་གྲངས་རགས་པ་རྣམས་ཕྱོགས་སུ་བསྡོམས་པ་ཚན་གྲངས་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་ལྔ་ལ་སུམ་ཅུས་ལྷག་པའི་འབུལ་བ་བསྟབ་

བོ། །དེའི་རྗེས་སུ་སྡོམ་བརྩོན་ཆེན་པོའི་སྐུའི་བར་ཆད་སྲུང་བར་བྱེད་པའི་བླ་མ་དང༌། ཆོས་ཁྲིམས་དང༌། གྲྭ་ཚང་དང༌། གསོལ་དཔོན་དང༌། མཆོད་དཔོན་དང༌། བཀའི་འཁོར་ལོས་སྒྱུར་བའི་མདུན་ན་འདོན་ཆེན་པོ་རྣམས་དང༌། གཉེར་པ་དང༌། ཚོང་དཔོན་དང༌། ཧོར་འདྲ་དང༌།

Vol. 213 · folio 241b

ལས་བྱེད་དུ་གཏགས་པ་ཐམས་ཅད་ཀྱང་རང་རང་གི་འབྱོར་པའི་བང་མཛོད་དག་དབྱེ་ཞིང༌། གཏོང་ཕོད་ཀྱི་ཕྱག་རིང་ལེགས་པར་བརྐྱངས་པའི་འབུལ་བ་རྒྱ་ཆེན་པོ་དག་གིས་བསྙེན་བཀུར་སྟོབ་པར་བྱེད་དོ། །དེའི་རྗེས་ཐོགས་སུ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་འདིར་གཉུག་མར་བཞུགས་པའི་བླ་མ་དང༌། སློབ་

དཔོན་དང༌། ཆོས་ཁྲིམས་དང༌། སྤྱི་པའི་དུས་ཇ་བ་ཁག་རྣམས་དང༌། དགེ་སློང་དང༌། དགེ་ཚུལ་ཇི་སྙེད་བཞུགས་པ་རྣམས་ཀྱིས་ཀྱང་རང་རང་གི་བདོག་པའི་དངོས་པོ་གྱ་ནོམ་པ་དག་གིས་ཡང་དག་པར་མཆོད་པར་བྱེད་དོ། །དེ་དག་གི་རྗེས་སུ་རྫོང་ཁག་ཆེན་པོ་བཅོ་བརྒྱད་ཀྱི་མངའ་འོག་ཏུ་གཏོགས་

སོ་འཚལ་གྱི་བླ་མ་དང༌། མི་དཔོན་དང༌། དགོན་པ་དང༌། ཁྱིམ་བདག་འབྱོར་པ་དང་ལྡན་པ་རྣམས་ཏེ། མདོར་ན་སྡོམ་བརྩོན་སྐྱེ་དགུའི་བདག་པོ་འདིའི་ཐུགས་རྗེས་ལེགས་པར་བསྲུངས་པའི་འཛིན་མའི་དཀྱིལ་འཁོར་ཀུན་དུ་འཁོད་པའི་འགྲོ་བ་གཞན་མང་པོ་དག་ཀྱང་འོངས་ཏེ། རང་རང་གི་དད་

མོས་ཀྱི་ཤུགས་ལས་བྱུང་བའི་འབུལ་བ་དང་བསྙེན་བཀུར་ཡང་དག་པར་སྟོབ་པར་བྱེད་དོ། །ཕྱོགས་དང་ཕྱོགས་བྲལ་གྱི་སྐྱེ་བོའི་ཚོགས་དེ་དག་ཐམས་ཅད་ཀྱང་རྗེ་བཙུན་དམིགས་པ་མེད་པའི་ཐུགས་རྗེ་དང༌། ཡོན་ཏན་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཆེན་པོ་གང་གི། ཞལ་བཟང་ཟླ་བ་རྒྱས་པའི་

དཀྱིལ་འཁོར་ལེགས་པར་མཐོང་བའི་བསོད་ནམས་ཀྱི་སྐལ་བ་རྨད་དུ་བྱུང་བའི་རྒྱ་མཚོ་ཆེན་པོ་ནི་གསར་དུ་འཕེལ་བའི་བཀའ་དྲིན་གཞལ་དུ་མེད་པ་བྱུང་ངོ༌། །དེ་བཞིན་དུ་ཡར་ལུང་བཀྲ་ཤིས་ཆོས་སྡེའི་མཁན་པོ་ཕྱི་དང་ནང་གི་ཡོན་ཏན་གྱི་ནོར་བུའི་འབྱོར་པས་རབ་ཏུ་གཏམས་ཤིང༌། སེམས་ཅན་གྱི་རེ་བ་ཐམས་ཅད་

བདེ་བླག་ཏུ་འགེངས་པར་བྱེད་པའི་ངག་གི་དབང་ཕྱུག་ཀུན་དགའ་ལེགས་པའི་འབྱུང་གནས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་པ་དེ་ཉིད་ཀྱང་ལྗོངས་འདིར། བསྟན་པའི་དོན་དང་འགྲོ་བའི་དཔལ་དུ་དང་པོར་སྤྱན་འདྲེན་པ་དང༌། བར་དུ་དོན་ཡོད་པ་རྣམ་པ་བཞིའི་སྒོ་ནས་དགྱེས་པའི་བྱ་བ་ཡང་

དག་པར་བསྒྲུབས་ནས། དེ་ཉིད་ཀྱི་ཞལ་སྒོ་ནས་བྱུང་བའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩི་བསམ་ལས་འདས་པ། རང་དང་གཞན་གྱི་ཐར་པ་མཆོག་གི་སྲོག་ཟུང་བརྟན་པར་བྱེད་པའི་བཅུད་ལེན་དུ་བསྟེན་ཏེ། དེའི་རྣམ་གྲངས་ནི་མདོ་ཙམ་གོང་དུ་སྨྲས་ཟིན་ཏོ། །འདྲེན་མཆོག་དམ་པ་དེའི་

Vol. 213 · folio 242a

རྣམ་པར་དཀར་བའི་ཕྲིན་ལས་ཀྱི་རྒྱུན་ཆེན་པོ་ནི། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་གསར་དུ་བཙུགས་པ་དང༌། མགོན་པོའི་དམར་ཆེན་གཏོར་མའི་བཟློག་པ་ལོ་དུས་བཞིན་དུ་བཙུགས་པ་དང༌། བསྐང་གསོ་ཆོས་

ཉིད་མའི་རྒྱུན་འཛུགས་རྣམས་ཀྱི་སྲོལ་མ་ནུབ་པར་བསྟན་པའི་སྦྱིན་བདག་ཆེན་པོར་མཛད། མཐར་རྗེ་བཙུན་བླ་མ་དེ་ཉིད་དབུས་ཕྱོགས་ཀྱི་བསྟན་དོན་ལ་ཆིབས་ཀྱི་གདོང་བསྒྱུར་ནས་འབྱོན་དགོས་བྱུང་བ་ན་ཡང༌། འབུལ་རྫོངས་ཀྱི་དངོས་པོ་བཟང་ཞིང་གཏོས་ཆེ་བ་ཚན་གྲངས་བརྒྱ་ཕྲག་ལྔ་ལས་

ལྷག་པའི་ཡོན་འབུལ་བ་སྟབས་ཏེ། མདོར་ན་མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་མ་གྱུར་པ་དེ་སྲིད་དུ་མཐས་གཏུགས་པ་མེད་པའི་བསོད་ནམས་ཀྱི་ཚོགས་རྫོགས་རྒྱ་མཚོ་ཆེན་པོ་ལྟ་བུར་བསྐྱིལ་བར་མཛད་དོ། །དེ་བཞིན་དུ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོའི་སྐུའི་དཔོན་

དུ་གྱུར་པའི་གནས་ལྔ་རིག་པ་སྨྲ་བའི་དབང་ཕྱུག་ཆེན་པོ་འཇམ་དབྱངས་བླ་མ་སངས་རྒྱས་ཡེ་ཤེས་པའང༌། ལྗོངས་འདིར་དང་པོར་སྤྱན་འདྲེན་པ་དང༌། བར་དུ་བསྙེན་བཀུར་དང་ཡོན་འབུལ་སྟོབ་པ་ལ་སོགས་པ་ཐམས་ཅད་སྔ་མ་ཉིད་དང་རིགས་མཚུངས་སུ་མཛད་ཅིང༌། ཁྱད་པར་མཁན་ཆེན་རྡོ་རྗེ་འཆང་

བཀྲ་ཤིས་ལྷུན་གྲུབ་པའི་གདུང་འབུམ་ཁང་དུ་འདས་དུས་ཀྱི་ཟླ་མཆོད་རྒྱུན་མི་ཆད་པའི་རྟེན་བཞག་གི་མཐུན་རྐྱེན་རྒྱ་དཔངས་མི་དམན་པའི་ལེགས་བྱས་ཀྱི་ཚོགས་ཆེན་པོ་བསྐྲུན་ནོ། །གཞན་ཡང་ས་སྐྱ་གོང་དང་ངོར་པ་བླ་བྲང་རྣམས་ནས་བརྫོངས་པའི་འབུལ་སྡུད་ཀྱི་ཆོས་རྗེ་འབྱོན་བཞུད་

མཛད་པ་ཐམས་ཅད་ལའང་ཕན་འདོགས་གང་ཆེ་དང༌། གནང་སྦྱིན་གྱ་ནོམ་པ་མཛད་པ་ལ་སོགས་པ་བསྟན་པར་དམིགས་པའི་མགོ་འདོན་ཡང་དག་པར་མཛད་དོ། །གཞན་ཡང་བར་སྐབས་དག་ཏུ་དགེ་སློང་བསྙེན་པ་དང་སྒྲུབ་པ་ལྷུར་བགྱིད་པ་རྣམས་དང༌། སྔོན་ཆད་བསྙེན་པ་མ་གྲུབ་པ་

རྣམས་ལ་མཚམས་རྒྱགས་ལེགས་པར་སྦྱར་ཏེ་ཡི་དམ་གྱི་ལྷ་གང་ཡང་རུང་བའི་གསང་སྔགས་བགྲང་དུ་བཅུག་པའང་དཔག་ཏུ་མ་མཆིས་པ་མངོན་པར་འདུ་བྱས་སོ། །མདོར་ན་སྡོམ་བརྩོན་སྐྱེ་དགུའི་བདག་པོ་འདིའི་གཏོང་སྒོ་དང༌། མཛད་པ་ཐམས་ཅད་ཀྱང་མཐར་ནི་བསྟན་པ་རིན་པོ་ཆེའི་ཞབས་

Vol. 213 · folio 242b

འདེགས་སུ་གཞོལ་ཞིང་འབབ་པ་ཁོ་ནར་འགྱུར་བའི་ཕྱིར་ཆོས་ལྡན་གྱི་རྒྱལ་པོ་ཞེས་གྲགས་པའི་ཡི་གེ་རྣམ་པར་གསལ་བ་གང་ཡིན་པ་དེ་ནི་གཅམ་བུ་མ་ཡིན་པའི་ངེས་པའི་དོན་ཉིད་དོ་ཞེས་བདེན་པའི་མཐའ་ཉིད་ཀྱིས་གསལ་བར་འབོད་པ་བཞིན་དུ་མཆིས་སོ། །ཁྱད་པར་རྔུ་མདའ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་

འདིར་སྡེ་དགེ་ས་སྐྱོང་གོང་མར་གྱུར་པ་རྣམས་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བ་ཉིད་ཀྱི་མཐུ་དང༌། བསྟན་འཛིན་གྱི་སྐྱེས་བུ་སྤྲུལ་པའི་སྐུ་རིམ་པར་བྱོན་པ་རྣམས་ཀྱིས་ལེགས་པར་བཤད་པའི་བདུད་རྩིའི་རྒྱུན་གྱིས་རྟག་ཏུ་བརླན་པའི་དབང་གིས། རྣམ་གསུམ་བསླབ་པའི་ནོར་བུའི་འབྱོར་པས་ཀུན་ནས་

བདོ་བའི་དགེ་སློང་གི་དགེ་འདུན་ཆེན་པོ་རྣམས་ཀྱི་སྒྲིགས་སྲོལ་ལ་རྙོག་པའི་དྲི་མ་ཕྲ་ཞིང༌། ཚོགས་འདོན་དང་ཆོ་གའི་རིམ་པ་གང་དང་གང་ཡིན་པ་དེ་དང་དེའི་ལག་ལེན་ཕྲ་མོ་ཚུན་ལའང་དེ་ཁོ་ན་ལ་སྦྱངས་པ་ལྟ་བུའི་བྱང་ཆུབ་པ་ཤ་སྟག་ཏུ་མཆིས་མོད། འོན་ཀྱང་བར་སྐབས་འགའ་རེ་ནས་སྒྲིགས་

ལམ་བག་ཡོངས་སུ་སོང་བའི་རྐྱེན་གྱིས་ཅུང་ཟད་འཕྱུགས་པ་མཐོང་བ་རྣམས་ཀྱང༌། སྔོན་དུས་མཁན་ཆེན་འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས་པས་མཛད་པའི་དགོན་གནས་ཀྱི་བཅའ་ཡིག་ལྷག་བསམ་རབ་དཀར་ཞེས་བྱ་བ་དང༌། རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ་པས་མཛད་

པའི་བཅའ་ཡིག་ལྷག་བསམ་མཛེས་པར་བྱེད་པའི་རྒྱན་ཞེས་བྱ་བ་ལ་སོགས་པ་དང༌། གྲྭ་ས་ཆེན་པོ་རྣམས་ཀྱི་གནང་བཀག་ཇི་ལྟར་བྱ་བའི་མིག་མཐོང་བྱུང་བ་དང་བསྟུན་པའི་ཁྲིམས་སུ་བཅའ་བ་གསར་དུ་སྡོམ་པ་དང་བཅས་པའི་སྒོ་ནས། ཡོན་གནས་དང་བ་འདྲེན་པའི་མཆོག་ཏུ་

བསྐྲུན་ནོ། །དེ་ལྟ་བུའི་དགེ་འདུན་གྱི་ཚོགས་འདུ་བའི་སྒྲུབ་མཆོད་ཀྱི་རྒྱུན་སྔར་ཡོད་པ་རྣམས་མ་ཉམས་པར་མཛད་ནས། ལོ་དུས་བཞིན་དུ་རིམ་པར་འཛུགས་པ་ནི། འདི་ལྟར་རྒྱུ་སྐར་རྒྱལ་གྱིས་ཉ་བའི་ཟླ་བར། བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོའི་རྒྱལ་ཚབ་ཆེན་པོ་རྗེ་བཙུན་ཀུན་

དགའ་བཟང་པོ་པའི་གཟུགས་སྐུ་སྒྱུ་འཕྲུལ་གྱི་སྤྲོས་པ་མཁའ་ཁྱབ་ཆོས་ཀྱི་སྐུའི་དབྱིངས་སུ་བརྟུལ་བའི་ཟླ་དུས་ཀྱི་མཆོད་པ་འབུལ་བའི་དུས་བཟང་པོ་དང་བསྟུན་པའི་ཉི་ཤུ་ལྔའི་ཉིན་ནས་བརྩམས་ཏེ། ཆོ་འཕྲུལ་གྱི་ཟླ་བའི་ཚེས་བཅུ་དྲུག་གི་བར་དུ། ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོ་འདི་ཉིད་དུ་

Vol. 213 · folio 243a

གཉུག་མར་གནས་པའི་དགེ་སློང་གི་དགེ་འདུན་ཇི་སྙེད་བཞུགས་པ་རྣམས་དང༌། གཞན་ཡང་ལྕགས་རའི་དགོན་པ་དང༌། རྒ་ལྡན་སྟེང་གི་དགོན་པ་དང༌། འཁོར་ལོ་མདོའི་དགོན་པ་དང༌། རྫོང་ཆེན་མགོའི་དགོན་པ་དང༌། ཡེ་ནའི་དགོན་པ་དང༌། རབ་བརྟན་གླིང་

གི་དགོན་པ་སྟེ། དགོན་སྡེ་བདུན་གྱི་བླ་མ་དང་དགེ་སློང་ཞིབ་རྒྱས་སུ་འདུ་བའི་དགེ་འདུན་གྱི་འདུ་བ་ཆེན་མོར་གྲགས་པ་སྟེ། དེ་ལ་མཆོད་གནས་སྟོང་ཕྲག་གཅིག་ལ་བརྒྱ་ཕྲག་ལྔས་ལྷག་པ་རྣམས་ཀྱིས། གཙུག་ལག་ཁང་ཆེན་པོ་བསམ་འགྲུབ་མཐོང་གྲོལ་གྱི་ནང་ན་སྟབས་སུ་འཚོགས་

ཤིང༌། དེའི་དབུར་རབ་ཏུ་ངོར་ཆེན་རྡོ་རྗེ་འཆང་གི་རྒྱལ་ཚབ་ཏུ་མངའ་གསོལ་བའི་མཁན་པོ་རིན་པོ་ཆེ་རེ་བཞུགས་པའི་སྐབས་ཡིན་ན་དེ་ཉིད་དང༌། དེ་ལྟར་མ་བྱུང་བ་ན་ངོར་པའི་ཆོས་རྗེ་ཆེན་པོ་རེས་རྡོ་རྗེ་སློབ་དཔོན་མཛད་པ་ལ། དེང་གི་སྐབས་ནི་མཁན་རིན་པོ་ཆེ་ཐམས་ཅད་མཁྱེན་པ་དཔལ་

ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་པ་ཚོགས་ཀྱི་དབུར་སྤྱན་འདྲེན་པར་མཛད་དེ། ཐོག་མར་དུས་དགྲའི་དབང་པོ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་འཁོར་དང་བཅས་པའི་གཏོར་མའི་ཆོ་ག་དྲུག་ཅུ་པ་དང་བཅས་པའི་གཏོར་རྒྱབ་ཉིན་ལྔ། ཚེས་གཅིག་ལ་གཙུག་

ཏོར་རྣམ་པར་རྒྱལ་མའི་སྟོང་མཆོད་དང༌། རྡོ་རྗེ་རྣམ་པར་འཇོམས་པའི་ཆོ་ག་གཉིས་སོ། །ཚེས་གཉིས་ནས་བརྩམས་ཏེ་ངོར་པའི་དཀྱིལ་འཁོར་བདུན་དུ་གྲགས་པ་འཛུགས་ཏེ། ཐམས་ཅད་ཀྱང་སྟ་གོན་ཚོམ་བུའི་དཀྱིལ་འཁོར་ལ་བརྟེན་པའི་ཆོ་ག་དང༌། དངོས་གཞི་རྡུལ་ཚོན་

ལ་བརྟེན་ཏེ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་དང༌། རྗེས་གཤེགས་སུ་གསོལ་བ་ལ་སོགས་པའི་ཆོ་ག་དང་བཅས་པ་ཉིན་བཅོ་ལྔ་སྟེ། དེའང་གཙོ་བོར་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེ་རྡོ་རྗེའི་རྩ་བའི་རྒྱུད་དང་བཤད་པའི་རྒྱུད་རྣམས་

ཀྱི་རྗེས་སུ་འབྲངས་ནས་རྣལ་འབྱོར་གྱི་དབང་ཕྱུག་དཔལ་བིརྺ་པའི་ཞལ་སྔ་ནས་མན་ངག་ལུགས་སུ་བཀྲལ་བའི་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་དང༌། རྒྱུད་དེ་ཉིད་ཀྱི་བཤད་པའི་རྒྱུད་ཐུན་མོང་མ་ཡིན་པ་མཁའ་འགྲོ་རྡོ་རྗེ་གུར་གྱི་རྒྱུད་ལས་འབྱུང་བའི་རིགས་བསྡུས་པ་

Vol. 213 · folio 243b

མཁའ་འགྲོ་ལྔའི་ཕོ་བྲང་ལྷ་བཞི་བཅུ་རྩ་དགུའི་དཀྱིལ་འཁོར་དང༌། རྒྱུད་གཞན་དང་ཐུན་མོང་བའི་བཤད་པའི་རྒྱུད་དཔལ་ཁ་སྦྱོར་རམ་ཡང་དག་པར་སྦྱོར་བའི་རྒྱུད་ལས་འབྱུང་བའི་རྡོ་རྗེ་དབྱིངས་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་དང༌། ཤེས་རབ་རྒྱུད་གཙོ་བོར་གྱུར་པ་འཁོར་ལོ་སྡོམ་པའི་རྩ་བའི་

རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་དང༌། རྣལ་འབྱོར་མ་ཀུན་དུ་སྤྱོད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་གྲུབ་ཆེན་ལོ་ཧི་པའི་ལུགས་ཀྱི་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར། རྩ་བའི་རྒྱུད་དེ་ཉིད་དང་རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་གྲུབ་ཆེན་ནག་པོ་སྤྱོད་

པའི་ལུགས་ཀྱི་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དང༌། ཐབས་རྒྱུད་གཙོ་བོར་གྱུར་པ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་དང༌། རྒྱུད་ཕྱི་མ་དང༌། བཤད་པའི་རྒྱུད་དང་ཆ་མཐུན་གྱི་རྒྱུད་རྣམས་ལ་བརྟེན་ནས་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱིས་ལེགས་པར་

བཀྲལ་བའི་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དང༌། གསང་བ་འདུས་པའི་རྩ་བའི་རྒྱུད་དང༌། དེའི་རྒྱུད་ཕྱི་མ་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་རྣམས་ལ་བརྟེན་ནས། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དངོས་སུ་བྱིན་གྱིས་བརླབས་པའི་སློབ་དཔོན་

སངས་རྒྱས་ཡེ་ཤེས་ཞབས་ཀྱིས་དམ་པར་བཀྲལ་བའི་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་ཏེ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་གསུམ་གྱིས་བསྟན་པར་བྱ་བ་ཐམས་ཅད་ཀྱི་སྙིང་པོ་ལས་ཀྱང་ཆེས་སྙིང་པོར་གྱུར་པའི་དཀྱིལ་འཁོར་ཆེན་པོ་གསེར་གྱི་རི་བོའི་གྲངས་དང་

ལྡན་པ་རྣམས་ཀྱི་ཞལ་ཕྱེ་བའི་སྒྲུབ་མཆོད་ཆེན་མོ་འཛུགས་ཤིང༌། དེ་ལ་བརྟེན་ནས་རང་དང་གཞན་གྱི་རྒྱུད་ལ་བསྐལ་པ་བྱེ་བ་དུ་མ་ནས་བསགས་པའི་སྡིག་པའི་ཕུང་པོ་བརྩེགས་པ་རི་རབ་ལྟར་ཡོད་པ་རྣམས་ཀྱང་སྐད་ཅིག་རེའི་ཡུན་ལ་བསྙིལ་བར་བྱེད་དོ། །ཡང་དུས་ཚེས་དེ་དང་མཉམ་དུ་ཆོས་སྒྲོག་

མཁན་བརྒྱ་དང་ཉི་ཤུ་ཙམ་གྱིས་རྒྱལ་བའི་བཀའ་འགྱུར་རོ་འཚལ་ཚར་གྲངས་གང་འགྲོར་ཀློག་པ་དང༌། སླར་ཡང་ཆོས་སྒྲོག་མཁན་ཉུང་བཏུས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་བརྒྱ་ཚར་མན་ཆད་གང་འགྲུབ་དང་རྒྱལ་བའི་བཀའ་འགྱུར་རོ་འཚལ་རྫོགས་པ་ཚར་གཅིག་ཀློག་པ་དང༌།

Vol. 213 · folio 244a

གཞན་ཡང་དུས་ཚེས་དེ་དག་དང་མཉམ་པར་མཁར་གསུམ་མདོའི་དགོན་པ་དང༌། དབོན་པོ་སྟོད་ལ་སོགས་པ་ངོར་གྱི་དགོན་ལག་ཡོད་པ་ཕལ་ཆེ་བ་རྣམས་སུ་ཡང་དགེ་འདུན་མང་པོ་འདུ་བའི་དཀྱིལ་འཁོར་ལྔ་བདུན་གང་རུང་གི་སྒྲུབ་མཆོད་དང༌། དེ་དག་ཏུ་མ་ཟད་སྡོམ་བརྩོན་སྐྱེ་དགུའི་

བདག་པོ་རང་གི་མངའ་འོག་ཏུ་གཏོགས་པའི་གསར་རྙིང་གི་དགོན་སྡེ་རྣམས་སུ་ཡང་རང་རང་གི་ཕྱོགས་སུ་བསྡུ་ཁྲལ་ཡོད་པ་ལས་བྱུང་བ་རྣམས་ཀྱང་ཕལ་ཆེར་སྐུའི་མཆེད་ཟླར་གྱུར་པ་དང༌། སྐུ་ཚབ་དང་བསྐོས་མི་ལ་སོགས་པ་ལ་འགན་བསྐུལ་བ་དང་བཅས་པའི་སྒོ་ནས། དགོན་སྡེ་རང་རང་གི་ཕྱོགས་

སུ་སྐུ་རིམ་དང༌། གཏན་པ་མེད་པའི་དགེ་བསྐུལ་དུ་འགྲོ་བ་ལ་སོགས་པའི་རྣམ་དཀར་གྱི་བྱ་བ་རྒྱ་ཆེན་པོ་སྐྱོང་བ་དང༌། གཞན་ཡང་ལྷུན་གྲུབ་སྟེང་གི་ཆོས་གྲྭ་འདིར་ཟླ་དུས་དང༌། ཚེས་གྲངས་གང་དང་གང་ཡིན་པ་དེ་དང་དེ་ལས་ནམ་ཡང་བསྐལ་དུ་མེད་པའི་མཆོད་པ་དང༌། ཆོ་གའི་རིམ་པ་ནི། ཧོར་ལུགས་

ཀྱི་ཟླ་བ་དང་པོའི་ཚེས་བཅུ་བདུན་ནས་སྟོང་གི་བར་དུ་བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་ས་ལུགས་ཀྱི་སྒྲུབ་མཆོད་ཆེན་མོ་འཛུགས་པ་སྟེ། དེའང་འདི་ལྟར་དཔལ་ས་སྐྱའི་རྗེ་བཙུན་མཆོག་གི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་སྒྱུ་འཕྲུལ་གྱི་རོལ་པ་ལས་བྱོན་པའི་མཆོག་གི་རྡོ་རྗེ་སློབ་དཔོན་ཆེན་པོ་མཚན་ཉིད་དང་ལྡན་

པ། སྤྱིར་མདོ་དང་སྔགས་ཀྱི་གཞུང་ལུགས་རབ་འབྱམས་ལ་སྦྱངས་པ་དང༌། ཁྱད་པར་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་རྡོ་རྗེ་ཕུར་པའི་སྟོད་སྨད་ཀྱི་ཕྲིན་ལས་མཐའ་དག་ལ་གཞན་དྲིང་མི་འཇོག་པར་བྲི་ཐིག་དང༌། འདོན་གདངས་དང༌། འཆམས་དང༌། རོལ་མོ་རྣམས་ལ་སྦྱངས་པ་རབ་ཀྱི་མཐར་

སོན་པ་རེ་གདན་ས་ཆེན་པོ་ནས་གདན་འདྲེན་པར་མཛད་དེ། དེ་ཉིད་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་དུ་བཞུགས་སུ་གསོལ་ནས་རིག་པ་འཛིན་པའི་དགེ་སློང་གི་དགེ་འདུན་གྱི་ཚོགས་དང་ལྷན་ཅིག་ཏུ་དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཆེན་པོ་རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད། ཟླ་བ་དེའི་ཉི་ཤུ་ལྔའི་

ནང་བར་དགེ་འདུན་ཇི་སྙེད་བཞུགས་པས་རྡོ་རྗེ་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་གྱི་ཆོ་ག་དང༌། དེའི་ཕྱི་མ་རེད་ནས་ཉེར་དགུའི་བར་ལ་བསྐང་གསོ་དང༌། ཐུགས་གསོ་དང༌། གཟུངས་གསོ་གང་རུང་རེ་མཛད། དབོ་ཟླ་བའི་ཚེས་གསུམ་ནས་བརྩམས་ཏེ་དགེ་འདུན་གྱི་གཙུག་ལག་ཁང་ཆེན་པོ་

Vol. 213 · folio 244b

བསམ་འགྲུབ་མཐོང་གྲོལ་ལ་སོགས་པའི་ལྷ་ཁང་རྣམས་སུ་རྡོ་རྗེ་སློབ་དཔོན་ལྔ་བཅུས་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་ལ་བརྟེན་པའི་རབ་ཏུ་གནས་པའི་ཆོ་ག་རྒྱས་པ་ཉིན་གསུམ་པ་ཚར་བརྒྱད། ཉེར་གསུམ་ནས་ཉེར་དགུའི་བར་མགོན་ཁང་ཤར་དུ་མགོན་པོའི་དམར་ཆེན་གཏོར་མའི་བཟློག་པ། ནག་པས་ཉ་བའི་

ཞག་གི་ཕུང་པོའི་ཚེས་བརྒྱད་ནས་ཉི་ཤུ་བཞིའི་བར་ལ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་ཞེས་བྱ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ལེགས་པར་བཀྲལ་བའི་དཔལ་དུས་ཀྱི་འཁོར་ལོ་ཐུགས་གསུང་སྐུའི་དཀྱིལ་འཁོར་གྱི་ལྷ་མཁའ་རོ་དུས་ཀྱི་གྲངས་དང་མཉམ་པའི་

དཀྱིལ་འཁོར་ཆེན་པོ་རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་འཛུགས། དེ་ནས་ལྕགས་རའི་དགོན་པར་སྐུ་ཞབས་གྲྭ་ཚང་དང་བཅས་པའི་དགེ་འདུན་གྱི་ཚོགས་ཇི་སྙེད་བཞུགས་པས་ཉི་ཤུ་ལྔ་ནས་ཉེར་དགུའི་བར་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་མ་དྲུག་ཅུ་རྩ་བཞི་པའི་གཏོར་རྒྱབ། ས་ག་ཟླ་བ་ནས་རིམ་

པར་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་ལ་བརྟེན་པའི་རབ་ཏུ་གནས་པ་རྒྱས་པ་ལན་གཉིས། དཔལ་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་ཞབས་ཀྱིས་བཀྲལ་བའི་རྗེ་བཙུན་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་ཉིན་བརྒྱད། རྡོ་རྗེ་འཇིགས་བྱེད་རྭ་ལུགས་རོ་ལངས་

བརྒྱད་སྐོར་གྱི་དཀྱིལ་འཁོར་རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་ཉིན་བརྒྱད། ཉི་ཤུ་གསུམ་ནས་ཉེར་དགུའི་བར་རྡོ་རྗེ་ཕུར་པ་ས་ལུགས་ཀྱི་གཏོར་བཟློག །སྣྲོན་གྱི་ཟླ་བར་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་འཆི་མེད་རྔ་སྒྲའི་དཀྱིལ་འཁོར་གྱི་སྒྲུབ་མཆོད་ཉིན་བརྒྱད། ཆུ་སྟོད་ཟླ་བར་བཅོམ་ལྡན་འདས་རྡོ་རྗེ་

འཇིགས་བྱེད་རྭ་ལུགས་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་ཉིན་བརྒྱད་པ་རྣམས་འཛུགས་སོ། །ཟླ་བ་དེའི་ཚེས་འགོར་ལྷུན་གྲུབ་སྟེང་གི་ཆོས་གྲྭ་འདིར་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཀུན་རིག་རྩ་བའི་དཀྱིལ་འཁོར་ལྷ་སུམ་ཅུ་རྩ་བདུན་མགྲོན་ཐབས་ཀྱི་ལྷ་དང་

བཅས་པའི་ཆོ་ག་སྟོང་ཕྲག་གསུམ་ལ་ཉིན་གསུམ། གྲོ་བཞིན་ཟླ་བར་སྒྲོལ་མ་མཎྜལ་བཞི་པའི་མཆོད་པའི་ཆོ་ག་ཉིན་གསུམ། ཉེར་གསུམ་ནས་ཉེར་དགུའི་བར་ལ་མགོན་པོའི་གཏོར་མ་དྲུག་ཅུ་རྩ་བཞི་པའི་གཏོར་བཟློག །ཁྲུམས་ཀྱི་ཟླ་བར་མགོན་པོའི་གཏོར་བཟློག །ཐ་སྐར་ཟླ་བའི་ཚེས་བཅུ་

Vol. 213 · folio 245a

བཞིའི་ཉིན་ས་སྐོར་ཆེན་པོ་ཞེས་བྱ་བ་སྟེ། དེ་ཡང༌། མདོ་སྡེ་ལས་བརྒྱ་པ་ལས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་བཟང་པོ་འདི་ཉིད་ལ། སྐྱེ་དགུ་རྣམས་ཚེ་ལོ་བཞི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།

བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ། གང་གི་ཚེ་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདའ་བའི་དབྱིངས་

སུ་ཡོངས་སུ་མྱ་ངན་ལས་འདས་ནས། རྒྱལ་པོ་མཛེས་པས་དེའི་སྐུ་གདུང་ལ་མཆོད་པ་བྱས་ཏེ། སྐུ་གདུང་གི་མཆོད་རྟེན་བརྩིགས་ནས། མཆོད་རྟེན་དེ་ལ་བཀུར་སྟི་ཆེན་པོ་བྱས་ཏེ་མཆོད་རྟེན་གྱི་དུས་སྟོན་གྱི་ལུགས་བཏོད་དོ་ཞེས་དང༌། བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་

རྒྱས་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་དེ་ཉིད་གྲོང་ཁྱེར་རྩྭ་ཅན་གྱི་གནས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་སྐུ་གདུང་གི་མཆོད་རྟེན་ལ། རྩྭ་ཅན་དང་སྡིག་པ་ཅན་གྱི་གྱད་དང༌། ཡུལ་རྟོག་པ་གཡོ་བའི་རྒྱལ་པོ་དང༌། སེར་སྐྱའི་གྲོང་ཁྱེར་གྱི་ཤཱཀྱའི་རིགས་དང༌། མ་ག་དྷཱའི་རྒྱལ་པོ་མ་

སྐྱེས་དགྲ་རྣམས་ཀྱིས་རང་རང་གི་ཡུལ་དུ་དུས་སྟོན་གྱི་མཆོད་པ་དཔག་ཏུ་མེད་པ་བཙུགས་པར་འདུལ་བ་ལུང་ཕྲན་ཚེགས་དང༌། མྱ་ངན་ལས་འདས་པའི་མདོ་ལ་སོགས་པ་ནས་གསུངས་ཤིང༌། ལྷག་པར་བསོད་ནམས་ཀྱི་ཚོགས་བྱེ་བ་གྲངས་མེད་དུ་འཕེལ་བར་འདོད་པ་རྣམས་ཀྱིས། ཁྱད་པར་

ཅན་གྱི་དུས་ཆེན་བཞི་ལ་དགེ་བའི་རྩ་བ་བསྒྲུབ་པར་གསུངས་པ་ལས། དེའི་ངོས་འཛིན་ཚུལ་ཡང་ཡོངས་སུ་གྲགས་པ་ནི། མཆུ་ཟླ་བར་ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས་མཆོད་དང༌། ས་ག་ཟླ་བར་མངོན་པར་བྱང་ཆུབ་པའི་དུས་མཆོད་དང༌། ཆུ་སྟོད་ཟླ་བར་ཆོས་ཀྱི་འཁོར་ལོ་བསྐོར་བའི་

དུས་མཆོད་དང༌། དབྱུག་པ་ཟླ་བར་ལྷ་ལས་བབ་པའི་དུས་མཆོད་རྣམས་སྔོན་དུས་འཕགས་པའི་ཡུལ་དུ་དར་བར་གྲགས་ཤིང༌། གཞན་ཡང་ཁྱིམ་ནས་ཁྱིམ་མེད་པར་མངོན་པར་བྱུང་སྟེ། མཆོད་རྟེན་རྣམ་དག་གི་དྲུང་དུ་དབུའི་གཙུག་ཕུད་བྲེགས་པའི་ཚེ་གཙུག་གི་ཕུད་བུ་ལྷ་རྣམས་ཀྱི་དབང་པོ་བརྒྱ་

Vol. 213 · folio 245b

བྱིན་གྱིས་བླངས་ཏེ། སུམ་ཅུ་རྩ་གསུམ་གྱི་གནས་སུ་ཁྱེར་བ་ལ་གཙུག་ཕུད་ཀྱི་དུས་སྟོན་བྱས་པ་དང༌། དེ་ཉིད་ཤ་ཝ་རི་པའི་ཆ་བྱད་ཅན་དུ་སྤྲུལ་ནས་ཉེ་བར་འོངས་ཏེ། ཤ་ནའི་གོས་ངུར་སྨྲིག་གི་ཚོན་གྱིས་བྲན་པ། སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་ལ་ཕུལ་ནས། དེའི་ན་བཟའ་ཀཱ་

ཤི་ཀའི་གོས་རིན་ཐང་གཞལ་དུ་མེད་པ་གུས་པས་བླངས་ཏེ། སུམ་ཅུ་རྩ་གསུམ་གྱི་གནས་སུ་ཁྱེར་ཏེ་དེར་ངུར་སྨྲིག་བླངས་པའི་དུས་སྟོན་བྱས་པ་དང༌། དཀའ་ཐུབ་ཀྱི་མཛད་པ་མཐར་ཕྱིན་ནས་ཁ་ཟས་རགས་པ་གསོལ་བར་བཞེད་པའི་ཚེ། ལེགས་སྐྱེས་མ་དང་དགའ་སྟོབས་མས། ཉིས་

སྟོང་གི་འོ་མ་བསྐོལ་བའི་འོ་ཐུག་སྦྲང་རྩི་ཅན་གྱིས་གསེར་གྱི་ཡོལ་གོ་ཡོངས་སུ་བཀང་སྟེ་ཕུལ་བ་བཅོམ་ལྡན་འདས་ཀྱིས་ལེགས་པར་བཞེས་ཏེ། ཡོལ་གོ་དེ་ཉིད་ཀྱང་ནཻ་རཱཉྫ་ནའི་ཆུ་བོ་ཆེན་པོར་བསྒྱུར་བ། ཀླུའི་རྒྱལ་པོ་རྒྱ་མཚོ་ཞེས་བྱ་བས་མཆོད་པའི་ཆེད་དུ་བླངས་པ་ན། ལྷའི་དབང་པོ་

བརྒྱ་བྱིན་ནམ་མཁའ་ལྡིང་གི་རྣམ་པར་སྤྲུལ་ནས་ཕྲོགས་ཏེ། དེ་ཉིད་རང་གི་གཟུགས་ཀྱིས་ལྷའི་གནས་སུ་ཁྱེར་བ་དང་ཡོལ་གོའི་དུས་སྟོན་བྱས་པ་ལ་སོགས་པ་བཤད་པ་དང༌། འདུལ་བ་མདོ་རྩ་བར། དེ་ལ་དུས་སྟོན་བྱའོ། །བལྟམས་པ་དང༌། གཙུག་ཕུད་དང༌། དབུ་སྐྲ་དང༌།

བྱང་ཆུབ་པའི་དུས་སྟོན་དག་ཀྱང་ངོ་ཞེས་གསུངས་ཤིང༌། ཁྱད་པར་བླ་མའི་དུས་ཆེན་གྱི་ཚེ་མཆོད་པ་བྱས་པའི་ཕན་ཡོན་དང་དགོས་པ་ནི། དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ཀྱི་དུམ་བུ་བླ་མའི་ཡོན་ཏན་བཟུང་བའི་རྒྱུད་ལས། ཉེ་དུ་འབྲེལ་པ་ཤུལ་ན་གནས་པ་ཡིས། །གཤིན་གྱི་དོན་དུ་དགེ་བ་གང་བྱས་

པའི། །རྣམ་པར་སྨིན་པ་མ་ཕྱིར་བེའུ་བཞིན། །གང་དུ་སྐྱེས་པ་དེ་ཡི་རྗེས་སུ་འབྲང༌། །དེ་བཞིན་མོས་གུས་ལྡན་པའི་སློབ་མ་ཡིས། །བླ་མ་འདས་ནས་གདུང་བས་མཆོད་བྱས་ན། །ཐུགས་ཀྱི་དགོངས་པ་གོང་དུ་ཡོངས་རྫོགས་ཤིང༌། །སློབ་མས་བླ་མའི་རྣམ་ཐར་སྙོགས་པར་འགྱུར། །

བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་པར་བསགས་པའི་སྡིག་ཆེན་རབ་བཅོམ་ནས། །ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། །སྟོང་གསུམ་སྐྱེ་བོ་མིག་བྲལ་སྲོག་ཉམས་ལ། །མིག་སྲོག་བྱིན་ཀྱང་དེ་ཡི་དཔེར་མི་ཕོད། །

Vol. 213 · folio 246a

དེ་སྙེད་སྐྱེ་བོ་དགྲ་བཅོམ་ལ་བཀོད་ནས། །བསྐལ་པར་མཆོད་པའི་དགེ་བས་དཔེར་མི་བཟོད། །བསྐལ་པ་གྲངས་མེད་བསགས་པའི་སྡིག་པ་ཡང༌། །མུན་ལ་ཉི་མ་ཇི་བཞིན་མ་ལུས་སེལ། །ཞེས་འབྱུང་བ་ལྟར། འདིར་འཛམ་གླིང་བསྟན་པའི་བདག་པོ་དཔལ་ས་སྐྱ་

པ་ཀུན་དགའ་སྙིང་པོ་ཞེས་ཕྱོགས་བཅུའི་དཀྱིལ་འཁོར་ཀུན་དུ་གྲགས་པའི་ཡི་གེ་རྣམ་པར་གསལ་བ། དུས་གསུམ་མཉམ་པ་ཉིད་དུ་མཁྱེན་པ། ཐུགས་རྗེའི་དཀྱིལ་འཁོར་ཡངས་པ། སྲིད་པའི་འཆིང་དགུ་གཅོད་པ། ལུས་མེད་གཡུལ་ལས་རྒྱལ་བ། བདེན་པར་ཡང་དག་པར་འདོམས་པར་

མཛད་པ། ཆོས་ཀྱི་རྒྱལ་པོ་ཆེན་པོ། ཆོས་བཞིན་དུ་སྨྲ་བ། རིགས་པར་འདོམས་པའི་རྒྱལ་པོ། གཞི་ཐུགས་སུ་ཆུད་པ། ལམ་མ་ནོར་བར་སྟོན་པ། འབྲས་བུ་བདེ་བླག་ཏུ་སྟེར་བ། ཕྱོགས་བཅུའི་རྣམ་པར་འདྲེན་པ་ཐམས་ཅད་ཀྱིས་ལེགས་སོའི་མེ་ཏོག་

སྩལ་བ། གང་གི་ཞབས་ཀྱི་ཆུ་ལས་སྐྱེས་པ་དག་ནི་འཇིག་རྟེན་གྱི་མེས་པོ་གསེར་མངལ་ཅན་དང༌། གཙུག་ན་ཟླ་བ་དང༌། ཤིས་བརྗོད་ཉན་དང༌། རྣམ་གསུམ་གནོན་པ་ལ་སོགས་པས་ཡན་ལག་མཆོག་གི་གུས་པས་བཏུད་ཅིང་ཕྱག་བྱས་པ། སའི་སྟེང་གི་མཁས་པ་སྐྱེ་བ་ནས་སྐྱེ་

བའི་ཕྲེང་བར་ཤེས་པར་བགྱི་བའི་གཞུང་ལུགས་རབ་འབྱམས་ལ་སྦྱངས་པའི་རྒྱ་མཚོ་རབ་ཏུ་བསྐྱིལ་བས་སྒྲིབ་པའི་དྲི་མ་མ་ལུས་པ་བཀྲུས་ནས་སྐྱེ་བ་འདིར་ལྷག་པའི་ལྷའི་སྐུ་དང་གསུང་དང་ཐུགས་ཀྱི་བྱིན་གྱིས་བརླབས་པ། ཟབ་མོའི་སྔགས་ཀྱིས་ལེགས་པར་བཏབ་པ། ཕྱི་དང་ནང་གི་རིག་པའི་

གཙུག་ལག་རབ་འབྱམས་ལ་ལྟ་བར་བྱེད་པའི་རྣམ་པར་འབྱེད་པའི་མིག་དབང་ཤིན་ཏུ་དག་པར་གྱུར་པ་མང་པོས། དྲི་ཟའི་བུ་མོའི་རྒྱུད་མངས་ཀྱི་གླུ་དང་ལྷན་ཅིག་ཏུ་བསྲེས་པ་སྙམ་བྱེད་པའི་སྙན་དངགས་ཀྱི་མེ་ཏོག་ཨུ་དུམྦཱ་ར་མཐའ་དག་གཅིག་ཏུ་སྤུངས་ནས། གང་གི་ཡོན་ཏན་གྱི་ཁྱད་

པར་ལ་ལན་བརྒྱ་སྟོང་དུ་མར་མངོན་པར་བསྔགས་པའི་ཚིག་གི་མེ་ཏོག་སིལ་མས་ཡང་དག་པར་འཐོར་བ་ན། ནམ་ཞིག་སྙན་དངགས་ཀྱི་མེ་ཏོག་གི་ཕུང་པོ་ནི་ཡོངས་སུ་ཟད་པར་གྱུར་ཀྱང༌། དེའི་ཡོན་ཏན་གྱི་ཆ་ཤས་ནི་གཞར་ཡང་གཏུགས་པར་བྱར་མེད་པ་དེ་ཉིད་ཀྱིས། མིའི་སྲིད་པའི་

Vol. 213 · folio 246b

ཟ་མ་ཏོག་ནི་ཆོས་དབྱིངས་སུ་མཉམ་པ་ཉིད་དུ་རྣམ་པར་བསྲེས་ཏེ། ཡེ་ཤེས་སྒྱུ་མའི་རྒྱལ་པོའི་མིག་འཕྲུལ་གསུམ་དུ་སྤྲུལ་པ་ཡང་བདེ་བ་ཅན་དང༌། མངོན་པར་དགའ་བའི་ཞིང་དང༌།གསེར་མདོག་ཅན་རྣམས་སུ་བདེ་བར་གཤེགས་པའི་ལོ་དུས་ཀྱི་མཆོད་པའི་དུས་ཇ་ཆེན་པོས་བསྐོར་ཞེས་

བྱ་བ་ས་ངོར་གྱི་དགོན་སྡེ་མཐའ་དག་ཏུ་ཡོད་ཅིང༌། ཁྱད་པར་ལྷུན་གྲུབ་སྟེང་འདིར་གཙུག་ལག་ཁང་དུ། དུས་ཐང་གི་སྐུ་བརྙན་མཐོང་བ་དོན་ལྡན་ཞེས་བྱ་བ་བཀྲམ་པའི་མདུན་གང་ན་བར། མེ་ཏོག་དང༌། སྤོས་དང༌། མར་མེའི་ཕྲེང་བ་དང༌། བྱུག་པ་དང༌། ལྷ་བཤོས་ལ་སོགས་

པའི་ཉེ་བར་སྤྱོད་པ་རྣམས་ནི། རེ་རེའང་བརྒྱ་སྟོང་གྲངས་མེད་པར་བསྐྲུན་དུ་བཅུག་སྟེ་བཤམ་མོ། །ཇི་ཙམ་ན་དགེ་འདུན་གྱི་ཚོགས་ཇི་སྙེད་བཞུགས་པ་མ་ལུས་པ་རྒྱལ་པོའི་ཁབ་ཀྱི་གཙུག་ལག་ཁང་དུ་བསྡུ་ཞིང༌།དེ་དག་གི་གཙོ་བོར་བཞུགས་པ་ནི། འདི་སྐབས་སུ་ལྷ་དང་བཅས་པའི་འཇིག་རྟེན་

གསུམ་གྱི་མཆོད་ཡུལ་མཆོག་ཏུ་གྱུར་པ་མཁན་པོ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་པ་ཉིད་སྤྱན་འདྲེན་མཛད་ཅིང་ཆོས་ཀྱི་ཁྲི་ལ་ཞབས་ཀྱི་ཆུ་སྐྱེས་རྣམ་པར་བཀོད་པ་དང་བཅས་ཏེ། མཆོད་པ་དང་བསྟོད་པའི་གདངས་དབྱངས་ཡིད་དུ་འོང་བར་བསྒྱུར་བའི་སྒོ་ནས་མཆོད་ཅིང་རྗེད་

པར་བྱེད་དོ། །དེ་ནས་ཕྱི་རོལ་དུ་སེར་སྦྲེང་གི་བཀོད་པ་བསྟར་བའི་ངོ་མཚར་ནི། དཔེར་ན་སིནྡྷུ་ཝཱ་རའི་རྒྱ་མཚོ་ཆེན་པོ་ཞིག་མཆོག་གི་སྐྱེས་བུ་སུ་ཞིག་གི་ཡོན་ཏན་དང་ངོ་མཚར་གྱི་ཕུང་པོ་གང་དག་རྗེས་སུ་དྲན་པས་གཡོས་ཤིང་རབ་ཏུ་གཡོས་ཏེ། སའི་སྟེང་ན་ཡོངས་སུ་ལུད་པར་གྱུར་པ་ན། དགའ་

བའི་དབའ་རླབས་ཀྱི་ཕྲེང་བ་རྣམས་ནི་ནམ་མཁའ་ལ་འགོང་བ་བཞིན་དུ་རྣམ་པར་འཕྱོ་བ་དེ་ནི་ཀཱཉྩ་ནའི་ལྷུན་པོ་འགྲོ་ཤེས་པ་དང་ལྷན་ཅིག་ཏུ་འགྲོགས་ཏེ། འཛིན་མའི་གཞི་ལ་བརྟེན་ཏེ་དལ་བུས་རྒྱུ་བ་དང་འདྲ་བར། བླ་མར་གྱུར་པ་དང༌། དགེ་སློང་གི་དགེ་འདུན་ཆེན་པོ་མཚར་དུ་དངར་བ་རྣམས་

ཀྱིས་འབུད་པ་དང་དཀྲོལ་བར་བྱ་བའི་རོལ་མོའི་བྱེ་བྲག་དཔག་ཏུ་མེད་པ་དང༌། གདུགས་དང༌། རྒྱལ་མཚན་དང༌། འཕན་དང༌། བ་དན་ལ་སོགས་པ་མཆོད་པའི་ཁྱད་པར་སྔོན་དུས་སྡེ་དགེ་གོང་མ་རྣམས་ཀྱིས་བཞག་པ་དང༌། སྡོམ་བརྩོན་བླ་མ་སྐྱེ་དགུའི་བདག་པོ་འདིའི་སྐུ་རིང་

Vol. 213 · folio 247a

ལ་གསར་བསྐྲུན་དང་བཅས་པའི་ཡོ་བྱད་ཀྱི་ཕྲེང་བ། མཛེས་ཤིང་ལྟ་ན་སྡུག་པ་རྣམ་པ་སྣ་ཚོགས་པ་དག་བཟུང་ནས། ནམ་མཁའ་ལ་འཕྱར་བ་དང༌། དཔྱངས་པ་དང༌། རླུང་གིས་བསྐྱོད་པ་རྣམས་ཀྱི་ངོ་མཚར་གང་ཞིག་མཐོང་བར་གྱུར་པའི་སྐྱེ་བོ་འགའ་ཞིག་ནི་བཅོམ་

ལྡན་འདས་འོད་མཐའ་ཡས་པའི་ཡོན་ཏན་གྱི་བཀོད་པ་ཡང་འདི་ལས་ལྷག་པ་ཅི་ཞིག་ཅེས་གཏམ་དུ་སྒྲོག་པ་ལའང་མི་སྤྲོ་བ་མེད་པ་ཉིད་དོ། །ཉེར་ལྔ་ནས་ཉེར་དགུའི་བར་ལ་མགོན་པོའི་གཏོར་བཟློག་ཆེན་པོ་འཆམས་དང་བཅས་པ་དང༌། སྟོང་ལ་ཕྱོགས་བཞི་གཏོར་མ། སྨིན་དྲུག་ཟླ་བའི་ཚེས་ལ་

རྣམ་པར་རྒྱལ་མའི་སྟོང་མཆོད་དང་རྡོ་རྗེ་རྣམ་པར་འཇོམས་པའི་བུམ་སྒྲུབ་ཀྱི་ཆོ་ག་རྣམས་སོ། །དེ་ནས་མཁར་མདོ་ལ་སོགས་པའི་དགོན་སྡེ་མང་པོ་རྣམས་སུ་དྲུག་ཅུ་པའི་གཏོར་རྒྱབ་ལ་ཉིན་ལྔ་པ་རེའོ། །མགོས་ཉ་བའི་ཟླ་བར་ཉི་ལྡོག་གི་དུས་ཚོད་རི་མོའི་ངེས་པ་དང་བསྟུན་ཏེ་ངོར་ལུགས་ཀྱི་དགོན་སྡེ་

མཐའ་དག་ཏུ་འཇིགས་བྱེད་ཀྱི་གཏོར་མའི་ཆོ་ག་དྲུག་ཅུ་རྩ་བཞི་པ་དང་བཅས་པའི་གཏོར་རྒྱབ་ཉིན་ལྔ་པ་རེ་རྣམས་ལོ་དུས་ཀྱི་མཆོད་པ་ཉིད་དུ་བཙུགས་སོ། །གཞན་ཡང་ཟླ་དུས་ཀྱི་མཆོད་པ་ལ། མཁས་པ་འཆི་བ་མེད་པའི་སེང་གེས། ཕྱོགས་ནི་སྔོན་མ་ཕྱི་མ་སྟེ། །དེ་གཉིས་ཟླ་བ་དཀར་ནག་

གོ །ཞེས་ཉིན་ཞག་བཅོ་ལྔ་ལ་ནི་ཕྱོགས་དང༌། ཕྱོགས་སྔ་མ་དང་ཕྱི་མ་གཉིས་ལ་ནི་དཀར་ཕྱོགས་དང་ནག་ཕྱོགས་ཏེ། དེ་གཉིས་བསྡོམས་པའི་ཉིན་ཞག་སུམ་ཅུ་ལ་ཟླ་བ་སྟེ། དེ་ལྟ་བུའི་ཟླ་བ་ཤར་དགུ་ཐམས་ཅད་ཀྱི་ཚེས་གསུམ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ཚར་རེ། ཚེས་

བརྒྱད་ཀྱི་ནང་བར་སྒྲོལ་མ་ལྷ་ཁང་དུ་རྣམ་པར་རྒྱལ་མའི་སྟོང་མཆོད་ཀྱི་ཆོ་ག་དང༌། ཨ་ཐིག་བང་རྒོད་དུ་དགེ་སློང་བཅུས་ལམ་ཟབ་བླ་མ་མཆོད་པ། མགོན་ཁང་ནུབ་ཏུ་དགེ་སློང་མང་འཚོགས་ཀྱིས་མགོན་པོའི་བསྐང་གསོ་དང༌། ཡང་མགོན་ཁང་ནུབ་ཏུ་དགེ་སློང་བཅོ་ལྔས་བསྐང་གསོ། ཚེས་བཅུར་

ལྷ་ཁང་གསར་པར་དགེ་སློང་བཅོ་ལྔས་གཏེར་སྟོན་འཇའ་ཚོན་ལུགས་ཀྱི་དཀོན་མཆོག་སྤྱི་འདུས་གཏོར་འབུལ་འཆམས་དང་བཅས། བཅུ་གཉིས་ལ་ཀུན་དགའ་ཆོས་འཕེལ་གྱི་གདུང་འབུམ་ཁང་དུ་དགེ་སློང་བཅུས་ཀུན་རིག་གི་བསྙེན་པ་རྒྱས་པ་མདུན་བསྐྱེད་ཀྱི་ཆོ་ག་དང་བཅས། བཅུ་བཞིར་

Vol. 213 · folio 247b

ལམ་འབྲས་ལྷ་ཁང་དུ་དགེ་སློང་ཉི་ཤུས་བླ་མ་རིན་ཆེན་འབྱུང་ལྡན་མཆོད་པའི་ཆོ་ག་དང༌། ངོར་པའི་ཆོས་སྤྱོད་ཀྱི་རིམ་པ་མཚན་ཡང་དག་པར་བརྗོད་པ་སྨོན་ལམ་རྣམ་པ་བཞི་དང་བཅས་པ་ཡོངས་སུ་རྫོགས་པ་དང༌། མགོན་ཁང་གཉིས་སུ་བསྐང་བ་སྔ་མ་བཞིན་དུ་བཏང་བ་དང༌། སྡེ་དགེ་གྲུབ་

ཐོབ་པའི་དུས་མཆོད་དུ་དགེ་སློང་བཞིས་ལམ་ཟབ་བླ་མར་མཆོད་པའི་ཆོ་ག་རྣམས་སོ། །ཉི་ཤུར་མཁན་པོ་ཆེན་པོ་བཀྲ་ཤིས་ལྷུན་གྲུབ་པའི་གདུང་འབུམ་ཁང་དུ་དགེ་སློང་བཅུ་ཕྲག་གཅིག་གིས་ལམ་འབྲས་བླ་མར་མཆོད་པའི་ཆོ་ག །ཉི་ཤུ་གསུམ་ལ་ལམ་འབྲས་ལྷ་ཁང་དུ་དགེ་སློང་བཅོ་

ལྔས་ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་གྱི་བསྐང་གསོ་ཚོགས་ཀྱི་འཁོར་ལོ་དང་བཅས་པ་དང༌། མགོན་ཁང་གཉིས་སུ་ཆོས་སྐྱོང་རྣམས་ཀྱི་བསྐང་བ་སྔ་མ་ལྟར་རོ། །ཉི་ཤུ་དགུ་ལ་མགོན་ཁང་གཉིས་སུ་བསྐང་བ་སྔ་མ་བཞིན་ནོ། །སྟོང་གི་ཉིན་ལ་དགེ་སློང་བཅོ་ལྔས་སློབ་དཔོན་ཆེན་

པོ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་པ་ལེའུ་བདུན་མ་སྟེ་རིམ་པ་དེ་ཉིད་ཀྱིས་ཟླ་དུས་ཀྱི་མཆོད་པ་རྣམས་སོ། །གཞན་ཡང་ནང་རེ་བཞིན་སྒྲོལ་མ་ལྷ་ཁང་དུ་དགེ་སློང་བཞིས་སྒྲོལ་མ་མཎྜལ་བཞི་པའི་མཆོད་པའི་ཆོ་ག་དང༌། མགོན་ཁང་ཤར་ནུབ་གཉིས་སུ་རེས་འགའ་

ནི་ལྔ་རེ། རེས་འགའ་ནི་བཅུ་རེ་སྟེ། དེ་ཡང་བསྐང་བ་རྟག་འདོན་བྱེད་པའི་མཆོད་པ་རྣམས་དེ་དག་གི་རིམ་པས་དུས་མཆོད་ཀྱི་རིམ་པ་རྣམས་མ་ཆག་པར་འཛུགས་པར་མཛད་དོ། །དེ་བཞིན་དུ་སྡོམ་བརྩོན་བླ་མ་སྐྱེ་དགུའི་བདག་པོ་གང་གི་སྐུའི་སྲུང་བ་པ་སྐུ་ཞབས་གྲྭ་ཚང་ཞེས་པ། མངའ་འོག་ཏུ་གཏོགས་པའི་དགོན་

སྡེ་མཐའ་དག་གི་དཀྱིལ་ནས་བཀྲབས་ཤིང་བཏུས་པའི་བླ་མར་གྱུར་པ་དང་དགེ་སློང་གི་ཚོགས་རྣམས་ནི་གསང་བ་ཆེན་པོ་སྔགས་ཀྱི་ཐེག་པ་གསར་རྙིང་དང་བཀའ་གཏེར་གྱིས་བསྡུས་པའི་ཆོས་ཀྱི་ཚུལ་མཐའ་དག་གི་གསན་པ་དང་སྦྱངས་པ་རབ་ཀྱི་རྩེ་མོར་གཤེགས་པས་ལྷ་དང་སྲུང་མའི་ཚོགས་

གང་ཡིན་པ་དེ་དང་དེ་དག་གི་བསྙེན་པ་དང་སྒྲུབ་པ་དང༌། ལས་ལ་སྦྱར་བའི་ཚུལ་ཐམས་ཅད་ལ་འཇུག་པར་བྱེད་པའི་རྣམ་པར་དཔྱོད་པའི་མིག་དཀྱུས་རྣམ་པར་ཡངས་ཤིང༌། འདྲི་བ་དང༌། བཅའ་བ་དང༌། འདོན་པ་དང༌། གདངས་དང༌། དབྱངས་ཀྱི་འགྱུར་ཁུག་དང༌། གར་འཆམས་དང༌།

Vol. 213 · folio 248a

འབུད་པ་དང༌། དཀྲོལ་བར་བྱ་བའི་རིགས་ཐམས་ཅད་ལ་ཐོགས་པ་མི་མངའ་བ་ཤ་སྟག་ཏུ་བཞུགས་པ་རྣམས་ཏེ། དེ་དག་གིས་འདོན་པར་བྱ་བ་དུས་མཆོད་ཀྱི་རིམ་པ་ལ། ལོ་དུས་ཀྱི་མཆོད་པར། ངོར་ལུགས་ཀྱི་མགོན་པོ་ཆེ་ཆུང་གི་བསྐང་བ་བརྒྱ་ཚར། དཔལ་ལྡན་ལྷ་

མོ་རེ་ཝ་ཏཱི་དམག་ཟོར་རྒྱལ་མོའི་ཐུགས་དམ་བསྐང་བ་སྟོང་ཚར། རྒྱ་ཞང་ཁྲམ་པའི་གཏེར་ཆོས་ལས་འབྱུང་བའི་གཤིན་རྗེ་ཚེ་བདག་གི་གཏོར་བཟློག །འཇའ་ཚོན་སྙིང་པོའི་ལུགས་ཀྱི་དཀོན་མཆོག་སྤྱི་འདུས་ཚོགས་འཁོར་བརྒྱ་ཚར། གུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་བསྐང་བ་བརྒྱ་ཚར།

ཀློང་གསལ་ལུགས་ཀྱི་ཡེ་ཤེས་རབ་འབར་གྱི་བསྟན་སྲུང་ཡོངས་སུ་རྫོགས་པའི་བསྐང་བ་བརྒྱ་ཚར། འཁོར་ལོ་བདེ་མཆོག་ལས་བཀའ་སྲུང་སྐྱེས་བུ་ཆེན་པོའི་བསྐང་བ་བརྒྱ་ཚར། མགོན་པོ་ཚོགས་ཀྱི་བདག་པོའི་བསྐང་བ་རྣམས་སོ། །ཟླ་དུས་ཀྱི་མཆོད་པར་ཟླ་བ་ཐམས་ཅད་ཀྱི་ཚེས་

གཅིག་ལ་གཙུག་ཏོར་རྣམ་པར་རྒྱལ་མའི་སྟོང་མཆོད་ཀྱི་ཆོ་ག །གཉིས་ལ་རྡོ་རྗེ་རྣམ་པར་འཇོམས་པའི་བུམ་སྒྲུབ་ཀྱི་ཆོ་ག་དང༌། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ། གསུམ་ལ་ས་བདག་ཆེན་པོ་བསྟན་པ་ཚེ་རིང་པའི་དུས་མཆོད་དུ་ན་རོ་མཁའ་སྤྱོད་མའི་ཆོ་ག་སིནྡྷུ་རའི་

དཀྱིལ་འཁོར་ལ་བརྟེན་པ། བཞི་ལ་ཛེ་ཏཱ་རིའི་ལུགས་ཀྱི་ཚེ་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་གྱི་ཆོ་ག ཚེས་ལྔ་ལ་རྫོགས་ཆེན་པདྨ་རིག་འཛིན་གྱི་དུས་མཆོད་དུ་དཀོན་མཆོག་སྤྱི་འདུས། དྲུག་ལ་ངོར་ལུགས་ཀྱི་ཆོས་སྤྱོད་རྒྱས་པ། བདུན་ལ་སློབ་དཔོན་རིན་པོ་ཆེའི་གསོལ་

འདེབས་ལེའུ་བདུན་པ་དང་ཀློང་གསལ་ལུགས་ཀྱི་ཚེ་སྒྲུབ་ཡང་གསང་བླ་མེད། ཚེས་བརྒྱད་ལ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ལུགས་ཀྱི་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་ཆོ་ག་དང༌། བླ་མ་དགོངས་པ་འདུས་པའི་ཚོགས་བསྐང་དང༌། ངོར་ལུགས་ཀྱི་མགོན་པོ་ཆེ་ཆུང་གི་

བསྐང་བ། དགུ་ལ་གཏེར་སྟོན་ཉི་མ་གྲགས་པའི་ལུགས་ཀྱི་བདུད་འདུལ་མ། བཅུ་ལ་གསོལ་འདེབས་བསམ་པ་ལྷུན་གྲུབ་དང་དཀོན་མཆོག་སྤྱི་འདུས། བཅུ་གཅིག་ལ་རྗེ་མོའི་དགོངས་རྫོགས་སུ་གྲུབ་ཆེན་ཀུན་དགའ་སྙིང་པོའི་ལུགས་ཀྱི་ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་ཆོ་ག །

Vol. 213 · folio 248b

བཅུ་གཉིས་ལ་བླ་མ་ཀུན་དགའ་ཆོས་འཕེལ་བའི་དུས་མཆོད་དུ་ཀུན་རིག་གི་བསྙེན་པ་རྒྱས་པའི་ཆོ་ག །བཅུ་གསུམ་ལ་རྗེ་བཙུན་བཞད་པའི་རྡོ་རྗེའི་ལུགས་ཀྱི་བཀྲ་ཤིས་ཚེ་རིང་མའི་གསོལ་བསྐང༌། བཅུ་བཞི་ལ་ཉི་མ་གྲགས་པའི་ལུགས་ཀྱི་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྒྱལ་བ་དང༌།

ངོར་ལུགས་ཀྱི་མགོན་པོའི་བསྐང་བ། བཅོ་ལྔ་ལ་ལྷ་བསང་དང་བརྒྱགས་བརྔན་ཆེན་པོ་དང་དཀོན་མཆོག་སྤྱི་འདུས་དང་ཡང་འདུས། བཅུ་དྲུག་ལ་སྒྲོལ་མ་དཀར་མོའི་ཆོ་ག །བཅུ་བདུན་ལ་ཐུབ་པ་གནས་བརྟན་དང་བཅས་པའི་ཕྱག་མཆོད། བཅོ་བརྒྱད་ལ་མཁན་པོ་ཆེན་པོ་སངས་རྒྱས་ཕུན་

ཚོགས་པའི་དུས་མཆོད་དུ་ལམ་འབྲས་ཕྱག་མཆོད། བཅུ་དགུ་ལ་ཉི་མ་གྲགས་པའི་ལུགས་ཀྱི་རྟ་མགྲིན་དྲེགས་པ་ཟིལ་གནོན་དང་ལྷ་ཆེན་ཚོགས་བསྐང༌། ཉི་ཤུ་ལ་བསྟན་བཅོས་ཆེན་པོ་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ། ཉེར་གཅིག་ལ་འཇམ་པའི་དབྱངས་བཀྲ་ཤིས་དཔལ་ལྡན་པའི་

དུས་མཆོད་དུ་ལམ་འབྲས་བླ་མ་མཆོད་པའི་ཆོ་ག ཉེར་གཉིས་ལ་ཀློང་གསལ་བའི་ལུགས་ཀྱི་ཡེ་ཤེས་རབ་འབར་ཚོགས་བསྐང༌། ཉེར་གསུམ་ལ་རཏྣ་གླིང་པའི་ལུགས་ཀྱི་གུ་རུ་དྲག་པོ་མེ་རླུང་འཁྱིལ་པ་དང་ངོར་ལུགས་ཀྱི་མགོན་པོའི་བསྐང་བ་དང༌། དམག་ཟོར་མའི་བསྐང་བ་དང༌།

ཉེར་ཞི་ལ་དཔལ་ས་སྐྱ་པ་བསོད་ནམས་དབང་ཕྱུག་པའི་དུས་མཆོད་དུ་བླ་མ་མཆོད་པའི་ཆོ་ག །ཉེར་ལྔ་ལ་སངས་རྒྱས་བསྟན་པ་དང་བསོད་ནམས་ཕུན་ཚོགས་གཉིས་ཀྱི་དུས་མཆོད་དུ་རྡོ་རྗེ་མི་འཁྲུགས་པའི་ཆོ་ག་དང་ན་རོ་མཁའ་སྤྱོད་ཀྱི་ཆོ་ག །ཉེར་དྲུག་ལ་ཆོས་སྤྱོད་རྒྱས་པ། ཉེར་བདུན་

ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང༌། ཇོ་བོའི་བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ་དང༌། ཀླུ་སྒྲུབ་ཀྱི་དབུ་མ་བཤེས་པའི་སྤྲིང་ཡིག་དང༌། ཉི་མ་གྲགས་པའི་ལུགས་ཀྱི་བདེ་མཆོག་ཚོགས་བསྐང༌། ཉེར་བརྒྱད་ལ་ཐམས་ཅད་

མཁྱེན་པ་དཔལ་མཆོག་རྒྱལ་མཚན་པའི་དུས་མཆོད་དུ་ལམ་འབྲས་ཕྱག་མཆོད། ཉེར་དགུ་ལ་ཡེ་ཤེས་རབ་འབར་ཚོགས་བསྐང་དང༌། ངོར་ལུགས་མགོན་པོ་དང་དམག་ཟོར་གྱི་བསྐང་བ། སྟོང་ལ་སྒྲོལ་མ་མཎྜལ་བཞིའི་མཆོད་པའི་ཆོ་ག་དང༌། གནམ་ཆོས་ཚོགས་བསྐང་རྣམས་སོ། །

Vol. 213 · folio 249a

གཞན་ཡང་ཉིན་རེ་བཞིན་རྒྱུན་ཁྱེར་དུ་ཡེ་ཤེས་རབ་འབར་ལས། སེང་གེའི་གདོང་ཅན་མ་དང༌། མ་མོ་དང༌། མགོན་པོ་ཚོགས་བདག་དང༌། རྣམ་ཐོས་སྲས་འཁོར་རྟ་བདག་བཅས་དང༌། གནོད་སྦྱིན་སྟག་མདའ་གདོང་དང༌། དྲང་སྲོང་དང༌། དམ་ཅན་དང༌། རྒྱལ་

པོ་སྐུ་ལྔ་དང༌། གཡུ་ཕྲེང་ཅན་དང༌། རྨུ་མོ་དཀར་མོ་རྣམས་དང༌། བདེ་མཆོག་དང༌། དེའི་བཀའ་སྲུང་ལྔས་རྩེན་དང༌། དམ་ཅན་དང་བཅས་པ། ཉི་མ་གྲགས་པའི་ལུགས་ཀྱི་དྲག་ཁྲོས་གཏེར་སྲུང་ཀླུ་མོ་དང་བཅས་པ། དྷི་རི་ཆོས་གྲགས་ལུགས་ཀྱི་ཚོགས་བདག །རཏྣ་གླིང་པའི་ལུགས་ཀྱི་དམ་

ཅན་དང༌། དཀོན་མཆོག་སྤྱི་འདུས་ལ་སོགས་པ་རྣམས་དང༌། གཞིའི་ལྷ་གཉེར་རྣམས་ཀྱིས་ཀུན་རིག་གི་ཆོ་ག་ཚར་རེ། ངོར་ལུགས་ཀྱི་མགོན་པོའི་བསྐང་བ་ཚར་རེ་རྣམས་ནི་ཉིན་བཞིན་དུ་མ་ཆགས་པར་འཛུགས་པའི་བདག་པོའི་རྐྱེན་བྱེད་པའི་མཆོག་ཏུ་གྱུར་པའོ། །གཞན་ཡང་ལོ་དུས་སུ་ཀ་

ཐོག་རྡོ་རྗེའི་གདན་གྱི་བླ་མ་དཔོན་སློབ་རྣམས་དང༌། དཔལ་བྱང་ཆུབ་གླིང་གི་བླ་མ་དཔོན་སློབ་རྣམས་དང༌། ཐང་ཤིང་བྲོ་བརྡུང་དགོན་གྱི་བླ་མ་དཔོན་སློབ་རྣམས་དང༌། དགེ་དགོན་པའི་བླ་མ་དཔོན་སློབ་རྣམས་དང༌། སྡོམ་བརྩོན་བླ་མ་ཆེན་པོའི་སྐུ་སྲུང་བའི་གཏོ་མཁན་གྱི་རྒྱལ་པོ་དང༌། རྩིས་

མཁན་གྱི་རྒྱལ་པོ་དཔོན་གཡོག་རྣམས་ཀྱང༌། རྒྱལ་པོའི་ཁབ་ཀྱི་ཕོ་བྲང་ཆེན་པོ་འདིར་དྲུག་ཅུ་ཆེན་པོའི་ཚོགས་པ་དང་ལྷན་ཅིག་ཏུ་ལྷགས་ནས། བཀའ་བརྒྱད་འདུས་ཆེན་དང་ཡེ་ཤེས་རབ་འབར་དང༌། ཞིང་སྐྱོང་ལ་སོགས་པ་རང་རང་གི་ལུགས་ཀྱི་ལག་ལེན་ལ་དབང་འབྱོར་བའི་

གཏོར་བཟློག་གི་རིགས་མང་དུ་བཅའ་བ་ལ་སོགས་པའི་སྒོ་ནས། བཅོམ་ལྡན་འདས་བུ་རམ་ཤིང་པའི་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་བསྟན་པ་རིན་པོ་ཆེ་ཡུན་དུ་བརྟན་པའི་རིམ་གྲོ་དང༌། ས་ཕྱོགས་འདི་ཉིད་ཀྱིས་མཚོན་ཏེ་ཡངས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་

དུ་བདེ་ཞིང་འབྱོར་པ་དང༌། ལོ་ལེགས་པ་དང༌། སྐྱེ་འགྲོ་ཐམས་ཅད་ཀྱི་རྒྱུད་ལ་དགེ་ཚོགས་ཀྱི་ཆུ་གཏེར་ཀུན་ནས་རབ་ཏུ་འཕེལ་བར་བྱ་བའི་དགོངས་པ་མངོན་དུ་བཞག་སྟེ། སྒྲུབ་ཅིང་མཆོད་པ་ལ་སོགས་པའི་རིམ་པ་ཐམས་ཅད་ཀྱང་དུས་དང་དུས་ལས་ནམ་ཡང་འཛོལ་དུ་མེད་པའི་

Vol. 213 · folio 249b

ལེགས་བྱས་དཔྱིད་ཀྱི་དཔལ་མོའི་གཡབ་མོ་ལྟ་བུ་ནི་ཅི་ཡང་གཡོབ་པར་བྱེད་དོ། །དེ་ལྟར་གོང་དུ་སྨོས་པའི་དྲུག་ཅུ་རྩ་བཞི་ཆེན་པོ་ནས་བརྩམས་ཏེ་ཇི་སྐད་བཤད་པའི་དུས་མཆོད་ཀྱི་རིམ་པ་དེ་དག་འདོན་པར་བྱེད་པའི་ཡོན་གྱི་ཞིང་དུ་གྱུར་པ། ཐམས་ཅད་ལ་ཡང་བསྙེན་བཀུར་དང་གྲལ་འགྱེད་

དུ་དབུལ་བར་བྱ་བ་ཡང༌། རེས་འགའ་ནི་དར་གྱི་བྱེ་བྲག་དང༌། རེས་འགའ་ནི་གོས་བཟང་གི་རྣམ་པ་དང༌། རེས་འགའ་ནི་ཟམ་སོའི་རྣམ་པ་དང༌། རེས་འགའ་ནི་གསེར་དང༌། དེ་བཞིན་དུ་དངུལ་དང༌། ཇ་དང༌། མར་དང༌། ནས་དང༌། ཐ་མི་ཀ་དང༌། སྣམ་བུ་དང༌། སྣོད་

སྤྱད་ཀྱི་རིམ་པ་དང༌། ལྤགས་པའི་རིམ་པ་དང༌། རྟ་ཕྱུགས་ལ་སོགས་པ་རེ་མོས་ཀྱིས་སྟོབ་པར་བྱེད་པའི་སྒོ་ནས། དགེ་བ་གང་བྱས་པ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ལམ་དུ་འགྱུར་བ་ཁོ་ན་ལྷུར་བྱེད་ཀྱི། བྱས་གྲགས་ཀྱི་དགེ་ཆོས་གློ་སྟོང་སྤོས་པའི་ཐུག་རྡོར་བཞིན་དུ་ཁ་ལ་ཡོད་ཅིང་གཏིང་

ལ་མེད་པའི་རྣམ་པ་ཅན་མ་ཡིན་པར། གཏོང་ཕོད་ཆེན་པོའི་སྒོ་མོ་བྱེ་བ་བརྒྱ་སྟོང་དུ་མ་ནི་ནམ་ཡང་མ་བསྡམས་པར་ཡོད་པ་ཡང་སྐྱེ་དགུའི་བདག་པོ་འདི་ཉིད་ཀྱི་ཁྱད་པར་གྱི་ཆོས་སོ། །གཉིས་པ་ཆོས་ཀྱི་སྦྱིན་པས་བསྟན་པ་དང་འགྲོ་ལ་ཕན་པ་སྒྲུབ་པའི་ཁྱད་པར་ནི། སྤྱིར་ཆོས་ཀྱི་

སྦྱིན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གཞན་སྨིན་པར་བྱེད་པའི་ཐབས་སུ་གྱུར་པ་གང་ཡིན་པ་སྟེ། འཕགས་པ་ཆོས་བགྲོ་བའི་མདོ་ལས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགའ་བར་བགྱི་བའི་ཆོས་བཞི་སྟེ། ལན་དུ་ཕན་འདོགས་པ་ལ་མི་རེ་བའི་

སྦྱིན་པ་དང༌། སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཀྱིས་སྙན་པར་སྨྲ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་མ་ལེགས་པ་སེལ་ཞིང་དོན་སྒྲུབ་པས་དོན་སྤྱོད་པ་དང༌། སེམས་ཅན་ཐམས་ཅད་ལ་དགའ་བའི་བདག་ཉིད་ཀྱི་དོན་མཐུན་པ་སྟེ། ཆོས་བཞི་པོ་དེ་དག་ནི་བྱང་

ཆུབ་སེམས་དཔའ་རྣམས་ཀྱིས་དགའ་བར་བགྱི་བའོ་ཞེས་དང༌། དཀོན་མཆོག་སྒྲོན་མེར། གང་དག་འགྲོ་བའི་སྤྱོད་པ་མང་རྟོགས་པ། །དེ་དག་འགྲོ་བ་ཡོངས་སུ་སྨིན་བྱེད་མཁས། །འགྲོ་བ་ཡོངས་སུ་སྨིན་བྱེད་གང་མཁས་པ། །དེ་དག་འགྲོ་བ་སྡུད་ཤེས་ཆོ་ག་མཁས། །

Vol. 213 · folio 250a

འགྲོ་བ་སྡུད་ཤེས་ཆོ་ག་གང་མཁས་པ། །དེ་དག་བསྡུ་བའི་དངོས་པོ་བཞི་ལ་བརྩོན། །གང་དག་བསྡུ་བའི་དངོས་པོ་བཞིར་བརྩོན་པ། །དེ་དག་འགྲོ་བའི་དོན་ནི་མཐའ་ཡས་བྱེད། །ཅེས་དང༌། མདོ་སྡེ་རྒྱན་ལས། སྦྱིན་མཚུངས་དེ་སྟོབ་ལེན་འཇུག་དང༌། །

བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང༌། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་དང༌། ཕན་པར་བྱེད་པའི་ཐབས་དང་ནི། །འཛིན་དང་འཇུག་པར་བྱེད་པ་དང༌། །དེ་བཞིན་རྗེས་སུ་འཇུག་བྱེད་པས། །བསྡུ་བའི་དངོས་པོ་བཞིར་བཤད་དོ། །ཞེས་

གསུངས་པས་གདུལ་བྱ་རྣམས་ལ་གནས་སྐབས་སུ་ཕན་གདགས་པར་བྱ་བའི་དོན་དུ་ཟང་ཟིང་དང༌། མཐར་ཐུག་ཉིད་དུ་ཕན་པའི་རྒྱུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཚིག་འཛིན་པ་དང༌། དེའི་དོན་ལ་འཇུག་པ་དང༌། དོན་དེ་ལ་ཡང་དང་ཡང་དུ་བརྟུན་ཏེ་རྗེས་སུ་འཇུག་པར་བྱ་བའི་ཕྱིར་རོ། །ཡང་ན་སྣོད་དུ་

རུང་བར་བྱ་བ་དང༌། མོས་པར་བྱ་བ་དང༌། བསྒྲུབ་པར་བྱ་བ་དང༌། བསྒྲུབ་པ་མཐར་ཕྱིན་པར་བྱ་བའི་ཕྱིར་ཏེ། རྒྱན་ལས། དང་པོ་སྣོད་འགྱུར་དངོས་པོ་སྟེ། །གཉིས་པ་ཡིས་ནི་མོས་པ་ཡིན། །གསུམ་པ་ཡིས་ནི་བསྒྲུབ་པ་སྟེ། །བཞི་པས་རྣམ་པར་སྦྱོང་བའོ། །ཞེས་སོ། །དེ་

ལྟར་བསྡུ་བ་རྣམ་པ་བཞིའི་སྒོ་ནས་ཆོས་ལ་སྦྱོར་བར་གསུངས་ལ། ཕ་རོལ་ཏུ་ཕྱིན་པ་བསྡུས་པ་ལས། སྦྱིན་པའི་འབྲས་བུས་ཡངས་པ་ཐོབ་གྱུར་ནས། །སྲིད་པའི་མུན་པར་འཐོམས་པའི་སྐྱེ་བོ་ལ། །དམ་པའི་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་གྱིས། །ཉི་མ་ཤར་བའི་འོད་ལས་གསལ་བར་སྟོན། །

འཇིག་རྟེན་དམ་པའི་དོན་གྲུབ་སྙོམས་པ་དེ། །ཐམས་ཅད་མཁྱེན་པ་ཉིད་འགྲུབ་གཞིར་གྱུར་པས། །ཉི་ཤར་ཟེར་བཀྱེ་འོད་ཆེན་མི་ཟད་བཞིན། ། དེ་ཡི་བསོད་ནམས་ཀུན་དུ་ཟད་མི་ཤེས། ། ཞེས་པར། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད། །ཅེས་གསུངས་པ་ལྟར་སྦྱིན་པ་ཐམས་ཅད་ཀྱི་ནང་ནས་

སྙིང་པོའམ་གཙོ་བོར་གྱུར་པ་ནི་ཆོས་ཀྱི་སྦྱིན་པ་ཡིན་ཞིང༌། བྱེ་བྲག་ཏུ་སྙིགས་མའི་དུས་ཀྱི་སེམས་ཅན་འདོད་ཆགས་བདོ་བ་དང༌། ཞེ་སྡང་བདོ་བ་དང༌། གཏི་མུག་བདོ་བས་ཡོངས་སུ་དཀྲུགས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་དམ་པའི་ཆོས་ལ་མོས་པ་

Vol. 213 · folio 250b

ལྷུར་མི་བྱེད་ཅིང༌། ནུབ་རིའི་རྩེ་མོར་འཛེགས་པའི་ཉི་མ་བཞིན་དུ་རིང་དུ་མི་གནས་པའི་སྐབས་འདིར། དམ་པའི་ཆོས་རྣམས་ཡི་གེར་འདྲི་བ་དང༌། གླེགས་བམ་སྦྱིན་པ་དང༌། ལུང་ནོད་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཁ་ཏོན་དུ་བྱེད་པ་དང༌། གཞན་དག་ལའང་རྒྱ་ཆེར་

ཡང་དག་པར་རབ་ཏུ་སྟོན་པ་དག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་པ་རྣམས་ཀྱིས་ཐུགས་ཡོངས་སུ་ཕྲོགས་པའི་མིའི་ལྷར་གྱུར་པ་བྱང་ཆུབ་སེམས་དཔའ་ཆེན་པོ་བསྟན་པ་ཚེ་རིང་ཞེས་བྱ་བ་དང༌། དེའི་སྲས་སུ་གྱུར་པ་སྡེ་དགེ་བླ་མ་ཆེན་པོ་སྐུ་མཆེད་གསུམ་སྟེ། ཡབ་སྲས་ཐམས་

ཅད་ཞལ་འཛོམ་དུ་བཞུགས་པའི་སྐབས་སུ་བཞེངས་པ་ནི་བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡའི་ལམ་དུ་འགྱུར་རོ་འཚལ་གྱི་ཕྱི་མོ་པར་དུ་བསྒྲུབ་པ་ལ། འཁོར་ལོ་དང་པོར་གཏོགས་པ་འདུལ་བ་ལུང་གི་སྐོར་དང༌། འཁོར་ལོ་བར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐོར་དང༌།

འཁོར་ལོ་ཐ་མའི་མདོ་གཞུང་བཞུགས་ཚན་ཆེ་བའི་སྐོར་དང༌། ཐེག་པ་ཆེ་ཆུང་གི་མདོ་ཅི་རིགས་པ་ཕྱོགས་སུ་བསྒྲིགས་པ་མདོ་མང་དུ་གྲགས་པའི་སྐོར་དང༌། རྒྱུད་སྡེ་རྣམ་པ་བཞི་བསྡོམས་པ་གསང་སྔགས་རྒྱུད་འབུམ་དུ་གྲགས་པའི་སྐོར་དང༌། མཐར་བསྔོ་བ་དང་སྨོན་ལམ་དང་ཤིས་

བརྗོད་ཀྱི་སྐོར་རྣམས་བསྡོམས་པར་གླེགས་བམ་བརྒྱ་དང་བརྒྱད་དེ། རྒྱས་པར་ནི། དེའི་དཀར་ཆག་ཆོས་སྦྱིན་པར་དུ་བསྒྲུབས་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་བཟང་པོ་བློ་ལྡན་མོས་པའི་ཀུནྡ་ཁ་ཡོངས་སུ་བྱེ་བའི་ཟླ་འོད་གཞོན་ནུའི་འཁྲི་ཤིང་ཞེས་བྱ་བ་ཉིད་དུ་བཀོད་པ་ལྟར་

ཕྱི་མོ་ཆེན་པོ་རྫོགས་པ་ནི་ཆུ་གླང་གི་ལོར་ཡོངས་སུ་གྲུབ་པ་ནས་བརྩམས་ཏེ་ཤིང་ཕོ་བྱི་བའི་ལོ་འདི་ཡན་ཆད་དུ། འདུལ་བའམ། ཤེས་ཕྱིན་ནམ། མདོ་སྣ་ལ་སོགས་པ་ཆོས་ཚན་ཕྱོགས་རེ་ཙམ་གྱི་ཚར་གྲངས་ནི་བགྲང་དུ་ཅི་ཞིག །བཀའ་འགྱུར་རོ་འཚལ་ཡོངས་སུ་ཚང་བ་

ཚར་གྲངས་བརྒྱ་ཕྲག་བཅོ་ལྔ་ཙམ་ཆོས་ཀྱི་སྦྱིན་པར་བཏང་བ་དང༌། འཛམ་གླིང་བསྟན་པའི་སྒྲོན་མེ་དཔལ་ས་སྐྱ་པ་ཀུན་དགའ་སྙིང་པོ་དང༌། གནས་ལྔ་རིག་པའི་པཎྜི་ཏ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་འཛིན་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words