རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཤྲཱི་ཧེ་བཛྲ་ཏནྟྲ་རཱ་ཛ་ཊཱི་ཀཱ་སུ་བི་ཥ་ད་སཾ་པུ་ཊ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 3 · folio 169a

མཚན་ཉིད་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་ནི་ཕུང་པོ་ལྔ་ལ་སོགས་པ་སྟེ། དེ་རྣམས་ཉིད་ཀྱིས་སྟོང་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །འདས་པའི་ཆོས་ལ་མ་འོངས་པ་དང་། མ་འོངས་པ་ལ་འདས་པ་དང་། ད་ལྟར་བྱུང་བའི་ཆོས་ལ་ད་ལྟར་བྱུང་བ་དང་འདས་པ་དང་།

འདས་པ་དང་མ་འོངས་པ་དག་ལ་ད་ལྟར་བྱུང་བ་ཉེ་བར་དམིགས་པ་མེད་པའི་ཕྱིར་མི་དམིགས་པ་སྟོང་པ་ཉིད་དོ། །ཆོས་ཀྱི་རང་བཞིན་ནི་ཡང་དག་པར་སྦྱོར་བ་མེད་པ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་སྦྱོར་བའོ། །སྦྱོར་བ་དེས་སྟོང་པའི་ཕྱིར་དངོས་པོ་མེད་པའི་རང་བཞིན་སྟོང་པ་ཉིད་དེ། སྦྱོར་

བ་ནི་རང་བཞིན་དང་བྲལ་བ་ཉིད་ཀྱི་ཕྱིར་དངོས་པོ་མེད་པའི་རང་བཞིན་ནོ། །དངོས་པོ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ། དངོས་པོ་དེ་ཡང་དངོས་པོས་སྟོང་པའི་ཕྱིར་དངོས་པོ་སྟོང་པ་ཉིད་དོ། །དངོས་པོ་མེད་པ་ནི་འདུས་མ་བྱས་ཏེ། དེ་དེས་སྟོང་པའི་ཕྱིར་དངོས་པོ་མེད་པ་སྟོང་པ་ཉིད་དོ། །རང་གི་དངོས་པོ་ནི་རང་

བཞིན་ཕྱིན་ཅི་མ་ལོག་པ་ཉིད་དེ། དེ་དེས་སྟོང་པའི་ཕྱིར་རང་གི་དངོས་པོ་སྟོང་པ་ཉིད་དོ། །དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ཁོ་ན་ལྟར་གནས་ཏེ། ཆོས་གནས་པ་ཉིད་དང་ཆོས་ངེས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་

མ་ཡིན་པ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའོ། །དེ་དེས་སྟོང་པ་གང་ཡིན་པ་དེ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་དེ། དེ་ལ་གཞན་གྱི་དངོས་པོ་མེད་པའི་ཕྱིར་རོ། །འདིར་སྟོང་པ་ཉིད་བཅུ་དྲུག་ཁོ་ནར་གཟུང་སྟེ། སྟོང་པ་ཉིད་བཞི་ནི་ནང་དུ་བལྟ་བར་བྱའོ། །བདུད་དག་པ་ལས་ཞབས་དག་གོ་ཞེས་པ་ཕུང་པོའི་

བདུད་ནི་ཚངས་པའི་གཟུགས་འཛིན་པའོ། །ཉོན་མོངས་པའི་བདུད་ནི་གནོད་སྦྱིན་གྱི་གཟུགས་ཅན་ནོ། །འཆི་བདག་གི་བདུད་ནི་གཤིན་རྗེའི་གཟུགས་ཅན་ནོ། །ལྷའི་བུའི་བདུད་ནི་དབང་པོའི་གཟུགས་ཅན་ནོ། །འདི་རྣམས་ལས་རྣམ་པར་རྒྱལ་བས་བདུད་བཞི་རྣམ་པར་དག་པས་ཞབས་བཞིའོ། །རྣམ་

པར་ཐར་པའི་སྒོ་བརྒྱད་རྣམ་པར་དག་པ་ཞལ་བརྒྱད་ཅེས་པ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། །རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་མི་སྡུག་པ་བསྒོམ་པ་ལ་སོགས་པ་རྣམ་པར་ཐར་པའི་སྒོ་བརྒྱད་དེ། དེ་དག་རྣམ་པར་དག་པས་ཞལ་རྣམ་པར་དག་པའོ། །གཟུགས་ཅན་

Vol. 3 · folio 169b

གཟུགས་རྣམས་སྟོང་པར་ལྟ་བ་དང་། ནང་གི་གཟུགས་རྣམས་སྟོང་པར་ལྟ་བ་དང་། ཕྱི་རོལ་གྱི་གཟུགས་རྣམས་སྟོང་པར་ལྟ་བ་དང་། སྐྱེ་མཆེད་རྣམས་སྟོང་པར་ལྟ་བ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟོང་པར་ལྟ་བ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟོང་པར་ལྟ་བ་དང་། འདུ་ཤེས་མེད་འདུ་

ཤེས་མེད་མིན་སྐྱེ་མཆེད་སྟོང་པར་ལྟ་བ་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་སྟོང་པར་ལྟ་བའོ། །སྤྱན་རྣམས་ནི་སྐུ་དང་གསུང་དང་ཐུགས་རྣམ་པར་དག་པ་སྟེ། རྡོ་རྗེ་གསུམ་རྣམ་པར་དག་པའོ། །འབྱུང་བ་ཆེན་པོ་རྣམ་པར་དག་པ་གསུངས་པ། ས་ནི་པུཀྐ་སཱི་རུ་བཤད། །ཆུ་ཁམས་ཤ་བ་རཱི་རུ་བརྗོད། །མེ་ནི་ཙནྜ་ལཱིར་ཤེས་བྱ། །རླུང་ནི་

གཡུང་མོར་རབ་ཏུ་གྲགས། །ཞེས་པ་འབྱུང་བ་ཆེན་པོ་བཞི་རྣམ་པར་དག་པས་མཁའ་འགྲོ་མ་བཞི་རྣམ་པར་དག་པའོ། །ཞེ་སྡང་ལ་སོགས་པ་རྣམ་པར་དག་པ་གསུངས་པ། ཞེ་སྡང་འཁོར་ལོ་ཅན་ཞེས་བཤད། །འཁོར་ལོ་ཅན་ཞེས་པ་འཁོར་ལོའི་གཙོ་མོ་བདག་མེད་མ་སྟེ། དེ་ནི་ཞེ་སྡང་རྣམ་པར་དག་པའོ། །ཞེ་སྡང་

ནི་མི་བསྐྱོད་པ་སྟེ། རྡོ་རྗེ་འཆང་དང་དབྱེར་མེད་པའི་བདག་མེད་མ་ཁོ་ནའོ། །འདོད་ཆགས་ཆུ་ཡི་རྣལ་འབྱོར་མ། །དེ་ནི་འདོད་ཆགས་རྣམ་པར་དག་པ་སྟེ། འདོད་ཆགས་ནི་འོད་དཔག་ཏུ་མེད་པའོ། །དེ་རྣམ་པར་དག་པ་ཆུའི་རྣལ་འབྱོར་མ་སྟེ། །འོད་དཔག་ཏུ་མེད་པ་དང་དབྱེར་མེད་པའི་ཆུའི་རྣལ་འབྱོར་མའོ། །ཕྲག་དོག་རྡོ་རྗེ་མཁའ་འགྲོ་མ། །

ཕྲག་དོག་རྣམ་པར་དག་པ་རྡོ་རྗེ་མཁའ་འགྲོ་མ་སྟེ། དོན་ཡོད་གྲུབ་པ་རྣམ་པར་དག་པ་རྡོ་རྗེ་མཁའ་འགྲོ་མ་ཡིན་པའི་ཕྱིར་དེ་དང་དབྱེར་མེད་དོ་ཞེས་པའི་དོན་ཏོ། །སེར་སྣ་གསང་བའི་དཀར་མོ་སྟེ། སེར་སྣ་རྣམ་པར་དག་པ་ནང་གི་རིམ་པར་གནས་པའི་མཁའ་འགྲོ་མ་སྟེ། རིན་ཆེན་དབང་པོ་རྣམ་པར་དག་པའི་

ཕྱིར་དེ་དང་དབྱེར་མེད་པ་ཉིད་དོ་ཞེས་པའི་དོན་ཏོ། །གཏི་མུག་དེ་བཞིན་རྡོ་རྗེར་བཤད། །ཅེས་པ་གཏི་མུག་རྣམ་པར་དག་པ་རྡོ་རྗེ་མ་སྟེ། རྡོ་རྗེ་མ་ནི་རྣམ་པར་སྣང་མཛད་རྣམ་པར་དག་པའི་ཕྱིར། དེ་དང་དབྱེར་མེད་པའི་རྡོ་རྗེ་མ་ཞེས་པའོ། །འདིས་ནི། ཞེ་སྡང་ལ་སོགས་རྣམ་སྦྱོང་བ། །ཞེ་སྡང་ལ་སོགས་པ་རྣམ་

པར་དག་པ་ནང་གི་རིམ་པར་གནས་པ་རྡོ་རྗེ་འཆང་དང་དབྱེར་མེད་པའི་མཁའ་འགྲོ་མ་ལྔ་རྣམས་སོ། །རིམ་པ་འདིས་ཕུང་པོ་རྣམ་པར་དག་པ་སྟེ། དེའི་ཕྱིར་གསུངས་པ། བསྐྱེད་པའི་རིམ་པའི་ཕྱོགས་ལས་ནི། །འདིས་ནི་ཕུང་པོ་སྦྱང་བར་བྱ། །རིམ་པ་འདིས་ཕུང་པོ་ཞེས་པ་གཟུགས་ཀྱི་ཕུང་པོ་ལ་སོགས་

Vol. 3 · folio 170a

པས་ཕུང་པོ་ལྔ་སྦྱང་ཞིང་དྲི་མ་མེད་པར་བྱའོ། །བསྐྱེད་པའི་རིམ་པའི་ཕྱོགས་ལས་ནི། །ཞེས་པ་ལྷའི་རྣམ་པ་ལས་སོ། །ཡང་ན་གང་བསྐྱེད་པའི་སྒྲས་རབ་ཏུ་རྟོགས་པར་བསྐྱེད་པ་ནི་བསྐྱེད་པ་སྟེ། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཕུལ་དུ་བྱུང་བའི་ཡེ་ཤེས་སོ། །

དེ་རིམ་གྱིས་རྙེད་པའི་ཕྱིར་བསྐྱེད་པའི་རིམ་པ་སྟེ། དེའི་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ལས་སོ། །དེ་ཉིད་ཅི་ལྟར་ཞེ་ན་གསུངས་པ། ཕྱོགས་ལས་རྣམ་པ་གཉིས་ཀའང་། །ཞེས་པའི་དོན་ཏེ། ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ཉིད་ལས་རྡོ་རྗེ་འཆང་དང་བདག་མེད་མ་

ལ་སོགས་པ་དབྱེར་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡང་དག་པའི་ཡེ་ཤེས་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ཁོ་ན་རབ་ཏུ་གསལ་བར་བྱ་བའི་ཕྱིར་གསུངས་པ། གང་དང་གང་གིས་འཇིག་རྟེན་འཆིང་འགྱུར་བ། །དེ་དང་དེས་ནི་འཆིང་བ་ལས་གྲོལ་ཏེ། །འཇིག་རྟེན་རྨོངས་པ་དེ་ནི་མ་རྟོགས་

པ། །དེ་ཉིད་རྣམ་སྤངས་དངོས་གྲུབ་རྙེད་མི་འགྱུར། །འདོད་ཆགས་ལ་སོགས་པ་མངོན་པར་ཞེན་པ་གང་དང་གང་གིས་འཇིག་རྟེན་འཆིང་འགྱུར་འཁོར་བར་འཆིང་ཞིང་བཅིངས་པར་གྱུར་པ་དེ་དང་དེས་ནི་འཆིང་བ་འཁོར་བར་གཟུང་བ་ལས་གྲོལ་ཞིང་ཐར་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་

རྨོངས་པ་གཏི་མུག་གི་མུན་པས་བསྒྲིབས་པར་གྱུར་པའོ། །དེ་ཉིད་མ་རྟོགས་པ་དེ་ཁོ་ན་མི་ཤེས་པའོ། །དེ་ཁོ་ན་ཤེས་པ་མེད་པ་ལས། དངོས་གྲུབ་རྙེད་མི་འགྱུར་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །ཡང་ན་གང་འཇིག་རྟེན་ནི་ཕུང་པོ་ལྔ་སྟེ། གཟུགས་ལ་སོགས་པ་ཡུལ་གྱི་མངོན་པར་ཞེན་པ་གང་དང་གང་གིས་

འཆིང་འགྱུར་བ། མངོན་པར་ཞེན་པར་འགྱུར་རོ། །གཟུགས་ལ་སོགས་པའི་མངོན་པར་ཞེན་པ་དེ་དང་དེ་ཉིད་ཀྱིས་ནི་འཆིང་བ་ལས་གྲོལ་བར་འགྱུར་རོ། །འཇིག་རྟེན་ནི་རྨོངས་པ་སྟེ། ཅི་ལྟར་ཞེ་ན། དེ་ཁོ་ནའི་རང་བཞིན་མ་རྟོགས་པ་དེ་ཁོ་ན་རྣམ་པར་སྤངས་པ་སྟེ་རང་བཞིན་ཡོངས་སུ་ཤེས་པ་སྤངས་པ་ལས།

ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །དེའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་ཡོངས་སུ་ཤེས་པ་ལས་འགྲུབ་པར་འགྱུར་གྱི་རྣམ་པ་གཞན་དུ་སྒྲིབ་པ་ཉིད་ལས་འཁོར་བར་འཁོར་བར་འགྱུར་རོ། །དེ་ཕྱིར་དྲི་མེད་སྒྲ་མེད་གཟུགས་ཉིད་མེད། །རོ་ཡང་མེད་དེ་སེམས་ནི་རྣམ་པར་

Vol. 3 · folio 170b

དག །རེག་མེད་ཆོས་མེད་ཐམས་ཅད་རྣམ་པར་དག །རང་བཞིན་དག་པའི་འགྲོ་ལ་འགྲོ་བར་ཤེས། །དེ་ཕྱིར་དྲི་མེད་སྒྲ་མེད་གཟུགས་ཉིད་མེད། །རོ་ཡང་མེད་དོ། །ཇི་ལྟར་ཞེ་ན། སེམས་ནི་རྣམ་པར་དག་པ་ཆོས་ཐམས་ཅད་སེམས་ཙམ་གཅིག་པུའི་རང་བཞིན་ཉིད་ཀྱི་ཕྱིར་སེམས་ལས་ཕྱི་རོལ་དུ་གྱུར་པ་སོ་

སོར་གསལ་བ་གཞན་ཅུང་ཟད་ཀྱང་མེད་ཀྱི། སེམས་འབའ་ཞིག་ཁོ་ན་རྣམ་པ་དེ་དང་དེ་ཉིད་ཀྱིས་སོ་སོར་གསལ་བར་འགྱུར་རོ། །དེ་ལྟར་ཡང་། ཕྱི་རོལ་དོན་ནི་ཡོད་མིན་ཏེ། །ཇི་ལྟར་བྱིས་པས་རྣམ་བརྟགས་པ། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་བྱུང་། །གཞན་ཡང་།

དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཀྱི་ཡིད་ཡང་དག་སྦྱར། །དེས་དེའི་རང་བཞིན་ཉིད་འགྱུར་ཏེ། །ནོར་བུ་སྣ་ཚོགས་གཟུགས་བཞིན་ནོ། །དེའི་ཕྱིར་ཐམས་ཅད་སེམས་ཙམ་ཁོ་ན་སྟེ། སེམས་ནི་རྣམ་པར་དག་པའོ། །རེག་མེད་ཆོས་མེད། ཁྱད་པར་ཅི་ལྟ་བུའི་སེམས་དེ་རྣམ་པར་དག་ཅེ་ན། དེ་ཉིད་ཀྱི་ཕྱིར་

གསུངས་པ། ཐམས་ཅད་རྣམ་པར་དག་པས་ཁམས་གསུམ་པ་རྣམ་པར་དག་པ་སྟེ་སེམས་རྣམ་པར་དག་པའོ། །དེའི་ཕྱིར་རང་བཞིན་དག་པ་ཉིད་ལས་འགྲོ་བ་འགྲོ་བར་ཤེས་པའི་རྣམ་པ་ཁོ་ན་ཞེས་པའོ། །ཡང་ན་གང་། དེའི་ཕྱིར་དྲི་མེད་སྒྲ་མེད་གཟུགས་ཉིད་མེད་རོ་ཡང་མེད་དེ། སེམས་ནི་རྣམ་པར་དག་པ་

འདིས་ནི་དྲི་ལ་སོགས་པ་རྣམས་དགག་པའི་ཕྱིར་སེམས་ཀྱི་ཡང་ངོ་ཞེས་པ་སྟེ། རྣམ་པར་དག་པ་ཁྱད་པར་དུ་འཕགས་པའི་དག་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །རེག་མེད་ཆོས་མེད་ཅེས་པ་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་ཡང་མེད་པ་ཁོ་ནའོ། །ཐམས་ཅད་རྣམ་པར་དག་

ཅེས་པ་རྣམ་པར་དག་པ་ཡིན་གྱི་རྣམ་པར་མ་དག་པ་ནི་ཅུང་ཟད་ཀྱང་མེད་དེ། ངེས་པར་དངོས་པོ་ཐམས་ཅད་ཀྱི། །རྣམ་དག་དེ་བཞིན་ཉིད་དུ་བརྗོད། །ཅེས་ཐོག་མར་གསུངས་པའི་མཇུག་བསྡུ་བ་ཉིད་དོ། །འདིས་ནི་རང་བཞིན་དག་པའི་འགྲོ་བ་ཉིད་དེ། དེའི་ཕྱིར་འགྲོ་བས་ཤེས་པ་བརྟན་པ་དང་གཡོ་

བ་ལ་སོགས་པ་ཐམས་ཅད་ཡང་དག་པའི་ཡེ་ཤེས་དང་དབྱེར་མེད་པ་ཁོ་ནའོ་ཞེས་པའོ། །དེ་ལྟར་ཡང་། འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པ་ཡིས་ནི་གང་བསྟན་པ། །སྐྲག་པ་ཡོངས་སུ་སྤངས་ཕྱིར་ཏེ། །དེ་ནི་བྱིས་པའི་དེ་ཉིད་མིན། །ཞེས་པའོ། །རྣམ་པར་དག་པའི་ལེའུ་སྟེ་དགུ་པའོ། །

Vol. 3 · folio 171a

བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་དང་དབྱེར་མེད་པ་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་གྱི་འཁོར་ལོ་དབྱེར་མེད་པ་ཉིད་ཀྱིས་གང་ཞིག་ཁྱད་པར་དུ་འཕགས་པར་དག་པ་སྟེ། །ལེའུ་གང་དུ་ཤིན་ཏུ་རྣམ་པར་དག་པ་ནི་དེའི་ལེའུ་སྟེ་དགུ་

པའོ་ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་ལེའུ་དགུ་པའོ།། །།རིམ་པ་གཉིས་རྣམ་པར་དག་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་ཡང་དག་པའི་དེ་ཁོ་ན་གོམས་པར་བྱེད་པ་ནི་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བའི་ཕྱིར་རྣལ་

འབྱོར་མའི་ལེའུ་ཁ་སྦྱོར་ཉིད་ལས་དཀྱིལ་འཁོར་གཉིས་སོ། །དེ་གཉིས་ཀྱི་བདག་ཉིད་ཅན་ཉིད་ཀྱིས་རྣམ་པར་དག་པའི་ལེའུར་ཡང་རིམ་པ་གཉིས་རྣམ་པར་དག་པ་མངོན་པར་བརྗོད་ནས། ད་ནི་སློབ་མ་དབང་བསྐུར་བའི་ལེའུ་བཤད་པར་བྱ་བའི་ཕྱིར་གསུངས་ཏེ། ཇི་ལྟར་གང་ཞིག་དབང་བསྐུར་ནས་ནི་དེ་ཉིད་

བཤད་ཅེས་པའི་གསུངས་ལས། དབང་བསྐུར་མེད་པར་དེ་ཁོ་ན་བསྟན་པར་མི་ནུས་ཤིང་དབང་བསྐུར་ཡང་དཀྱིལ་འཁོར་དང་བྲལ་བས་ཡང་དག་པར་བསྒྲུབ་པར་མི་ནུས་པའི་ཕྱིར་དཀྱིལ་འཁོར་དང་དབང་བསྐུར་བ་དག་གི་ཆོ་ག་གསུངས་པ། དེ་ནས་འདི་ལས་དཀྱིལ་འཁོར་གྱི། །རིམ་པ་ཇི་བཞི་ཡང་དག་བཤད། །

གང་གིས་སློབ་མ་དབང་བསྐུར་བའི། །ཆོ་གའང་རབ་ཏུ་བཤད་པར་བྱ། །དེ་ནས་ཞེས་པ་དེ་མ་ཐག་བར་མ་ཆད་པ་ཉིད་ཀྱིས་སོ། །འདི་ལས་ཞེས་པ་རྣམ་པར་དག་པའི་ལེའུའི་རྗེས་ཐོགས་འདི་ལས་དཀྱིལ་འཁོར་གྱི་ཆོ་ག་རབ་ཏུ་བཤད་དེ། དཀྱིལ་འཁོར་གྱི་ཆོ་ག་བསྟན་པར་བྱའོ། །དཀྱིལ་འཁོར་གྱི་

ཆོ་ག་གང་གིས་སློབ་མ་དབང་བསྐུར་བ། དབང་བསྐུར་ཞིང་མཚོན་པར་བྱེད་པ་ནི་དབང་བསྐུར་བར་བརྗོད་དོ། །དེའི་ཆོ་གའང་རབ་ཏུ་བཤད་པར་བྱའོ། །འདིས་ནི་དཀྱིལ་འཁོར་མ་མཐོང་བའི་དབང་བསྐུར་བ་མེད་དོ། །དབང་མ་བསྐུར་བའི་དེ་ཁོ་ན་ཐོབ་པ་མེད་དོ། །དེ་ཁོ་ན་མེད་པའི་ཕྱག་རྒྱ་ཆེན་པོ་འགྲུབ་

པ་མེད་དོ། དངོས་གྲུབ་ཀྱི་དོན་དུ་དེ་ཁོ་ན་ཐོབ་པ་དང་། དེའི་དོན་དུ་དབང་བསྐུར་བ་དང་། དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་ཡིན་པའི་ཕྱིར་དཀྱིལ་འཁོར་གྱི་དོན་ཉིད་གསུངས་པ། ནོར་འཛིན་སྦྱང་བྱ་རྣལ་འབྱོར་པ། །དང་པོར་ལྷ་ཡི་བདག་ཉིད་ཅན། །ཨོཾ་རཀྵ་རཀྵ་ཞེས་པས་སྦྱང་པའི་སྔགས་ཀྱིས་

Vol. 3 · folio 171b

ནོར་འཛིན་སྦྱང་བར་བྱའོ། །དང་པོར་སྔོན་དུ་ལྷའི་བདག་ཉིད་ཅན་ཞེས་པ་གང་གི་བདག་ཉིད་ལྷ་ཁོ་ན་ཡིན་པ་དེ་ནི་ལྷའི་བདག་ཉིད་ཅན་ཏེ། སློབ་དཔོན་རང་ཉིད་ལྷའི་སྐུའི་རང་བཞིན་ཞེས་པའི་དོན་ཏོ། །ཡང་ནོར་འཛིན་ཞེས་པ་ཆོས་འབྱུང་སྟེ། སྦྱང་བྱ་ཞེས་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་

བདག་ཉིད་ཅན་ཉིད་ཀྱིས་རྣམ་པར་གནས་པར་བྱའོ། །རྣལ་འབྱོར་པ་ཞེས་པ་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་དང་ལྷའི་རྣམ་པའི་རྣམ་པར་དག་པའོ། །དང་པོར་ཞེས་པ་ཇི་ལྟར་གཉིས་སུ་མེད་པར་གྱུར་པའོ། །ལྷའི་བདག་ཉིད་ཅན་ཞེས་པ་རྣལ་འབྱོར་པ་གང་ཞིག་ལྷའི་བདག་ཉིད་ཀྱི་ཡེ་ཤེས་ཀྱི་རྣལ་

འབྱོར་དང་ལྡན་པ་དེ་ནི་ལྷའི་བདག་ཉིད་ཅན་ཏེ། ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་རྣམ་པར་དག་པ་གཉིས་ཀྱི་ཡེ་ཤེས་ཀྱི་སྐུ་ཞེས་པའི་དོན་ཏོ། །འབད་པས་ཧཱུྃ་ལས་རྡོ་རྗེ་ཅན། །བྱས་ཏེ་ཕྱི་ནས་དཀྱིལ་འཁོར་བྲི། །ནོར་འཛིན་རྣམ་པར་སྦྱངས་པ་སྟེ། །བར་མ་ཆད་པས་རྣལ་འབྱོར་

པས་དཀྱིལ་འཁོར་བྲི་བར་བྱའོ། །འབད་པས་ཧཱུྃ་ལས་རྡོ་རྗེ་ཅན་བྱས་ཏེ་ཞེས་པ། །རེ་ཕས་སྔོན་དུ་ཉི་མ་རྣམ་བསྒོམས་ཏེ་ཞེས་པ་ལ་སོགས་པའི་རིམ་པས་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། རྡོ་རྗེའི་གུར་དང་། རྡོ་རྗེའི་ར་བ་སྟེ། འདིས་ནི་རྡོ་རྗེའི་རང་བཞིན་གྱི་གཞལ་ཡས་ཁང་རྣམ་པར་བསམས་

ནས་དེའི་དབུས་སུ་དཀྱིལ་འཁོར་བྲི་བར་བྱའོ། །ཡང་ན། ཧཱུྃ་ལས་རྡོ་རྗེ་ཅན་བྱས་ཏེ། །ཞེས་པ་ཧཱུྃ་ཡིག་དབྱེར་མེད་པ་ཁོ་ན་རྡོ་རྗེ་འཆང་དང་། བདག་མེད་མའི་བདག་ཉིད་ཅན་དུ་བྱས་ཏེ། ཕྱི་ནས་ཞེས་པ་དེ་མ་ཐག་བར་མ་ཆད་པ་ཉིད་ཀྱིས་དཀྱིལ་འཁོར་ཡང་དག་པའི་ཡེ་ཤེས་བྲི་ཞིང་རྟག་ཏུ་ལྷག་པར་གནས་

པས་རྣམ་པར་གཞག་པར་བྱའོ། །དཀྱིལ་འཁོར་བྲི་བའི་གནས་གསུངས་པ། །སྐྱེད་ཚལ་སྐྱེ་བོ་མེད་གནས་དང་། །བྱང་ཆུབ་སེམས་དཔའི་ཁྱིམ་དང་ནི། །དཀྱིལ་འཁོར་ཁང་པའི་ནང་དུ་ཡང་། །དཀྱིལ་འཁོར་དམ་པ་བཞེངས་པར་བྱ། །སྐྱེད་ཚལ་ཞེས་པ་ས་གཞི་ཤིང་ལྗོན་པ་སྣ་ཚོགས་དང་ལྡན་པ་སྟེ།

བྱིན་གྱིས་བརླབ་པའི་གནས་ཡིན་པའི་ཕྱིར་རོ། །སྐྱེ་བོ་མེད་ཅེས་པ་སྐྱེ་བོ་མ་རུངས་པ་དང་བྲལ་བའི་གནས་སོ། །གནས་ཞེས་པ་ཡུལ་ཕྱོགས་སོ། །བྱང་ཆུབ་སེམས་དཔའི་ཁྱིམ་དུ་ནི། །ཞེས་པ་སྐྱེ་བོ་ངན་པ་དང་བྲལ་ཡང་སྐྱེ་བོ་བཟང་པོ་དང་ལྡན་པའི་གནས་ཏེ། གནས་འདི་རྣམས་སུ་དཀྱིལ་འཁོར་གྱི་ཁང་

Vol. 3 · folio 172a

པ་བྱ་ཞིང་། དེའི་ནང་དུ་དཀྱིལ་འཁོར་བཞེངས་པར་བྱ་སྟེ། དམ་པ་ཞེས་པ་མཆོག་གོ། །ཡང་ན། སྐྱེད་ཚལ་ཞེས་པ་སྐྱེས་པ་དང་དེའི་ཐེག་པ་ཡེ་ཤེས་ཏེ། སྐྱེད་ཚལ་སྤྲོ་བའི་ཡེ་ཤེས་དེ་ལའོ། །སྐྱེ་བོ་མེད་ཅེས་པ་གང་ལ་སྐྱེ་བོ་དབང་པོ་ལ་སོགས་པ་དང་བྲལ་བ་སྟེ། སྐྱེ་བོ་མེད་པ་

སྡུད་པའི་ཡེ་ཤེས་དེ་ལའོ། །བྱང་ཆུབ་སེམས་དཔའི་ཁྱིམ་དང་ནི། །ཞེས་པ། བྱང་ཆུབ་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་དང་སེམས་དཔའ་སྲིད་པ་གསུམ་གཅིག་པ་ཉིད་དེ། རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་སྲིད་པ་གསུམ་དབྱེར་མེད་པའོ། །དེའི་ཁྱིམ་ནི་གནས་ཏེ། རྣམ་པར་རྟོག་པ་མེད་པའི་

གནས་འདི་རྣམས་སོ། །དཀྱིལ་འཁོར་ཁང་པའི་ནང་དུ་ཡང་། །ཡང་དག་པའི་ཡེ་ཤེས་ཀྱི་གནས་གང་ཡིན་པ་ནི་ནང་སྟེ། དེ་ལ་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་ཉིད་ཀྱིས་ཡོངས་སུ་བཅད་པར་མི་ནུས་པའི་ཕྱིར་རོ། །དཀྱིལ་འཁོར་དམ་པ་བཞེངས་པར་བྱ། ཁྱབ་པ་ཉིད་ཀྱིས་རྡོ་

རྗེ་འཆང་ནི་དམ་པ་དང་། སྡོམ་པ་དང་། མཆོག་དང་། གོང་མ་སྟེ། ཉན་ཐོས་ལ་སོགས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། དཀྱིལ་འཁོར་བཞེངས་པའི་དོན་དུ་རྡུལ་ཚོན་གསུངས་པ། ལྷ་ཡི་ཚོན་གྱིས་བྲི་བ་སྟེ། །ཡང་ན་འབྲིང་པོ་ཉིད་ཀྱིས་སོ། །རིན་ཆེན་ལྔ་ཡི་ཕྱེ་མའམ། །ཡང་ན་

འབྲས་ལ་སོགས་པས་སོ། །ལྷའི་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པ་རྣམ་པར་དག་པའི་ལྷ་ལྷག་པར་གནས་པས་སོ། །ཚོན་གྱིས་བྲི་བ་སྟེ་ཞེས་པ་ཚོན་གྱི་རི་མོ་ལ་སོགས་པ་རྣམས་ཀྱིས་སོ། །རིན་ཆེན་ལྔ་ཞེས་པ་ཨིནྡྲ་ནཱི་ལ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། ཟླ་བ་ཆུ་ཤེལ་དང་། མ་ར་ཀ་ཏ་ལ་

སོགས་པ་རྣམས་སམ། ཡང་ན་གང་། མུ་མེན་དང་། དུང་དང་། བྱེ་རུ་དང་། གསེར་དང་། དངུལ་ལ་སོགས་པའི་ཕྱེ་མ་རྣམས་ཀྱིས་སོ། །ཡང་ན་ཞེས་པ་ཕྱོགས་གཞན་ཏེ། འབྲས་ལ་སོགས་པས་སོ་ཞེས་པ་འབྲས་དང་གྲོ་ལ་སོགས་པ་རྣམས་ཏེ། དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པའི་

ཁ་དོག་ལྔའི་རང་བཞིན་རྣམས་ཀྱིས་སོ། །ཡང་ན་ལྷའི་ཞེས་པ་ལྷ་ནི་དབང་པོ་ལ་སོགས་པའོ། །དེ་རྣམས་ཀྱི་ཨི་ན་སེམས་དྲ་ལྷ་ཡིས་ཞེས་པའོ། །དེ་སྤོང་ཞིང་འདོར་བའི་ཕྱིར་ལྷ་ཡིས་རའོ། །དེ་ཡང་ཆུ་སྟེ། འདི་ནི་དབང་པོ་དང་སེམས་སྤོང་བའི་ཆུའོ། །དེ་ཡང་། ཡུལ་ནི་དབང་པོ་དང་རྣམ་པར་

Vol. 3 · folio 172b

ཤེས་པ་ལས་གཞན་མ་ཡིན་པའི་ཕྱིར་རྡོ་རྗེ་གསུམ་དབྱེར་མེད་པ་ཁོ་ན་ཞེས་པའི་དོན་ཏོ། །དེ་ལ་ཨེ་ཀ་ན་ཆོས་འབྱུང་ལས་སྐྱེས་པའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་གྱི་ཡེ་ཤེས་ཀྱིས་སོ། །འབྲིང་པོ་ཡིས་ནི་ཡང་ནའོ། །ཨ་བདག་མེད་མའོ། །ཐ་མི་བསྐྱོད་པའོ། །བ་བྱང་ཆུབ་ཀྱི་སེམས་སོ། །ཨ་བདག་མེད་

མ་སྟེ། རིམ་པ་དང་རིམ་པ་མ་ཡིན་པ་སྤྲོ་བ་དང་སྡུད་པ་དང་། སྡུད་པ་དང་སྤྲོ་བའི་བདག་ཉིད་ཅན་གཉིས་ཀ་དབྱེར་མེད་པ་ཉིད་ཀྱིས་ཡོངས་སུ་བཅད་པར་མི་ནུས་པའི་ཕྱིར་རྒྱུ་དེས་ན་དབུ་མའོ། །ཁྱད་པར་གྱི་དོན་ལ་ནིའི་སྒྲ་སྟེ། ཁྱད་པར་འདི་ལྟ་བུས་ཁྱད་པར་དུ་འཕགས་པ་ཞེས་པའོ། །རིན་ཆེན་

ལྔ་ཡི་རང་བཞིན་ཞེས་པ་ལྔའི་སྒྲ་དབང་པོ་རྣམས་ཏེ། རིན་ཆེན་ནི་སེམས་སོ། །དེའི་རང་བཞིན་ནི་དེ་རྣམས་ཀྱི་རྣམ་པར་འགྱུར་བའོ། །ཕྱེ་མ་ཡིས་ཞེས་པ་རྡུལ་ཕྲ་རབ་ཡང་དག་པར་བརྗོད་པའི་ཕྱིར། ནམ་མཁའི་དཀྱིལ་འཁོར་ཁྱབ་པ་རྣམས་ཀྱིས་སོ། །ཡང་ན་ཞེས་པ་གཉིས་ཀ་དབྱེར་མེད་པའི་

ཡེ་ཤེས་ཀྱི་འབྲས་ལ་སོགས་པས་ཞེས་པའོ། །ཡང་ན་འབྲས་ལ་སོགས་པ་ཞེས་པ་ཇི་ལྟར་འབྲས་ནི་ཕུབ་མ་ལས་རྣམ་པར་གྲོལ་བ་ཉིད་ལས་སྙིང་པོར་རྣམ་པར་གཞག་གོ། །དེ་བཞིན་དུ་སྒྲོ་འདོགས་པ་ལ་སོགས་པའི་སྒྲིབ་གཡོགས་སྤངས་པ་ཉིད་ལས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་

བཞིན་ནོ། །དེ་ལྟར་གྱུར་པའི་ཀ་དང་པོ་རྣམས་ཀྱིས་ཀཾ་བདེ་བ་འཛག་པ་མེད་པའི་མཚན་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་དང་པོ་གཙོ་བོའི་རྒྱུ་སྟེ། ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་རང་བཞིན་ནོ། །དེ་རྣམས་ཀྱི་ཞེས་པ་རྣམ་པ་གཉིས་ཀའི་རྣམ་པར་དག་པ་དཀྱིལ་འཁོར་གཉིས་ཀྱི་བདག་ཉིད་ཅན་

རྡོ་རྗེ་འཆང་ཞེས་པའི་དོན་ཏོ། །དཀྱིལ་འཁོར་གྱི་ཚད་གསུངས་པ། །དཀྱིལ་འཁོར་ཁྲུ་གསུམ་བྱ་བ་སྟེ། །མཐེ་བོང་གསུམ་ནི་ལྷག་མ་བཞི། །ཁྲུ་གསུམ་ཞེས་པ་མི་བསྐྱོད་པ་རྣམ་པར་དག་པའི་ཕྱིར་ཏེ། ཁྲུ་ནི་སོར་མོ་ཉི་ཤུ་རྩ་བཞིའོ། །སོར་མོ་ཡང་ནས་བཞིའི་བདག་ཉིད་ཅན་ནོ། །དེ་ལྟར་རྣམ་པ་

གཉིས་ནི་ཁྲུ་སྟེ། གསུམ་གྱི་ཚད་དོ། །མཐེ་བོང་གསུམ་ནི་ལྷག་པ་ཁྲུ་རེ་རེ་མཐེ་བོང་གསུམ་ལྷག་པ་སྦྱིན་པར་བྱ་སྟེ། བཞི་ཞེས་པ་མཐེ་བོང་གི་ཚད་ནི་ནས་བཞི་སྟེ། འདི་ནི་ཚད་དོ། །ཡང་ན། དཀྱིལ་འཁོར་ཁྲུ་གསུམ་ཞེས་པ་གསུམ་གྱི་སྒྲས་སྐུ་དང་གསུང་དང་ཐུགས་སོ། །ཁྲུའི་སྒྲས་ལྔའི་བདག་

Vol. 3 · folio 173a

ཉིད་ཅན་གཉིས་ཏེ། དབང་པོ་དང་ཡུལ་ལོ། །དཀྱིལ་འཁོར་ཞེས་པ་དཀྱིལ་འཁོར་གྱི་གཙོ་བོ་སྟེ། སེམས་ཀྱི་མིང་ཅན་ཡེ་ཤེས་སོ། །ཞེས་པ་སྐུ་གསུམ་དང་། ཡེ་ཤེས་ལྔའི་བདག་ཉིད་ཅན་ཡང་དག་པའི་ཡེ་ཤེས་སོ། །བྱ་བ་ཞེས་པ་འདི་ཉིད་འབྲས་བུ་སྟེ། ཡང་དག་པར་རྫོགས་པའི་བྱང་

ཆུབ་ཀྱི་རྒྱུའི་ཕྱིར་རོ། །དེ་ཉིད་ཁྱད་པར་ཅི་ཞེ་ན། མཐེ་བོང་གསུམ་ནི་ལྷག་པ་ཞེས་པ། གསུམ་གྱི་སྒྲས་ལྷན་ཅིག་སྐྱེས་པ་ཡེ་ཤེས་ཀྱི་ཆ་ཤས་གསུམ་སྟེ། དགའ་བ་ལ་སོགས་པ་དགའ་བྲལ་གྱི་མཐར་ཐུག་པའོ། །དེ་ནི་མཐེ་བོང་ནི་མཐེ་བོང་ལྷག་པ་སྟེ། །མཐེ་བོང་ནི་རྡོ་རྗེ་འཆང་ངོ་། །དེ་ལྷག་པར་མཚོན་པར་བྱེད་

དེ། ཀཾ་བདེ་བའི་ཡེ་ཤེས་སོ། །དེ་ཡང་བཞི་སྟེ། བཞི་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་པའི་དོན་ནོ། །དཀྱིལ་འཁོར་དེར་རིག་མ་གཞུག་པར་བྱ་སྟེ། དེའི་ཕྱིར་གསུངས་པ། དེར་ནི་རིག་མ་གཞུག་བྱ་སྟེ། ལྷ་མོ་རིགས་ལྔ་ལས་བྱུང་བའོ། །དཀྱིལ་འཁོར་དེར་ནི་རིག་མ་ཞེས་པ་བཙུན་

མོ་ཤེས་རབ་བོ། །ལྷ་མོ་ཞེས་པ་ལྷའི་རྣལ་འབྱོར་དང་ལྡན་པའོ། །རིགས་ལྔ་ལས་བྱུང་བ་ཞེས་པ་རྡོ་རྗེའི་རིགས་ལ་སོགས་པ་རིགས་ལྔ་ལས་སྐྱེས་པའོ། །ཡང་ན། དེར་ནི་ཞེས་པ་ཡང་དག་པའི་ཡེ་ཤེས་སུ་རིག་མ་ཞེས་པ་བདག་མེད་མའོ། །གཞུག་བྱ་སྟེ་ཞེས་པ་ཕུལ་དུ་བྱུང་བས་ཞུགས་པ་དེའི་བདག་

ཉིད་ཀྱིས་གནས་པར་བྱའོ། །ལྷ་མོ་ཞེས་པ་ལྷའི་བདག་ཉིད་ཅན་ཏེ། སྡུད་པའི་བདག་ཉིད་ཅན་འབའ་ཞིག་མ་ཡིན་གྱི་དེ་ནི་སྤྲོ་བའི་རང་བཞིན་ཅན་ཡང་ངོ་། །དེ་ཉིད་ཀྱི་ཕྱིར་རིགས་ལྔ་ལས་བྱུང་བའི་རིགས་ལྔ་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའོ། །དེ་རྣམས་ལས་བྱུང་བ་ནི་སྐྱེས་པ་སྟེ། གང་

ཞིག་སྤྲོ་བར་བྱེད་པ་དེ་རིགས་ལྔ་ལས་བྱུང་བའོ། །ཡང་ན་ཇི་ལྟར་གང་རྙེད་དེ། དེ་ལྟར་བཅུ་དྲུག་ལོན་པ་ཉིད། རིགས་ལྔ་མེད་པའི་ཕྱིར་ཐུན་མོང་བ་ཇི་ལྟར་གང་རྙེད་པ་བཟང་མོ་མ་ཡིན་པ་ཡང་སྟེ། འོན་ཀྱང་བཅུ་དྲུག་ལོན་པ་གཟུང་སྟེ། བྱང་ཆུབ་ཀྱི་སེམས་རྒྱས་པའི་ཕྱིར་རོ། །ཡང་ན། ཨ་ཐ་བཱ་

ཞེས་པ་བདག་མེད་མ་དང་རྡོ་རྗེ་འཆང་དབྱེར་མེད་པ་དང་། རྡོ་རྗེ་འཆང་དང་བདག་མེད་མ་དབྱེར་མེད་པ་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །གང་ཞིག་ཅེས་པ་ངེས་པའི་བྱ་བར་མི་ནུས་པའི་ཕྱིར་རོ། །ཇི་ལྟར་རྙེད་པ་ཞེས་པ་རྣམ་པ་གང་གིས་རྙེད་པའི་ཡེ་ཤེས་སོ། །བཅུ་དྲུག་ལོན་པ་ཞེས་པ་སྟོང་པ་

Vol. 3 · folio 173b

ཉིད་བཅུ་དྲུག་རྣམ་པར་དག་པ་བྱང་ཆུབ་ཀྱི་སེམས་ཏེ། དེ་སྟེར་ཞིང་ཡོངས་སུ་གཏོང་བའི་ཕྱིར་བཅུ་དྲུག་ལོན་པའོ། །དེ་ནི་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པ་དང་བྱང་ཆུབ་ཀྱི་སེམས་ཀྱང་སྟེ་བདག་མེད་མའོ། །དེས་དེའི་བདག་ཉིད་ཀྱིས་ཡོངས་སུ་སྤོང་བའི་ཕྱིར་དེ་ལ་བག་ཆགས་ཀྱི་སྐྱོན་ཡང་མེད་དོ་ཞེས་པའོ། །

བཙུན་མོ་དེ་ཡང་བསྟེན་པར་བྱ་སྟེ། དེའི་ཕྱིར་གསུངས་པ། །ཇི་སྲིད་ཁུ་བ་ལྡན་གྱུར་པ། །དེ་སྲིད་ཕྱག་རྒྱ་བསྟེན་པར་བྱ། །ཇི་སྲིད་དེ་ལ་བྱང་ཆུབ་ཀྱི་སེམས་འབྱུང་བར་གྱུར་པ་དེ་སྲིད་ཕྱག་རྒྱ་དེ་བསྟེན་པར་བྱའོ། །ཡང་ན་རེ་ཞིག་ཕྱག་རྒྱ་དེ་བསྟེན་ཞིང་གོམས་པར་བྱ་སྟེ། ཇི་སྲིད་ཁུ་བ་ལྡན་པ་བྱང་ཆུབ་ཀྱི་སེམས་སྟོང་

པ་ཉིད་དང་། སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་དང་ལྡན་པར་གྱུར་པའོ། །འདིས་ཅི་གསུངས་ན། ཕྱག་རྒྱ་ཆེན་པོ་གོམས་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་དུ་འགྱུར་རོ་ཞེས་པའོ། །ཕྱག་རྒྱ་བསྟེན་པ་དེ་ལ་ཡང་གང་འབྱུང་ཞེ་ན། དེའི་བྱ་བ་གསུངས་པ། ཕྱག་རྒྱའི་གདོང་ནི་

བཅིང་བ་སྟེ། །ཐབས་ཀྱི་གདོང་ཡང་དེ་བཞིན་ནོ། །བསྟེན་པ་དེ་ལས་གང་བྱུང་བ། །སློབ་མའི་ཁ་རུ་གཞུག་པར་བྱ། །བཙུན་མོ་དང་སྐྱེས་བུའི་གདོང་པ་ཡང་གོས་ཀྱིས་བཅིངས་ཏེ། བསྟེན་ཞིང་གོམས་པས་དེ་ལས་གང་བྱུང་བ་བྱང་ཆུབ་ཀྱི་སེམས་གང་ཞིག་བྱུང་བ་དེ། སློབ་མའི་ཁ་རུ་གཞུག་པར་བྱའོ། །

ཡང་ན། ཕྱག་རྒྱ་བདག་མེད་མའི་གདོང་དང་པོར་སྟོང་ཉིད་བྱང་ཆུབ་བཅིངས་ཏེ་བརྟན་པར་བྱ་ཞིང་ཐབས་རྡོ་རྗེ་འཆང་གི་གདོང་སྙིང་རྗེ་ཡང་བཅིངས་ཏེ་བརྟན་པར་བྱས་ནས་སྟོང་པ་ཉིད་དང་སྙིང་རྗེ་གཡོ་བ་མེད་པར་བྱས་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་ནས་བརྟེན་ཅིང་གོམས་པས་གང་བྱང་ཆུབ་ཀྱི་སེམས་གང་ཞིག་

བྱུང་བ་དེ་སློབ་མའི་ཁ་རུ་ཞེས་པ་སློབ་མ་ནི་དབང་པོ་རྣམས་སོ། །དེ་རྣམས་ཀྱི་ཁ་ནི་ཡུལ་རྣམས་ཏེ། སློབ་མའི་ཁ་ཡུལ་དང་དབང་པོ་དེར་གཞུག་ཅིང་བསྡུ་བར་བྱ་སྟེ། དེ་དག་དབྱེར་མེད་པར་བྱའོ་ཞེས་པའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་དེ་ནི་གང་ཞིག་ཡུལ་དང་དབང་པོ་ཐ་དད་མེད་པ་ཁོ་ནའོ་ཞེས་པའི་

དོན་ཏོ། །འདི་ཉིད་མངོན་པར་གསལ་བར་བྱེད་པ། རོ་མཉམ་སློབ་མའི་སྤྱོད་ཡུལ་ནི། །དེ་ཉིད་ལ་ཡང་བྱ་བ་སྟེ། དེ་ཉིད་ལ་ཞེས་པ་གོམས་པ་ན་རོ་མཉམ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་དེ་སློབ་མའི་སྤྱོད་ཡུལ་ཏེ། འདི་ལ་གོམས་རྣམས་སྤྱོད་པའི་ཕྱིར་སྤྱོད་ཡུལ་ནི་ཡུལ་རྣམས་སོ། །

Vol. 3 · folio 174a

སློབ་མ་ནི་དབང་པོ་རྣམས་ཏེ། སློབ་མའི་སྤྱོད་ཡུལ་སློབ་མ་དང་སྤྱོད་ཡུལ་དབང་པོ་དང་ཡུལ་ཏེ་རོ་མཉམ་པར་བྱ་ཞིང་ཐམས་ཅད་བྱང་ཆུབ་ཀྱི་སེམས་དབྱེར་མེད་པ་ཁོ་ན་ཞེས་པའོ། །འདིའི་ཀུན་རྫོབ་ཀྱི་དོན་ནི་ཕྱག་རྒྱ་དེ་ཉིད་ལ་སློབ་མའི་སྤྱོད་ཡུལ་སློབ་མ་དང་ཉེ་བར་རོ་མཉམ་འདུས་པར་བྱའོ། །བྱས་ན་

ཅིར་འགྱུར་ཞེ་ན། དེའི་ཕྱིར་གསུངས་པ། རང་རིག་ཡེ་ཤེས་ཉིད་དུ་འགྱུར། །རང་གཞན་ཡང་དག་རིག་པ་སྤངས། །མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །དངོས་དང་དངོས་མེད་བདག་ཉིད་མཆོག །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །ཆགས་དང་ཆགས་བྲལ་རྣམ་པར་འདྲེས། །ཞེས་པ་དེའི་ཚེ་རང་རིག་

བདག་ཉིད་ཡང་དག་པར་རིག་པར་འགྱུར་ཏེ། དེའི་ཕྱིར་རང་རིག་པ་ཡེ་ཤེས་ཡང་དག་པའི་ཡེ་ཤེས་སོ། །དེ་ཁྱད་པར་ཅི་ཞེ་ན། རང་གཞན་ཡང་དག་རིག་པ་སྤངས། །བདག་དང་གཞན་དུ་རྟོག་པ་སྤངས་པ་སྟེ། དེ་འདི་ལྟ་བུའོ་ཞེས་བརྗོད་པར་མི་ནུས་པའི་ཕྱིར་གང་ཞིག་ཡེ་ཤེས་དེ་དཔེ་ཡིས་སྟོན་པ་མཁའ་མཉམ་ནམ་

མཁའ་ལྟ་བུ་སྟེ། ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྡུལ་བྲལ་དྲི་མ་མེད་པའོ། །དེ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་དེ། རང་བཞིན་དང་བྲལ་བའོ། །དེ་ཉིད་ཀྱི་ཕྱིར། དངོས་དང་དངོས་མེད་བདག་ཉིད་དངོས་པོ་འཁོར་བ་དང་དངོས་མེད་མྱ་ངན་ལས་འདས་པ་སྟེ། བདག་ཉིད་འཁོར་བ་དང་རྣམ་པར་བྱང་བ་གཉིས་

དབྱེར་མེད་པའོ། །དེ་ཉིད་ཀྱི་ཕྱིར་མཆོག་རྨད་དུ་བྱུང་བ་སྟེ། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་ཁྱད་པར་ཅི་ཞེ་ན། གསུངས་པ། ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །ཤེས་རབ་སྐྱེས་བུ་དང་ཐབས་བཙུན་མོ་སྟེ། དེ་དག་ཁྱད་པར་དུ་འདྲེས་པ་འོ་མ་དང་ཆུ་ལྟ་བུར་གཉིས་སུ་མེད་པའི་

ངོ་བོར་གྱུར་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཆགས་དང་ཆགས་བྲལ་རྣམ་པར་འདྲེས། །ཆགས་པ་ནི་ཀུན་དུ་ཆགས་པའི་མཚན་ཉིད་དོ། །ཆགས་བྲལ་ནི་དེ་ཡོངས་སུ་སྤངས་པ་སྟེ། སྤངས་པ་ཡང་ཆགས་པ་ཁོ་ནའོ། །གཉིས་ཀ་རིམ་གྱིས་ཁྱད་པར་དུ་འདྲེས་ཤིང་འདྲེས་པར་གྱུར་པ་སྟེ། འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །

དབུ་མར་དམིགས་པར་མི་འགྱུར་རོ། །རྟོགས་པར་མི་འགྱུར་ཏེ། འདི་ཉིད་ལྷན་ཅིག་སྐྱེས་པ་ཡང་དག་པའི་དེ་ཁོ་ན་ཞེས་པའོ། །ཡང་ན། རང་རིག་པའི་རྒྱུ་ལས་ཡེ་ཤེས་སུ་འགྱུར་ཞིང་རྟོགས་པར་འགྱུར་རོ། །ཡེ་ཤེས་དེ་ཡང་རང་གཞན་ཡང་དག་རིག་པ་སྤངས་པ་རང་སེམས་སོ། །གཞན་ཡུལ་དང་དབང་པོའོ། །ཡང་

Vol. 3 · folio 174b

དག་རིག་པ་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བའི་མཚན་ཉིད་དེ། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་འདི་རྣམས་ཀྱིས་བསྐྱེད་པའི་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་སྤངས་པར་གྱུར་པའོ། །ཁྱད་པར་ཅི་ཞེ་ན། མཁའ་མཉམ་མཁའ་དབང་པོའོ། །དེ་དང་མཉམ་པ་ནི་ལྷའི་མིག་ལ་སོགས་པ་མངོན་པར་ཤེས་པའི་

ཡོན་ཏན་འབྱུང་བའི་ཕྱིར་རོ། །དེ་ཡང་རྡུལ་བྲལ་རིམ་གཉིས་དྲི་མ་མེད་པར་བྱས་པའོ། །སྟོང་པ་ཉིད་དེ་བཞིན་ཉིད་ཀྱི་བདག་ཉིད་དེ། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པར་གྱུར་པའོ། །དེ་ཡང་། དངོས་པོ་དངོས་མེད་བདག་ཉིད་ཅན། །དངོས་པོ་ནི་དངོས་མེད་དེ། གདོད་མ་ནས་མ་སྐྱེས་པའི་ཕྱིར་དངོས་པོ་དངོས་

མེད་དོ། །དེའི་བདག་ཉིད་ཅན་དེའི་རང་བཞིན་དུ་གྱུར་པའོ། །མཆོག་རྨད་དུ་བྱུང་བ་སྟེ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་རོ། །ཡང་ན་གང་། རང་རིག་ལས་ཡེ་ཤེས་ཏེ། དགའ་བ་ཙམ་མོ། །རང་གཞན་ཡང་དག་རིག་པ་སྤངས་པ་ནི་མཁའ་མཉམ་མཆོག་དགའོ། །རྡུལ་བྲལ་ནི་སྟོང་པ་དགའ་

བྲལ་གྱི་དགའ་བའོ། །དངོས་དང་དངོས་མེད་བདག་ཉིད་ནི་མཆོག་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། བཞི་པོ་འདི་ཉིད་དོ། །ཅི་ལྟར་ཞེ་ན། གསུངས་པ། ཐབས་དང་ཤེས་རབ་ཤིན་ཏུ་འདྲེས་པ་རྡོ་རྗེ་འཆང་དང་བདག་མེད་མ་དབྱེར་མེད་པར་གྱུར་པའོ། །དེའི་ཕྱིར་བཞི་སྟེ། ཆགས་དང་ཆགས་བྲལ་རྣམ་པར་འདྲེས། །

ཆགས་པ་ནི་འོད་དཔག་ཏུ་མེད་པ་བྱང་ཆུབ་ཀྱི་སེམས་ཁུ་བའོ། །ཆགས་བྲལ་ནི་ཆགས་པ་ཐམས་ཅད་ཡོངས་སུ་སྤངས་པ་སྟེ། བདེ་བ་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་དག་རྣམ་པར་འདྲེས་པ་ནི་ཁྱད་པར་དུ་འཕགས་པའི་ངོ་བོས་དབྱེར་མེད་པ་སྟེ། དེ་ནི་བདེ་བ་སྤངས་ནས་མིན། །ཞེས་པའི་གསུང་ལས་སོ། །

དེའི་ཕྱིར་ཤེས་རབ་དང་ཐབས་གཉིས་སུ་མེད་པ་གོམས་པས་དགའ་བ་ལ་སོགས་པ་སྐྱེ་བར་འགྱུར་ཞིང་དེ་ལས་ཀྱང་བཞི་བ་གང་ཡིན་པ་སྟེ། དེ་ཉིད་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་ངོ་། །ད་ནི་ལྟ་བ་ཐམས་ཅད་ཡང་དག་པའི་ཡེ་ཤེས་ཀྱི་ནང་དུ་འདུས་པར་བསྟན་པའི་ཕྱིར་གསུངས་པ། དེ་ཉིད་སྲོག་

ཆགས་རྣམས་ཀྱི་སྲོག །རྡོ་རྗེ་འཆང་དེ་ཉིད་སྲོག་ཆགས་སྐྱེ་བོ་རྣམས་ཀྱི་སྲོག་སྟེ། དེ་སྲོག་གི་ནང་དུ་སོན་པའི་ཕྱིར་རླུང་གི་རྣལ་འབྱོར་པ་རྣམས་ཀྱི་ཡང་དེ་ཁོ་ན་སྟེ། ཡང་དག་པར་ཤེས་པ་རྣམས་ཀྱི་དངོས་གྲུབ་ཅེས་པའོ། །ཡང་ན་རྡོ་རྗེ་འཆང་དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག་སྟེ། སྲོག་ནི་སེམས་སོ། །འདི་

Vol. 3 · folio 175a

རྣམས་ལ་ཡོད་པའི་ཕྱིར་སྲོག་ཆགས་ནི་ནཱ་ད་སྟེ། འདི་རྣམས་ཀྱི་སྲོག་ཀྱང་ནཱ་ད་དང་འབྲེལ་པའི་སེམས་སོ། །ནཱ་ད་ཡང་རླུང་བཅུའི་བདག་ཉིད་ཅན་ཏེ། དེ་ལས་ཀྱང་དབང་པོ་ལྔ་དང་ཡུལ་ལྔ་རྣམས་སོ། །དེའི་རང་བཞིན་ཡང་རྡོ་རྗེ་འཆང་སྟེ། སྐུ་དང་གསུང་དང་ཐུགས་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པ་ཁོ་

ན་རྡོ་རྗེ་འཆང་ངོ་། །དེ་ཉིད་འགྲོ་བའི་རང་བཞིན་འདི། །ཞེས་པ་རང་བཞིན་སྨྲ་བ་རྣམས་ཀྱི་སྙིང་སྟོབས་དང་། རྡུལ་དང་མུན་པ་ཆ་མཉམ་པར་གནས་པ་ནི་རང་བཞིན་ཏེ། རང་བཞིན་ལས་རྣམ་འགྱུར་ནི་འགྲོ་བའོ། །ཞེས་པ་འགྲོ་བའི་རང་བཞིན་དེ་ཡང་རྡོ་རྗེ་འཆང་ངོ་། །ཡང་ན། འདི་ཞེས་པ་བརྟན་པ་དང་གཡོ་བ་གཅིག་

པའི་རང་བཞིན་ནོ། །འགྲོ་བའི་རང་བཞིན་ཞེས་པ་འགྲོ་བ་གཟུགས་ལ་སོགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ཀྱི་རྣམ་འགྱུར་ཏེ། ཕུང་པོ་དང་ཁམས་ཀྱི་བདག་ཉིད་ཅན་འདི་ནི་བཅོམ་ལྡན་འདས་སོ། །དེ་ཉིད་ཀྱི་ཕྱིར་དེ་ཉིད་ཐམས་ཅད་ཁྱབ་པ་པོ། །འགྲོ་བའི་རང་བཞིན་ཉིད་ཀྱིས་ཐམས་ཅད་

ཁྱབ་པ་པོ་ནི་བཅོམ་ལྡན་འདས་ཏེ། ཁྱབ་འཇུག་འགྲོ་ཀུན་རང་བཞིན་ནོ། །ཞེས་པ་ཁྱབ་འཇུག་པའི་ལྟ་བ་ལ་གནས་པ་རྣམས་ཀྱིའོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་ལུས་ལ་རྣམ་པར་གནས། ཐམས་ཅད་དུ་ལུས་ལ་རྣམ་པར་གནས་ཤིང་ཐམས་ཅད་ཀྱིའང་ལུས་ལ་རྣམ་པར་གནས་པ་སྟེ། འདི་ནི། ལུས་གནས་ཡེ་ཤེས་ཆེན་པོ་

ནི། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །དངོས་པོ་ཐམས་ཅད་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་པའོ། །དངོས་པོ་དངོས་མེད་དེ་ལས་བྱུང་། །གཞན་རྣམས་གང་རྣམས་དེ་རྣམས་དང་། །ཞེས་པ་དངོས་པོ་འཁོར་བ་དང་དངོས་མེད་མྱ་ངན་ལས་འདས་པའོ། །གཉིས་ཀ་ཡང་དེ་ལས་བྱུང་ཞིང་དེ་

ལས་སྐྱེས་པ་སྟེ། རྡོ་རྗེ་འཆང་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀ་དབྱེར་མེད་པའི་ཕྱིར་རོ། །ཡང་ན། དངོས་པོ་ཐམས་ཅད་རྡོ་རྗེ་འཆང་ངོ་། །དངོས་མེད་མྱ་ངན་འདས་པ་བདག་མེད་མ་སྟེ། དེ་གཉིས་ཀ་ཡང་དེ་ལས་བྱུང་ཞིང་དེ་ལས་སྐྱེས་པ་ཁོ་ནའོ། །གཞན་རྣམས་གང་རྣམས་དེ་རྣམས་དང་། །གཞན་རྣམས་

ཞེས་པ་ཐམས་ཅད་ཀྱི་སེམས་དང་དབྱེར་མེད་པའི་ཕྱིར། གཞན་རྣམས་ཕ་རོལ་དབང་པོ་དྲུག་རྣམས་སོ། །གང་རྣམས་དེ་རྣམས་ཞེས་པ། གང་རྣམས་དེ་རྣམས་བརྟན་དང་གཡོ། །ཞེས་པའི་གསུང་ལས། གང་རྣམས་ཞེས་པ་བརྟན་པ་དང་། །དེ་རྣམས་ཞེས་པ་གཡོ་བ་སྟེ། དེ་ཕྱིར་ཤེས་རབ་དང་ཐབས་སོ། །དེ་ལ་

Vol. 3 · folio 175b

དབང་པོ་དྲུག་གོ། །དེ་ལས་བརྟན་པ་དང་གཡོ་བ་རྟོགས་པའི་ཕྱིར། ཐམས་ཅད་ཡེ་ཤེས་ཀྱི་ནང་དུ་འདུས་པ་ཁོ་ནའོ། །གཞན་ཡང་གསུངས་པ། སེམས་ཅན་རྣམ་ཤེས་རང་བཞིན་དང་། །སྐྱེས་བུ་སྔོན་རབས་དབང་ཕྱུག་དང་། །བདག་དང་གསོ་བ་སེམས་ཅན་དང་། །དུས་དང་གང་ཟག་ཉིད་དང་ནི། །སེམས་ཅན་ཞེས་པ་རིག་བྱེད་

ཀྱི་མཐའ་སྨྲ་བ་རྣམས་ཀྱི་སྟེ། ཐམས་ཅད་ཀྱི་ཚེ་འཇིག་པ་དང་སྐྱེ་བ་རྣམ་པར་སྤངས་པའི་ཕྱིར་ཡེ་ཤེས་དེ་རྟག་ཅེས་པའོ། །དེ་ཡང་། དེ་ལས་གཞན་མ་ཡིན་པ་ཁོ་ནའོ། །རྣམ་ཤེས་རང་བཞིན་ཞེས་པ་རྣམ་པར་ཤེས་པར་སྨྲ་བ་རྣལ་འབྱོར་སྤྱོད་པ་རྣམས་ཀྱི་སྟེ། དེ་ཡང་དེ་ལས་གཞན་མ་ཡིན་ནོ། །སྐྱེས་བུ་ཞེས་པ་སྙིང་

སྟོབས་དང་རྡུལ་དང་མུན་པ་ཆ་མཉམ་པར་གནས་པའི་རང་བཞིན་ནོ། །རང་བཞིན་ལས་གཞན་ནི་སྐྱེས་བུ་སྟེ། གང་རྣམས་ཀྱི་ལྟ་བའོ། །དེ་ཡང་དེའི་ནང་དུ་འདུས་པ་ཁོ་ནའོ། །སྔོན་རབས་ཞེས་པ་རིག་བྱེད་པ་རྣམས་ཀྱིའོ། །དབང་ཕྱུག་ཅེས་པ་དབང་ཕྱུག་རྒྱུར་སྨྲ་བ་རྣམས་ཀྱིའོ། །བདག་ཅེས་པ་ཚངས་པའི་ཡེ་ཤེས་སྨྲ་

བ་རྣམས་ཀྱི་གཅིག་པུ་དང་། རྟག་པ་དང་གཙོ་བོ་དང་བདག་ཅེས་པ་གང་རྣམས་ཀྱི་ལྟ་བའོ། །གསོ་བ་ཞེས་པ་དངོས་པོ་ཐམས་ཅད་སེམས་དང་ལྡན་ཞེས་པ་གང་རྣམས་ཀྱི་ལྟ་བའོ། །སེམས་ཅན་ཞེས་པ་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་རིག་པའོ། །དུས་ཞེས་པ་དུས་རྒྱུར་སྨྲ་བ་རྣམས་ཀྱི་སྟེ། དུས་ནི་འབྱུང་པོ་རྣམས་འཚེད་

ཅིང་། །དུས་ནི་སྐྱེ་དགུ་སྡུད་པར་བྱེད། །ཅེས་པ་གང་རྣམས་ཀྱིའོ། །གང་ཟག་ཉིད་དང་ནི་ཞེས་པ་ཉན་ཐོས་རྣམས་ཀྱིའོ། །འདིས་ནི་སྣ་ཚོགས་པའི་ལྟ་བ་ལ་རྣམ་པར་གནས་པ་རྣམས་ཀྱི་ལྟ་བ་གང་དང་གང་གི་ཡེ་ཤེས་དེ་ཐམས་ཅད་ཉི་ཚེ་བ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་ནང་དུ་ཐམས་ཅད་འདུས་པ་ཁོ་

ནའོ། །ཇི་ལྟར་འཁོར་ལོས་སྒྱུར་བ་ནི་གྲོང་ཁྱེར་གྱི་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཀྱིས་བཀུར་ཞིང་མཉེས་པར་བྱེད་པ་དེ་བཞིན་དུ་ཡང་དག་པའི་ཡེ་ཤེས་དེ་ལ་ཡེ་ཤེས་ཐམས་ཅད་སྒྲོ་མ་བཏགས་པ་ཉིད་ཀྱིས་རྣམ་པར་གནས་སོ་ཞེས་པ་སྟེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སྦྱིན་པ་ལ་སོགས་པ་རྣམས་རང་ཉིད་

མངོན་དུ་འོང་བར་འགྱུར་བ་དེ་བཞིན་དུ་འདིར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གྲུབ་པ་ན། དེ་ལས་གཞན་མི་འགྲུབ་པ་ག་ལ་ཡོད་དེ། རྡོ་རྗེ་འཆང་གི་ཡེ་ཤེས་དང་ལྡན་པ་ནི་ཐམས་ཅད་གྲུབ་པ་ཁོ་ནའོ། །འོན་ཀྱང་གོམས་པ་མེད་པར་ཐར་པ་ཐོབ་པར་མི་འགྱུར་བའི་ཕྱིར། འདི་དག་གོམས་པར་བྱའོ་ཞེས་པའོ། །

Vol. 3 · folio 176a

ཡང་ན། སེམས་དཔའ་ཞེས་པ་སྲིད་པ་གསུམ་དབྱེར་མེད་པའི་ཡེ་ཤེས་སོ། །རྣམ་ཤེས་རང་བཞིན་ཞེས་པ་ཁྱད་པར་དུ་འཕགས་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །སྐྱེས་བུ་ཞེས་པ་རྡོ་རྗེ་འཆང་གི་རང་བཞིན་མ་ནིང་ངོ་། །སྔོན་རབས་ཞེས་པ་ཐོག་མ་དང་ཐ་མ་མི་དམིགས་པའི་ཕྱིར་རོ། །དབང་

ཕྱུག་ཅེས་པ། རང་ཉིད་འཕྲོག་པོ་རང་བྱེད་པོ། །ཞེས་པ་བདག་ཉིད་གཙོ་བོར་གྱུར་པའི་ཕྱིར་རོ། །བདག་ཅེས་པ་གཞན་དང་གཞན་འགའ་ཡང་མེད་པ་སྟེ། དེ་མེད་པའི་ཕྱིར་བདག་ཀྱང་མེད་དོ། །གསོ་བ་ཞེས་པ་ཐམས་ཅད་མཁྱེན་པ་ཉིད་ལས་རྟོགས་པའི་རྣམ་པའོ། །ཐམས་ཅད་ཅེས་པ་འཇིག་པ་དང་སྐྱེ་བ་སྤངས་

པའི་ཕྱིར། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པའོ། །དུས་ཞེས་པ་རང་བཞིན་མེད་པའི་ངོ་བོའོ། །གང་ཟག་ཅེས་པ་སྤྲུལ་པའི་སྐུའི་བདག་ཉིད་ཅན་ཆོས་ཀྱི་སྐུ་ཁོ་ནའོ། །ཐམས་ཅད་ཀྱི་མཇུག་བསྡུ་བར་གསུངས་པ། དངོས་པོ་ཀུན་གྱི་རང་བཞིན་འདི། །སྒྱུ་མའི་གཟུགས་ཀྱིས་ཡང་དག་གནས། །ཞེས་

པའོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་ཀུན་གྱི་རང་བཞིན་དང་ངོ་བོ་སྲོག་དང་རྣམ་པར་ཤེས་པས་རླུང་གི་རྣལ་འབྱོར་ལ་སོགས་པའི་དེ་ཁོ་ནའི་རང་བཞིན་ནོ། །འདི་ཅི་ལྟར་ཞེ་ན། གསུངས་པ་སྒྱུ་མའི་རང་བཞིན་ཏེ། གང་གི་ཕྱིར་ཇི་ལྟར་སྒྱུ་མའི་རང་བཞིན་ཐམས་ཅད་བདེན་པ་མ་ཡིན་བརྫུན་པ་མ་ཡིན་པ་དེ་བཞིན་དུ། །བཅོམ་

ལྡན་འདས་དེ་ཡང་བདེན་པ་དང་མི་བདེན་པ་དང་། རྟག་པ་དང་མི་རྟག་པ་ལ་སོགས་པ་རྣམ་པར་དཔྱོད་པ་ལས་འདས་པ་ཉིད་ཀྱི་ཕྱིར་ཐམས་ཅད་ཁྱབ་པ་ཐམས་ཅད་ཀྱི་རང་བཞིན་ནོ། །ཡང་དག་གནས་ཞེས་པ་ཡང་དག་པའི་རིམ་པས་གཡོ་བ་མེད་པ་སྟེ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཉིད་ལས་གཡོ་བ་མེད་པའི་རང་བཞིན་ནོ། །ཞེས་

པ། རང་རིག་ལས་ནི་ཡེ་ཤེས་འགྱུར། །ཞེས་པ་ལ་སོགས་པ། ཆགས་དང་ཆགས་བྲལ་རྣམ་པར་འདྲེས། །ཞེས་པའི་བར་གྱིས་གང་གསུངས་པའི་ཡེ་ཤེས་དེ་ཉིད་ཀྱི་ཁོངས་སུ་ཐམས་ཅད་གཏོགས་པར་གསུངས་ནས་དེ་ཉིད་གསལ་བར་བྱ་བའི་ཕྱིར་གསུངས་པ། དང་པོར་དགའ་བ་ཙམ་ཉིད་དེ། །གཉིས་

པའི་གྲངས་ལས་མཆོག་དགའོ། །གསུམ་པ་ལ་ནི་དགའ་བྲལ་བཤད། །བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་པ་དང་པོ་དགའ་བ་ཙམ་ནི་ཡེ་ཤེས་འབའ་ཞིག་ཁོ་ནའོ། །གཉིས་པའི་གྲངས་ལས་མཆོག་དགའ་ནི། །དེ་ཉིད་ཤེས་རབ་དང་ཐབས་ཀྱི་རང་བཞིན་ནོ། །གསུམ་པ་ལ་ནི་དགའ་བྲལ་བཤད། །

Vol. 3 · folio 176b

རྡོ་རྗེ་གསུམ་གྱི་རང་བཞིན་ཉིད་ལས་སོ། །བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་པ་གཅིག་གི་ཕྱིར་སྐྱེས་པའི་ཚེ་ལྷན་ཅིག་པ་སྐྱེས་པ་སྟེ། སྐུ་གསུང་ཐུགས་དབྱེར་མེད་པ་ཁོ་ན་ལྷན་ཅིག་སྐྱེས་པ་དང་དེ་ཉིད་བཞི་པའོ། །འདིས་ཅི་གསུངས་ན། དང་པོ་གཉིས་སུ་མེད་པའི་ཡེ་ཤེས་ཙམ་འབའ་ཞིག་གོ། །དེ་ཉིད་

མཆོག་དགའ་སྟེ། དེ་ནི་གཉིས་པའི་གྲངས་ཞེས་པ་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྲངས་གཉིས་ཀྱི་ཕྱིར་རོ། །གསུམ་པ་ལ་ནི་དགའ་བྲལ་བཤད། །གསུམ་པ་རྣམས་ཀྱི་རྫོགས་པའོ། །དེ་ཉིད་གང་གི་ཕྱིར་ཞེ་ན། དགའ་བྲལ་བཤད་གང་གི་ཕྱིར་གཉིས་ཀ་སྙོམས་པར་ཞུགས་པ་ཁྱད་པར་དུ་འཕགས་པའི་

དགའ་བ་ཉིད་ཀྱིས་སོ། །བཞི་པ་ནི་བཞི་རྣམས་ཀྱི་རྫོགས་པ་སྟེ། གང་གི་ཕྱིར་ལྷན་ཅིག་སྐྱེས་པ་ཐ་དད་མེད་པའི་ངོ་བོས་སྐྱེས་པའི་ཕྱིར་ལྷན་ཅིག་གཅིག་གི་ཚེ་སྐྱེས་པའོ། །དེ་ཡང་། ཤིང་དང་བོང་བ་ལ་སོགས་པ་ལྟ་བུ་མ་ཡིན་གྱི་དྲན་པ་ཡེ་ཤེས་ཁོ་ནའོ། །འདིས་ནི་གཅིག་དང་གཉིས་དང་གསུམ་སྟེ། རྡོ་རྗེ་

གསུམ་དབྱེར་མེད་པ་ལྷན་ཅིག་སྐྱེས་པ་ཡིན་གྱི། དགའ་བ་གསུམ་ལས་གཞན་པའི་བཞི་པ་མེད་པ་ཁོ་ནའོ། །རྡོ་རྗེ་སྙིང་པོ་ལ་སོགས་ཀུན། །མཁས་པས་འདི་སྐད་ངེས་ཐོས་ནས། །མཆོག་ཏུ་ངོ་མཚར་གྱུར་ནས་ནི། །བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར། །དང་པོ་དགའ་བ་འགྲོ་བའི་གཟུགས། །དེ་བཞིན་མཆོག་

དགའ་འགྲོ་བ་སྟེ། །དགའ་བྲལ་དགའ་བའང་འགྲོ་བ་ཉིད། །གསུམ་པ་ལྷན་ཅིག་སྐྱེས་པ་མེད། །འདི་སྐད་ཐོས་ནས་ཞེས་པ་དགའ་བ་ཉིད་ཀྱི་བཞི་ཀ་ཡང་དགའ་བའོ་ཞེས་སྔར་གསུངས་སོ། །ད་ནི་དགའ་བ་གསུམ་པོ་དབྱེར་མེད་པ་སྟེ། གང་གི་ཕྱིར་དགའ་བ་གསུམ་ཡང་འགྲོ་བའི་རང་བཞིན་ཉིད་དུ་མཚུངས་པས་དགའ་བ་

གསུམ་ལ། ལྷན་ཅིག་སྐྱེས་པ་མེད་དོ་ཞེས་པའོ། །རྡོ་རྗེ་སྙིང་པོ་ལ་སོགས་ཀུན། །མཁས་པ་རྟོགས་པ་གནས་པ་སྟེ། ངེས་པ་ནི་གདོན་མི་ཟ་བ་དོགས་པ་མེད་པ་ཉིད་ཀྱིས་སོ། །མཆོག་ཏུ་ངོ་མཚར་གྱུར་ནས་ནི། །གཞན་དང་གཞན་མི་མཚུངས་པ་རྟོག་པ་ལས་ཡིད་དོགས་པ་དང་བཅས་པའོ། །བརྒྱལ་བ་ནི་རྨོངས་

པར་གྱུར་པ་སྟེ། ས་ལ་འགྱེལ་བར་གྱུར་པའོ། །ཡང་ན། ཨ་ཡང་སེམས་སོ། །དེ་ཁྱད་པར་ཅི་ཞེ་ན། ཨེ་ཝཾ་ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པ། ཁུ་བ་དང་བདེ་བའི་རང་བཞིན་ནོ། །ཐོས་ནས་ཞེས་པ་དེ་གང་གི་ཚེ་འཛག་པ་ན་དོན་རྟོགས་པ་ཙམ་གྱིས་གཉིས་ཀ་ཡང་འཛག་པའི་དོན་ཉིད་ཀྱིས་སོ། །འདི་སྐད་

Vol. 3 · folio 177a

བདག་གིས་ཐོས་པ་ཞེས་པ་སམྤུ་ཊའི་རྒྱུད་དུ་ཤྲུ་ཞེས་པ་འཛག་པའོ་ཞེས་དོན་རྟོགས་པ་ལ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར། གཙུག་ལག་ལས་རྟགས་ལ་སོགས་པ་རྣམས་ཀྱི་ངེས་པའི་ཚིག་རྒྱུད་ཐམས་ཅད་ཀྱི་མ་ཡིན་པའི་ཕྱིར་རོ། །གང་ལས་འཛག་ཅེ་ན། གསུངས་པ། རྡོ་རྗེ་སྙིང་པོ་

ལས་ཏེ། རྡོ་རྗེའི་ལྟེ་བ་ལས་ཏེ། ས་ལ་ཞེས་པ་ཆོས་འབྱུང་ལྷ་མོའི་པདྨའི་ནང་དུའོ། །དེའི་ཚེ་རྣམ་པར་ངེས་པ་སྟེ། མཁས་པ་ཀུན་ཞེས་པ་རྟོགས་པ་སྟེ། ཤེས་པ་དང་ཤེས་བྱའི་རྟོགས་པ་ཉིད་ཀྱིས་འཇུག་པ་གཟུགས་ལ་སོགས་པའི་ཕུང་པོ་ལྔའོ། །འགྱེལ་བ་ནི་ལྷན་ཅིག་སྐྱེས་པར་ཐིམ་པའོ། །སླར་ཡང་གང་

གི་ཚེ་ཨ་ཡ་རྣམ་པར་ཤེས་པ་སྟེ། ལྷ་མོའི་པདྨའི་ནང་དུ་རྡོ་རྗེ་སྙིང་པོ་ལས་འཛག་པ་རྡོ་རྗེའི་ལྟེ་བ་ཉིད་དེ། དེའི་ཚེ་མཁས་པ་ཐམས་ཅད་མཆོག་ཏུ་ངོ་མཚར་གྱུར་ནས་ནི་ཞེས་པ་མཆོག་དགའ་ལ་ངོ་མཚར་སྔར་མེད་པ་ཉམས་སུ་མྱོང་བས་ཡིད་རང་གི་ཡུལ་ལ་མི་གནས་པ་ཉིད་རྙེད་པར་གྱུར་ཏོ། །འདིས་ནི་དབང་པོ་རྣམས་ཡུལ་

ལ་བདེ་བའི་རྣམ་པ་ཉམས་སུ་མྱོང་བས་འཇུག་པ་ལྡོག་པའོ། །བརྒྱལ་བ་ནི་དགའ་བྲལ་གྱི་དགའ་བའི་དུས་ན་རྨོངས་པར་གྱུར་པ་སྟེ། རྨོངས་པར་གྱུར་པ་ནི་ཇི་ལྟར་རྣམ་པར་ཤེས་པ་ཡོད་ཀྱང་བྱེད་པ་ཅུང་ཟད་ཀྱང་མེད་པའོ། །དེ་བཞིན་དུ་དབང་པོ་རྣམས་ཀྱང་འདོད་ཆགས་ཆེན་པོའི་ཀུན་ཏུ་ཆགས་པས་རང་གི་ཆགས་པ་

ལས་རྣམ་པར་གྲོལ་བའོ། །དེ་ཉིད་ཀྱི་ཕྱིར། དང་པོར་དགའ་བ་འགྲོ་བའི་གཟུགས། །འགྲོ་བ་ཞེས་པ་ཡེ་ཤེས་ལྔ་དང་སྐུ་གསུམ་སྟེ། དེའི་གཟུགས་ནི་དེའི་རང་བཞིན་ནོ། །དང་པོ་ནི་གཉིས་སུ་མེད་པ་སྟེ། གང་གི་ཕྱིར་དགའ་བ་ཞེས་པ་བདེ་བ་ཉམས་སུ་མྱོང་བའི་མཚན་ཉིད་དོ། །དེ་བཞིན་མཆོག་དགའ་

འགྲོ་བའོ། །དེ་ཅི་ཞེ་ན། དེ་བས་ལྷག་པའི་བདེ་བ་ཉམས་སུ་མྱོང་བ་ཡོད་པའོ། །དགའ་བྲལ་དགའ་བའང་འགྲོ་བ་ཉིད། །དེ་བས་ལྷག་པའི་བདེ་བ་ཉམས་སུ་མྱོང་བ་ཡོད་པའོ། །དགའ་བ་གསུམ་པོ་རྣམས་ལ་ཡང་ལྷན་ཅིག་སྐྱེས་པ་ཡོད་མོད་ཀྱི་འོན་ཀྱང་མེད་པ་སྟེ། ལྷན་ཅིག་སྐྱེས་པ་ནི་རྟག་པ་དང་མི་རྟག་པ་དང་།

བདེ་བ་དང་བདེ་བ་མ་ཡིན་པ་དང་། ཡོད་པ་དང་མེད་པ་ལ་སོགས་པ་ཉེ་བར་མི་དམིགས་པའི་ངོ་བོ་ཉིད་ཀྱི་ཕྱིར་འགྲོ་བའི་རང་བཞིན་ཉིད་དེ། ཁུ་བ་དང་བདེ་བ་དག་ལས་རྒྱུ་ཐ་དད་མེད་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་འདི་ཉིད་ཀྱིས་བཅོམ་ལྡན་འདས་ཏེ། ལྷ་མོའི་པདྨའི་ནང་དུ་གནས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཀྱེའི་རྡོ་རྗེ་བདེན་པ་

Vol. 3 · folio 177b

གཉིས་ཀྱི་བདག་ཉིད་དེ། གང་གི་ཕྱིར་སངས་རྒྱས་ཀུན་གྱི་སྐུ་གཅིག་པ་དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པའི་སྐུའོ། །དེ་ཉིད་ཀྱི་ཕྱིར་བཀའ་སྩལ་པ་གསུངས་ཏེ། སྣང་བ་མངོན་པར་བརྗོད་པ། ཡང་དག་པར་རིག་པ། ཡེ་ཤེས་ལྔའི་སྐུ་ཉིད་ཀྱིས་བཅོམ་ལྡན་འདས་ཏེ། མངོན་པར་བརྗོད་པའི་

བདག་ཉིད་ཀྱི་ཕྱིར་རོ། །ཅི་གསུངས་ཤེ་ན། ཐེ་ཚོམ་ལེགས་པར་སེལ་བ་ནི། །རྡོ་རྗེ་སྙིང་པོས་རྟོགས་བྱའི་ཕྱིར། །ཞེས་པ་རྡོ་རྗེ་སྙིང་པོ་ལ་སོགས་པ་རྣམས་ཀྱི་ཐེ་ཚོམ་ནི་གང་ཞིག་གསུམ་པོ་རྣམས་ལའང་ལྷན་ཅིག་སྐྱེས་པ་མ་ཡིན་ནོ་ཞེས་པ་འདི་ཡིན་ཏེ། ཐེ་ཚོམ་སེལ་བ་གསུངས་པའོ། །རྡོ་རྗེ་སྙིང་

པོས་རྟོགས་བྱའི་ཕྱིར།ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཏེ། རྡོ་རྗེ་སྙིང་པོ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེའི་ཕྱིར་གསུངས་པ། འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མ་དམིགས་པར་མི་འགྱུར་

རོ། །གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ལྷན་སྐྱེས་རྫོགས་པའི་བྱང་ཆུབ་བརྗོད། །དགའ་བ་གསུམ་པོ་རྣམས་སྤངས་ཤིང་ཀུན་ནས་དཀྲིས་པ་ཐམས་ཅད་ཡོངས་སུ་སྤངས་པའི་ཕྱིར། སླར་ཡང་ལྷན་ཅིག་སྐྱེས་པ་ཀུན་དུ་ཆགས་པ་མེད་པའི་མཚན་ཉིད་དོ། །གསུམ་པོ་སྤངས་པ་འདིས་ནི་ལྷན་ཅིག་

སྐྱེས་པ་རྫོགས་པའི་བྱང་ཆུབ་ཏུ་བརྗོད་དེ། དེ་ནི་བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །དེ་ཉིད་ཀྱི་ཕྱིར། སངས་རྒྱས་ཀུན་གྱི་སྐུ་གཅིག་པ། ཐམས་ཅད་ཁོང་དུ་ཆུད་པས་གཉིས་སུ་མེད་པར་རྟོགས་པའོ། །སྐུ་ནི་ཀུན་དུ་ཆགས་པ་དང་བྲལ་བ་སྟེ། རྡོ་རྗེ་སྙིང་པོ་མི་ཕྱེད་པའི་སྐུའི་ཐེ་

ཚོམ་སེལ་བ་རྟོག་པ་ཡོངས་སུ་སྤོང་བ་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་དོ། །ལེགས་པ་ནི་ལྷའི་བདག་ཉིད་ཅན་ཏེ། རྟོགས་བྱའི་ཕྱིར་ཡང་དག་པར་རྟོགས་པའི་བྱང་ཆུབ་ཐོབ་པའི་ཆེད་དུའོ། །བཀའ་སྩལ་པ་ནི་དུས་གསུམ་ཁྱབ་ཅིང་སྟོན་པར་མཛད་པ་ཞེས་པའོ། །དེ་ཉིད་གསུངས་པ། འདོད་ཆགས་ཀུན་ཏུ་ཆགས་

པའི་མཚན་ཉིད་མེད་པའོ། །ཆགས་བྲལ་དེ་ཡོངས་སུ་སྤངས་པ་མེད་པའོ། །འདི་གཉིས་ཀ་ཡང་མེད་དེ། གཉིས་ཀ་རྟོགས་པའི་ཕྱིར་དབུ་མའོ། །དེ་ཡང་དམིགས་པར་མི་འགྱུར་ཏེ། དམིགས་པ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུམ་པོ་སྤངས་པའི་ཕྱིར་ཆགས་པ་དང་ཆགས་པ་མེད་པ་དང་།

Vol. 3 · folio 178a

གཉིས་ཀའི་ཆགས་པ་ལས་ཀྱང་འདས་པ་སྟེ། མོ་གཤམ་གྱི་བུ་ལྟ་བུའོ། །འདིས་ནི་གསུམ་པོ་ཡང་ཡོངས་སུ་སྤངས་པ་གང་ཡིན་པ་དེ་ཉིད་ལྷན་སྐྱེས་རྫོགས་པའི་བྱང་ཆུབ་ཅེས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་སོ། །ཡང་ན། གང་འདོད་ཆགས་མེད་པ་ནི་འཁོར་བ་མེད་པའོ། །

ཆགས་བྲལ་མེད་པ་ནི་མྱ་ངན་ལས་འདས་པ་མེད་པ་སྟེ། གང་ཞིག་འཁོར་བ་མེད་ཅིང་མྱ་ངན་ལས་འདས་པ་མེད་པ་དེ་ནི་དབུ་མའི་མཐར་བརྗོད་དོ། །དེ་ཡང་དམིགས་པར་མི་འགྱུར་ཏེ། དམིགས་པ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུམ་པོ་སྤངས་པར་དམིགས་པ་སྟེ། རྒྱུ་འདི་ཉིད་ཀྱི་ཕྱིར་ལྷན་ཅིག་

སྐྱེས་པ་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བརྗོད་དོ། །ཡང་ན་གང་། འདོད་ཆགས་མེད་པ་ནི་མཆོག་དགའ་མ་ཡིན་པའོ། །ཆགས་བྲལ་མེད་པ་ནི་དགའ་བྲལ་གྱི་དགའ་བ་མ་ཡིན་པའོ། །དབུ་མ་མེད་པ་ནི་དབུ་མ་དགའ་བ་ཙམ་ཉིད་དེ་ཞེས་པའི་གསུང་ལས་དེ་ཐམས་ཅད་མི་དམིགས་པར་གྱུར་

པའོ། །ལྷན་ཅིག་སྐྱེས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན། ངེས་པར་རྟོགས་པ་ན་གསུམ་པོ་རྣམས་ཀྱང་རྟོགས་པའི་ཕྱིར་ཏེ། དཀྱིལ་འཁོར་ཉིད་སྤངས་པའི་ཕྱིར་ཞེས་དགོངས་པའོ། །དེ་ཉིད་ཀྱི་ཕྱིར། ཡང་ན་དེ་ཉིད་ཐམས་ཅད་བདག །ཡང་ན་ཀུན་གྱིས་རྣམ་པར་སྤངས། །འགྲོ་བའི་

རང་བཞིན་ཉིད་ལས་ཐམས་ཅད་ཀྱི་བདག་ཉིད་དོ། །ཐམས་ཅད་ཀྱིས་ཡོངས་སུ་སྤངས་པ་ཡང་འགྲོ་བའི་རང་བཞིན་ཉིད་ལས་ཏེ། རོ་མཉམ་པར་གྱུར་པས་ཐ་དད་པ་རྟོགས་པ་མེད་པའི་ཕྱིར་རོ། །གཞན་ཡང་ཡང་ན་ཞེས་པ་དཀྱིལ་འཁོར་གཉིས་དབྱེར་མེད་པ་གཉིས་སོ། །ཐམས་ཅད་ཀྱི་བདག་ཉིད་ནི། འགྲོ་

བའི་རང་བཞིན་ཉིད་ལས་སོ། །དེ་ཉིད་ཅེས་པ་ཤེས་རབ་ཀྱི་རང་བཞིན་ཆ་དང་བྲལ་བ་ཉིད་ལ་སྡུད་པའི་རྣམ་པའོ། །ཡང་ན་འགྲོ་བ་ཐམས་ཅད་ཀྱིས་རྣམ་པར་སྤངས་པ་སྟེ། རྣམ་པ་སྣ་ཚོགས་པའི་ཚུལ་གྱིས་རྡོ་རྗེ་འཆང་དབྱེར་མེད་པས་སྤྲོ་བའི་རང་བཞིན་དེ་བཞིན་གཤེགས་པ་དེ་རྣམས་ལ་དེའི་བདག་ཉིད་ཀྱིས་

གནས་པའོ། །དེ་ཡང་། རྡོ་རྗེ་འཆང་སྤངས་པ་སྟེ། དེ་རྣམས་ལས་ཀྱང་ཐ་དད་པ་ཞེས་པའོ། །དགའ་བྲལ་དང་པོར་མཚོན་བྱ་སྟེ། །དེ་ཡང་དགའ་བ་གསུམ་པོ་སྤངས། །ལྷན་ཅིག་སྐྱེས་པ་དེ་ལྟ་བུ་ཇི་ལྟར་རྟོགས་པར་བྱ་ཞེ་ན། ཐབས་སྟོན་པ་དགའ་བྲལ་དང་། དང་པོ་ཡང་དགའ་བྲལ་དང་པོའོ། །དང་པོའི་སྒྲས་

Vol. 3 · folio 178b

དགའ་བའོ། །དགའ་བྲལ་གྱི་སྒྲས་དགའ་བྲལ་གྱི་དགའ་བའོ། །སོ་སོར་སྡུད་པས་གཟུང་བའི་ཕྱིར་དབུ་མ་མཆོག་དགའ་ཡང་སྟེ། དེའི་ཚེ་ལྷན་ཅིག་སྐྱེས་པ་དེ་མཚོན་པར་བྱའོ། །ཁྱད་པར་ཅི་ཞེ་ན་དགའ་བ་གསུམ་པོ་སྤངས་པས་དགའ་བ་གསུམ་པོ་ཡོངས་སུ་སྤངས་པའོ། །ཡང་ན་དགའ་བྲལ་དང་པོར་ཞེས་པ་

འདི་དགའ་བྲལ་དང་པོ་ཡང་ཡིན་པའི་ཕྱིར་དགའ་བྲལ་དང་པོ་སྟེ་མཆོག་དགའོ། །དགའ་བྲལ་དང་པོ་དེའི་ཚེ་ལྷན་ཅིག་སྐྱེས་པ་དེ་མཚོན་པར་བྱའོ། །ཁྱད་པར་ཅི་ཞེ་ན་དགའ་བ་གསུམ་པོ་སྤངས། དགའ་བ་གསུམ་ལས་གཞན་མ་ཡིན་པའི་ཇི་ལྟར་སྤངས་ཞེ་ན། ཡོངས་སུ་སྤོང་བ་སྟེ། ལྷ་མོའི་པདྨའི་ནང་དུ་

སོན་པར་གྱུར་པ་ཞེས་པའི་དོན་ཏོ། །དེ་ལྟར་གྱུར་པའི་ལྷན་ཅིག་སྐྱེས་པ། དགའ་བ་བཞིའི་རང་བཞིན་དེ་ཅི་འདྲ་བ་ཞིག་ཅེ་ན། གསུངས་པ། དང་པོ་སྤྲིན་དང་འདྲ་བར་སྣང་། །གྲུབ་ན་སྒྱུ་མ་ལྟ་བུར་གྱུར། །གློ་བུར་རྨི་ལམ་ལྟ་བུར་སྣང་། །ཉལ་དང་སད་པ་དབྱེར་མེད་བཞིན། །དང་པོ་ཞེས་པ་གང་

གི་ཚེ་དགའ་བའི་རང་བཞིན་ཏེ། དེའི་ཚེ་སྤྲིན་དང་འདྲ་བར་ཡེ་ཤེས་སྦས་པ་ལྟ་བུ་སོ་སོར་སྣང་བར་འགྱུར་ཏེ། རེག་པར་འདོད་པ་ཉིད་ཀྱིས་རེག་པའི་བདེ་བ་ཙམ་ཉིད་གནས་ཀྱི་ཡེ་ཤེས་གཞན་མི་མངོན་པའི་ཕྱིར་རོ། །གྲུབ་པ་སྒྱུ་མ་ལྟ་བུར་འགྱུར། །ཞེས་པ་བདེ་བ་ཉམས་སུ་མྱོང་བའི་མཚན་ཉིད་མཆོག་

དགར་གྱུར་པའི་ཚེ། སྒྱུ་མ་ལྟ་བུར་སྒྱུ་མ་དང་མཚུངས་པར་འགྱུར་ཏེ། ཇི་སྙེད་སོ་སོར་སྣང་བར་གྱུར་པ་ཐམས་ཅད་བདེན་པ་མ་ཡིན་པ་བརྫུན་པ་མ་ཡིན་པ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་ཐིམ་པའི་བདེ་བ་ཉམས་སུ་མྱོང་བར་འབྱུང་བའི་ཕྱིར་རོ། །གློ་བུར་ནི་སྐད་ཅིག་སྟེ། དགའ་བྲལ་གྱི་དགའ་བར་

གྱུར་པའི་སྐད་ཅིག་དེ་ཉིད་ལ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ཀྱི་མངོན་པར་ཞེན་པའི་དགའ་བ་ལ་བདེ་བ་གཅིག་པུ་ཙམ་གྱི་ངོ་བོར་རྟོགས་པ་ན་རྨི་ལམ་ལྟ་བུར་སྣང་སྟེ་རྨི་ལམ་གྱི་ཤེས་པ་ལྟ་བུར་སོ་སོར་སྣང་བ་འདི་ཐམས་ཅད་བརྫུན་པ་ཉིད་དང་བདེན་པ་མ་ཡིན་པ་ཉིད་དེ། དེ་ཁོ་ན་ལྟར་ཉམས་སུ་

མྱོང་བའི་མཚན་ཉིད་ནི་གྲུབ་པའོ། །ཉལ་དང་སད་པ་དབྱེར་མེད་བཞིན། །ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཡང་འདི་ཉིད་ནི་ཟུང་དུ་འཇུག་པ་སྟེ། བདེན་པ་དང་མི་བདེན་པ་དབྱེར་མེད་པའི་ཡེ་ཤེས་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཁོ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་པའོ། །བསྐྱེད་པའི་རིམ་པ་

Vol. 3 · folio 179a

ལ་ཡང་དེ་ཉིད་དཀྱིལ་འཁོར་བསྒོམ་པར་བྱེད་ཅིང་ཡང་དག་པར་རྟོགས་པ་ཐོབ་པར་འགྱུར་བའི་མཚན་མ་སྟེ། ཇི་ལྟར་ཞེ་ན། དེའི་ཕྱིར་གསུངས་པ། དང་པོ་སྤྲིན་དང་འདྲ་བར་སྣང་། །གྲུབ་ན་སྒྱུ་མ་ལྟ་བུར་འགྱུར། །གློ་བུར་རྨི་ལམ་ལྟ་བུར་སྣང་། །ཉལ་དང་སད་པ་དབྱེར་མེད་བཞིན། །དེ་དང་

པོ་དཀྱིལ་འཁོར་བསྒོམ་པར་བྱེད་པ་ན་སྤྲིན་དང་འདྲ་བར་ཇི་ལྟར་སྤྲིན་ནམ་མཁའི་དཀྱིལ་དུ་གཞན་དང་གཞན་འགྲོགས་པ་ནི་དམིགས་པ་མེད་པའི་ངོ་བོས་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་དཀྱིལ་འཁོར་ཡང་ལྷ་གཞན་དང་གཞན་འདུས་པ་དམིགས་པ་མེད་པ་དམིགས་ཤིང་སོ་སོར་སྣང་བར་འགྱུར་རོ། །

གང་གི་ཚེ་ཡང་གྲུབ་པ་མངོན་སུམ་དུ་གྱུར་པ་དེའི་ཚེ་སྒྱུ་མ་ལྟ་བུར་ཞེས་པ། ཇི་ལྟར་སྒྱུ་མ་མངོན་སུམ་དུ་གྲུབ་པ་ཡང་བདེན་པ་མ་ཡིན་ནོ། །དེ་བཞིན་དུ་དཀྱིལ་འཁོར་ཡང་སྒྱུ་མ་ལྟ་བུར་བདེན་པ་མ་ཡིན་པ་བརྫུན་པ་མ་ཡིན་པར་གང་གི་ཚེ་སོ་སོར་སྣང་བ་དེའི་ཚེ་གྲུབ་པར་འགྱུར་ཏེ། དེའི་ཚེ་ལྷ་ཐམས་ཅད་མངོན་དུ་གྱུར་

པ་ཞེས་རབ་ཏུ་རྟོགས་པར་བྱའོ། །གློ་བུར་ཞེས་པ་སྐད་ཅིག་སྟེ། དེའི་སྐད་ཅིག་ལས་རྨི་ལམ་ལྟ་བུར་ཇི་ལྟར་རྨི་ལམ་རྣམ་པ་ཐམས་ཅད་དུ་བདེན་པ་མ་ཡིན་པ་ཡང་དེར་བདེན་པར་ཉམས་སུ་མྱོང་བ་ཡོད་པ་དེ་བཞིན་དུ་རྨི་ལམ་དང་འདྲ་བར་སྣང་བའོ། །དེ་ཉིད་ཀྱི་ཕྱིར་ཉལ་དང་སད་པ་དབྱེར་མེད་བཞིན་ཉལ་བ་

གཉིད་ཀྱི་གནས་སྐབས་དང་གཉིད་སད་པའི་གནས་སྐབས་ལ་ཡང་དབྱེར་མེད་བཞིན་དུ་ཁྱད་པར་མེད་པ་ལྟ་བུ་སྟེ། ཇི་ལྟར་འགའ་ཞིག་རྨི་ལམ་ནས་སད་པ་ཉིད་མཐོང་བ་དེ་བཞིན་དུ་ཡེ་ཤེས་བདེན་པ་ཉིད་དུ་དེ་ཐམས་ཅད་རིག་སྟེ། རྨི་ལམ་ལྟ་བུ་ཞེས་བྱ་བ་ཅི་ཞེས་པའོ། །ཡང་ན། དང་པོ་སྤྲིན་དང་འདྲ་བར་སྣང་། །དང་

པོ་ཞེས་པ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ནི་སྤྲིན་དང་འདྲ་བར་སྣང་། །ཞེས་པའི་སྣང་བའི་མཚན་ཉིད་དམིགས་པ་མེད་པའི་རང་བཞིན་ཏེ། དེའི་བདག་ཉིད་ཀྱིས་ཡེ་ཤེས་དངོས་པོར་སྣང་བར་འགྱུར་རོ། །དེ་ཉིད་གྲུབ་ན་མངོན་སུམ་དུ་གྱུར་པ་ན་སྒྱུ་མ་ལྟ་བུར་འགྱུར་ཏེ། སྒྱུ་མ་ལྟ་བུ་ཞེས་པ་མཱ་མ་ཀཱི་བྱང་ཆུབ་

ཀྱི་སེམས་སོ། །ཨ་བདག་མེད་མ་བདེ་བ་སྟེ་མཱ། ཁུ་བ་དང་བདེ་བ་དབྱེར་མེད་པའོ། །ཨ་ཡང་དེ་ལྟར་གྱུར་པའི་ཡེ་ཤེས་ཏེ། དེ་གང་ལ་ཡོད་པ་དེ་ནི་སྒྱུ་མ་ལྟ་བུར་འགྱུར་ཞིང་རྫོགས་པར་བྱའོ། །ཇི་ལྟར་ཞེ་ན། ངེས་པར་འགྲུབ་པ་ནའོ། །དེ་ཉིད་དེ་ལྟར་གྱུར་པ་ནི་གློ་བུར་ཞེས་པ་སྐད་ཅིག་སྟེ། སྐད་ཅིག་དེ་ཉིད་རྨི་

Vol. 3 · folio 179b

ལམ་ལྟ་བུར་སྣང་། དེ་ཡང་ཡེ་ཤེས་ཏེ། ཡེ་ཤེས་ཀྱི་མངོན་པར་ཞེན་པ་མེད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར། ཉལ་དང་སད་པ་དབྱེར་མེད་བཞིན་གཉིད་སྡུད་པ་དང་སད་པ་སྤྲོ་བ་ལ་དབྱེར་མེད་པ་ལྟ་བུ་སྟེ། ཟུང་དུ་འཇུག་པ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། དབྱེར་མེད་མཚན་ཉིད་མ་གྲུབ་ན། །ཕྱག་

རྒྱའི་རྣལ་འབྱོར་པས་འགྲུབ་འགྱུར། །མཚོན་པའི་ཕྱིར་མཚན་ཉིད་དེ། དེ་མ་གྲུབ་པ་ནི་མཚན་ཉིད་མ་གྲུབ་པའོ། །ཇི་ལྟར་ཞེ་ན། དབྱེར་མེད་པའི་ཕྱིར། དབྱེར་མེད་པའི་རྒྱུ་ལས་མཚན་ཉིད་མ་གྲུབ་ན། ཕྱག་རྒྱ་ཆེན་པོ་ཉིད་ཀྱིས་གང་ཞིག་ལྷན་ཅིག་སྦྱོར་ཞིང་འདུས་པ་དེ་ནི་ངེས་པར་འགྲུབ་པར་འགྱུར་རོ། །ཡང་ན་གང་།

ཕྱག་རྒྱ་དང་རྣལ་འབྱོར་ཡང་ཕྱག་རྒྱ་རྣལ་འབྱོར་པ་སྟེ་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་ངོ་། །འགྲུབ་པར་འགྱུར་ཞིང་རྫོགས་པར་འགྱུར་རོ། །ཀུན་རྫོབ་ཀྱི་དོན་ནི། དབྱེར་མེད་མཚན་ཉིད་ཀུན་གྲུབ་ན། རྣམ་པ་ཀུན་ནས་གྲུབ་པ་སྟེ། ཀུན་གྲུབ་པ་སྟེ། མཚན་ཉིད་དབྱེར་མེད་པ་ཉིད་ཀྱིས་དབྱེར་

མེད་པའི་མཚན་ཉིད་དོ། །ཇི་ལྟར་སྤྲིན་དང་སྒྱུ་མ་དང་རྨི་ལམ་ལ་སོགས་པའི་དཔེ་དེས་གང་གི་ཚེ་དབྱེར་མེད་པའི་མཚན་ཉིད་དུ་གྱུར་པ་དེའི་ཚེ་ཕྱག་རྒྱའི་རྣལ་འབྱོར་པར་འགྱུར་ཞིང་དེ་ལས་འགྲུབ་པར་འགྱུར་རོ། །ཅི་སྟེ་སྟོན་པས་དཀྱིལ་འཁོར་འདི་སྐད་གསུངས་ཞེས་པའི་རྒྱུ་ལས་སྟོན་པ་འགྲོ་བའི་དོན་ལ་འཇུག་པའོ། །

དཀྱིལ་འཁོར་གསུངས་ཏེ། གང་གི་ཕྱིར་དཀྱིལ་འཁོར་ཤེས་པ་མེད་པས་ཕྱག་རྒྱའི་དངོས་གྲུབ་མེད་དོ། །དཀྱིལ་འཁོར་དེ་ཡང་སྤྲིན་དང་འདྲ་བ་ཞེས་པ་ལ་སོགས་པའི་དཔེ་ཡིས་དབྱེར་མེད་པར་གྱུར་པའི་དངོས་གྲུབ་ཐོབ་པར་བྱེད་པའོ། །དཀྱིལ་འཁོར་དེ་ཉིད་གསུངས་པ། གྲུ་བཞི་ཡང་དག་འབར་བ་སྟེ། །སྒོ་བཞི་

གཟི་བརྗིད་ཆེན་པོའོ། །དོ་ཤལ་དོ་ཤལ་ཕྱེད་པས་བརྒྱན། །ཕྲེང་བ་སྣ་ཚོགས་རྔ་ཡབ་ལྡན། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །རྡོ་རྗེ་སྲད་བུ་མཉམ་ལྡན་པ། །མེ་ཏོག་སྣ་ཚོགས་ཉེ་བར་བརྒྱན། །བདུག་པ་སྒྲོན་མ་ལྡན་པའི་དྲི། །བུམ་པ་བརྒྱད་ལ་སོགས་པ་ལྡན། །དེ་ཡང་ཡལ་ག་རྩེ་མོ་ཅན། །མགྲིན་པ་གོས་

ཀྱིས་བཅིངས་པ་སྟེ། །རིན་ཆེན་ལྔ་ནི་ཡོངས་སུ་གཞུག །རྣམ་པར་རྒྱལ་བ་ཤར་དུ་སྦྱིན། །ཐམས་ཅད་དོན་གོ་སླ་བ་ཉིད་དོ། །རྫོགས་པའི་རིམ་པ་ལ་ནི་གྲུ་བཞི་ཞེས་པ་དགའ་བ་བཞིའི་རང་བཞིན་ཉིད་ཀྱིས་སོ། །ཡང་དག་འབར་བ་ཞེས་པ་འོད་གསལ་བའོ། །སྒོ་བཞི་ཞེས་པ་བཞི་པོ་འདི་ཉིད་སྲིད་པའི་སྐམ་སར་

Vol. 3 · folio 180a

འགྲོ་བའི་ཐབས་སོ། །གཟི་བརྗིད་ཆེན་པོ་ཞེས་པ་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་རོ། །དོ་ཤལ་དོ་ཤལ་ཕྱེད་པས་བརྒྱན། །ཞེས་པ་ཇི་ལྟར་མུ་ཏིག་ལ་སོགས་པའི་རིན་པོ་ཆེ་རྣམས་སྲད་བུ་གཅིག་ལ་བརྒྱུས་པ་དེ་བཞིན་དུ་ཡེ་ཤེས་ལྔ་དང་སྐུ་གསུམ་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་པ་རྣམས་གཉིས་སུ་

མེད་པས་སོ་སོར་བཅིངས་པའི་ཕྱིར་རོ། །ཕྲེང་བ་ནི་མེ་ཏོག་གི་ཕྲེང་བའོ། །སྣ་ཚོགས་རྔ་ཡབ་ནི་རྔ་མ་ཁ་དོག་སྣ་ཚོགས་པ་སྟེ། ཕྲེང་བ་ཡང་མེ་ཏོག་སྣ་ཚོགས་པ་རིགས་དུ་མ་གཅིག་ཏུ་བསྒྲིགས་པར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ་རིགས་སྣ་ཚོགས་པ་རྣམས་དང་། ཁ་དོག་སྣ་ཚོགས་པ་རྣམས་ཀྱང་དེའི་ནང་ན་ཐིམ་པའི་

ཕྱིར། ཕྲེང་བ་སྣ་ཚོགས་རྔ་ཡབ་ལྡན། །ཞེས་པའོ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །རྣམ་པར་ཐར་པའི་སྒོ་བརྒྱད་རྣམ་པར་དག་པའི་ཕྱིར་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པའོ། །རྡོ་རྗེ་སྲད་བུ་མཉམ་ལྡན་པ། །རྡོ་རྗེ་སེམས་དང་། སྲད་བུ་ཨ་ཝ་དྷཱུ་ཏཱིའོ། །དེ་དག་མཉམ་པ་གཉིས་སུ་མེད་པས་ཀུན་དུ་སྦྱོར་ཞིང་འདུས་

པར་གྱུར་པའོ། །མེ་ཏོག་སྣ་ཚོགས་ཉེ་བར་བརྒྱན། །ཞེས་པ་མེ་ཏོག་ནི་བྱང་ཆུབ་ཀྱི་སེམས་སོ། །སྣ་ཚོགས་ཞེས་པ་འགྲོ་བ་དྲུག་ཏུ་གཏོགས་པའི་སེམས་ཅན་རྣམས་སོ། །དེ་རྣམས་ཀྱི་ས་བོན་དུ་གྱུར་པའི་ཕྱིར་མེ་ཏོག་དེས་ཉེ་བར་བརྒྱན་པ་སྟེ། དེ་ལ་འགྲོ་བ་དྲུག་དུ་གཏོགས་པའི་སེམས་ཅན་ཐམས་ཅད་གང་ལས་སྐྱེ་བར་འགྱུར་

བའོ། །གཞན་ཡང་ཁྱད་པར་ཅི་ཞེ་ན། དྲི་ཞེས་པ་ཡེ་ཤེས་ཏེ་རྟོགས་པའི་རང་བཞིན་ནོ། །དེ་ཁྱད་པར་ཅི་ཞེ་ན། བདུག་པ་ཞེས་པ་བསྲེག་པའི་བདག་ཉིད་ཀྱིས་རང་བཞིན་མེད་པའི་ངོ་བོའོ། །སྒྲོན་མ་ཞེས་པ་སྣང་བའི་རང་བཞིན་ཉིད་ལས་འོད་གསལ་བའོ། །ལྡན་ཞེས་པ་ཟུང་འཇུག་སྟེ་ཤེས་རབ་དང་ཐབས་དབྱེར་མེད་

པའོ། །བུམ་པ་བརྒྱད་ལ་སོགས་པ་ནི་ཀ་ལ་ནཱ་ད་སྟེ། ཤྱ་ནི་ཕྲ་མོར་བྱེད་པའི་ཕྱིར་བུམ་པ་ཆ་དང་བྲལ་བ་བཞི་པ་རྡོ་རྗེ་འཆང་ངོ་། །བརྒྱད་ཀྱི་སྒྲས་མཁའ་འགྲོ་མ་བརྒྱད་རྣམས་ཏེ་བརྒྱད་དང་བུམ་པ་ཡང་བུམ་པ་བརྒྱད་དོ། །དེ་རྣམས་ཉིད་དང་པོ་གང་གི་གཙོ་བོའི་རྒྱུ་ཡིན་པ་རྒྱུ་དེ་རྣམས་དང་ལྡན་པ་སྟེ། ལྡན་པ་ནི་ཤེས་རབ་

དང་ཐབས་དབྱེར་མེད་པའི་དཀྱིལ་འཁོར་ཉིད་དོ། །བུམ་པ་དེ་རྣམས་ཀྱང་ཡལ་གའི་རྩེ་མོ་ཅན་མགྲིན་པ་གོས་ཀྱིས་བཅིངས་པ་སྟེ། ཀུན་རྫོབ་ལ་དོན་གོ་སླ་བ་ཉིད་དོ། །དོན་དམ་པ་ལ་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ཉིད་ཅན་ཏེ། བདེ་བ་འཛིན་པའི་ཕྱིར་བུམ་པའོ། །ད་ཉིད་ཀྱི་ཕྱིར་ཡལ་གའི་རྩེ་མོ་སྟེ། ཡལ་གའི་

Vol. 3 · folio 180b

སྒྲས་ཡལ་ག་དང་འདྲ་བའི་ཕྱིར་ཡལ་ག་སྟེ། ཡལ་ག་དང་ཉེ་བའི་ཡལ་ག་ལ་སོགས་པ་རྣམས་སོ། །དེ་ཉིད་རྩེ་མོ་སྟེ། དེ་གང་གི་གཙོ་བོར་གྱུར་པའོ། །འདིས་ནི་སྤྲོ་བའི་རང་བཞིན་ཉིད་དོ། །དེ་ཉིད་ཀྱི་ཕྱིར་མགྲིན་པ་གོས་ཀྱིས་བཅིངས་པ་སྟེ། གོས་ནི་གོས་ལྟ་བུར་སྒྲིབ་པའི་རྒྱུ་ཉིད་ལས་ཀུན་རྫོབ་ཀྱི་བདེན་པའོ། །

དེས་མགྲིན་པ་བཅིངས་པ་ནི་མགྲིན་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་སྟོང་པ་ཉིད་བཅུ་དྲུག་གང་ཡིན་པ་དེ་རྣམས་མགྲིན་པ་གོས་ཀྱིས་བཅིངས་པའོ། །རིན་ཆེན་ལྔ་ནི་ཡོངས་སུ་གཞུག །རྣམ་པར་རྒྱལ་བ་ཤར་དུ་སྦྱིན། །རྣམ་པར་རྒྱལ་བའི་བུམ་པར་རིན་པོ་ཆེ་ལྔ་བཅུག་སྟེ་ཤར་གྱི་སྒོ་རུ་གཞག་པར་བྱའོ། །ཡང་ན་

ལྔའི་སྒྲས་གཟུགས་ལ་སོགས་པའི་ཕུང་པོ་ལྔའོ། །རིན་ཆེན་གྱི་སྒྲས་ནི་སེམས་ཏེ། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་སོ། །གང་དུ་ཡང་དག་པའི་ཡེ་ཤེས་ལ་འདི་རྣམས་ཡོངས་སུ་ཞུགས་པ་དེ་ནི་རིན་ཆེན་ལྔ་ཡོངས་སུ་བཅུག་པའོ། །ཁྱད་པར་ཅི་ཞེ་ན། རྣམ་པར་རྒྱལ་བ་སྟེ། རྣམ་པའི་སྒྲས། བི་ཡ་ཏ་

ནམ་མཁའི་ཁམས་སོ། །དེ་ལས་སྐྱེས་པ་ནི་རྣམ་སྐྱེས་ཏེ། ཆོས་འབྱུང་ལས་བྱུང་བའི་ཡེ་ཤེས་སོ། །དེ་ཐོབ་ཅིང་རྙེད་པའི་ཕྱིར་རྣམ་པར་རྒྱལ་བའོ། །དེ་ཇི་ལྟར་ཞེ་ན། གང་གི་ཕྱིར་སྔོན་དུ་སྦྱིན་ཞེས་པ་གང་ལས་ཐོག་མ་ཉིད་ནས་དེའི་རང་བཞིན་ཡོངས་སུ་སྤངས་པ་ཞེས་པའི་དོན་ཏོ། །དཀྱིལ་འཁོར་གྱི་ཐིག་གདབ་པའི་དོན་

དུ་ཐིག་སྐུད་གསུངས་པ། གསར་པ་ལེགས་པར་བཀལ་བ་དང་། །རང་གི་ཚད་ལྡན་མཛེས་པ་ཡི། །སྲད་བུས་ཐིག་གདབ་ཤེས་རབ་ཅན། །རང་འདོད་ལྷ་ཡི་གཟུགས་ཀྱིས་སོ། །གསར་པ་ཞེས་པ་གཞན་དུ་ལས་ལམ་བཅུག་པས་སོ། །ལེགས་པར་བཀལ་བས་ཞེས་པ་ལེགས་པར་བྱས་པས་སོ། །རང་གི་ཚད་

ལྡན་ཞེས་པ་དཀྱིལ་འཁོར་ཉིས་འགྱུར་གྱིས་རིང་བས་སོ། །མཛེས་པ་ཞེས་པ་སྲ་བས་སོ། །དེ་ལྟར་འགྱུར་བའི་སད་བུས་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ། །ཤེས་རབ་ཅན་ཞེས་པ་བདག་མེད་མ་དང་ལྡན་པའོ། །རང་འདོད་ལྷའི་གཟུགས་ཀྱིས་ཞེས་པ་རང་གི་འདོད་པའི་ལྷ་གང་ཡིན་པ་དེའི་རྣལ་འབྱོར་

དང་ལྡན་པའི་ཕྱིར་རོ། །ཡང་ན། གསར་པ་ཞེས་པ་སྔོན་མེད་པ་སྟེ། སྔོན་མེད་པའི་ཕྱིར་ཕྱིས་ཀྱང་མེད་དོ། །འདིས་ནི་ཐོག་མ་དང་ཐ་མ་མེད་པའོ། །ལེགས་པར་བཀལ་པ་ཞེས་པ་ལེགས་པ་ནི་ཁུ་བའོ། །དེ་ལ་ངེས་པར་ལྡན་པའི་རྣལ་འབྱོར་རྟོགས་པས་སོ། །ཤིན་ཏུ་ཚད་ལྡན་ཞེས་པ་ལུང་དང་

Vol. 3 · folio 181a

ཁོང་དུ་ཆུད་པ་དག་གིས་སྟོན་པའི་བཀའ་དྲིན་ལྷག་པར་རྟོགས་པས་སོ། །མཛེས་པས་ཞེས་པ་ཡིད་འཕྲོག་པའོ། །སྲད་བུས་ཞེས་པ་རྣམ་པར་ཤེས་པའི་རྒྱུན་གྱིས་སོ། །ཐིག་གདབ་ཅེས་པ་ཕན་ཚུན་སོ་སོར་སྦྲེལ་བར་བྱེད་པའོ། །ཤེས་རབ་ཅན་ཞེས་པ་རྣམ་པར་ཤེས་པ་གཞན་དང་

གཞན་གྱིས་རྣམ་པར་ཤེས་པ་རང་བཞིན་མེད་པར་རྟོགས་པས་གནས་པའོ། །རང་འདོད་ལྷའི་གཟུགས་ཀྱིས་ཞེས་པ་རང་སེམས་སོ། །དེ་འདོད་པས་བཙལ་བའི་ལྷ་གང་ཡིན་པ་དེའི་གཟུགས་དང་། དེའི་རང་བཞིན་ཏེ། དེ་རྣམས་ཀྱི་རང་བཞིན་རྟོགས་པའི་ཕྱིར། གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་རྣམས་ཀྱི་རང་

བཞིན་དེ་བཞིན་ཉིད་རྟོགས་པའི་ཕྱིར་ཞེས་པའི་དོན་ཏོ། །དཀྱིལ་འཁོར་ལ་རྡུལ་ཚོན་གདབ་པ་དང་ཐིག་གདབ་པའི་ཡང་སྔོན་དུ། འཁོར་ལོའི་བདག་པོའི་བཟླས་པ་འབུམ། འཁོར་ལོའི་བདག་པོ་ཞེས་པ་དཀྱིལ་འཁོར་གྱི་གཙོ་བོའི་བཟླས་པ་འབུམ་ཞེས་པ་སྔགས་འབུམ་བཟླས་པར་བྱའོ། །དཀྱིལ་འཁོར་པའི་ཁྲི་

ཕྲག་ཀྱང་ཞེས་པ་དཀྱིལ་འཁོར་དུ་བཞུགས་པའི་དེ་བཞིན་གཤེགས་པ་གཞན་རྣམས་ཀྱི་སོ་སོར་སྟོང་ཕྲག་བཅུ་དྲུག་བཟླས་པར་བྱའོ། །ཡང་ན། འཁོར་ལོའི་བདག་པོ་ཞེས་པ་རྡོ་རྗེ་འཆང་གི་འབུམ་མཚོན་པར་བྱེད་པའི་མཚན་མ་ཨཱ་ལི་ཀཱ་ལི་ནཱ་དའི་བདག་ཉིད་ཅན་བཟླས་པར་བྱ་སྟེ། ཤེས་རབ་དང་ཐབས་དབྱེར་མེད་པ་

ཁོ་ན་རྡོ་རྗེ་འཆང་གི་མཚན་ཉིད་ཅེས་པའོ། །དཀྱིལ་འཁོར་བའི་ཞེས་པ། དཀྱིལ་འཁོར་ནི་ཡེ་ཤེས་སོ། །དེ་ལས་བྱུང་བ་ནི་དཀྱིལ་འཁོར་པ་སྟེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ཉིད་ཅན་སྤྲོ་བའི་ཚུལ་གྱིས་རྣམ་པར་གནས་པ་སྟེ། ཐ་དད་མེད་པའི་ཕྱིར་གཅིག་གི་ཚིག་གོ། །དེ་རྣམས་ཀྱི་

མཚན་ཉིད་ནི་ཁྲི་ཕྲག་སྟེ། ཨ་བདག་མེད་མའོ། །དེ་དང་ལྷན་ཅིག་ལྡན་པ་ནི་ཁ་སྦྱོར་ཏེ། དེ་རྣམས་ཀྱི་མཚན་མ་བདག་མེད་མ་དང་དབྱེར་མེད་པ་ཁོ་ན་ཞེས་པའོ། །ནོར་འཛིན་སྦྱང་བྱ་ཞེས་མདོར་བསྟན་པའི་རྒྱས་པར་བཤད་པ་ནི། གོང་དུ་གསུངས་པའི་སྔགས་ཉིད་ཀྱིས། །མཁས་པས་འཛིན་མ་སྦྱང་བར་བྱ། །གོང་དུ་

གསུངས་པའི་སྔགས་ཉིད་ཀྱིས། །ཞེས་པ་སྔགས་ཀྱི་ལེའུར་གསུངས་པའི། ཨོཾ་རཀྵ་རཀྵ་ཞེས་པའི་སྔགས་ཀྱིས་འཛིན་མ་སྦྱང་བར་བྱ་སྟེ། མཁས་པ་ནི་སློབ་དཔོན་ནོ། །ཡང་ན། གོང་དུ་གསུངས་པའི་སྔགས་ཉིད་ཀྱིས། རཀྵ་རཀྵ་ཞེས་པ་སྟེ་སྐུ་གསུང་ཐུགས་འཇིགས་པའི་བདག་ཉིད་ཅན་རང་བཞིན་མེད་པའི་ངོ་བོ་ཞེས་

Vol. 3 · folio 181b

པའོ། །འཛིན་མ་ནི་ཆོས་འབྱུང་སྟེ། དེ་སྦྱོང་བ་ནི་དག་པའོ། །དེ་ཉིད་མཁས་པ་རྟོགས་པའི་བདག་ཉིད་ཅན་ཡེ་ཤེས་ཀྱི་སྐུ་ཞེས་པའི་དོན་ཏོ། །གོང་གི་ཨ་སོགས་སྔགས་ཀྱིས་ནི། །དེ་ལ་གཏོར་མ་སྦྱིན་པར་བྱ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨདྱཱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སཱ་ཧཱ། ཞེས་བྱ་བའི་སྔགས་འདིས་

ཞེས་པའི་དོན་ཏོ། །ཡང་ན། གཏོར་མ་ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའོ། །ཨ་ཡིག་དང་པོའི་སྔགས་ནི་ཨ་ཡིག་ཉིད་དང་པོ་སྟེ། དེ་སྔགས་དང་ཡེ་ཤེས་གང་གི་རྒྱུའི་གཙོ་བོ་ཡིན་པ་ནི་ཨ་ཡིག་དང་པོའི་སྔགས་སོ། །དེས་ན་ཨ་ཡིག་གི་སྒྲས་བདག་མེད་མ་སྟེ། ཡེ་ཤེས་ཐམས་ཅད་དེའི་རང་

བཞིན་ཁོ་ནའོ། །དེའི་ཕྱིར་གོང་སྔར་སྦྱིན་ཞིང་ཡོངས་སུ་སྤང་བར་བྱ་སྟེ། འདིར་ཐོག་མ་ཉིད་མེད་དོ། །དེ་མེད་པའི་ཕྱིར་ཐ་མ་དང་དབུས་ཀྱང་མེད་དོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་བདག་མེད་མ་དང་ལྡན་པར་གྱུར་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཉེས་པར་འགྱུར་རོ་ཞེས་པའོ། །སྲུང་བ་ཇི་

ལྟར་གསུངས་པ་ཉིད། །ཇི་ལྟར་བསམ་གཏན་དེ་བཞིན་འདིར། །ཞེས་པ་འབད་པས་ཧཱུྃ་ལས་རྡོ་རྗེ་ཅན་བྱས་ཏེ་ཞེས་པ་གང་ཞིག་མདོར་བསྟན་པ་དེའི་རྒྱས་པར་བཤད་པ་སྟེ། རེ་ཕས་ཉི་མ་སྔོན་དུ་རྣམ་བསྒོམ་ཞིང་། །ཉི་དེར་ཧཱུྃ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། རྡོ་རྗེ་དེ་ཉིད་ཀྱི་ར་བ་དང་། གུར་བཅིང་པ་ཡང་རྣམ་པར་བསྒོམ་

པར་བྱ་ཞེས་པ་སྟེ། བསམ་གཏན་ལ་ཇི་ལྟ་བ་དེ་བཞིན་དུ་འདིར་དཀྱིལ་འཁོར་གྱི་བྱ་བ་ལ་ཡང་ཞེས་པའི་དོན་ཏོ། །རེ་ཕས་ཉི་མ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ལ་ནང་གི་དོན་ནི་ལྷའི་ལེའུ་ཉིད་དུ་བཤད་ཟིན་པའི་ཕྱིར་འདིར་མ་བརྗོད་དོ། །དཀྱིལ་འཁོར་དེར་དབང་བསྐུར་བ་སྦྱིན་པར་བྱའོ་ཞེས་གསུངས་པ། གང་

ཞིག་དབང་ནི་རབ་གསལ་བ། །རང་གི་དཀྱིལ་འཁོར་ཆོ་གས་སྦྱིན། །གང་ཞིག་ཆུ་ལ་སོགས་པའི་དབང་བསྐུར་བ་གསུངས་པ་དེ་དང་དེ་རྣམས་ཆོ་ག་བཞིན་དུ་ཆོ་གའི་རིམ་པས་སྦྱིན་པར་བྱའོ། །རང་གི་དཀྱིལ་འཁོར་ཞེས་པ་ལྷག་པར་མོས་པའི་ཁྱད་པར་གྱི་དཀྱིལ་འཁོར་བྱས་ཏེ་ཞེས་པའི་དོན་ཏོ། །ཡང་ན། གང་

ཞིག་དབང་ནི་དབང་བསྐུར་བ་སྟེ། སྒྲིབ་པ་དང་བྲལ་བར་བྱེད་པའོ། །ཁྱད་པར་ཅི་ཞེ་ན། རབ་གསལ་བ་འོད་གསལ་བའི་རང་བཞིན་ནོ། །གང་དུ་ཞེ་ན། རང་གི་དཀྱིལ་འཁོར་རང་རིག་པའི་ཡེ་ཤེས་སུ་དེ་རྣམས་ཆོ་ག་བཞིན་སྦྱིན་པར་བྱ་སྟེ། རང་རིག་པའི་ཡེ་ཤེས་གང་ལ་ཆོ་ག་བསྒྲུབ་པའི་བྱ་བ་དེ་ཡོད་པའི་ཡེ་

Vol. 3 · folio 182a

ཤེས་དེ་ནི་ཆོ་ག་དང་ལྡན་པའོ། །འདིས་ནི་ལྷའི་རྣམ་པར་དག་པ་སྟེ་དེ་རབ་ཏུ་གསལ་བའི་མཚན་ཉིད་ཀྱིས་རང་བཞིན་རྣམ་པར་དག་པའོ། །ཆོ་ག་བཞིན་ཞེས་པ་འདིས་ལྷའི་རྣམ་པར་དག་པ་སྟེ། གཉིས་ཀ་ཡོངས་སུ་དག་པའི་དབང་བསྐུར་བ་སྦྱིན་ཞིང་སྤང་བར་བྱ་སྟེ། རྣམ་པ་

གཉིས་ཀའི་ཀུན་དུ་ཆགས་པ་ཡང་ཡོངས་སུ་སྤངས་པའོ་ཞེས་པའི་དོན་ཏོ། །མཆོད་དང་གསོལ་བ་གདབ་པ་ཉིད། །ཇི་ལྟར་བཤད་པ་དེ་བཞིན་འདིར། །ཞེས་པ་ཇི་ལྟར་དབང་བསྐུར་བའི་ལེའུར་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་མཆོད་པ་དང་གསོལ་བ་གདབ་པ་གསུངས་པ་དེ་བཞིན་དུ་འདིར་ཡང་

སྟེ། བསམ་གཏན་གྱིས་མངོན་སུམ་དུ་རང་གི་སྙིང་གར་རང་གི་ས་བོན་ལས་འཐོན་པའི་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པས་ཁམས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས་མ་མོ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས་གསོལ་བ་གདབ་པར་བྱའོ། །ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ།

ཞེས་པ་སྟེ། དབང་བསྐུར་བའི་ལེའུར་རྣམ་པར་བཤད་པའི་དོན་ཁོ་ནའོ། །དེའི་རྗེས་ལ། རིམ་གཉིས་བཟང་པོ་རྣམས་བྲིས་ནས། །མྱུར་དུ་དཀར་མོ་ལ་སོགས་བྲི། །མཆོད་པ་དང་གསོལ་བ་གདབ་པ་བྱས་པའི་རྗེས་ལ་རིམ་པ་གཉིས་པའི་དཀྱིལ་འཁོར་བྲི་བར་བྱའོ། །དེ་ཡང་བཟང་པོ་སྟེ། བཟང་པོའི་རྒྱུ་

ཉིད་ལས་སོ། །དེ་རྣམས་བྲིས་ནས་མྱུར་དུ་དཀར་མོ་ལ་སོགས་པ་རྣམས་ཀྱི་མཚན་མ་མྱུར་བ་ཁོ་ནར་བྲི་བར་བྱའོ་ཞེས་པ་གདམས་ངག་གོ། །ཤར་དུ་གྲི་གུག་བྲི་བར་བྱ། །དེ་བཞིན་ལྷོ་དང་ནུབ་ཏུ་སྟེ། །བྱང་དང་མེ་ཡི་མཚམས་དང་ནི། །བདེན་བྲལ་རླུང་དུ་དེ་བཞིན་ནོ། །དབང་ལྡན་དུ་ཡང་ཅི་གསུངས་པ། །དེ་

ལྟ་དེ་ལྟར་འོག་དང་སྟེང་། །འདིས་ཅི་གསུངས་ན་ནང་གི་རིམ་པའི་དབུས་སུ་རྡོ་རྗེ་ཐོད་པ་དང་། འདབ་མ་བཞི་ལ་གྲི་གུག་གོ། །ཕྱིའི་རིམ་པ་ལ་ཡང་འདབ་མ་བརྒྱད་པོ་རྣམས་ལ་གྲི་གུག་བརྒྱད་དེ། འོག་དང་སྟེང་དུ་བྲི་བར་བྱའོ་ཞེས་པའི་དོན་ཏོ། །ཡང་ན། རིམ་གཉིས་ཞེས་པ་ཁ་སྦྱོར་ཏེ། རྡོ་རྗེ་འཆང་དང་དབྱེར་

མེད་པའི་བདག་མེད་མ་ཉིད་དང་། བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་ཉིད་དོ། །དེ་ཁྱད་པར་ཅི་ཞེ་ན། བདེན་པ་གཉིས་ཀྱི་བདག་ཉིད་ཀྱི་ཕྱིར་བཟང་པོའོ། །རྣམ་པར་བྲིས་ནས་ངེས་པར་བརྟན་པོར་བྱས་ཏེ། མྱུར་དུ་སྐད་ཅིག་ལ་དཀར་མོ་ལ་སོགས་པ་རྣམས་ཀྱི་མཚན་མ་བྲི་ཞིང་བརྟན་པར་བྱའོ། །དེ་ཅི་ཞེ་ན། གསུངས་

Vol. 3 · folio 182b

པ། ཤར་དང་། ལྷོ་དང་། ནུབ་དང་། བྱང་དང་། མེ་དང་། བདེན་བྲལ་དང་། རླུང་དང་། དབང་ལྡན་གྱི་མཚམས་དང་། འོག་དང་། སྟེང་དང་ཕྱོགས་བཅུ་རྣམས་སུ་གྲི་གུག་སྟེ། འདིས་ནི་ཕྱོགས་བཅུའི་འཁྲུལ་པ་ཡང་གཉིས་སུ་མེད་པ་རྟོག་པས་ཟོས་པར་གྱུར་ཏོ་ཞེས་པའོ། །ནང་གི་རིམ་པར་གནས་པའི་མཁའ་འགྲོ་མ་བཞི་

བདག་མེད་མ་དང་ལྔ་སྟེ། དེ་ཡང་དྲུག་པ་རྡོ་རྗེ་འཆང་། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་གཟུགས་ལ་སོགས་པ་ཕུང་པོ་ལྔའི་བདག་ཉིད་ཅན་ཁོ་ནའོ། །རྡོ་རྗེ་སེམས་དཔའི་སྙེམས་བྱས་ན། །རྐང་པ་གཡས་པ་བརྐྱང་བྱས་ཏེ། །ཕྱག་གཉིས་ཀྱེའི་རྡོ་རྗེ་སྦྱོར་བས། །སློབ་དཔོན་དཀྱིལ་འཁོར་འཇུག་པར་བྱ། །ཞེས་པ་སློབ་དཔོན་སྟོན་པ་

གང་གིས་རྡོ་རྗེ་སེམས་དཔའི་སྙེམས་པ་དཔའ་བ་དང་ཁེངས་པ་བྱས་པ་དེ་ནི་དཀྱིལ་འཁོར་གྱི་སློབ་དཔོན་ཏེ། རྐང་པ་གཡས་པ་བརྐྱང་བ་བྱས་ཏེ་འཇུག་པར་བྱའོ། །རྐང་པ་གཡས་པ་བརྐྱང་ཞེས་པ་འདིའི་དོན་ནི་གཙུག་ལག་ཉིད་ལས་སོ། །ཇི་ལྟར་རྡོ་རྗེ་སེམས་དཔའི་སྙེམས་པ་བྱ་ཞེ་ན། གསུངས་པ། ཕྱག་གཉིས་ཀྱེའི་རྡོ་རྗེ་

སྦྱོར་བས་ཀྱེའི་རྡོ་རྗེ་ཕྱག་གཉིས་པའི་སྦྱོར་བ་ལས་ཏེ། དཀྱིལ་འཁོར་གྱི་སྐབས་ཡིན་པའི་ཕྱིར་དཀྱིལ་འཁོར་ཉིད་དུ་འཇུག་པར་བྱའོ་ཞེས་ཤེས་པར་བྱའོ། །ཡང་ན། རྡོ་རྗེ་ནི་མི་ཕྱེད་པའོ། །སེམས་དཔའ་ནི་སྲིད་པ་གསུམ་གཅིག་པ་ཉིད་དེ། རྡོ་རྗེ་སེམས་དཔའི་སྒྲས་ཤེས་རབ་དང་ཐབས་དབྱེར་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་

ཏེ། གང་གིས་དེ་ཡོངས་སུ་ཐོབ་པར་བྱས་པའི་དཔའ་བ་དང་ཁེངས་པ་དེ་ནི་སྙེམས་པའོ། །འདིས་ནི་དཔའ་བའི་སྟོབས་ཀྱིས་གཞན་གྱི་དོན་ཏོ། །ཁེངས་པས་རང་གི་དོན་ཏེ། རྡོ་རྗེ་སེམས་དཔའི་ངོ་བོས་ཡོངས་སུ་ཁྱབ་པས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །དཀྱིལ་འཁོར་གྱི་སློབ་དཔོན་རྡོ་རྗེ་འཆང་འཇུག་པར་

བྱའོ། །གང་དུ་ཞེ་ན། གཡས་བརྐྱང་རྐང་སྟབས་དག་པ་སྟེ། གང་ཞིག་རྡོ་རྗེ་འཆང་དང་དབྱེར་མེད་པའི་བདག་མེད་མ་དག་གིས་གཡས་བརྐྱང་གི་ཞབས་ཟོས་པར་གྱུར་པ། གཡས་བརྐྱང་གི་ཞབས་དེ་དག་ལ་སྟེ། བདག་མེད་མ་དེང་རྡོ་རྗེ་འཆང་གི་བདག་ཉིད་ཅན་གཉིས་ཀའི་ཡེ་ཤེས་སྡུད་པར་གྱུར་པ་ལ་

ཞེས་པའོ། །འདི་ཉིད་ཇི་ལྟར་ཞེ་ན། གསུངས་པ། ཕྱག་གཉིས་ཀྱེའི་རྡོ་རྗེའི་སྦྱོར་བས། གཉིས་ནི་ཀུན་རྫོབ་དང་དོན་དམ་པའོ། །ཕྱག་ནི་ལོངས་སྤྱོད་པ་སྟེ། ཀྱེའི་རྡོ་རྗེ་གཉིས་སུ་མེད་པའི་ཡེ་ཤེས་གང་ལ་དེ་ཡོད་པ་ནི་ཕྱག་གཉིས་ཀྱེའི་རྡོ་རྗེའོ། །དེའི་སྦྱོར་བ་ནི་དེའི་རང་བཞིན་ཏེ། དེ་ཉིད་ཀྱི་ཕྱིར་

Vol. 3 · folio 183a

ཡོངས་སུ་ཁྱབ་པར་བྱས་པ་མ་ནིང་ངོ་ཞེས་པའི་དོན་ཏོ། །ཁྲུས་དང་གཙང་སྦྲ་དྲི་ཞིམ་ལུས། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་སྟེ། །ཧཱུྃ་ཧཱུྃ་ཡི་གེ་སྙེམས་བྱེད་དང་། །ཧཱ་ཧཱ་རྣམ་པ་འཇིགས་བྱེད་པ། །གང་གི་ཧཱུྃ་ཧཱུྃ་གི་ཡིག་གེས་སྙེམས་པ་བྱེད་པ་དེ་ནི་དེ་བཞིན་ཏེ། ཧཱི་ཧཱི་རྣམ་པ་

འཇིགས་བྱེད་པ། །ཞེས་པ་གདུག་པའི་སེམས་ཅན་འཇིགས་པའི་གཟུགས་སོ། །ཁྲུས་ལ་སོགས་པའི་དོན་གོ་སླ་བ་ཉིད་དོ། །ཡང་ན་ཁྲུས་ནི་ལྷའི་རྣམ་པར་དག་པའོ་གཙང་སྦྲ་ནི་དེ་བཞིན་ཉིད་ཀྱི་རྣམ་པར་དག་པའོ། །དྲི་ཞིམ་པ་ནི་རྣམ་པར་དག །གཉིས་པོ་འདིས་མཛེས་པར་རྟོགས་པའོ། །ལུས་

ནི་ཨཾ་མཁའ་སྤྱོད་མའོ། །དེར་འགྲོ་བའི་ཕྱིར་ཨཾ་ག་སྟེ་འདི་ནི་དྲི་ཞིམ་དང་ལུས་ཀྱང་ཡིན་པའི་ཕྱིར་དྲི་ཞིམ་ལུས། བདག་མེད་མའི་དཀྱིལ་འཁོར་རྣམ་པར་དག་པར་མཛེས་པའི་ཡེ་ཤེས་ཁོ་ནའོ། །ཨཾ་ཡིག་གིས་མཁའ་འགྲོ་མ་བཅོ་ལྔ་པོ་རྣམས་ཀྱི་བསྡུས་པའི་ཕྱིར་བདག་མེད་མའི་དཀྱིལ་

འཁོར་ཁོ་ན་མཚོན་པའོ། །སྣ་ཚོགས་ནི་གཟུགས་སྣ་ཚོགས་པ་སྤྲོ་བའི་བདག་ཉིད་ཀྱི་ཕྱིར་རོ། །རྒྱན་ནི་ཀུན་ནས་ཚོགས་ཤིང་སྡོམ་པ་སྟེ། སྡུད་པའི་བདག་ཉིད་ཀྱི་ཕྱིར་རོ། །སྤྲོ་བ་དང་སྡུད་པའི་བདག་ཉིད་ཀྱི་ཕྱིར་སྣ་ཚོགས་པའི་རྒྱན་ཏེ། དེའི་ངོ་བོས་བརྒྱན་ཅིང་མཛེས་པར་གྱུར་པའོ། །

ཧཱུྃ་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་སོ། །ཧཱུྃ་ཡིག་ནི་དེ་ཉིད་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཏེ། ཡི་གེ་ལས་བྱུང་གོང་བུ་ནི། །ཧཱུྃ་སྟེ་ཕཊ་ཡིག་འདོད་མིན་ཉིད། །ཅེས་པའི་གསུངས་ལས་སོ། །འདིས་ཡོངས་སུ་ཁྱབ་པར་བྱས་པ་གང་གིས་གཉིས་ཀ་སྙོམས་པར་འཇུག་པ་དེ་ནི།

ཧཱུྃ་ཧཱུྃ་སྙེམས་པར་བྱེད་པ་སྟེ། འདིས་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཞེས་པའི་དོན་ཏེ། །ཧཱི་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པ་བདག་མེད་མའི་ཡེ་ཤེས་སོ། །ཧཱི་ཡིག་ནི་དེ་ཉིད་རྡོ་རྗེ་འཆང་དང་བདག་མེད་མའི་རང་བཞིན་གྱི་ཡེ་ཤེས་སོ། །དེ་ཉིད་

ཀྱི་ཕྱིར་འཇིགས་བྱེད་དེ། བདག་མེད་མ་ནི་རང་བཞིན་མེད་པ་ཉིད་ཀྱིས་ཉན་ཐོས་ལ་སོགས་པ་ཐམས་ཅད་འཇིགས་པར་བྱེད་པའི་ཕྱིར་རོ། །འདིས་ནི་ཧཱུྃ་ཧཱུྃ་སྙེམས་པར་བྱེད་པ་དང་། ཞེས་པ་འདིས་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ཉིད་ཅན་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་ངོ་། །ཧཱི་ཧཱི་རྣམ་པ་འཇིགས་

Vol. 3 · folio 183b

བྱེད་དེ། །ཞེས་པ་འདིས་ཀྱང་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་འཆང་དང་དབྱེར་མེད་པའི་བདག་མེད་མ་སྟེ། གཉིས་ཀ་ལ་ཡང་གཉིས་ཀ་དབྱེར་མེད་པ་ཁོ་ནའོ། །ཕྱི་ནས་དེ་ཉིད་ཡང་དག་བཤད། །རྣམ་དག་ཡེ་ཤེས་རང་བཞིན་ཅན། །ཕྱི་ནས་བར་མ་ཆད་པར་དེ་ཁོ་ན་བཤད་པར་བྱའོ། །

ཁྱད་པར་ཅི་ཞེ་ན། རྣམ་དག་སྟེ། རིམ་པ་གཉིས་རྣམ་པར་དག་པར་གྱུར་པ་དེ་ཁོ་ནའི་རང་བཞིན་ཅན་ནོ། །དེ་ཉིད་ཀྱི་ཕྱིར། འཁོར་བ་རྣམ་པར་བྱང་བ་དག །ཁྱད་པར་ཅུང་ཟད་ཀྱང་ཡོད་མིན། །གཉིས་ཀ་རྣམ་པར་དག་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་ནི་ཁྱད་པར་ཅུང་ཟད་ཀྱང་ཆ་ཕྲ་མོ་ཙམ་ཡང་

ཡོད་པ་མ་ཡིན་པ་ཁོ་ནའོ། །ཡང་ན། ཕྱི་ནས་ཞེས་པ་དེ་མ་ཐག་བར་མ་ཆད་པ་ཁོ་ན་སྟེ། དེ་ཉིད་ཅེས་པ་ཡང་དག་པའི་ཡེ་ཤེས་སོ། །ཁྱད་པར་ཅི་ཞེ་ན། ཡང་དག་བར་བཤད་པ་གང་ཞིག་མངོན་པར་བརྗོད་པ་དེ་ནི་ཡང་དག་པར་བཤད་པའོ། །ཤིན་ཏུ་རྣམ་དག་ཅེས་པ་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་

པ་ཕུལ་དུ་བྱུང་བས་ཡང་དག་པ་དྲི་མ་དང་བྲལ་བ་སྟེ། ཡེ་ཤེས་རང་བཞིན་ཅན་རྟོག་པ་གཅིག་པུའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར། འཁོར་བ་རྣམ་པར་བྱང་བ་དག །ཁྱད་པར་ཅུང་ཟད་ཀྱང་ཡོད་མིན། །ཞེས་པ་དོན་གསལ་བ་ཁོ་ནའོ། །འདི་ལྟར་ཇི་ལྟར་ཞེ་ན། གསུངས་པ། མཆོག་དགར་བསྒོམ་

བྱ་མེད་ཅིང་སྒོམ་པ་པོ་ཡང་མེད། །ལུས་ཀྱང་མེད་དེ་གཟུང་བ་མེད་ཅིང་འཛིན་པ་མེད། །ཤ་དང་ཁྲག་མེད་བཤང་བ་དང་ནི་གཅི་བ་མེད། །སྐྱུག་བྲོ་མེད་ཅིང་རྨོངས་མེད་གཙང་སྦྲ་དག་བྱེད་མེད། །ཆགས་མེད་སྡང་མེད་གཏི་མུག་མེད་ཅིང་ཕྲག་དོག་མེད། །སེར་སྣ་མེད་ཅིང་ང་རྒྱལ་ཡང་མེད་མཐོང་བྱ་

མེད། །འབྱུང་དང་འབྱུང་བ་པོ་མེད་བཤེས་དང་དགྲ་མེད་དེ། །རླབས་དང་བྲལ་བའི་ལྷན་ཅིག་སྐྱེས་པ་སྣ་ཚོགས་བརྗོད། །མཆོག་དགར་ཞེས་པ་མཆོག་ནི་རྡོ་རྗེ་འཆང་ངོ་། །དགའ་བ་ནི་བདག་མེད་མའོ། །མཆོག་དང་དགའ་བ་ཡང་མཆོག་དགའ་སྟེ། རྡོ་རྗེ་འཆང་དང་དབྱེར་མེད་པའི་བདག་

མེད་མའི་ཡེ་ཤེས་སོ། །དེ་ལ་དེའི་ཚེ་ཅི་ཞེ་ན། བསྒོམ་བྱ་མེད་བསྒོམ་པར་བྱ་བ་མེད་བ་སྟེ། ལྷག་པར་བསྒྲུབ་བར་བྱ་བ་མེད་པའོ། །གང་གི་ཕྱིར་སྒོམ་པ་པོ་མེད། ལྷག་པར་སྒྲུབ་པ་པོའང་མེད་དོ། །ཇི་ལྟར་ཞེ་ན། ལུས་ཀྱང་མེད་དེ་གང་གི་ཕྱིར་ལུས་མེད་པ་ནི་སྣང་བའི་མཚན་ཉིད་ཀྱི་ལུས་རང་བཞིན་

Vol. 3 · folio 184a

མེད་པའི་ཕྱིར་རོ། །གཟུང་བ་མེད་པ་ནི་ལུས་བཀག་པ་ཉིད་ཀྱི་ཕྱིར་གཟུང་བ་འཛིན་པའི་མཚན་ཉིད་མེད་དོ། །དེ་མེད་པའི་ཕྱིར་འཛིན་པ་ཡང་མེད་དོ། །དེ་ཉིད་ཀྱི་ཕྱིར་ལུས་བཀག་པ་ཉིད་ལས། ཤ་དང་ཁྲག་མེད་བཤང་བ་དང་ནི་གཅི་བ་མེད། འདིས་དེ་བཞིན་གཤེགས་པ་བཞི་ཡང་

འོད་དཔག་མེད་ཁོ་ནའི་ནང་དུ་གཏོགས་སོ་ཞེས་རབ་ཏུ་བསྟན་ཏོ། །མཆོག་དགར་ཞེས་པའི་གསུང་ལས་དགའ་བ་ཡང་འོད་དཔག་མེད་དང་དབྱེར་མེད་པ་ཁོ་ནའོ། །སྐྱུག་བྲོ་མེད་དེ་དེ་ཉིད་ཀྱི་ཕྱིར་སྨད་པ་མེད་པ་སྟེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། རྟག་ཏུ་སྨད་པའི་བློ་གྲོས་ནི། །འདིར་

ནི་བདག་ལ་སྐྲག་པ་སྐྱེ། །ཞེས་པའོ། །དེ་ཉིད་ཀྱི་ཕྱིར་རྨོངས་པ་མེད། །རྨོངས་པ་མ་རིག་པ་འཁྲུལ་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་གཙང་སྦྲ་དག་བྱེད་མེད། གཙང་སྦྲ་ནི་ཤིན་ཏུ་རྣམ་པར་དག་པའོ། །དག་བྱེད་ནི་མེ་ལྟ་བུར་མི་ཤེས་པ་མ་ལུས་པ་སྲེག་པར་བྱེད་པའི་ཕྱིར། ཆགས་མེད་འདོད་ཆགས་འོད་དཔག་ཏུ་མེད་

པ་གསུང་རྡོ་རྗེའོ། །སྡང་མེད་ཞེ་སྡང་མི་བསྐྱོད་པ་ཐུགས་རྡོ་རྗེའོ། །གཏི་མུག་མེད་གཏི་མུག་རྣམ་པར་སྣང་མཛད་སྐུ་རྡོ་རྗེ་སྟེ། དེ་ཡང་མེད་དོ། །ཕྲག་དོག་མེད་ཕྲག་དོག་དོན་ཡོད་གྲུབ་པ། ཤེས་རབ་དང་ཐབས་དབྱེར་མེད་པས་རྣམ་པར་སྣང་མཛད་ལ་རབ་ཏུ་ཞུགས་པའི་ཕྱིར་ཏེ། དེ་ཡང་མེད་དོ། །སེར་སྣ་མེད་དེ་

བཞིན་དུ་རིན་ཆེན་དབང་པོ་འོད་དཔག་མེད་ལ་རབ་ཏུ་ཞུགས་པའི་ཕྱིར་རོ། །ང་རྒྱལ་མེད་རྡོ་རྗེ་སེམས་དཔའ་ཡང་མེད་དེ། དེ་བཞིན་དུ་མི་བསྐྱོད་པ་ལ་དབྱེར་མེད་པའི་ཕྱིར་རོ། །འདིས་ནི་ཤེས་རབ་དང་ཐབས་དབྱེར་མེད་པ་རྡོ་རྗེ་གསུམ་གྱི་ངོ་བོ་ཉིད་ཀྱིས་སྐུ་གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཕྱིར་རྡོ་རྗེ་འཆང་

གི་མཐོང་བྱ་མེད་དེ་ཐམས་ཅད་སྣང་བ་མེད་པར་རྟོགས་པའི་ཕྱིར་རོ། །འབྱུང་བ་མེད་ཅེས་པ་སྐྱེ་བའི་བྱ་བ་བཀག་པའོ། །འབྱུང་བ་པོ་ཡང་མེད་དེ། སྐྱེ་བ་འགྱུར་བ་ནི་འབྱུང་བ་པོའོ། །དེ་ཡང་མེད་དེ། ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པའི་ཕྱིར། སྐྱེ་བ་དང་སྐྱེ་བ་པོ་གཉིས་ཀ་ཡང་བཀག་པའོ། །ཡང་ན།

འབྱུང་དང་འབྱུང་བ་པོ་མེད་འབྱུང་བ་ཡུལ་དང་དབང་པོ་དང་། འབྱུང་བ་པོ་སེམས་སོ། །དེ་གསུམ་ཀ་ཡང་མེད་དེ་རྡོ་རྗེ་གསུམ་དབྱེར་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཤེས་དང་དགྲ་མེད། བཤེས་ཞེས་པ་སེམས་ཏེ་དེ་མེད་དོ། །དགྲ་ཞེས་པ་དགྲ་ལྟ་བུ་སྟེ། གང་ཞིག་ཡུལ་དང་དབང་པོ་དེ་རྣམས་ཡིན་ལ་དེ་ཡང་མེད་དེ། རྡོ་

Vol. 3 · folio 184b

རྗེ་གསུམ་དབྱེར་མེད་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་གང་བཤེས་ནི་དགའ་བའོ། །དགྲ་ནི་མི་དགའ་བའོ། །གཉིས་ཀ་ཡང་མེད་དེ་མཛེས་པ་དང་མི་མཛེས་པ་མེད་ཅེས་པའི་དོན་ཏོ། །གང་ཞིག་གསུངས་པ། ཇི་ལྟར་ཆུ་ནི་ཆུ་ལ་རབ་ཞུགས་པ། །དེ་བཞིན་དུ་ནི་རོ་མཉམ་གྱུར་པ་སྟེ། །སྐྱོན་དང་ཡོན་ཏན་སེམས་ཀྱི་

རྣམ་པས་སྐྱེ། །མི་མཐུན་ཕྱོགས་ནི་གང་ཡང་ཡོད་མ་ཡིན། ཞེས་སོ། །འདི་དག་ཐམས་ཅད་ཇི་ལྟར་ཞེ་ན། གསུངས་པ། རླབས་དང་བྲལ་བའི་ལྷན་ཅིག་སྐྱེས་པ་སྣ་ཚོགས་བརྗོད། །གང་གི་ཕྱིར་རླབས་དང་འདྲ་བ་ནི་རླབས་ཏེ། རྣམ་པར་རྟོག་པ་རྣམས་སོ། །ལྷན་ཅིག་སྐྱེས་པར་བརྗོད་པ་ལྷན་ཅིག་སྐྱེས་

པའི་མིང་ཅན་གང་ལ་དེ་རྣམས་དང་བྲལ་བ་ནི་རླབས་དང་བྲལ་བའི་ལྷན་ཅིག་སྐྱེས་པར་བརྗོད་དེ། ལྷན་ཅིག་སྐྱེས་པ་དེ་ནི་ཀུན་དུ་རྟོག་པ་ཐམས་ཅད་ལས་འདས་པའོ། །དེ་ཉིད་ཀྱི་ཕྱིར་སྣ་ཚོགས་ཏེ། གཟུགས་སྣ་ཚོགས་པའོ། །ཐམས་ཅད་དེའི་བདག་ཉིད་ཀྱིས་དེའི་ནང་དུ་གཏོགས་པར་གྱུར་པའི་ཕྱིར་ཞེས་

དགོངས་པའོ། །རྡོ་རྗེ་སྙིང་པོས་འདི་སྐད་གསོལ། །གཟོད་ནས་རང་བཞིན་མེད་པ་ཡིས། །ལུས་ཀྱི་རང་བཞིན་དག་པ་ནི། །ཅི་སླད་འབྱུང་བའི་བདག་ཉིད་ལགས། །རྡོ་རྗེ་སྙིང་པོ་ཞེས་པ་ཀྱེའི་རྡོ་རྗེར་བརྗོད་དེ། མི་ཕྱེད་པའི་སྐུའི་ཕྱིར་རོ། །གསོལ་བ་ཞེས་པ་རྡོ་རྗེ་འཆང་ལ་ཞུས་པ་སྟེ། ཇི་ལྟར་

ཞེ་ན། རྒྱུ་གང་གི་ཕྱིར་མཆོག་དགའ་ལ་བསྒོམ་བྱ་དང་སྒོམ་པ་པོ་ལ་སོགས་པ་རྣམས་བཀག་པ་དེའི་ཕྱིར། ཐེ་ཚོམ་སྐྱེས་པ་ན་ཞུས་པ་གལ་ཏེ་ལུས་ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ། རང་བཞིན་ནི་ཡང་དག་པ་ཇི་ལྟ་བའི་རང་བཞིན་གྱིས་དག་པ་གཉུག་མ་ཡོངས་སུ་དག་པའོ། །དེ་ཉིད་ཀྱི་ཕྱིར་

གཟོད་མ་ཐོག་མ་ཉིད་ནས་རང་བཞིན་མེད་པ་ཡིན་ན། ཅི་སླད་འབྱུང་བའི་བདག་ཉིད་ལགས། །ཇི་ལྟར་ཡང་དག་པ་མ་ཡིན་པ་འབྱུང་བ་ཆེན་པོ་ལྔའི་རང་བཞིན་ནི་ལགས་ཞེས་པའོ། །དེ་ལ་བཅོམ་ལྡན་འདས་རྡོ་རྗེ་ཅན། །མཁའ་འགྲོ་བདེ་བ་སྦྱིན་པས་གསུངས། །རླབས་དང་བྲལ་བའི་རང་བཞིན་

མཆོག །ཐམས་ཅད་ལུས་ལ་རྣམ་པར་གནས། །དེ་ལ་ཞེས་པ་རྡོ་རྗེ་སྙིང་པོའི་རྣམ་པར་རྟོག་པ་དེ་ལ་བཅོམ་ལྡན་འདས་རྡོ་རྗེ་ཅན་རྡོ་རྗེ་འཆང་གིས་གསུངས་པའོ། །ཁྱད་པར་ཅི་ཞེ་ན། མཁའ་འགྲོ་མ་བདག་མེད་མ་ལ་སོགས་པ་རྣམས་ལ་བདེ་བ་ཡེ་ཤེས་སྟེར་བའི་ཕྱིར་བདེ་བ་སྦྱིན་པའོ། །རླབས་དང་བྲལ་བའི་རང་བཞིན་བདག །

Vol. 3 · folio 185a

ཅེས་པ་གང་གི་བདག་ཉིད་རྣམ་པར་རྟོག་པ་མེད་པའི་རང་བཞིན་གྱི་སྐུར་གྱུར་པ་དེ་ནི་རླབས་དང་བྲལ་བའི་རང་བཞིན་བདག་གོ། །དེ་ཉིད་ཀྱི་ཕྱིར། ཐམས་ཅད་ལུས་ལ་རྣམ་པར་གནས། །བརྟན་པ་དང་གཡོ་བ་ལ་སོགས་པ་དངོས་པོ་མཐའ་དག་ལ་རྣམ་པར་གནས་ཏེ། ཁྱད་པར་འཕགས་

པའི་ཚུལ་གྱིས་ཨ་བདག་མེད་མ་དང་། བ་རྡོ་རྗེ་འཆང་ཁོ་ནའོ། །རིམ་པ་འདིས་གནས་པ་ནི་གཡོ་བ་མེད་པའོ། །ཅི་ཞེ་ན་གསུངས་པ། འབྱུང་བའི་བདག་ཉིད་ཅན་ཁོ་ན་ལུས་ཡིན་ནོ་ཞེས་པའོ། །དེའི་ཕྱིར་གསུངས་པ། བོ་ལ་ཀཀྐོ་ལ་སྦྱོར་བས། །ས་ནི་དེ་ལ་སྐྱེ་བར་འགྱུར། །དེ་ལ་ཞེས་པ་ལྷན་ཅིག་སྐྱེས་པ་

ལ་སའི་ཁམས་སྐྱེ་བར་འགྱུར་རོ། །བོ་ལ་རྡོ་རྗེའོ། །ཀཀྐོ་ལ་པདྨ་སྟེ། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བས་ཞེས་དགོངས་པའོ། །སླར་ཡང་། དང་པོར་རེག་པར་འདོད་པ་སྟེ། ཞེས་པའི་གསུང་ལས་རེག་པས་སྲ་བའི་ཆོས་ཅན་ཏེ། ས་དང་སྲ་བའི་རང་བཞིན་རྟོགས་པ་ལས་སའི་ཁམས་སོ། །དེ་ལ་ལྷན་ཅིག་

སྐྱེས་པ་དགའ་བའི་རང་བཞིན་གྱིས་སྐྱེ་བར་འགྱུར་རོ། །བྱང་སེམས་ཞུ་བའི་རྣམ་པ་ལས། ཆུ་ཡི་ཁམས་ཀྱང་ཡང་དག་འབྱུང་། །ལྷན་ཅིག་སྐྱེས་པ་དེ་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར་ཏེ། ཁུ་བ་འབྱུང་བར་འགྱུར་རོ། །དེ་ཡང་ཞུ་བའི་རང་བཞིན་གྱི་ཕྱིར་ཆུའི་ཁམས་འབྱུང་ཞིང་སྐྱེ་བར་འགྱུར་རོ། །བསྐྱོད་པ་ལས་ནི་མེ་སྐྱེ་

འགྱུར། །རྡོ་རྗེ་དང་པདྨ་བསྐྱོད་པས་མེའི་ཁམས་སྐྱེ་བར་འགྱུར་རོ། །འགྲོ་བ་རླུང་དུ་རབ་ཏུ་གྲགས། །གཡོ་བའི་རང་བཞིན་ཉིད་ལས་རླུང་གི་ཁམས་སུ་བརྗོད་དོ། །བདེ་བར་གྱུར་པ་ནམ་མཁའི་ཁམས། །བདེ་བར་གྱུར་པའི་ངོ་བོ་ཉིད་ལས་ནམ་མཁའི་ཁམས་སོ། །འདི་ནི་ལྔ་པོ་རྣམས་ཀྱིས་ཞེས་པ་ས་ལ་སོགས་པ་འབྱུང་

བ་ཆེན་པོ་ལྔ་པོ་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང་ཐམས་ཅད་དུ་ཁྱབ་པ་དེ་ནི་ལྷན་ཅིག་སྐྱེས་པའོ། །འདིས་ནི་བསྐྱེད་པའི་མཚན་ཉིད་ཀྱི་ཕྱིར་ལུས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འབྱུང་བ་ཆེན་པོའི་བདག་ཉིད་ཅན་ནོ། །དེའི་ཕྱིར་མར་ལ་མར་བཞག་པ་ལྟ་བུར་འདོད་ཆགས་དང་བྲལ་བ་རྣམ་པར་འདྲེས་པར་གྱུར་

པ་བདག་མེད་མ་དང་བྱང་ཆུབ་ཀྱི་སེམས་ཤེས་རབ་དང་ཐབས་དབྱེར་མེད་པ། བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུར་གྱུར་པ་སྟེ། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སྙིང་པོའི་ཐེ་ཚོམ་བསལ་བའོ། །ཡང་ན།

Vol. 3 · folio 185b

མཆོག་དགའ་རྡོ་རྗེ་སྙིང་པོ་བདག་མེད་མའི་ཡེ་ཤེས་བསྒོམ་པར་བྱ་བ་དང་སྒོམ་པ་ལ་སོགས་པ་རྣམས་མི་དམིགས་པའི་ཕྱིར་ཞེས་པའི་རྒྱུ་ལས། ཀྱེའི་རྡོ་རྗེར་བརྗོད་པ་བདག་མེད་མ་དང་དབྱེར་མེད་པ་རྡོ་རྗེ་འཆང་སྟེ། ཀཾ་ཡེ་ཤེས་སོ། །གསོལ་པ་ཡང་དག་པའི་བདག་ཉིད་ཡང་དག་པའི་དེ་ཁོ་ན་ཕྱིན་ཅི་མ་ལོག་

པ་སྟེ། གང་གི་བདག་ཉིད་དང་རང་བཞིན་དེ་ནི་ཡང་དག་པའི་བདག་ཉིད་ཅན་གྱི་ཡེ་ཤེས་སོ། །ཅིའི་སླད་དུ་རང་བཞིན་དང་རང་གི་ངོ་བོ་ཡང་དག་པ་ཇི་ལྟ་བའི་ལུས་དག་པ་སྟེ། ལུས་ཞེས་པ་སྐུ་གསུམ་ཡིན་ཞིང་མ་ནིང་དུ་བསྟན་པའོ། །གང་གི་ཕྱིར་གཟོད་མ་དང་པོ་ཉིད་ནས་རང་བཞིན་མེད་པ་སྟེ། ཨ་བདག་

མེད་མ་དང་། སྭ་རྡོ་རྗེ་འཆང་སྟེ་གཉིས་ཀའི་དངོས་པོ་ནི་གཉིས་ཀའི་བདག་ཉིད་ཅན་ནོ། །དེ་ལྟར་གྱུར་པའི་ཀཾ་ཡེ་ཤེས་བདེ་བ་སྟེ། དེ་ལ་ཞེས་པ་དེ་ལྟར་རྣམ་པར་གནས་པ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨ་ཡིག་དང་ཧ་ཡིག་གི་རང་བཞིན་དབང་ཕྱུག་ལ་སོགས་པའི་ཡོན་ཏན་མ་ལུས་པ་དང་

ལྡན་པ་རྡོ་རྗེ་ཅན་མི་ཕྱེད་པའི་ཡེ་ཤེས་ཀྱི་སྐུའོ། །དེ་ཉིད་ཀྱི་ཕྱིར་མཁའ་འགྲོ་མ་བདག་མེད་མ་ལ་སོགས་པ་རྣམས་ཀྱི་བདེ་བ་ཡེ་ཤེས་སྟེར་བའི་ཕྱིར་སྦྱིན་པའོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་ཀྱི་ཡང་ཡེ་ཤེས་ནི་དེའི་རང་བཞིན་ཉིད་ཀྱིས་དེའི་ནང་དུ་ཐིམ་པའོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རླབས་དང་བྲལ་བའི་རང་བཞིན་

བདག་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་སྤང་བའོ། །ཐམས་ཅད་ལུས་ལ་བརྟན་པ་དང་གཡོ་བ་ལ་སོགས་པའི་ལུས་ལ་རྣམ་པར་གནས་པ་ཁྱབ་པ་ཉིད་ཀྱིས་གཡོ་བ་མེད་པའོ། །དེ་ལྟར་གྱུར་པའི་རྡོ་རྗེ་འཆང་དེ་ཉིད་ལས་སྐྱེ་བར་འགྱུར་ཏེ། དེ་ཉིད་བདག་མེད་མའི་རང་བཞིན་ཡང་དག་པར་ཐོབ་

པའོ། །ཇི་ལྟར་ཞེ་ན། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ལས་གཉིས་ཀ་དབྱེར་མེད་པས་ཞེས་པའི་དོན་ཏེ། འདིས་བསྐྱེད་པའི་རིམ་པ་གསུངས་སོ། །དེ་ཉིད་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཞུ་བའི་རང་བཞིན་ལས་ཞུ་བའི་རྣམ་པའོ། །རྡོ་རྗེ་

འཆང་གང་གི །ཆུ་ཡི་ཁམས་ནི་ཡང་དག་འབྱུང་། །ཞེས་ཡང་དག་པར་འབྱུང་བ་ནི་འབྱུང་བ་སྟེ། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྫོགས་པའི་རིམ་པར་གསུངས་སོ། །བསྐྱོད་པ་ལས་ནི་མེ་སྐྱེ་འགྱུར། །ཞེས་པ་ཤེས་རབ་དང་ཐབས་དག་ལས་རྟག་ཏུ་མེ་གཉིས་ཀའི་རང་བཞིན་མེད་པ་

Vol. 3 · folio 186a

ཉིད་སྐྱེ་ཞིང་རྫོགས་པར་འགྱུར་རོ། །དེ་ལས་ཀྱང་འགྲོ་བ་སྟེ། རྟོག་པ་རླུང་ཡེ་ཤེས་སུ་རབ་ཏུ་གྲགས་ཏེ། ཕུལ་དུ་བྱུང་བས་མངོན་པར་གསལ་བའོ། །བདེ་བར་གྱུར་པ་ཞེས་པ་བདེ་བ་ནི་ཡེ་ཤེས་སོ། །དེའི་དངོས་པོ་ནི་བདེ་བར་གྱུར་པ་སྟེ། ནམ་མཁའི་ཁམས་འོད་གསལ་བ་

ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ལྔ་པོ་རྣམས་ཀྱིས་ཞེས་པ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་པོ་རྣམས་ཀྱིས་ཡོངས་སུ་ཐམས་ཅད་ནས་བསྐོར་ཞིང་ཁྱབ་པར་གྱུར་པའོ། །བདེ་བར་གྱུར་པ་ནམ་མཁའི་ཁམས། །ཞེས་པ་བདེ་བར་གྱུར་པ་ནི་ནམ་མཁའི་ཁམས་ཀྱི་རང་

བཞིན་ཉིད་ཀྱི་ཕྱིར། དེ་ཡང་། དེ་ཁོ་ན་མ་ཡིན་ནོ་ཞེས་གསུངས་པ། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །འབྱུང་བ་ཆེན་པོའི་རང་བཞིན་ཉིད་ལས་བདེ་བར་གྱུར་པའི་བདེ་བ་ཡང་དག་པར་རིག་པ་ཡང་དེ་ཁོ་ན་མ་ཡིན་ནོ། །འོ་ན། དེ་ཇི་ལྟར་ལྷན་ཅིག་སྐྱེས་པ་ཡིན་ཞེ་ན།

གསུངས་པ། ལྷན་ཅིག་དག་ལས་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །ལྷན་སྐྱེས་དགའ་ལས་ཞེས་པ་ཁུ་བ་དང་བདེ་བ་དག་ལས་གང་སྐྱེས་པ་གང་ཡིན་པ་དེ་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་ཡང་དག་པ་དེ་ཁོ་ན་བདེན་པར་བལྟ་སྟེ། ཡང་དག་པའི་ཡེ་ཤེས་ཞེས་བརྗོད་དོ། །དེ་ཉིད་

མངོན་པར་གསལ་བར་བྱེད་པ། རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་གཅིག་སྡོམ་པ། །རང་གི་ངོ་བོ་ནི་རང་བཞིན་ཏེ། བདག་ཉིད་རིག་པ་ལྷན་ཅིག་སྐྱེས་པ་ཞེས་བརྗོད་དོ། །དེ་ཡང་། རྣམ་པ་ཐམས་ཅད་གཅིག་སྡོམ་པ་གཉིས་སུ་མེད་པའི་ངོ་བོས་ཡང་དག་པར་བསྡུས་པའི་ཕྱིར་

རོ། །ཡང་ན། སྭ་སེམས་དང་དངོས་པོ་ཡུལ་དང་དབང་པོ་སྟེ། གསུམ་པོ་འདི་ནི་རང་བཞིན་མ་ནི་ལྷན་ཅིག་སྐྱེས་པ་ཞེས་བརྗོད་དོ། །ཐམས་ཅད་ནི་རྡོ་རྗེ་འཆང་ངོ་། །ཨ་བདག་མེད་མ་སྟེ། སརྦ་ཞེས་པའོ། །གཉིས་ཀའི་རྣམ་པ་བྱ་བ་སྟེ། རྣམ་པ་ཐམས་ཅད་དོ། །དེ་ཡང་གཅིག་གཉིས་སུ་མེད་པ་

སྟེ། རྣམ་པ་ཐམས་ཅད་གཅིག་པའོ། །དེ་ལྟར་གྱུར་པའི་ཡེ་ཤེས་ཏེ་རྣམ་པ་ཐམས་ཅད་གཅིག་པའི་ཡེ་ཤེས་སོ། །འདི་ཉིད་ནི་ཝ་ར་ཞེས་པ་མཆོག་གོ། །རྡོ་རྗེ་འཆང་དང་བདག་མེད་མ་དག་གཉིས་ཀ་ཡང་གཉིས་སུ་མེད་པའི་བྱ་བ་སྟེ། འདི་ལྟ་བུར་གྱུར་པའི་ཡེ་ཤེས་དེ་ནི་མཆོག་གོ། །འདི་ཉིད་ནི་

Vol. 3 · folio 186b

ལྷན་ཅིག་སྐྱེས་པ་ཡང་དག་པའི་ཡེ་ཤེས་སོ། །གང་ཡང་གང་ཞིག་བདེ་བ་ཉམས་སུ་མྱོང་བའི་ཡེ་ཤེས་ཡང་དག་པར་འདོད་པ་དེ་ཡང་ཉན་ཐོས་མུ་སྟེགས་པ་རྣམས་ཞེས་བྱའོ། །དེའི་ཕྱིར། ཕྱག་རྒྱ་རྒྱུ་དང་བྲལ་བ་ལས། །ཡོ་གཱི་སྙིང་རྗེ་ཐབས་སུ་འགྱུར། །རྣལ་འབྱོར་པ་ཞེས་པ་ཤེས་རབ་དང་ཐབས་

དབྱེར་མེད་པ་བདེན་པ་གཉིས་ཀྱི་བདག་ཉིད་དོ། །ཇི་ལྟ་བུ་ཞེ་ན། སྙིང་རྗེ་ཐབས་སུ་འགྱུར། གང་ཞིག་སྙིང་རྗེ་ཉིད་ཐབས་ཏེ། །གཞན་གྱི་དོན་གྱི་སྤྱོད་པ་ལ་འཇུག་པ་དེ་ནི་སྙིང་རྗེ་ཐབས་སོ། །ཕྱག་རྒྱ་ཞེས་པ་ཤེས་རབ་སྟེ། །རྒྱུ་དང་བྲལ་ཞེས་པ་མཚན་མ་མེད་པའི་སྤྱོད་པས་རྣམ་པར་གནས་པའི་ཕྱིར་

ཞེས་དགོངས་པའོ། །འདིས་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་རྣལ་འབྱོར་བར་འགྱུར་རོ་ཞེས་པ་སྟེ། བསྐྱེད་པའི་རིམ་པ་མཚོན་པའོ། །ཡང་ན། ཡོ་གཱི་སྙིང་རྗེ་ཐབས་སུ་འགྱུར། །ཞེས་པ་བརྩེ་བ་ནི་སྙིང་རྗེ་སྟེ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་ཡང་དག་པར་འདོན་པ་ཉིད་དོ། །དེ་ཉིད་

ནི་ཐབས་ཏེ་གང་གི་རྒྱུ་ཡིན་པ་དེ་ཡོ་གཱི་སྙིང་རྗེ་ཐབས་སོ། །ཕྱག་རྒྱར་འགྱུར་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་རོ། །ཇི་ལྟར་ཞེ་ན། རྒྱུ་དང་བྲལ་བ་ལས་མཚན་མ་མེད་པའི་སྤྱོད་པས་རྣམ་པར་གནས་པའི་ཕྱིར་རོ། །འདིས་ཅི་གསུངས་ན་ཀྱེའི་རྡོ་རྗེའི་རྣལ་འབྱོར་པ་དེ་ལྟར་གྱུར་པ་དེ་ནི་སེམས་ཅན་ཐམས་ཅད་གྲོལ་བར་བྱེད་

པ་ཡིན་གྱི། སེམས་ཅན་ཀྱི་མིང་ཅན་ནི་མ་ཡིན་ཏེ། འདི་ལྟར་ནི་ཐབས་ལ་མཁས་པ་ཉིད་དོ་ཞེས་པའོ། །ཀྱེའི་རྡོ་རྗེའི་རྣལ་འབྱོར་པ་དེ་ལྟར་མཆོག་ཏུ་ཐབས་ལ་མཁས་པ་དེ་ཡང་གཞན་མ་ཡིན་པའི་ཕྱིར་རྫོགས་པའི་རིམ་པས་སྡུད་པ་གསུངས་པ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་དྲན་

པའོ། །སྟོང་པ་ཉིད་ནི་དེ་བཞིན་ཉིད་དོ། །སྙིང་རྗེ་ནི་སེམས་སོ། །སྟོང་པ་ཉིད་དང་སྙིང་རྗེ་དེ་ཉིད་དབྱེར་མེད་པ་སྟེ། སྟོང་པ་ཉིད་གང་ཡིན་པ་དེ་ནི་སྙིང་རྗེའོ། །སྙིང་རྗེ་གང་ཡིན་པ་དེ་ནི་སྟོང་པ་ཉིད་དེ། བཅོམ་ལྡན་འདས་ཀྱིས་གང་གསུངས་པ། སེམས་ཁོ་ན་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་ཁོ་ན་སེམས་སོ། །

འདི་དག་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ཐ་དད་མེད་ཅིང་མ་བཅད་པའོ་ཞེས་སོ། །དེ་ཉིད་བྱང་ཆུབ་ཀྱི་སེམས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་དྲན་ཏེ། དྲན་པ་མ་ཉམས་པའི་རྣལ་འབྱོར་གྱིས་གནས་པ་བླ་མ་དམ་པའི་ཞབས་ལས་ཐོབ་པ་ཞེས་པའི་དོན་ཏེ། ལྷན་ཅིག་སྐྱེས་པ་ནི་དེ་ལྟ་བུའི་རང་བཞིན་

Vol. 3 · folio 187a

གྱི་ཕྱིར་རོ། །སྔགས་ཀྱི་བཟླས་མེད་དཀའ་ཐུབ་མེད་ཅིང་སྦྱིན་སྲེག་མེད། །དཀྱིལ་འཁོར་ཅན་ཡང་མེད་ཅིང་དཀྱིལ་འཁོར་ཡང་མེད་དེ། དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་ཅན་དང་དེ་ནི་དཀྱིལ་འཁོར་ཉིད། །མདོར་བསྡུས་པ་ནི་སེམས་སུ་འདུས་པའི་གཟུགས་

ཅན་ནོ། །དེ་ཁོ་ན་ཤེས་པ་རྣམས་ཀྱི་སྔགས་པར་མི་བྱའོ། །དཀའ་ཐུབ་མི་བྱའོ། །སྦྱིན་སྲེག་མི་བྱའོ། །དཀྱིལ་འཁོར་ཅན་ལྷའི་རྣམ་པའི་གཟུགས་བསྒོམ་པར་མི་བྱའོ། །དཀྱིལ་འཁོར་ཡང་མེད་དེ། ལྷ་མ་ལུས་པ་ཡང་བསྒོམ་པར་མི་བྱའོ། །ཇི་ལྟར་ཞེ་ན་གང་གི་ཕྱིར་དེ་ཉིད་དེའི་སྔགས་བཟླས་པ་སྟེ། དེ་ཉིད་དཀའ་

ཐུབ་བོ། །དེ་ཉིད་སྦྱིན་སྲེག་གོ། །དེ་ཉིད་དཀྱིལ་འཁོར་ཅན་ལྷའི་གཟུགས་སོ། །དེ་ཉིད་དཀྱིལ་འཁོར་ཏེ། མདོར་བསྡུས་པ་ནི་བསྡུས་པ་དང་སྡོམ་པ་དང་། དབྱེར་མེད་པའི་ཕྱིར་སེམས་སུ་འདུས་པའི་གཟུགས་ཅན་འདུས་པ་ནི་ཚོགས་པའོ། །སེམས་དེ་ཉིད་འདུས་པ་ཡང་སྟེ། སེམས་སུ་འདུས་པའི་གཟུགས་དེ་ཉིད་འདི་ལ་ཡོད་པའི་ཕྱིར་སེམས་

སུ་འདུས་པའི་གཟུགས་ཅན་ཀྱེའི་རྡོ་རྗེ་སྟེ། ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་ཀྱིས། །ལྷ་ཡི་དམིགས་པ་ཐ་དད་ནི། །མོས་པ་སྣ་ཚོགས་རྒྱུ་ཉིད་དེ། །སེམས་ཀྱི་རྡོ་རྗེ་རྣམ་གྲོལ་ན། །ལྷ་གཞན་མེད་པར་མངོན་པར་བརྗོད། །ཅེས་པའི་གསུངས་ལས་

སོ། །ཡང་ན་གང་སེམས་སུ་འདུས་པའི་གཟུགས་ཅན་སེམས་ཁོ་ན་སྟེ། འདི་ལ་འདུས་པའི་རང་བཞིན་ཡོད་པའི་ཕྱིར་རོ། །ཡང་ན། སྔགས་ཀྱི་བཟླས་མེད་ཅེས་པ་འདིས་གསུང་རྡོ་རྗེ་དབྱེ་བ་མེད་པའོ། །དཀའ་ཐུབ་མེད་ཅེས་པ་འདིས་སྐུ་རྡོ་རྗེའི་བྱ་བ་དབྱེ་བ་མེད་པའོ། །སྦྱིན་སྲེག་མེད་ཅེས་པ་འདིས་ཐུགས་

རྡོ་རྗེ་དབྱེ་བ་མེད་པའོ། །དཀྱིལ་འཁོར་ཅན་མེད་ཅེས་པ་འདིས་ཐབས་དབྱེར་མེད་པའོ། །དཀྱིལ་འཁོར་མེད་ཅེས་པ་འདིས་ཤེས་རབ་དབྱེར་མེད་པའོ། །ཇི་ལྟར་ཞེ་ན། མདོར་བསྡུས་པ་ནི་མཉམ་པ་དབྱེར་མེད་པ་ཉིད། དེ་ལ་ཞུགས་ཤིང་བསྡུས་པའི་ཕྱིར་མདོར་བསྡུས་པ་སྟེ། གང་གི་ཕྱིར་སེམས་ནི་

འདུས་པའི་གཟུགས་ཅན་ཞེས་པ་སེམས་ནི་འདུས་པ་སེམས་ཐིམ་པ་སྟེ། དེའི་ནང་དུ་སེམས་ཀྱང་ཐིམ་པའི་ཕྱིར་རོ། །རྡོ་རྗེ་འཆང་འདི་ཡི་རང་བཞིན་དེ་ལྟ་བུ་ཡིན་པའི་ཕྱིར་སེམས་ནི་འདུས་པའི་གཟུགས་ཅན་ཏེ། གང་ཞིག་སེམས་ནི་འདུས་པའི་གཟུགས་ཅན་དེ་ནི་སེམས་ལས་འདས་པ་རང་བྱུང་བའོ། །

Vol. 3 · folio 187b

དེ་ཉིད་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཏེ། དཀྱིལ་འཁོར་དང་དཀྱིལ་འཁོར་ཅན་ཉིད་ཀྱིས་དེ་ཉིད་གཉིས་ཀ་སྙོམས་པར་འཇུག་པའོ། །བཟླས་པ་དང་། དཀའ་ཐུབ་དང་། སྦྱིན་སྲེག་གི་རང་བཞིན་ཉིད་ཀྱིས་རྡོ་རྗེ་གསུམ་གྱི་རང་བཞིན་ནོ། །ཐམས་ཅད་བསྡུས་པའི་བདག་ཉིད་ཀྱིས་ཡེ་ཤེས་ལྔ་དང་སྐུ་གསུམ་

དང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེ་འཆང་རང་བྱུང་བ་ཁོ་ན་ཞེས་པའོ། །མངོན་པར་དབང་བསྐུར་བའི་ལེའུ་སྟེ་བཅུ་པའོ། །མངོན་པར་དབང་བསྐུར་བ་ནི་ཐམས་ཅད་ནས་དྲི་མ་མེད་པར་བྱེད་པ་སྟེ། གཉིས་ཀ་རྣམ་པར་དག་པ་ནི་མངོན་པར་དབང་བསྐུར་བའོ། །དེ་ཡང་པ་ཊ་སྦས་པ་སྟེ། དེ་ལེན་པའི་ཕྱིར་

མངོན་པར་དབང་བསྐུར་བའི་ལེའུའོ། །བཅུ་པ་ཞེས་པ་བཅུ་རྣམས་ཀྱིས་རྫོགས་པ་ནི་བཅུ་པ་སྟེ། མཁའ་འགྲོ་མ་བརྒྱད་དང་བདག་མེད་མ་དང་རྡོ་རྗེ་འཆང་ཞེས་པའོ། །ཡང་ན་གང་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བའི་ལེའུ་ཡིན་པས་ན། དཀྱིལ་འཁོར་དུ་མངོན་པར་

དབང་བསྐུར་བ་སྟེ་ལེའུ་བཅུ་པའོ་ཞེས་པ་ཀྱེའི་རྡོ་རྗེའི་འའགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་ལེའུ་བཅུ་པའོ།། །།ད་ནི་དབང་བསྐུར་བ་ལས་དེ་ཁོ་ན་ཤེས་པ་ལས་སེམས་ཅན་གཞུག་པའི་ཆེད་དུ་ལྟ་སྟངས་བཞི་མངོན་དུ་གྱུར་པའི་ཕྱིར་ལེའུ་དང་པོར་མདོར་བསྟན་པའི་ལྟ་སྟངས་དགུག་པ་

ལ་སོགས་པའི་ནུས་པ་རྒྱས་པར་བཤད་པ་གསུངས་པ། མཉམ་པ་དྲག་པོ་དཔྲལ་བ་ཅན། །རྟག་ཏུ་ལྟུང་བར་བྱེད་པར་བརྗོད། །མཉམ་པ་ཞེས་པ་ཡོན་པོ་མ་ཡིན་པའོ། །དྲག་པོ་ཞེས་པ་དྲག་བོའི་ལས་བྱེད་པའོ། །དཔྲལ་བ་ཅན་ཞེས་པ། དཔྲལ་བར་གནས་པའི་སྒོ་ཡིས་ལྟུང་བར་བྱེད་ཅེས་པ་ལྟུང་བར་

བྱ་བའི་སྒོ་ཡིས་གསད་པའི་ལྟ་སྟངས་གསུངས་པ། རྟག་ཏུ་ཞེས་པ། རྟག་པར་རྒྱུན་དུ་གོམས་པ་ཡིས། །ཞེས་པ་སྟེ། ཐམས་ཅད་ལ་སྦྱར་བར་བྱའོ། །དབང་གི་ལྟ་སྟངས་གཡོན་ན་གནས། །གཡོན་པ་ནས་ནི་གཟུགས་བརྙན་གཉིས། །དབང་ནི་དབང་དུ་སྡུད་པ་སྟེ། །དབང་དུ་བྱེད་པའི་སྒོ་ཡིས་

གཡོན་ན་གནས། གཡོན་དུ་གནས་པས་གཟུགས་བརྙན་གཉིས་ཏེ། དེའི་ལྟ་སྟངས་ནི་གཡོན་པ་ནས་གཡོན་ལོགས་ཉིད་དུ་བསྐོར་བར་བྱའོ། །གཡས་པའི་ཆ་ལ་དགུག་པ་སྟེ། །གཉིས་ཀྱང་སྟེང་དུ་སྦྱར་བར་བྱ། །དགུག་པ་ཞེས་པ་འགུགས་པར་བྱེད་པ་སྟེ། གཡས་པའི་ཆ་ལ་ཞེས་པའི་ལོགས་

Vol. 3 · folio 188a

སུ། །གཉིས་ཀྱང་ཞེས་པ་གཟུགས་བརྙན་གཉིས་ཏེ། སྟེང་དུ་སྦྱར་ཞིང་གཞག་པར་བྱའོ། །དབུ་མ་རེངས་པའི་ལྟ་སྟངས་ཏེ། །གཉིས་ཀྱང་སྣ་རྩེའི་དབུས་སུའོ། །དབུ་མ་ཞེས་པ་དབུས་སུ་གནས་པ་སྟེ། སྟེང་མ་ཡིན། འོག་མ་ཡིན། གཡོན་པ་དང་གཡས་པར་གནས་པ་མ་

ཡིན་པའོ། །དེ་ལྟར་གྱུར་པའི་ལྟ་སྟངས་ནི་རེངས་པར་བྱེད་པ་སྟེ། གཉིས་ཞེས་པ་གཟུགས་བརྙན་གཉིས་སོ། །སྣ་རྩེའི་དབུས་ཞེས་པ་སྣའི་རྩེ་མོའི་དབུས་སུའོ། །ལྟུང་བ་ལ་སོགས་པའི་བྱ་བ་ལ་རླུང་གི་རབ་ཏུ་དབྱེ་བ་གསུངས་པ། འབྱུང་བ་ཉིད་ཀྱིས་ལྟུང་བར་བྱེད། །རླུང་ཕྱིར་འགྲོ་བ་སྟེ་འབྱུང་བའི་རླུང་

ཉིད་ཀྱིས་སོ། །བུམ་པ་ཅན་གྱིས་དབང་དུ་བྱེད། །རླུང་གཡོ་བ་མེད་པ་སྟེ་བུམ་པ་ཅན་གྱི་རླུང་གིས་དབང་དུ་བྱེད་པའི་ལྟ་སྟངས་གོམས་པར་བྱའོ་ཞེས་པའི་དོན་ནོ། །དགང་བ་ཡིས་ནི་དགུག་པ་ཉིད། །རླུང་ནང་དུ་འཇུག་པ་དེ་དགང་བའི་རླུང་གིས་དགུག་པའི་ལྟ་སྟངས་གོམས་པར་བྱའོ་ཞེས་པའི་དོན་ཏོ། །ཞི་བ་

ཡིས་ནི་རེངས་པར་བྱེད། །རེངས་པའི་ལྟ་སྟངས་ནི་ཞི་བའི་རླུང་གིས་ཏེ། ཞི་བ་ཡིས་ཞེས་པ་འབྱུང་བ་དང་བུམ་པ་ཅན་དང་དགང་བ་ལས་འདས་པ་རང་བཞིན་དུ་གནས་པའི་རླུང་གིས་ཞེས་པའི་དོན་ནོ། །ལྟུང་བར་བྱེད་པ་ལ་སོགས་པའི་ལྟ་སྟངས་གོམས་པའི་གནས་གསུངས་པ། རློན་པའི་ཤིང་ལ་ལྟུང་

བྱེད་དེ། །རློན་པའི་ཤིང་ལ་ཞེས་པ་ཆུ་ཤིང་ལ་སོགས་པ་ཁུ་བ་དང་བཅས་པ་རྣམས་ལའོ། །དབང་ནི་མེ་ཏོག་ལ་རབ་གྲགས། །མེ་ཏོག་དྲི་ཞིམ་པོ་དང་ལྡན་པའི་མེ་ཏོག་ལའོ། །དགུག་པ་རྡོ་རྗེ་ཤིང་ལ་སྟེ། །ཤི་རིའི་ཤིང་ལ་སོགས་པ་འོ་མ་དང་ལྡན་པ་རྣམས་ལའོ། །གཡོ་བཅས་རྩ་ལ་རེངས་པའོ། །

འདིར་ཡང་གདམས་ངག་ནི་ལྟུང་བར་བྱེད་པའི་ལྟ་སྟངས་གོམས་པ་ན། དེར་ཆུ་ཤིང་ལ་སོགས་པའི་ཤིང་རྣམས་ལ། བྷུཿཡིག་གམ་ཕཊ་ཡིག་ཁ་དོག་ནག་པོ་དགོད་པར་བྱའོ། །དབང་དུ་བྱ་བ་གོམས་པ་ན་མེ་ཏོག་ལ་ཨཾ་ཡིག་གམ་ཧྲཱིཿཡིག་ཁ་དོག་དམར་པོ་དགོད་པར་བྱའོ། །དགུག་པ་གོམས་པ་ན་ཤི་རིའི་

ཤིང་ལ་སོགས་པ་རྣམས་ལ་ཧཱུྃ་ཡིག་གམ་ཛཿཡིག་ཁ་དོག་དམར་པོ་དགོད་པར་བྱའོ། །རེངས་པར་བྱེད་པ་གོམས་པ་ན་རྩ་གཡོ་བ་དང་བཅས་པ་ལ་ཧཱུྃ་ཡིག་གམ་ལ་ཡིག་ཁ་དོག་སེར་པོ་དགོད་པར་བྱའོ། །ཡང་ན་ལྟུང་བར་བྱེད་པའི་ལྟ་སྟངས་ཞེས་པ་རང་བཞིན་མེད་པའི་ཡེ་ཤེས་སོ། །དབང་གི་ལྟ་སྟངས་ཞེས་

Vol. 3 · folio 188b

བ་བརྟན་པ་དང་གཡོ་བ་དབྱེར་མེད་པའི་ཡེ་ཤེས་སོ། །དགུག་པའི་ལྟ་སྟངས་ཞེས་པ་སྡུད་པའི་ཡེ་ཤེས་སོ། །རེངས་པར་བྱེད་པའི་ལྟ་སྟངས་ཞེས་པ་གཡོ་བ་མེད་པའི་ཡེ་ཤེས་ཏེ། རང་བཞིན་མེད་དང་དབྱེར་མེད་དང་། །དེ་བཞིན་སྡུད་དང་གཡོ་མེད་དེ། །ཡེ་ཤེས་བཞི་པོ་འདི་རུ་བརྗོད། །ལྟུང་བྱེད་ལ་

སོགས་ལྟ་སྟངས་བཞི། །མཉམ་པ་ཞེས་པ་གཉིས་སུ་མེད་པའི་ཕྱིར་རོ། །གཡོན་གནས་ཞེས་པ་གཡོན་པ་ཟླ་བ་བྱང་ཆུབ་ཀྱི་སེམས་ཏེ། དེ་གནས་པའི་ཕྱིར་རོ། །གཡས་པའི་ཆ་ཞེས་པ་གཡས་པ་ནི་ཉི་མ་སྟེ། ཆ་ནི་དེ་ཆ་དང་བྲལ་བའི་ཕྱིར་རོ། །དབུ་མ་ཞེས་པ་སྐུ་གསུང་ཐུགས་རྣམས་ཀྱི་རྡོ་རྗེ་

གསུམ་དབྱེར་མེད་པའི་ཕྱིར་རོ། །འབྱུང་བ་ཡིས་ཞེས་པ་ཡོངས་སུ་གཏོང་བའི་ཕྱིར་རོ། །བུམ་པ་ཅན་གྱིས་ཞེས་པ་གཡོ་བ་མེད་པ་ཉིད་ཀྱིས་སོ། །དགང་བ་ཡིས་ཞེས་པ་སྡུད་པ་ཡིས་སོ། །ཞི་བ་ཡིས་ཞེས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡིས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གྲུབ་པ་

ཞེས་པའི་དོན་ནོ། །དམ་ཚིག་གི་ཕྱག་རྒྱའི་དགོངས་པས་སྒྲ་ཇི་བཞིན་པ་ཉིད་དོ། །ལས་ཀྱི་ཕྱག་རྒྱའི་དགོངས་པས་དགའ་བ་ལ་སོགས་པ་དགའ་བ་བཞིའོ། །ཆོས་ཀྱི་ཕྱག་རྒྱའི་དགོངས་པས་འཁོར་ལོ་བཞིར་རྣམ་པར་གཞག་གོ། །ཕྱག་རྒྱ་ཆེན་པོའི་དགོངས་པ་ནི་གཉིས་སུ་མེད་པར་རྟོགས་པ་ལས་

ཞེས་པའི་དོན་ནོ། །རློན་པའི་ཤིང་ལ་ཞེས་པ་བྱང་ཆུབ་ཀྱི་སེམས་ལ། ལྟུང་བྱེད་རང་བཞིན་མེད་པར་རྟོགས་པའོ། །མེ་ཏོག་ལ་ཞེས་པ་བདག་མེད་མ་བྱང་ཆུབ་ཀྱི་སེམས་ལ། དབང་ནི་ཞེས་པ་དབྱེར་མེད་པའི་ཡེ་ཤེས་སོ། །དགུག་པ་ཞེས་པ་སྡུད་པའི་ཡེ་ཤེས་ཏེ། རྡོ་རྗེའི་ཤིང་ལ་ཞེས་པ་རྡོ་རྗེ་འཆང་

དང་དབྱེར་མེད་པའི་བདག་མེད་མའི་ཡེ་ཤེས་ལའོ། །རྩ་ལ་ཞེས་པ་བརྟན་པ་ལ་སྟེ། ཁྱད་པར་ཅི་ཞེ་ན། གཡོ་བ་དང་བཅས་པ། བརྟན་པ་དང་གཡོ་བ་དབྱེར་མེད་པར་གྱུར་པ། གཡོ་བ་མེད་པའི་ཡེ་ཤེས་ལ་ཞེས་པ་རེངས་པར་བྱེད་པའོ། །རྟག་ཏུ་ཞེས་པ་བར་ཆད་མེད་པར་རྒྱུན་དུ་གོམས་པས་གོམས་

པར་བྱས་ན་དེ་ལྟར་འགྲུབ་པར་འགྱུར་རོ། །དེའི་ཕྱིར་གསུངས་པ། ཟླ་དྲུག་གོམས་པའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །འདི་ལ་འཁྲུལ་བར་མི་བྱ་སྟེ། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། །ཟླ་བ་དྲུག་གིས་ལྟ་སྟངས་བཞི་པོ་འདི་རྣམས་གདོན་མི་ཟ་བར་འགྲུབ་པར་འགྱུར་ཏེ་

Vol. 3 · folio 189a

འདི་ལ་ཐེ་ཚོམ་མེད་དོ། །ལྟ་སྟངས་སྒྲུབ་པ་ན་ཡང་འཁྲུལ་པར་མི་བྱའོ། །གང་གི་ཕྱིར་དངོས་གྲུབ་འདི་ཡང་བསམ་གྱིས་མི་ཁྱབ་སྟེ། དེ་ཁོ་ན་རྟོགས་པའི་མངོན་པར་ཞེན་པ་ཡང་མངོན་པར་ཞེན་པ་མེད་པ་ཁོ་ནའོ། །ལྟ་སྟངས་འདི་རྣམས་ཀྱང་སངས་རྒྱས་རྫུ་འཕྲུལ་ཏེ།

སངས་རྒྱས་རྣམས་ཀྱི་རོལ་བའོ། །གང་གི་ཕྱིར་དམན་པ་དང་། བར་མ་དང་མཆོག་གི་སེམས་ཅན་གཞུག་པའི་ཕྱིར་ཏེ། དེ་གསུངས་པ། ལྟ་སྟངས་བཞི་པོ་བསྒྲུབས་ནས་ནི། །མཁས་པས་སེམས་ཅན་གཞུག་པར་བྱའོ། །ལྟ་སྟངས་བཞི་པོ་བསྒྲུབས་ནས་སེམས་ཅན་རྣམས་ཡང་དག་པའི་

ལམ་ལ་རབ་ཏུ་གཞུག་པའི་རྒྱུའི་ཕྱིར་ཞེས་པའི་དོན་ཏོ། །ཡང་ན། ཟླ་དྲུག་ཅེས་པ་དྲུག་གི་སྒྲས་དྲུག་པ་རྡོ་རྗེ་འཆང་སྟེ། དྲུག་གི་ངོ་བོས་མཱ་གྲངས་དང་འཇལ་བར་བྱེད་པ་སྟེ་དྲུག་གཞལ་ལོ། །དེ་འཇུག་ཅིང་སྡུད་པའི་ཕྱིར་ཟླ་དྲུག་སྟེ། དྲུག་པ་རྡོ་རྗེ་འཆང་མེད་པར་རྟོགས་པའོ། །ཇི་ལྟར་ཞེ་ན། གསུངས་

བ། གོམས་པའི་སྦྱོར་བ་ཡིས་ཞེས་པ་སྦྱོར་བ་ནི་ལྡན་པ་དང་འདུ་བ་སྟེ། ཤེས་རབ་དང་ཐབས་དབྱེར་མེད་པའོ། །གོམས་པ་ནི་རྟག་ཏུ་བྱེད་པ་སྟེ། གོམས་པ་རྟག་ཏུ་བྱེད་པས་སྦྱོར་བའོ། །དེས་འགྲུབ་འགྱུར་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །དེ་ཉིད་ཀྱི་ཕྱིར་འདི་ལ་འཁྲུལ་པ་མེད་དེ།

རྣམ་པར་རྟོག་པ་ཡང་འདི་ལ་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་སངས་རྒྱས་རྫུ་འཕྲུལ་མངོན་པར་ཤེས་པ་དྲུག་གི་ཡོན་ཏན་རྣམས་ཏེ། དེ་བསམ་གྱིས་མི་ཁྱབ་ཅིང་བསམ་པ་ལས་འདས་པའོ། །དེ་ཉིད་ཀྱི་ཕྱིར་བསྒྲུབ་པར་བྱ་སྟེ། བྱ་བ་ནི་འབྲས་བུ་ཡིན་ལ། འབྲས་བུ་ནི་རང་བཞིན་རྡོ་རྗེ་འཆང་ངོ་། །དེ་

ཡང་། ཨཿཡིག་ལ་སོགས་པ་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་རྣམ་པར་བཅད་པའི་མཐའ་ཅན་ཞེས་པའོ། །ལྟ་སྟངས་བཞི་པོ་བསྒྲུབས་ནས་ནི། །ཞེས་པ་ཡེ་ཤེས་བཞི་གྲུབ་པ་ན། སེམས་དཔའ་སྲིད་པ་གསུམ་དབྱེར་མེད་པའི་ཡེ་ཤེས་ཏེ། ཨ་བདག་མེད་མ་དང་། བ་རྡོ་རྗེ་འཆང་ངོ་། །ཨ་བ་

གཉིས་ཀ་དབྱེར་མེད་པ་ངེས་པར་གཞུག་ཅིང་ཁྱབ་པར་བྱ་སྟེ། གཉིས་ཀ་དབྱེར་མེད་པར་སྤྲོ་བ་ཉིད་ཅེས་པའོ། །མཁས་པ་ཞེས་པ་ཡེ་ཤེས་གཅིག་པུའི་རང་བཞིན་ཞེས་པའི་དོན་ནོ། །གལ་ཏེ་ལྟ་སྟངས་བཞི་ལ་ལྟ་སྟངས་གསུམ་ནི་སེམས་ཅན་འཇུག་པ་ལ་དོན་ཡོད་ཀྱི། གསད་པའི་ལྟ་སྟངས་ནི་རེ་ཞིག་

Vol. 3 · folio 189b

སེམས་ཅན་འཇུག་པ་ལ་རིང་བར་གྱུར་ཏེ། སེམས་ཅན་ལ་གནོད་པ་ཁོ་ནར་འགྱུར་རོ་ཞེ་ན། དེའི་ཕྱིར་གསུངས་པ། གསད་པས་འདིར་ནི་འབྲས་མེད་འགྱུར། །གཞན་དུ་དམ་ཚིག་ཉམས་པར་འགྱུར། །གསད་པ་ལ་ནི་འབྲས་བུ་ཅི་ཡང་མེད་ཀྱི་ཁྱད་པར་དུ་སྐྱོན་ཉིད་ཉེ་བར་སྐྱེ་བར་འགྱུར་ཏེ། །དམ་ཚིག་

ཉམས་པ་ཞེས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གསུང་རབ་ལ་གོམས་པར་གྱུར་པ་ཉིད་དོ། །བརྫུན་སྨྲ་བ་ལ་སོགས་པ་གཞན་ཡང་འགོག་པར་བྱེད་ན་གསོད་པ་ནི་མཆོག་ཏུ་ཡང་ངོ་ཞེ་ན། དེའི་ཕྱིར་གསུངས་པ། སེམས་ཅན་སླུ་བ་སྤངས་ནས་ནི། །བྱ་བ་མ་ཡིན་ཐམས་ཅད་བྱ། །སྲོག་བཅད་པས་

ཐམས་ཅད་དུ་མི་དགེ་བ་སྐྱེ་བར་འགྱུར་རོ། །བརྫུན་ལ་སོགས་པ་རྣམས་ལ་ཐམས་ཅད་དུ་མི་དགེ་བ་མེད་པའི་ཕྱིར་སེམས་ཅན་ལ་གནོད་པ་མི་དགེ་བས་སྐྱོན་ཅིར་འགྱུར་ཞེ་ན། གསུངས་པ། སེམས་ཅན་གནོད་པ་ཙམ་གྱིས་ནི། །ཕྱག་རྒྱའི་དངོས་གྲུབ་རྙེད་མི་འགྱུར། །ཞེས་པ་གང་གི་ཕྱིར་སེམས་ཅན་རེ་རེ་ལ་གནོད་

པ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉམས་སོ་ཞེས་པའི་དོན་ནོ། །འདིས་ནི་གསད་པ་ཞེས་བྱ་བ་འདི་མི་བྱ་བ་ཁོ་ནའོ། །དེ་ལྟར་ན་འདི་གོམས་པར་བྱེད་པ་དེ་ཅིའི་དོན་དུ་གསུངས་ཤེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འགྲུབ་པ་ལ་ཐམས་ཅད་གོམས་པར་བྱ་བ་ཁོ་ནའོ། །འོན་ཀྱང་དོར་བ་ཉིད་ཀྱིས་རྣམ་པར་

གནས་པར་བྱའོ་ཞེས་དགོངས་ཏེ། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་དེས། ཉན་ཐོས་ལ་སོགས་པའི་ས་ལ་ཡང་བསླབ་པ་ཉིད་དེ། ཅི་དེའི་སེམས་ཉན་ཐོས་ཀྱི་ས་ལ་གནས་པར་བྱའོ་སྙམ་པ་ནི་མ་ཡིན་ཏེ་སྤངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རློན་པའི་ཤིང་ལ་གོམས་

པར་བྱའོ་ཞེས་པའོ། །ཡང་ན་གང་གསད་པར་གསུངས་པ་གང་ཡིན་པ་དེ་སེམས་ཅན་ལ་གནོད་པའི་བློས་བྱ་བ་མ་ཡིན་གྱི་འོན་ཀྱང་ཕན་པའི་བསམ་པ་ཁོ་ནས་བྱའོ། །དེ་ལྟ་མོད་ཀྱི་དཀོན་མཆོག་གསུམ་ལ་སོགས་པ་ལ། གནོད་པའི་བསམ་པས་ཞུགས་པ་དམྱལ་བར་འགྲོ་བར་འགྱུར་བའི་སེམས་ཅན་དེ་ཁོ་ན་

རྟོགས་པས་སྙིང་རྗེའི་བསམ་པ་ཉིད་དང་དེ་ལ་ཕན་པའི་བློས་མི་བསྐྱོད་པའི་རིགས་ལ་བསད་ནས་དྲང་བར་བྱ་བ་ཡིན་གྱི་གཞན་ཁྲོ་བས་ཟིལ་གྱིས་མནན་པ་ལ་སོགས་པ་རྣམས་ཀྱི་གནོད་པའི་བསམ་པས་མ་ཡིན་ནོ་ཞེས་པའི་དོན་ནོ། །ཡང་ན། གསད་པས་འདིར་ནི་འབྲས་བུར་འགྱུར། །བསད་པས་ཞེས་

Vol. 3 · folio 190a

པ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་གསད་པ་ལས་འབྲས་བུ་ཡང་དག་པའི་ཡེ་ཤེས་འགྲུབ་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འདུས་པའི་ཁྱད་པར་ཏེ། འདུས་པའི་སྙོམས་པར་འཇུག་པ་ལྷ་རྣམས་འདུས་པ་སྟེ། འདི་ལ་ལྷ་རྣམས་འདུས་པའི་ཕྱིར་འདུས་པའོ། །དེའི་ཁྱད་པར་

ནི་ལྷ་རྣམས་འདུས་པའི་རྣམ་པར་རྟོག་པ་ཡང་དེ་ལ་མེད་དོ་ཞེས་པ་སྟེ། དེ་ཉིད་ཀྱི་ཕྱིར་མཆོག་རྨད་དུ་བྱུང་བ་འགྲུབ་པར་འགྱུར་ཏེ། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། དེ་ཉིད་ཀྱི་ཕྱིར། བྱ་བ་མ་ཡིན་ཐམས་ཅད་བྱ། །ཐམས་ཅད་ནི་རྡོ་རྗེ་འཆང་ངོ་། །ཨ་

བདག་མེད་མ་སྟེ། སརྦ་ཞེས་པའོ། །འདི་གཉིས་ཀ་དབྱེར་མེད་པ་ནི་བྱ་བ་སྟེ། འབྲས་བུ་ཉིད་དོ། །གང་གི་ཕྱིར་གང་ལས་སེམས་ཅན་སླུ་བ་ནི་སྲིད་པ་གསུམ་གཅིག་པ་ཉིད་གང་ཞིག་ཡོངས་སུ་སྤོང་བའོ། །འདི་ཉིད་ཇི་ལྟར་ཞེ་ན། དེ་གསུངས་པ། བྱ་བ་སྤངས་ནས་བྱ་བ་ནི་བསྒྲུབ་

པར་བྱ་སྟེ། བྱ་བ་དེ་ཡོངས་སུ་སྤངས་ནས་ཞེས་པ་བྱ་བ་དང་བྲལ་བའི་ཕྱིར་ཞེས་དགོངས་པའོ། །དེ་ཉིད་ཀྱི་ཕྱིར། སེམས་ཅན་གནོད་པ་ཙམ་གྱིས་ནི། །ཕྱག་རྒྱའི་དངོས་གྲུབ་རྙེད་མི་འགྱུར། །སེམས་ཅན་གནོད་པའི་སྒྲས་སྲིད་པ་གསུམ་གཅིག་པ་ཉིད་རྟོགས་པ་མེད་པར་རྟོགས་པས་ཕྱག་རྒྱའི་དངོས་གྲུབ།

ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། དེ་ཡང་རྙེད་མི་འགྱུར་ཐོབ་པའི་ཡུལ་མ་ཡིན་པ་ཉིད་ལས་ཕྱག་རྒྱ་འགྲུབ་པའི་ཕྱིར་ཞེས་པའི་དོན་ནོ། །དེ་ཉིད་ཀྱི་ཕྱིར། དེ་ལ་དམ་ཚིག་བཟའ་བྱ་བ། །ན་དང་ཧ་དང་ག་དང་པོ། །མཐའ་ཡི་ཤྭ་དང་པོའི་ཤྭ། །བདུད་རྩི་ལྔ་ཡང་དེ་བཞིན་བཟའ། །ཀྱེ་ཡི་རྡོ་རྗེར་དངོས་

གྲུབ་རྒྱུས། །ལྔ་ཚན་གཉིས་པོ་འདི་ནི་དམ་ཚིག་སྟེ་ལྷའི་འདུས་པའོ། །ན་དང་པོ་ལ་སོགས་པ་ནི་ཡུལ་རྣམས་སོ། །བདུད་རྩི་ལྔ་ནི་དབང་པོ་རྣམས་ཏེ། དམ་ཚིག་གཉིས་པོ་དེ་བཟའ་ཞིང་རོ་མཉམ་པར་བྱའོ། །འདི་ཅི་ལྟར་བཟའ་ཞེ་ན། རོ་མཉམ་པའི་རང་བཞིན་ཁོ་ན་སྟེ། གང་གི་ཕྱིར་རང་བཞིན་རྣམ་

པར་དག་པའི་ཕྱིར་ཞེས་པའོ། །ཅིའི་དོན་དུ་ཞེ་ན། དངོས་གྲུབ་ཀྱི་རྒྱུས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུ་ཉིད་ཀྱིས་སོ། །གང་དུ་ཞེ་ན། ཀྱེའི་རྡོ་རྗེར་གཉིས་ཀ་དབྱེར་མེད་པའི་ཡེ་ཤེས་སུ་གྱུར་པ་ན་ཞེས་པའི་དོན་ནོ། །ཀུན་རྫོབ་ཀྱི་ཕྱིར་ནི་དམ་ཚིག་ཅེས་པ་དམ་ཚིག་བཅུ་སྟེ། ན་དང་པོ་ཞེས་པ་དམ་ཚིག་

Vol. 3 · folio 190b

གང་གི་དང་པོ་ན་ཡིག་ཡོད་པ་དེ་ནི། ན་དང་པོ་ཡིན་ལ། དེ་ནི་རྒྱལ་པོ་སཱ་ལིའོ། །ཧ་དང་པོ་ཞེས་པ་གང་གི་དང་པོ་ཧ་ཡིག་ཡོད་པ་དེ་ནི་ཧ་དང་པོ་སྟེ། གླང་པོ་ཆེ་ཡིན་ལ་དེའི་སཱ་ལིའོ། །དེ་བཞིན་དུ་ག་དང་པོ་ཞེས་པ་བ་ལང་སྟེ་དེའིའོ། །མཐའ་ཡི་ཤྭཱ་ཞེས་པ་རྟའིའོ། །དང་པོའི་ཤྭཱ་ཞེས་པ་ཁྱིའིའོ། །

བདུད་རྩི་ལྔ་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པའོ། །ཀྱེའི་རྡོ་རྗེར་ཞེས་པ་གཉིས་སུ་མེད་པའི་ཡེ་ཤེས་སུ་གྱུར་པ་ནའོ། །ན་དང་པོ་ཁྱད་པར་རྙེད་ན་ཟོས་པས་འགྲུབ་པར་འགྱུར་ཞེས་གསུངས་པ། དེ་ནས་ལན་བདུན་པ་མཚོན་བྱ། །ཀྱེ་ཡི་རྡོ་རྗེར་གསུངས་མཚན་ཉིད། །ལན་བདུན་པ་ཡིས་

འགྲུབ་འགྱུར་ཏེ། །དགའ་བྲལ་དགའ་བ་ལ་སྨོད་པའོ། །ལན་བདུན་པའི་སྒྲས་སྐྱེ་བ་བདུན་པར་མཚོན་པར་བྱ་སྟེ། མཚན་ཉིད་ཀྱིས་མཚོན་པར་བྱའོ། །ཁྱད་པར་ཇི་ལྟ་བུས་ཤེ་ན། ཀྱེའི་རྡོ་རྗེར་གསུངས་པ་སྟེ། ཀྱེའི་རྡོ་རྗེའི་རྒྱུད་དུ་གསུངས་པ་རྣམས་ཀྱིས་སོ། །ལན་བདུན་པ་དེ་ནི་ཐོས་པ་

ཙམ་གྱིས་འགྲུབ་པར་འགྱུར་ཏེ། དེའི་སཱ་ལི་ཟོས་པས་སོ། །ཁྱད་པར་ཅི་ཞེ་ན། དགའ་བྲལ་དགའ་བ་ལ་སྨོད་པ་ཡང་དག་པའི་ཡེ་ཤེས་སུན་འབྱིན་པ་སྟེ། གང་ཞིག་ཡང་དག་པའི་ཡེ་ཤེས་ཀྱིས་འགྲུབ་པ་དེ་ནི་འདིས་འགྲུབ་པར་འགྱུར་རོ་ཞེས་པའོ། །ལན་བདུན་པའི་མཚན་ཉིད་

གསུངས་པ། སྐད་སྙན་མིག་དང་ལྡན་པ་དང་། །དྲི་ལུས་སྐུ་བོང་ཆེན་པོ་དང་། །དེ་ཡི་གྲིབ་མ་བདུན་འབྱུང་བ། །མཐོང་ནས་རྣལ་འབྱོར་པས་མཚོན་བྱ། །དེ་ནི་ཟོས་པ་ཙམ་གྱིས་ནི། །སྐད་ཅིག་ལས་ནི་མཁའ་སྤྱོད་འགྱུར། །མིག་དང་ལྡན་ཞེས་པ་མིག་ཡངས་པའོ། །དྲི་ལུས་ཞེས་པ་

ལུས་ཙནྡན་ལ་སོགས་པའི་དྲི་དང་ལྡན་པའོ། །སྐུ་བོང་ཆེན་པོ་ཞེས་པ་ལུས་ཆེན་པོའོ། །དེའི་གྲིབ་མ་བདུན་བྱུང་བ་དེ་མཐོང་ནས་རྣལ་འབྱོར་པས་མཚོན་པར་བྱ་སྟེ། གྲིབ་མ་བདུན་གྱིས་ལན་བདུན་པར་མཚོན་པར་འགྱུར་རོ། །གསད་པ་སྐྱོན་དུ་འགྱུར་བ་དེ་ལྟ་མོད་ཀྱི་ཞེས་ཐུགས་ལ་གནས་

པར་མཛད་ནས་གསུངས་པ། དེ་ནི་ཟོས་པ་ཙམ་གྱིས་ནི། སྐད་ཅིག་དེ་ལ་མཁའ་སྤྱོད་འགྱུར། །མཁའ་ལ་སྤྱོད་པ་ཉིད་ཐོབ་པར་འགྱུར་རོ། །འདིས་ནི་དེ་ཡང་མཁའ་ལ་སྤྱོད་པ་འགྲུབ་པར་ཞེས་དགོངས་པའོ། །ཡང་ན་གང་ལན་བདུན་པ་དེའི་ཤ་ཟོས་པས་དེས་མཁའ་སྤྱོད་འགྱུར་ཏེ། མཁའ་

Vol. 3 · folio 191a

ལ་སྤྱོད་པའི་དངོས་གྲུབ་འབྱུང་བར་འགྱུར་རོ། །སྐད་ཅིག་ལས་ཞེས་པ་དེའི་སྐད་ཅིག་ལས་ཏེ། དུས་གཞན་གྱིས་བར་དུ་ཆོད་བ་མེད་དོ་ཞེས་པའི་དོན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ནི་འགྲུབ་པར་འགྱུར་ཏེ། དགའ་བྲལ་དགའ་བ་ལ་སྨོད་པ། །དགའ་བྲལ་གྱི་དགའ་བས་གང་

ཞིག་འགྲུབ་པ་དེ་ལ་སྨོད་པའི་ཕྱིར་རོ། །འདིས་ནི་དགའ་བྲལ་གྱི་དགའ་བའི་ཡེ་ཤེས་ཀྱིས་མཁའ་ལ་སྤྱོད་པ་འགྲུབ་པར་འགྱུར་རོ་ཞེས་པའི་དོན་ནོ། །ཡང་ན་ལན་བདུན་པ་ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པ་ཡང་དང་ཡང་བཟླས་ཤིང་གོམས་པ་སྟེ། དེ་ན་དྲུག་པ་ཁོ་ན་བདུན་པ་ཉིད་དོ་

ཞེས་པ་ལན་བདུན་པའོ། །དེས་ན་རྒྱུ་དེའི་ཕྱིར་མཚན་ཉིད་དང་བྱེད་པ་རྣམས་ཀྱིས་མཚོན་ཞིང་ཤེས་པར་བྱའོ། །ལན་བདུན་པ་ཁྱད་པར་ཇི་ལྟ་བུས་ཤེ་ན། བདུན་དུ་བསྐོར་བས་སོ། །ཇི་ལྟར་ཞེ་ན། ཀྱེའི་རྡོ་རྗེ་ཤེས་རབ་དང་ཐབས་གསུངས་པ་རྣམས་ཀྱིས་ཏེ། དེ་ཉིད་ཀྱི་ཕྱིར་འགྲུབ་པར་འགྱུར་

རོ། །དགའ་བྲལ་དགའ་བ་ལ་སྨོད་པ། །ཞེས་པ་དགའ་བ་སུན་འབྱིན་པའི་ཕྱིར་དགའ་བྲལ་དགའ་བ་ལ་སྨོད་པ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའོ། །སྐད་སྙན་ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནོ། །མིག་དང་ལྡན་ཞེས་པ་ཆོས་ཀྱི་སྐུའི་རང་བཞིན་

ནོ། །དྲི་ལུས་ཞེས་པ་སྤྲུལ་པའི་སྐུའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་སྐུ་གསུམ་གྱི་བདག་ཉིད་ཀྱི་སྐུ་བོང་ཆེན་པོ་སྟེ། སྐུ་གསུམ་གྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་བདུན་བཟླས་པ་ཉིད་ལས་གྲིབ་མ་བདུན་ཏེ། གྲིབ་མ་ལྟ་བུ་བདུན་ནི་གྲིབ་མ་ཡིན་ཞིང་དྲུག་པའི་བདུན་པ་ཉིད་གྲིབ་མ་དང་འདྲ་བ་གཟུགས་

བརྙན་ལྟ་བུར་མཚོན་པར་བྱའོ། །མཐོང་ཞིང་ཤེས་ནས་རྣལ་འབྱོར་པ་དེ་ཁོ་ན་དང་ལྡན་པའོ། །དྲུག་པ་རྡོ་རྗེ་འཆང་དེ་ཡང་ལྔ་ལ་རབ་ཏུ་ཞུགས་པའི་ཕྱིར་ཟོས་པ་དང་ལོངས་སྤྱོད་པར་གྱུར་པ་སྟེ། དེ་ཟོས་པ་ཙམ་གྱིས་མཁའ་སྤྱོད་འགྱུར་མཁའ་དབང་པོའོ། །དེ་ལ་སྤྱོད་པའི་ཕྱིར་མཁའ་ལ་སྤྱོད་པ་མེ་ལོང་ལྟ་བུ་ལ་

སོགས་པ་ཡེ་ཤེས་ལྔའི་རང་བཞིན་ནོ། །སྐད་ཅིག་ལས་ཞེས་པ་ལྷན་ཅིག་སྐྱེས་པའི་སྐད་ཅིག་ལས་འགྲུབ་པར་འགྱུར་རོ་ཞེས་པའི་དོན་ནོ། །སེམས་ཅན་ཐམས་ཅད་དབང་བྱེད་པ། ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་བཤད། །ཐམས་ཅད་ཀྱི་སྒྲས་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་སོ། །སེམས་ཅན་གྱི་

Vol. 3 · folio 191b

སྒྲས་སྲིད་པ་གསུམ་གཅིག་པ་ཉིད་དེ། གསུམ་པོ་འདི་ཉིད་ནི་འདི་རྣམས་དབྱེར་མེད་པ་ཉིད་དོ། །འདི་ཉིད་ཀྱིས་དབང་དུ་བྱེད་པ་དང་དབང་དུ་འགྱུར་བ་སྟེ། ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ཉིད་དོ། །དེ་ཉིད་དབང་དུ་བྱེད་པའི་ཁྱད་པར་ཏེ། ཁྱད་པར་ཡེ་ཤེས་ལྔ་དང་སྐུ་གསུམ་དབྱེར་མེད་པར་རྟོགས་པ་

འདི་ཉིད་གྲུབ་པ་ན་ལྟ་སྟངས་རྣམས་འགྲུབ་པར་འགྱུར་བའི་ཕྱིར་ཁྱད་པར་དུ་ཀུ་རུ་ཀུལླེའི་སྒྲུབ་ཐབས་སོ། །ཀུ་རུ་ཀུལླེ་ཞེས་པ་འདིས་ཤེས་རབ་དང་ཐབས་དབྱེར་མེད་པ་བཞི་སྟེ། བདག་མེད་མས་རྒྱས་བཏབ་པ་གང་ཡིན་པའོ། །དེ་ཉིད་ཀྱི་ཕྱིར་སྒྲུབ་ཐབས་ཞེས་པ་དེའི་ཐབས་སུ་གྱུར་པ་བཤད་ཅིང་

བསྟན་པར་བྱ་སྟེ། ཐབས་ཉིད་ཡིན་པའི་ཕྱིར་ཞེས་དགོངས་པའོ། །ཀུན་རྫོབ་ཀྱི་དོན་ནི་གོ་སླ་བ་ཉིད་དོ། །སྔོན་དུ་བརྟག་པ་བཅུ་གཉིས་ཀྱིས། །རྒྱས་པར་གསུངས་པ་མདོར་བསྡུས་པ། །སྔོན་དུ་ཀྱེའི་རྡོ་རྗེ་འབུམ་ཕྲག་ལྔའི་བདག་ཉིད་དུ་བརྟག་པ་བཅུ་གཉིས་ཀྱིས་རྒྱས་པར་གསུངས་པ་སྟེ། ད་ནི་

མདོར་བསྡུས་པ་བཤད་པར་བྱའོ་ཞེས་པའི་དོན་ནོ། །ཡང་ན་བརྟག་པ་བཅུ་གཉིས་ཀྱིས་ཞེས་པ་རྟོག་པ་དང་ཀུན་དུ་རྟོག་པ་ནི་སེམས་སོ། །བཅུ་གཉིས་ནི་གཉིས་ཀྱི་སྒྲས་ཤེས་རབ་དང་ཐབས་སོ། །དེ་ཉིད་དབང་པོ་དང་ཡུལ་གྱི་ངོ་བོས་བཅུ་སྟེ། བརྟག་པ་དང་བཅུ་གཉིས་ནི་བརྟག་པ་བཅུ་གཉིས་སོ། །དབང་

པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་གྱི་ངོ་བོ་རྡོ་རྗེ་གསུམ་གྱི་རང་བཞིན་དེ་རྣམས་ཀྱིས་གང་ཞིག་རྒྱས་པར་གསུངས་པ་དེ་ནི་སྤྲོ་བའི་ཚུལ་གྱིས་གསུངས་པ་སྟེ། དེ་ཉིད་སྔོན་དུ་ཐོག་མའོ། །མདོར་བསྡུས་པ་ནི་ཐོག་མ་ཁོ་ན་ལ་སྡུད་པའི་རང་བཞིན་ཞེས་པའོ། །ཡང་ན་དེ་ཉིད་མདོར་བསྡུས་པ་སྟེ། ཡང་དག་པར་

བསྡུས་པའོ། །སྔོན་དུ་དང་པོར་ཐོག་མར་གཉིས་སུ་མེད་པ་ཞེས་པའི་དོན་ནོ། །དེ་ཉིད་ཀྱི་ཕྱིར། ཧྲཱིཿཡིག་ལས་བྱུང་ལྷ་མོ་ནི། །ཁ་དོག་དམར་མོ་ཕྱག་བཞི་མ། །མདའ་དང་གཞུ་ཡི་ལག་པ་དང་། །ཨུཏྤ་ལ་དང་ལྕགས་ཀྱུ་འཛིན། །ཧྲཱིཿཡིག་གི་སྒྲས་ཧ་ཡིག་ནི་རྡོ་རྗེ་འཆང་ངོ་། །ར་ཡིག་ནི་བདག་

མེད་མ་སྟེ། གཉིས་དབྱེར་མེད་པའོ། །ཨཱི་ཆུའི་རྣལ་འབྱོར་མ་བྱང་ཆུབ་ཀྱི་སེམས་ཏེ། དེ་ནི་རྣམ་པར་བཅད་པའི་མཐའ་ཅན་ནོ། །ཡི་གེ་ནི་དེའི་བྱ་བའོ། །དེ་ལས་བྱུང་བ་གང་ཞིག་སྐྱེས་པ་དེ་ནི་ཧྲཱིཿཡིག་ལས་བྱུང་བ་སྟེ། ལྷ་མོ་ནི་ལྷའི་བདག་ཉིད་ཅན་སྤྲོ་བའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ཁ་

Vol. 3 · folio 192a

དོག་དམར་མོ་ཀུན་དུ་ཆགས་པའི་མཚན་ཉིད་ཀྱི་རང་བཞིན་ནོ། །ཕྱག་བཞི་མ་བཞི་རྣམས་ཀྱི་ལོངས་སྤྱོད་གང་ལ་ཡོད་པ་དེ་ནི་ཕྱག་བཞི་མའོ། །མདའི་སྒྲས་འབིགས་པར་བྱེད་པ་ཉིད་ལས་ཤེས་རབ་བོ། །གཞུ་ནི་འབིགས་པར་བྱེད་པའི་གཞི་ཉིད་ཀྱིས་ཐབས་སོ། །ཤེས་

རབ་དང་ཐབས་དབྱེར་མེད་པ་ཉིད་ཀྱིས་མདའ་དང་གཞུའི་ལག་པ་སྟེ། གང་གི་ཡེ་ཤེས་ལྔའི་བདག་ཉིད་ཅན་གཉིས་ཡིན་པ་དེ་ནི་མདའ་དང་གཞུའི་ལག་པའོ། །དང་ཡིག་ནི་གང་གི་ཕྱིར་ཏེ། ཨུཏྤ་ལའི་སྒྲས་བྱང་ཆུབ་ཀྱི་སེམས་སོ། །ཨཾ་མཁའ་སྤྱོད་མ་སྟེ་བདག་མེད་མའི་དཀྱིལ་འཁོར་

བཅོ་ལྔའི་བདག་ཉིད་ཅན་ནོ། །དེ་གཉིས་ཀ་འདྲེན་ཅིང་འགུགས་པའི་ཕྱིར། ཨུཏྤ་ལ་དང་ལྕགས་ཀྱུ་སྟེ། འདིའི་རང་བཞིན་དེ་འཛིན་པའི་ངང་ཚུལ་ཡིན་པའི་ཕྱིར། ཨུཏྤ་ལ་དང་ལྕགས་ཀྱུ་འཛིན། །ཞེས་པའོ། །འདི་ནི་བསྒོམས་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་དབང་

དུ་བྱེད། །འདི་ནི་ཞེས་པ་རྡོ་རྗེ་འཆང་དང་དབྱེར་མེད་པའི་བདག་མེད་མ་སྟེ། བསྒོམས་པ་ཙམ་གྱིས་འཇིག་རྟེན་གསུམ་ཞེས་པ་གསུམ་གྱི་སྒྲས་ལུས་དང་ངག་དང་སེམས་སོ། །འཇིག་རྟེན་གྱི་སྒྲས་ཕུང་པོ་ལྔ་སྟེ། དེ་རྣམས་ཀྱི་དངོས་པོ་ནི་འཇིག་རྟེན་གསུམ་མོ། །དབང་དུ་བྱེད་པ་

ནི་དབང་དུ་གྱུར་ཅིང་འགུགས་པ་སྟེ། སྙོམས་པར་འཇུག་པ་ན་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ཤེས་པ་ཐོབ་པར་འགྱུར་རོ་ཞེས་པའི་དོན་ནོ། །འབུམ་ཕྲག་གཅིག་གིས་རྒྱལ་པོ་རྣམས། །ཁྲི་ཡིས་སྐྱེ་དགུ་འཇིག་རྟེན་དང་། །བྱེ་བས་ཕྱུགས་དང་འདབ་ཆགས་སོགས། །འབུམ་ཕྲག་

བདུན་གྱིས་ལྷ་མ་ཡིན། །འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་ཏེ། །བརྒྱ་ཕྲག་གཅིག་གིས་སྔགས་པའོ། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །ཅེས་གསུངས་པ། གཅིག་གཉིས་སུ་མེད་པའི་ངོ་བོས་མཚོན་པར་གྱུར་པ་ནི་རྒྱལ་པོ་སེམས་ཀྱི་རྡོ་རྗེ་དབང་དུ་བྱེད་པར་འགྱུར་རོ། །ཕུལ་དུ་བྱུང་

བས་སྐྱེས་པའི་ཕྱིར་རབ་སྐྱེའོ། །འཇིག་རྟེན་ནི་ཕུང་པོ་ལྔ་སྟེ། རབ་སྐྱེ་དང་འཇིག་རྟེན་ནི་སྐྱེ་དགུ་འཇིག་རྟེན་ནོ། །ཁྲི་ཡིས་བདག་མེད་མ་རབ་ཏུ་རྟོགས་པ་ལས་ཞེས་དགོངས་པའོ། །ཕྱུགས་ཀྱི་སྒྲས་དབང་པོ་རྣམས་སོ། །འདབ་ཆགས་ཀྱི་སྒྲས་ཤེས་རབ་དང་ཐབས་སོ། །དང་པོ་ནི་སེམས་ཏེ།

Vol. 3 · folio 192b

ཕྱུགས་དང་འདབ་ཆགས་སོགས་དབང་པོ་དང་ཡུལ་གྱི་བདག་ཉིད་ཅན་ཤེས་རབ་དང་ཐབས་དབྱེར་མེད་པའི་སེམས་སོ། །བྱེ་བ་ནི་ཕུལ་དུ་བྱུང་བ་རྟོགས་པའི་ཕྱིར་ཞེས་པའི་དོན་ནོ། །ཨ་བདག་མེད་མ་དང་། སུ་ཁུ་བ་བྱང་ཆུབ་ཀྱི་སེམས་ཏེ། ཨ་སུའོ། །དེ་འདོར་ཞིང་སྤོང་བའི་ཕྱིར། དེ་རྣམས་

ལྷ་མ་ཡིན་ཏེ། འབུམ་ཕྲག་བདུན་གྱིས་ཞེས་པ་དྲུག་པ་རྡོ་རྗེ་འཆང་ལས་འདས་པའི་ཡེ་ཤེས་ཀྱིས་ཞེས་པའི་དོན་ནོ། །འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་ཏེ། །རོལ་པའི་ཕྱིར་ལྷ་ཡེ་ཤེས་ལྔ་ལ་སོགས་པའོ། །དེ་རྣམས་གཉིས་སུ་མཚོན་པས་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱིས་སོ། །བརྒྱ་

ཕྲག་གཅིག་གིས་སྔགས་པའོ། །འདི་རྣམས་ལ་སྔགས་ཡོད་པའི་ཕྱིར་སྔགས་པ་སྐུ་གསུང་ཐུགས་རྣམས་སོ། །གཅིག་གིས་ཞེས་པ་ཨེ་ཆོས་འབྱུང་གི་བདག་ཉིད་དང་། ཀས་ཡེ་ཤེས་ཏེ། ཆོས་འབྱུང་གི་ཡེ་ཤེས་ཀྱིས་སོ། །ཁྱད་པར་ཅིས་ཤེ་ན་བརྒྱ་ཡིས་ཏེ། སྤྲོ་བའི་ཚུལ་གྱིས་ཞེས་པའི་

དོན་ནོ། །ཀུན་རྫོབ་ཀྱི་བདེན་པས་ནི། །སེམས་ཅན་ཐམས་ཅད་དབང་བྱེད་པ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་བཤད། །དེ་ཉིད་གསུངས་པ་ས་བོན་ཧྲཱིཿཡིག་ཁ་དོག་དམར་པོའོ། །དེ་ལས་སྐྱེས་པའི་ལྷ་མོ་སྟེ། དེ་ཡང་ཁ་དོག་དམར་མོ་ཕྱག་བཞི་མ། ཕྱག་བཞི་པོ་རྣམས་ཀྱི་གཡོན་པའི་ཕྱག་

དང་པོ་ན་གཞུའོ། །གཉིས་པ་ན་ཨུཏྤ་ལའོ། །གཡས་པའི་ཕྱག་དང་པོ་ན་མདའོ། །གཉིས་པ་ན་ལྕགས་ཀྱུའོ། །དེ་ལྟ་བུའི་རིམ་པས་འདི་བསྒོམས་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་དབང་དུ་བྱེད་ཅིང་། སྔགས་བཟླས་པས་ཀྱང་སྟེ། འབུམ་ཕྲག་གཅིག་གིས་རྒྱལ་པོ་དབང་དུ་འགྱུར་རོ། །སྟོང་

ཕྲག་བཅུས་སྐྱེ་དགུ་འཇིག་རྟེན་པའོ། །བྱེ་བའི་སྔགས་ཀྱིས་ཕྱུགས་དང་འདབ་ཆགས་སོ། །སོགས་པའི་སྒྲས་ཡི་དྭགས་ལ་སོགས་པ་ཡང་གཟུང་བར་བྱའོ། །འབུམ་ཕྲག་བདུན་གྱིས་ལྷ་མ་ཡིན་རྣམས་སོ། །འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་སོ། །བརྒྱ་ཕྲག་གཅིག་གིས་སྔགས་པ་

སྟེ་ཡེ་ཤེས་དང་ལྡན་པའོ། །ཞེས་པ་རྡོ་རྗེ་སྙིང་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་བརྟག་པའི་རྒྱལ་པོ་ལེའུ་བཅུ་གཅིག་པ་རྫོགས་སོ། །རྡོ་རྗེ་སྙིང་པོའི་སྒྲས། རྡོ་རྗེ་མི་ཕྱེད་ཅེས་པར་བརྗོད། །ཅེས་པ་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའོ། །དེ་ཉིད་ཀྱི་སྙིང་པོ་སྟེ་གང་

Vol. 3 · folio 193a

གི་ཁོང་དང་ནང་དེ་ནི་རྡོ་རྗེ་སྙིང་པོའོ། །དེ་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། མངོན་པར་ཐམས་ཅད་ནས་ཡང་དག་པར་རྫོགས་པར་བྱང་ཆུབ་པའི་ཡེ་ཤེས་སོ་ཞེས་པ་རྡོ་རྗེ་སྙིང་པོ་མངོན་པར་རྫོགས་པར་བྱང་ཆུབ་བ་ཞེས་བྱ་བའི་མིང་གི་སྒྲ་འདིས་གསུང་རྡོ་རྗེའོ། །བརྟག་པ་

ནི་ཡང་དག་པའི་རྟོག་པ་སྟེ། ཐུགས་རྡོ་རྗེའོ། །རྒྱལ་པོ་ནི་གསལ་བ་དང་མཛེས་པའི་ཕྱིར་ཏེ། སྣང་བའི་མཚན་ཉིད་སྐུ་རྡོ་རྗེའོ་ཞེས་པ་རྡོ་རྗེ་སྙིང་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་བརྟག་པའི་རྒྱལ་པོ་རྫོགས་སོ་ཞེས་པ་མཉམ་པ་དབྱེར་མེད་པས་བསྡུས་པའི་ཕྱིར་ཁྱབ་ཅིང་ཡོངས་སུ་

ཐོབ་པའོ། །ལེའུ་བཅུ་གཅིག་པ་ཞེས་པ། གཅིག་རྡོ་རྗེ་འཆང་དང་། ཨ་བདག་མེད་མ་སྟེ། གཉིས་ཀ་དབྱེར་མེད་པའོ། །བཅུ་ནི་དབང་པོ་ལྔ་དང་ཡུལ་ལྔའོ། །དེའི་པ་ཊ་སྦས་པ་སྟེ། དེ་ལེན་ཅིང་འཛིན་པའི་ཕྱིར་ལེའུ་བཅུ་གཅིག་པའོ་ཞེས་པ་རྡོ་རྗེ་སྙིང་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་

ཞེས་བྱ་བ་བརྟག་པའི་རྒྱལ་པོ་ལེའུ་བཅུ་གཅིག་པ་རྫོགས་སོ་ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་ལེའུ་བཅུ་གཅིག་པའོ།། །།འདིར་དེ་ཁོ་ནའི་རྣལ་འབྱོར་པ་དེ་ཁོ་ན་བཞིའི་བདག་ཉིད་ཅན་ལྟ་སྟངས་བཞི་གྲུབ་པ་ཡེ་ཤེས་དང་རྣམ་པར་ཤེས་པ་ལ་སོགས་པའི་ནུས་པ་གྲུབ་

པ་ན། དེ་ལ་ཁོང་པ་ལ་སོགས་པ་རྣམས་ལས་ཀྱང་ཆོས་སྟོན་པ་འབྱུང་བར་འགྱུར་རོ་ཞེས་པ་རྡོ་རྗེ་སྙིང་པོས་ཐུགས་ལ་གནས་པར་མཛད་ནས། ཤིང་དང་རྡོ་དང་འཇིམ་པ་ལ་སོགས་པའི་སྐུ་གཟུགས་རབ་ཏུ་གནས་པ་ཞུས་པའི་སྒོ་ནས་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་སྒོ་ནས་ཡང་དག་

པའི་ཡེ་ཤེས་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ཉིད་མངོན་པར་གསལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། རབ་གནས་མཚན་ཉིད་བཟང་པོ་ནི། ཇི་ལྟར་རིགས་པ་བཤད་དུ་གསོལ། །བཅོམ་ལྡན་རྡོ་རྗེ་སྙིང་པོ་བདག །སངས་རྒྱས་ཐམས་ཅད་གཅིག་པའི་སྐུ། །

བཅོམ་ལྡན་འདས་རབ་གནས་ཀྱི་མཚན་ཉིད་བཤད་ཅིང་བསྟན་དུ་གསོལ། །ཇི་ལྟར་རིགས་པ་ཞེས་པ་རིམ་པ་ཇི་ལྟ་བའོ། །རབ་གནས་མཚན་ཉིད་ཅེས་པ། གལ་ཏེ་ཡང་ཆོས་ཐམས་ཅད་རབ་ཏུ་མི་གནས་པ་མྱང་ན་ལས་འདས་པའི་ཆོས་ཅན་ཡིན་པ་དེ་ལྟ་ན་འང་ཀུན་རྫོབ་ཀྱི་བདེན་པའི་རྟོག་པ་

Vol. 3 · folio 193b

ཐ་མལ་པའི་ང་རྒྱལ་རྣམ་པར་བསལ་བས་འདུས་བྱས་པའི་ང་རྒྱལ་ལྷག་པར་བསྒྲུབ་པའི་ཕྱིར་རབ་ཏུ་གནས་པའི་མཚན་ཉིད་རིགས་སོ་ཞེས་པ་སྟེ། རབ་ཏུ་གནས་པའི་མཚན་ཉིད་བཤད་དུ་གསོལ་ཞེས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པའོ། །བཅོམ་ལྡན་འདས་ཉིད་ནི་ཁྱད་པར་གཉིས་

ཀྱིས་རྟོགས་པར་འགྱུར་ཏེ། བདེན་པ་གཉིས་ཀྱི་བདག་ཉིད་ཅན་ནོ། །རྡོ་རྗེ་སྙིང་པོ་བདག་ཅེས་པ་རྡོ་རྗེ་ནི་མི་ཕྱེད་པའོ། །དེ་ཉིད་ནི་སྙིང་པོ་གཙོ་བོ་སྟེ། དབང་གི་སྐུ་ཡིན་པ་ནི་བདག་ཉིད་དོ། །འདིས་བཅོམ་ལྡན་འདས་ཤེས་རབ་དང་ཐབས་དབྱེར་མེད་པ་ཉིད་གསུངས་སོ། །དེ་ཉིད་ཀྱི་ཕྱིར།

སངས་རྒྱས་ཐམས་ཅད་གཅིག་པའི་སྐུ། །དེ་རྣམས་ཐམས་ཅད་དང་སངས་རྒྱས་ཀྱང་ཡིན་པའི་ཕྱིར་སངས་རྒྱས་ཐམས་ཅད་དེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ནོ། །དེ་རྣམས་གཅིག་པ་ནི་དབྱེར་མེད་པ་སྟེ། དེ་གང་གི་ལུས་ཡིན་པ་ནི་སྐུའོ། །ཡང་ན་སངས་

རྒྱས་ཐམས་ཅད་གཅིག་པ་དབྱེར་མེད་པ་སྟེ། དེས་གང་གི་གཟུང་བ་ཆགས་པའི་མཚན་ཉིད་བྲལ་བར་གྱུར་པ་དེ་ནི་སངས་རྒྱས་ཐམས་ཅད་གཅིག་པའི་སྐུའོ། །ཤེས་རབ་དང་ཐབས་དབྱེར་མེད་པ་ཉིད་ཀྱིས་དོན་དམ་པའི་བདེན་པའི་བདག་ཉིད་དང་། སངས་རྒྱས་ཐམས་ཅད་གཅིག་པའི་སྐུ་ཉིད་ཀྱིས་ཀུན་རྫོབ་ཀྱི་བདེན་

པའི་བདག་ཉིད་དེ། འདིས་ནི་བཅོམ་ལྡན་འདས་བདེན་པ་གཉིས་ཀྱི་བདག་ཉིད་མཆོག་ཏུ་གྱུར་པ་ཁོ་ན་ཞེས་པའོ། །སྦྱིན་སྲེག་བྱས་ཏེ་དཀྱིལ་འཁོར་ནི། །ཇི་ལྟར་གསུངས་པ་བཞེངས་བྱས་ནས། །སྲོད་ལ་ལྷག་གནས་ལ་སོགས་པ། །བྱས་ཏེ་སྐུ་གཟུགས་སྦྱང་བར་བྱ། །ཉི་མ་གུང་ལ་བགེགས་

ཉེ་བར་ཞི་བའི་དོན་དུ་སྦྱིན་སྲེག་བྱས་ཏེ། དཀྱིལ་འཁོར་ནི་ཇི་ལྟར་གསུངས་པའི་ཆོ་གས་བཞེངས་བྱས་ནས་སྲོད་ལ་ཉིན་མོ་འདས་པའི་དུས་ན། ལྷག་གནས་ལ་སོགས་པ་ཞེས་སྔགས་དང་ཕྱག་རྒྱ་ལ་སོགས་པ་དགོད་པ་དང་། མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་དང་མེ་ཏོག་དང་ལྷག་གནས་

ལ་སོགས་པ་རྣམས་ཀྱིས་མཆོད་པ་ནི་ལྷག་གནས་ལ་སོགས་པའོ། །དེ་བྱས་ཏེ་སྐུ་གཟུགས་སྦྱང་བར་བྱ། །རིམ་པ་འདིས་སྐུ་གཟུགས་སྦྱང་བར་བྱའོ་ཞེས་པ་སྟེ། ནམ་མཁར་བཞུགས་པའི་སངས་རྒྱས་ཀུན། །ངེས་པར་སྐུ་གཟུགས་སྙིང་གར་གཞུག །རང་འདོད་ལྷ་མཉམ་རྣལ་

Vol. 3 · folio 194a

འབྱོར་པ། །རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །སྔ་གྲོ་ལྷ་རྣམས་རབ་ཏུ་གནས་པ་བྱ་སྟེ། །ལྷ་དབང་བསྐུར་བའི་ལེའུར་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་སྤྱན་དྲང་བ་དེ་ལྟ་བུའི་རིག་པས་སྤྱན་དྲངས་ཏེ། ཡང་དག་པར་མཆོད་ནས། དེ་རྣམས་སྐུ་གཟུགས་ཀྱི་སྙིང་

གར་རབ་ཏུ་གཞུག་པར་བྱའོ། །དེ་ཡང་སློབ་དཔོན་ཁྱད་པར་ཅི་ལྟ་བུ་ཞེ་ན། རང་འདོད་ལྷ་མཉམ་རྣལ་འབྱོར་པ། །འདིས་ཅི་གསུངས་ན་གང་གི་འདོད་པའི་ལྷ་ཤེས་རབ་དང་ཐབས་ཀྱི་རྒྱུད་དུ་གསུངས་པའི་རིམ་པ་གང་ཡིན་པ་དེ་མཉམ་པའི་རྣལ་འབྱོར་དང་ལྡན་པའོ། །རབ་མཐོང་ཞེས་པ་ཆོ་ག་

ཤེས་པ་སྟེ། ཡང་སྔགས་ཀྱི་ཕ་རོལ་ལ་སོན་ཞེས་པ་སྔགས་ཀྱི་དེ་ཁོ་ན་མ་ལུས་པ་ཤེས་པའོ། །ཡང་ན། སྐུ་གཟུགས་ཞེས་པ་གཟུགས་བརྙན་ཏེ། སྦྱང་བར་བྱ་ཞེས་པ་འདུས་བྱའོ། །འཇིམ་པ་ལ་སོགས་པའི་སྐུ་གཟུགས་ཀྱང་རུང་སྟེ། དེའི་སྙིང་གར་རབ་ཏུ་གཞུག་ཅིང་དབབ་པར་བྱའོ། །གང་ཞེ་ན།

སངས་རྒྱས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་དང་། སྐུ་གསུམ་དང་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་ཡེ་ཤེས་རྣམས་སོ། །ཁྱད་པར་ཅི་ཞེ་ན། ནམ་མཁར་བཞུགས་པ་སྟེ། སྒྲིབ་པ་མེད་པའི་ངོ་བོར་རྣམ་པར་གནས་པ་རྣམས་སོ། །ངེས་པ་ནི་འདིར་ཐེ་ཚོམ་མེད་པ་ཉིད་དོ་ཞེས་པའི་དོན་

ནོ། །རང་འདོད་ལྷ་མཉམ་རྣལ་འབྱོར་པ། །རང་སེམས་ཏེ་དེས་བཙལ་བར་གྱུར་པའི་ལྷ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་པོ་དེ་རྣམས་ནི་འདོད་ལྷའོ། །རང་དང་འདོད་ལྷ་ནི་རང་འདོད་ལྷ་སྟེ། དེ་དག་མཉམ་པས་ཀུན་ནས་སྦྱོར་བ་ཡོད་པའི་ཕྱིར་འདི་ནི་རང་འདོད་ལྷ་མཉམ་རྣལ་འབྱོར་པ་སྟེ། འདིས་ཐུགས་

རྡོ་རྗེ་གཅིག་པུའི་སྐུའོ། །རབ་མཐོང་ཞེས་པ་འདིས་སྣང་བའི་མཚན་ཉིད་ཀྱི་ཕྱིར་སྐུ་རྡོ་རྗེ་གཅིག་པུའི་སྐུའོ། །སྔགས་ཀྱི་ཕ་རོལ་སོན་ཞེས་པ་འདིས་གསུང་རྡོ་རྗེའི་སྐུ་སྟེ། འདིས་རྡོ་རྗེ་གསུམ་གཅིག་པའི་སྐུ་ཉིད་རྡོ་རྗེ་འཆང་གི་རང་བཞིན་རྣལ་འབྱོར་པ་ཡིན་ལ། དེ་ནི་ཤིང་དང་རྡོ་ལ་སོགས་པའི་སྐུ་གཟུགས་

ལ་སོགས་པ་ཡེ་ཤེས་ཀྱི་རང་བཞིན་དུ་བྱེད་པར་བཟོད་དོ་ཞེས་པའོ། །རབ་གནས་ནི་སོ་སོ་རེ་རེར་གནས་པ་སྟེ། ཐམས་ཅད་ལ་ཡེ་ཤེས་ལྷག་པར་བསྒྲུབ་པའི་ཕྱིར་རབ་གནས་ཞེས་པའི་དོན་ནོ། །མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་གསུངས་པ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿ

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words