བརྒྱ་ལྔ་བཅུ་པ་ཞེས་བྱ་བའི་བསྟོད་པའི་འགྲེལ་པ

Sanskrit title (Tibetan script, as in the text) ཤ་ཏ་པཉྩ་ཤ་ཏི་ཀ་ནཱ་མ་སྱ་སྟོ་ཏྲ་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 1 · folio 143b

པ་སྨོས་པ་ལ། ཞི་བ་དང་རྗེས་སུ་མཐུན་པའི་དགོན་པ་ནི་ཞི་བའོ། །དེ་ལས་གྲོང་གི་མཐར་ནི་གྲོང་དང་ཉེ་བར་དྲངས་པའོ། །ཁྱོད་ནི་བཅོམ་ལྡན་འདས་སོ། །ཀྱང་ནི་གང་གི་ཕྱིར་ཞེས་བྱ་བའོ། །ཀླུ་བཞིན་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་སྦྲུལ་གྱི་མཆེ་བས་བཏབ་པའི་དུག་གསོ་བར་བྱ་བའི་ཕྱིར་

མཚོའི་ནང་དུ་གནས་པས་ཀླུ་རིག་པས་མཚོའི་ནང་ནས་དྲངས་པ་དེ་བཞིན་དུ་ཉོན་མོངས་པའི་སྦྲུལ་གྱིས་ཟོས་པའི་འགྲོ་བ་གསོ་བར་བྱ་བའི་ཕྱིར་ཐུགས་རྗེའི་རིག་པས་དགོན་པ་ཞི་བ་ལ་དགྱེས་པར་གྱུར་པ་ཁྱོད་དགོན་པ་ནས་གྲོང་གི་མཐར་དྲངས་སོ། །དེ་བས་ན་དབེན་པའི་བདེ་བ་སྤངས་གྱུར་ཁྱོད་

ཅེས་བྱ་བ་རྒྱས་པའི་ཚིགས་སུ་བཅད་པའི་དོན་ནི་རིགས་པའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་ཀྱིས་ཐུགས་རྗེའི་དབང་གིས་མང་པོའི་ནང་ན་བཞུགས་པ་དང་། དབེན་པར་མི་བཞུགས་པ་ཞེས་བཤད་དོ། །གཞན་ཡང་། ཉེར་ཞི་མཆོག་ལ་གནས་བཞིན་དུ། །ཐུགས་རྗེ་གཙོ་དང་ལྡན་

པས་ན། །རོལ་མོ་མཁན་གྱི་སྒྱུ་རྩལ་ཡང་། །ཁྱོད་ཀྱི་ཞབས་ཀྱིས་འདོར་བར་མཛད། །ཉེར་ཞི་མཆོག་ལ་གནས་བཞིན་དུ། །ཞེས་སྨོས་པ་ལ། ཉེར་ཞི་མཆོག་ལ་གནས་ཞེས་བྱ་བ་ནི་ཉེར་ཞི་མཆོག་ལ་གནས་པའོ། །བཞིན་གྱི་སྒྲ་ནི་ངོ་མཚར་བའི་དོན་ལའོ། །ཐུགས་རྗེ་གཙོ་དང་ལྡན་

པས་ན། །ཞེས་སྨོས་པ་ལ། །གཙོ་བོ་ནི་གཙོ་བོ་སྟེ། དྲང་བར་བྱེད་པ་ཞེས་བཤད་དེ། དེ་གང་ལ་ཡོད་པ་དེ་ནི་གཙོ་བོ་དང་ལྡན་པའོ། །དེའི་ངོ་བོ་ཉིད་ནི་ཐུགས་རྗེའི་གཙོ་བོ་དང་ལྡན་པ་སྟེ། ཐུགས་རྗེས་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ། །དེ་ནི་ཐུགས་རྗེ་གཙོ་བོ་དང་ལྡན་པ་ནི་ཐུགས་རྗེ་

གཙོ་བོ་དང་ལྡན་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །ཁྱོད་ཀྱི་ཞབས་ཀྱིས་འདོར་བར་མཛད། །ཅེས་བྱ་བ་ནི་ཞབས་བསྐྱོད་པར་མཛད་པའོ། །ཅིའི་སླད་དུ་ཞེ་ན། རོལ་མོ་མཁན་གྱི་སྒྱུ་རྩལ་ཡང་། །ཞེས་སྨོས་པ་ལ། རོལ་མོ་མཁན་གྱི་སྒྱུ་རྩལ་དག་གོ། །དེ་རྣམས་ཀྱི་སྒྱུ་རྩལ་ནི་བཟོའི་

གནས་དག་སྟེ། དེ་དག་ཀྱང་ཁྱོད་ཀྱི་མཛད་པ་ལ་འཇུག་པར་མཛད་པའོ། །འདི་ལྟ་སྟེ། རོལ་མོ་མཁན་གྱི་ཆ་ལུགས་བཞེངས་ནས་ལྷའི་ཡུལ་དུ་གཤེགས་ཏེ། བཅོམ་ལྡན་འདས་ཉིད་ཀྱིས་རྒྱུད་མངས་བརྡུངས་པས་རྒྱུད་སྟོང་ཕྲག་ཆད་པར་གྱུར་ཀྱང་ནམ་མཁའ་ལས་ཡོངས་སུ་གང་བའི་སྒྲ་བསྒྲགས་

Vol. 1 · folio 144a

པས་ཤིན་ཏུ་དགའ་བ་ཞེས་བྱ་བའི་དྲི་ཟའི་རྒྱལ་པོ་རྒྱུད་མངས་བརྡུང་བའི་བཟོ་བོ་ང་རྒྱལ་དང་ལྡན་པ་རོལ་མོ་མཁན་གྱི་ང་རྒྱལ་དེ་ལས་ཕྲལ་ནས་གདུལ་བར་མཛད་དོ་ཞེས་བྱ་བར་ཐོས་སོ། །དེ་ཡང་རྗེས་སུ་མཐུན་པ་མ་ཡིན་ཞིང་སྐྱེ་བོ་གདུལ་བྱའི་སྡུག་བསྔལ་གཟོད་མ་སྤྱོད་པའི་

ཐུགས་རྗེས་མཛད་དོ་ཞེས་བསྟན་ཏོ། །གཞན་ཡང་། རྫུ་འཕྲུལ་སེང་གེའི་སྒྲ་དང་ནི། །ཉིད་ཀྱི་ཡོན་ཏན་བརྗོད་པ་གང་། །དེ་ནི་བཞེད་སྤྱོད་མི་མངའ་བ། །ཁྱོད་ཀྱི་ཐུགས་རྗེས་བསྟར་བ་ལགས། །རྫུ་འཕྲུལ་སེང་གེའི་སྒྲ་དང་ནི། །ཞེས་བྱ་བ་ནི་རྒྱས་པའོ། །རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བ་

དང་། འབར་བ་དང་། འབེབས་པ་དང་། ཆར་འབབ་པ་ལ་སོགས་པའིའོ། །སེང་གེའི་སྒྲ་དང་འབྲུག་གི་སྒྲ་དང་འདྲ་བའོ། །ཇི་ལྟར་གསུངས་པ་ནི་ང་ལས་ཕྱི་རོལ་དུ་གྱུར་པ་ལ་ནི་དགེ་སྦྱོང་ངམ་བྲམ་ཟེ་མེད་དེ། གང་གིས་འཁོར་གྱི་ཚོགས་འདི་རྣམས་ཀྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པར་

བྱེད་པ་ཁོ་ན་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་འཇིགས་པ་མེད་པའི་སེང་གེ་དང་འདྲ་བས་སྒྲ་སྒྲོགས་པས་ན་སེང་གེའི་སྒྲའོ། །ཉིད་ཀྱི་ཡོན་ཏན་བརྗོད་པ་ནི་ཉིད་ལ་བསྟོད་པའོ། །ཇི་ལྟར་སྟོབས་བཅུ་དང་ལྡན་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་བྱ་བ་ལ་སོགས་པའོ། །

རྫུ་འཕྲུལ་དང་། སེང་གེའི་སྒྲ་དང་། ཉིད་ཀྱི་ཡོན་ཏན་བརྗོད་པ་གང་ཡིན་པ་དེ་ནི་བྱིས་པའི་འཇིག་རྟེན་པ་འདོད་པས་གཞན་ལ་རབ་ཏུ་སྟོན་པར་བྱེད་དོ། །དེ་ནི་བཞེད་སྤྱོད་མི་མངའ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ལ་བཞེད་པ་ནི་འདོད་པ་དང་སྲེད་པ་སྟེ། དེ་ཉིད་ཡུལ་རྣམས་ཀྱི་རྒྱུད་སྤྱོད་

པར་བྱེད་པས་ནི་སྤྱོད་པའོ། །དེ་མི་མངའ་བ་ནི་གང་གིས་སྤངས་པ་དེ་ནི་བཞེད་སྤྱོད་མི་མངའ་བའོ། །དེ་ནི་ཁྱོད་ཀྱི་ཐུགས་རྗེས་བསྟར་བའོ། །དེ་ཞེས་བྱ་བ་ནི་རྫུ་འཕྲུལ་ལ་སོགས་པའོ། །ཐུགས་རྗེས་བསྟར་བ་ནི་ཐུགས་རྗེའི་རྟགས་སོ། །ཇི་ལྟར་ཀ་ཤིའི་རྡོ་ལ་གསེར་བཟང་བའམ་ངན་པར་ཡོངས་

སུ་བརྟག་པ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་ད་ལྟར་བྱུང་བའི་སྡུག་བསྔལ་བཟོད་པར་སྤྱོད་པའི་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཡང་རྫུ་འཕྲུལ་ལ་སོགས་པའི་ཀ་ཤིས་རྗེས་སུ་དཔག་པར་བྱ་སྟེ། བཞེད་པ་དང་སྤྱོད་པ་མི་མངའ་བའི་ཕྱིར་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ལྟ་བུའི་ཚིགས་སུ་

Vol. 1 · folio 144b

བཅད་པ་གཉིས་ཀྱིས་ཐུགས་རྗེའི་དབང་གིས་ད་ལྟར་བྱུང་བའི་སྡུག་བསྔལ་བཟོད་མི་སྤྱོད་པ་ཞེས་བཤད་དོ། །ལེགས་པ་དང་མི་ལེགས་པའི་བུད་མེད་ཀྱི་ཚུལ་དང་མཐུན་པ་བཤད་པར་བྱ་སྟེ། གཞན་གྱི་དོན་དུ་རབ་བཟང་གི། །ཉིད་ཀྱི་རྟེན་ལ་བརྩེ་མེད་པས། །མགོན་པོ་ཁྱོད་ཉིད་འབའ་ཞིག་

ལ། །ཐུགས་རྗེས་ཐུགས་རྗེ་མཛད་མ་གྱུར། །གཞན་གྱི་དོན་དུ་རབ་བཟང་གི། །ཞེས་བྱ་བ་ནི་རྒྱས་པའོ། །གཞན་གྱི་དོན་ནི་གཞན་ལ་སྨན་པ་མཛད་པའི་ཕྱིར་རོ། །རབ་ཏུ་བཟང་བ་ནི་མཁས་པའོ། །གི་ཞེས་བྱ་བ་ནི་ཞལ་གྱིས་བཞེས་པ་ལའོ། །ཉིད་ཀྱི་རྟེན་ལ་བརྩེ་མེད་པ། །ཞེས་བྱ་བ་

ནི་དེ་བཞིན་གཤེགས་པ་དེ་ཉིད་ཀྱི་རྟེན་ཏེ། དེ་ལ་བརྩེ་བ་མེད་པ་ནི་རྩུབ་པ་དང་གཟིར་བར་མཛད་པ་སྟེ། ཐུགས་རྗེ་ཞེས་འཆད་པར་འགྱུར་རོ། །ཁྱོད་ཉིད་ནི་བཅོམ་ལྡན་འདས་ལ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ། །འབའ་ཞིག་ནི་བདག་ཉིད་ཆེ་བ་ཞེས་བྱ་བའི་དོན་ཏོ། །མགོན་པོ་ཞེས་བྱ་

བ་ནི་བོད་པའོ། །ཐུགས་རྗེས་ཐུགས་རྗེ་མཛད་མ་གྱུར། །ཞེས་བྱ་བས་ནི་དེ་ལྟར་བསྟན་པ་ཡིན་ཏེ། ཐུགས་རྗེས་མཛད་པ་དང་། རྗེས་སུ་བཟུང་བ་མཛད་ཅེས་པ་ནི་ཐུགས་རྗེའི་དོན་དང་མཐུན་པའི་མཚན་ནོ། །ཁྱོད་ཀྱི་ཡུལ་ལ་ཐུགས་རྗེའི་དོན་དང་མཐུན་པའི་མཚན་དུ་མ་གྱུར་ཏོ། །དེ་

ལྟ་བས་ན་ཉིད་ཀྱི་རྟེན་ལ་བརྩེ་བ་མི་མངའ་བ་དང་། གཞན་ལ་ཆགས་པའི་རང་བཞིན་གང་ཡིན་པ་དེས་ནི་བུད་མེད་ཀྱི་སྤྱོད་པ་མི་ལེགས་པ་བཤད་དོ། །གཞན་ལ་ཆགས་པ་དང་། ཉིད་ཀྱི་རྟེན་ལ་བརྩེ་བ་མེད་པ་ཞེས་བྱ་བར་ཤེས་པར་ཇི་ལྟར་འགྱུར་ཞེ་ན། སྨྲས་པ། འདི་ལྟར་རེས་འགའ་

བརྟན་པས་གང་། །གཞན་དོན་བསྒྲུབ་པར་མཛད་སླད་དུ། །ཁྱོད་ནི་ལན་བརྒྱར་ཕྱོགས་དག་ཏུ། །གཏོར་མ་བཞིན་དུ་བཏང་བ་ལགས། །འདི་ལྟར་ལན་བརྒྱར་ཕྱོགས་དག་ཏུ། །ཞེས་བྱ་བ་སྨོས་པ་ལ། འདི་ལྟར་ཞེས་བྱ་བ་ནི་ཇི་ལྟར་འདི་ནི་གཞན་ལ་ཆགས་པ་དང་། ཉིད་ཀྱི་རྟེན་ལ་བརྩེ་

བ་མེད་པ་དེ་ལྟར་བཤད་པར་བྱ་ཞེས་བྱ་བའི་དོན་ཏོ། །གང་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཡང་ན་འདི་ལྟར་གང་ཞེས་བྱ་བ་ནི་འཆད་པར་འདོད་པའི་དོན་རབ་ཏུ་སྟོན་པར་བྱེད་པའི་ཚིག་ཕྲད་ཅེས་བྱ་བའོ། །ཁྱོད་ནི་འཆད་པར་འགྱུར་བའོ། །ལན་བརྒྱ་ནི་ལན་མང་པོར་རོ། །བརྟན་པའི་ཕྱིར་

Vol. 1 · folio 145a

བརྟན་པ་ནི་ཐུགས་རྗེ་ཉིད་དུ་བརྗོད་དོ། །རེས་འགའ་གཏོར་མ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་སྙིང་རྗེ་མེད་པ་དག་གིས་ཕྱོགས་དུམ་བུར་བྱས་ནས་གཏོར་མར་བཏང་བ་སྟེ། གནོད་སྦྱིན་ལ་སོགས་རྣམས་དགའ་བར་བྱ་བའི་ཕྱིར་རོ། །དེ་བཞིན་དུ་ཐུགས་རྗེས་ཀྱང་ཐུགས་རྗེ་

མི་མངའ་བ་དང་འདྲ་བར་ཁྱོད་ལན་བརྒྱར་བྱས་ནས་བཏང་བ་ལགས་སོ་ཞེས་འཆད་པར་འགྱུར་རོ། །ཅིའི་སླད་དུ་ཞེ་ན། བཤད་པ། གཞན་དོན་སྒྲུབ་པར་མཛད་སླད་དུ། །ཞེས་བྱ་བས་ནི་སྟག་ཕྲུག་ལ་སོགས་པ་རྣམས་ཀྱི་བཟའ་བ་སྒྲུབ་པའི་ཕྱིར་རོ། །ཁྱོད་ཅེས་བྱ་བ་ནི་ཁྱོད་དོ། །བྱང་ཆུབ་

སེམས་དཔའ་ལ་སྦྱོར་བའི་གནས་སྐབས་སུ་བཏང་བ་ལགས་སོ། །གང་ལ་ཞེ་ན། ཕྱོགས་དག་ཏུ་ནི་ལས་ཀྱི་བྱེད་ཚིག་གི་མཐའ་ཅན་ཡིན་ཏེ། ཕྱོགས་བཞིར་གཏོང་བ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་གྱུར་པ་དེའི་ཕྱིར་གཞན་གྱི་དོན་རབ་ཏུ་བཟང་བ་ནི་ལེགས་པར་བཤད་པའོ། །

དེ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་ཀྱིས་བུད་མེད་ཀྱི་སྤྱོད་པ་མི་ལེགས་པ་དང་འདྲ་བའི་སྤྱོད་པ་བཤད་ན། བུད་མེད་ཀྱི་སྤྱོད་པ་ལེགས་པ་དེ་བཤད་པར་བྱ་སྟེ། ཐ་མལ་པའི་སྐྱེ་བོས་ཀྱང་བུད་མེད་གཡོན་ཅན་དབང་དུ་མི་འགྱུར་ཏེ། འོན་ཀྱང་བརྟན་པའི་ཁྱད་པར་ཅན་གྱི་བྱང་ཆུབ་སེམས་

དཔའ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟར་ཁྱོད་ལ་གནོད་མཛད་ཀྱང་། །ནོངས་པ་ཅན་དུ་མི་བརྩི་བས། །ཁྱོད་ཀྱི་བཞེད་པ་ཁོ་ན་དང་། །མཐུན་འཇུག་པ་ནི་ལེགས་པར་གདའ། །དེ་ལྟར་ཁྱོད་ལ་གནོད་མཛད་ཀྱང་། །ཞེས་བྱ་བ་ནི་རྒྱས་པའོ། །ཁྱོད་ཀྱི་སྲོག་པས་ཀྱང་གཞན་གྱི་སྲོག་ལ་

གཅེས་པར་དགོངས་པའོ། །དེས་ན་ཐུགས་རྗེ་འདི་ནི་ཁྱོད་ཀྱི་བཞེད་པ་དང་རྗེས་སུ་མཐུན་ཞིང་ཁྱོད་ཀྱི་ཐུགས་དང་མི་འགལ་བར་འཇུག་པ་ནི་སེམས་ཅན་ལ་སྨན་པའི་སླད་དུ་འཇུག་པའོ། །ལེགས་པ་ནི་ཡིན་པའོ། །ཇི་ལྟར་འདི་ཤེས་པར་བྱ་ཞེ་ན། བཤད་པ། དེ་ལྟར་ཁྱོད་ལ་གནོད་

མཛད་ཀྱང་། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །ཡང་ན་དེ་ལྟར་ཞེས་བྱ་བ་ནི་ལན་བརྒྱར་བཅད་ནས་གཏོར་མར་བཏང་བ་ལ་སོགས་པའི་རྣམ་པ་དེས་སོ། །ཀྱང་ནི་གང་གི་ཕྱིར་གྱི་དོན་ཏོ། །གནོད་མཛད་ཀྱང་ཞེས་བྱ་བ་ནི་གཟིར་བར་

Vol. 1 · folio 145b

ཡང་མཛད་པའོ། །ཁྱོད་ནི་བཅོམ་ལྡན་འདས་སོ། །མི་བརྩི་བས་ནི་ལེགས་པ་ཡིན་གྱི་གདུག་པ་ཅན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ནོངས་པ་ཅན་དུ་མི་བརྩི་ཞེ་ན། བུད་མེད་གདུག་པ་ཅན་ནི་དོར་བའི་རིགས་ན་ཁྱོད་ཀྱིས་ཐུགས་རྗེ་འདི་དོར་བར་མ་མཛད་པས་

ངེས་པར་འདི་ནི་ནོངས་པ་ཅན་དུ་མི་བརྩི་བས་ནོངས་པར་མི་མཛད་པས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འདིར་དགོངས་པ་དང་རྗེས་སུ་མཐུན་པའི་ཕྱིར་ཐུགས་རྗེས་བུད་མེད་ཀྱི་སྤྱོད་པ་ལེགས་པ་དང་འདྲ་བ་ཚིགས་སུ་བཅད་པ་འདིས་གསལ་བར་རྟོགས་པར་བྱའོ་ཞེས་བྱ་བ་སྟེ།

ཐུགས་རྗེ་ལ་བསྟོད་པའི་བཤད་པའོ། །ཐུགས་རྗེ་ལ་བསྟོད་པ་ཞེས་བྱ་བའི་བཤད་པ་སྟེ་ལེའུ་དྲུག་པའོ།། །།གསུང་ལ་བསྟོད་པའི་དབྱེ་བ་བཅུ་གཅིག་སྟེ། དེ་ལ་ཚིགས་སུ་བཅད་པ་གང་གིས་ཚིག་གི་དོན་གྱི་དབྱེ་བ་གང་ཡིན་པ་བཤད་པ་དེ་ནི་ཕྱིས་བཤད་པར་བྱའོ། །དེ་

ལ། ཚིག་བཟང་བ་དང་དོན་ཆེ་དང་། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་ཏེ། ཚིག་བཟང་བ་དང་དོན་ཆེ་དང་། །བདེན་པ་དང་ནི་སྙན་པ་དང་། །ཟབ་གསལ་གཉི་གའི་དོན་ལྡན་དང་། །བསྡུས་དང་སྤྲོས་པ་དང་ལྡན་པ། །ཁྱོད་ཀྱི་གསུང་ནི་དེ་ལྟ་བུ། །ཁྱོད་ཀྱི་དགྲ་བོས་ཐོས་ན་ཡང་། །

ཐམས་ཅད་མཁྱེན་པ་ལགས་སོ་ཞེས། །སུ་ཞིག་ངེས་པ་སྐྱེ་མི་འགྱུར། །ཚིག་བཟང་བ་དང་ཞེས་བྱ་བ་བཤད་པར་བྱ་སྟེ། ཚིག་བཟང་བའི་གསུང་གང་ལ་ཡོད་པ་དེ་ནི་ཚིག་བཟང་བ་སྟེ། ཚིག་གསལ་བ་ཞེས་བྱ་བའི་དོན་ཏོ། །ཚིག་གསལ་བ་ཡིན་ན་ཡང་སྒེག་པའི་སྡེབ་སྦྱོར་ལ་སོགས་

པ་དང་འདྲ་བར་དོན་མི་ཆེ་བ་མ་ཡིན་ནམ་ཞེ་ན། སྨྲས་པ། དོན་ཆེ་བ་ནི་མཐོ་རིས་དང་ཐར་པ་གསལ་བའི་ཕྱིར་རོ། །དྲང་སྲོང་སེར་སྐྱ་ལ་སོགས་པའི་ཚིག་ཀྱང་དེ་ལྟར་གསལ་བ་ཡིན་ཏེ། འོན་ཀྱང་ཕྱིན་ཅི་ལོག་གི་དོན་གསལ་བ་ཞེས་བྱ་བས་ན་དེ་དག་ལས་ཀྱང་ཁྱད་དུ་བཤད་པར་བྱ་སྟེ། བདེན་

པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་མ་ཡིན་ཞེས་བྱ་བའི་དོན་ཏོ། །བདེན་པ་མ་ཡིན་པ་ཕལ་ཆེ་བ་ནི་སྙན་པ་ཡིན་ཏེ། འདི་དག་ནི་བདེ་བ་དང་སྙན་པ་དང་ཡང་ཡིན་ཏེ། མཉན་པའི་རིགས་སོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བ་བཞིན་དུ་སྦྱོར་བ་ནི་ཆུང་ངུ་དང་། འབྲིང་དང་། དབང་པོ་རྣོན་པོའི་གདུལ་བྱའི་ངོ་

Vol. 1 · folio 146a

བོའི་ཕྱིར་ཟབ་པ་དང་། གསལ་བ་དང་། གཉི་གའི་དོན་གང་ལ་ཡོད་པ་དེ་ནི་ཟབ་པ་དང་། གསལ་བ་དང་། གཉི་གའི་དོན་དང་ལྡན་པའོ། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚིག་གི་དོན་དང་ལྡན་པ་ནི་ཟབ་པ་སྟེ། ཟབ་པའོ། །སྦྱིན་པ་ལ་སོགས་པ་ཡང་བའི་དོན་དང་

ལྡན་པ་ནི་གསལ་བའི་དོན་ཏོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཚིག་གི་དོན་ལ་སོགས་པ་ནི་གཉི་གའི་དོན་དང་ལྡན་པའོ། །བསྡུས་པ་ནི་མདོར་བསྡུས་པ་སྟེ། ཇི་ལྟར་དགེ་སློང་དག་གཟུགས་ཞེས་བྱ་བའི་ཆོས་སྤང་བར་བྱའོ་ཞེས་བྱ་བའོ། །སྤྲོས་པ་ནི་རྒྱས་པའོ། །འདི་ལྟ་སྟེ། དགེ་སློང་དག་

གཟུགས་ནི་བདག་མ་ཡིན་ཏེ། དགེ་སློང་དག་གཟུགས་བདག་ཡིན་ན་གཟུགས་ནི་གནོད་པ་དང་སྡུག་བསྔལ་བར་མི་འགྱུར་རོ། །དེ་གཉི་ག་གང་ལ་ཡོད་པ་དེ་ནི་བསྡུས་པ་དང་སྤྲོས་པ་དང་ལྡན་པ་སྟེ། གདུལ་བྱ་བསྡུས་པ་དང་སྤྲོས་པ་ལ་དགའ་བའི་དབང་དུ་བྱས་པའི་ཕྱིར་རོ། །སུ་ཞིག་ཅེས་བྱ་བ་ནི་མི་སྲིད་པའི་

ཕྱིར་རོ། །མི་འགྱུར་བ་ནི་མི་འགྱུར་བའོ། །ཐོས་པ་ནི་ཐོས་ནས་སོ། །གསུང་ནི་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའོ། །དེ་ལྟ་བུ་ནི་ཇི་ལྟར་བཤད་པའི་རྣམ་པ་དང་ལྡན་པའོ། །ཁྱོད་ཀྱི་ནི་ཁྱོད་ཀྱིའོ། །ཁྱོད་ཀྱི་ནི་བཅོམ་ལྡན་འདས་ལའོ། །རྗེས་སུ་ཆགས་པ་དང་འབྲིང་

འབའ་ཞིག་ཏུ་མ་ཟད་ཀྱི་དགྲ་བོས་ཀྱང་ཞེས་བྱ་བ་ནི་ཡང་གི་སྒྲའི་དོན་ཏོ། །ཐམས་ཅད་མཁྱེན་པས་ན་ཐམས་ཅད་མཁྱེན་པ་ཞེས་བྱའོ། །ངེས་པ་ནི་ངེས་པའི་རྐྱེན་ཞེས་བྱའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་གསུང་ལ་ཐམས་ཅད་མཁྱེན་པ་ཁོ་ནར་གསལ་བ་ནི་

དབྱེ་བ་དང་པོའི་བཤད་པའོ། །གཞན་ཡང་། མང་པོའི་རིལ་གྱིས་སྙན་མ་ལགས། །བཅོས་པ་འགའ་ཙམ་སྙན་པར་བས། །ཁྱོད་ཀྱི་གསུང་དོན་གྲུབ་པས་ཀྱང་། །ཐམས་ཅད་ལེགས་གསུངས་ཁོ་ན་ལགས། །མང་པོ་རིལ་གྱིས་སྙན་མ་ལགས། །ཞེས་པ་ནི་རྒྱས་པའོ། །

མང་པོ་ནི་ཕལ་ཆེ་བ་སྙན་པ་སྟེ། ཐོས་པ་དང་རྗེས་སུ་མཐུན་པའོ། །གསུང་ཐམས་ཅད་ཅེས་བྱ་བ་ནི་བཤད་པར་འགྱུར་རོ། །བཅོས་པ་འགའ་ཙམ་ཞེས་བྱ་བ་ནི་གང་ཞིག་འདོད་པའི་བདེ་བའི་ལོངས་སྤྱོད་ལ་ཞེན་པ་དེ་ནི་དེ་དང་རྗེས་སུ་མཐུན་པའི་གསུང་གིས་འདུལ་བར་མི་ནུས་སོ། །བཅོས་

Vol. 1 · folio 146b

པ་འགའ་ཙམ་གྱི་གསུང་ནི་སྙན་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དཔེར་ན་འདོད་པའི་བདེ་བ་ལ་ཆགས་པའི་སྲིད་པ་ལས་འཇིགས་པ་བསྟན་པར་བྱ་བའི་ཕྱིར་གསུངས་པ་ནི། དེ་ལྟར་འབར་བར་གྱུར་པ་ལ། །རངས་དང་དགའ་བ་ཅི་ཞིག་ཡོད། །མུན་པའི་ནང་དུ་གནས་པ་ཡིས། །

སྒྲོན་མ་ཇི་ལྟར་ཚོལ་མི་བྱེད། །ཅེས་བྱ་བའོ། །གཞན་ཁ་ཅིག་འདི་ལྟར་སྨྲ་བར་བྱེད་དེ་བཅོས་པའི་གསུང་ནི་སྙན་པ་མ་ཡིན་ཏེ། དཔེར་ན་ལྷ་སྦྱིན་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྨོངས་པའི་སྐྱེས་བུ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ལ་ཡང་དགེ་སློང་གི་དགེ་འདུན་གཏོད་

པར་མི་བྱེད་ན་ཁྱོད་ལ་གཏོད་པ་ལྟ་སྨོས་ཀྱང་ཅི་དགོས། གང་གི་ཕྱིར་ཤཱཀྱ་རྣམས་ཀྱི་བྲན་མོའི་བུ་ཨམ་བཥྚ་ཞེས་བྱ་བའི་སྐྱེ་བོ་རོའི་མཆིལ་མ་ཟ་བར་ཁྱོད་འགྱུར་རོ་ཞེས་བྱ་བའོ། །དེ་བས་ན་མི་བཟོད་པའི་བསམ་པ་དང་ལྡན་པས་གནས་པར་འོས་པའི་གདུལ་བྱ་ལ་ཐུགས་རྗེར་དགོངས་

པའི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེའི་ཡང་མི་སྙན་པ་མ་ཡིན་པ་དང་། རྩུབ་མོ་མ་ཡིན་པ་སྟེ། ཐུགས་ཉོན་མོངས་པ་དང་མི་ལྡན་པའི་ཕྱིར་རོ། །གསུང་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །དོན་གྲུབ་པ་ནི་མཐོ་རིས་དང་ཐར་པའི་དོན་བསྒྲུབ་པར་བྱ་བའི་ཕྱིར་རོ། །ཀྱང་གི་

སྒྲས་ནི་དོན་གཞན་སྟོན་པའོ། །ཐམས་ཅད་ཅེས་བྱ་བ་ནི་སྙན་པ་དང་མི་སྙན་པའོ། །ལེགས་པར་གསུངས་པ་ནི་ལེགས་པར་གསུངས་པའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་འདིས་ཤཱཀྱ་རྣམས་ཀྱི་ཚིག་སྙན་པ་སྟེ། དབྱེ་བ་རྣམ་པ་གཉིས་པ་བཤད་དོ། །དེ་ཉིད་བཤད་པར་བྱ་སྟེ། ཁྱོད་ཀྱི་

གསུང་ནི་རྣམ་བརྟགས་ན། །གང་ཞིག་འཇམ་དང་རྩུབ་པ་དང་། །གང་ཡང་དེ་གཉིས་ལྡན་པ་དང་། །ཐམས་ཅད་རོ་གཅིག་ཉིད་དུ་འགྱུར། གང་ཞིག་འཇམ་པ་ནི་སྙན་པའི་གསུང་ཞེས་འཆད་པར་འགྱུར་རོ། །ཅི་འདྲ་བ་ཡིན་ཞེ་ན། གཞི་བསྟན་པའི་མདོ་ལས་ཇི་སྐད་གསུངས་པ་ནི་འདི་ནི་

ལུས་ཀྱི་ལེགས་པར་སྤྱད་པ་དང་། འདི་ནི་ལུས་ཀྱི་ལེགས་པར་སྤྱད་པའི་རྣམ་པར་སྨིན་པའི་འབྲས་བུ་དང་། འདི་ནི་ངག་དང་ཡིད་ཀྱི་ལེགས་པར་སྤྱད་པ་དང་། འདི་ནི་ངག་དང་ཡིད་ཀྱི་ལེགས་པར་སྤྱོད་པའི་རྣམ་པར་སྨིན་པའི་འབྲས་བུ་དང་། འདི་ནི་ལྷ་དང་མི་རྣམས་ཞེས་བྱ་བའོ། །གང་ཞིག་

Vol. 1 · folio 147a

རྩུབ་པ་ཞེས་བྱ་བ་ནི་རྩུབ་པ་དང་རྗེས་སུ་མཐུན་པའོ། །ཇི་ལྟ་བ་བཞིན་དུ་མདོ་དེ་ཉིད་ལས། འདི་ནི་ལུས་ཀྱི་ཉེས་པར་སྤྱད་པ་དང་། འདི་ནི་ལུས་ཀྱི་ཉེས་པར་སྤྱད་པའི་རྣམ་པར་སྨིན་པའི་འབྲས་བུ་དང་། འདི་ནི་ངག་དང་ཡིད་ཀྱི་ཉེས་པར་སྤྱད་པ་དང་། འདི་ནི་ངག་དང་ཡིད་

ཀྱི་ཉེས་པར་སྤྱད་པའི་རྣམ་པར་སྨིན་པའི་འབྲས་བུ་དང་། འདི་ནི་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ཞེས་བྱ་བའོ། །གང་ཡང་དེ་གཉིས་དང་ལྡན་པ། །ཞེས་བྱ་བ་ནི་གང་ཞིག་གསུང་དེ་གཉིས་ནི་འཇམ་པ་དང་རྩུབ་པ་དག་སྟེ། ལྡན་པ་ནི་ལྡན་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་

དུ་མདོ་དེ་ཉིད་ལས་འདི་ནི་ལུས་ཀྱི་ལེགས་པར་སྤྱད་པ་ཞེས་བྱ་བ་སྔ་མ་བཞིན་དང་། དེ་བཞིན་དུ་འདི་ནི་ལུས་ཀྱི་ཉེས་པར་སྤྱད་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཐམས་ཅད་ཅེས་བྱ་བ་ནི་འཇམ་པ་དང་། རྩུབ་པ་དང་། གཉིས་ཀ་དང་ལྡན་པའི་གསུང་རོ་གཅིག་པ་ཉིད་ནི་ཐར་པ་གཅིག་གི་མཐའ་

བརྟགས་པ་ནི་རྣམ་པར་སྤྱོད་པ་སྟེ། འགྱུར་བ་ནི་འགྱུར་བའོ། །ཁྱོད་ཀྱི་ནི་གསུང་ངོ་། །ཁྱོད་ཀྱི་གསུང་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་མེད་པའི་ཕྱིར་དང་། ཐུགས་རྗེ་དང་འབྲེལ་བའི་ཕྱིར་རྣམ་པར་སྤྱད་ན་ཐམས་ཅད་རོ་གཅིག་པར་འགྱུར་ཏེ། ལེགས་པར་སྤྱོད་པ་ལ་གནས་པའི་

སྦྱོར་བས་ཐར་པ་ཐོབ་པར་མཛད་པ་སྟེ། བསྡུས་པའི་དོན་ཏོ། །དེ་ལྟ་བུའི་ཚིགས་སུ་བཅད་པས་གསུང་ཐར་པ་དང་རོ་གཅིག་པ་སྟེ། དབྱེ་བ་གསུམ་པ་བཤད་དོ། །དེའི་ཕྱིར་ན་ངོ་མཚར་བར་ཡིད་ཀྱིས་བསྟོད་པར་བྱ་སྟེ། ཨེ་མའོ་ཤིན་ཏུ་ཡོངས་དག་པའི། །ཕྲིན་ལས་རྣམས་ནི་རབ་

ཏུ་བཟོ། །ང་ཡིས་རིན་ཆེན་གསུང་རྣམས་ཀྱི། །སྣོད་འདི་འདྲ་བ་འདི་བགྱིས་སོ། །ཨེ་མའོ་ཤིན་ཏུ་ཡོངས་དག་པའི། །ཞེས་བྱ་བ་ནི་རྒྱས་པའོ། །ཀྱེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །ཤིན་ཏུ་ཡོངས་དག་པའི་ཕྲིན་ལས་ནི་དཀར་པོ་འབའ་ཞིག་སྟེ། གྱ་གྱུ་རྟག་ཏུ་སྤངས་པའི་

ཕྱིར། །ཞེས་བྱ་བ་ལ་སོགས་པའོ། །བཟོ་ཞེས་བྱ་བ་ནི་མཁས་པའོ། །རབ་ཏུ་ནི་ཁྱད་པར་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཕྲིན་ལས་དེས་ཞེས་བྱ་བ་ནི་བྱེད་པའི་ཚིག་ཡོངས་སུ་གྱུར་པ་དང་སྦྱར་རོ། །འདི་ཞེས་བྱ་བ་ནི་དད་པ་སྐྱེས་པས་མངོན་སུམ་དང་འདྲ་བར་སྲིད་པར་བྱེད་དེ། རིན་

Vol. 1 · folio 147b

ཆེན་གསུང་རྣམས་ཀྱི་ཞེས་བྱ་བ་ནི་ཚིག་བཟང་བ་དང་དོན་ཆེ་བ་ལ་སོགས་པའི་རྣམ་པས་ཤིན་ཏུ་དཀོན་པའི་ཕྱིར་གསུང་རྣམས་ནི་རིན་ཆེན་ནོ། །འདི་འདྲ་བ་ནི་རྣམ་པ་འདི་དང་འདྲ་བ་སྟེ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའོ། །སྣོད་ནི་རྟེན་ནོ། །བགྱིས་སོ་ཞེས་བྱ་བ་ནི་བསྐྱེད་པ་དང་ངེས་པར་

བསྒྲུབས་པ་སྟེ། རིན་ཆེན་གསུང་དང་རྗེས་སུ་མཐུན་པ་ཞེས་དགོངས་སོ། །གསུང་གི་རིན་ཆེན་རྣམས་ཀྱི་སྣོད་ཇི་ལྟ་བུ་ཡིན་ཞེ་ན། བཤད་པ། ཁྱོད་ཞལ་བལྟ་ན་རབ་སྡུག་པ། །དེ་ལས་མཉན་ན་སྙན་པ་ཡི། །གསུང་འདི་དག་ནི་ཟླ་བ་ལས། །བདུད་རྩི་འཛག་པ་བཞིན་དུ་འབྱུང་། །

ཁྱོད་ཞལ་བལྟ་ན་རབ་སྡུག་པ། །ཞེས་སྨོས་པ་ལ། ཞལ་དེ་ལས་ཞེས་བྱ་བ་ནི་འཆད་པར་འགྱུར་རོ། །ན་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །བལྟ་ན་སྡུག་པ་ཞེས་བྱ་བ་ནི་བལྟ་ན་སྡུག་པ་སྟེ་བལྟ་བར་འོས་པ་ཞེས་བྱ་བའི་དོན་ཏོ། །འདི་ནི་གསུང་ཞེས་འཆད་པར་འགྱུར་རོ། །ཅི་

འདྲ་བ་ཡིན་ཞེ་ན། མཉན་ན་སྙན་པའོ། །ཞལ་ནི་ཞལ་ལས་འཛག་པ་སྟེ། འཛག་པ་བཞིན་དུ་འབྱུང་བའོ། །ཁྱོད་ཀྱི་གསུང་གི་མཚན་ཉིད་ནི་བཤད་ཟིན་ཏོ། །ཟླ་བ་ལས་བདུད་རྩི་འཛག་པ་བཞིན་དུ་འབྱུང་ཞེས་བྱ་བ་ལ། ཟླ་བ་ནི་བདུད་རྩིའི་རང་བཞིན་ནོ་ཞེས་འཇིག་རྟེན་ལ་གྲགས་

པའོ། །ཇི་ལྟར་དེ་ལས་ཞུ་བའི་རང་བཞིན་གྱི་བདུད་རྩི་འཛག་པ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱི་ཞལ་གྱི་ཟླ་བ་ལས་དོན་དམ་པ་དང་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་ན་གསུང་ཁོ་ན་བདུད་རྩི་འཛག་པ་བཞིན་འབྱུང་ངོ་ཞེས་བསྟན་ཏོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་ཀྱིས་

གསུང་དང་རྗེས་སུ་མཐུན་པའི་རྟེན་པ་སྟེ། དབྱེ་བ་བཞི་པ་བཤད་དོ། །གཞན་ཡང་། ཁྱོད་ཀྱི་གསུང་ནི་འདོད་ཆགས་ཀྱི། །རྡུལ་རབ་ཞི་མཛད་ཆར་སྤྲིན་འདྲ། །ཞེ་སྡང་སྦྲུལ་ནི་འདོན་པའི་ཕྱིར། །ནམ་མཁའ་ལྡིང་དང་འདྲ་བ་ལགས། །འདོད་ཆགས་ཀྱི་རྡུལ་རབ་ཞི་བར་མཛད་ཅེས་སྨོས་

པ་ལ། འདོད་ཆགས་ཁོ་ན་རྡུལ་ཏེ། སྔོ་བ་ཐི་བ་ལ་སོགས་པ་མི་སྡུག་པ་བསྟན་པས་དེ་རབ་ཏུ་ཞི་བར་མཛད་པ་ནི་སེལ་བར་མཛད་པ་ཞེས་བྱ་བའི་དོན་ཏོ། །གསུང་གི་དོན་ནི་བཤད་ཟིན་ཏོ། །ཁྱོད་ནི་ཁྱོད་ཀྱིའོ། །ཆར་སྤྲིན་འདྲ་ཞེས་བྱ་བ་ནི་ཆར་སྤྲིན་མ་ཡིན་པས་ཆར་སྤྲིན་དང་འདྲ་བར་སྤྱོད་པས་ན་

Vol. 1 · folio 148a

ཆར་སྤྲིན་དང་འདྲ་བའོ། །བྲིཀྵ་ལ་སོགས་པའི་སྒྲ་ལ་ཀའི་རྐྱེན་ཅན་ཏེ། དེ་ལྟར་འཆད་པར་འགྱུར་བའི་སྦྱོར་བ་ལ་ཡང་ཤེས་པར་བྱའོ། །ནམ་མཁའ་ལྡིང་དང་འདྲ་བ་ཞེས་སྨོས་པ་ལ། ནམ་མཁའ་ལྡིང་ནི་ནམ་མཁའ་ལྡིང་ངོ་། །དེ་དང་འདྲ་བར་སྐྱོད་པ་སྟེ། བྱམས་པ་ལ་སོགས་

བསྟན་པས། ཞེ་སྡང་སྦྲུལ་ནི་གདོན་པའི་ཕྱིར། །ཞེས་སྨོས་པ་ལ། ཞེ་སྡང་ཉིད་སྦྲུལ་ཏེ། ཁྲོ་བའི་དུག་འབྱིན་པའི་ཕྱིར་རོ། །གདོན་པའི་ཕྱིར་ཞེས་བྱ་བ་ནི་དེ་ལ་བརྟེན་ནས་ཞེས་བྱ་བའི་དོན་ཏོ། །གཞན་ཡང་། ཡང་དང་ཡང་དུ་མི་ཤེས་པའི། །རབ་རིབ་འཇོམས་པས་གདུགས་དང་འདྲ། །ང་

རྒྱལ་རི་བོ་མངོན་འཇོམས་པས། །བརྒྱ་བྱིན་མཚོན་ཆ་འདྲ་བ་ལགས། །གདུགས་དང་འདྲ་བ་ཞེས་བྱ་བ་ནི་རྒྱས་པའོ། །གདུགས་བཞིན་དུ་སྤྱོད་པས་ན་གདུགས་དང་འདྲ་བའོ། །ཡང་དང་ཡང་དུ་ཞེས་བྱ་བ་ནི་སླར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པས་སྔོན་གྱི་མཐའ་དང་། ཕྱི་མིའི་

མཐའ་དང་དབུས་ཀྱི་མཐའ་གསལ་བའི་ཕྱིར་ན་གདུགས་དང་འདྲ་བའི་གསུང་ཞེས་ཐམས་ཅད་ལ་དྲང་བར་བྱའོ། །ཅི་ཞིག་མཛད་ཅེ་ན། བཤད་པ། མི་ཤེས་པའི་རབ་རིབ་འཇོམས་པས་ཞེས་བྱ་བ་ལ། མི་ཤེས་པ་ནི་མ་རིག་པར་གྲགས་པ་སྟེ། ཡང་དག་པའི་ལྟ་བ་ལ་སྒྲིབ་པར་བྱེད་པའི་

རབ་རིབ་དེ་རྣམ་པར་སེལ་བར་མཛད་ཅེས་བྱ་བའི་དོན་ཏོ། །བརྒྱ་བྱིན་གྱི་མཚོན་ཆ་ནི་རྡོ་རྗེ་སྟེ། དེ་དང་འདྲ་བར་སྤྱོད་པའོ། །ང་རྒྱལ་ནི་མཐོ་བའི་མཚན་ཉིད་དང་ཆོས་མཐུན་པའི་ཕྱིར་ན་རི་བོ་སྟེ་རི་བོའོ། །དེ་འཇོམས་པས་ན་བརྒྱ་བྱིན་གྱི་མཚོན་ཆ་དང་འདྲ་བ་སྟེ། ལས་བདག་གིར་བྱ་བ་ཁོ་

ན་དང་། བདག་མེད་པ་ལས་འབྱུང་བའི་ཕྱིར་རོ། །ལས་བདག་གིར་བྱ་བ་བསམས་པ་ན་འདི་ལྟར་འགྱུར་ཏེ། ལས་ལས་རིགས་དང་། གཟུགས་དང་། ལང་ཚོ་ལ་སོགས་པ་གཞན་རྣམས་ཀྱང་ཡིན་ནོ། །འདི་ནི་བདག་མེད་པ་དང་། འདུས་བྱས་པ་ཙམ་ཉོན་མོངས་པའི་གཞན་

དབང་དུ་གྱུར་པའི་ལས་ལས་འབྱུང་བས་ན་རྣམ་པ་གང་གིས་སུ་ཞིག་ང་རྒྱལ་བྱེད་ཅེས་བྱ་བའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་ཀྱིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་འཇོམས་པ་ནི་གསུང་ཡིན་པས་ན་དབྱེ་བ་ལྔ་པ་བཤད་དོ། །གཞན་ཡང་། དོན་

Vol. 1 · folio 148b

གཟིགས་པས་ན་མི་སླུ་བ། །ནོངས་མི་མངའ་ཕྱིར་རྗེས་སུ་མཐུན། །ལེགས་པར་སྦྱར་བས་གོ་སླ་སྟེ། །ཁྱོད་ཀྱི་གསུང་ནི་ལེགས་གསུམ་ལྡན། །དོན་གཟིགས་པས་ན་མི་སླུ་བ། །ཞེས་བྱ་བ་ནི་རྒྱས་པའོ། །དོན་གཟིགས་པ་གང་ལ་ཡོད་པ་དེ་ནི་དོན་གཟིགས་པའོ། །གསུམ་ཞེས་

བྱ་བ་ནི་འཆད་པར་འགྱུར་རོ། །དེའི་རང་བཞིན་ནི་དོན་གཟིགས་པའི་ཕྱིར་ན་མི་སླུ་བ་སྟེ། བདེན་པ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱི་གསུང་གི་དོན་ནི་མི་སླུ་བར་མཐོང་སྟེ། དེའི་གསུང་ལ་རྗེས་སུ་འཇུག་པ་རྣམས་ཀྱིས་མཐོ་རིས་དང་ཐར་པ་ཐོབ་པའི་ཕྱིར་རོ། །དཔེར་ན་ང་ཡོངས་

སུ་མྱ་ངན་ལས་འདས་པའི་ལོ་བརྒྱའི་འོག་ཏུ་རྒྱལ་པོ་གཏུམ་པོ་མྱ་ངན་མེད་ཅེས་བྱ་བ་འབྱུང་བར་འགྱུར་རོ། །དེས་ནི་ནུབ་གཅིག་ལ་ཆོས་ཀྱི་རྒྱལ་པོའི་མཆོད་རྟེན་བརྒྱད་ཁྲི་བྱེད་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བཞིན་དུ་མ་འོངས་པའི་དུས་སུ་ཁུ་ཏ་ཀ་

ཞེས་བྱ་བའི་མི་རྣམས་ཀྱི་མགོ་བོ་ལ་གཉེར་མ་ལྷགས་པར་འགྱུར་བ་དང་། བུ་མོ་གཞོན་ནུ་ལས་ཀྱང་བུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ཉེ་བར་དམིགས་པར་འགྱུར་རོ་ཞེས་བྱ་བའོ། །ཡང་ན་དོན་གཟིགས་པའི་གསུང་གསུང་བ་ནི་མི་སླུ་བ་ཡིན་ནོ། །མ་རིག་པ་

ལ་སོགས་པ་འཇོམས་པའི་ཡེ་ཤེས་ཀྱིས་གང་གིས་དོན་གཟིགས་པ་དེ་ནི་དོན་གཟིགས་པ་སྟེ། དེ་ནི་བཅོམ་ལྡན་འདས་ཁོ་ནའོ། །དེའི་གསུང་ནི་མི་སླུ་བ་སྟེ། དོན་གཟིགས་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པས་དཀྲུགས་པའི་སེམས་དང་ལྡན་པ་རྣམས་ཀྱི་ཚིག་ནི་རྗེས་སུ་

མི་མཐུན་པ་སྟེ། བཅོམ་ལྡན་འདས་ཀྱི་ནི་ནོངས་པ་མི་མངའ་བའི་ཕྱིར་ན་རྗེས་སུ་མཐུན་པ་སྟེ། དྲང་སྲོང་རྒྱས་པ་ལ་སོགས་པ་དང་འདྲ་བར་སྔ་ཕྱིར་མི་མཐུན་པ་ནི་མ་ཡིན་ནོ་ཞེས་དགོངས་པའོ། །གོ་སླ་ཞེས་བྱ་བ་ནི་གདུལ་བྱའི་སྐྱེ་བོས་རྟོགས་པར་མཛད་པའོ། །ལེགས་པར་སྦྱར་བ་ཞེས་བྱ་

བ་ནི་ཇི་ལྟར་གདུལ་བྱས་ཕལ་པའི་ཚིག་དང་། ཆོས་སྐད་དང་། ཀླ་ཀློའི་ཚིག་གི་དབྱེ་བས་དོན་ཤེས་པ་དེ་བཞིན་དུ་ལེགས་པར་སྦྱར་བ་ཞེས་བཤད་དེ། དེའི་ཕྱིར་དོན་གཟིགས་པ་དང་། རྗེས་སུ་མཐུན་པ་དང་། གོ་སླ་བ་སྟེ་ལེགས་པ་གསུམ་གང་ལ་ཡོད་པ་དེ་ནི་ལེགས་པ་གསུམ་དང་ལྡན་པ་སྟེ།

Vol. 1 · folio 149a

ཁྱོད་ཀྱི་གསུང་ངོ་། །ནིའི་སྒྲ་ནི་ཚིག་གི་ཁ་བསྐང་བའོ། །རྣམ་པ་གསུམ་པོ་དེ་དག་གིས་ཡོངས་སུ་དག་པའི་གསུང་དག་གིས་སྟོན་པ་ཉིད་དུ་གྲགས་པའི་ཚིགས་སུ་བཅད་པ་འདིས་དབྱེ་བ་དྲུག་པ་བཤད་དོ། །གཞན་ཡང་། རེ་ཞིག་དང་པོར་ཁྱོད་ཀྱི་གསུང་། །ཉན་པ་རྣམས་

ཀྱི་ཡིད་འཕྲོག་མཛད། །དེ་ནས་ཡིད་ལ་བསམ་བགྱིས་ན། །རྡུལ་དང་མུན་པ་དག་ཀྱང་སེལ། །ཉན་པ་རྣམས་ཀྱི་ཡིད་འཕྲོག་མཛད། །ཅེས་བྱ་བ་ལ། ཡིད་ནི་སེམས་དག་གོ། །རེ་ཞིག་ཅེས་བྱ་བ་ནི་རིམ་པའི་དོན་ཏོ། །ཉན་པ་རྣམས་ཀྱི་སྟེ། ཡན་ལག་ལྔ་དང་ལྡན་པའི་དབྱངས་ཀྱིས་

གཞན་དུ་རྗེས་སུ་མི་འབྲང་བའི་ཕྱིར་ཡིད་འཕྲོགག་པར་མཛད་པའོ། །དང་པོར་ནི་དང་པོར་རོ། །གསུང་ནི་གསུང་ངོ་། །ཁྱོད་ཀྱི་ནི་ཁྱོད་ཀྱི་ཞེས་བྱའོ། །ཉན་པ་ལས་ཕྱི་མའི་དུས་སུ་ཡིད་ལ་བསམ་བགྱིས་ན་ཞེས་བྱ་བ་ནི་བསམ་པ་དང་བསྒོམ་པའི་རིམ་པས་སོ། །རྒྱུད་ལ་དྲི་མས་གནོད་པའི་

ཕྱིར་རྡུལ་ནི་ཉོན་མོངས་པ་ཐམས་ཅད་དོ། །མུན་པ་ཞེས་བྱ་བ་ནི་གཏི་མུག་གོ། །ཉོན་མོངས་པའི་རིགས་མ་ལུས་པ་ནི་གཏི་མུག་སྔོན་དུ་སོང་བའི་ཕྱིར་གཏི་མུག་ལོག་པར་བཤད་དོ། །འདོད་ཆགས་ནི་རྡུལ་གྱི་ཚིག་གིས་སྤོང་བ་ཙམ་ཞིག་བསྟན་ཏེ། འདིར་ནི་གསུང་གཅིག་ནས་གཅིག་

གིས་ཉོན་མོངས་པ་རྩ་བ་དང་བཅས་པར་འཇོམས་པར་བཤད་དེ། དེས་ནི་ཡིད་འཕྲོག་པར་བྱེད་པའི་དབྱེ་བ་བདུན་པ་བཤད་དོ། །གཞན་ཡང་། ཕོངས་པ་རྣམས་ཀྱི་དབུགས་འབྱིན་ཅིང་། །བག་མེད་རྣམས་ནི་སྐྲག་པར་མཛད། །བདེ་བ་ཅན་དག་སྐྱོབ་མཛད་པས། །ཁྱོད་གསུང་

ཀུན་དང་འཚམ་པར་འཇུག །ཕོངས་པ་རྣམས་ཀྱི་དབུགས་འབྱིན་ཅིང་། །ཞེས་སྨོས་པ་ལ། ཕོངས་པ་རྣམས་ནི་ཉོན་མོངས་པ་ཐོབ་པ་སྟེ། ཉོན་མོངས་པ་དེ་ལས་ངེས་པར་འབྱུང་བ་བཤད་པས་དབུགས་འབྱིན་པ་ཞེས་བྱ་བས་ན་ཕོངས་པ་རྣམས་ཀྱི་དབུགས་འབྱིན་པའོ། །གསུང་

ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །དཔེར་ན་ཉ་པ་དག་གིས་ཉ་རྒྱས་ཉ་དང་རིས་མཐུན་པའི་ཆུ་སྲིན་འགྲམ་དུ་དྲངས་པ་ཤིན་ཏུ་སྡུག་བསྔལ་བ་དང་ལྡན་པས་བཅོམ་ལྡན་འདས་ཀྱི་མཐུས་སྨྲས་པ་ནི་འདི་ནས་བདག་ཤི་འཕོས་ནས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ་ཞེས་སྨྲས་པ་

Vol. 1 · folio 149b

དེ་ལ་བཅོམ་ལྡན་འདས་ཀྱིས་གསུངས་པ། ང་ནི་ཐུགས་རྗེ་ལྡན་རྒྱལ་ལ། །སེམས་ནི་ལེགས་པར་དད་པར་གྱིས། །དུད་འགྲོའི་སྐྱེ་གནས་སྤངས་ནས་ནི། །དེ་ནས་མཐོ་རིས་འགྲོ་བར་འགྱུར། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་དབུགས་དབྱུང་བར་མཛད་དོ། །བཅོམ་ལྡན་འདས་ལ་སེམས་

རབ་ཏུ་དད་པས་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱི་ཐད་དུ་ཕྱིན་པས་བདེན་པ་མཐོང་བར་གྱུར་ཏོ་ཞེས་བྱའོ། །དེ་བཞིན་དུ་སྡུག་བསྔལ་དང་ལྡན་པའི་སྦྲུལ་གདུག་པ་ལ་སོགས་པ་གཞན་རྣམས་ཀྱང་དཔེར་བཤད་པར་བྱའོ། །བག་མེད་པ་རྣམས་ནི་སྐྲག་པར་མཛད་ཅེས་བྱ་བ་ནི་དགེ་

བའི་བྱ་བ་ལ་རྩེ་གཅིག་པ་མེད་པའི་བག་མེད་པ་དག་ལ་སྡུག་བསྔལ་བསྟན་པས་འཇིགས་པ་བསལ་བར་མཛད་པ་སྟེ། ཇི་ལྟར་འབྲས་བུ་སྨིན་པ་ན། །རྟག་ཏུ་ལྟུང་བའི་འཇིགས་དང་ལྡན། །དེ་བཞིན་སྐྱེས་པའི་མི་རྣམས་ནི། །རྟག་ཏུ་འཆི་བའི་འཇིགས་པ་ལྡན། །ཞེས་བྱ་བའོ། །ཉུང་ངུ་ལ་ལོངས་སྤྱོད་པ་དང་།

ཡང་ན་སྐྱེ་བ་དང་འཇིག་པར་བསྟན་པས་ཕལ་ཆེར་འདོད་པའི་བདེ་བས་བདེ་བ་དང་ལྡན་པ་རྣམས་ཀྱི་སྐྱོ་བར་བགྱིད་པ་ནི་འདོད་ཆགས་དང་བྲལ་བ་བསྐྱེད་པར་མཛད་པའོ། །དཔེར་ན། ཉུང་དང་སྡུག་བསྔལ་མང་པོར་ལྡན། །འདོད་པ་མཁས་པས་རྣམ་ཤེས་པས། །ལྷ་ཡི་འདོད་པ་རྣམས་ལ་ཡང་། །

ལྷག་པར་དགའ་བར་མི་འགྱུར་རོ། །འདུས་བྱས་རྣམས་ནི་མི་རྟག་སྟེ། །སྐྱེ་དང་བཅས་པའི་ཆོས་ཅན་པས། །སྐྱེས་ནས་འཇིག་པར་འགྱུར་བས་ན། །དེ་རྣམས་མྱུར་དུ་ཞི་ན་བདེ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་སོ། །དེའི་ཕྱིར་ཀུན་དང་འཚམ་པ་ནི་འཚམ་པ་དང་མཐུན་པར་འཇུག་པའི་ངང་

ཚུལ་གང་ལ་ཡོད་པ་དེ་ནི་ཀུན་དང་འཚམ་པར་འཇུག་པ་སྟེ་ཁྱོད་ཀྱི་གསུང་ངོ་། །དེ་ལྟ་བུའི་ཚིགས་སུ་བཅད་པ་འདིས་ཁྱོད་གསུང་ཀུན་དང་འཚམ་པར་འཇུག་པའི་དབྱེ་བ་བརྒྱད་པ་བཤད་དོ། །གཞན་ཡང་། མཁས་པ་རྣམས་ཀྱི་དགའ་བ་བསྐྱེད། །བར་མ་རྣམས་ཀྱི་བློ་ཡང་སྤེལ། །ཐ་མའི་རབ་རིབ་

རྣམ་འཇོམས་པས། །གསུང་འདི་སྐྱེ་བོ་ཀུན་ལ་སྨན། །མཁས་པ་རྣམས་ཀྱི་དགའ་བ་བསྐྱེད། །ཅེས་བྱ་བ་ནི་རྒྱས་པའོ། །མཁས་པ་ནི་དབང་པོ་རྣོན་པོ་རྣམས་ཀྱི་སྟེ། དགའ་བ་ནི་ཡིད་བདེ་བ་བསྐྱེད་པས་ན་དགའ་བ་བསྐྱེད་པ་སྟེ། བཏོན་པ་ཙམ་གྱིས་རྟོགས་པའི་ཕྱིར་རོ། །གསུང་ཞེས་བྱ་བ་ནི་འཆད་

Vol. 1 · folio 150a

པར་འགྱུར་བའོ། །དཔེར་ན་སྔོན་ཆུ་སྲིན་ལས་ལྷའི་བུར་གྱུར་པ་དེ་ཉིད་ཀྱི་བདེན་པའི་རང་བཞིན་མཐོང་ནས་ཚོང་པས་ཁེ་རྙེད་པ་དང་འདྲ་བར་ཡིད་བདེ་བ་ཐོབ་པས་འགྲོ་བར་གྱུར་ཏོ་ཞེས་རྒྱས་པར་གསུངས་པའོ། །བར་མ་རྣམས་ནི་དབང་པོ་བར་མ་རྣམས་ཀྱི་ཐོས་པ་དང་བསམ་པ་ལ་

སོགས་པའི་སྦྱོར་བས་བསྒོམ་པའི་རང་བཞིན་གྱིས་ཤེས་རབ་ཉེ་བར་བསྡུས་པའི་ཕྱིར་བློ་སྤེལ་བར་མཛད་པའོ། །ཐ་མ་ནི་དབང་པོ་དམན་པ་རྣམས་ཀྱིས་མི་ཤེས་པའི་རབ་རིབ་འཇོམས་པས་ན་རབ་རིབ་འཇོམས་པ་སྟེ། ལས་དང་འབྲས་བུའི་འབྲེལ་པ་ངེས་པར་བསྐྱེད་པར་མཛད་པའི་ཕྱིར་རོ། །དེ་བས་

ན་དབང་པོ་རྣོན་པོ་དང་། བར་མ་དང་། ཐ་མའི་སྐྱེ་བོ་ལ་སྨན་པས་ན་སྐྱེ་བོ་ཀུན་ལ་སྨན་པ་སྟེ་གསུང་དེ་ཉིད་བཤད་པའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་འདིས་གསུང་ནི་སྐྱེ་བོ་ཀུན་ལ་སྨན་པ་སྟེ་དབྱེ་བ་དགུ་པ་བཤད་དོ། །སླར་ཡང་། ལྟ་བ་དག་ལས་དགར་མཛད་ཅིང་། །མྱ་ངན་འདས་པ་ཉེ་བར་

འདྲེན། །ཉེས་པ་སེལ་མཛད་ཁྱོད་ཀྱི་གསུང་། །ཡོན་ཏན་རྣམས་ཀྱི་ཆར་ཡང་འབེབས། །ལྟ་བ་དག་ལས་དགར་མཛད་ཅིང་། །ཞེས་སྨོས་པ་ལ། དགའ་བར་མཛད་པ་ནི་རིང་དུ་མཛད་པའོ། །གསུང་ཞེས་བྱ་བ་ནི་འཆད་པར་འགྱུར་རོ། །ལྟ་བ་དག་ནི་འཇིག་ཚོགས་དང་མཐར་འཛིན་པ་ལ་སོགས་

པ་དག་ལས་ཏེ། ཉོན་མོངས་པ་ཟད་པར་མཛད་པ་བསྟན་པས་མཐོང་བའི་ལམ་འབྱུང་བའི་ཕྱིར་རོ། །མྱ་ངན་ལས་འདས་པར་ཉེ་བར་འདྲེན་ཞེས་བྱ་བ་ནི་ཉོན་མོངས་པ་ཟད་པར་མཛད་པ་བསྟན་པ་ཉིད་ཀྱིས་བསྒོམ་པའི་ལམ་བསྐྱེད་པའི་ཕྱིར་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་

པར་ཉེ་བར་འདྲེན་པར་མཛད་ཅེས་བྱ་བའི་དོན་ཏོ། །ཉེས་པ་སེལ་མཛད་ཅེས་བྱ་བ་ནི་ཉོན་མོངས་པ་སྤང་བ་བསྟན་པ་ཉིད་ཀྱིས་མི་སློབ་པའི་ལམ་བསྐྱེད་པའི་ཕྱིར་རོ། །ཉེས་པ་ནི་ཁམས་གསུམ་པའི་མ་ལུས་པར་སེལ་བར་མཛད་པ་སྟེ། རབ་ཏུ་སེལ་བར་མཛད་པ་ནི་རབ་ཏུ་སེལ་བར་མཛད་པའོ། །

དགྲ་བཅོམ་པ་ཉིད་ཐོབ་པར་མཛད་པའི་ཕྱིར་ཉོན་མོངས་པ་མེད་པ་དང་། སྨོན་ལམ་གྱི་ཡེ་ཤེས་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་ཆར་ཡང་འབབས་ཏེ། དེ་བསྐྱེད་པའི་ཕྱིར་བསྟན་པར་མཛད་པའི་ཕྱིར་རོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་འདིས་གསུང་མཐོང་བ་དང་། བསྒོམ་པ་དང་། མི་སློབ་

Vol. 1 · folio 150b

པའི་ལམ་དང་མཐུན་པ་སྟེ་དབྱེ་བ་བཅུ་པ་བཤད་དོ། །དྲན་པ་དང་བློ་དག་ཐོགས་པ་དང་ལྡན་པའི་ཕྱིར་དྲང་སྲོང་རྒྱས་པ་ལ་སོགས་པའི་ཚིག་ནི་བརྫུན་པ་ཡིན་ཏེ། བཅོམ་ལྡན་འདས་ནི། ཀུན་ལ་མ་ཐོགས་ཐུགས་མངའ་ཞིང་། །ཞེས་བྱ་བ་རྒྱས་པར་བཤད་པར་བྱ་སྟེ། ཀུན་ལ་མ་ཐོགས་ཐུགས་མངའ་

ཞིང་། །དགོངས་པའང་ཀུན་ནས་ཉེར་གནས་པས། །དེ་སླད་ཁྱོད་ཀྱིས་ལུང་བསྟན་ཀུན། །ཐམས་ཅད་ལ་ཡང་སླུ་མི་མངའ། །ཀུན་ནི་ཤེས་བྱ་རྣམས་ལ་སྟེ་ཐོགས་པ་མི་མངའ་བ་ནི་ཐོགས་པ་མི་མངའ་བའོ། །ཐུགས་ནི་ཤེས་རབ་སྟེ། ཉོན་མོངས་པའི་སྒྲིབ་པ་དང་། ཉོན་མོངས་པ་དང་ཉོན་

མོངས་པ་མ་ཡིན་པའི་མི་ཤེས་པ་སྤངས་པའི་ཕྱིར་རོ། །ཁྱོད་ཀྱིས་ཞེས་བྱ་བ་ནི་འཆད་པར་འགྱུར་རོ། །ཀུན་དུ་ཞེས་བྱ་བ་ནི་ཤེས་བྱ་ཉིད་ལ་སྟེ། ཉེ་བར་གནས་པ་ནི་མཉམ་པར་གཞག་པའོ། །དགོངས་པ་ནི་ཡུལ་ལ་འདོད་པའོ། །སླུ་བ་ནི་འབྲས་བུ་མེད་པ་བཤད་པའོ། །སླུ་བ་མི་མངའ་བ་ནི་མི་སླུ་བ་

སྟེ་འབྲས་བུ་དང་བཅས་པ་ཞེས་བྱ་བར་དགོངས་པའོ། །དེ་སླད་ཅེས་བྱ་བ་ནི་རྒྱུ་ཡིན་པའི་ཕྱིར་རོ། །ཀུན་ལ་ཐུགས་དང་དགོངས་པ་དག་མཉམ་པར་གཞག་པའི་ཕྱིར་ཁྱོད་ཀྱིས་ལུང་བསྟན་པ་ཀུན་ནི་གདམས་ངག་སྟེ། སླུ་བ་མི་མངའ་བ་ཞེས་བྱ་བའི་དོན་ཏོ། །འདིའི་ཕྱིར་ཡང་མི་སླུ་བ་སྟེ། གང་སླད་

ཡུལ་མིན་དུས་མིན་དང་། །སྣོད་མིན་རྣམས་སུ་མི་འཇུག་པ། །དེ་སླད་ཁྱོད་གསུང་དོན་མཆིས་ཏེ། །བརྩོན་འགྲུས་ལེགས་པར་བརྩམས་པ་བཞིན། །གང་སླད་ཡུལ་མིན་དུས་མིན་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གང་སླད་ཅེས་བྱ་བ་ནི་གང་གི་ཕྱིར་རོ། །ཡུལ་མིན་ནི་ཡུལ་ཁོ་ན་ལ་

རབ་ཏུ་འཇུག་པ་སྟེ། གདུལ་བྱའི་དགོས་པའི་ཕྱིར་རོ། །འདི་ལྟར་ཆོ་འཕྲུལ་ཆེན་པོ་སྟོན་པར་བཞེད་པས་རྒྱལ་པོའི་ཁབ་ནས་མཉན་ཡོད་དུ་གཤེགས་སོ། །གང་གི་ཕྱིར་དུས་མིན་པ་ནི་དུས་ཁོ་ན་ལ་རབ་ཏུ་འཇུག་པའོ། །ཇི་ལྟར་ཡུན་རིང་པོར་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་ཆེན་པོ་སྟོན་པར་མཛད་

པ་ཞེས་བྱ་བ་རྒྱལ་པོ་གསལ་རྒྱལ་གྱིས་དྲིས་པས་ཞག་བདུན་འདས་པ་ན་ཞེས་གསུངས་པ་སྟེ། དུས་དེ་ཙམ་གྱིས་གདུལ་བའི་རྒྱུད་དེས་ཡོངས་སུ་སྨིན་པར་གཟིགས་པའི་ཕྱིར་རོ། །གང་གི་ཕྱིར་སྣོད་མིན་ནི་རྫོགས་བྱེད་ལ་སོགས་པ་སྣོད་མ་ཡིན་པའོ། །སྣོད་ནི་ཐར་པའི་ས་བོན་དང་ལྡན་པའི་

Vol. 1 · folio 151a

སྣོད་ཁོ་ན་འཇུག་པའོ། །དེ་སླད་ནི་རྒྱུ་དེས་དོན་མཆིས་པ་སྟེ་ཁྱོད་ཀྱི་གསུང་ནི་དོན་དང་ལྡན་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འབྲས་བུ་དོན་དང་བཅས་པའི་ཆོས་སྟོན་པ་ཞེས་བྱ་བའོ། །ཇི་ལྟ་བུ་ཞེ་ན། སྨྲས་པ། བརྩོན་འགྲུས་ལེགས་པར་བརྩམས་པ་བཞིན། །

ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བྱིས་པའི་བརྩོན་འགྲུས་ཀྱིས་ནི་ལེ་ལོ་སྐྱེ་བར་འགྱུར་རོ། །ཤིན་ཏུ་བརྩམས་ཆེས་པས་ནི་རྒོད་པར་འགྱུར་རོ། །དེ་ལྟར་མཐའ་གཉིས་སྤངས་ནས་བར་མའི་ལམ་གྱིས་བརྩོན་འགྲུས་བརྩམ་པར་བྱ་ཞེས་བྱ་བའོ། །དེ་ལྟར་ཡང་དག་པར་

བརྩམས་པའི་བརྩོན་འགྲུས་དོན་དང་ལྡན་པར་འགྱུར་ཞིང་ངེས་པར་ཐར་པ་ཉིད་དུ་འགྱུར་བ་དེ་བཞིན་དུ་རྒྱུ་དེ་ལས་གསུང་དེ་ནི་དོན་མཆིས་པ་ཞེས་བྱ་བའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་ཀྱིས་གསུང་དོན་དང་ལྡན་པའི་འབྲས་བུའི་རང་བཞིན་ཏེ། དབྱེ་བ་བཅུ་གཅིག་པ་བཤད་པ་ནི་གསུང་ལ་

བསྟོད་པའི་བཤད་པའོ། །གསུང་ལ་བསྟོད་པའི་བཤད་པ་ཞེས་བྱ་བ་སྟེ་ལེའུ་བདུན་པའོ།། །།གསུང་གི་དོན་གང་ཡིན་པ་དེ་ནི་བསྟན་པ་ཡིན་པས་ན་གསུང་ལ་བསྟོད་པའི་འོག་ཏུ་བསྟན་པ་ལ་བསྟོད་པ་བཤད་པར་བྱ་སྟེ། བགྲོད་པ་གཅིག་དང་ཐབས་བདེ་དང་། །ལེགས་པར་

འབྲེལ་དང་ཉེས་པ་མེད། །ཐོག་མ་བར་དང་མཐར་དགེ་བ། །ཁྱོད་ཀྱི་བསྟན་འདྲ་གཞན་ལ་མེད། །བགྲོད་པ་གཅིག་དང་ཐབས་བདེ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གང་གིས་བགྲོད་པས་ན་བགྲོད་པ་སྟེ་བགྲོད་པ་ནི་ལམ་མོ། །གཅིག་ཀྱང་ཡིན་ལ་བགྲོད་པ་ཡང་ཡིན་པས་ན་བགྲོད་པ་གཅིག་

སྟེ། བསྟན་པ་ཞེས་འཆད་པར་འགྱུར་རོ། །ལྟ་བ་རྣམ་པར་དག་བྱའི་ཕྱིར། །ལམ་འདི་ལས་ནི་གཞན་པ་མེད། །ཅེས་མདོ་ལས་བཤད་པའོ། །ལམ་གཅིག་ཁོ་ན་ཡིན་ཏེ། དཔེར་ན་དེ་བཞིན་གཤེགས་པའི་བསྟན་པ་ཞེས་བཤད་དོ། །ཡང་ན་ཐར་པ་གཅིག་པུ་ཁོ་ན་ཐོབ་པར་བྱ་བའི་ཕྱིར་

བགྲོད་པ་ནི་བགྲོད་པ་གཅིག་པའོ། །གཅིག་གིས་བགྲོད་པ་ཞེས་པ་ནི་དྲུག་པའི་བསྡུ་བའོ། །ཤིང་ཤ་བའི་ལོ་མ་དང་འདྲ་བའི་མདོ་ལས་ཇི་ལྟར་གསུངས་པ་ནི་ཆོས་གང་ཞིག་མངོན་པར་ཤེས་པ་དང་། ཡང་དག་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པའི་ཕྱིར་ཡང་དག་པར་འཇུག་

Vol. 1 · folio 151b

པ་དེ་རྣམས་ཉིད་ཀྱིས་མཁྱེན་ཅིང་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་དོ་ཞེས་བྱ་བའོ། །ཐབས་བདེ་ཞེས་བྱ་བ་ལ་ཐབས་ནི་སྦྱར་བའོ། །གདུངས་པ་ལ་སོགས་པའི་དཀའ་བའི་དཀའ་ཐུབ་དགག་པའི་ཕྱིར་ཐབས་བདེ་བ་གང་ལ་ཡོད་པ་དེ་ནི་ཐབས་བདེ་བ་སྟེ། བདེ་བ་དང་ལྡན་པས་

སེམས་མཉམ་པར་གཞག་པར་འགྱུར་རོ་ཞེས་མདོའི་ཚིག་ཡིན་པའི་ཕྱིར་རོ། །ཇི་སྲིད་ཐར་པ་མ་ཐོབ་པ་དེ་སྲིད་དུ་ལྷ་དང་མི་རྣམས་ཀྱི་འབྲས་བུ་ལེགས་པར་འབྲེལ་བའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་ལེགས་པར་འབྲེལ་བ་དང་ལྡན་པའོ། །ཉེས་པ་ནི་སྐྱོན་ཏེ། འདོད་ཆགས་ལ་སོགས་

པའི་ཉེས་པ་དང་མི་ལྡན་པའི་ཕྱིར་ན་ཉེས་པ་མེད་པའོ། །ཐོག་མ་ནི་ཐོས་པའི་དུས་དང་། བར་མ་ནི་བསམ་པའི་དུས་དང་། ཐ་མ་ནི་བསྒོམ་པའི་དུས་སུ་དགེ་བ་སྟེ། མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་མཚན་ཉིད་དང་ལྡན་པའོ། །དེའི་རྒྱུར་གྱུར་པའི་ཕྱིར་ཐོག་མ་བར་དང་མཐར་དགེ་

བ་ནི་བསྟན་པའོ། །ཁྱོད་ཀྱི་འདྲ་བ་གཞན་ལ་མེད་པ་ནི་དྲང་སྲོང་སེར་སྐྱ་དང་། པེ་ལུ་ཀ་དང་། གཅེར་བུ་པ་ལ་སོགས་པ་རྣམས་ཀྱིས་བསྟན་པའོ། །འདི་ལ་ནི་རྣམ་པ་ཐམས་ཅད་དུ་བསྟེན་པའི་རིགས་སོ། །དེ་བཞིན་དུ་ཡང་། ཁྱོད་ཀྱི་གཞུང་ལུགས་དེ་ལྟ་བུ། །གཅིག་ཏུ་ཕངས་ལ་ཆགས་

ལྟ་བས། །བྱིས་པ་གལ་ཏེ་སྨོད་བགྱིད་ན། །ལྟ་དང་འདྲ་བའི་དགྲ་མ་མཆིས། །གཅིག་ཏུ་ཕངས་ལ་ཞེས་བྱ་བ་ནི་རྒྱས་པའོ། །དེ་ལྟ་བུའི་བགྲོད་པ་གཅིག་པ་ལ་སོགས་པའི་ཆོ་གས་སོ། །གཅིག་ཏུ་ཕངས་པ་ནི་འདོད་པར་བྱ་བའོ། །གཅིག་ཏུ་ཕངས་པ་ཁྱོད་ཀྱི་གཞུང་ལུགས་ཞེས་འཆད་པར་འགྱུར་

རོ། །མུ་སྟེགས་པ་ངན་པའི་ལྟ་བ་ལ་ཆགས་པ་ནི་ལྟ་བ་ལ་ཆགས་པ་སྟེ། ལྟ་བ་ལ་ཆགས་པའི་རྒྱུར་གྱུར་པ་དེས་སོ། །བྱིས་པ་ནི་བྱིས་པ་ཁོ་ནའོ། །གཞུང་ལུགས་ནི་བསྟན་པའོ། །གལ་ཏེ་ཞེས་བྱ་བ་ནི་སྲིད་པའི་ཚིག་གོ། །སྨོད་པ་ནི་སྨོད་པར་བགྱིད་པའོ། །མ་མཆིས་པ་ནི་མ་མཆིས་པའོ། །

ལྟ་བ་དང་འདྲ་བ་ནི་ལྟ་བ་དང་འདྲ་བའི་དགྲ་སྟེ། ལྟ་བ་ཁོ་ནའོ། །དེ་རྣམས་ཉིད་ཀྱི་དགྲའི་མཆོག་སྟེ། གང་གིས་ཁྱོད་ཀྱི་དགེ་བ་དང་ལྡན་པའི་བསྟན་པ་ལ་བྱིས་པ་དེ་རྣམས་སུན་འབྱིན་པར་བྱེད་དོ་ཞེས་བྱ་བ་ནི་མདོར་བསྡུས་པའོ། །གཞན་ནི་འགྲོ་བའི་དོན་སླད་དུ། །སྡུག་བསྔལ་མང་བསྟར་གང་ལགས་

Vol. 1 · folio 152a

པ། །དེ་བསམས་ཁྱོད་བསྟན་ངན་ན་ཡང་། །གནས་པར་བགྱི་བ་ལ་ཐུག་ན། །བསྟར་བ་ནི་ཁྱོད་ཀྱིས་ཉམས་སུ་མྱོང་ཞེས་བྱ་བའི་དོན་ཏོ། །གཞན་ནི་ཁྱོད་ཀྱིས་བསྟར་བ་ལགས། །ཞེས་བརྗོད་པ་ནི་ཁྱོད་ཀྱིས་བསྟར་བ་ལགས་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་གང་ཞེས་

བྱ་བ་དང་སྦྱར་རོ། །དོན་སླད་དུ་ཞེས་བྱ་བ་ནི་དེའི་རྒྱུ་མཚན་གྱི་ཕྱིར་རོ། །གང་གི་ཡིན་ཞེ་ན། འགྲོ་བ་ཡིའོ། །སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ནས་མྱ་ངན་ལས་འདས་པའི་བར་དང་། དམྱལ་བ་དང་དུད་འགྲོ་རྣམས་ཀྱི་ཡང་རྣམ་པ་དུ་མའི་སྡུག་བསྔལ་མང་པོ་དེ་ནི་སྡུག་བསྔལ་

བའོ། །བསམ་པ་ནི་དྲན་པ་ཡིས་སོ། །ངན་ན་ཡང་ཞེས་བྱ་བ་ནི་མི་མཛེས་པ་ལ་ཡང་ངོ་། །ཡང་གི་སྒྲ་ནི་མི་སྲིད་པ་ཡང་སྟེ། ཤིན་ཏུ་ཉེ་བར་ཞི་བ་བསྟན་ཏོ། །གནས་པར་བགྱི་བ་ལ་ཐུག་ན། །ཞེས་བྱ་བ་ནི་གནས་པར་བྱ་བའི་རིགས་སོ། །ཁྱོད་ཀྱི་བསྟན་པ་ནི་ཁྱོད་ཀྱིས་གསུངས་པའི་

ཆོ་ག་ལའོ། །བཤད་པ་ནི་འདི་ཡིན་ཏེ། སྨན་པར་མཛད་པའི་ཕྱིར་ཁྱོད་ཀྱི་བསྟན་པ་ངན་ན་ཡང་བྱས་པ་གཟོ་བས་གནས་པའི་རིགས་སོ། །ཕན་པ་གསུང་ཞིང་ཕན་མཛད་པ། །ཁྱོད་ཀྱི་བསྟན་པ་ཅི་སྨོས་ཏེ། །མགོ་ལ་ཞུགས་ནི་འབར་བས་ཀྱང་། །ཅི་ཡི་སླད་དུ་སྒྲུབ་མི་བགྱིད། །ཕན་

པ་མཛད་པ་ཅི་སྨོས་ཏེ། །ཞེས་བྱ་བ་སྨོས་པ་ལ། ཅི་སྨོས་ཏེ་ཞེས་བྱ་བས་ནི་ཐེ་ཚོམ་མེད་པ་བསྟན་ཏེ། ཕན་པ་མཛད་པ་ཞེས་བྱ་བ་ནི་རྫུ་འཕྲུལ་གསལ་བ་དང་། གཞན་གྱི་ཆ་ལུགས་འཛིན་པའི་ཐབས་ཀྱིས་ཕན་པ་མཛད་པའོ། །ཕན་པ་གསུང་བ་ཞེས་བྱ་བ་ནི་ཕན་པ་བསྟན་པའི་ངང་

ཚུལ་དང་ལྡན་པའོ། །བསྟན་པའི་མཚན་ཉིད་ནི་བཤད་ཟིན་ཏོ། །ཅིའི་སླད་དུ་ཞེས་བྱ་བ་ནི་མི་སྲིད་པའི་ཕྱིར་ཏེ། རྣམ་པ་གཞན་མི་སྲིད་ཅིང་རྣམ་པ་གང་ཞིག་གིས་སྒྲུབ་པར་མི་བགྱིད་པ་ཡིན་པའོ། །མགོ་ལ་ཞུགས་ནི་འབར་བས་ཀྱང་། །ཞེས་བྱ་བ་ནི་མགོ་བོ་ཞུགས་ཀྱིས་འབར་

བར་གྱུར་ན་ཡང་མགོ་བོ་ཚིག་པ་ལ་བཏང་སྙོམས་བྱས་པས་འཕགས་པའི་བདེན་པ་མཐོང་བས་ཁྱོད་ཀྱི་བསྟན་པ་འབྲས་བུ་དང་བཅས་པར་བྱའོ་ཞེས་བྱ་བ་ནི་དགོངས་པའོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། དགེ་སློང་དག་མགོ་བོ་འབར་བར་གྱུར་པ་ལ་བཏང་སྙོམས་

Vol. 1 · folio 152b

སུ་བྱས་ནས་འཕགས་པའི་བདེན་པ་བཞི་མངོན་དུ་མ་གྱུར་པ་མངོན་དུ་བྱ་བའི་ཕྱིར་འདུན་པ་དང་བརྩོན་འགྲུས་ཆེན་པོའི་ཆེན་པོས་ཇི་སྲིད་སྦྱོར་བའི་བར་དུ་བྱ་བའི་རིགས་སོ་ཞེས་བྱ་བའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་དེ་རྣམས་ཀྱིས་རྒྱུ་གང་གིས་བསྟན་པ་ལ་འཇུག་པ་དེའི་རྒྱུ་བཤད་ནས། །བསྟན་པ་ལ་

འཇུག་པའི་ཕན་ཡོན་བཤད་པར་བྱ་སྟེ། ཁྱོད་ཀྱི་བསྟན་པས་རང་དབང་དང་། བྱང་ཆུབ་བདེ་དང་ཞི་བ་དང་། །ཁྱོད་ཀྱི་ཡོན་ཏན་བསྔགས་པ་དང་། །ལེགས་པ་བཞི་པོ་འདི་ཀུན་ཐོབ། །རང་དབང་དང་བྱང་ཆུབ་བདེ་དང་ཞེས་བྱ་བ་ནི་རྒྱས་པའོ། །རང་དབང་ནི་ཆོས་ཉིད་དེ། དེ་ཐོབ་པ་ཞེས་

བྱ་བ་ནི་འཆད་པར་འགྱུར་རོ། །རང་དབང་ནི་རང་དབང་ཁོ་ན་སྟེ། གཞན་གྱི་དབང་དུ་མ་གྱུར་པ་ཞེས་བྱ་བའི་དོན་ཏོ། །བསྟན་པ་ལ་བརྟེན་ནས་སྲེད་པ་སྤངས་པའི་ཕྱིར་བྲན་དུ་མི་འགྱུར་ཏེ། སྲེད་པ་ནི་བྲན་གྱི་རྒྱུ་ཡིན་ནོ། །སྲེད་པ་རྩ་ནས་བཅད་པ་ན། །དངོས་གྲུབ་ལག་མཐིལ་ཐོབ་པར་འགྱུར། །

དེ་ལ་གླགས་སྐབས་མེད་པ་ན། །བྲན་ཉིད་མགོ་ལ་གནས་པར་འགྱུར། །ཞེས་དེ་བཞིན་དུ་གསུངས་སོ། །བྱང་ཆུབ་ཅེས་བྱ་བ་ལ་སྡུག་བསྔལ་མ་ལུས་པ་བཅོམ་པའི་ཕྱིར་བྱང་ཆུབ་ཁོ་ན་བདེ་བའོ། །བསྔགས་པ་ཞེས་བྱ་བ་ནི་མཆོད་པའོ། །ཁྱོད་ཀྱི་ཡོན་ཏན་ལ་བསྔགས་པ་བྱས་པས་ནི་ཁྱོད་

ཀྱི་ཡོན་ཏན་ལ་བསྔགས་པའོ། །ངའི་ཉན་ཐོས་ཤེས་རབ་དང་ལྡན་པའི་ནང་ན་ཤཱ་རིའི་བུ་ནི་ལྷའི་མིག་ཏུ་གྱུར་པས་ན་མཆོག་དང་། རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་མཆོག་ནི་དགེ་སློང་མཽད་གལ་གྱི་བུ་ཞེས་བྱ་བའོ། །དེ་ལྟ་བུ་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་བསྟོད་པར་བྱ་བའི་ཕྱིར་

ཞི་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །ཐོབ་པ་ནི་ཐོབ་པའོ། །ཅི་ཞིག་ཅེ་ན། ལེགས་པ་བཞི་པོ་འདི་ཀུན་ཏེ། རང་དབང་ལ་སོགས་པ་ལེགས་པ་བཞི་པོ་འདི་ཀུན་ཐོབ་པར་འགྱུར་བའོ། །གང་ལས་ཤེ་ན། ཁྱོད་ཀྱི་བསྟན་པ་ལས་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ཚིགས་སུ་བཅད་

པ་འདིས་བསྟན་པ་ལ་འཇུག་པའི་ཕན་ཡོན་བཤད་ནས། བསྟན་པས་བདུད་བཞི་ལས་རྒྱལ་བ་བཤད་པར་བྱ་སྟེ། དཔའ་བོ་ཁྱོད་ཀྱི་བསྟན་པ་འདི། །མུ་སྟེགས་ཐམས་ཅད་སྐྲག་མཛད་ལ། །བདུད་ནི་སེམས་ཁོང་ཆུད་མཛད་ཅིང་། །ལྷ་དང་མི་རྣམས་དབུགས་ཀྱང་འབྱིན། །མུ་

Vol. 1 · folio 153a

སྟེགས་ཐམས་ཅད་སྐྲག་མཛད་ལ། །ཞེས་བྱ་བ་ལ་སོགས་པ་ལ། སྐྲག་པར་མཛད་ཅེས་པ་ནི་སྐྲག་པའོ། །བསྟན་པ་ཞེས་བྱ་བ་ནི་བཤད་པར་འགྱུར་རོ། །ངེས་པར་ལེགས་པ་ལྷག་པར་རྟོགས་པར་བྱ་བའི་ཕྱིར་འཇུག་པ་ནི་མུ་དང་འདྲ་བས་ན་མུའོ། །དེ་ལེགས་པར་

བརྗོད་པས་ན་མུ་སྟེགས་ནི་རྫོགས་བྱེད་ལ་སོགས་པའོ། །དེ་དག་ཐམས་ཅད་སྐྲག་པར་མཛད་པ་ནི་བདག་མེད་པ་ཉིད་སྟོན་པར་མཛད་པའི་ཕྱིར་རོ། །གང་གི་ཕྱིར་མུ་སྟེགས་པ་དེ་རྣམས་ཀྱི་བདག་ཏུ་ལྟ་བ་སྟོང་པར་མི་འདོད་པ་དེའི་ཕྱིར། ཆོས་ཀུན་བདག་ཉིད་མེད་པ་སྟེ། །ཞེས་བྱ་བའི་དེ་

བཞིན་གཤེགས་པའི་བསྟན་པས་སྐྲག་པར་འགྱུར་རོ། །བདག་ཏུ་འཛིན་པ་ལས་བྱུང་བའི་ཉོན་མོངས་པ་ཐམས་ཅད་ཅེས་བྱ་བ་དེའི་ཕྱིར་བདག་མེད་པ་བསྟན་པས་ཉོན་མོངས་པའི་བདུད་མ་ལུས་པ་ལས་བསྟན་པ་རྣམ་པར་རྒྱལ་བར་གྱུར་ཏོ་ཞེས་བཤད་པ་ཡིན་ནོ། །བདུད་ནི་ལྷའི་བུའི་

བདུད་དོ། །དེའི་སེམས་ཁོང་དུ་ཆུད་པར་མཛད་པ་ནི་དེའི་ཡུལ་ལས་འདས་པར་བསྟན་པའི་ཕྱིར་ལྷའི་བུའི་བདུད་ལས་རྒྱལ་བ་ཉིད་བཤད་དོ། །བདེན་པ་བསྟན་པས་ངན་འགྲོའི་འཇིགས་པ་ནི་མ་ཡིན་པས་སོ། །ལྷ་དང་མི་རྣམས་དབུགས་ཀྱང་འབྱིན། །ཞེས་པ་ནི་མི་རྣམས་ཀྱི་ཡང་

ཚེ་སྦྱིན་པའི་ཐབས་ཡིན་པའི་ཕྱིར་ཕུང་པོའི་བདུད་ལས་བསྟན་པ་རྒྱལ་བ་ཉིད་བཤད་དོ། །ཁྱོད་ཀྱི་འདི་ཞེས་བྱ་བ་ནི་ཇི་ལྟར་བཤད་པའོ། །དཔའ་བོ་ནི་བོད་པའོ། །འཆི་བདག་གི་བདུད་ལས་རྒྱལ་བར་བཤད་པར་བྱ་སྟེ། འཆི་བདག་བསྟན་པ་ཁམས་གསུམ་གྱི། །ས་ཆེན་དག་ལ་

སྤྱོད་བགྱིད་པ། །མི་ཐོགས་བཟློག་པ་མ་མཆིས་པའང་། །ཁྱོད་ཀྱི་བསྟན་པས་ཟིལ་གྱིས་མནན། །ཁམས་གསུམ་གྱི་ས་ཆེན་ཞེས་བྱ་བ་ལ་སོགས་པ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ནི་ཁམས་གསུམ་མོ། །དེ་ཉིད་ཀྱི་ས་ཆེན་པོ་ནི་ཡུལ་ཆེན་པོའོ། །དེ་ལ་སྤྱོད་

བགྱིད་པ་ནི་ཁམས་གསུམ་གྱི་ས་ཆེན་པོ་གང་ལ་སྤྱོད་བགྱིད་པའོ། །འཆི་བདག་གི་བསྟན་པ་ཞེས་བྱ་བ་ནི་འཆད་པར་འགྱུར་རོ། །ཡོན་ཏན་དང་ལྡན་པ་རྣམས་ལ་ཡང་མི་ཐོགས་པ་ཞེས་བྱ་བ་ནི་ཐོགས་པ་མེད་པའི་ཕྱིར་ཁྱད་པར་མ་ཡིན་པ་དང་གསོད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །བཟློག་

Vol. 1 · folio 153b

པ་མ་མཆིས་པ་ནི་ལྕགས་ཀྱུ་མེད་པ་སྟེ། བཟློག་མ་ནུས་ཞེས་བྱ་བའི་ཐ་ཚིག་གོ། །ཁྱོད་ཀྱི་བསྟན་པས་ཞེས་བྱ་བ་ནི་ཁྱོད་ཀྱི་བསྟན་པའི་ལམ་གྱིས་སོ། །ཟིལ་གྱིས་མནན་པ་ནི་མཐུ་དང་བྲལ་བར་མཛད་པའོ། །འཆི་བདག་ཅེས་བྱ་བ་ནི་འཆི་བདག་གིའོ། །བསྟན་པ་ནི་རབ་ཏུ་འཇུག་པ་ཞེས་བྱ་བའི་

དོན་ཏོ། །དེ་ལྟར་གང་ལས་རྟོགས་པར་འགྱུར་ཞེ་ན། བཤད་པ། ཁྱོད་ཀྱི་བསྟན་པའི་ལུགས་འཚལ་བ། །དགའ་ན་བསྐལ་པར་ཡང་གནས་ལ། །གང་དུ་བདུད་ཀྱིས་མི་བརྫི་བ། །དེར་ཡང་དགའ་མགུར་རབ་ཏུ་མཆི། །ཁྱོད་ཀྱི་བསྟན་པའི་ལུགས་འཚལ་བ། །ཞེས་བྱ་བ་ནི་ཁྱོད་ཀྱི་བསྟན་

པའི་ཚུལ་ཤེས་པས་ན་ཁྱོད་ཀྱི་བསྟན་པའི་ལུགས་འཚལ་བ་སྟེ། རྫུ་འཕྲུལ་གྱི་རྐང་པ་བསྒོམས་པའི་མཐུ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ན་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །བསྐལ་པར་ཡང་གནས་ལ་ཞེས་བྱ་བ་ནི་ལོ་མང་པོ་འབའ་ཞིག་ཏུ་མ་ཡིན་གྱི། བསྐལ་པར་ཡང་གནས་ཏེ་དེ་ནི་ཡང་

དག་པར་སྲིད་ཅེས་དགོངས་པའོ། །གང་ཞིག་ཁ་ཅིག་གིས་རྫུ་འཕྲུལ་གྱི་རྐང་པ་བཞི་ཀུན་དུ་བསྙེན་པ་དང་། བསྒོམ་པ་དང་། ཕུ་དུད་བྱེད་འདོད་པ་དེ་ནི་བསྐལ་པར་གནས་པའམ་བསྐལ་པ་ལས་ལྷག་པར་གནས་པ་ཞེས་བྱ་བ་ནི་མདོའི་ཚིག་གོ། །རབ་ཏུ་མཆི་ཞེས་བྱ་བ་ནི་འགྲོ་བའོ། །དེར་ཞེས་

བྱ་བ་ནི་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་པར་རོ། །ཡང་གི་སྒྲ་ནི་ཡང་གི་དོན་ཏེ། དེར་ཡང་རབ་ཏུ་མཆི་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་དེར་རབ་ཏུ་མཆི་ཞེ་ན། གང་གི་ཕྱིར་དེ་ཉོན་མོངས་པས་བཅིངས་པ་ལས་གྲོལ་བའི་དགའ་མགུ་ནི་རང་དབང་ངོ་། །གང་དུ་ཞེ་ན། ཕུང་པོ་ལྷག་མ་མེད་

པའི་མྱ་ངན་ལས་འདས་པ་ཁོ་ནར་རོ། །བདུད་ཀྱིས་མི་བརྫི་བ་ཞེས་བྱ་བ་ནི་ཡུལ་མ་ཡིན་པའོ། །གང་གི་ཕྱིར་དེ་ལྟ་བུ་ཡིན་པ་དེའི་ཕྱིར་ན་ཁམས་གསུམ་གྱི་ས་ཆེན་པོ་ཞེས་བྱ་བ་སྔར་ས་ཆེན་པོ་ཞེས་བྱ་བའི་སྔ་མའི་ཚིགས་སུ་བཅད་པའི་དོན་རིགས་སོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་དེ་རྣམས་

ཀྱིས་བདུད་བཞི་ལས་བསྟན་པ་རྒྱལ་བར་མཛད་པ་ཁོ་ན་བཤད་དོ། །གཞན་ཡང་། ལུང་གི་དོན་ནི་བསམ་པ་དང་། །བསྒོམ་དང་གུས་པར་མཉན་པ་ཡི། །དུས་གསུམ་ཆ་དབྱེ་ཁྱོད་ཀྱི་ནི། །བསྟན་ལས་གཞན་ལ་མཆིས་མ་ལགས། །ལུང་གི་དོན་ནི་བསམ་པ་དང་། །ཞེས་བྱ་བ་ནི་

Vol. 1 · folio 154a

རྒྱས་པའོ། །ལུང་ཞེས་བྱ་བ་ནི་གཞན་ལས་ཐོས་པའོ། །དོན་བསམ་པ་ཞེས་བྱ་བ་ནི་རིགས་པ་ལ་དམིགས་པའོ། །བསྒོམ་པ་ནི་ཏིང་ངེ་འཛིན་དུ་བཤད་དོ། །གུས་པར་མཉན་པ་ནི་རབ་ཏུ་སྦྱོར་བ་སྟེ། བསྒོམ་པ་དང་གུས་པར་མཉན་པ་དེ་ཡིའོ། །དང་གི་སྒྲ་ནི་ལུང་དང་

དོན་བསམ་པ་ཡང་ངོ་། །དུས་གསུམ་ཆ་དབྱེ་ཞེས་བྱ་བ་ནི་རེ་ཞིག་དང་པོར་ལུང་གི་དུས་དང་། དེ་ནས་དེའི་དོན་བསམ་པའི་དུས་དང་། དེ་ནས་བསྒོམ་པ་ལ་སྦྱོར་བའི་དུས་ཞེས་བྱ་བ་ནི་དུས་གསུམ་གྱི་ཆ་དབྱེ་བའོ། །གཞན་ལ་མ་མཆིས་པ་ནི་གང་དུ་གཞན་ལས་ཤེ་ན། ཁྱོད་ཀྱི་བསྟན་པ་

ལས་སོ། །སངས་རྒྱས་ཀྱི་བསྟན་པ་ཁོ་ན་ལ་ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་གྱི་ཤེས་རབ་རྣམས་ཀྱི་བསྟན་པ་ཡོད་དེ། གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བ་སྟེ། དེ་ལྟ་བུ་ནི་ཚིགས་སུ་བཅད་པ་འདིས་བཤད་དོ། །བསྟན་པ་རྗེས་སུ་མི་བསྒྲུབ་པའི་སྡུག་བསྔལ་གང་ཡིན་

པ་དེ་བཤད་པར་བྱ་སྟེ། དྲང་སྲོང་སྐྱེས་མཆོག་ཁྱོད་ཀྱི་བསྟན། །དེ་ལྟར་ལེགས་པར་ཁྱབ་འདི་ལ། །མི་གུས་གང་ལགས་དེ་ལས་ནི། །སྡུག་བསྔལ་ཆེན་པོ་འང་ཅི་ཞིག་མཆིས། །དེ་ལྟར་ལེགས་པར་ཁྱབ་འདི་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ལྟར་ཞེས་བྱ་བ་ནི་རང་

དབང་ལ་སོགས་པའི་ཚིགས་སུ་བཅད་པས་བསྡུས་པའོ། །ལེགས་པར་ཁྱབ་པ་ནི་ཕན་ཡོན་གྱི་ཚོགས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །བསྟན་པ་ལེགས་པར་ཁྱབ་པ་ནི་ངེས་པར་ལེགས་པར་ཡང་དག་པར་ཁྱབ་པ་ཞེས་བྱ་བའི་དོན་ཏེ་ཁྱོད་ཀྱི་བསྟན་པ་དེ་དང་སྦྱར་རོ། །དྲང་སྲོང་ནི་དགྲ་བཅོམ་

པའོ། །དེ་རྣམས་ཀྱི་སྐྱེས་མཆོག་ནི་འདྲེན་པ་དང་གཙོ་བོ་ཞེས་བོད་པའོ། །བསྟན་པ་ནི་སྔར་བཤད་ཟིན་ཏོ། །མི་གུས་པ་ནི་དད་པར་མི་བྱེད་པའོ། །གང་ཞེས་བྱ་བ་ནི་གང་གི་དོན་ལ་ཡོངས་སུ་སྤྱོད་པའོ། །ཅི་ཞིག་ཅེས་བྱ་བ་ནི་སྲིད་པར་བརྗོད་པའོ། །སྡུག་བསྔལ་ཆེན་པོའང་ཞེས་བྱ་བ་ནི་

ཤིན་ཏུ་རང་དོན་ཉམས་པ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཞེས་བྱ་བ་ནི་མི་གུས་པ་ལས་སོ། །བཤད་པའི་དོན་ནི་འདི་ཡིན་ཏེ་ལེགས་པར་ཁྱབ་པའི་རྒྱུད་ཁྱོད་ཀྱི་བསྟན་པ་ལ་མི་གུས་པའི་ཕྱིར་ཕྱི་རོལ་དུ་ལྟ་བ་རྣམས་ཀྱི་རང་གི་དོན་ཆེན་པོ་ཉམས་པ་འདི་ཉིད་ཡིན་ཏེ། གཞན་ནི་མ་ཡིན་ནོ་ཞེས་

Vol. 1 · folio 154b

བསྟན་པ་ལ་བསྟོད་པའི་བཤད་པའོ། །བསྟན་པ་ལ་བསྟོད་པ་ཞེས་བྱ་བའི་བཤད་པ་སྟེ་ལེའུ་བརྒྱད་པའོ།། །།སྨོན་ལམ་ལ་བསྟོད་པ་ནི་བཅོམ་ལྡན་འདས་ཀྱིས་སྔོན་སྨོན་ལམ་བཞེས་པ་སྟེ། མཐོང་ངམ་ཐོས་སམ་དྲན་པར་གྱུར་པའམ། །རེག་གམ་བརྗོད་པའི་ཚིག་གི་ཉེར་འགྲོ་ཡང་། །

རྣམ་པ་ཐམས་ཅད་འགྲོ་ལ་ཕན་པ་ནི། །བདེ་དང་ལྡན་པ་ཤིན་ཏུ་བྱེད་པར་ཤོག །ཅེས་བྱ་བའོ། །དེའི་འབྲས་བུ་དང་བཅས་པ་བསྟན་པར་བྱ་སྟེ། ཁྱོད་ཐོས་པས་ནི་སྤྲོ་བ་སྐྱེ། །མཐོང་བས་དད་པ་སྐྱེ་བར་འགྱུར། །ཁྱོད་གསུང་ཐོས་པས་དགའ་འགྱུར་ཏེ། །བསྟན་པས་རྣམ་པར་གྲོལ་བར་

བགྱིད། །ཁྱོད་ཐོས་པས་ནི་སྤྲོ་བ་སྐྱེ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་ཐོས་པ་ཞེས་བྱ་བ་ནི་ཐོས་པ་སྟེ། སངས་རྒྱས་ཞེས་བྱ་བའི་དབྱངས་འདིའོ། །སྤྲོ་བ་སྐྱེ་བ་ནི་མཐོང་བ་ལས་མོས་པ་བསྐྱེད་པར་མཛད་དེ། དཔེར་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ཞེས་བྱ་

བའི་སྒྲ་སྔོན་མ་ཐོས་པ་ཐོས་པས་དགའ་ཞིང་བ་སྤུ་ལྡང་བས་བསྟན་པ་ལ་མོས་པར་གྱུར་ཏོ། །དེའི་ཕྱིར་བཅོམ་ལྡན་འདས་ཐོས་པ་ཙམ་གྱིས་དེར་འགྱུར་རོ་ཞེས་བྱ་བའི་སྨོན་ལམ་འབྲས་བུ་དང་བཅས་པ་བསྟན་ཏོ། །ཉེ་བར་ཕོངས་པའི་སྲོག་ཆགས་རྣམས་ཚིམ་པར་མཛད་པ་ལ་སོགས་

པའི་རང་བཞིན་ཡིན་པའི་ཕྱིར་དད་པ་སྐྱེ་བར་འགྱུར་བ་ནི་དད་པ་སྐྱེ་བར་མཛད་པ་སྟེ། མཐོང་བ་ནི་མངོན་སུམ་དུ་བྱེད་པའོ། །དེ་ལྟར་མཐོང་བས་ཕན་པར་མཛད་པར་འགྱུར་རོ་ཞེས་བྱ་བའོ། །ཆོས་བསྟན་པའི་གསུང་གིས་དགའ་བར་འགྱུར་བ་ནི་ཉན་པ་པོ་དགའ་བ་བསྐྱེད་པར་མཛད་པ་ཞེས་བྱ་བའི་

དོན་ཏོ། །དེ་ལྟར་འཕགས་པ་ཉན་ཐོས་ཀྱིས་ཡང་དག་པར་ཆོས་མཉན་པས་དགའ་བ་སྐྱེ་བར་འགྱུར་བ་དང་། སེམས་ཁུགས་པར་འགྱུར་བ་དང་། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པར་འགྱུར་ཞེས་པ་ནི་མདོའི་ཚིག་གོ། །རྣམ་པར་གྲོལ་བར་བགྱིད་པ་ནི་ཉོན་མོངས་པའི་ཞགས་པ་

དག་ལས་སོ། །བསྟན་པས་ཞེས་བྱ་བ་ནི་འཕགས་པའི་ལམ་མོ། །གཞན་ཡང་། ཆོས་བསྟན་པ་ནི་མེད་ན་ཡང་། །ཁྱོད་ཀྱི་སྲས་ཀྱིས་མགུ་བར་འགྱུར། །འཕེལ་བས་སྐྱེ་དགུ་རྣམས་ཀྱང་དགའ། །གཤེགས་པ་ན་ནི་ཕན་འདོགས་མཛད། །ལྡོག་པ་ན་ནི་རྒུད་པར་འགྱུར། །ཁྱོད་ཀྱི་

Vol. 1 · folio 155a

སྲས་ཀྱིས་མགུ་བར་འགྱུར། །ཞེས་བྱ་བ་ནི་རྒྱས་པའོ། །སྲས་ནི་ལྷུམས་ནས་བལྟམས་པ་སྟེ། དེས་མགུ་བར་འགྱུར་བ་ནི་བྱང་ཆུབ་སེམས་དཔའ་སྐྱེས་ཞེས་བྱ་བས་བརྒྱ་བྱིན་ལ་སོགས་པ་རྣམས་མགུ་བ་བསྐྱེད་པའི་ཕྱིར་རོ། །ཡང་ན་བྱང་ཆུབ་ཐོབ་པ་ནི་སྲས་ཏེ།

དེས་ཀྱང་དེ་བཞིན་དུ་མཐར་བདེ་བ་གྲུབ་པར་མཛད་པས་ན་མགུ་བར་འགྱུར་བ་ནི་བྱང་ཆུབ་སེམས་དཔས་འཆི་བ་མེད་པ་ལྷག་པར་རྟོགས་པར་གྱུར་ཏོ་ཞེས་བྱ་བས་ནི་བརྒྱ་བྱིན་ལ་སོགས་པ་རྣམས་མགུ་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །འཕེལ་བ་ནི་ཉན་ཐོས་པ་མང་པོ་སྟེ། དེས་སྐྱེ་དགུ་རྣམས་

ཀྱང་དགའ་བ་ནི་འཇིག་རྟེན་པ་རྣམས་ལ་ཕུན་སུམ་ཚོགས་པར་མཛད་པ་ཞེས་བྱ་བའི་དོན་ཏོ། །དགེ་སློང་དག་ཉན་ཐོས་གསར་བུ་དག་སྤྱོད་ཡུལ་ལ་སྤྱོད་པ་ན་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བ་མང་པོ་ལ་བདེ་བ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་གསུངས་པའོ། །གཤེགས་པ་ནི་བཅོམ་

ལྡན་འདས་གཤེགས་པ་སྟེ། དེས་ཕན་འདོགས་མཛད་པ་ནི་ཕན་པ་ཐམས་ཅད་མཛད་པའོ། །བཅོམ་ལྡན་འདས་སྤྱོད་ཡུལ་གྱི་གྲོང་དུ་གཤེགས་པ་ན་སྒང་མཐོ་བ་དམའ་བར་འགྱུར་བ་དང་། དམའ་མོ་མཐོན་པོར་འགྱུར་བ་དང་། ལོང་བ་རྣམས་ཀྱིས་མིག་རྙེད་པར་འགྱུར་བ་དང་།

འོན་པ་རྣམས་ཀྱིས་རྣ་བ་དང་། ལྐུགས་པ་རྣམས་ཀྱིས་ཚིག་རྙེད་པར་གྱུར་ཏོ་ཞེས་བྱ་བ་ནི་ལུང་ངོ་། །ལྡོག་པ་ན་ནི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་འདས་པ་ན་སྟེ། དེ་རྒུད་པར་གྱུར་པ་ནི་སྐྱེ་དགུ་རྣམས་ཀྱི་རང་གི་དོན་ཉམས་པའི་ཕྱིར་རོ། །གཞན་ཡང་། བསྒྲགས་པས་སྡིག་པ་འཕྲོག་

པར་མཛད། །ཁྱོད་དྲན་པས་ནི་རངས་པར་འགྱུར། །བཙལ་བས་བློ་གྲོས་སྐྱེ་འགྱུར་ཏེ། །ཡོངས་སུ་ཤེས་པས་རྣམ་པར་དག །བསྒྲགས་པས་སྡིག་པ་འཕྲོག་པར་མཛད། །ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ། བསྒྲགས་པ་ནི་ཡོན་ཏན་ལ་བསྟོད་པ་སྟེ། དེས་སྡིག་པ་འཕྲོག་པས་ན་

སྡིག་པ་འཕྲོག་པར་མཛད་པ་ཞེས་བྱ་སྟེ། ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བཅོམ་ལྡན་འདས་ཡིན་པས་ན་བརྗོད་པ་ནི་ཞར་ལ་བརྗོད་པའི་ཕྱིར་རོ། །དེ་ལྟ་བུའི་གཏམ་ལ་སྦྱོར་བ་ཉེ་བར་འགྲོ་བ་ཕན་པར་མཛད་པ་ཞེས་བྱ་བ་ནི་མཐོང་བའོ། །དྲན་པ་ཞེས་བྱ་བ་ནི་དེ་ལྟ་བུའི་བཅོམ་ལྡན་འདས་དེ་བཞིན་

Vol. 1 · folio 155b

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བའོ། །ཁྱོད་ནི་ཁྱོད་དོ། །རངས་པ་ནི་རངས་པར་མཛད་པའོ། །དེ་ལྟར་དེ་བཞིན་གཤེགས་པའི་རྣམ་པ་དྲན་པའི་འཕགས་པ་ཉན་ཐོས་པས་དོན་མྱུར་བར་ཐོབ་པ་དང་། ཆོས་མྱུར་དུ་ཐོབ་པ་དང་། དེ་བཞིན་གཤེགས་

པ་དང་ལྡན་པའི་རངས་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་མདོའི་ཚིག་གོ། །དེ་ལྟར་རྗེས་སུ་དྲན་པ་རྟོགས་པས་ཕན་པ་མཛད་པ་ཞེས་བཤད་དོ། །གཞན་གནས་སྐབས་ཐམས་ཅད་ལ་ཡང་ཇི་ལྟ་བ་བཞིན་དུ་སྦྱོར་བས་འགྲོ་བ་ལ་ཕན་པ་མཛད་པ་དང་། བཅོམ་ལྡན་འདས་དང་སྦྱར་རོ། །བཙལ་

བས་ཞེས་བྱ་བ་ནི་སྟོན་པ་ཁོ་ན་ལ་བཙལ་བའོ། །ཇི་ལྟར་རབ་ཏུ་བྱུང་བ་འཕར་བ་ཡིས་བྲམ་ཟེ་རིགས་གཙང་མ་ལ་སྨྲས་པ་ནི་འདི་ལྟ་སྟེ། གླང་པོའི་ནགས་སུ་འགྲོ་བའི་སྐྱེས་བུས་གླང་པོའི་ནགས་སུ་ཞུགས་པ་ན་ནགས་ཚལ་ཆེན་པོ་དེ་རུ་གླང་པོའི་རྐང་རྗེས་མཐོང་ནས་ཀྱེ་མའོ་གླང་པོ་ཆེ་གང་གི་འདི་ལྟ་

བུའི་རྐང་རྗེས་ཞེས་ངེས་པར་རྟོགས་པར་འགྱུར་བ་དེ་བཞིན་དུ། ཀྱེ་མིའི་ཆ་ལུགས་དང་ལྡན་པ་ལ་རྐང་པ་བཞི་མེད་དེ། གང་གི་དེ་ལྟར་གྱུར་པ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཽ་ཏ་མ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་བྲམ་ཟེའི་

ཚིག་ཕྲད་ཀྱི་མདོ་ལས་གསུངས་སོ། །དེ་བཞིན་དུ་བཙལ་ནས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་སྟོན་པ་ཁོ་ནར་ངེས་པ་སྟེ། ཡོངས་སུ་ཤེས་པར་བཤད་དོ། །ཤེས་ནས་དད་པ་རྙེད་པའི་ཕྱིར་རོ། །རྣམ་པར་དག་པ་ནི་ཉོན་མོངས་པའི་དྲི་མ་འཕྲོག་པའི་ཕྱིར་རོ། །གཞན་ཡང་།

ཁྱོད་ལ་བསུ་བས་དཔལ་དུ་བྱེད། །བསྟེན་པས་བློ་གྲོས་མཆོག་ཏུ་འགྱུར། །བསྟེན་ན་འཇིགས་པ་མེད་པར་མཛད། །བསྙེན་བཀུར་བགྱིས་པས་བདེ་བར་འགྱུར། །ཁྱོད་ལ་བསུ་བས་དཔལ་དུ་བྱེད། །ཅེས་པ་ནི་རྒྱས་པའོ། །ལྷ་དང་མི་རྣམས་ཀྱི་ཕུན་སུམ་ཚོགས་པ་མཛད་པའི་

ཕྱིར་ན་དཔལ་དུ་བྱེད་པའོ། །ཁྱོད་ནི་ཁྱོད་ལའོ། །བསུ་བ་ནི་ཁྱོད་ཀྱི་དྲུང་དུ་འགྲོ་བའོ། །ཉེ་བར་ཕྱིན་ནས་ཆོས་ཐོས་པའི་སྦྱོར་བས་བསྟེན་པ་ནི་ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་ཡོངས་སུ་ཤེས་པའི་ཕྱིར་བློ་གྲོས་སུ་གྱུར་པས་ན་ཤེས་རབ་བསྐྱེད་པར་མཛད་པ་ཞེས་

Vol. 1 · folio 156a

བྱ་བའི་དོན་ཏོ། །མཆོག་ནི་ཁྱད་པར་དང་ལྡན་པའོ། །ཆོས་ཐོས་ནས་བཅོམ་ལྡན་འདས་དང་ཆོས་ལ་སྐྱབས་སུ་འགྲོ་བའི་སྦྱོར་བས་བརྟེན་པ་ནི་གུས་པའོ། །འཇིགས་པ་མེད་པར་མཛད་པ་ནི་ངན་སོང་གི་འཇིགས་པ་ལས་འདས་པའི་ཕྱིར་རོ། །གང་ཞིག་སངས་

རྒྱས་སྐྱབས་འགྲོ་བ། །དེ་ནི་ངན་འགྲོར་མི་འགྲོ་སྟེ། །ཞེས་ཚིགས་སུ་བཅད་པའི་ཚིག་གོ། །སྐྱབས་སུ་སོང་བས་འཕགས་པའི་ལམ་ཁོང་དུ་ཆུད་པ་ནི་བསྙེན་བཀུར་བགྱིས་པ་སྟེ། དེ་ལྟ་བུས་ནི་དེ་བཞིན་གཤེགས་པ་ལ་ཀུན་དུ་བསྙེན་བཀུར་བྱས་པར་འགྱུར་ཏེ། དེའི་བསྟན་པ་

བསྒྲུབས་པའི་ཕྱིར་རོ། །བསྙེན་བཀུར་བྱས་པས་དེས་བདེ་བར་འགྱུར་བ་ནི་བདེ་བར་འགྱུར་བ་སྟེ། བདེ་བ་ནི་བདེ་བར་བཤད་དོ། །དེ་ཡང་འདིར་སྡུག་བསྔལ་མ་ལུས་པ་ཉེ་བར་ཞི་བའི་མཚན་ཉིད་མྱ་ངན་ལས་འདས་པ་འདོད་པ་སྟེ། བདེ་བ་དམ་པ་མྱ་ངན་འདས། །ཞེས་གསུངས་

པའི་ཕྱིར་རོ། །དེ་མཛད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་བདེ་བར་འགྱུར་བ་སྟེ། མྱ་ངན་ལས་འདས་པ་ཐོབ་པར་མཛད་ཅེས་པ་ནི་དགོངས་པའོ། །གཞན་ཡང་ཇི་ལྟར་མེས་གདུངས་པ་རྣམས་ཀྱི་གདུང་བ་ཞི་བར་བྱེད་པའི་ཕྱིར་མཚོན་ནུས་པ་ཅན་དུ་གྱུར་པ་དེ་བཞིན་དུ། སྡིག་པས་ཉེ་

བར་གདུངས་པ་རྣམས་ཀྱི་ཁྱོད་བསོད་ནམས་ཆེན་པོའི་རང་བཞིན་གྱི་མཚོ་ཆེན་པོ་ཇི་ལྟ་བུ་ཡིན་ཞེ་ན། བཤད་པ། ཚུལ་ཁྲིམས་ཕུན་སུམ་ཚོགས་པས་དག །བསམ་གཏན་ཕུན་སུམ་ཚོགས་པས་དང་། །ཤེས་རབ་ཕུན་ཚོགས་མི་འཁྲུགས་པས། །ཁྱོད་ནི་བསོད་ནམས་མཚོ་ཆེན་

ལགས། །ཚུལ་ཁྲིམས་ཕུན་སུམ་ཚོགས་པས་དག །ཅེས་སྨོས་པ་ལ། ཚུལ་ཁྲིམས་ནི་སྔར་བཤད་ཟིན་ཏོ། །དེའི་ཕུན་སུམ་ཚོགས་པ་ནི་ཁྱད་པར་རོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དེས་དག་པ་ནི་ཉེས་པར་སྤྱོད་པའི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་མེད་པའི་མཚོ་ཆེན་པོ་བཞིན་ནོ། །བསམ་

གཏན་ནི་དགེ་བ་སྟེ། ཐུགས་རྩེ་གཅིག་པའོ། །དེའི་ཕུན་སུམ་ཚོགས་པ་ནི་དང་བའི་ཁྱད་པར་གྱི་སྦྱོར་བས་དང་བ་སྟེ། འདོད་ཆགས་ལ་སོགས་པའི་འདམ་གྱིས་མ་གོས་པས་ན་རྙོག་པ་དང་བྲལ་བའི་མཚོ་ཆེན་པོ་བཞིན་ནོ། །ཤེས་རབ་ནི་ཆོས་རྣམ་པར་འབྱེད་པའོ། །དེའི་ཕུན་སུམ་ཚོགས་

Vol. 1 · folio 156b

པ་ནི་ཁྱད་པར་རོ། །དེས་མི་བསྐྱོད་པས་ན་མི་འཁྲུགས་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པའི་ཤེས་རབ་ཀྱིས་སོ་སོར་སྣང་བ་མཐའ་ཡས་པ་ཞེས་བྱ་བའི་མདོའི་ཚིག་སྟེ། མི་འཁྲུགས་པའི་མཚོ་ཆེན་པོ་བཞིན་ནོ། །དེ་ལྟར་མཚོ་ཆེན་པོ་དང་ཆོས་མཐུན་པའི་ཕྱིར་བསོད་ནམས་མཚོ་

ཆེན་ནི་བསོད་ནམས་ཀྱི་རང་བཞིན་ཏེ། བསོད་ནམས་མང་བའི་ཕྱིར་དཔེར་ན་ཤིང་གི་རང་བཞིན་གྱི་ཤིང་རྟ་བཞིན་ནོ། །གཞན་ཡང་། ཁྱོད་སྐུ་བལྟར་འོས་རིན་ཆེན་ཏེ། །ལེགས་གསུངས་མཉན་འོས་རིན་ཆེན་ལགས། །ཆོས་ནི་སྤྱད་འོས་རིན་ཆེན་པས། །ཁྱོད་ནི་རིན་ཆེན་འབྱུང་གནས་ལགས། །

ཁྱོད་སྐུ་བལྟར་འོས་རིན་ཆེན་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། སྐུ་ནི་ཁ་དོག་ལ་སོགས་པའོ། །བལྟར་འོས་པ་ནི་བལྟར་འོས་པའི་ནང་ན་རིན་ཆེན་ཏེ། མཚན་ལ་སོགས་པ་ཕུན་སུམ་ཚོགས་པས་ན་དད་པར་འོས་པ་ཉིད་ཀྱིས་ཕན་པར་མཛད་པའོ། །མཉན་འོས་ནི་མཉན་པར་འོས་པའོ། །

མཉན་འོས་རྣམས་ཀྱི་ནང་ན་རིན་ཆེ་བས་ན་མཉན་འོས་རིན་ཆེན་ཏེ། ལེགས་པར་གསུངས་པ་ནི་ཕན་པར་མཛད་པའི་ཕྱིར་རོ། །ཆོས་ནི་ལེགས་པར་གསུངས་པ་སྟེ། དེའི་དོན་ནི་བཤད་ཟིན་ཏོ། །དེ་ཡང་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པའོ། །དེ་ནི་སྤྱད་འོས་རིན་

ཆེན་ཏེ། །སྤྱད་པ་ནི་ཆོས་ཀྱི་རང་བཞིན་རྣམ་པར་སྤྱད་ན་རིན་པོ་ཆེ་སྟེ། ཤིན་ཏུ་ཕན་པ་མཛད་པའི་ཕྱིར་རོ། །རྒྱུ་དེའི་ཕྱིར་ཁྱོད་ཡོན་ཏན་རིན་ཆེན་འབྱུང་གནས་ལེགས་ཏེ། ཡོན་ཏན་ནི་སྐུ་ལ་སོགས་པ་སྟེ། དེ་ཉིད་ནི་རིན་ཆེན་དེ་རྣམས་ཀྱི་འབྱུང་གནས་ཏེ། བསྐྱེད་པའི་གནས་ཡིན་པའོ། །

ཁྱོད་ནི་ཁྱོད་དོ། །གཞན་ཡང་། ཁྱོད་ནི་ཆུ་བོས་བདས་པའི་གླིང་། །སྨས་པའི་བདག་ཉིད་སྐྱོབ་པ་སྟེ། །སྲིད་པའི་འཇིགས་པས་ཉེན་པའི་སྐྱབས། །ཐར་འཆལ་རྣམས་ཀྱི་འདྲེན་པ་ལགས། །ཁྱོད་ནི་ཆུ་བོས་བདས་པའི་གླིང་། །ཞེས་བྱ་བ་ནི་རྒྱས་པའོ། །ཁྱོད་ནི་བཅོམ་ལྡན་འདས་སོ། །

ཆུ་བོ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་སོ། །བདས་པ་ནི་ཐར་པའི་ལམ་ལས་རིང་དུ་བདས་པ་སྟེ། ལྟེང་རྒྱས་འོད་སྲུངས་ལ་སོགས་པ་རྣམས་མེ་ལ་ཡོངས་སུ་སྤྱོད་ཅིང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བའི་ཆུ་བོས་བདས་པ་ནི་ཆུ་བོས་བདས་པའི་

Vol. 1 · folio 157a

གླིང་དང་འདྲ་བས་ན་གླིང་སྟེ། མྱ་ངན་ལས་འདས་པ་ལ་བཀོད་པའི་ཕྱིར་རོ། །སྐྱོབ་པ་ཞེས་བྱ་བ་ནི་སྐྱོབ་པར་མཛད་པ་ཞེས་བྱ་བའི་དོན་ཏོ། །སྨས་པའི་བདག་ཉིད་ནི་སེམས་ཀྱི་རང་བཞིན་སྨས་པ་གང་ལ་ཡོད་པ་དེ་ནི་སྨས་པའི་བདག་ཉིད་དེ། སྡིག་པ་བྱས་པའོ། །དེ་

རྣམས་ཀྱི་སྨས་པའི་བདག་ཉིད་ནི་སོར་མོའི་ཕྲེང་བ་ལ་སོགས་པས་སྲོག་ཆགས་བརྒྱ་སྟོང་དུ་མ་གསོད་པར་བྱེད་པ་རྣམས་ལ་ཆོས་བསྟན་པས་དགྲ་བཅོམ་པ་ལ་བཀོད་པའི་ཕྱིར་ངན་འགྲོར་འགྲོ་བ་རྣམས་ཀྱི་སྐྱོབ་པའོ། །སྐྱབས་ཞེས་བྱ་བ་ནི་ཆོས་སྟོན་པ་མེད་ན་ཡང་ཁས་བླངས་པ་ཙམ་

གྱིས་དམྱལ་བ་ལ་སོགས་པའི་སྲིད་པའི་འཇིགས་པས་འཇིགས་པ་གང་ཡིན་པ་དེ་རྣམས་སྲིད་པའི་འཇིགས་པ་རྣམས་ལས་བསྐྱབ་པའོ། །དེ་ལྟར་ཡང་ལྷའི་བུ་གཞན་ཁ་ཅིག་གིས་ཕག་མོའི་མངལ་དུ་ཞག་བདུན་ན་བདག་སྐྱེ་བར་ཤེས་ནས་ཤིན་ཏུ་ངུས་པས་བརྒྱ་བྱིན་གྱིས་བསྐུལ་བས་

སངས་རྒྱས་ལ་སྐྱབས་སུ་སོང་བས་དུད་འགྲོའི་སྐྱེ་གནས་ལས་ལོག་ཅིང་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ་ཞེས་བྱ་བ་ནི་རྟོགས་པ་བརྗོད་པའོ། །ཐར་འཚལ་རྣམས་ཀྱི་ཞེས་བྱ་བ་ནི་འཁོར་བའི་བཙོན་ར་ལས་བདག་ཉིད་གྲོལ་བར་འདོད་པ་རྣམས་ཀྱིའོ། །འདྲེན་པ་ནི་དེ་རྣམས་ཀྱི་འདྲེན་པ་སྟེ་ཁྱོད་ཉིད་ནི་

ལམ་མོ། གཞན་ཡང་། ཚུལ་ཁྲིམས་དག་ཕྱིར་སྣོད་ཀྱི་མཆོག །ཞིང་གཤིན་འབྲས་བུ་ཕུན་སུམ་ཚོགས། །སྲོག་ཆགས་ཀུན་ལ་ཕན་མཛད་ཕྱིར། །གྲོགས་ཀྱི་ཕུལ་ཡང་ཁྱོད་ལགས་སོ། །ཞིང་གཤིན་འབྲས་བུ་ཕུན་སུམ་ཚོགས། །ཞེས་བྱ་བ་ནི་རྒྱས་པའོ། །སྣོད་ཀྱི་མཆོག་ནི་

སྲོག་ཆགས་ཀུན། །ཞེས་འཆད་པར་འགྱུར་རོ། །ཚུལ་ཁྲིམས་དག་པ་གང་ལ་ཡོད་པ་དེ་ནི་ཚུལ་ཁྲིམས་དག་པ་སྟེ་དེའི་དངོས་པོའོ། །ཚུལ་ཁྲིམས་དག་པ་དེའི་རྒྱུས་ཤིན་ཏུ་ཕྱག་འཚལ་བའི་སྣོད་ཀྱི་མཆོག་གོ། །ཞིང་གཤིན་ཞེས་བྱ་བ་ནི་ཞིང་བཟང་པོའོ། །འབྲས་བུ་ཕུན་སུམ་ཚོགས་པ་ནི་

འབྲས་བུ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཁྱོད་ལ་བྱེ་མ་ཕུལ་བ་ཡང་རྒྱལ་པོ་གཏུམ་པོ་མྱ་ངན་མེད་པའི་འབྲས་བུའི་ས་བོན་དུ་གྱུར་ཏོ། །གྲོགས་ཀྱི་ཕུལ་ཞེས་བྱ་བ་ནི་གྲོགས་བཟང་པོའོ། །ཕན་མཛད་ཕྱིར་ནི་ཕན་པར་མཛད་པ་སྟེ། ཐར་པའི་ལམ་སྟོན་པར་མཛད་པའོ། །

Vol. 1 · folio 157b

སྲོག་ཆགས་ཀུན་ལ་ཞེས་བྱ་བ་ནི་ལུས་ཅན་ཐམས་ཅད་ལའོ། །ཁྱོད་ནི་ཁྱོད་དོ། །གང་ཞིག་དེ་བཞིན་གཤེགས་པའི་ལམ་ལ་མ་ཞུགས་པ་དེ་རྣམས་ལ་ཡང་དེ་བཞིན་གཤེགས་པ་ཕན་པར་མཛད་པ་སྟེ། ཐམས་ཅད་ལ་ཕན་པར་མཛད་པ་ནི་སྟོན་པར་མཛད་པའི་ཕྱིར་རོ། །གཞན་ཡང་།

ཕན་འདོགས་མཛད་པས་མཛའ་བཤེས་ཏེ། །འགྲོགས་ན་བདེ་ཕྱིར་སྙིང་དུ་སྡུག །ཞི་ཕྱིར་གཅིག་ཏུ་ཡིད་དུ་འོང་། །ཡོན་ཏན་ཀུན་མངའ་མཆོད་འོས་ཁྱོད། །མཛའ་བཤེས་ཁྱོད་ནི་སྲོག་ཆགས་ཀུན་ལ་ཞེས་བྱ་བའི་རྗེས་སུ་འཇུག་གོ། །ཕན་འདོགས་མཛད་ཅེས་བྱ་བ་ནི་འཁོར་བའི་སྡུག་

བསྔལ་ཐུགས་ལ་དགོངས་ནས་སངས་རྒྱས་ཀྱི་གོ་འཕང་བརྙེས་ཤིང་ཐར་པའི་ལམ་སྟོན་པར་མཛད་པའི་ཕྱིར་རོ། །འགྲོགས་ན་བདེ་ཕྱིར་ཞེས་བྱ་བ་ནི་འཁྲུགས་ན་ཡང་གཞན་གྱི་གནོད་པ་བཟོད་པ་ཙམ་སྟེ། འཇིག་རྟེན་པ་ལ་བཟོད་པར་གྲགས་སོ། །འགྲོགས་ན་བདེ་བ་དང་ལྡན་པའི་ཕྱིར་

ན་འགྲོགས་ན་བདེ་བ་འབའ་ཞིག་ཏུ་མ་ཟད་དེ། འོན་ཀྱང་གནོད་པ་བྱེད་པ་ཐམས་ཅད་ལ་བཟོད་པ་བསྟར་བ་དང་། སྲོག་ཆགས་རྣམས་ལ་ཡང་ཕན་པ་སྩོལ་བ་སྟེ། བདེ་བར་གནས་པ་གང་ཡིན་པ་དེ་ནི་འགྲོགས་ན་བདེ་བའོ། །རྒྱུ་དེའི་ཕྱིར་སྙིང་དུ་སྡུག་པའོ། །སངས་རྒྱས་ཀྱི་ཡུལ་

སྙིང་དུ་སྡུག་པ་ནི་སྐྱེས་བུ་རྣམས་ཀྱི་ཡིད་རྟག་ཏུ་འཕྲོག་པ་ཞེས་བྱ་བས་ན་སྙིང་དུ་སྡུག་པའོ། །མཚན་ལ་སོགས་པས་བརྒྱན་པའི་ཕྱིར་གཅིག་ཏུ་ཡིད་དུ་འོང་བ་ནི་བལྟ་བར་འོས་པ་སྟེ། ཞི་བའི་ཕྱིར་ལྟ་བ་དང་རྗེས་སུ་མཐུན་པས་ན་ཟླ་བའི་དཀྱིལ་འཁོར་བཞིན་ནོ། །གཅིག་ཏུ་ཞི་བའི་

དངོས་པོ་ནི་ཞི་བ་སྟེ་རྒྱུ་དེའི་ཕྱིར་རོ། །ཡོན་ཏན་ཀུན་ནི་ཇི་སྐད་བཤད་པའི་རྒྱུར་གྱུར་པས་སོ། །མངའ་བས་མཆོད་འོས་ཞེས་བྱ་བ་ལ། །མངའ་བའི་སྒྲ་ནི་བྱ་བའི་ཁྱད་པར་རོ། །མཆོད་འོས་ཞེས་བྱ་བ་ནི་མཆོད་པར་འོས་པ་སྟེ། སྲོག་ཆགས་ཀུན་གྱིས་མཆོད་པར་འོས་པའོ། །གཞན་

ཡང་། སྡིག་པ་མེད་པས་ཡིད་དང་འཐད། །སྐུ་གསུང་བཟང་བས་དགའ་བར་མཛད། །དོན་ཀུན་འགྲུབ་ཕྱིར་དཔལ་ཡངས་ཏེ། །ཡོན་ཏན་ལེགས་རྟེན་བཀྲ་ཤིས་ལགས། །སྡིག་པ་མེད་པས་ཡིད་དང་འཐད། །ཅེས་སྨོས་པ་ལ། ཡིད་དང་འཐད་པ་ནི་ཡིད་དང་འཐད་པའོ། །

Vol. 1 · folio 158a

ལེགས་པ་ནི་ལེགས་པའོ། །སྲོག་ཆགས་ཀུན་ལ་ཞེས་བྱ་བའི་རྗེས་སུ་འཇུག་པའོ། །སྡིག་པ་མེད་པས་ཞེས་བྱ་བ་ནི་དམ་པས་སྨད་པའི་ལུས་ལ་སོགས་པའི་ལས་མི་མཛད་པའི་ཕྱིར་རོ། །དགའ་བ་ནི་དགའ་བའོ། །སྐུ་དང་གསུང་བཟང་བ་ནི་དག་པའོ། །ངེས་པའི་

ཚིག་སོ་སོ་ཡང་དག་པར་རིག་པའི་མཐར་ཕྱིན་པའི་ཕྱིར་གསུང་བཟང་བ་དང་མཚན་ལ་སོགས་པས་བརྒྱན་པའི་ཕྱིར་སྐུ་བཟང་བ་སྟེ། ཐོས་པ་དང་ལྟ་བ་དང་རྗེས་སུ་མཐུན་པ་ཞེས་བྱ་བའི་དོན་ཏོ། །དཔལ་ཡངས་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པའི་རྒྱུར་བཤད་དོ། །དེ་བས་ན་བཅོམ་ལྡན་འདས་

ཁོ་ན་ལ་དཔལ་ཡངས་སོ། །དོན་ཀུན་འགྲུབ་ཕྱིར་ཞེས་བྱ་བ། དོན་ཀུན་ནི་མཐོ་རིས་དང་ཐར་པ་ལ་སོགས་པ་གང་ལས་འགྲུབ་པ་དེ་ནི་དོན་ཀུན་འགྲུབ་པའོ། །དེའི་དངོས་པོ་ནི་དོན་ཀུན་འགྲུབ་པ་སྟེ། རྒྱུ་དེའི་ཕྱིར་ན་དཔལ་ཡངས་སོ། །ཡང་ན་བལྟས་པ་ཙམ་གྱིས་གཏེར་ལྔ་བརྒྱ་གཟིགས་པར་གྱུར་

པ་དང་། རྒྱལ་པོ་གཞན་ཀུན་གྱིས་ཀྱང་དེའི་ཡབ་ཟས་གཙང་མའི་སྐུ་སྐྱེས་ཀྱི་རྒྱུ་མང་དུ་བསྐུར་བར་གྱུར་ཏོ། །དེས་ན་དེའི་ཡབ་ཀྱིས་དོན་ཐམས་ཅད་གྲུབ་པ་ཞེས་མཚན་བཏགས་པ་དེ་བས་ན་དཔལ་ཡངས་སོ། །བཀྲ་ཤིས་ལ་ལེགས་པ་ནི་བཀྲ་ཤིས་པ་སྟེ། སྡིག་པ་འཇོམས་པ་ཞེས་བྱ་བའི་དོན་ཏོ། །

གང་ལས་ཤེ་ན། བཤད་པ། ཡོན་ཏན་ལེགས་རྟེན་ཐམས་ཅད་ཀྱི་གནས་སུ་གྱུར་པའི་ཕྱིར་རོ། །དེ་ལྟ་བུས་རྣམ་པ་ཐམས་ཅད་དང་། གནས་སྐབས་ཐམས་ཅད་དང་། མཐོང་བ་དང་ཐོས་པ་ལ་སོགས་པའི་སྨོན་ལམ་འབྲས་བུ་དང་བཅས་པས་བཅོམ་ལྡན་འདས་ཀྱི་སྨོན་ལམ་ལ་བསྟོད་པ་བཤད་

དོ། །སྨོན་ལམ་ལ་བསྟོད་པ་ཞེས་བྱ་བའི་བཤད་པ་སྟེ་ལེའུ་དགུ་པའོ།། །།ལམ་ལ་འཇུག་པ་ལ་བསྟོད་པ་ནི་དབྱེ་བ་བདུན་ཏེ། དེ་ཡང་བཤད་པའི་སྐབས་སུ་བསྟན་པར་བྱའོ། །དེ་ལ། ཁྱོད་ནི་རྔན་ཐེན་བགྱིད་ལ་སྐུལ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་བཤད་པར་བྱ་སྟེ། ཁྱོད་

ནི་རྔན་ཐེན་བགྱིད་ལ་སྐུལ། །ཆོམ་རྐུན་བགྱིད་པ་ཚར་ཡང་གཅོད། །གྱ་གྱུ་ཅན་རྣམས་རྣལ་དུ་འགོད། །དལ་བུས་བགྱིད་ལ་བཞེན་བསྐུལ་འདེབས། །དུལ་བ་རྣམས་ནི་ལམ་ལ་སྦྱོར། །དམུ་རྒོད་རྣམས་ལ་བཏང་སྙོམས་མཛད། །དེ་སླད་སྐྱེས་བུ་འདུལ་བ་ཡི། །ཁ་ལོ་སྒྱུར་བ་བླ་མེད་

Vol. 1 · folio 158b

མཆོག །ཁྱོད་ནི་རྔན་ཐེན་བགྱིད་ལ་སྐུལ་བ་ནི། །ཁ་ལོ་སྒྱུར་བ་བླ་མེད་མཆོག །ཅེས་བྱ་བས་འཆད་པར་འགྱུར་རོ། །དཔེར་ན་ཁ་ལོ་སྒྱུར་བའི་མཆོག་གིས་ཤིང་རྟའི་རྟ་དག་རྔན་ཐེན་ནི་གོམ་པ་གཅིག་ཀྱང་མི་འགྲོ་བའི་ངང་ཚུལ་ཅན་ལ་ལྕག་དབྱུག་གིས་རྡེག་པས་སྐུལ་བར་བྱེད་པ་དེ་བཞིན་དུ།

ཁྱོད་ཀྱང་སྐྱེས་བུ་འདུལ་བ་ལེ་ལོའི་དབང་གིས་འཁོར་བར་གནས་པ་ལ་འཁོར་བའི་སྡུག་བསྔལ་དང་། མྱ་ངན་ལས་འདས་པའི་ཡོན་ཏན་སྟོན་པ་དང་ཞི་གནས་སྐྱེད་པའི་སྦྱོར་བས་ཡོངས་སུ་བསྐུལ་བ་སྟེ། མྱ་ངན་ལས་འདས་པའི་ལམ་ལ་འཛུད་པར་མཛད་པ་ཞེས་བྱ་བའི་དོན་ཏོ། །ཇི་

ལྟར་ལམ་ལས་ལམ་གཞན་དུ་ཤིང་རྟ་འདྲེན་པའི་རྟ་རྣམས་སྲབ་ཀྱིས་བླན་ནས་ཁ་ལོ་སྒྱུར་བས་ཚར་གཅོད་པ་དེ་བཞིན་དུ། ཁྱོད་ཀྱང་ལམ་ངན་པར་གནས་པའི་སྐྱེས་བུ་གདུལ་བྱ་རྣམས་ཆོས་བསྟན་པའི་སྲབ་ཀྱིས་ཚར་གཅོད་པ་ནི་ལམ་བཟང་པོ་ལ་འཛུད་པར་མཛད་ཅེས་བྱ་བར་དགོངས་

པའོ། །ཇི་ལྟར་གྱ་གྱུ་ཅན་རྣམས་ནི་རྟ་འཁྱོག་པར་འགྲོ་བ་རྣམས་ཤིང་རྟའི་ཁ་ལོ་སྒྱུར་བས་རྣལ་དུ་འགོད་ཅིང་ལམ་དྲང་པོ་ལ་འགོད་པར་བྱེད་པ་དེ་བཞིན་དུ། ཁྱོད་ཀྱང་གཡོ་སྒྱུ་དང་ལྡན་པའི་སྐྱེ་བོ་གདུལ་བྱ་གང་ཡིན་པ་དེ་རྣམས་རྣལ་དུ་འགོད་པ་ནི་ལམ་དྲང་པོ་ལ་འགོད་པར་མཛད་པའོ། །ཇི་ལྟར་

དལ་བུས་བགྱིད་པའི་རྟ་རྣམས་ལ་ཁ་ལོ་སྒྱུར་བས་བཞེན་བསྐུལ་འདེབས་པ་དེ་བཞིན་དུ་འབད་རྩོལ་དམན་པ་གང་ཡིན་པ་དེ་རྣམས་ལ། བརྩོན་འགྲུས་བསྟན་པས་ཁྱོད་བཞེན་བསྐུལ་འདེབས་སོ། །ཀུན་དགའ་བོ་བརྩོན་འགྲུས་ལ་བརྟེན་ནས་རྟ་བཟང་པོ་གང་ཡིན་པ་དེ་རྣམས་ཀྱི་ཁ་ལོ་སྒྱུར་བས་

ལམ་དུ་ཁྱད་པར་གྱི་ཁུར་ཁྱེར་བར་བྱ་བའི་ཕྱིར་ལམ་ལ་སྦྱོར་བ་དང་། དེ་བཞིན་དུ་གང་གདུལ་བྱ་ཤ་ར་དྭ་ཏིའི་བུ་ལ་སོགས་པ་དེ་རྣམས་ཀྱང་གདུལ་བྱའི་དགོས་པའི་ཁྱད་པར་གྱི་མཚན་ཉིད་དང་ལྡན་པའི་ལམ་ལ་སྦྱོར་བ་དང་། དེ་བཞིན་དུ་ཤཱ་རིའི་བུ་མཉན་ཡོད་ཀྱི་གནས་ན་གནས་པའི་སྐྱེ་

བོའི་ཚོགས་ལ་དགོངས་སུ་གསོལ་ཞེས་བྱ་བ་དེའི་བཀས་འཕགས་པ་ཤཱ་རིའི་བུས་རྒྱལ་བྱེད་ཀྱི་ཚལ་གྱི་གནས་སུ་མུ་སྟེགས་པ་མདུན་དུ་འགྲོ་བ་དང་མཉན་ཡོད་ཀྱི་སྐྱེ་བོའི་ཚོགས་བདེན་པ་མཐོང་བ་ལ་སོགས་པར་རབ་ཏུ་བཀོད་དོ་ཞེས་ཇི་སྐད་གསུངས་པའོ། །དེ་ལྟ་བུའི་ཚིག་རྐང་པ་གཅིག་

Vol. 1 · folio 159a

དང་བཅས་པའི་ཚིགས་སུ་བཅད་པས་ཞི་གནས་བསྐྱེད་པ་སྔོན་དུ་འགྲོ་བས་འཕགས་པའི་ལམ་ལ་འཛུད་པ་སྟེ། དང་པོའི་དབྱེ་བ་བཤད་དོ། །ཇི་ལྟར་དམུ་རྒོད་ནི་རྟ་མི་སྲུན་པ་རྣམས་ཏེ། དེ་རྣམས་ལ་ཁ་ལོ་སྒྱུར་བ་བཏང་སྙོམས་སུ་བྱེད་པ་དེ་བཞིན་དུ་ཁྱོད་ཀྱང་བྱང་ཆུབ་ཀྱི་ས་བོན་

མ་བླངས་པའི་དམུ་རྒོད་རྣམས་ལ་བཏང་སྙོམས་མཛད་པ་ནི་ལམ་ལ་འཛུད་པར་མི་མཛད་པའོ། །གང་གི་ཕྱིར་དེ་གདུལ་བའི་སྐབས་ལ་མ་བབ་པ་སྟེ། ཐུགས་རྗེ་མི་མངའ་བ་ནི་མ་ཡིན་པའི་ཕྱིར་རོ། །ཐར་པའི་ས་བོན་དང་ལྡན་པའི། །སེམས་ཅན་ལ་སྟོན་ཕྱག་བྱིན་པས། །ངན་སོང་དག་དང་སྲིད་

པ་ལས། །རྗེས་སུ་བརྩེ་བས་སྒྲོལ་བར་མཛད། །དེ་ལྟ་བུའི་ཚིགས་སུ་བཅད་པ་འདིས་ས་བོན་དང་བྲལ་བ་རྣམས་ལ་དུས་དེ་སྲིད་དུ་བཏང་སྙོམས་མཛད་པ་སྟེ། དབྱེ་བ་གཉིས་པའི་བཤད་པའོ། །གཞན་ཡང་། ཁྱོད་ནི་ཉམ་ཐག་རྣམས་ལ་བརྩེ། །བདེ་བར་གནས་ལ་ཕན་པར་དགྱེས། །

ཕོངས་པར་གནས་ལ་ཐུགས་རྗེ་བས། །ཀུན་ལ་ཕན་པར་བཞེད་པ་ལགས། །ཁྱོད་ནི་ཉམ་ཐག་རྣམས་ལ་བརྩེ། །ཞེས་བྱ་བ་ནི་རྒྱས་པའོ། །ཉམ་ཐག་པ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཆད་པར་གྱུར་ཅིང་ཉེས་པའི་སྤྱོད་པ་བྱེད་པ་རྣམས་ལ་བརྩེ་བ་སྟེ། ཉེས་པའི་སྤྱོད་པ་དེ་ལས་གདོན་པར་དགོངས་

པའོ། །བདེ་བར་གནས་པ་ནི་དགེ་བའི་རྩ་བ་འཕེལ་བ་རྣམས་ལ་སྐལ་བ་དང་ལྡན་པ་ཡིན་པའི་ཕྱིར་ཕན་པར་དགྱེས་པ་སྟེ། སྙིང་པོ་ཁོ་ན་ཡིན་པའི་ཕྱིར་ཕན་པའི་སྒྲས་ཐར་པ་བཤད་དོ། །དེ་ལ་དགྱེས་ཞེས་བྱ་བ་ནི་བཞེད་པ་སྟེ། དེའི་རང་བཞིན་ནི་ཕན་པར་དགྱེས་པ་སྟེ། ཐར་པ་ལ་དགོད་པར་

རྩོལ་བ་ཞེས་བྱ་བའི་དོན་ཏོ། །དགེ་སློང་དག་སོམས་ཤིག །བག་མེད་པར་མ་བྱེད་ཅིག་ཅེས་བྱའོ། །ཕོངས་པར་གནས་ལ་ཞེས་བྱ་བ་ནི་ལྟ་བས་ཕོངས་པ་སྟེ། དགེ་བའི་རྩ་བ་ཡང་དག་པར་ཆད་པར་གྱུར་པའོ། །ཐུགས་རྗེ་ནི་ཕན་པ་ལ་དམིགས་པ་ཙམ་སྟེ། སྐལ་བ་དང་མི་ལྡན་པའི་ཕྱིར་འདོན་

པ་ལ་བརྩོན་པ་ནི་མ་ཡིན་ནོ། །ཀུན་ལ་ཕན་པར་བཞེད་པ་ནི་ལྷ་སྦྱིན་ལ་སོགས་པ་འགལ་བ་དང་། མགོན་མེད་ཟས་སྦྱིན་ལ་སོགས་པ་རྗེས་སུ་ཆགས་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་ཕན་པར་བཞེད་པ་སྟེ། མཐོ་རིས་དང་ཐར་པ་ཐོབ་པའི་ཕྱིར་དགོངས་པ་ཞེས་བྱ་བའོ། །དེ་ལྟ་བུའི་

Vol. 1 · folio 159b

ཚིགས་སུ་བཅད་པ་འདིས་ཕན་པ་དང་། ཕན་པ་མ་ཡིན་པ་དག་དང་། ཀུན་ལ་ཕན་པར་བཞེད་པ་སྟེ། དབྱེ་བ་གསུམ་པའི་བཤད་པའོ། །གཞན་ཡང་། ཁྱོད་ནི་དགྲ་བོ་རྣམས་ལའང་བྱམས། །ཉམས་པར་གྱུར་ལ་ཕན་འདོགས་མཛད། །གཏུམ་པོ་རྣམས་ལ་ཐུགས་བརྩེ་བས། །ཁྱོད་

ནི་ཡ་རབས་རྨད་ཅིག་ལགས། །ཁྱོད་ནི་དགྲ་བོ་རྣམས་ལའང་བྱམས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དགྲ་བོ་རྣམས་ནི་གནོད་པ་བྱེད་པ་སྟེ། ལྷ་སྦྱིན་ལ་སོགས་པའོ། །དགྲ་བོ་དེ་རྣམས་ལ་ཡང་བཅོམ་ལྡན་འདས་བྱམས་པ་ནི་ཐུགས་བརྩེ་བའི་ཕྱིར་སྡུག་བསྔལ་ལས་

ཡོངས་སུ་སྐྱོབ་པའོ། །དེ་བས་ན་གདུང་བའི་རིམས་ཀྱིས་ནོན་པར་གྱུར་པའི་ལྷས་བྱིན་གྱི་གདུང་བའི་རིམས་བཅོམ་ལྡན་འདས་ཀྱི་བདེན་པའི་བྱིན་གྱི་རླབས་ཀྱིས་བསལ་ཏོ་ཞེས་བྱ་བ་ནི་ལུང་ངོ་། །ཕན་འདོགས་ཞེས་བྱ་བ་ནི་བཅོམ་ལྡན་འདས་གཤེགས་པའོ། །འདི་ནི་བསྟན་པ་ལ་འཛུད་

པའོ། །ཉམས་པར་གྱུར་ལ་ཞེས་བྱ་བ་ནི་ཉམས་པའི་རྒྱུ་མཚན་ལའོ། །ཉམས་པར་གྱུར་པ་ནི་སྨད་པར་བྱ་བ་སྟེ། འཇིག་རྟེན་པ་དང་འགལ་བའི་ལས་སྤྱོད་པའི་ཕྱིར་རོ། །འདི་ལྟ་སྟེ། གཞོན་ནུ་ངེས་པར་གནས་པ་ཞེས་བྱ་བ་མཉན་ཡོད་ཀྱི་གྲོང་ཁྱེར་གྱི་ཕྱག་དར་ཁྲོད་སྦྱངས་པས་འཚོ་བར་གྱུར་

པ་བཅོམ་ལྡན་འདས་གཤེགས་ནས་རབ་ཏུ་དབྱུང་བར་མཛད་དོ་ཞེས་ཐོས་ནས་མཉན་ཡོད་ཀྱི་སྐྱེ་བོའི་ཚོགས་སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་མ་དད་པར་གྱུར་ཏེ། འདི་ལྟ་བུའི་སྐྱེ་བོ་ངན་པ་ཡང་རབ་ཏུ་འབྱིན་པར་མཛད་ཅེས་བྱ་བའོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འགྱོད་

པ་སྐྱེད་པའི་ཕྱིར་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་པར་གྱུར་ཏོ། །འཕགས་པ་ངེས་པར་གནས་པ་དེ་ཡང་རྡོ་ལེབ་གང་ཡང་རུང་བའི་སྟེང་དུ་ཕྱག་དར་ཁྲོད་ཀྱི་གོས་འདྲུབ་ཅིང་གནས་སོ། །བཅོམ་ལྡན་འདས་ཀྱང་ཁང་པའི་ཡང་ཐོག་གི་སྒོ་བཅད་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ཏོ། །རྒྱལ་

པོས་ཀྱང་འཕགས་པ་ངེས་པར་གནས་པ་ངོ་མ་ཤེས་པས་སྨྲས་པ། འཕགས་པ་བཅོམ་ལྡན་འདས་ལ་བདག་མཆིས་སོ་ཞེས་ཞུ་བ་མཛོད་ཅིག་ཅེས་སྨྲས་སོ། །འཕགས་པ་དེ་ཡང་དགྲ་བཅོམ་པ་རྫུ་འཕྲུལ་དང་ལྡན་པ་གཞན་གྱི་སེམས་ཤེས་པས་རྒྱལ་པོའི་སེམས་ཤེས་ནས་རྡོ་ལེབ་དེ་ལ་ཆུ་

Vol. 1 · folio 160a

ལ་བྱེའུ་བཞིན་འཛུལ་བར་བྱས་ཤིང་གཤེགས་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་ལྡང་བར་མཛད་དོ། །དེ་ནས་རྒྱལ་པོ་ནང་དུ་ཞུགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ཤིང་ཕྱག་བྱས་ནས་དང་པོར་དེ་ལྟ་བུའི་རྫུ་འཕྲུལ་ཆེན་པོ་དང་ལྡན་པའི་དགེ་སློང་

གང་ཡིན་ཞེས་ཞུས་སོ་ཞེས་བྱ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོན་གང་གི་ཕྱིར་འགྱོད་པ་བསྐྱེད་པའི་སླད་དུ་འོངས་ཞེས་བྱ་བའོ། །རྒྱལ་པོས་ཐོས་ནས་ཤིན་ཏུ་དད་ཅིང་ཡི་རངས་པར་གྱུར་ཏོ། །སླར་ཡང་དེ་ལ་དད་པ་བསྐྱེད་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །

བཤད་པ་མཁྲེགས་དང་འཇམ་པ་ནི། །སྨན་པ་ཡིས་ནི་ཡོངས་རྟོགས་ནས། །ཁྲུས་ཀྱི་སྨན་ནི་སྟེར་བ་སྟེ། །རིགས་ནི་ཡོངས་སུ་རྟོག་མི་བྱེད། །དེ་བཞིན་རྒྱུད་ནི་འཇམ་པ་དང་། །རྩུབ་པ་ཡང་ནི་ཡོངས་རྟོགས་ནས། །ཉོན་མོངས་བཀྲུ་ཕྱིར་སྨན་སྦྱིན་པ། །སངས་རྒྱས་ཀྱི་ནི་རིགས་མི་ལྟོས། །

གཏུམ་པོ་ཞེས་བྱ་བ་ནི་སྲོག་ཆགས་དུ་མ་གསོད་པར་བྱེད་པ་སོར་མོའི་ཕྲེང་བ་དང་དཔལ་སྦས་ལ་སོགས་པ་རྣམས་ལའོ། །ཐུགས་བརྩེ་བ་ནི་ཐུགས་བརྩེ་བས་གཞན་དབང་དུ་འགྱུར་བའོ། །རྨད་ཅིག་ལགས་ཞེས་བྱ་བ་ནི་འཇིག་རྟེན་པའི་ཆོས་རྣམས་ལས་འདས་པའི་ཕྱིར་མི་ཤེས་པ་ཉིད་སྟོན་པའོ། །

གང་གི་ཕྱིར་འཇིག་རྟེན་པ་ནི་འགལ་བ་ལ་སོགས་པ་རྣམས་ལ་ཐུགས་བརྩེ་བ་ལ་སོགས་པས་འཇུག་པར་མི་འགྱུར་རོ། །ཡ་རབས་ཞེས་བྱ་བ་ནི་འཕགས་པ་ཉིད་དོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་འདིས་དགྲ་བོ་རྣམས་ལ་ཡང་ཕན་པར་བཞེད་པ་སྟེ། དབྱེ་བ་བཞི་པ་བཤད་དོ། །གཞན་ཡང་།

ཕན་འདོགས་བགྱིད་སླད་ཕ་མ་དག །གལ་ཏེ་བླ་མར་འཚལ་ན་གོ། །ཁྱོད་ནི་ལྷག་པར་ཕན་འདོགས་པས། །བླ་མ་ཉིད་འགྱུར་སྨོས་ཅི་འཚལ། །ཕན་འདོགས་བགྱིད་སླད་ཕ་མ་དག །ཅེས་བྱ་བ་ནི་རྒྱས་པའོ། །ཕ་མ་དག་ཅེས་བྱ་བ་ནི་བླ་མ་ཉིད་དང་སྦྱར་རོ། །ཕན་འདོགས་བགྱིད་སླད་

ཅེས་བྱ་བ་ནི་སྐྱེད་པ་དང་གསོ་བ་ལ་སོགས་པས་སོ། །གལ་ཏེ་འཚལ་ཞེས་བྱ་བ་ནི་བླ་མ་ཞེས་པ་དང་སྦྱར་རོ། །སྨོས་ཅི་དགོས་ཞེས་བྱ་བ་ནི་དེ་ནི་འགྱུར་བ་ལ་སྨོས་ཅི་འཚལ་བའོ། །བླ་མ་ནི་བླ་མའོ། །ཁྱོད་ནི་ཁྱོད་ལའོ། །ལྷག་པར་ཕན་འདོགས་པ་ནི་ཉོན་མོངས་པ་མེད་པ་ཐར་པའི་གྲོང་

Vol. 1 · folio 160b

ཁྱེར་ཐོབ་པར་མཛད་པའི་ཕྱིར་ཡོངས་སུ་རྫོགས་པའི་ཕན་འདོགས་པ་མཛད་ཅེས་བྱ་བའི་དོན་ཏོ། །བཤད་པ་ནི་འདི་ཡིན་ཏེ། སྐྱེ་བ་གཅིག་ལ་ཕན་པ་བྱེད་པའི་ཕྱིར་ཕ་དང་མ་དག་ཉེ་བས་ན་བླ་མ་ཉིད་དེ། ཁྱོད་ཀྱང་དེ་ལྟར་ལྷག་པར་ཕན་འདོགས་པར་མཛད་ཅེས་བྱ་བས་ན་བླ་མ་ཉིད་དུ་བརྗོད་པར་མི་

ནུས་སོ་ཞེས་བྱ་བའོ། །གཞན་ཡང་། རང་གི་དོན་ལ་མི་ལྟ་བས། །ཉིད་ཀྱི་དགྲ་བོ་ལྟར་གྱུར་ཅིང་། །གཡང་སའི་མུ་ན་གནས་རྣམས་ལ། །ར་བ་ལྟ་བུར་གྱུར་པའང་ཁྱོད། །རང་གི་དོན་ལ་མི་ལྟ་བས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རང་གི་དོན་ནི་དགེ་བའི་རྩ་བ་ལ་སོགས་པ་སྟེ།

དེ་ལ་མི་ལྟ་བ་ནི་སྡིག་པ་ལ་ཆགས་པའོ། །ཉིད་ཀྱི་དགྲ་བོ་ལྟར་གྱུར་ཅིང་། །ཞེས་བྱ་བ་ནི་དགྲ་བོ་དང་འདྲ་བ་ཞེས་བྱ་བའི་དོན་ཏོ། །རང་གི་དོན་ལ་མི་ལྟ་བས་ཉིད་ཀྱི་དགྲ་བོ་ལྟར་གྱུར་པ་དེ་རྣམས་ལ་ཁྱོད་ནི་བཅོམ་ལྡན་འདས་སོ། །གཡང་སའི་མུ་ན་གནས་རྣམས་ལ། །ཞེས་པ་ལ། གཡང་ས་ནི་ངན་

འགྲོར་འགྲོ་བའོ། །གཡང་ས་དེའི་མུ་ནི་མདུན་ན་གནས་པའི་སྡིག་པའི་ལས་སོ། །དེ་ལ་གནས་པ་ནི་སོར་མོའི་ཕྲེང་བ་དང་དཔལ་སྦས་ལ་སོགས་པ་གང་ཡིན་པ་དེ་ནི་གཡང་སའི་མུ་ན་གནས་པ་སྟེ། ངན་འགྲོར་འགྲོ་བའི་ལས་བྱེད་པའོ། །དེ་རྣམས་ལ་ར་བ་ལྟ་བུར་གྱུར་པ་ནི་ཇི་ལྟར་ཁ་ཅིག་ལ་

གཡང་སའི་མུ་ལ་མངོན་དུ་གྱུར་པའི་ར་བས་འཛིན་པར་བྱ་བའི་ཕྱིར་ནུས་པ་དང་ལྡན་པར་གྱུར་པ་དེ་བཞིན་དུ། ཁྱོད་ཀྱང་དེ་རྣམས་ལ་བྱ་བ་མ་ཡིན་པ་བསལ་བའི་ཕྱིར་ར་བ་ལྟ་བུར་གྱུར་པ་ཞེས་བྱ་བའོ། །གཞན་ཡང་། འཇིག་རྟེན་གཉིས་ཀར་སྨན་གདགས་དང་། །འཇིག་རྟེན་ལས་ནི་འདའ་

སླད་དུ། །མུན་པར་གྱུར་པའི་འཇིག་རྟེན་ལ། །ཁྱོད་ཀྱིས་ཤེས་རབ་སྣང་བར་མཛད། །འཇིག་རྟེན་གཉིས་ཀར་སྨན་གདགས་དང་། །ཞེས་བྱ་བ་ནི་རྒྱས་པའོ། །འཇིག་རྟེན་པའི་སྒྲ་ནི་ཟག་པ་དང་བཅས་པའི་དངོས་པོ་བརྗོད་དོ། །འཇིག་རྟེན་གཉིས་ཀ་ནི་འཇིག་རྟེན་གཉིས་ཀ་སྟེ། གཟུགས་

དང་གཟུགས་མེད་པ་དང་སྙོམས་པར་འཇུག་པ་དག་དང་། འཇིག་རྟེན་པའི་ལམ་མོ། །དེས་སྨན་གདགས་པ་ནི་འཇིག་རྟེན་གཉིས་ཀར་སྨན་གདགས་དང་ངོ་། །གང་ལ་སྨན་གདགས་པར་མཛད་ཅེ་ན། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ལ་ཞེས་རྟོགས་པར་བྱའོ། །ཡང་ན་འཕགས་པའི་

Vol. 1 · folio 161a

ལམ་གྱིས་བདེན་པ་མཐོང་བས་ངན་སོང་གི་འཇིགས་པ་ལས་འདས་པའི་ཕྱིར་ལྷ་དང་མི་རྣམས་ལ་སྨན་གདགས་པར་མཛད་པའོ། །ཤེས་རབ་སྣང་བར་མཛད་ཅེས་བྱ་བ་ནི་འཆད་པར་འགྱུར་རོ། །འཇིག་རྟེན་ལས་ནི་འདའ་སླད་དུ། །ཞེས་བྱ་བ་ནི་འཇིག་རྟེན་ལས་འདའ་བ་གང་

ཡིན་པ་དེ་ནི་འཇིག་རྟེན་ལས་འདའ་བ་སྟེ། འཇིག་རྟེན་ལས་འདས་པའི་ལམ་དེས་ནི་སྲིད་པའི་རྩེ་མོ་ལས་ཀྱང་འདའ་བའི་ཕྱིར་རོ། །དེའི་སླད་དུ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ལམ་སྟེ། སྐལ་བ་དང་ལྡན་པ་རྣམས་འཇུག་པ་ཞེས་བྱ་བའི་དགོངས་པའོ། དང་གི་སྒྲ་

ནི། ཁྱོད་ཀྱིས་ཤེས་རབ་སྣང་བར་མཛད། །ཅེས་པ་སྟེ་བསྡུས་པའི་དོན་ཏོ། །ཤེས་རབ་ཀྱི་སྣང་བ་དེ་གཞན་གྱིས་ཀྱང་བྱས་སམ་ཞེ་ན། སྨྲས་པ། མུན་པར་གྱུར་པའི་འཇིག་རྟེན་ལ། །ཞེས་སྨོས་པ་ལ། མུན་པ་ནི་མི་ཤེས་པ་སྟེ། དེ་ཉིད་མངའ་བའི་ཕྱིར་མུན་པར་གྱུར་པའི་འཇིག་རྟེན་པ་རྣམས་སོ། །

དཔེར་ན་ལོང་བའི་འཇིག་རྟེན་པ་ལས་སངས་རྒྱས་སུ་གྱུར་ཅིག་ཅེས་བྱ་བ་བྱང་ཆུབ་སེམས་དཔར་གྱུར་པ་ཁྱོད་ཀྱིས་སྨོན་ལམ་བཏབ་པ་དེ་ཡང་དེ་བཞིན་དུ་བསྒྲུབས་སོ། །མུན་པར་གྱུར་པ་དེ་རྣམས་ལ་ཇི་ལྟར་ཡང་དག་པར་གྱུར་པ་བསལ་བའི་ཕྱིར་ཤེས་རབ་ཀྱིས་སྣང་བར་མཛད་པ་ནི་སྐྱེད་པ་སྟེ།

བླ་ན་མེད་པའི་ཡེ་ཤེས་ཁོང་དུ་ཆུད་པར་མཛད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་འདིས་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་འཇིག་རྟེན་ལས་འདས་པའི་ལམ་དག་ལ་བཀོད་པ་སྟེ། དབྱེ་བ་ལྔ་པའི་དོན་བཤད་དོ། །དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་

ལམ་དག་ལ་བཀོད་ནས། ཡུལ་ལ་ཉེ་བར་སྤྱོད་པ་ན། །ལྷ་མིའི་སྤྱོད་པ་ཐ་དད་ཀྱི། །ཆོས་ཀྱི་ལོངས་སྤྱོད་ཐུན་མོང་བས། །ཁྱོད་ལ་དབྱེ་བ་མི་མངའོ། །ལྷ་མའི་སྤྱོད་པ་ཐ་དད་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཐ་དད་པ་ནི་དངོས་པོ་གཅིག་མ་ཡིན་པའོ། །ཉེ་བར་སྤྱོད་པ་ན་ཞེས་བྱ་བ་ནི་

ཡུལ་ལ་ཉེ་བར་སྤྱོད་པ་ཞེས་བྱ་བའོ། །སྤྱོད་པ་ནི་སྤྱོད་པའོ། །ཇི་ལྟར་ཐ་དད་ཅེ་ན། ལྷ་རྣམས་ནི་ལྷའི་བདུད་རྩི་ལ་ཟ་བའི་ལོངས་སྤྱོད་པ་དང་ལྡན་པ་དང་། གཉིས་གཉིས་དང་། འཁྱུད་པ་དང་། ལག་པ་བཅངས་པ་དང་། དགོད་པ་དང་། བལྟ་བས་འཁྲིག་པ་སྤྱོད་པའི་སྤྱོད་པ་དང་ལྡན་པའོ། །

Vol. 1 · folio 161b

མི་རྣམས་ནི་དམན་པའི་ལོངས་སྤྱོད་ཀྱི་སྤྱོད་པ་དང་ལྡན་པ་ཞེས་བྱ་བའོ། །དེ་ལྟར་ལྷ་དང་མི་རྣམས་ཀྱི་ལོངས་སྤྱོད་ཀྱི་སྤྱོད་པ་ནི་ཐ་དད་པའོ། །ཆོས་ཀྱི་ལོངས་སྤྱོད་ཅེས་བྱ་བ་སྨོས་པ་ལ། ཆོས་ཀྱི་ལོངས་སྤྱོད་ནི་བདེན་པ་མཐོང་བ་དང་ཞི་བའི་གནས་དབེན་པ་ལ་སོགས་པའོ། །དེའི་ཐུན་མོང་

ནི་འདྲ་བ་ཁོ་ན་སྟེ། ཆོས་ཀྱི་ལོངས་སྤྱོད་ཐུན་མོང་བའི་རྒྱུ་དེ་ལས་སོ། །ཁྱོད་ནི་བཅོམ་ལྡན་འདས་ལའོ། །དབྱེ་བ་མི་མངའོ་ནི་འདྲ་བ་ཉིད་ཐོབ་པ་ཞེས་བྱ་སྟེ། ཡུལ་ལ་ཉེ་བར་ལོངས་སྤྱོད་པ་དང་སྦྱར་རོ། །ཁྱོད་ལ་བརྟེན་པས་ཆོས་ཀྱི་ལོངས་སྤྱོད་པ་དང་འདྲ་བའི་ཕྱིར་ལྷ་དང་མི་རྣམས་འདྲ་

བའི་ཡུལ་ལ་ལོངས་སྤྱོད་པའི་སྤྱོད་པ་དང་ལྡན་པར་གྱུར་ཏོ་ཞེས་བྱ་བ་ནི་མདོར་བསྡུས་པའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་འདིས་ལྷ་དང་མི་རྣམས་ལམ་ལ་འཇུག་པར་འདྲ་བ་ཁོ་ན་སྟེ། དབྱེ་བ་དྲུག་པའི་བཤད་པའོ། །ཆོས་ཀྱི་ལོངས་སྤྱོད་ཐུན་མོང་ཡིན་པའི་ཕྱིར་ལྷ་དང་མི་རྣམས་

འདྲ་བ་ཡིན་པར་ཇི་ལྟར་ཤེས་ཤེ་ན། སྨྲས་པ། བཅོམ་ལྡན་འདས་ཀྱིས་སྐྱེ་བ་དང་། ན་ཚོད་རིགས་དང་ཡུལ་དང་ནི། །དུས་ཀྱི་སྐྱོན་མེད་ཆོས་རྣམས་ཀྱིས། །འདི་དག་ཀུན་ལ་སྨན་ཡོན་བཏགས། །སྐྱེ་བ་དང་། ན་ཚོད་དང་རིགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། སྐྱེ་བ་དང་

ན་ཚོད་དང་། རིགས་དང་། ཡུལ་དང་། དུས་ཏེ་ཟླས་དབྱེ་བའི་བསྡུ་བའོ། །དེ་རྣམས་ཀྱི་སྐྱོན་མེད་པ་དང་རེ་རེར་སྦྱར་རོ། །ཕལ་ཆེ་བའི་གཏོང་བ་ནི་སྐྱོན་ཏེ་ཡོངས་སུ་གཏོང་བའོ། །ཡོངས་སུ་གཏོང་བ་གང་ལ་མེད་པ་ཞེས་བྱ་བ་དེ་ནི་སྐྱོན་མེད་པ་སྟེ། ཆོས་རྣམས་ཀྱིས་སྨན་ཡོན་བཏགས་

ཞེས་བྱ་བ་དང་སྦྱར་རོ། །སྐྱོན་མེད་པ་ནི་ཁྱད་པར་ལ་མི་ལྟོས་པ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེ་བ་ལ་སྐྱོན་མེད་པ་ནི་ཇི་ལྟར་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་རྣམས་ཆོས་ལ་གཟུད་པར་བྱ་བའི་ཕྱིར་ཆོས་ཀྱི་སྨན་ཡོན་བཏགས་པ་དེ་བཞིན་དུ་མི་རྣམས་ཀྱི་ནང་དུ་སྐྱེས་པ་རྣམས་ཀྱང་ངོ་། །ན་ཚོད་ལ་

སྐྱོན་མེད་པ་ནི་རྒན་པོ་རྣམས་ཇི་ལྟ་བ་དེ་བཞིན་དུ་བྱིས་པ་དང་། གཞོན་ནུ་དང་། ལང་ཚོ་དང་ལྡན་པ་རྣམས་སོ། །རིགས་ལ་སྐྱོན་མེད་པ་ནི་བྲམ་ཟེ་རྣམས་ཇི་ལྟ་བ་དེ་བཞིན་དུ་རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་རྣམས་སོ། །ཡུལ་ལ་སྐྱོན་མེད་པ་ནི་ཡུལ་དབུས་ཀྱི་སྐྱེ་བོ་ཇི་

Vol. 1 · folio 162a

ལྟ་བ་བཞིན་དུ་མཐའ་འཁོབ་ཀྱི་སྐྱེ་བོ་རྣམས་ཀྱང་ངོ་། །དུས་ལ་སྐྱོན་མེད་པ་ནི་ཇི་ལྟར་ཉའམ་གནམ་སྟོང་ཇི་ལྟ་བ་དེ་བཞིན་དུ་ཚེས་གཅིག་གོ། །དང་ནི་གང་གི་ཕྱིར་གྱི་དོན་ཏེ། ཀུན་ལ་སྨན་ཡོན་བཏགས་པའོ། །སྨན་ཡོན་བཏགས་པ་ནི་ཡང་དག་པའི་དབྱེ་བས་གཏོང་བའོ། །

ཆོས་རྣམས་ཀྱིས་སྨན་ཡོན་བཏགས་པ་ནི་ཆོས་རྣམས་ཀྱིས་ཕན་ཡོན་བཏགས་པའོ། །འདི་དག་ནི་ཇི་ལྟར་བཤད་པ་མཛད་པའོ། །ཁྱད་པར་ལ་མི་ལྟོས་པས་ཆོས་ཀྱིས་ཀུན་ལ་ཕན་ཡོན་བཏགས་པ་སྟེ། གང་ཡང་ཡོངས་སུ་སྤོང་བར་ནི་མི་མཛད་དེ། ཇི་ལྟར་འཇིག་རྟེན་པས། དམངས་

རིགས་ལ་ནི་དགོངས་མི་བཤད། །ལྷག་མ་མིན་ཞིང་སྤངས་པ་ཡང་། །མིན་ལ་ཆོས་མིན་བསྟན་པ་དང་། །དེ་ལ་བརྟུལ་ཞུགས་ཀྱང་མི་སྦྱིན། །ཞེས་བྱ་བའོ། །དེའི་ཕྱིར་ལྷ་དང་མི་རྣམས་ཀྱི་ཐ་དད་པ་ཞེས་བྱ་བའི་ཚིགས་སུ་བཅད་པའི་དོན་ནི་རིགས་སོ། །དེ་ལྟར་ཆོས་ཀྱི་ལོངས་

སྤྱོད་པ་དང་ལྡན་པའི་མིར་གྱུར་པ་རྣམས་ལ་ཡང་། ཁྱོད་ཀྱི་ཉན་ཐོས་སྲིད་བྲལ་ཞིང་། །ཡ་མཚན་འཛིན་པ་མེད་རྣམས་ལའང་། །ལྷ་རྣམས་ཐལ་སྦྱར་སྨན་བགྱིད་ཅིང་། །ཡ་མཚན་ཆེ་བ་ལྟ་བུར་མཆོད། །ཡ་མཚན་འཛིན་པ་མེད་རྣམས་ལའང་། །ཡ་མཚན་ཆེ་བ་ལྟ་བུར་ཞེས་བྱ་བ་ནི་རྒྱས་

པའོ། །ཡ་མཚན་ནི་ངོ་མཚར་བ་སྟེ། དེ་གང་ལ་ཡོད་པ་དེ་ནི་ཡ་མཚན་འཛིན་པའོ། །ཡ་མཚན་འཛིན་པ་མེད་པ་རྣམས་ནི་ཉན་ཐོས་དང་སྦྱར་རོ། །ཡ་མཚན་ཆེ་བ་ལྟ་བུར་ཞེས་བྱ་བ་ལ། ཡ་མཚན་ཆེ་བ་ལྟ་བུ་ནི་ཡ་མཚན་ཆེ་བ་ལྟ་བུའོ། །ལྷ་རྣམས་ཞེས་བྱ་བ་ནི་འཆད་པར་འགྱུར་རོ། །མི་

རྣམས་སུ་གྱུར་པ་ཡང་དེ་ལྟ་བུའི་རྫུ་འཕྲུལ་ཆེན་པོ་དང་ལྡན་པར་གྱུར་ཞེས་པས་ལྷ་རྣམས་དེ་ལྟར་ངོ་མཚར་སྐྱེས་པར་གྱུར་ཏོ། །ཐུབ་པའི་དབང་པོའི་གསུང་རབ་འདི་ནི་གྲུབ་པའི་སྙིང་པོ་ཅན་སྐྱེ་བ་ལ་སོགས་པ་ལ་མི་ལྟོས་པ་ཞེས་བྱ་བས་ན་ངོ་མཚར་སྐྱེས་པ་དེ་རྣམས་ཀྱི་ཉན་ཐོས་པ་ལ་མཆོད་དོ་

ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །སྨོན་བགྱིད་ཅིང་ཞེས་བྱ་བ་ནི་ལྷ་ཞེས་བྱ་སྟེ། ཉན་ཐོས་པ་རྣམས་ལས་ཀྱང་ཁོ་བོ་ཅག་འདི་ལྟར་གྱུར་ཏོ་ཞེས་བྱ་བའོ། །སྲེད་བྲལ་ཞིང་ཞེས་བྱ་བ་ནི་བྱ་བ་བྱས་པ་དང་། མོས་པ་དང་བྲལ་བའི་ཉན་ཐོས་པ་རྣམས་ལ་མཆོད་པ་ཞེས་བྱ་བ་ནི་བསྙེན་པའོ། །

Vol. 1 · folio 162b

མཆོད་པའི་བྱ་བ་གཙོ་བོ་ཡིན་པའི་ཕྱིར་དང་། སྨོན་བགྱིད་ཀྱི་བྱ་བ་གཙོ་བོར་མ་གྱུར་པའི་ཕྱིར་ཉན་ཐོས་སྲེད་བྲལ་ལ་ཞེས་བྱ་བ་སྟེ། གཙོ་བོར་གྱུར་པའི་བྱ་བ་དང་སྦྱོར་བའི་ཕྱིར་ན་ལས་ཀྱི་ཚིག་སྟེ། ལྔ་པའི་ནི་མ་ཡིན་ནོ། །ཐལ་སྦྱར་ཞེས་བྱ་བ་ནི་ཐལ་མོ་སྦྱར་བའོ། །དཔེར་ན་རིགས་ངན་པར་

སྐྱེས་པ་འཕགས་པ་ངེས་པར་གནས་པ་དེ་ཉིད་རྡོ་ལེབ་ཀྱི་སྟེང་དུ་ཕྱག་དར་ཁྲོད་ཀྱི་གོས་འདྲུབ་པ་ལ་ཚངས་རིགས་ཀྱི་ལྷ་མོ་བདུན་བརྒྱ་ཚངས་རིས་ནས་འོངས་ནས་གུས་པས་བསྙེན་བཀུར་བྱེད་ཅིང་བལྟས་ནས་ལྷ་མོ་གཞན་ཁ་ཅིག་གིས་ཚིགས་སུ་བཅད་པ་འདི་བརྗོད་དེ། རྒྱ་ཆེ་བ་ཡི་ལྷ་མོ་

བདུན་བརྒྱ་ཡིས། །ཚངས་རིས་ནས་ནི་འོངས་ནས་གུས་པ་ཡིས། །ཅང་ཤེས་སྐྱེས་པའི་མཐའ་ནི་གཟིགས་པ་སྟེ། །ངེས་གནས་སྲིད་མཐར་སོན་ལ་ཕྱག་འཚལ་ལོ། །ཞེས་བྱ་བའོ། །ཉན་ཐོས་ཞེས་བྱ་བ་ནི་ཁྱོད་འབའ་ཞིག་ལ་མ་ཟད་ཀྱི་ཉན་ཐོས་རྣམས་ལ་ཡང་ཞེས་བྱ་བ་ནི་འང་གི་སྒྲའི་

དོན་ཏོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་པོ་འདིས་འཕགས་པའི་ལམ་སྐྱེས་པ་རྣམས་ལ་ཁྱད་པར་གྱི་གནས་ལས་སྐྱེས་པས་མཆོད་པ་སྟེ། དབྱེ་བ་བདུན་པའི་བཤད་པའོ། །དེ་ལྟར་རྟོགས་པས་ངོ་མཚར་བའི་ཡིད་ཀྱིས་བསྟོད་པ་བྱེད་པས་བཤད་པ་ནི། ཨེ་མའོ་སངས་རྒྱས་འཁོར་

བ་ཡི། །ཉིང་ཁུར་གྱུར་པ་བྱུང་བ་བརྗིད། །དེ་ནི་མི་ཡང་ལྷ་རྣམས་ཀྱིས། །སྨོན་པར་བྱ་བ་ཉིད་དུ་གྱུར། །ཨེ་མའོ་སངས་རྒྱས་འཁོར་བ་ཡི། །ཞེས་བྱ་བ་ནི་རྒྱས་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བ་སྟེ་བརྗིད་ཅེས་བྱ་བ་དང་སྦྱར་རོ། །འཁོར་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །

དེའི་ཉིང་ཁུར་གྱུར་པ་ནི་སྙིང་པོར་བཤད་དེ། མར་གྱི་སྙིང་པོ་བཞིན་དུ་འཁོར་བ་དེའི་ཉིང་ཁུར་རོ། །གང་གིས་ཤེ་ན། སྨྲས་པ། སངས་རྒྱས་བྱུང་བ་ནི་གཞན་གྱིས་བསྟན་མི་དགོས་ཏེ། ཉིད་ཀྱིས་མི་ཤེས་པའི་གཉིད་བཅོམ་པའི་ཕྱིར་སངས་རྒྱས་ཞེས་བཤད་དོ། །སད་པའི་སྐྱེས་བུ་བཞིན་

ནོ། །དེའི་བྱུང་བ་ནི་སྐྱེ་བ་སྟེ། དེའི་བརྗིད་པ་ནི་འོད་ཀྱི་ཁྱད་པར་རོ། །དེ་ཇི་ལྟར་ངོ་མཚར་ཆེ་ཞེ་ན། བཤད་པ། དེ་ནི་མི་ཡང་ཞེས་བྱ་བ་ལ་སོགས་པ་ལ། མི་ནི་མིའི་སྐྱེ་བ་སྟེ་སྐྱེ་བ་དམན་པ་ཡིན་པས་ཀྱང་ངོ་། །དེ་ན་ཞེས་བྱ་བ་ནི་གང་ཞིག་སངས་རྒྱས་སུ་བྱུང་བར་གྱུར་པའོ། །ལྷ་རྣམས་ནི་

Vol. 1 · folio 163a

བརྒྱ་བྱིན་ལ་སོགས་པ་རྣམས་ཀྱིས་སྨོན་པར་བྱ་བ་ཉིད་དུ་གྱུར་ཏེ། སྨོན་པར་བྱ་བ་ཉིད་དུ་གྱུར་པའོ། །དེ་ལྟར་བརྒྱ་བྱིན་གྱིས་སྨོན་པ་ནི་ཀྱེ་མའོ་བདག་གནས་འདི་ནས་འཕོས་ནས། མི་རྣམས་ཀྱི་སྐལ་བ་དང་ལྡན་པར་སྐྱེས་ནས་སྐྲ་དང་ཁ་སྤུ་བྲེགས་ནས་ཇི་སྲིད་སྲིད་པ་འདི་ལས་

གཞན་དུ་མི་ལེན་པ་ཞེས་བྱ་བའི་བར་ནི་མདོའི་ཚིག་གོ། །ལམ་ལ་འཇུག་པའི་བསྟོད་པའི་བཤད་པའོ། །ལམ་ལ་འཇུག་པར་བསྟོད་པ་ཞེས་བྱ་བའི་བཤད་པ་སྟེ་ལེའུ་བཅུ་པའོ།། །།དཀའ་བ་མཛད་པ་ལ་བསྟོད་པ་ནི་དཀའ་བ་མཛད་པའི་རྒྱུ་གང་ཡིན་པ་དང་། གང་ཞིག་དཀའ་བ་

མཛད་པའི་བྱ་བའི་རྟེན་དང་། ཇི་ལྟར་རང་དབང་མ་ཡིན་པ་དང་། རྣམ་པ་གང་གིས་དཀའ་བ་མཛད་པའི་བྱ་བ་ཞེས་བྱ་བ་སྟེ། དབྱེ་བ་བཞིའོ། །དེ་ལ། མཉེལ་དང་ཞི་བདེ་ཉམས་གྱུར་དང་། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་བཤད་པར་བྱ་སྟེ། མཉེལ་དང་ཞི་བདེ་ཉམས་གྱུར་དང་། །སྐྱེ་བོ་

ངན་དང་འགྲོགས་པ་དང་། །མི་མཐུན་པ་དང་མང་པོ་དང་། །སྐྱོན་ཡང་ཡོན་ཏན་བཞིན་དགོངས་ཤིང་། །འགྲོ་བའི་དོན་སླད་མ་ཆགས་པའི། །ཐུགས་ཀྱིས་བརྩོན་པ་མཛད་པ་གང་། །སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི། །ཆོས་ཉིད་བཅོམ་ལྡན་དེ་རྨད་དོ། །མཉེལ་བ་གང་ཡིན་པ་དེ་ནི་མཉེལ་

བ་སྟེ། སྡུག་བསྔལ་དགོངས་པའོ། །འདི་ལྟར་ང་ལ་གཟིར་བ་མི་བཟད་པ་བྱུང་བ་དང་། ནད་སྟུག་པོས་འཆི་བའི་མཐར་གྱུར་པ་དང་། འཁོར་རྣམ་བཞི་ལ་ཆོས་བསྟན་པས་མཉེལ་བར་གྱུར་ཏོ་ཞེས་བསྟན་ཏོ། །ཞི་བའི་བདེ་བ་ནི་བསམ་གཏན་ལས་བྱུང་བའི་བདེ་བའོ། །དེ་ཉམས་པར་

གྱུར་པ་ནི་ཡོངས་སུ་བཏང་བའོ། །སྐྱེ་བོ་ངན་དང་འགྲོགས་པ་ནི་ལྷས་བྱིན་དང་། སྐར་བཟངས་དང་། ཀུན་ཁྲོ་དང་། བ་ར་དྭ་ཛ་ལ་སོགས་པ་དང་འགྲོགས་པའོ། །མི་མཐུན་པ་ནི་གྲང་བ་དང་། རླུང་དང་། ཚ་བ་ལ་སོགས་པའོ། །མང་པོ་ནི་ཞི་བའི་བདེ་བ་དང་བྲལ་བའི་གདུལ་བྱའི་སྐྱེ་བོས་

ཡོངས་སུ་བསྐོར་བ་སྟེ། དེ་ལྟ་བུ་ལ་སོགས་པའི་སྐྱོན་རྣམས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པ་དང་། དབང་ཉིད་ཐོབ་པས་ཀྱང་ཡོན་ཏན་བཞིན་ཏེ་ཡོན་ཏན་བཞིན་དུ་དགོངས་པའོ། །བརྩོན་པ་མཛད་པ་ནི་འཇུག་པའོ། །ཅི་རང་གི་དོན་ཡིན་ནམ་ཞེ་ན། མ་ཡིན་ཞེས་

Vol. 1 · folio 163b

བཤད་པ། འགྲོ་བའི་དོན་སླད་ནི་སེམས་ཅན་ལ་ཕན་པའི་རྒྱུའོ། །གང་ཞེས་བྱ་བ་ནི་གང་གིས་ཞེས་བྱ་བའི་དོན་གྱི་ཚིག་གི་ཕྲད་དེ། བརྩོན་པའི་རྒྱུ་གང་གིས་བརྩོན་པར་མཛད་པའོ། །དེ་རྨད་དོ་ཞེས་བྱ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཅི་འཇིག་རྟེན་པ་བཞིན་དུ་སྲེད་པས་

དེ་བཞིན་དུ་བརྩོན་པར་མཛད་པ་ཡིན་ནམ་ཞེ་ན། བཤད་པ། མ་ཆགས་པའི་ཐུགས་ཀྱིས་ཞེས་བྱ་བ་ནི་སྲེད་པ་མི་མངའ་བའི་ཐུགས་ཀྱིས་ཏེ། སྲེད་པ་རྩ་བ་ནས་བཏོན་པའི་ཕྱིར་རོ། །དེ་རྨད་དོ་ཞེས་བྱ་བ་ནི་དམིགས་པར་མི་འགྱུར་བ་སྟེ། འཇིག་རྟེན་པ་ཤིན་ཏུ་རྨད་དུ་བྱུང་བ་ཡིན་པའི་

ཕྱིར་ཁོ་བོ་ཅག་འདྲ་བས་བསམ་པར་མི་ནུས་སོ་ཞེས་བྱ་བ་ནི་དགོངས་པའོ། །བཅོམ་ལྡན་ཞེས་བྱ་བ་ནི་མཆོད་པའི་ཚིག་གོ། །སངས་རྒྱས་རྣམས་ཀྱི་ནི་དེ་བཞིན་གཤེགས་པ་རྣམས་ཀྱིའོ། །སངས་རྒྱས་ཞེས་བྱ་བ་ནི་བོད་པའོ། །ཆོས་ཉིད་ནི་ཆོས་ཀྱི་རང་བཞིན་ཏེ་ཐུགས་རྗེ་ཆེན་པོ་ཞེས་

བྱ་བ་ནི་དགོངས་པའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་པོ་འདིས་མཉེལ་བ་ལ་སོགས་པ་བཟོད་སྤྱོད་པའི་དཀའ་བ་མཛད་པའི་རྒྱུ་ཐུགས་རྗེ་ཆེན་པོ་བཤད་ནས། རྟེན་གང་གིས་མཉེལ་བ་སྐུ་ཉམས་སུ་བསྟར་བ་དེ་བཤད་པར་བྱ་སྟེ། བཤོས་ཀྱང་ཕལ་པ་གསོལ་མཛད་ཅིང་། །རེས་

འགའ་སྨྱུང་བ་དག་ཀྱང་མཛད། །ཉམ་ངའི་ཤུལ་དུའང་གཤེགས་མཛད་ཅིང་། །རད་རོད་ཅན་དུའང་མནལ་བ་མཛད། །བཤོས་ཀྱང་ཕལ་པ་གསོལ་མཛད་ཅིང་། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཟས་ངན་པ་ནི་བཤོས་ཕལ་པའོ། །གསོལ་མཛད་ནི་ཁྱོད་ཀྱིས་བཞེས་བྱ་བས་

འཆད་པར་འགྱུར་རོ། །དཔེར་ན་གྲོང་ཁྱེར་སྲུང་བྱེད་ཅེས་བྱ་བར་བྲམ་ཟེའི་རྒྱལ་པོ་མེས་བྱིན་ཞེས་བྱ་བས་བཅོམ་ལྡན་འདས་ཟླ་བ་གསུམ་མགྲོན་དུ་གཉེར་བ་ལ་བྲམ་ཟེའི་ཡུལ་ནས་མི་མངོན་པའི་གནས་སུ་ཞུགས་པ་དང་། དེ་ལ་བྱང་ཕྱོགས་ཀྱི་ལམ་ནས་ཚོང་པ་འོང་བ་དེ་དག་ལས་རྟ་ཆས་བརྙེས་ནས་

བཅོམ་ལྡན་འདས་ཀྱིས་གསོལ་ལོ་ཞེས་བྱ་བ་ནི་རྟོགས་པ་བརྗོད་པའོ། །རེས་འགའ་སྨྱུང་བ་དག་ཀྱང་མཛད། །ཅེས་བྱ་བ་ནི་དཔེར་ན་ས་ལ་ཞེས་བྱ་བ་བྲམ་ཟེའི་གྲོང་གི་སྐྱེ་བོ་རྣམས་བདུད་ཀྱིས་ཟིན་པའི་ཕྱིར་བསོད་སྙོམས་གཅིག་ཀྱང་རྙེད་པར་མ་གྱུར་ཏོ། །ཉམ་ངའི་ཤུལ་དུའང་གཤེགས་མཛད་

Vol. 1 · folio 164a

ཅིང་། །ཞེས་བྱ་བ་ནི་དཔེར་ན་རྒྱལ་པོའི་ཁབ་ཀྱི་བྲམ་ཟེ་ཚོང་དཔོན་གྱིས་བཅོམ་ལྡན་འདས་བལྟ་བའི་ཕྱིར་མཉན་ཡོད་དུ་ཕྱིན་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་རྒྱུད་ཡོངས་སུ་སྨིན་པ་དང་ལྡན་པར་མ་གཟིགས་ནས་རྒྱལ་པོའི་ཁབ་ཏུ་ཞབས་གཤེགས་སོ། །ཚོང་དཔོན་ཡང་

རྒྱལ་པོའི་ཁབ་ཏུ་སོང་ངོ་། །བཅོམ་ལྡན་འདས་ཙམ་པར་གཤེགས་པ་ནས། དེ་བཞིན་དུ་གནས་བཅས་དང་། བཱ་རཱ་ཎ་སཱི་དང་ཡངས་པ་ཅན་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་དྲུག་ཏུ་གཤེགས་སོ། །དེ་ནས་མཐོང་མ་ཐག་ཏུ་ཚོང་དཔོན་གྱིས་བདེན་པ་མཐོང་བར་གྱུར་ཏོ། །རད་རོད་ཅན་དུའང་མནལ་བ་

མཛད། །ཅེས་བྱ་བ་ལ་མནལ་བ་ནི་ཁྱོད་ཅེས་འཆད་པར་འགྱུར་རོ། །རང་བཞིན་གྱི་དོན་ལ་ཀ་ཏའི་རྐྱེན་ཅན་ནོ། །བ་ལང་གི་རྗེས་བཏོད་པས་ན་རད་རོད་ཅན་ནོ། །བ་ལང་གི་རྨིག་པས་བརྫིས་པའི་འདམ་སྐམས་པ་དང་རད་རོད་ཅན་དང་འདྲ་བར་གྱུར་ཏེ། རད་རོད་ཅན་དེ་རྣམས་སུ་མནལ་བ་མཛད་

དོ། །ཇི་ལྟར་ཀཽ་ཤཱམྦཱིའི་འབྲོག་པའི་བུ་མོ་ཞིག་གི་གྲོང་ཁྱེར་སྔོ་བསངས་སུ་རང་འདོད་པའི་ལག་ཅན་དགོན་པ་པ་ཁྱོར་འདོད་པས་ཕས་གཉེན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་པ་ལག་ཅན་གྱི་གན་དུ་དགོན་པར་བཏང་ངོ་། །དགོངས་ཀའི་དུས་སུ་དགོན་པའི་སྒོ་བཅད་པས་གྲོང་ཁྱེར་གྱི་

ཕྱི་རོལ་དུ་གནས་སོ། །ལག་ཅན་གྱིས་གྲོང་ཁྱེར་སྔོ་བསངས་མཐོང་བས་བདེན་པ་མཐོང་བར་བྱ་བའི་སྐལ་བ་དང་མི་ལྡན་པར་མཁྱེན་ནས་བཅོམ་ལྡན་འདས་ཀྱང་དགོན་པ་དང་ཉེ་བར་གཤེགས་ཏེ་རད་རོད་ཅན་གྱི་སར་རྩའི་མལ་སྟན་ལ་མནལ་བ་མཛད་དོ། །བ་ལང་རྫི་དག་གིས་ཀྱང་ལག་ཅན་

དགོན་པ་པ་ལ་འདི་སྐད་སྨྲས་ཏེ། གང་ཞིག་རབ་ཏུ་བྱུང་བས་ཁྱོད་སྲིན་པོ་ལས་གྲོལ་བར་མཛད་པ་དེ་ཉིད་རད་རོད་ཅན་དུ་མནལ་བར་མཛད་དོ་ཞེས་ལག་ཅན་གྱིས་ཐོས་ནས་གྲོང་ཁྱེར་སྔོ་བསངས་མ་བལྟས་པར་བྱས་པ་གཟོ་བ་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཐད་དུ་ཕྱིན་ནས་ཕྱག་འཚལ་ཏེ་

ཞུས་པ། ཡུལ་འཁོར་གྱི་ནང་དུ་རླུང་གཡོས་པ་ལ་རད་རོད་ཅན་དུ་རྩྭའི་གདན་ལ་བཅོམ་ལྡན་འདས་མནལ་བ་མཛད་དམ་ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ཅན་གཞན་འཇིག་རྟེན་པ་ཁ་ཅིག་བདེ་བའི་སླད་དུ་ཉལ་བར་བྱེད་དེ། ང་ནི་དེ་རྣམས་ལས་གཞན་པ་སྟེ།

Vol. 1 · folio 164b

འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་གདུང་བ་མི་མངའ་བའི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་ཡོངས་སུ་གདུང་བ་དང་ལྡན་པས་འཇམ་པའི་སྟན་ལ་ཉལ་ན་ཡང་སྡུག་བསྔལ་གྱིས་གཉིད་ལོག་པར་བྱེད་དོ་ཞེས་བྱ་བའོ། །དེ་ལྟར་དེ་ལ་ཆོས་བསྟན་པས་ཁྱིམ་བདག་ལག་ཅན་གྱིས་ཇི་

ལྟ་བ་བཞིན་དུ་བདེན་པ་མཐོང་བར་གྱུར་ཏོ་ཞེས་བྱ་བའོ། །མགོན་ཁྱོད་གཙོ་བོར་གྱུར་ལགས་ཀྱང་། །གདུལ་བྱ་རྣམས་ལ་བྱམས་སླད་དུ། །སྐུ་ངས་རྡོ་དང་གཅམ་ཚུལ་དང་། །སྐད་དང་ཆ་ལུགས་བསྒྱུར་བའང་མཛད། །སྐུ་ངས་རྡོ་དང་གཅམ་ཚུལ་དང་། །ཞེས་བྱ་བ་ལ། སྐུ་ངས་ནི་བསྙེན་

བཀུར་མ་ཡིན་པའོ། །ཇི་ལྟར་དགོན་པ་པའི་ཁྱིམ་དུ་བཅོམ་ལྡན་འདས་བཞུགས་པ་དང་། དགོན་པ་པ་ཕྱི་རོལ་དུ་བྱུང་བར་གྱུར་པ་དེ་ཡང་འོངས་ནས་དགེ་སྦྱོང་སོང་ཤིག་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་གཤེགས་ཏེ། གཞན་གྱིས་ཡོངས་སུ་བཟུང་བའི་ཕྱིར་རོ། །དགེ་སློང་

ཞུགས་ཤིག་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ཞུགས་ཏེ། དྲེགས་པ་དང་ང་རྒྱལ་མི་མངའ་བ་ཞེས་བྱ་བའི་ཕྱིར་རོ། །དེ་ལྟར་སེམས་ཅན་རྣམས་དང་སྐུ་ལ་བརྟེན་ནས་མཉེལ་བ་བཤད་དོ། །སྐད་དང་ཆ་ལུགས་བསྒྱུར་བའང་མཛད། །ཅེས་བྱ་བ་ནི་སངས་རྒྱས་ཀྱི་ཆ་ལུགས་སྤངས་

ནས་ཆ་ལུགས་གཞན་པ་ནི་དཔེར་ན་ལེགས་པར་འདོད་པའི་དོན་དུ་རྒྱུད་མངས་བརྡུང་བའི་ཆ་ལུགས་དང་། རྫ་མཁན་རྒན་པོ་ལ་སོགས་པའི་ཆ་ལུགས་ཀྱང་ཇི་ལྟ་བ་བཞིན་ཞེས་བྱ་བའོ། །འཕགས་པའི་གསུང་སྤངས་ནས་ཀླ་ཀློའི་སྐད་ཤེས་པའི་འཇིག་རྟེན་སྐྱོང་བ་རྣམས་ལ་ཆོས་བསྟན་པར་

མཛད་པའི་ཕྱིར་དབ་ཕི་དབ་ཕི་ཞེས་བྱ་བའི་སྐད་གཞན་ནོ། །གསུང་ལ་བརྟེན་ནས་མཉེལ་བ་ནི་གསུང་རྟེན་མཉེལ་བའོ། །དེ་ལྟར་ཕན་འདོགས་མཛད་པའི་ཕྱིར་མགོན་ཁྱོད་ཅེས་བྱ་བ་ནི་བོད་པའོ། །གདུལ་བྱ་ཁོ་ན་ནི་གདུལ་བྱའོ། །དེ་རྣམས་ལ་བྱམས་པ་ནི་ཐུགས་རྗེ་ཆེན་པོ་ཡིས་ཏེ། དེའི་སླད་དུ་

ནི་གདུལ་བྱ་རྣམས་ལ་བྱམས་པའོ། །དེ་ལྟར་འདིར་དཀའ་བ་མཛད་པའི་བྱ་བའི་རྒྱུ་བཤད་དོ། །གཙོ་བོར་གྱུར་ལགས་ཀྱང་ཞེས་པ་ནི་ཞི་བ་དང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་འཇུག་པའི་གཙོ་བོར་གྱུར་པས་ཀྱང་ངོ་། །བཤོས་ཀྱང་ཕལ་པ་གསོལ་མཛད་ཅིང་། །

Vol. 1 · folio 165a

ཞེས་བྱ་བ་ལ་སོགས་པའི་དཀའ་བ་མཛད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་། ཀུན་གྱིས་དགའ་མགུར་རང་དོན་ཕྱིར། །བྲན་བཞིན་བསྐོར་བར་བསྒྲིམས་པ་ལ། །མགོན་ཁྱོད་རྟག་ཏུ་བདག་ཉིད་ལ། །མངའ་མཆིས་པ་ཡང་མ་ལགས་སོ། །ཞེས་སྨོས་པ་ལ། མངའ་མཆིས་པ་

ནི་རང་དབང་ཉིད་དོ། །མགོན་ཁྱོད་ཅེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །རྟག་ཏུ་ཞེས་བྱ་བ་ནི་རྟག་པར་ཏེ་མཆིས་པ་ཡང་མ་ལགས་ཞེས་བྱ་བ་དང་སྦྱར་རོ། །བདག་ཉིད་ནི་ཉིད་ཀྱི་སྐུ་ལ་ཇི་ལྟར་བཤད་པར་བྱ་ཞེ་ན། སྨྲས་པ། བྲན་བཞིན་ཞེས་བྱ་བ་སྨོས་པ་ལ། ཚིག་གི་མཆོད་འོས་ཞེས་བྱ་བ་

ནི་བྲན་ཏེ་གཞན་དབང་དུ་བཤད་དོ། །བཞིན་ནི་དཔེའོ། །ཀུན་གྱིས་ཞེས་བྱ་བ་ནི་སྲོག་ཆགས་རྣམས་ཀྱིས་སོ། །འང་ནི་གང་གི་ཕྱིར་གྱི་དོན་ཏོ། །དགའ་མགུར་ཞེས་བྱ་བ་ནི་ཇི་ལྟར་འདོད་པའོ། །རང་དོན་ནི་རང་གི་དོན་གྱི་ཕྱིར་རོ། །བསྐོར་བ་ནི་བསྐོར་བ་སྟེ། སྐྱབས་མཛད་པའི་ཕྱིར་རོ། །

བཤད་པ་ནི་འདི་ཡིན་ཏེ། ཇི་ལྟར་གང་ཞིག་བྲན་གང་ཡིན་པ་དེས་རང་གི་དོན་གྱི་ཕྱིར་ཇི་ལྟར་འདོད་པས་བསྐོར་བ་དེ་བཞིན་དུ་ཁྱོད་ཀྱང་ཀུན་གྱིས་ཇི་ལྟར་འདོད་པས་རང་གི་དོན་གྱི་ཕྱིར་བསྐོར་བའོ། །དེའི་ཕྱིར། མགོན་ཁྱོད་རྟག་ཏུ་བདག་ཉིད་ལ། །མངའ་མཆིས་པ་ཡང་མ་ལགས་སོ། །ཀུན་

གྱིས་དགའ་མགུར་རང་དོན་ཕྱིར། །ཞེས་བྱ་བ་ནི་ཇི་ལྟར་ཤེས་པར་བྱ་ཞེ་ན། སྨྲས་པ། ཁྱོད་ལ་གང་དང་གང་དུ་ཡང་། །ཇི་སྐད་བསྐུལ་ཡང་མི་སྤོང་སྟེ། །ཉིད་ཀྱི་སྒྲུབ་པ་བཟང་པོ་ལ། །འདའ་བར་གྱུར་པ་མ་མཆིས་སོ། །ཁྱོད་ལ་གང་དང་གང་དུ་ཡང་། །ཞེས་བྱ་བ་ནི་རྒྱས་པའོ། །ཇི་སྐད་

ཅེས་བྱ་བ་ནི་བྲམ་ཟེའམ་སྨེ་ཤ་ཅན་ནམ་དབུལ་པོའམ་ཕྱུག་པོའམ་བདེ་བའམ་སྡུག་བསྔལ་དང་ལྡན་པས་སོ། །གང་དང་གང་དུ་ཞེས་བྱ་བ་ནི་བདུན་པའི་རྒྱུ་མཚན་ཏེ། ངན་སོང་ལས་གདོན་པར་བྱ་བའི་ཕྱིར་དང་། བདེ་འགྲོ་ལ་དགོད་པར་བྱ་བའི་ཕྱིར་རོ། །ཇི་སྐད་ཅེས་བྱ་བ་ནི་ཞེས་དང་བྲལ་

བས་སོ། །བསྐུལ་བ་ཞེས་བྱ་བ་ནི་ཞུས་པས་སོ། །ཉིད་ཀྱི་སྒྲུབ་པ་ཞེས་བྱ་བ་ནི་ཉིད་ཀྱི་སྒྲུབ་པའོ། །གང་གི་དགེ་བའི་བྱ་བ་གང་ཡིན་པ་དེ་བཞིན་དུ་འཇུག་པ་སྟེ། གཞན་གྱི་གཟིར་བ་བསལ་བར་བྱ་བའི་ཕྱིར་རོ། །དཔེར་ན་དམྱལ་བར་འགྲོ་བའི་དོགས་པ་དང་ལྡན་པས་སྔོན་བདེ་འབྱུང་ལས་ཕྱིས་

Vol. 1 · folio 165b

ལྷའི་བུ་ལས་གསུངས་པ། ཐུགས་རྗེ་ལྡན་པས་རྒྱལ་དག་ལ། །སེམས་ནི་ལེགས་པར་དད་པར་གྱིས། །དེ་ལྟར་གཞན་ལ་ཡང་ཅི་རིགས་པར་སྦྱར་རོ། །གནས་པ་ལ་གཅིག་པའི་ཕྱིར་སྒྲུབ་པ་བཟང་པོ་སྟེ། དེ་ལས་འདའ་བར་གྱུར་པ་མ་མཆིས་པ་ནི་འདའ་བར་མ་གྱུར་པ་ཞེས་བྱའོ། །དེ་ལྟ་

བུ་འདིས་ནི་རང་དབང་དུ་མ་གྱུར་པ་བཤད་དོ། །ད་ནི་རྣམ་པ་གང་གིས་དཀའ་བ་མཛད་པ་དེ་བཤད་པར་བྱ་སྟེ། ཇི་ལྟར་ཁྱོད་ནི་གནོད་བགྱིད་ལ། །ཕན་པ་ལྷུར་མཛད་དེ་ལྟ་བུར། །སྐྱེ་བོ་དག་ནི་ཕན་བགྱིད་ལའང་། །ཕན་པ་དེ་ལྟར་ལྷུར་མི་བགྱིད། །ཕན་པ་ལྷུར་མཛད་ཅེས་བྱ་བ་ནི་བཤད་ཟིན་ཏོ། །

གནོད་བགྱིད་ལ་ཞེས་བྱ་བ་ནི་ཟས་གཙང་ལ་སོགས་པ་འབའ་ཞིག་ལ་ཕན་པར་མཛད་པར་མ་ཟད་ཀྱི་གནོད་པར་བགྱིད་པ་ལ་གཞོལ་བ་ལྷས་བྱིན་ལ་སོགས་པ་ལ་ཡང་ངོ་། །ཁྱོད་ནི་བཅོམ་ལྡན་འདས་སོ། །ཇི་ལྟར་ཁྱོད་ཕན་པ་ལྷུར་མཛད་པ་དེ་བཞིན་དུ་ཕན་པར་བྱེད་པའི་སྐྱེ་བོ་ལ་སྐྱེ་བོ་མ་ཡིན་

ནོ། །ཇི་ལྟར་ལྷས་བྱིན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་མཆེད་ཟླ་སྟེ། སྐྱེ་བ་གཞན་དུ་གནོད་པར་བགྱིད་པའི་སྨོན་ལམ་བཏབ་པ་དང་། རྟག་ཏུ་ཕན་པ་མ་ཡིན་པ་སྩོལ་བའོ། །བཅོམ་ལྡན་འདས་ནི་རྟག་ཏུ་ཕན་པར་མཛད་པ་དང་། །ཕན་པ་ཞེས་བྱ་བ་ནི་གཙུག་ལག་གོ། །གཞན་ཡང་། ཁྱོད་

ནི་གནོད་བགྱིད་དགྲ་བོ་ལ། །ཕན་པ་མཛད་པའི་བཤེས་ལགས་ཏེ། །རྟག་ཏུ་སྐྱོན་དག་ཚོལ་བ་ལ། །ཡོན་ཏན་འབའ་ཞིག་ཚོལ་བ་ལགས། །ཁྱོད་ནི་གནོད་བགྱིད་དགྲ་བོ་ལ། །ཞེས་བྱ་བ་ལ་སོགས་པ་སྣོས་པ་ལ། གནོད་པ་ནི་གནོད་པ་བགྱིད་པའོ། །གནོད་པ་བགྱིད་པའི་དགྲ་བོ་ནི་རྫོགས་བྱེད་

ལ་སོགས་པའི་མུ་སྟེགས་པའི་ཚོགས་དེ་དག་གོ། །ཁྱོད་ཕན་པ་མཛད་པ་ནི་དགེ་བ་མཛད་པ་སྟེ། དེ་ཉིད་བཤེས་སོ། །རྟག་ཏུ་སྐྱོན་དག་ཚོལ་བར་བྱེད་པ་གང་ཡིན་པ་དེ་ནི་རྟག་ཏུ་སྐྱོན་དག་ཚོལ་བའོ། །རྟག་ཏུ་སྐྱོན་དག་ཚོལ་བ་ནི་མི་མཆོག་ལ་སོགས་པ་ཡིན་ལ། ཡོན་ཏན་འབའ་ཞིག་ཚོལ་བ་

ནི་དགེ་བ་ཚོལ་བ་དང་ལྡན་པའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་འདིས་གནོད་པ་བགྱིད་པ་ལ་ཕན་པ་ལྷུར་མཛད་པ་དང་། ཕན་པ་ལྷུར་མི་བགྱིད་པ་ཚོལ་བ་ལ་ཕན་པ་ལྷུར་མཛད་པ་ཚོལ་བ་དང་། སྐྱོན་ཚོལ་བ་དག་ལ་ཡོན་ཏན་འབའ་ཞིག་ཚོལ་བ་ཞེས་བྱ་བའི་རྣམ་པ་དེ་དག་རྣམས་ཀྱིས་དཀའ་བ་

Vol. 1 · folio 166a

མཛད་པ་ཞེས་བྱ་བ་བཤད་དོ། །གཞན་ཡང་། ཁྱོད་ནི་གང་ན་དུག་བཅས་ཤིང་། །ཞུགས་དང་བཅས་པར་སྤྱན་དྲངས་པ། །དེར་ནི་བརྩེར་བཅས་གཤེགས་པ་དང་། །ཁྱོད་ལ་བདུད་རྩི་ཅན་དུ་གྱུར། །ཁྱོད་ནི་གང་ན་དུག་བཅས་ཤིང་། །ཞེས་བྱ་བ་ནི་རྒྱས་པའོ། །གཅེར་

བུ་པ་ཕལ་ལ་དད་པ་ཁྱིམ་བདག་དཔལ་སྦས་ཀྱིས་དུག་དང་བཅས་པའི་བཤོས་མདུན་དུ་བཞག་ནས་ཁྱིམ་གྱི་ནང་དུ་མེའི་འོབས་ཀྱི་སྟེང་དུ་རྩྭ་གཅལ་དུ་བཀྲམ་པའི་སྟེང་དུ་སོང་ན་བཅོམ་ལྡན་འདས་མེར་ལྷུང་ཞིང་དུག་དང་བཅས་པའི་ཟས་ཀྱིས་འཆི་བར་འགྱུར་རོ་ཞེས་བྱ་བའི་བསམ་པས་སྤྱན་

དྲངས་སོ། །བཅོམ་ལྡན་འདས་ཀྱང་དེ་ལ་ཐུགས་བརྩེ་བས་དགེ་སློང་གི་དགེ་འདུན་གྱི་ཚོགས་ཀྱིས་བསྐོར་བ་དེའི་ཁྱིམ་དུ་གཤེགས་ནས་ཞབས་བཀོད་པ་དེ་མ་ཐག་ཏུ་མེའི་འོབས་དེ་ལས་པདྨ་སྐྱེས་པར་གྱུར་པ་དང་། བཤོས་ཀྱང་དུག་དང་བྲལ་ནས་བཅོམ་ལྡན་འདས་དང་འཕགས་པའི་

དགེ་འདུན་གྱི་ཚོགས་ཀྱིས་བཞེས་སོ་ཞེས་བྱ་བའོ། །དཔལ་སྦས་ཆུང་མ་དང་བཅས་པ་དད་པར་གྱུར་ནས་ཆོས་བསྟན་པས་བདེན་པ་མཐོང་བར་གྱུར་ཏོ་ཞེས་བྱ་བ་ནི་རྟོགས་པ་བརྗོད་པའི་སྡེའོ། །དེ་ཉིད་ལ་བརྟེན་ནས་བཤད་པ། གང་ན་སྤྱན་དྲངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ།

གང་ན་ཞེས་བྱ་བ་ནི་དཔལ་སྦས་གནས་སོ། །སྤྱན་དྲངས་པ་ནི་གདུགས་ཚོད་ཀྱི་ཕྱིར་ཞུས་པར་གྱུར་པའོ། །དུག་དང་བཅས་པ་ནི་དུག་དང་བཅས་པ་སྟེ་སྤྱན་དྲངས་པའོ། །དེ་བཞིན་དུ་ཞུགས་དང་བཅས་པའོ། །དེར་ནི་དེའི་རྒྱུ་མཚན་ཏེ་དཔལ་སྦས་ཀྱི་སླད་དུ་ཞེས་བྱ་བའི་དོན་ཏོ། །

གཤེགས་པ་ཞེས་བྱ་བ་ནི་ཡོན་བདག་གི་མངོན་དུ་ཡང་དག་པར་གཤེགས་པའོ། །ཇི་ལྟར་ཞེ་ན་བཤད་པ། བརྩེར་བཅས་ནི་ཐུགས་རྗེ་དང་བཅས་པའོ། །བདུད་རྩི་ཅན་ནི་བདུད་རྩི་ཅན་དུ་གྱུར་པའོ། །བདུད་རྩི་ནི་འདིར་མྱ་ངན་ལས་འདས་པ་ཐོབ་པའི་ལམ་སྟེ། མི་འཆི་བའི་རྒྱུ་ཡིན་པའི་ཕྱིར་རོ། །

དེ་ལ་མེའི་གཉེན་པོར་བརྩེ་བ་དང་བཅས་པའི་ཆུ་མངོན་དུ་གྱུར་པས་གཤེགས་པ་དང་། དུག་གི་གཉེན་པོར་བདུད་རྩི་དང་ལྡན་པ་ཡང་དག་པའི་ལམ་གྱིས་གཤེགས་པར་གྱུར་ཏོ་ཞེས་བྱ་བ་དང་སྦྱར་ཏེ། གཤེགས་པ་ཞེས་བྱ་བ་ནི་ཉེ་བར་སྦྱོར་བ་གཉིས་དང་སྦྱར་བའི་ཕྱིར་རོ། །དེ་ལྟ་བུའི་ཚིགས་སུ་བཅད་

Vol. 1 · folio 166b

པ་འདིས་འགལ་བ་རྣམས་ལ་ཡང་རྟག་ཏུ་ཕན་པ་བསྐྱེད་པས་དཀའ་བ་མཛད་པ་བཤད་དོ། །གཞན་ཡང་། བཟོད་པས་མི་སྙན་བརྗོད་པ་དང་། །འཁུ་བ་དག་ནི་བདེ་ལེགས་ཀྱིས། །མི་སྙན་སྨྲ་ལ་བདེན་པས་ཏེ། །ཁྱོད་ཀྱིས་སྡང་བ་བྱམས་པས་བཏུལ། །བཟོད་པས་མི་སྙན་བརྗོད་པ་དང་། །ཞེས་

བྱ་བ་སྨོས་པ་ལ། མི་སྙན་པ་བརྗོད་པ་ནི་ཚིག་རྩུབ་པོ་དང་ལྡན་པ་སྟེ་བཟོད་པས་བཏུལ་བའོ། །ཇི་ལྟར་མི་སྙན་པ་བརྗོད་པའི་བྲམ་ཟེ་བྷ་ར་དྭ་ཛས་བཅོམ་ལྡན་འདས་མཉན་ཡོད་དུ་བསོད་སྙོམས་ལ་གཤེགས་པ་ལ་མང་དུ་མི་སྙན་པ་བརྗོད་ནས་དབུ་ལ་རྡུལ་གྱིས་གཏོར་བ་ལ་བཅོམ་ལྡན་འདས་ལ་མ་ཕྱིན་པར་

བྲམ་ཟེ་དེ་ཉིད་ཀྱི་མགོ་ལ་བབས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གསུངས་པ། དག་པ་དང་ནི་སྐྱོན་རྣམས་མེད་པ་དང་། །སྡང་མེད་མི་ལ་ཉེས་གང་བྱེད་པ་ནི། །ཕྱིས་དེ་ཉིད་ལ་སྡིག་པ་ལྡོག་པར་འགྱུར། །ཇི་ལྟར་ཕྲ་མོའི་རྡུལ་གཏོར་མགོ་ལ་བཞིན། །ཞེས་བྱ་

བའོ། །འཁུ་བ་དག་ནི་གནོད་པ་བྱེད་པའི་བསམ་པ་ཅན་ལ་བདེ་ལེགས་ཀྱིས་བཏུལ་ལོ། །དང་གི་སྒྲས་ནི་བཟོད་པས་ཀྱང་ངོ་། །འཁུ་བ་དག་ཅེས་བྱ་བ་ནི་ཁ་ཅིག་ཚིག་མང་པོར་ཟེར་བའོ། །ལེགས་པའི་སྒྲས་དོན་དམ་པའི་དགེ་བ་དང་མྱ་ངན་ལས་འདས་པ་འཐད་དོ་ཞེས་བཤད་དོ། །དེ་ཉིད་ཀྱིས་ན་

འཕགས་པའི་ལམ་མོ། །དེ་ནས་བདེ་ལེགས་ཀྱིས་ནི་དཔལ་སྦས་ལ་སོགས་པ་བདེན་པ་མཐོང་བས་བཏུལ་བ་དང་བཟོད་པས་ཀྱང་ངོ་། །འོ་ན་སྡང་བ་བྱམས་པས་བཏུལ། །ཞེས་འཆད་པར་འགྱུར་ན། སྡང་བ་གང་ཡིན་པ་དེ་ཉིད་འཁུ་བ་སྟེ་སྡང་བའི་དོན་ཅན་ཞེས་བྱ་བ་ཁམས་གདོན་པར་བརྗོད་

པའི་ཕྱིར་ཟློས་པའི་སྐྱོན་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། དཀའ་བ་མཛད་པའི་བྱ་བའི་རྣམ་པ་མཛད་པའི་ཕྱིར་གནས་གཅིག་ཏུ་བདེ་ལེགས་དང་བཟོད་པ་ལ་སོགས་པས་སྡང་བ་བཏུལ་ལོ་ཞེས་བསྟན་པ་དང་། གནས་གཞན་དུ་བྱམས་པ་ལ་སོགས་པ་དཀའ་བ་མཛད་པའི་གནས་སྐབས་སུ་འདི་ནི་

སྨྲ་བ་མི་རིགས་སོ། །ཁ་ཅིག་ན་རེ། ཁྲོ་བ་དག་ནི་བདེ་ལེགས་ཀྱིས། །ཞེས་བརྗོད་པས་ན་དེ་དག་གིས་ཟློས་པའི་སྐྱོན་ཤིན་ཏུ་བསལ་ཏོ། །ཁྲོ་བ་ནི་སོར་ཕྲེང་ཅན་ལ་སོགས་པའོ། །མི་སྙན་སྨྲ་ལ་བདེན་པས་ཏེ། །ཞེས་བྱ་བ་ལ། མི་སྙན་པ་སྨྲ་བ་གང་ཡིན་ཞེ་ན། མཛེས་མ་རབ་ཏུ་བྱུང་བ་ལ་བརྟེན་ནས་

Vol. 1 · folio 167a

མུ་སྟེགས་པ་མི་སྙན་པ་སྨྲ་བའོ། །དེ་རྣམས་ཁྱོད་ཀྱིས་བདེན་པས་བཏུལ་བ་དང་། དང་གི་སྒྲས་ནི་བཟོད་པས་ཀྱང་ངོ་། །བྱམས་པས་ནི་ཕན་པའི་ཐུགས་ཀྱིས་སོ། །སྡང་བ་ནི་གསོད་པ་ལ་བརྩོན་པ་སྟེ། བདུད་ཀྱི་བྲན་དང་མངག་གཞུག་པའོ། །དེ་རྣམས་ཀྱི་མདའ་དང་མདུང་

ཐུང་བཅོམ་ལྡན་འདས་ལ་འཕངས་པ་ལ་བྱམས་པ་ལ་སྦྱོར་བའི་ཕྱིར་མེ་ཏོག་གི་ཆར་དུ་གྱུར་ཏོ་ཞེས་བྱ་བ་ནི་ལུང་ངོ་། །དེ་ལྟ་བས་ན་འདིར་བྱམས་པ་དང་བདེ་ལེགས་དང་བཟོད་པའི་རྣམ་པ་དེ་རྣམས་ཀྱིས་དཀའ་བ་མཛད་པ་བཤད་དོ། །གཞན་ཡང་། ཐོག་མ་མེད་དུས་གོམས་པ་ཡི། །མི་ཡི་

རང་བཞིན་མང་པོ་ཡང་། །ཁྱོད་ཀྱིས་ངན་སོང་རྣམས་བཟློག་ནས། །སྐད་ཅིག་ཉིད་ལ་ཡོངས་སུ་བསྒྱུར། །ཐོག་མ་མེད་དུས་གོམས་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཐོག་མ་མེད་དུས་གོམས་པ་ནི་ཞུགས་པ་ཉིད་དེ། ཐོག་མ་མེད་དུས་གོམས་པའོ། །མང་པོ་ནི་རྣམ་པ་

མང་པོ་ཅན་ནོ། །རང་བཞིན་ནི་སེམས་ཅན་རྣམས་ཀྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་བདག་ཉིད་ཅན་ནོ། །ཁྱོད་ཀྱིས་ངན་སོང་རྣམས་བཟློག་ནས། །ཞེས་བྱ་བ་ལ། ངན་སོང་ནི་ངན་འགྲོ་སྟེ། རྣམ་པར་བཟློག་པ་ནི་གང་གིས་བཟློག་པ་དེ་ངན་སོང་རྣམས་བཟློག་པའོ། །སྐད་

ཅིག་ཉིད་ཅེས་བྱ་བ་ནི་དུས་ཉུང་ངུས་སོ། །ཡོངས་སུ་བསྒྱུར་བ་ནི་གཞན་དུ་བསྒྱུར་བའོ། །འདོད་ཆགས་ཀྱི་སྤྱོད་པ་དང་ལྡན་པར་གྱུར་པ་གང་ཡིན་པ་དེ་ནི་དབང་པོ་ཐུལ་བར་གྱུར་པ་སྟེ། དཔེར་ན་འཕགས་པ་དགའ་བོའི་དབང་པོ་ཐུལ་བ་བཞིན་ནོ། །ཞེ་སྡང་གི་སྤྱོད་པ་དང་ལྡན་པར་གྱུར་

པ་གང་ཡིན་པ་དེ་ནི་བྱམས་པ་ལ་གནས་པར་གྱུར་པ་སྟེ། དཔེར་ན་སོར་ཕྲེང་བཞིན་ནོ། །དེ་ལྟར་འདིར་ཡུན་རིང་པོར་འཇུག་པའི་ཉོན་མོངས་པ་རྣམས་དུས་ཉུང་བས་བཟློག་པས་དཀའ་བ་མཛད་པ་བཤད་པ་སྟེ། དཀའ་བ་མཛད་པ་ལ་བསྟོད་པའི་བཤད་པའོ། །དཀའ་བ་མཛད་པ་ལ་

བསྟོད་པའི་བཤད་པ་ཞེས་བྱ་བ་སྟེ་ལེའུ་བཅུ་གཅིག་པའོ།། །།མཁས་པ་ལ་བསྟོད་པ་བཤད་པར་བྱ་སྟེ། དེ་ལ་མཁས་པ་ནི་ཤེས་རབ་ཅན་དང་གཞོལ་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྐྱེ་བ་བཞིན་དུ་སྐྱེ་བ་ལ་མཁས་པ་དང་། ཚིམ་པ་སྐྱེད་པ་ལ་མཁས་པ་དང་། དོན་དང་བཅས་

Vol. 1 · folio 167b

པའི་གསུང་ལ་མཁས་པ་དང་། རིམ་པར་སྟོན་པ་ལ་མཁས་པ་དང་འདོན་པའི་ཐབས་མཁས་པ་སྟེ་རྒྱུ་དང་བཅས་པ་ཞེས་བྱ་བས་ན་དབྱེ་བ་ལྔའོ། །གང་གི་ཕྱིར། རྩུབ་པ་ངང་འཇམ་བགྱིས་པ་དང་། །འཇུངས་པ་རྣམས་ནི་གཏོང་ཕོད་དང་། །གཏུམ་པོ་ངེས་པར་བགྱིས་པ་གང་། །དེ་ནི་ཁྱོད་

ཀྱི་ཐབས་མཁས་ལགས། །ངང་འཇམ་བགྱིས་པ་ཞེས་བྱ་བ་ལ་འཇམ་པའི་རང་བཞིན་ནི་འཇམ་པ་སྟེ་བདེ་བའོ། །བགྱིས་པ་ཞེས་བྱ་བ་ནི་ཐོབ་པའོ། །རྩུབ་པ་ཞེས་བྱ་བ་ནི་ཁྲོ་བ་ཅན་ནོ། །ཇི་ལྟར་ཁྱིམ་བདག་དྲག་པོ་གཏུམ་པོར་གྱུར་པ་བཅོམ་ལྡན་འདས་ཀྱིས་བཏུལ་བས་ངང་འཇམ་པར་གྱུར་པ་

དང་། དེ་བཞིན་དུ་རྒྱལ་པོ་མ་སྐྱེས་དགྲ་ལ་སོགས་པ་རྣམས་སོ། །འཇུངས་པ་རྣམས་ནི་སེར་སྣ་ཅན་ནོ། །དང་གི་སྒྲས་བགྱིས་པ་ཞེས་བྱ་བ་སྟེ་བསྡུས་པའི་དོན་ཏོ། །གཏོང་ཕོད་ཅེས་བྱ་བ་ནི་སྦྱིན་པར་བྱེད་པ་ཉིད་དོ། །དཔེར་ན་ཁྱིམ་བདག་དཔའ་བོ་ཞེས་བྱ་བ་སེར་སྣ་དང་ལྡན་པས་སློང་མོ་

ཡང་མི་སྟེར་བ་དེ་ལ་བཅོམ་ལྡན་འདས་ཀྱིས་སྦྱིན་པའི་ཆོས་བསྟན་པ་ལས་བརྩམས་ཏེ། ཁྱིམ་བདག་སྦྱིན་པ་ཆེན་པོ་ལྔ་པོ་འདིས་ཞེས་བྱའོ། །སྦྱིན་པ་གཅིག་ཀྱང་ང་ལ་དཀའ་ན་ཆེན་པོ་ལྔ་ལྟ་སྨོས་ཀྱང་ཅི་དགོས་ཞེས་དཔའ་བོས་བསམས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲོག་གཅོད་

པ་ལས་ལྡོག་པ་སྦྱིན་པ་ཆེན་པོ་དང་མ་བྱིན་པར་ལེན་པ་དང་། ཇི་སྲིད་འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པའི་ཁུ་བ་བག་མེད་པའི་གནས་ལས་ལྡོག་པ་ནི་སྦྱིན་པ་ཆེན་པོ་ཞེས་བྱ་བའོ། །དཔའ་བོས་ཡང་དག་པར་བསམས་ཏེ་སྦྱིན་པ་འདི་ནི་སྦྱིན་པ་ཡིན་ཏེ། བང་མཛོད་མི་ཟད་པའི་ཕྱིར་རོ་ཞེས་བྱ་

བས་ན་བཀུར་སྟི་བྱས་ནས་ཐོས་པ་བརྩམས་ཏེ་མངོན་པར་དད་པར་གྱུར་པས་བཅོམ་ལྡན་འདས་ལ་ན་བཟའ་ཟུང་ཅིག་དབུལ་བར་བསམས་ནས་ཁྱིམ་དུ་ཞུགས་ཏེ་གོས་ཀྱི་སྒྲོམ་ཕྱེ་ནས་ན་བཟའ་ཟུང་ཅིག་དབུལ་ལམ་འདི་དབུལ་ལམ་གཞན་དབུལ་ཞེས་སེམས་པ་དེའི་སེམས་བཅོམ་ལྡན་འདས་ཀྱིས་

མཁྱེན་ནས་ཚིགས་སུ་བཅད་དེ་གསུངས་པ། སྦྱིན་པ་དང་ནི་རྩོད་པས་མཉམ་པར་བཤད། །ཡོན་ཏན་དེ་དག་སྐྱེ་ངན་ལ་མི་གནས། །གཡུལ་འགྱེད་དུས་ཉིད་སྦྱིན་པའི་དུས་ཡིན་ཏེ། །རྒྱུ་བསྡུས་པས་ནི་འདྲ་བ་ཉིད་དུ་འགྱུར། །ཞེས་བྱ་བའི་གསུང་ཐོས་ནས་དད་པ་མང་དུ་སྐྱེས་པར་གྱུར་པས་མང་

Vol. 1 · folio 168a

པོ་རི་བའི་ན་བཟའ་ཟུང་བཅོམ་ལྡན་འདས་ལ་ཕུལ་ནས་ཆོས་ཉན་པས་བདེན་པ་མཐོང་བ་དང་། རབ་ཏུ་བྱུང་བས་དགྲ་བཅོམ་པར་གྱུར་ཏོ། །གཏུམ་པོ་ཞེས་བྱ་བ་ནི་གཡོ་སྒྱུ་དང་ལྡན་པའོ། །དེས་པ་ནི་རྒྱུད་འཇམ་པར་བགྱིས་པའོ། །དེ་ནི་ཞེས་བྱ་བ་ནི་བགྱིས་པ་ཞེས་བྱ་བ་

དང་སྦྱར་རོ། །ཐབས་མཁས་པ་ནི་སྦྱོར་བ་ལ་མཁས་པ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་། དགའ་བོ་དབང་པོ་ཉེར་ཞི་དང་། །ང་རྒྱལ་ཁེངས་པ་འདུད་པ་དང་། །སོར་མོའི་ཕྲེང་བའང་ཞི་བགྱིས་ན། །སུ་ཞིག་ངོ་མཚར་སྐྱེད་མི་བགྱིད། །དབང་པོ་ཉེར་ཞི་ཞེས་བྱ་བ་སྨོས་པ་ལ། དབང་

པོ་ནི་མིག་ལ་སོགས་པ་རྣམས་ཏེ། ཉེར་ཞི་ནི་འདོད་ཆགས་ལ་སོགས་པའི་ཡུལ་ལ་མི་འཇུག་པའོ། །དེ་ལ་དགའ་བོ་ནི་བཅོམ་ལྡན་འདས་ཀྱི་མཆེད་ཟླ་སྟེ། འདོད་ཆགས་ཀྱི་ཤས་ཆེ་བ་བཅོམ་ལྡན་འདས་ཀྱིས་བཏུལ་བས་དབང་པོ་དུལ་བའི་ནང་ན་མཆོག་ཏུ་གྱུར་ཏོ། །སུ་ཞིག་ངོ་མཚར་སྐྱེད་

མི་བགྱིད། །ཅེས་བྱ་བ་དང་ཐམས་ཅད་ལ་སྦྱར་རོ། །ང་རྒྱལ་ཁེངས་པ་ནི་ཤིན་ཏུ་ང་རྒྱལ་དང་ལྡན་པའི་སྐྱེ་བོ་ཕ་དང་མ་དག་ལ་ཡང་ཕྱག་འཚལ་བར་མི་བྱེད་པ་བཅོམ་ལྡན་འདས་ཀྱིས་རབ་ཏུ་ཕྱུང་ནས་དགྲ་བཅོམ་པ་ལ་བཀོད་དོ། །འདུད་པ་ནི་དམ་པ་དང་རིགས་ཀྱིས་རྒན་པ་དང་། རབ་ཏུ་བྱུང་བ་

རྒན་པོ་རྣམས་ལ་ཡང་དག་པར་འདུད་པར་གྱུར་ཏོ། །སོར་མོའི་ཕྲེང་བ་གང་ལ་ཡོད་པ་དེ་ནི་སོར་མོའི་ཕྲེང་བའོ། །དེ་ཉིད་རྐུན་པོ་མིའི་སོར་མོའི་ཕྲེང་བ་འཛིན་པས་སྲོག་ཆགས་སྟོང་ཕྲག་གསོད་པར་བྱེད་པ་བཅོམ་ལྡན་འདས་ཀྱིས་བཏུལ་ལོ། །སོར་མོའི་ཕྲེང་བ་ཞི་བ་དེ་ལ་སུ་ཞིག་ངོ་མཚར་

སྐྱེད་པར་མི་བྱེད་དེ། སངས་རྒྱས་ཀྱི་བསྟན་པ་ལ་དད་པ་དང་ལྡན་པ་དང་། དད་པ་དང་མི་ལྡན་པ་ཐམས་ཅད་ཀྱང་ངོ་མཚར་སྐྱེད་པར་མཛད་དོ་ཞེས་བྱ་བ་ནི་དགོངས་པའོ། །དེ་ལྟར་རྩུབ་པ་ལ་སོགས་པའི་རིགས་ཅན་དང་འཇམ་པ་ལ་སོགས་པའི་རིགས་ཅན་དུ་གྱུར་པ་ཞེས་བྱ་བའི་ཚིགས་སུ་བཅད་པ་

གཉིས་ཀྱིས་བཅོམ་ལྡན་འདས་སྐྱེ་བ་ལ་མཁས་པ་བཤད་དོ། །གཞན་ཡང་། ཁྱོད་ཀྱི་ཆོས་ཀྱི་རོས་ཚིམ་པས། །གསེར་ལས་བགྱིས་པའི་མལ་སྤངས་ནས། །རན་མང་བཏིང་བའི་གནས་མལ་དུ། །བརྟན་རྣམས་བསོད་ཉམས་ཉལ་བར་བགྱིད། །རན་མང་བཏིང་བའི་གནས་མལ་དུ། །ཞེས་བྱ་བ་

Vol. 1 · folio 168b

ནི་རྒྱས་པའོ། །མང་བ་ནི་ལུས་ཅན་གྱིས་ཏེ། རན་མང་བཏིང་བའི་གནས་མལ་ཞེས་བྱ་བ་དང་སྦྱར་རོ། །གསེར་ལས་བགྱིས་པ་ཞེས་བྱ་བ་ལ། གསེར་ནི་གསེར་དུ་བཤད་དོ། །དེ་ལས་བགྱིས་པའི་མལ་ནི་གསེར་ལས་བགྱིས་པའི་མལ་སྟེ། གསེར་གྱིས་རྣམ་པར་སྤྲས་པ་ཞེས་བྱ་བའི་ཐ་ཚིག་གོ། །

ཉལ་བར་བགྱིད་ཅེས་བྱ་བ་ནི་ཉལ་བའོ། །བསོད་ཉམས་ནི་འདོད་ཆགས་ལ་སོགས་པའི་ཡོངས་སུ་གདུང་བ་མེད་པའི་ཕྱིར་རོ། །བརྟན་པ་རྣམས་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པ་སྟེ། འཕགས་པའི་ལམ་བསྐྱེད་པའི་ཕྱིར་རོ། །དེ་ལྟར་བཟང་ལྡན་དང་། འོད་སྲུངས་དང་། དགའ་བོ་དང་། ཀུན་

དགའ་བོ་དང་། བྲེ་བོ་ཟས་ལ་སོགས་པ་རྣམས་ཀྱིས་ང་རྒྱལ་སྤངས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བས་དགྲ་བཅོམ་པར་གྱུར་ཏོ། །ཇི་ལྟར་དེ་རྣམས་རྩྭ་མང་པོ་བཏིང་བའི་གནས་མལ་ལ་བསོད་ཉམས་ཀྱིས་ཉལ་བར་བགྱིད་ཅེ་ན། གང་གི་ཕྱིར་ཆོས་ཀྱི་རོས་ཚིམ་པས་ཞེས་བྱ་བ་ནི་མྱ་

ངན་ལས་འདས་པ་དང་། དོན་དམ་པ་ཐོབ་པའི་འཕགས་པའི་ལམ་འཕགས་པ་རྣམས་ལ་ཚིམ་པ་སྐྱེད་པར་བྱེད་པའི་ཕྱིར་ཆོས་ཀྱི་དོན་གྱི་རོ་ནི་ཆོས་ཀྱི་རོའོ། །དེ་ཡིས་ཚིམ་པར་གྱུར་པ་སྟེ། ཚིམ་པའི་དོན་ཞེས་བྱ་བ་ལ་བྱེད་པ་ཚིག་དྲུག་པའོ། །ཁྱོད་ཅེས་བྱ་བ་ནི་ཁྱོད་ཀྱིའོ། །བཟང་ལྡན་ལ་སོགས་པ་

མང་པོ་ཆོས་ཀྱི་རོས་ཚིམ་པས་བསོད་ཉམས་ཀྱིས་ཉལ་བར་བྱེད་དེ། ཞི་བ་ཐོབ་པའི་སེམས་ཀྱིས་ནི། །ཉེ་བར་ཞི་བས་བདེ་བར་ཉལ། །ཞེས་ཚིགས་སུ་བཅད་པ་གསུངས་སོ། །དེ་བཞིན་དུ་འདིར་ཚིམ་པ་བསྐྱེད་པ་ལ་མཁས་པར་བཤད་དོ། །གཞན་ཡང་། ཁྱོད་ཀྱིས་དུས་དང་བསམ་མཁྱེན་པས། །རེས་

འགའ་ཞུས་ནའང་མི་གསུང་ལ། །སྤྲོས་གྱུར་གཞན་ལ་བསྟན་པ་དང་། །དྲུང་དུ་གཤེགས་ནས་བཤད་པའང་མཛད། །རེས་འགའ་ཞུས་ན་མི་གསུང་ལ། །ཞེས་བྱ་བ་ནི་གཞོན་ནུའི་བུ་དང་རིགས་མཐུན་པ་རབ་ཏུ་བྱུང་བ་ཅི་གཽ་ཏ་མ་བདག་ཡོད་དམ་ཞེས་བཅོམ་ལྡན་འདས་ལ་ཞུས་ཤིང་བཅོམ་

ལྡན་འདས་ལ་ཞུས་ཀྱང་མ་གསུངས་སོ། །རྒྱུ་ཅིའི་ཕྱིར་ཞེ་ན། དུས་དང་བསམ་པ་མཁྱེན་པས་ཞེས་བྱ་བས་འཆད་པར་འགྱུར་རོ། །དེ་ལ་དུས་ནི་གཞོན་ནུའི་བསམ་པ་ཡོངས་སུ་སྨིན་པར་མ་དགོངས་པས་བདག་མེད་པ་བཤད་པའི་སྐལ་བ་དང་ལྡན་པ་འདི་ནི་མ་ཡིན་ནོ་ཞེས་

Vol. 1 · folio 169a

དགོངས་པས་མ་གསུངས་སོ། །དྲུང་དུ་གཤེགས་ནས་ཞེས་བྱ་བ་ནི་མ་ཞུས་པར་ཡང་བཤད་པ་མཛད་པ་ནི་ཆོས་སྟོན་པའོ། །ཇི་ལྟར་ངན་སྤོང་གི་བུའི་རྫ་མཁན་གྱི་ཁྱིམ་དུ་བཞུགས་པ་ནས་དྲུང་དུ་གཤེགས་ཏེ། དགེ་སློང་པདྨའི་རྗེས་སུ་འབྲང་བ་ལ་ཐོག་མར་དགེ་བ་ཞེས་བྱ་བ་

ལ་སོགས་པའི་ཆོས་བསྟན་ཏོ། །དེའི་ཚེ་པདྨའི་རྗེས་སུ་འབྲང་བའི་བསམ་པ་ཡོངས་སུ་མཁྱེན་པ་དེས་སོ། །སྤྲོས་གྱུར་ཞེས་བྱ་བ་ནི་གདུང་བ་བསྐྱེད་ནས་སོ། །གཞན་ལ་ནི་གཞན་འདུལ་བའི་ཕྱིར་རོ། །ཇི་ལྟར་འོད་སྲུངས་ཀྱིས་ཞུས་པས་གསུངས་པ་ནི་འོན་ཀྱང་ཁྱོད་ཀྱི་དྲི་བ་བསལ་བའི་

དུས་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་ནས་དེའི་སྟོབས་ཀྱིས་ཞུས་ཤིང་མང་དུ་ཞུས་པའི་ཚེ་བཅོམ་ལྡན་འདས་ཀྱིས་འོད་སྲུངས་དེ་ལ་སྤྲོ་བ་བསྐྱེད་ནས་དུས་གཞན་གྱི་ཚེ་བསམ་པ་ཡོངས་སུ་སྨིན་པར་ཐུགས་ཀྱིས་མཁྱེན་ནས་དྲིས་པ་དེ་ལ་ལན་ཀླན་པར་མཛད་དོ། །ཐོས་ནས་དུས་གཞན་གྱི་ཚེ་བདེན་

པ་མཐོང་བར་གྱུར་ཏོ་ཞེས་བྱ་བ་ནི་མདོའི་དོན་ཏོ། །དུས་དང་བསམ་པ་མཁྱེན་པས་ཞེས་བྱ་བ་ལ། དུས་དང་བསམ་པ་ནི་ཡོངས་སུ་སྨིན་པ་སྟེ། དེ་མཁྱེན་པས་ན་དུས་དང་བསམ་པ་མཁྱེན་པའོ། །དེ་ན་དུས་དང་བསམ་པ་མཁྱེན་པ་ཁྱོད་ཀྱིས་སོ། །དེ་ལྟ་བས་ན་འདིར་དོན་དང་ལྡན་པ་ལ་སྟོན་མཁས་

པ་ཞེས་བཤད་དོ། །གཞན་ཡང་། དྲི་མེད་གོས་ལ་ཚོན་བཞིན་དུ། །ཐོག་མར་སྦྱིན་སོགས་གཏམ་དག་གིས། །སེམས་ལ་སྤྲོ་བ་བསྐྱེད་ནས་ནི། །ཕྱི་ནས་ཆོས་ནི་བསྟན་པ་མཛད། །ཐོག་མར་སྦྱིན་སོགས་གཏམ་དག་གིས། །ཞེས་བྱ་བའི་ཚིགས་སུ་བཅད་པ་ལ། ཐོག་མར་ཞེས་བྱ་བ་ནི་དང་

པོར་རོ། །སྦྱིན་སོགས་གཏམ་དག་གིས་ཞེས་བྱ་བ་ལ། སོགས་ཀྱི་སྒྲས་ནི་ཚུལ་ཁྲིམས་ཀྱི་གཏམ་ལ་སོགས་པ་ཤེས་པར་བྱའོ། །སེམས་ལ་སྤྲོ་བ་ནི་སེམས་ལས་སུ་རུང་བ་ཉིད་དེ། འཕགས་པའི་བདེན་པའི་གཏམ་གྱིས་དོན་ཡོངས་སུ་ཤེས་པའི་ནུས་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །

དུས་ནི་དུས་ཕྱི་མའོ། །ཆོས་ནི་འཕགས་པའི་ལམ་ཞེས་དགོངས་པའོ། །དྲི་མ་མེད་པ་གང་ལ་ཡོད་པ་དེ་ནི་དྲི་མེད་གོས་ཏེ་དེ་ལའོ། །ཆོས་གང་ཡིན་པ་དེ་ནི་ཚོན་ནོ། །བཞིན་དུ་ནི་དཔེར་རོ། །ཇི་ལྟར་ཚོན་གྱི་ལས་ལ་མཁས་པས་ཐལ་བ་ལ་སོགས་པས་དྲི་མ་དག་པར་གྱུར་པའི་གོས་ལ་ཚོན་གྱིས་

Vol. 1 · folio 169b

བཙོས་པ་དེ་བཞིན་དུ། ཁྱོད་ཀྱིས་སྦྱིན་པའི་གཏམ་ལ་སོགས་པས་སེམས་ལ་སྤྲོས་པ་བསྐྱེད་ཅིང་གོ་རིམས་ཀྱི་གཏམ་ལ་མཁས་པས་ཆོས་བསྟན་པ་མཛད་དོ་ཞེས་བྱ་བ་ནི་མ་ལུས་པའི་དོན་ཏོ། །དེ་བཞིན་དུ་མདོ་ལས། གང་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐོག་མའི་དུས་སུ་ཆོས་ཀྱི་

གཏམ་མཛད་དེ། དཔེར་ན་སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་གཏམ་གྱི་བར་དུའོ། །དཔེར་ན་གོས་དག་པ་དྲི་མ་མེད་པ་ལ་ཚོན་གྱིས་བཙོས་ན་ཡང་དག་པར་ཚོན་ལེན་པར་གྱུར་པ་དེ་བཞིན་དུ། གནས་འཇོག་དང་རིས་མཐུན་པའི་བྲམ་ཟེ་མོ་སྟན་དེ་ལ་གནས་ནས་

འཕགས་པའི་བདེན་པ་བཞི་དངོས་སུ་བྱས་སོ་ཞེས་བྱ་བ་སྟེ། དཔེར་ན་སྡུག་བསྔལ་བ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་ཞེས་བྱ་བའོ། །དེ་ལྟ་བས་ན་འདིར་རིམ་པས་སྟོན་པ་ལ་མཁས་པར་བཤད་དོ། །གང་གི་ཕྱིར་དེ་ལྟར་མཛད་པ་དེའི་ཕྱིར། འཁོར་བ་མི་བཟད་གཏིང་ནས་

ནི། །འགྲོ་བ་ཉོན་མོངས་དྲང་སླད་དུ། །ཁྱོད་ཀྱིས་གང་གིས་མ་བཙལ་བའི། །ཐབས་དང་སྤྱོད་པ་དེ་མ་མཆིས། །ཞེས་བྱ་བ་ནི་རྒྱས་པའོ། །ཐབས་ནི་སྦྱོར་བ་སྟེ། སྐལ་བ་དང་མི་ལྡན་པ་དྲང་བའི་ཕྱིར་ཐབས་མཛད་པའི་སྤྱོད་པ་མི་ནུས་སམ་ཞེ་ན། སྨྲས་པ། སྤྱོད་པ་ཞེས་བྱ་བ་སྟེ། དང་གི་

སྒྲ་ནི་དང་གི་སྒྲའི་དོན་ཏོ། །ཐབས་གང་གིས་མི་སྤྱོད་ཅེས་བྱ་བ་དེ་ནི་མི་མངའོ། །གང་གིས་སེམས་མི་བརྩལ་བ་ནི་ཁྱོད་ཀྱིས་རྩོལ་བ་མ་མཛད་པའོ། །དེའི་དོན་ནི་འདི་ཡིན་ཏེ། ཁྱོད་ཀྱིས་ཐབས་དང་སྤྱོད་པ་རྣམས་བརྩལ་བར་མཛད་དོ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། འཁོར་བ་མི་བཟད་

གཏིང་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་རྒ་བ་དང་། ན་བ་དང་། འཆི་བ་ལ་བརྟེན་པའི་ཕྱིར་ན་འཁོར་བ་མི་བཟད་པའོ། །ཐོག་མ་མེད་པའི་དུས་ཅན་ཡིན་པའི་ཕྱིར་ཟབ་པས་ན་གཏིང་རིང་བའོ། །དེ་ལས་དྲང་བའི་སླད་དུ་ནི་མྱ་ངན་ལས་འདས་པར་འདྲེན་པའི་ཕྱིར་རོ། །འགྲོ་བ་ནི་འཇིག་རྟེན་

པ་ཐམས་ཅད་དོ། །གལ་ཏེ་ཕུང་པོ་ལྔའི་རང་བཞིན་གྱི་འཁོར་བ་ལས་འགྲོ་བ་ལྡོག་པ་མ་ཡིན་མོད་ཀྱི་འོན་ཀྱང་འཆད་པ་པོས་དབྱེ་བ་འཆད་པར་འདོད་པས་འཁོར་བ་ལས་འགྲོ་བ་དྲང་བའི་སླད་དུ་ཞེས་བྱ་བས་བཤད་པ་གྲུབ་སྟེ། ཇི་ལྟར་ནགས་འདི་ན་སེང་ལྡེང་དང་། ཤིང་པཱ་ལ་ཤ་ཡོད་དེ་ཞེས་བྱ་

Vol. 1 · folio 170a

བའོ། །ཐམས་ཅད་ཀྱི་རྩོལ་བ་མཛད་ཅེས་པ་ཇི་ལྟར་ཤེས་ཤེ་ན། སྨྲས་པ་གང་གི་ཕྱིར། སྐུ་ཡི་ཆ་ལུགས་རྣམ་མང་དང་། །གསུང་གིས་སོ་སོའི་སྐད་བཞིན་དུ། །འདུལ་བའི་བསམ་པ་ཐ་དད་པ། །དེ་དང་དེར་ནི་ཁྱོད་ཀྱིས་མཛད། །སྐུའི་ཆ་ལུགས་རྣམ་མང་ཞེས་སྨོས་

པ་ལ་རྣམ་མང་ཞེས་བྱ་བ་ནི་རབ་ཏུ་མང་པོའོ། །སྐུའི་ཆ་ལུགས་རྣམས་ནི་དབྱེ་བ་དུ་མའོ། །གསུང་ནི་གསུང་གིས་སོ། །མཛད་ཅེས་བྱ་བ་ནི་འཆད་པར་འགྱུར་བ་སྟེ་གསུངས་པ་ཞེས་བྱ་བའི་དོན་ཏོ། །ཆ་ལུགས་རྣམས་ནི་གཞན་པའི་ཆ་ལུགས་དེ་མཛད་པ་ཞེས་བྱ་བ་དང་སྦྱར་ཞིང་མཛད་པ་

ཞེས་བྱ་བའི་དོན་ཏོ། །འདུལ་བའི་བསམ་པ་ནི་དགོངས་པའོ། །དེ་ཐ་དད་པ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའོ། །དེར་ནི་འདུལ་བའི་བསམ་པ་ཐ་དད་པའི་རྒྱུ་ཡིས་སོ། །དེ་ལ་མཉན་ཡོད་ཀྱི་གྲོང་ཁྱེར་དུ་རེ་ཞིག་ཁྱོད་ཀྱི་གསུང་རྣམ་པ་མང་བ་སྟེ་དཔེར་ན་དབ་ཕེ་དབ་ཕེ་ཞེས་བྱ་བ་

འཇིག་རྟེན་སྐྱོང་བའི་བསམ་པ་ཐ་དད་པ་དང་། དེ་ལས་གཞན་པ་རྣམས་ལ་འཕགས་པའི་གསུང་གིས་སོ། །ཆ་ལུགས་རྣམས་ཀྱང་མང་དུ་མཛད་པ་སྟེ། ཇི་ལྟར་དྲི་ཟ་ཤིན་ཏུ་སྙན་པའི་ང་རྒྱལ་བསམ་པ་ཅན་དུ་མཁྱེན་པས་རོལ་མོ་མཁན་གྱི་ཆ་ལུགས་དང་། ཇི་ལྟར་གཞན་པ་རྫ་མཁན་

ཁ་ཅིག་གིས་རྫ་སའི་རྫ་མ་འཁོར་ལོ་ལས་ཕབ་མ་ཐག་ཏུ་སྐམས་པར་གྱུར་པ་དེའི་ཕྱིར་ང་དང་འདྲ་བ་རྫ་མཁན་གྱི་བཟོའི་སློབ་དཔོན་མེད་དོ་ཞེས་ང་རྒྱལ་སྐྱེས་པ་དེའི་བསམ་པ་བཅོམ་ལྡན་འདས་ཀྱིས་མཁྱེན་པས་རྫ་མཁན་གྱི་ཆ་ལུགས་སུ་སྤྲུལ་ནས་འཁོར་ལོ་ཁོ་ན་ལས་སོ་བཏང་བ་

དབབ་པ་མཛད་དོ། །སླར་ཡང་སངས་རྒྱས་ཀྱི་ཆ་ལུགས་སུ་མཛད་ནས་ང་རྒྱལ་དང་བྲལ་བ་དེ་འདུལ་བར་མཛད་དོ་ཞེས་བྱ་བའོ། །ཐ་མལ་པའི་སྐད་དང་ཆ་ལུགས་གཞན་པ་དེ་རྣམས་ཁ་ཅིག་སྨོད་པ་མ་ཡིན་ནམ་ཞེ་ན། སྨྲས་པ། དེ་དག་ཀུན་ཀྱང་དག་པ་དང་། མི་འགལ་བ་

དང་མཆོད་འོས་དང་། བརྗིད་དང་ལྷ་མི་རྣམས་ལ་ནི། །སྨན་འདོགས་བཀུར་བ་ཤ་སྟག་ལགས། །དག་པ་མི་འགལ་བ་ཞེས་བྱ་བ་ལ་སོགས་པ་ནི་མི་དགེ་བའི་རྩ་བ་སྐྱེད་པར་བྱེད་པ་མི་མངའ་བའི་ཕྱིར་ན་དག་པའོ། །གཞན་ལ་ཕན་པ་ལ་སྦྱོར་བའི་ཕྱིར་མི་འགལ་བའོ། །གཞན་

Vol. 1 · folio 170b

ལ་སྨན་འདོགས་པའི་ཕྱིར་མཆོད་འོས་ཏེ། རབ་ཏུ་བསྔགས་པར་འོས་པ་ཞེས་བྱ་བའི་དོན་ཏོ། །མ་རིག་པའི་རབ་རིབ་གདོན་པ་ལ་གཡེར་བའི་ཕྱིར་ན་བརྗིད་པ་དང་ལྡན་པའོ། །ཀུན་ཞེས་བྱ་བ་ནི་སྐུའི་ཆ་ལུགས་རྣམ་པ་མང་བ་དང་། གསུང་གི་ཆ་ལུགས་རྣམ་པ་མང་བའོ། །ལྷ་དང་མི་

རྣམས་ལ་སྨན་འདོགས་པ་ནི་ཕན་པར་མཛད་པ་སྟེ་བདེན་པ་མཐོང་བར་མཛད་པའི་ཕྱིར་རོ། །ཤ་སྟག་ནི་ལྷ་དང་མི་རྣམས་ཀྱིས་ཕྱག་བྱ་བར་འོས་པའོ། །ད་ལྟར་བྱུང་བའི་དུས་ཞེས་བྱ་བ་ནི་བྱེད་ཚིག་དྲུག་པ་དང་སྦྱར་རོ། །དག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཇི་ལྟར་ཤེས་པར་འགྱུར་

ཞེ་ན། སྨྲས་པ། སྨྲ་དང་བགྱིད་པ་ཕལ་ཆེར་ནི། །ལེགས་པར་རྔོ་ཐོགས་མ་ལགས་ཀྱི། །བདེན་པར་གསུང་བ་ཁྱོད་ལ་ནི། །དེ་གཉིས་གཞན་དུ་གདའ་བ་ལགས། །སྨྲ་དང་བགྱིད་པ་ཞེས་བྱ་བ་ནི་རྒྱས་པའོ། །དང་གི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏོ། །གང་གི་ཕྱིར་ཕལ་ཆེ་བ་དང་ལེགས་པ་ནི་ལེགས་

པ་སྟེ། རྔོ་མི་ཐོགས་པ་དང་། ཕལ་ཆེ་བ་དང་། ལེགས་པར་སྨྲ་བ་ཡང་རྔོ་མི་ཐོགས་པའོ། །གཞན་ཡང་འཇིག་རྟེན་པ་ཁ་ཅིག་ལེགས་པར་བྱེད་པའམ་ལེགས་པར་སྨྲ་བ་སྟེ། ཁྱོད་ལ་གཞན་དུ་ཞེས་བྱ་བ་ནི་ཆ་ལུགས་རྣམ་པ་མང་པོ་དང་། གསུང་རྣམ་པ་མང་པོ་ལ་སོགས་པས་སྔར་

བཤད་པའི་སྦྱོར་བ་ལ་སོགས་པ་རྣམས་ཀྱིས་ལེགས་པར་གདའ་བ་ལགས་སོ། །ཕྱིན་ཅི་ལོག་པའི་གསུང་མི་མངའ་བའི་ཕྱིར་བདེན་པ་གསུང་བ་ཞེས་བོད་པའོ། །གདའ་བ་ཞེས་བྱ་བ་ནི་གདའ་བའོ། །དེ་གཉིས་ཞེས་བྱ་བ་ནི་སྔར་བཤད་པའོ། །ཕལ་ཆེ་བ་དང་ལེགས་པ་ནི་བགྱིད་པ་

དང་གསུང་བའོ། །དེའི་ཕྱིར་སྐུའི་ཆ་ལུགས་རྣམ་མང་ཞེས་བྱ་བ་ནི་སྔར་ལེགས་པར་བཤད་དོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་དེ་རྣམས་ཀྱིས་དག་པའི་སྐུ་དང་གསུང་གི་སྒྲུབ་པས་རྒྱུ་དང་བཅས་པའི་དྲང་བའི་ཐབས་ལ་མཁས་པ་ཉིད་བཤད་དོ། །དེ་ནི་བྱ་བ་མེད་ན་ཡང་སེམས་ཅན་དྲང་བ་ལ་

མཁས་པ་བཤད་པར་བྱ་སྟེ། བདག་ཉིད་དག་པ་འབའ་ཞིག་གིས། །ཁྱོད་ཀྱིས་འགྲོ་བའི་དཔལ་ཞིང་མཛད། །འདི་ལྟར་རྣམ་པ་འདི་འདྲ་ཞིང་། །འཇིག་རྟེན་གསུམ་ན་མཆིས་མ་ལགས། །ཐོག་མེད་སྲིད་པ་ཉམ་ང་བར། །སྔ་ནས་གཅིག་ཏུ་ཉམས་པ་ཡི། །སེམས་ཅན་ཀུན་ལ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words