རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) སུ་བི་ནི་ཥྭ་ད་སཾ་པུ་ཊ་ཊཱི་ཀཱ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 5 · folio 217a

ཀྱེ་རྡོ་རྗེ་ཡི་བྲིས་སྐུ་ཡི། །བྱེད་པ་བདེ་བ་ཆེན་པོས་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདིར་ནི་འདྲི་མཁན་དམ་ཚིག་ཅན། །སྒྲུབ་པོའང་དམ་ཚིག་ཅན་གྱིས་ནི། །བྲིས་སྐུ་འཇིགས་པ་བྲི་བ་ཉིད། །སྐྱེས་པའི་ཐོད་གནས་ཚོན་སྣ་ལྔ། །རོ་ཡི་སྐྲ་ཡི་པིར་

ཉིད་ཀྱིས། །བྲིས་སྐུ་བླ་མ་བྲི་བ་ཉིད། །སྐྱེས་པའི་ཐོད་པར་ནི་ཐོད་པར་གནས་པའོ། །ཚོན་སྣ་ལྔ་ནི་བདུད་རྩི་ལྔ་དང་བསྲེས་པའི་ཚོན་སྣ་ལྔས་སོ། །རོའི་སྐྲ་ཞེས་པ་ནི་སྤངས་པའི་སྐྲའི་པིར་གྱིས་སོ། །དགྱེས་པའི་རྡོ་རྗེའི་བྲི་སྐུ་བྲི་བ་ནི་བདག་མེད་མའི་ཐང་ཀ་དང་ཕྱག་གཉིས་པ་ལ་

སོགས་པའི་ཧེ་རུ་ཀའི་རས་རིས་དགྱེས་པའི་རྡོ་རྗེ་ཉིད་དང་ཁ་སྦྱོར་བའི་ཕྱིར་རོ། །ཧེ་རུ་ཀ་ཕྱག་གཉིས་པའི་ཡང་དཀྱིལ་འཁོར་པའི་མཁའ་འགྲོ་མ་ནི་ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་པ་བཞིན་ནོ། །ཡང་ན་བྲིས་སྐུ་བླ་མ་ཞེས་པ་ནི་ཀུན་རྫོབ་ཀྱི་བདག་ཉིད་ཀྱི་དགྱེས་པའི་རྡོ་རྗེའོ། །བྲིས་སྐུ་

འཇིགས་པ་ཞེས་པ་ནི་དོན་དམ་པའི་བདེན་པའི་བདག་ཉིད་ཀྱི་དགྱེས་པའི་རྡོ་རྗེའོ། །བདེན་པ་གཉིས་དབྱེར་མེད་པ་ཉིད་བདེན་པ་གཉིས་ཡིན་པར་བསྟན་ཏོ། །དེ་བྲི་བ་ཉིད་ནི་བྱ་བའོ། །གང་གིས་ཤེ་ན། ཚོན་སྣ་ལྔས་ཏེ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་སོ། །ཅིར་གྱུར་པ་ཞེ་ན་སྐྱེས་

པའི་ཐོད་གནས་ཏེ་ཡི་གེ་ན་དང་དབྱེར་མེད་པར་སྦྱར་བའོ། །དེ་ལྟ་བུར་གྱུར་པའི་ཡེ་ཤེས་དེར་གནས་པས་དེའི་བདག་ཉིད་ཀྱིས་དེ་ལ་ཐིམ་པའོ། །རོའི་སྐྲ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིའོ། །པིར་ཉིད་ཀྱིས་ཞེས་པ་ནི་ཐམས་ཅད་ཉིད་གཅིག་པའི་རང་བཞིན་ཡིན་པའི་དོན་

ཏོ། །གང་གང་སྐུད་པ་འཁལ་བ་དང་། །གང་གང་རས་ཡུག་འཐག་པ་ཡང་། །དེ་ཡང་དམ་ཚིག་ཅན་ངེས་པས། །དམ་ཚིག་བྱིན་བརླབས་རྣལ་འབྱོར་པས། །དེ་ཡང་དམ་ཚིག་ཅན་ཞེས་པ་ནི་དམ་ཚིག་ནི་ལྷ་འབྱུང་བའོ། །དེ་དང་ལྡན་པས་ཏེ་བདག་མེད་མ་དེས་སོ། །འདི་ཇི་ལྟར་

ཞེ་ན། དམ་ཚིག་བྱིན་བརླབས་རྣལ་འབྱོར་པས། །ཞེས་པ་ནི། ལྷ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཉིད་དོ། །རྣལ་འབྱོར་པས་ནི་དེའི་ཕྱིར་ཁ་སྦྱོར་བ་ཡིན་པའི་དོན་ཏོ། །ཟླ་བ་ཟླ་བ་མར་ངོ་ཡི། །བཅུ་བཞི་པ་ལ་ཁྱིམ་དབེན་པར། །ཉིན་ཕྱེད་མ་རུངས་སེམས་ཀྱིས་ནི། །ཆང་

Vol. 5 · folio 217b

གི་བཏུང་བ་ཅུང་ཟད་ལས། །ལུས་ལ་ནི་རཾ་ཤུ་བསམས་ནས། །དེ་བཞིན་གཅེར་བུར་གྱུར་པ་ཡང་། །འབགས་པ་དང་ནི་མ་དག་པས། །དེ་ནས་དམ་ཚིག་རབ་ཏུ་བཟའ། །ཟླ་བ་ཟླ་བ་ཞེས་བྱ་བ་ལ་སོགས་པ་དེ་ནས་དམ་ཚིག་རབ་ཏུ་བཟའ་ཞེས་པའི་མཐར་གསུམ་པོ་རྣམས་ཀྱི་ཡང་བྱ་བ་

འདི་ཡིན་ཏེ། རི་མོ་མཁན་དང་སྒྲུབ་པ་པོ་དང་སྐུད་པ་འཁལ་ནས་རས་འཐག་པ་དོན་གསལ་བ་ཉིད་དོ། །ཡང་ན་ཟླ་བ་ཟླ་བ་ཞེས་པ་ནི་བགྲང་བ་ལས་འདས་པའོ། །འདི་ཉིད་ཇི་ལྟར་ཡིན་ཞེ་ན། མར་ངོ་ཞེས་པ་ནི་བདག་མེད་མ་བདེན་པའོ། །བཅུ་བཞི་ཞེས་པ་ནི་མཁའ་འགྲོ་མ་

བཅུ་བཞི་དང་ལྡན་པ་ལས་སོ། །ཁྱིམ་དབེན་པར་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཆོས་འབྱུང་གི་གཞལ་ཡས་ཁང་ངོ་། །ཅིས་ཁྱད་འཕགས་ཤེ་ན། ཉིན་ཕྱེད་ནི་གཉིས་སུ་མེད་པའི་ཚུལ་གྱིས་དགྱེས་པའི་རྡོ་རྗེའི་བདག་ཉིད་དོ། །འདི་ཇི་ལྟར་ཡིན་པ་གསུངས་པ། ཅུང་ཟད་

སེམས་པ་ཡིན་པས་སེམས་སོ། །དེ་ཅིས་ཁྱད་འཕགས་ཤེ་ན། ཅུང་ཟད་སྟེ་ཅུང་ཟད་ཅེས་པ་ནི་སྤྱོད་ཡུལ་གྱི་རང་བཞིན་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཇི་ལྟར་ཡིན་ཞེ་ན་ཆང་གི་བཏུང་བ་ལས་ཏེ། སེམས་ཀྱི་མངོན་པར་ཞེན་པ་ལོག་པའོ། །ཨཾ་ཤུ་ནི་མཁའ་སྤྱོད་ཚུན་ཆད་ཀྱི་བྱང་

ཆུབ་བོ། །ནི་རཾ་ཤུ་ནི་ཟླ་བའོ། །ཅན་ནི་བདེ་བའོ། །བསམས་ནས་ནི་བལྟས་ཏེ། འདི་ཚུན་ཆད་སེམས་ཀྱི་སྤྱོད་ཡུལ་ཉིད་ཡིན་ནོ། །དེ་བཞིན་གཅེར་བུར་གྱུར་པ་ཡང་། །ཞེས་པ་ནི་སྒྲིབ་པ་མེད་པའི་རང་བཞིན་ཉིད་དུ་གྱུར་པ་བདེན་པའོ། །དེ་བཞིན་ཡང་ཞེས་པ་ནི་བཞི་པ་དེ་ཡང་དེ་བཞིན་

ནོ་ཞེས་བསྟན་པ་ཡིན་ནོ། །འབགས་པ་དང་ནི་མ་དག་པ། །ཞེས་པ་ནི། གཙང་བ་དང་མི་གཙང་བ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བའི་རྒྱུས་སོ། །དམ་ཚིག་ནི་ལྷ་ཐམས་ཅད་འབྱུང་བའི་རང་བཞིན་ནོ། །རབ་ཏུ་བཟའ་ནི་རང་བཞིན་མེད་པ་ཉིད་ཀྱི་རང་བཞིན་སྐྱེད་པ་ཡིན་པའི་

དོན་ཏོ། །བཞིན་བཟངས་སྙིང་དང་ལྡན་པ་དང་། །གཟུགས་དང་ལང་ཚོ་སྐལ་བཟང་མ། །མེ་ཏོག་བཅས་ཤིང་སྒྲུབ་པོར་དགའ། །གཉུག་མའི་ཕྱག་རྒྱ་གཡོན་དུ་གཞག །རི་མོ་མཁན་གྱི་བྲི་བའི་དམ་ཚིག་ཇི་ལྟར་བྱས་པ་དེ་བཞིན་དུ་དོན་འདི་ཡང་བསྟན་ཏོ། །ཡང་ན་གཉུག་མའི་

Vol. 5 · folio 218a

ཕྱག་རྒྱ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །གཞག་པ་ནི་གཡོ་བ་མེད་པ་ངེས་པའོ། །གང་ཞིག་ཅེ་ན། གཡོན་པས་ཏེ་ཟླ་བས་སོ། །ཅིར་གྱུར་པ་ཞེ་ན་བཞིན་བཟངས་ཏེ། གཉི་གའི་ནཱ་ད་ཕྲེང་གཉིས་དབྱེར་མེད་པ་ཨཾ་དཀྱིལ་འཁོར་གཉི་ག་དབྱེར་མེད་པའི་ཡེ་ཤེས་

ཀྱི་རང་བཞིན་ནོ། །སྙིང་རྗེ་ལྡན་པ་དང་ཞེས་པ་ནི་འགྲོ་བའི་དོན་བྱེད་པར་ནུས་པ་འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་འོད་དཔག་ཏུ་མེད་པའི་ཡེ་ཤེས་ཀྱི་ངོ་བོའོ། །གཟུགས་དང་ལང་ཚོ་སྐལ་བཟང་མ། །ཞེས་པ་ནི། སྐུ་གསུམ་གྱི་རང་བཞིན་ཨཾ་སྔར་བསྟན་པའི་དོན་གྱི་དོན་ཏོ། །མེ་ཏོག་

བཟང་པོ་ཞེས་པ་ནི་བཟང་པོ་ཁུ་བའོ། །མེ་ཏོག་ནི་ཁྲག་གོ། །ཟླ་བ་དང་ཉི་མ་དབྱེར་མེད་པའི་ཨཾ་དེ་བཞིན་ཉིད་ཀྱི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་སྒྲུབ་པོར་དགའ་ནི་རྡོ་རྗེ་འཛིན་པ་དབྱེར་མེད་པ་ཉིད་ཀྱི་ཁ་སྦྱོར་གྱི་རང་བཞིན་ཉིད་ཡིན་པའི་དོན་ཏོ། །དགྱེས་པའི་རྡོ་རྗེ་རྣལ་འབྱོར་མའི་དྲ་བ་ལས་རས་

རིས་ཀྱི་ཆོ་གའི་རིམ་པར་ཕྱེ་བ་སྟེ་དྲུག་པའོ།། །།རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས་དགྱེས་པའི་རྡོ་རྗེའི་རས་རིས་ཀྱི་ཆོ་གའི་རིམ་པར་ཕྱེ་བ་ལེའུ་དྲུག་པའོ།། །།དེ་ནས་དེ་ལ་ལྷ་མོས་ཞུས། །བོ་ལ་ཀཀྐོ་ལ་སྦྱར་ནས། །ཚེམས་ཀྱིས་མ་མཆུ་བཙིར་ནས་ནི། །གླེགས་

བམ་ཡང་ནི་ཇི་ལྟར་འགྱུར། །ད་ནི་དཀྱིལ་འཁོར་གསུམ་གྱི་རང་བཞིན་རྟོགས་པར་བྱས་ནས་བརྟེན་པའི་དཀྱིལ་འཁོར་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་དང་བྲིས་པའི་དཀྱིལ་འཁོར་རས་རིས་ཀྱི་ཆོ་ག་སྔོན་དུ་འགྲོ་བ་རྟོགས་པར་བྱས་ཏེ་རྡོ་རྗེ་རིགས་ཀྱི་རིམ་པར་ཕྱེ་བར་གསུངས་པའི་སྐུ་རྡོ་རྗེའི་

རང་བཞིན་སྤྲུལ་པའི་སྐུའི་ངོ་བོ་ཉིད་རྟོགས་པར་བྱ་བ་དང་། སྔགས་ཀྱི་རིམ་པར་ཕྱེ་བར་བསྟན་པའི་གསུང་རྡོ་རྗེའི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུ། སྤྲུལ་པའི་སྐུ་དང་དབྱེར་མེད་པའི། །གླེགས་བམ་ཡང་ནི་ཇི་ལྟར་འགྱུར། །ཞེས་ཞུས་པའི་སྒོ་ནས་གསུངས་པ། དེ་ཉིད་བསྟན་

པ། །རྡོ་རྗེ་པདྨ་མཉམ་སྦྱར་ནས། །དགྱེས་པས་ལྷ་ཡིས་རབ་ཕྱེ་བ། །ཁ་སྦྱོར་གྱི་རང་བཞིན་ཉིད་ཀྱི་ཕྱིར་སྤྲོ་བའི་བདག་ཉིད་འོད་གསལ་བ་ཉིད་ཀྱིས་རྣམ་པར་གཞག་པའོ། །གླེགས་བམ་ང་ཡིས་བཤད་བྱ་ཡིས། །ལྷ་མོ་སྐལ་པ་ཆེན་མོ་ཉོན། །སྦྲང་ཆེན་སྣག་ཚ་བྱས་ནས་ནི། །མི་ཡི་རུས་

Vol. 5 · folio 218b

པའི་སྨྱུ་གུས་ནི། །གླེགས་བམ་སོར་ནི་བཅུ་གཉིས་པ། །གྲོ་གར་དམ་ཚིག་ཅན་གྱིས་བྲི། །སྦྲང་ཆེན་གྱི་སྒྲས་ནི་རིན་ཆེན་གཙོ་བོའོ། །ཡང་ན་བདུད་རྩི་ལྔ་ཉིད་ཡིན་པར་ཁ་ཅིག་འདོད་དོ། །གླེགས་བམ་དང་ནི་བྲིས་སྐུ་ཉིད། །གལ་ཏེ་སྐལ་མེད་མཐོང་ན་ནི། །སྐྱེ་བ་འདིར་ནི་དངོས་གྲུབ་

མེད། །འཇིག་རྟེན་ཕ་རོལ་སྤྱོད་ཡུལ་མེད། །ཡང་དག་རབ་སྦྱིན་ལྡན་པ་ལ། །རེས་འགའ་ཙམ་ཞིག་བསྟན་པ་ཉིད། །གླེགས་བམ་ལམ་གྱི་སྤྱོད་ཡུལ་དུ། །སྐྲ་དང་མཚན་ཁུང་ཉིད་དུ་སྦ། །སྒྲ་ཇི་བཞིན་པའི་དོན་ནི་གསལ་བ་ཉིད་དོ། །ཡང་ན། གླེགས་བམ་དང་ནི་བྲིས་སྐུ་ཉིད། །ཅེས་

པ་ནི། བཅོམ་ལྡན་འདས་ཀྱི་སྐུ་གཉིས་སོ། །གལ་ཏེ་སྐལ་མེད་མཐོང་ན་ནི། །ཞེས་པ་ནི། རྣམ་པར་མ་དག་པའི་ཡུལ་དང་དབང་པོ་གང་བདག་ཉིད་ཀྱི་ཡེ་ཤེས་དེ་སྤྱོད་ཡུལ་མ་ཡིན་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བ་འདིར་ནི་འཁོར་བར་དངོས་གྲུབ་མེད་པར་འགྱུར་བའོ། །འཇིག་

རྟེན་ཕ་རོལ་སྤྱོད་ཡུལ་མེད། །ཅེས་པ་ནི། མྱ་ངན་འདས་ལས་འདས་པར་ཡང་རྟོགས་པར་གྱུར་པའི་དངོས་གྲུབ་མེད་པ་ཡིན་པར་དགོངས་སོ། །ཡང་གང་གིས་མཐོང་བ་ཡིན་པར་གསུངས་པ། ཡང་དག་རབ་སྦྱོར་ལྡན་པ་ལ། །ཞེས་པ་ནི། ཁྱད་པར་དུ་འཕགས་པའི་རྣལ་འབྱོར་

དང་ལྡན་པས་ཡང་དག་པར་རབ་ཏུ་སྟེར་བ་ནི་ཡང་དག་རབ་སྦྱིན་ཏེ། གང་གི་ཕྱིར་སྦྱིན་པའི་རྣལ་འབྱོར་ཡིན་པའི་ཕྱིར་ཡང་དག་རབ་སྦྱིན་ཞེས་ཀྱང་བཤད་དོ། །བདེན་པ་གཉིས་ཀྱི་བདག་ཉིད་ཀྱིས་ཉོན་མོངས་པའི་བག་ཆགས་སྤངས་པའོ། །བསྟན་པ་ནི་རྟོགས་པའོ། །རེས་འགའ་

ཙམ་ཞིག་ནི་དེའི་ཡང་བག་ཆགས་སྤངས་པ་ཉིད་ཡིན་པར་དགོངས་སོ། །བྷ་གར་ལིངྒ་རབ་བཞག་ནས། །ཡང་དང་ཡང་དུ་འོ་མཛད་ནས། །བདེ་ཆེན་མཉམ་པ་མྱང་མཛད་ནས། །རྡོ་རྗེ་ཅན་གྱིས་བཟའ་བ་བསྟན། །བཟའ་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནོ། །

དེ་བསྟན་པ་ནི་བསྟན་པ་ཡིན་པའི་དོན་ཏོ། །ཚོགས་ཀྱི་དཀྱིལ་འཁོར་བཟའ་བ་ནི། །ཉོན་ཅིག་ལྷ་མོ་མིག་ཡངས་མ། །གང་དུ་ཟོས་པས་འདོད་དོན་ཀུན། །སྒྲུབ་པ་ཅན་གྱིས་དངོས་གྲུབ་འགྱུར། །འདོད་དོན་ཀུན་སྒྲུབ་པ་ཅན་ཞེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་མངོན་པར་བྱང་

Vol. 5 · folio 219a

ཆུབ་པ་བསྟན་ཏོ། །དུར་ཁྲོད་རི་ཡི་བྱ་སྐྱིབས་དང་། །དེ་བཞིན་མི་མེད་གྲོང་ཁྱེར་དང་། །ཡང་ན་དབེན་པའམ་རྒྱ་མཚོའི་མཐར། །བཟའ་བ་འདི་ནི་རབ་ཏུ་སྤྱད། །སྒྲ་ཇི་བཞིན་པའི་དོན་ནི་གསལ་བ་ཉིད་དོ། །ཡང་ན་དུར་ཁྲོད་ཅེས་པ་ནི་ཆོས་ཀྱི་འཁོར་ལོའོ། །རིའི་བྱ་

སྐྱིབས་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །མི་མེད་གྲོང་ཁྱེར་ཞེས་པ་ནི་སྤྲུལ་པའི་འཁོར་ལོའོ། །དབེན་པ་ཞེས་པ་ནི་ལོངས་སྤྱོད་ཀྱི་འཁོར་ལོའོ། །བཟའ་བ་འདི་ནི་རབ་ཏུ་སྤྱད། །ཅེས་པ་ནི། བྱ་བ་ལ་རབ་ཏུ་འཇུག་པའོ། །དེ་ཡང་ཇི་ལྟར་ཡིན་པ་གསུངས་པ། རྒྱ་མཚོའི་

འགྲམ་ནི་ཕྱག་རྒྱ་དང་ལྷན་ཅིག་པར་འཇུག་པ་ཡིན་པས་རྒྱ་མཚོ་སྟེ་འཁོར་ལོ་བཞི་ལ་འཇུག་པའོ། །དེ་རྣམས་ཀྱི་མཐའ་ནི་མཐའོ། །ཡང་ན་དེའི་མཐའ་ནི་དེའི་རང་བཞིན་སྤྲོ་བ་དང་བསྡུ་བའི་རང་བཞིན་ཉིད་ཡིན་པར་དགོངས་སོ། །དེ་ལ་གདན་དུ་བརྟག་པ་ནི། །རོ་ཡི་གཟུགས་ཅན་

དགུ་དང་ནི། །དེ་ལ་ཞེས་པ་ནི་དུར་ཁྲོད་ལ་སོགས་པར་རོ། །གདན་ཞེས་པ་ནི་གནས་སུ་བརྟག་པའོ། །དེ་བརྟག་པ་ནི་དེའི་མངོན་པར་ཞེན་པ་ཡོངས་སུ་སྤངས་པའོ། །ཅིར་འགྱུར་ཞེ་ན། དགུ་དང་ནི་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་པ་དབུས་སུ་བྱས་པའི་མཁའ་

འགྲོ་མ་བརྒྱད་པོ་དེ་དང་ལྷན་ཅིག་ཏུ་དགུའོ། །རོའི་གཟུགས་ཅན་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ཡང་ན་སྟག་གི་པགས་པ་དང་། །དུར་ཁྲོད་རས་ནི་དེ་བཞིན་ནོ། །དབུས་སུ་དགྱེས་པའི་རྡོ་རྗེའི་གཟུགས། །དེ་ནས་རྣལ་འབྱོར་མ་རྣམས་དགོད། །དགུ་མདོར་བསྟན་

པའི་རྒྱས་པར་བཤད་པའོ། །ཇི་ལྟར་སྔར་བཞིན་གནས་ཤེས་ནས། །ཕྱོགས་དང་ཕྱོགས་བྲལ་དག་ཏུ་ཡང་། །མཁའ་འགྲོ་མ་རྣམས་ནི་ཕྱོགས་དང་མཚམས་རྣམས་ཀྱི་དབྱེ་བས་གནས་ཤེས་པ་ཡིན་པའི་དོན་ཏོ། །ཇི་ལྟར་སྔར་བཞིན་ཤེས་པ་ནི་གཟོད་མ་ནས་མ་སྐྱེས་པའི་

རང་བཞིན་ཡིན་པའི་ཕྱིར་ཕྱོགས་དང་མཚམས་ཀྱི་ཁྱད་པར་བརྟག་པར་མི་བྱ་བའི་དོན་ཏོ། །དམ་ཚིག་མཱ་ལ་ཏཱིཾ་དྷ་ནཾ། །སྟག་གི་པགས་པའི་སྟེང་དུ་བཟའ། །དམ་ཚིག་ཅེས་པ་ནི་གོ་ཀུ་ད་ཧ་ན་ལ་སོགས་པ་རྣམས་སོ། །འབད་ནས་རྒྱལ་པོའི་སཱ་ལུ་ཡི། །བཟའ་བ་དེར་ནི་བཟའ་བ་

Vol. 5 · folio 219b

ཉིད། །རྒྱལ་པོའི་སཱ་ལུའི་སྒྲས་ནི་མིའི་སྒྲོན་མ་བཟའ་བ་དང་དམ་ཚིག་གཞན་བཟའ་བའོ། །དེར་ནི་ཟོས་ཤིང་ཟོས་ནས་ཀྱང་། །དེར་ནི་མ་མོ་མཆོད་བྱ་བ། །སཱ་ལུ་ལ་སོགས་པ་དེ་ཟོས་ནས་ནི་རྣལ་འབྱོར་པའོ། །དེར་ཟོས་ནས་ནི་དེར་མ་མོ་མཁའ་འགྲོ་མས་ཟོས་པའོ། །ཡང་ན་དེར་ནི་ཟོས་

ནས་ཟོས་ན་ཡང་མ་མོ་བཟའ་བར་བྱའོ། །སྲིང་མོའི་བུ་མོ་སྒྱུག་མོ་དང་། །གལ་ཏེ་མ་སྲིང་ཡིན་ན་ཡང་། །དེ་རྣམས་རྟག་ཏུ་ལེགས་མཆོད་ན། །ཚོགས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར། །དེ་རྣམས་མཆོད་ཅེས་པ་ནི་སྙོམས་པར་ཞུགས་པས་སོ། །རྟག་ཏུ་ཞེས་པ་ནི་རྟག་ཏུའོ། །

ཚོགས་ཀྱི་དཀྱིལ་འཁོར་ཞེས་པ་ནི་རྣམ་པ་ཐམས་ཅད་ཀྱིས་སོ། །སྐྱེས་པའི་ཐོད་ཆེན་ཆ་གཅིག་པར། །ཆང་ནི་བཟང་པོས་ཡོངས་བཀང་སྟེ། །བླ་མ་ལ་དབུལ་སྐལ་ཆེན་མས། །ཕྱག་འཚལ་ནས་ནི་རང་ཡང་བཏུང་། །པདྨའི་ལག་པས་བླང་བ་དང་། །དེ་ཉིད་ཀྱིས་ནི་ལག་པས་

དབུལ། །ཡང་ནས་ཡང་དུ་རབ་ལྡུད་པ། །དེར་ནི་སྒྲུབ་པ་པོ་ཡིས་བྱ། །ཆ་གཅིག་པ་ཞེས་པ་ནི་གཉིས་སུ་མེད་པའི་ཚུལ་ལོ། །སྐྱེས་པའི་ཐོད་ཆེན་ཞེས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར། ཆང་ནི་བཟང་པོས་ཡོངས་བཀང་ནི་རྡོ་རྗེ་གསུམ་དབྱེར་

མེད་པའི་རང་བཞིན་ནོ། །དེ་བླ་མ་ལ་དབུལ་བ་ནི་དེ་ཉིད་ལ་དགོད་པ་ཡིན་པའི་དོན་ཏོ། །རྟག་ཏུ་བླ་མ་ལ་ཕྱག་འཚལ་བ་ཉིད་ཀྱིས་གང་དེ་རང་ཡང་བཏུང་བ་ནི་དེ་ཉིད་རང་རིག་པ་ཡིན་པའི་དོན་ཏོ། །པདྨའི་ལག་པས་བླང་བ་དང་། །ཞེས་པ་ནི། ཡེ་ཤེས་ལྔ་པོ་གཉིས་དབྱེར་མེད་པ་ཉིད་

ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱི་ཡེ་ཤེས་ཡིན་པའི་དོན་ཏོ། །དེ་ཉིད་ཀྱི་ལག་པས་དབུལ་ཞེས་པ་ནི་ཡེ་ཤེས་ལྔ་པོ་གཉིས་དབྱེར་མེད་པ་ཉིད་དོན་དམ་པའི་བདེན་པའི་བདག་ཉིད་ཀྱི་ཡེ་ཤེས་ཡིན་པའི་དོན་ཏོ། །ཡང་ནས་ཡང་དུ་རབ་ལྡུད་པ། །དེར་ནི་སྒྲུབ་པ་པོ་ཡིས་བྱ། །ཞེས་པ་ནི།

གུས་པ་དང་བཅས་པས་རྟག་ཏུ་དུས་རིང་པོར་གོམས་པར་བྱས་པ་དེ་ཉིད་ཀྱི་སྒྲུབ་པ་པོ་རྣམས་ཀྱིས་ཡིན་ནོ། །བཟའ་བའི་རིམ་པར་ཕྱེ་བ་སྟེ་བདུན་པའོ།། །།གླེགས་བམ་གྱི་ཆོ་ག་བསྟན་པས་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ཡང་གོས་འགེབས་པའོ། །

Vol. 5 · folio 220a

དེ་ལེན་ཅིང་འཛིན་པར་བྱེད་པས་ནི་རིམ་པར་ཕྱེ་བའོ། །དེ་ཉིད་ཀྱི་ཕྱིར་བཟའ་བ་ནི་ཡི་གེར་བརྗོད་པའོ། །རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས། དགྱེས་པའི་རྡོ་རྗེའི་བཟའ་བའི་རིམ་པར་ཕྱེ་བ་ལེའུ་བདུན་པའོ།། །།ད་ནི་བྲིས་སྐུ་དང་

གླེགས་བམ་གྱི་ཆོ་གས་སྐུ་གཉིས་ཀྱི་རང་བཞིན་བདེན་པ་གཉིས་བསྟན་ནས། བདེན་པ་གཉི་གའི་བདག་ཉིད་ཆོས་ཀྱི་སྐུ་བསྟན་པར་བྱ་བའི་ཕྱིར་རྣལ་འབྱོར་མས་ཞུས་པའི་སྒོ་ནས་འཇུག་པ། དེ་ནས་རྣལ་འབྱོར་མས་ཞུས་པ། །ཕྱག་རྒྱ་ཆེན་པོ་ཇི་ལྟ་བུ། །ཀུན་རྫོབ་རྣམ་པའི་

གཟུགས་ཀྱིས་ནི། །བདེ་བ་སྦྱིན་པ་བཤད་དུ་གསོལ། །ཕྱག་རྒྱ་ཆེན་པོ་ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་ཇི་ལྟ་བུ་ཡིན་པར་བདེ་བ་སྟེར་བས་བདག་ལ་བཤད་དུ་གསོལ་བའོ། །རྣལ་འབྱོར་མ་ནི་བདག་མེད་མ་ལ་སོགས་པས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། ཤིན་ཏུ་རིང་མིན་ཐུང་བ་མིན། །གནག་པ་མ་ཡིན་དཀར་བ་མིན། །པདྨའི་འདབ་མའི་རྣམ་པ་འདྲ། །དེ་ཡི་དབུགས་ནི་དྲི་ཞིམ་ལྡང་། །པདྨའི་འདབ་མའི་རྣམ་པ་འདྲ་ནི་མཆོག་ཏུ་འདོད་པ་གང་སྒྲོལ་མའི་རང་བཞིན་ཏེ་བཞི་པའི་རྣལ་འབྱོར་མ་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་

དེའི་དབུགས་ནི་ནཱ་ད་ཕྲེང་གཉིས་དང་དབྱེར་མེད་པའོ། །དྲི་ཞིམ་ལྡང་ནི་མཛེས་པའི་ཡེ་ཤེས་དང་ལྡན་པའི་ཡེ་ཤེས་གཉི་ག་དབྱེར་མེད་པ་ཉིད་ཡིན་པར་དགོངས་སོ། །རྔུལ་ཡང་དྲི་ཞིམ་ལྡན་གྱུར་ཏེ། །རི་དགས་ལྟེ་བའི་དྲི་དང་མཚུངས། །དེ་རྣམས་ཀྱི་རྔུལ་ནི་གླ་རྩིའི་དྲི་དང་མཚུངས་

སོ། །འདིས་ནི་རིན་ཆེན་གཙོ་རྣམ་པར་དག་པ་འདི་རྣམས་བསྟན་ཏོ། །པདྨ་ལ་ཡང་ཨུཏྤལ་དྲི། །སྐད་ཅིག་པདྨ་ལྟ་བུར་འབྱུང་། །པདྨ་ཞེས་པ་ནི་ཆོས་འབྱུང་ངོ་། །དེ་ཡང་ཨུཏྤལ་ནི་ཨུཏྤལ་དང་འདྲ་བ་སྟེ། ཤིན་ཏུ་གཞོན་པ་ཡིན་པར་བསྟན་ཏོ། །དྲི་ཞེས་པ་ནི་པདྨ་དེ་ཉིད་ཀྱི་དྲི་ཡང་

པདྨ་དང་འདྲ་བར་པདྨའི་དྲིའོ། །དེ་འབྱུང་བ་ནི་ཤེས་པ་ལས་སོ། །ཇི་ལྟར་ཞེ་ན། སྐད་ཅིག་གི་ཡེ་ཤེས་ལས་ཏེ་མཉམ་པར་སྦྱོར་བའི་སྐད་ཅིག་ལས་ཡིན་པའི་དོན་ཏོ། །འདིས་ནི་འདི་རྣམས་འོད་དཔག་ཏུ་མེད་པའི་རྣམ་པར་དག་པ་བསྟན་ཏོ། །དེ་ཡི་ག་བུར་སི་ཧླ་དག །མཁས་པས་

Vol. 5 · folio 220b

དྲི་བཟང་མཚོན་པར་བྱ། །ཨུཏྤལ་ཡི་དྲིར་འགྱུར་ཞིང་། །ཨ་ག་རུ་ནི་ནག་པོ་མཚུངས། །ཨུཏྤལའི་དྲི་དང་ག་བུར་དང་སི་ཧླ་དང་ཨ་ག་རུ་ནག་པོ་དང་མཚུངས་པའོ། །ཤིན་ཏུ་རིང་མིན་ཐུང་བ་མིན། །གནག་པ་མ་ཡིན་དཀར་བ་མིན། །ཞེས་པ་འདིས་ནི་ཀུན་དུ་སྣང་བའི་མཚན་ཉིད་སྤྲུལ་པའི་

སྐུ་བསྟན་ཏོ། །པདྨའི་འདབ་མའི་རྣམ་པ་འདྲ། །དེ་ཡི་དབུགས་ནི་དྲི་ཞིམ་ལྡང་། །ཞེས་པ་འདིས་ནི་མངོན་པར་བརྗོད་པའི་མཚན་ཉིད་ལོངས་སྤྱོད་རྫོགས་པའི་སྐུའོ། །རྡུལ་ཡང་དྲི་ཞིམ་ལྡན་འགྱུར་ཏེ། །རི་དགས་ལྟེ་བའི་དྲི་དང་མཚུངས། །ཞེས་པ་འདི་ནི་རིག་པའི་མཚན་ཉིད་ཀྱི་

རང་བཞིན་ཆོས་ཀྱི་སྐུ་བསྟན་ཏོ། །པདྨ་ལ་ཡང་ཨུཏྤལ་དྲི། །སྐད་ཅིག་པདྨ་ལྟ་བུར་འབྱུང་། །ཞེས་པ་འདིས་ནི་ངོ་བོ་ཉིད་ཀྱི་སྐུ་རྡོ་རྗེ་གསུམ་དབྱེར་མེད་པའི་རང་བཞིན་གྱི་བཞི་པ་བསྟན་ཏོ། །དེ་ཡི་ག་བུར་སི་ཧླ་དག །མཁས་པས་དྲི་བཟང་མཚོན་པར་བྱ། །སྐུ་བཞི་པོ་འདི་ཉིད་

དགའ་བ་བཞིའི་རང་བཞིན་ཁ་སྦྱར་བ་ཉིད་ཡིན་ནོ། །ག་བུར་དང་སི་ཧླ་དག་ནི་རྡོ་རྗེ་འཛིན་པ་དང་བདག་མེད་མ་དག་གོ། །དྲི་བཟང་ནི་མཛེས་པའི་ཡེ་ཤེས་སོ། །མཚོན་པར་བྱ་ནི་ཤེས་པའོ། །མཁས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཡིན་པའི་དོན་ཏོ། །དལ་ཞིང་མི་གཡོ་མ་

ཉིད་དང་། །སྙན་པར་སྨྲ་ཞིང་ཡིད་འོང་མ། །སྐྲ་བཟང་དབུས་སུ་གཉེར་མ་གསུམ། །ཕལ་པས་པདྨ་ཅན་དུ་བརྗོད། །དལ་བ་ཞེས་པ་ནི་མཁས་པའོ། །མི་གཡོ་མ་ཞེས་པ་ནི་ཁྱོ་ག་གཞན་ལ་མི་འགྲོ་བའོ། །སྙན་པར་སྨྲ་བ་ཞེས་པ་ནི་བརྩེ་བ་མེད་པའི་ཚིག་ཁྲོས་ཀྱང་མི་སྨྲ་བའོ། །ཡིད་འོང་

མ་ཞེས་པ་ནི་ཡིད་བདེ་བ་ལ་སོགས་པའོ། །སྐྲ་བཟང་ཤེས་པ་ནི་འཇམ་ཞིང་མཉེན་པ་དྲི་ཞིམ་པོ་དང་མཚུངས་པར་དབུས་སུ་འོང་བའི་སྐྲ་དང་ལྡན་པའོ། །དབུས་སུ་གཉེར་མ་གསུམ་ནི་ལང་ཚོ་གཞོན་ནུ་མ་དང་ལྡན་པའོ། །དེ་ཉིད་ཕལ་པས་ནི་སེམས་ཅན་གྱིས་ཏེ་འདོད་པའི་ཆགས་པ་

དབང་དུ་བྱེད་པ་རྣམས་ཀྱིས་སོ། །པདྨ་ཅན་ནི་མཆོག་གི་གཙོ་མོ་ཡིན་པར་བསྟན་ཏོ། །ཡང་ན་སྔར་བསྟན་པའི་ག་པུར་དང་སི་ཧླ་དག་གི་དྲི་ཞིམ་པོ་དེས་ཁ་སྦྱར་བས་སོ། །དལ་ཞིང་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་མི་

Vol. 5 · folio 221a

གཡོ་མ་ནི་གཡོ་བ་མེད་པའི་རང་བཞིན་སྤྲུལ་པའི་སྐུ་དང་ལྡན་པའོ། །སྙན་པར་སྨྲ་ཞིང་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནོ། །ཡིད་འོང་མ་ཞེས་པ་ནི་ཆོས་ཀྱི་སྐུའི་རང་བཞིན་བདག་ཉིད་དོ། །སྐྲ་བཟང་ནི་སྐུ་གསུམ་དབྱེར་མེད་པའི་སྐུའི་རང་བཞིན་ནོ། །དེ་ཉིད་

ཀྱི་ཕྱིར་དབུས་སུ་གཉེར་མ་གསུམ་ཞེས་པ་ནི་སྐུ་ཐམས་ཅད་ཀྱི་རང་བཞིན་དབྱེར་མེད་པའོ། །དེ་ཕལ་པས་ནི་དེ་ཁོ་ན་ཉིད་དང་ལྡན་པས་སོ། །པདྨ་ཅན་ཞེས་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཅན་ནོ། །བརྗོད་ནི་ངེས་པའོ། །ལྷན་ཅིག་སྐྱེས་པའི་གཟུགས་ཅན་

མ། །དེ་རྙེད་ནས་ནི་དངོས་གྲུབ་འགྱུར། །ཞེས་པ་ལ་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །དེ་ནི་པདྨ་ཅན་ནོ། །རྙེད་ནས་ནི་ཤེས་ནས་སོ། །འདི་ཇི་ལྟར་ཡིན་ཞེ་ན་གང་གི་ཕྱིར་དེ་ལྷན་ཅིག་སྐྱེས་པའི་གཟུགས་ཅན་མའོ། །ཡང་ན་དངོས་གྲུབ་ཇི་ལྟ་བུ་ཞེ་ན། ལྷན་

ཅིག་སྐྱེས་པའི་ཡེ་ཤེས་ཉིད་དངོས་གྲུབ་ཡིན་པའི་དོན་ཏོ། །དེ་ནས་རྣལ་འབྱོར་མ་བདག་མེད་མས་གསོལ་བ། བཅོམ་ལྡན་འདས། ཇི་ལྟར་སྨོན་ལམ་གདབ་པར་བགྱི། །འདིའི་དོན་ནི་འདི་ཡིན་ཏེ་འདི་འདྲ་བའི་ཕྱག་རྒྱ་ཆེན་པོ་ཀུན་རྫོབ་ཀྱི་རྣམ་པའི་གཟུགས་ཅན་མ་དེ་ཡང་ཐུན་མོང་

མ་ཡིན་པ་འདི་ལྟ་བུའི་མཚན་ཉིད་རྣམས་ཀྱང་སྨོན་ལམ་གྱི་སྟོབས་ལས་ཡང་དག་པར་འབྱུང་བ་དེར་སྨོན་ལམ་ཇི་ལྟ་བུ་བཏབ་པས་འདི་ལྟ་བུའི་ཕྱག་རྒྱ་ཆེན་པོའི་རང་བཞིན་ཡིན་པར་དགོངས་ཞེས་དེ་ཉིད་ལ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་

སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཀྱེ་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་བ་སྐྱེ་བར་འགྱུར་བར་ཤོག །རིགས་ཞེས་

པ་ནི་མཆོག་དེ་བཞིན་གཤེགས་པ་ལ་སོགས་པའོ། །སྐྱེ་བ་ནི་སྐྱེ་བའོ། །སྨྱོ་མེད་ཅེས་པ་ནི་བག་ཡོད་པའོ། །རིགས་སུ་སྐྱེ་བ་ནི་ཐམས་ཅད་ཡོངས་སུ་སྤངས་པའོ། །དམ་ཚིག་ཅན་ཞེས་པ་ནི་བཟའ་བར་བྱ་བ་དང་བཏུང་བར་བྱ་བ་དང་ཡང་དག་པར་ལྡན་པའོ། །ཀྱེའི་རྡོ་རྗེ་

Vol. 5 · folio 221b

སྟོན་ཞེས་པ་ནི་བདེན་པ་གཉིས་ཀྱི་ཚུལ་ལ་གནས་པའོ། །དེ་ཉིད་ཀྱི་ཕྱིར། བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་པ་ནི། སྲིད་པ་གཞན་དང་གཞན་དུའོ། །ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཞེས་པ་ནི། འདི་ནི་ཉེ་བར་མཚོན་པ་ཙམ་སྟེ། དེ་ཁོ་ན་ཉིད་

ཤེས་པར་གྱུར་ཅིག་པའོ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །ཞེས་པ་ནི། ཐེག་པ་ཆེན་པོ་གསང་སྔགས་སྟོན་པ་ལ་མངོན་པར་དགའ་བའོ། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །ཞེས་པ་ནི། རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པའི་ལུས་ཡིན་པའི་དོན་ཏོ། །ལག་པས་རྡོ་རྗེ་

དྲིལ་བུ་འཁྲོལ་བ་ཉིད་ཀྱི་རིགས་སུ་སྐྱེ་བ་དང་དམ་ཚིག་ཅན་ནོ། །ཟབ་མོའི་ཆོས་ནི་འདོན་པ་དང་ཉིད་ཀྱིས་ནི་སྨྱོ་མེད་ཀྱེའོ་རྡོ་རྗེ་སྟོན་ཏོ། །བཙུན་མོའི་ཁུ་བ་མཉམ་ཟས་ཅན་ཉིད་ཀྱིས་ནི། བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་པ་སྨོན་ལམ་གདབ་པའོ། །

དེའི་སྟོབས་ལ་སོགས་པ་འདི་འདྲ་བ་དེ་ཕྱག་རྒྱ་ཆེན་པོ་ཞེས་བརྗོད་དོ། །དེ་ནས་ལྷ་མོ་དེ་དགྱེས་ནས། །ཚིག་ནི་འདི་ཉིད་ཡང་ཞུས་པ། །སྐལ་མེད་སེམས་ཅན་གདུལ་དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །གདུལ་དཀའ་ཞེས་པ་ནི་མི་དགེ་བ་ལ་མངོན་པར་དགའ་

བའོ། །སྐལ་མེད་ཅེས་པ་ནི་དེ་ཉིད་ཀྱི་ཕྱིར་སྐལ་བ་མེད་པའོ། །འདུལ་བ་ནི་བསླབ་པའི་སྡོམ་པ་ལ་གནས་པའོ། །གང་གིས་ཇི་ལྟར་ཞེ་ན། འགྱུར་བ་ལགས་ནི་འཐོབ་པར་འགྱུར་བའོ། །ནིའི་སྒྲ་ནི་རྣམ་པར་རྟོག་པ་སྟེ། གང་གི་ཕྱིར་སྨོན་ལམ་གྱི་སྟོབས་ཀྱིས་ཕྱག་རྒྱ་ཆེན་པོའི་

རང་བཞིན་ཉིད་དེ་སྨོན་ལམ་ཡང་འདུལ་བ་འཛིན་པ་སྔོན་དུ་འགྲོ་བས་སོ། །གདུལ་དཀའ་བ་སྐལ་བ་མེད་པ་རྣམས་ཀྱི་གདུལ་བྱ་ཉིད་ནི་སྣོད་མ་ཡིན་ན་དེ་རྣམས་ཀྱི་ཡང་མངོན་པར་འདོད་པའི་དངོས་གྲུབ་ཉིད་དེ་ཇི་ལྟར་ཡིན་ཞེས་རྟོག་ཅིང་ཞུས་པའི་ལན་གདབ་པ་འདིའོ། །དེ་

ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་

Vol. 5 · folio 222a

ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བརྩམ། །དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །ཞེས་པ་ནི་སྲོག་གཅོད་པ་ལ་སོགས་པ་སྤོང་བ་དང་། མྱོས་པར་འགྱུར་བའི་བཏུང་བ་དང་། དྲི་དང་ཕྲེང་བ་དང་སྤོས་དང་བྱུག་པ་ལ་སོགས་པ་སྤང་བ་སྟེ་

གསོ་སྦྱོང་དང་བསླབ་པའི་གནས་བཅུའོ། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །ཞེས་པ་ནི། ཉན་ཐོས་དང་སངས་རྒྱས་ཀྱི་ཚུལ་ཏེ། ཉན་ཐོས་ནི་ཉོན་མོངས་པའི་སྒྲིབ་པ་སྤང་བའི་ཚུལ་རྟོགས་པའོ། །རང་རྒྱལ་རྣམས་ཀྱི་ནི་ཤེས་བྱའི་སྒྲིབ་པ་ཕྱོགས་གཅིག་སྤང་བའི་ཚུལ་ལོ། །མདོ་སྡེ་པ་

ཞེས་པ་ནི་མདོ་སྡེ་ཀློག་པའོ། །རྣལ་འབྱོར་སྤྱོད་པ་ཞེས་པ་ནི་རྣམ་པར་ཤེས་པ་ཙམ་བདེན་པ་ཡིན་པ་རྣལ་འབྱོར་སྤྱོད་པའི་བཞེད་པའོ། །དབུ་མ་ཞེས་པ་ནི་ཀུན་རྫོབ་ཐམས་ཅད་མཐའ་བཞི་ལས་རྣམ་པར་གྲོལ་བ་ནི་དབུ་མ་པར་འདོད་དོ། །རྒྱུད་ཀུན་གྱི་ནི་ཚུལ་ཤེས་ནས། །དེ་རྗེས་

ཀྱེ་ཡི་རྡོ་རྗེ་བརྩམ། །འདིས་ནི་གསོ་སྦྱོང་བ་ལ་སོགས་པ་བྱིན་ཏེ། རྒྱུད་ཐམས་ཅད་ཀྱི་ལུགས་ཤེས་ནས་དགྱེས་པའི་རྡོ་རྗེ་བརྩམ་པར་བྱའོ། །ཡང་ན་རྒྱུད་ཀུན་གྱི་ཚུལ་གྱི་སྒྲས་ནི་མ་ལུས་པར་བྱེ་བྲག་ཏུ་བཤད་པ་ཡོངས་སུ་ཤེས་པར་རིག་ནས་སོ། །དགྱེས་རྡོ་རྗེ་ཞེས་པ་ནི་བདེན་

པ་གཉི་གའི་བདག་ཉིད་རྣམ་པ་ཐམས་ཅད་མཁྱེན་པའི་མངོན་པར་བྱང་ཆུབ་པའི་མཚན་ཉིད་དོ། །བརྩམ་ནི་ཐོབ་པར་གྱུར་པའི་དོན་ཏོ། །སློབ་མས་གུས་པར་བླངས་ནས་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །བྱ་བ་འདི་ཐམས་ཅད་སློབ་མས་གལ་ཏེ་གུས་པས་ལེན་པར་

བྱེད་ན་དེའི་ཚེ་འདིར་ཐེ་ཚོམ་མེད་པར་འགྲུབ་པར་འགྱུར་བ་ཉིད་དུ་དགོངས་སོ། །གདུལ་བྱའི་ལེའུ་བརྒྱད་པ་སྟེ་གདུལ་བྱ་ཉིད་གཙོ་བོར་རིམ་པར་ཕྱེ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བར་བསྟན་ཏོ། །རིམ་པར་ཕྱེ་བ་བརྒྱད་པའོ།། །།རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་

འགྲེལ་པ་ལས་གདུལ་བའི་རིམ་པར་ཕྱེ་བ་ཞེས་བྱ་བ་ལེའུ་བརྒྱད་པའོ།། །།དེ་ནས་ཁ་སྦྱོར་འབྱེད་པ་ཡི། །མཚན་ཉིད་ཡང་དག་རབ་ཏུ་བཤད། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོས་དངོས་གྲུབ་ཐོབ་འགྱུར་བ། །སྐལ་པ་མེད་པ་དང་གདུལ་བའི་སེམས་

Vol. 5 · folio 222b

ཅན་རྣམས་ལ་གསོ་སྦྱོང་ལ་སོགས་པ་བྱིན་ནས་གདུལ་བར་བྱ་བར་བསྟན་པ་དང་། ཚར་བཅད་པས་ཀྱང་གདུལ་བར་བྱ་བ་ཡིན་པས་ཁ་སྦྱོར་འབྱེད་པའི་མཚན་ཉིད་གསུངས་པའོ། །ཡང་ན་རས་རིས་དང་གླེགས་བམ་གྱི་ཆོ་ག་སྦྱོར་བས་ཕྱག་རྒྱ་ཆེན་པོ་བསྟན་པས་མི་ཕྱེད་པའི་མཚན་

ཉིད་ཀྱི་ཕྱིར་དེ་འབྱེད་པའི་མཚན་ཉིད་སྤྲོ་བ་དང་བསྡུ་བའི་རང་བཞིན་དེའི་མཚན་ཉིད་ཇི་ལྟར་ཡིན་པ་གསུངས་པ། དེ་ནས་ཁ་སྦྱོར་འབྱེད་པ་ཡི། །མཚན་ཉིད་ཡང་དག་རབ་ཏུ་བཤད། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོས་དངོས་གྲུབ་ཐོབ་འགྱུར་བ། །གང་གིས་ཁ་

སྦྱོར་འབྱེད་པའི་མཚན་ཉིད་རྣམ་པར་ཤེས་པ་ཙམ་གྱིས་སྒྲུབ་པོས་དངོས་གྲུབ་ཐོབ་པར་འགྱུར་བ་ཡིན་ནོ། །ཡང་ན་སྒྲུབ་པ་པོས་ཁ་སྦྱོར་འབྱེད་པའི་མཚན་ཉིད་ཤེས་ན་ཁ་སྦྱོར་འབྱེད་པའི་དངོས་གྲུབ་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ནས་ཚར་བཅད་པས་ཀྱང་གདུལ་དཀའ་བའི་

སེམས་འདུལ་བ་ཡིན་ནོ། །བསྒྲུབ་བྱའི་ལྟེ་བའི་རྩ་བ་ལ། །བརྟུལ་ཞུགས་ཅན་གྱིས་ལག་པས་གདོན། །ཧེ་རུ་ཀ་མཉམ་རྣལ་འབྱོར་གྱིས། །གང་གི་མ་རུངས་སེམས་ཀྱིས་ནི། །བསྒྲུབ་བྱའི་ཞེས་པ་ནི་རྗེས་སུ་གཟུང་བ་དང་ཚར་བཅད་པའི་ལྟེ་བའི་རྩ་བའོ། །ལག་པས་ནི་

ལག་པས་སོ། །གདོན་པ་ནི་གདོན་པའོ། །བརྟུལ་ཞུགས་ཅན་ཞེས་པ་ནི་བྱ་བ་ངེས་པའོ། །ཧེ་རུ་ཀ་མཉམ་རྣལ་འབྱོར་གྱིས། །ཞེས་པ་ནི། རང་ཉིད་ཧེ་རུ་ཀའི་སྐུར་གྱུར་པས་སོ། །གང་གིས་མ་རུངས་སེམས་ཀྱིས་ནི། །ཞེས་པ་ནི། ཁྲོ་བའི་ང་རྒྱལ་གྱི་ཡིད་ཅན་གྱི་གཟུགས་ཀྱིས་

ཡིན་པའི་དོན་ཏོ། །ཡང་ན། བསྒྲུབ་བྱའི་ལྟེ་བའི་རྩ་བར་ཡང་། །ཞེས་པ་ནི། ཚིག་དེའི་དོན་འདི་ཡིན་ཏེ། བསྒྲུབ་བྱའི་ལྟེ་བའི་རྩ་བར་བརྟུལ་ཞུགས་ཅན་གྱི་ལག་པས་ཁ་སྦྱོར་དབྱེ་བར་བྱའོ། །ཧེ་རུ་ཀ་མཉམ་རྣལ་འབྱོར་གྱིས། །ཞེས་པ་ནི། བདག་ཉིད་ཀྱང་ཧེ་རུ་ཀའི་གཟུགས་ལ་དེ་

བཞིན་དུ་བསྒྲུབ་བྱ་ཡང་ཧེ་རུ་ཀའི་གཟུགས་ཅན་ཏེ་མི་བསྐྱོད་པའི་སྐུར་དེའི་ཤེས་པ་འཕོ་བའོ། །དེ་ནས་གདུལ་དཀའ་བ་ཡང་འདུལ་བར་འགྱུར་རོ། །ཡང་ན་བསྒྲུབ་བྱ་ནི་རྡོ་རྗེ་འཛིན་པའོ། །གདོན་པ་ནི་སྤྲོ་བའོ། །རྡོ་རྗེ་འཛིན་པ་སྤྲོ་བའི་ཚུལ་གྱིས་རྣམ་པར་གཞག་པའོ། །གང་ལ་

Vol. 5 · folio 223a

ཡོད་ན་ལྟེ་བའི་རྩ་བར་ཏེ། ལྟེ་བ་ཉིད་རྩ་བ་ལ་བྱང་ཆུབ་ཀྱི་སེམས་ཉིད་རྩ་བའོ། །དེ་ལ་ཡོད་པ་ལ་བརྟུལ་ཞུགས་ཅན་ནི་ཁ་སྦྱོར་དུ་གཞུག་པའོ། །ལག་པ་ཞེས་ནི་ཡེ་ཤེས་ལྔ་པོ་ཉིད་ཀྱིས་སོ། །ཅིས་ཁྱད་འཕགས་ཤེ་ན། ཧེ་རུ་ཀ་མཉམ་རྣལ་འབྱོར་གྱིས་ནི་གཉི་

གའི་ཡེ་ཤེས་ལྔ་ཧེ་རུ་ཀའི་སྐུར་བསྐྱེད་པའོ། །དེ་ཉིད་ཀྱི་ཕྱིར། གང་གི་མ་རུངས་སེམས་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར། འདི་ནི་བསྒོམས་པ་ཙམ་གྱིས་ནི། །སངས་རྒྱས་ཀྱང་ནི་ངེས་པར་འཇིག །སྙོམས་པར་ཞུགས་པའི་ཁ་སྦྱོར་གྱིས་སོ། །སངས་རྒྱས་ཀྱང་ཞེས་པ་ནི་རྣམ་པར་

རེག་པ་ཙམ་མོ། །འཇིག་ནི་ཡང་དག་པའི་ལྟ་བའི་ལམ་དུ་མི་འགྲོ་བའོ། །བླ་མ་ཐུབ་པ་ལ་ཞུས་ནས། །སྙིང་རྗེས་གསད་པར་བྱ་བ་ཉིད། །བསྟན་ལ་གནོད་པ་བྱེད་པ་དང་། །དེ་བཞིན་བླ་མ་སངས་རྒྱས་འཇིག །ཇི་ལྟར་བསྒྲུབ་བྱའི་གཟུགས་མཐོང་ནས། །ཁྲག་ནི་སྐྱུགས་

པ་ཉིད་དང་ཡང་། །འདར་ཞིང་མགོ་སྐྱེས་གྲོལ་བ་དང་། །ཁ་ནི་འོག་ཏུ་རྣམ་པར་བསྒོམ། །དེ་ཡི་ལམ་དུ་ཁབ་ནི་མེའི། །གཟུགས་ཅན་འཇུག་པར་བསམ་པ་སྟེ། །སྙིང་གར་བྱིན་ཟའི་ས་བོན་ཉིད། །དམིགས་ནས་སྐད་ཅིག་གསོད་པར་བྱེད། །སྙིང་རྗེས་གསོད་པར་བྱེད་པ་

ཉིད་སེམས་ཅན་ལ་ཕན་པ་ཉིད་ཀྱི་ཕྱིར་སེམས་ཅན་གསོད་པའི་གནོད་པ་བྱེད་པའི་ཉེས་པ་མེད་པ་ཡིན་པའི་དོན་ཏོ། །བླ་མ་ཐུབ་པ་ལ་ཞུས་ནས། །ཞེས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ངོ་། །དམྱལ་བར་ལྟུང་བའི་སེམས་ཅན་འདི་གདོན་པ་ཡིན་པར་

གསུངས་པ། བསྟན་ལ་གནོད་པ་བྱེད་པ་དང་། །ཞེས་པ་ནི། དེ་བཞིན་གཤེགས་པའི་བཀའ་ལས་གཞན་དུ་འདས་པའོ། །དེ་ཉིད་ཀྱི་ཕྱིར་བླ་མ་སངས་རྒྱས་པའོ། །གང་དེ་ལྟ་བུར་གྱུར་པ་དེ་བལྟས་ནས། །སྙིང་རྗེས། ཧེ་རུ་ཀ་མཉམ་རྣལ་འབྱོར་གྱིས། །ཞེས་པ་ནི་མི་བསྐྱོད་

པའི་རིགས་སུ་རྣམ་པར་ཤེས་པ་དེ་འཕོ་བར་བྱ་བའི་ཕྱིར་གསོད་པ་གཟུགས་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱ་སྟེ་གང་དང་འདྲ་བ་དེའི་གཟུགས་དེ་བཞིན་དུ་བསྒོམ་པར་བྱའོ། །ཁ་ནི་འོག་ཏུ་ཞེས་པ་ནི་ཁྲག་ཏུ་སྐྱུག་ཅིང་འདར་ལ་མགོ་སྐྱེས་གྲོལ་བའོ། །དེའི་ཞེས་པ་ནི་དེ་ལྟ་

Vol. 5 · folio 223b

བུར་གྱུར་པའོ། །ལམ་ཞེས་པ་ནི་སྙིང་གའི་མེའི་གཟུགས་ཅན་གྱི་ཁབ་རྡོ་རྗེའི་ལམ་ནས་ཞུགས་པར་བལྟའོ། །འདི་ཉིད་ཇི་ལྟར་ཡིན་པ་གསུངས་པ། སྙིང་ག་ནི་བསྒྲུབ་བྱའི་སྙིང་གར་རོ། །བྱིན་ཟ་ནི་མེའོ། །ས་བོན་ཞེས་པ་ནི་ཡི་གེ་རཾ་ཁ་དོག་དམར་པོ་དེ་བལྟས་པ་དེ་ཉིད་ཁབ་ཏུ་

བསམ་པ་ཡིན་པར་འབྲེལ་ཏོ། །དེས་སྐད་ཅིག་གསོད་པར་བྱེད་ཅེས་པའོ། །ཡང་ན། སྙིང་རྗེས་གསད་པར་བྱ་བ་ཉིད། །ཅེས་པ་ནི། རྣམ་པར་རིག་པའི་ཀུན་དུ་རྟོག་པ་སྤངས་པའི་ཀུན་རྫོབ་ཀྱི་བདེན་པ་ཉིད་ཤིན་ཏུ་རྣམ་པར་དག་པའི་སྲིད་པར་དེས་བྱེད་དེ་འགྲོ་བའི་དོན་བྱ་བ་

ལ་རབ་ཏུ་འཇུག་པ་ཡིན་ནོ། །འདི་ཉིད་ཇི་ལྟར་ཡིན་ཞེ་ན། རྣམ་པར་ཤེས་པའི་ཀུན་དུ་རྟོག་པ་ཡོངས་སུ་སྤངས་པའི་ཡེ་ཤེས་ཉིད་ཡིན་ནོ། །སྙིང་གར་བྱིན་ཟའི་ས་བོན་ཉིད། །དམིགས་ནས་ནི་ཞུ་ནས་སོ། །སྐད་ཅིག་དེ་ལ་གསོད་པར་བྱེད་པ་ནི་སྐད་ཅིག་གི་ཡེ་ཤེས་ལས་སོ། །

འདིས་ནི། ལྟེ་བར་གཏུམ་མོ་སྦར་བ་ཡིས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་གདམས་ངག་བསྟན་ཏོ། །རིམ་པ་འདིས་ཁ་སྦྱོར་འབྱེད་པའི་མཚན་ཉིད་གཉིས་སུ་མེད་པའི་རང་བཞིན་ཉིད་ཀྱི་སྤྲོ་བ་དང་བསྡུ་བའི་རང་བཞིན་ནི་རྟོག་པ་ཐམས་ཅད་ཀྱི་རྣམ་པར་རྟོག་པ་

ཡོངས་སུ་སྤངས་པའི་བཅོམ་ལྡན་འདས་འདི་ཉིད་ནི་འདུས་བྱས་ཀྱི་ཁམས་སུ་མི་གནས་འདུས་མ་བྱས་ཀྱི་ཁམས་སུ་ཡང་མི་གནས་དེ་རྣམ་པར་ལྡང་བ་ཡང་མ་ཡིན་ཏེ་རྣམ་པ་ཐམས་ཅད་མངོན་པར་བྱང་ཆུབ་པའི་ཡང་དག་པར་སྦྱོར་བ་ཁ་སྦྱོར་འབྱེད་པའི་ཁ་སྦྱོར་དེ་གཉི་གའི་

མཚན་ཉིད་ཡིན་ནོ། །རྒྱུད་འདི་ལ་ནི་སྲེག་བླུགས་མེད། །ཕྱག་རྒྱ་བཅིང་དང་བྱ་བའང་མེད། །སྔགས་ཆེན་བཀླགས་པས་འགྲུབ་པ་ཉིད། །བསམ་གཏན་ཙམ་གྱིས་འགྲུབ་པར་འགྱུར། །དགྱེས་པའི་རྡོ་རྗེའི་རྒྱུད་འདི་སྦྱིན་སྲེག་བྱ་བ་མེད་དོ། །ཕྱག་རྒྱ་བཅིང་དང་བྱ་བ་ཡང་

མེད་དོ། །བཀླགས་པས་འགྲུབ་པ་ཉིད་ནི་སྔགས་བཟླས་པས་འགྲུབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། སྔགས་ཆེན་ནི་ཡང་དག་པར་བྱེ་བྲག་ཏུ་བཤད་པའི་ཡེ་ཤེས་སོ། །བསམ་གཏན་ཙམ་གྱིས་ནི་སེམས་བསྐྱེད་པ་འབའ་ཞིག་ཉིད་ལས་ལས་འགྲུབ་པར་འགྱུར་རོ། །རྟོག་མེད་

Vol. 5 · folio 224a

དངོས་གྲུབ་སྦྱིན་པ་པོ། །སྲིད་པ་སྦྱོང་བ་ཉམས་དགའ་བ། །གསང་བ་མཆོག་ནི་བཤད་བྱ་ཡིས། །ཉོན་ཅིག་ལྷ་མོ་བཞིན་བཟངས་མ། །གང་གི་ལྷ་མོ་རིན་ཆེན་ཆེ། །འབར་བའི་ཕྲེང་བས་འཁྲུགས་པའི་སྐུ། །མ་ཕུགས་པས་ནི་ནོར་མི་རུང་། །ཕུགས་པས་

དགའ་བ་སྐྱེད་པར་བྱེད། །དེ་ལྟར་འཁོར་བ་འདོད་པ་ཡི། །ཡོན་ཏན་ལྔ་ལྡན་རིན་ཆེན་ཉིད། །མ་དག་པས་ནི་དུག་ཏུ་འགྲོ། །དག་པས་བདུད་རྩི་ལྟ་བུར་འགྱུར། །འཁོར་བའི་རྣམ་པས་ཧེ་རུ་ཀ །འཁོར་བ་སྒྲོལ་བའི་གཙོ་བོ་ཉིད། །གང་གི་གཟུགས་ཀྱིས་འགྱུར་བ་ཉིད། །

དེ་ནི་ང་ཡིས་སྨྲ་ཡི་ཉོན། །འདིས་ཅི་བསྟན་ན་རེ་ཞིག་གཉེན་པོའི་ཕྱོགས་བསྒོམས་ན་ཉན་ཐོས་ལ་སོགས་པའི་མངོན་པར་བྱང་ཆུབ་པ་མངོན་དུ་བྱེད་དོ། །སླར་ཡང་དགྱེས་པ་རྡོ་རྗེའི་རྒྱུད་འདི་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཆེ་བའི་བདག་ཉིད་ཁ་སྦྱོར་འབྱེད་པས་

ཀྱང་མི་མཐུན་པའི་ཕྱོགས་བསྒོམས་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་མངོན་པར་བྱང་ཆུབ་པའི་ཡེ་ཤེས་ཐམས་ཅད་བྱེད་པར་བརྗོད་དོ། །དེ་ཉིད་གསལ་བར་བྱས་པ། །གསང་བ་མཆོག་ནི་བཤད་བྱ་ཡིས། །ཉོན་ཅིག་ལྷ་མོ་བཞིན་བཟངས་མ། །སྲིད་པ་ཞེས་པ་ནི་

འཁོར་བའོ། །སྦྱོང་བ་ཉམས་དགའ་བ་ཞེས་པ་ནི་ཐམས་ཅད་དུ་ཐོགས་པ་མེད་པའོ། །དེ་ཉིད་ཀྱི་ཕྱིར། རྟོག་མེད་དངོས་གྲུབ་སྦྱིན་པ་པོ། །ཞེས་པ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ལྷ་མོ་ནི་བདག་མེད་མའོ། །གང་གི་རིན་ཆེན་ཆེ་ནི་ཡང་དག་

པའི་ཡེ་ཤེས་དང་ཡང་དག་པའི་ལྟ་བའི་ཡུལ་ཡང་དག་པར་བསྐྱེད་པའོ། །ཅིས་ཁྱད་འཕགས་ཤེ་ན། འབར་བའི་ཕྲེང་བ་འཁྲུགས་པ་ནི་མི་ཀུན་གྱི་མིག་གི་སྤྱོད་ཡུལ་མ་ཡིན་པའོ། །དེ་ཅི་འགྱུར་བ་ཞེ་ན། སྐུ་སྟེ་སྐུ་གསུམ་གྱི་བདག་ཉིད་དོ། །རིན་ཆེན་ཆེན་པོ་དེ་ཉིད་ནོར་

མི་རུང་འགྱུར་ཞེས་པ་ནི་མི་རུང་བ་ནི་བདག་མེད་མའོ། །ནོར་རྡོ་རྗེ་འཛིན་པའོ། །དེ་ལྟ་བུར་གྱུར་པར་འགྱུར་རོ། །མ་ཕུགས་པས་ནི་བདག་མེད་མས་མ་ཟིན་ནའོ། །ཕུགས་ན་ནི་རྡོ་རྗེ་འཛིན་པ་དེ་དགའ་བ་བསྐྱེད་པར་བྱེད་པ་ཀུན་རྫོབ་ཀྱི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དོན་

Vol. 5 · folio 224b

རྟོགས་པའོ། །ཡང་ན་ནོར་མི་རུང་འགྱུར་ནི་དེ་ཉིད་རིན་ཆེན་ཆེན་པོ་མ་ནིང་ངོ་། །ཟུང་དུ་འཇུག་པ་ནི་སྐྱེས་བུ་ཐབས་འཁོར་བར་འགྱུར་རོ། །ཇི་ལྟར་ཞེ་ན་མ་ཕུགས་པས་ཏེ། བདེན་པ་གཉིས་དབྱེར་མེད་པའི་ཡེ་ཤེས་ཁོངས་སུ་ཆུད་པའི་ཕྱིར་རོ། །དགའ་བ་སྐྱེད་པར་བྱེད་པ་ནི་ཕུལ་

དུ་བྱུང་བའི་བདེ་བའི་ཡེ་ཤེས་ཀྱི་རྣམ་པར་རྟོག་པ་ཡང་དེ་ལ་མེད་པར་དགོངས་སོ། །ཀུན་རྫོབ་ཀྱི་བདེན་པ་ཙམ་གྱི་དཔེ་སླར་ཡང་བཤད་པ་ནི། གང་གི་ལྷ་མོ་རིན་ཆེན་ཆེ། །འབར་བའི་ཕྲེང་བ་འཁྲུགས་པའི་སྐུ། །རིན་ཆེན་དེ་ནི་ནོར་མི་རུང་དུ་འགྱུར་རོ་ནི་དགོས་པ་མེད་པར་

འགྱུར་རོ། །དེ། མ་ཕུགས་པས་ནི་སྦྱོར་བྲལ་འགྱུར། །ཡང་ཕུགས་པས་དགའ་བ་སྐྱེད་པར་བྱེད་དེ། སེམས་ཅན་རྣམས་ནི་བརྒྱན་པའི་ཕྱིར་དགའ་བར་འགྱུར་རོ། །དོན་གསུངས་པ། དེ་ལྟར་ནི་དེ་བཞིན་དུའོ། །འཁོར་བ་ནི་འཁོར་བའི་ཡེ་ཤེས་སོ། །རིན་ཆེན་ནི་དགའ་བ་རྒྱས་

པར་བྱེད་པས་ན་རིན་ཆེན་ནོ། །ཇི་ལྟར་ཞེ་ན། འདོད་པའི་ཡོན་ཏན་ལྔ་ལྡན་པས་སོ། །དེ་ཡང་འཁོར་བ་མ་དག་པས་དུག་ཏུ་འགྱུར་བར་འབྱུང་ངོ་། །དག་ན་བདུད་རྩི་དང་འདྲ་བར་བདུད་རྩི་བཞིན་དུ་འགྱུར་རོ། །ཡང་ན་འཁོར་བ་ནི་འཁོར་བའི་ཡེ་ཤེས་སོ། །རིན་ཆེན་ནི་ལྷན་ཅིག་

སྐྱེས་པའི་རང་བཞིན་ནོ། །འདོད་པའི་ཡོན་ཏན་ལྔ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་དང་ལྡན་པའོ། །འཁོར་བ་དེ་ཉིད་མ་དག་ན་དེ་བཞིན་ཉིད་མ་ཡིན་པར་རྟོག་པའི་བདག་ཉིད་དུ་བརྟག་གོ། །དེ་བཞིན་ཉིད་ཀྱི་རང་བཞིན་གྱིས་རྣམ་པར་དག་ན་བདུད་རྩི་ལྟ་བུར་བྱང་ཆུབ་

ཀྱི་སེམས་དང་ལྡན་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། འཁོར་བའི་རྣམ་པ་ནི་མ་ནིང་ངོ་། །ཧེ་རུ་ཀ་འགྲོ་བ་སྒྲོལ་བ་ནི་སྐུ་གསུམ་དང་ཡེ་ཤེས་ལྔའི་རང་བཞིན་ནོ། །གཙོ་བོ་ཞེས་པ་ནི་བདག་ཉིད་བྱེད་པར་གྱུར་པ་ལ་སོགས་པའི་དབང་དུ་གྱུར་པའི་ཕྱིར་རོ། །གང་གི་གཟུགས་

ཀྱིས་ནི་གང་གི་རང་བཞིན་གྱིས་སོ། །གྱུར་པ་ཉིད་ནི་ཡིད་དག་པའི་དེ་བཞིན་ནོ། །དེ་ནི་ང་ཡིས་ཏེ་ཡི་གེ་ཨ་དང་ཧཾ་གི་རང་བཞིན་ནོ། །སྨྲ་ཡིས་ནི་སྨྲ་བའོ། །ཉོན་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དེ་བཞིན་ཉིད་དེ་ཁ་སྦྱོར་འབྱེད་པའི་རང་བཞིན་ནོ། །སྙིང་རྗེའི་སྤྱན་ནི་དམར་པོ་ལ། །བྱམས་

Vol. 5 · folio 225a

པའི་ཐུགས་ལ་ཡན་ལག་གནག །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པ་བཞི་ཞེས་བརྗོད། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །གུག་སྐྱེད་ཀྱིས་ནི་སངས་རྒྱས་ལྔ། །གདུག་པ་གདུལ་ཕྱིར་ཁྲོ་བོ་ཉིད། །སྙིང་རྗེའི་

ནི་འགྲོ་བ་གདོན་པར་འདོད་པས་སོ། །སྤྱན་ནི་བདེན་པ་གཉིས་ཀྱི་རང་བཞིན་གཟིགས་པ་ཅན་ནོ། །དམར་པོ་ནི་རྗེས་སུ་ཆགས་པའོ། །བྱམས་པའི་ཐུགས་ལ་ཡན་ལག་གནག་ནི་མཉམ་པ་ཉིད་ཀྱི་ཐུགས་ཀྱིས་དམིགས་སུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །བསྡུ་བའི་དངོས་

པོ་བཞི་ཡིས་ནི། །ཞེས་པ་ནི། སྦྱིན་པ་དང་སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་དོན་མཐུན་པའོ། །འདིས་ནི་ཞབས་ནི་རྣམ་པ་བཞི་ཞེས་བརྗོད་དོ། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཅེས་པ་ནི། གཟུགས་ཅན་གྱི་གཟུགས་རྣམས་སྟོང་པ་ཉིད་དུ་མཐོང་ངོ་། །ནང་གི་གཟུགས་

རྣམས་སྟོང་པ་ཉིད་དུ་མཐོང་བ་ནི་མཚན་མ་མེད་པའོ། །ཕྱི་རོལ་གྱི་གཟུགས་རྣམས་སྟོང་པར་མཐོང་བ་ནི་སྨོན་པ་མེད་པའོ། །སྐྱེ་མཆེད་དང་སྐྱེ་མཆེད་མ་ཡིན་པ་རྣམས་སྟོང་པར་མཐོང་བ་ནི་སྐྱེ་བ་མེད་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟོང་པར་མཐོང་བ་ནི་དངོས་པོའོ། །

རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟོང་པར་མཐོང་བ་ནི་ཆགས་པ་དང་བྲལ་བའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟོང་པར་མཐོང་བ་ནི་འགོག་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་སྟོང་པར་མཐོང་བ་ནི་མྱ་ངན་ལས་འདས་པ་སྟེ་རྣམ་པར་ཐར་པའི་སྒོ་བརྒྱད་རྣམ་པར་དག་

པས་ཞལ་བརྒྱད་དོ། །ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །ཅེས་པ་ནི། བཤད་ཟིན་པའི་སྟོང་པ་བཅུ་དྲུག་ཉིད་དོ། །གུག་སྐྱེད་ཀྱིས་ནི་སངས་རྒྱས་ལྔ། །ཞེས་པ་ནི། འཁོར་ལོ་དང་། རྣ་ཆ་དང་། མགུལ་གདུབ་དང་། ཕྱག་གདུབ་དང་། སྐེ་རགས་རྣམས་མི་བསྐྱོད་པ་ལ་སོགས་པའི་དེ་

བཞིན་གཤེགས་པ་ལྔ་རྣམས་སོ། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །ཅེས་པ་ནི། གདུག་པའི་སེམས་ཅན་གདུལ་བར་བྱ་བའི་ཕྱིར་ཁྲོ་བོའི་བདག་ཉིད་དོ། །དེ་སྐད་དུ་ཡང་། སེམས་ཉིད་བདུད་ནི་ཆེན་པོ་སྟེ། །སེམས་ཉིད་དེ་བཞིན་གཤེགས་པའོ། །རང་གི་སེམས་ནི་

Vol. 5 · folio 225b

གདུལ་བའི་ཕྱིར། །བདག་ཉིད་བདུད་དུ་ཉེ་བར་འགྱུར། །ཞེས་པའོ། །ཡང་ན་སྙིང་རྗེའི་སྤྱན་ནི་དམར་པོ་ལ། །ཞེས་པ་ནི། ཆགས་པའི་རང་བཞིན་ཉིད་བདེན་པ་གཉིས་ཐབས་དང་ཤེས་རབ་དབྱེར་མེད་པར་སྤྲོ་བ་དང་བསྡུ་བའི་རང་བཞིན་གྱི་སྤྱན་གཉིས་ཀྱིས་གཟིགས་པ་

གཉིས་སོ། །ཡན་ལག་གནག་ཅེས་པ་ནི་ཡན་ལག་དྲུག་བསྒོམས་པ་ལས་འདས་པའོ། །ཇི་ལྟར་ཞེ་ན། བྱམས་པའི་ཐུགས་ལས་ཏེ་མཉམ་པ་ཉིད་གཅིག་པའི་ཡེ་ཤེས་ཀྱི་ཕྱིར་རོ། །བསྡུ་བའི་དངོས་པོའི་སྒྲ་ནི་ཡང་དག་པར་འཛིན་པ་ནི་བསྡུ་བ་སྟེ་དེའི་རང་བཞིན་རྣམས་སོ། །

དངོས་པོ་ནི་དོན་དམ་པར་སྣང་བའོ། །དེ་རྣམས་ཀྱི་བཞི་ནི་བཞི་པའི་ཡེ་ཤེས་ཏེ་དེས་ན་ཞབས་བཞི་དགའ་བ་ལ་སོགས་པའི་ཡེ་ཤེས་བཞིའོ། །ཞལ་བརྒྱད་ཅེས་པ་ནི་ཆོས་བརྒྱད་བྱེད་པ་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གླེང་གཞིའོ། །ཕྱག་ནི་བཅུ་དྲུག་སྟོང་པ་

ཉིད། །ཅེས་པ་ནི། དབང་པོ་དྲུག་དང་ཡུལ་རྣམས་དང་རྣམ་པར་ཤེས་པ་དྲུག་རྣམས་ནི་ཁམས་བཅོ་བརྒྱད་རྣམས་སོ། །ཐམས་ཅད་སྟོང་པ་ཉིད་ཡིན་གྱིས་ཉན་ཐོས་ལ་སོགས་པའི་ཉི་ཚེ་བའི་སྟོང་པ་ཉིད་ནི་མ་ཡིན་ཏེ་ཐབས་དང་ཤེས་རབ་དབྱེར་མེད་པའི་རང་བཞིན་ཉིད་

ཀྱིས་སྟོང་པ་ཉིད་གཉིས་སུ་མེད་པར་ཁོངས་སུ་བསྡུ་བ་ཡིན་ནོ། །གུག་སྐྱེད་ཅེས་པ་ནི། ངེས་པར་གཟུང་བ་ཉིད་ཀྱིས་སངས་རྒྱས་ལྔའོ། །འདིས་ཅི་བསྟན་ན་སངས་རྒྱས་ལྔའི་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡིན་ནོ། །གདུག་པ་གདུལ་ཕྱིར་ཁྲོ་བོ་ཉིད། །

ཅེས་པ་ནི། ཁྲོ་བོའི་བདག་ཉིད་ནི་མི་བསྐྱོད་པའི་སྐུའོ། །གདུག་པ་འདུལ་ཕྱིར་ནི་ཉོན་མོངས་པའི་བག་ཆགས་བསལ་བ་ཡིན་པའི་དོན་ཏོ། །གཞན་ཡང་གསུངས་པ། ཤ་ནི་པུཀྐ་སཱི་རུ་བྱ། །ཤའི་རང་བཞིན་གཏི་མུག་རྡོ་རྗེ་པུཀྐ་སཱི་དེའི་རང་བཞིན་ཉིད་ཤ་ཡིན་ནོ། །

དེ་བཞིན་ཁྲག་ནི་རི་ཁྲོད་མ། །ཁུ་བ་ཡིན་པའི་ཕྱིར་དང་རྗེས་སུ་ཆགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རི་ཁྲོད་མ་ཁྲག་ཡིན་ཏེ་ཁྲག་ཀྱང་རི་ཁྲོད་མའི་རང་བཞིན་ཉིད་ཡིན་ནོ། །གདོལ་པ་མོ་ནི་ཁུ་བར་བརྗོད། །གདོལ་པ་མོ་ནི་མེའི་རང་བཞིན་ཏེ་དེ་ཉིད་ཀྱི་

Vol. 5 · folio 226a

ཕྱིར་ཆགས་པ་དང་རྗེས་སུ་ཆགས་པའོ། །ཁུ་བ་ཞེས་བརྗོད་ཅེས་པ་ནི་ཁུ་བ་དང་གདོལ་པ་མོ་དག་གཉིས་སུ་མེད་པ་ཡིན་ནོ། །གཡུང་མོ་རྐང་དང་ཚིལ་བུ་དག །རྐང་དང་ཚིལ་བུ་དག་རླུང་གི་ཁམས་ཀྱི་རང་བཞིན་ཡིན་ཞིང་རྐང་དང་ཚིལ་བུ་དག་གཡུང་

མོར་བསྟན་ཏོ། །འདིས་ནི་སའི་ཁམས་ཤ་ལ་ཆུའི་ཁམས་ཁྲག །མེའི་ཁམས་ཁུ་བ། རླུང་གི་ཁམས་རྐང་དང་ཚིལ་བུ་དག་གོ། །ཡེ་ཤེས་ལྔའི་བདག་ཉིད་འབྱུང་བ་བཞི་ཡིན་ནོ། །པགས་པ་བྱང་ཆུབ་ཡན་ལག་བདུན། །ཞེས་པ་ནི། དྲན་པ་ཡང་དག་བྱང་ཆུབ་

ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་དུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་

ཀྱི་ཡན་ལག་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པ་པགས་པ་ལ། པགས་པ་ཉིད་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །རུས་པ་བདེན་པ་བཞི་པོ་ཉིད། །ཅེས་པ་ནི། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མོ། །སྡུག་བསྔལ་ནི་ཤེས་པར་

བྱ། །ཀུན་འབྱུང་ནི་སྤང་བར་བྱ། ལམ་ནི་བསྒོམ་པར་བྱ། འགོག་པ་ནི་མངོན་དུ་བྱ་བའོ། །ཤ་དང་ཁྲག་དང་ཁུ་བ་དང་། རྐང་མར་དང་ཚིལ་བུ་དང་པགས་པ་དང་རུས་པ་རྣམས་ཁམས་བདུན་གྱིས་མཁའ་འགྲོ་མ་བདུན་གྱི་སྐུ་འདི་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་

དགྱེས་པའི་རྡོ་རྗེའོ། །རྡོ་རྗེ་མ་ལ་སོགས་པ་མཁའ་འགྲོ་མ་ལྔ་དང་མཁའ་སྤྱོད་མ་དང་ས་སྤྱོད་མ་གཉིས་དང་། རྡོ་རྗེ་འཛིན་པ་དང་བདག་མེད་མ་དབྱེར་མེད་པ་ཡིན་པས་གླེང་གཞི་བརྒྱད་བྱ་བ་ཉིད་ཀྱི་ཕྱི་རོལ་གྱི་མཁའ་འགྲོ་མ་བརྒྱད་དོ། །བརྒྱད་པོ་གཉིས་ལས་སྟོང་པ་ཉིད་བཅུ་

དྲུག་གི་རང་བཞིན་ཕྱག་རྣམས་ཡིན་པར་ལེགས་པར་གཏན་ལ་ཕབ་པ་ཉིད་དོ། །འདིས་ནི་རྡོ་རྗེ་རིགས་ཀྱི་རིམ་པར་ཕྱེ་བ་ལས་གསུངས་པའི། དངོས་པོ་མེད་པ་ཡོངས་ཤེས་པས། །དངོས་པོ་བསྒོམ་འགྱུར་ཤེས་རབ་ཅན། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ཞེས་མདོར་

Vol. 5 · folio 226b

བསྟན་པའི་རྒྱས་པར་བཤད་པ་གཏན་ལ་ཕབ་པ་སྤྲུལ་པའི་སྐུའི་བཅོམ་ལྡན་འདས་བསྟན་ཏོ། །སྔགས་ཀྱི་རིམ་པར་ཕྱེ་བར་གསུངས་པའི་སྔགས་བཏུ་བ་ཞུས་པས་ལོངས་སྤྱོད་རྫོགས་པའི་སྐུ་མངོན་པར་གསལ་བར་བྱེད་དེ། སྔགས་བཏུ་བ་ནི་ཇི་ལྟར་འགྱུར། །གང་གི་

སྔགས་ཀྱིས་སྐྱེ་བོ་ཡི། །ལས་ཀྱི་དངོས་གྲུབ་འགྱུར་བ་ཉིད། །བདེ་བ་ཆེན་པོ་བཤད་དུ་གསོལ། །གང་གི་སྔགས་ཀྱིས་ཞེས་པ་ནི་ཨཱ་ལི་ཀཱ་ལིའི་རང་བཞིན་གྱི་ནཱ་དས་སོ། །སྔགས་ནི་ཡིད་སྐྱོབ་པར་བྱེད་པས་ནའོ། །སྐྱེ་བོ་ཞེས་པ་ནི་ལུས་ཅན་སྐྱེ་བོ་གཅིག་གིའོ། །ལས་

ཀྱི་ནི་ལུས་རྣམས་སོ། །སྐྱེ་བ་དང་ལས་ཀྱི་ལུས་ཉིད་མཚན་མ་སྟེ། དེ་རྣམས་ཀྱི་དངོས་གྲུབ་ཉིད་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རང་བཞིན་ནོ། །འགྱུར་བ་ཉིད་ནི་ཐོབ་པའོ། །དེའི་བཏུ་བ་ནི་བརྟན་པར་རོ། །ཇི་ལྟ་བུ་ཡིན་པར་བདག་ལ་བཤད་དུ་གསོལ་ལོ། །བདེ་བ་

ཆེན་པོ་ནི་རྡོ་རྗེ་འཛིན་པའོ་ཞེས་ཞུས་པ་ལ། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་གཟི་བརྗིད་ཆེན་པོས་བཀའ་སྩལ་པ། སྔགས་ནི་ཁྱོད་ལ་ངས་བཤད་ཀྱིས། །ལྷ་མོ་ཤེས་རབ་ཆེན་མོ་ཉོན། །རྡོ་རྗེ་ཆེན་པོ་ཞེས་པ་ནི་བདེན་པ་གཉིས་ཀྱི་བདག་ཉིད་དོ། །རྡོ་རྗེ་ཉིད་ཀྱི་སྙིང་པོའི་ལུས་

གང་ལ་ཡོད་པ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་ཆེན་པོ་ནི། ཀུན་གྱིས་མཆོད་པར་བྱ་བའོ། །དེ་བཀའ་སྩལ་པ་ནི་གསུངས་པའོ། །ཐམས་ཅད་ཉིད་དུ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་མཆོག་སེམས་ཅན་རྣམས་ཀྱིས་མཆོག་ཏུ་བྱས་པ་དང་བཟང་པོར་བྱས་པ་

དག་མ་རྟོགས་མ་མཐོང་བས་ཉོན་ཅིག །ལྷ་མོ་ཉོན་ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ནོ། །ཤེས་རབ་ཆེན་མོ་ཉོན་ཞེས་པ་ནི་དོན་དམ་པའི་བདེན་པའི་བདག་ཉིད་དོ། །སྔགས་ནི་ཁྱོད་ལ་བཤད་བྱ་ཡི། །སྔགས་དེ་ཡང་ཡི་གེ་ཨཾ་དང་ཡི་གེ་ཧཾ་གི་རང་

བཞིན་ཉིད་ཡིན་ནོ། །དང་པོར་རྣམ་པར་སྣང་མཛད་སྦྱིན། །ཨུཥྨ་རྣམས་ཀྱི་བཞི་པ་ལ། །པུཀྐ་སཱིས་བརྒྱན་སྟོང་པས་མནན། །མདོག་དཀར་མཐར་ནི་སྭཱ་ཧཱ་སྦྱར། །འདིས་ནི་བཟླས་པ་འབུམ་གྱིས་ནི། །འགྲོ་བ་རྟག་ཏུ་རེངས་པར་བྱེད། །དང་པོར་རྣམ་

Vol. 5 · folio 227a

པར་སྣང་མཛད་ཅེས་པ་ནི་ཡི་གེ་ཨོཾ་མོ། །དེའི་རྗེས་སུ། ཨུཥྨ་རྣམས་ཀྱི་བཞི་པ་ལ། །ཞེས་པ་ནི་ཡི་གེ་ཧའོ། །པུཀྐ་སཱིས་བརྒྱན་ཞེས་པ་ནི་ཡི་གེ་ཨུ་དང་ལྡན་པའོ། །སྟོང་པས་མནན་ཞེས་པ་ནི་སྟོང་པ་ནི་ཐིག་ལེ་སྟེ་དེས་མནན་པའོ། །མདོག་དཀར་ཞེས་

པ་ནི་ཁ་དོག་དཀར་པོའོ། །མཐར་སྭཱ་ཧཱ་སྦྱར་ཞེས་པ་ནི་གཡོ་བའི་དངོས་པོར་ངེས་པར་བལྟ་བར་བྱ་བའོ། །སྔར་བསྙེན་པ་འབུམ་བཟླས་ན་དེས་འགྲོ་བ་རྟག་ཏུ་རེངས་པར་བྱེད་དེ་རྒྱུན་མ་ཆད་པས་ཡིན་པར་དགོངས་སོ། །ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་པ་ནི་སྔགས་སོ། །སྔགས་

འདིས་རེངས་པ་ནི་གཡོ་བ་མེད་པར་བྱེད་པའོ། །དང་པོ་ཡི་གེའི་བདག་པོ་གཞག །དེ་རྗེས་མཁའ་སྤྱོད་པ་དེ་ནས། །མཐར་ནི་སྭཱ་ཧཱ་སྦྱར་བྱས་ནས། །སངས་རྒྱས་རྣམས་ཀྱང་དབང་དུ་བྱེད། །ཡི་གེའི་བདག་པོ་ནི་ཡི་གེ་ཨོཾ་མོ། །དེ་དང་པོར་སྦྱིན་པར་བྱའོ། །དེ་ནས་

མཁའ་སྤྱོད་མ་ནི་ཡི་གེ་ཨཾ་ངོ་། །ཁ་དོག་དམར་པོའི་མེ་ཏོག་ལ་སྦྱར་བར་བྱའོ། །ཅིས་ཁྱད་འཕགས་ཤེ་ན། མཐར་ནི་སྭཱ་ཧཱའོ། །སངས་རྒྱས་རྣམས་ཀྱང་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་རྣམས་སོ། །དབང་དུ་བྱེད་ནི་དབང་དུ་བྱས་པར་འགྱུར་རོ། །ཨོཾ་ཨཾ་

སྭཱ་ཧཱ། རིག་བྱེད་རྣམས་ཀྱི་དང་པོ་སྦྱིན། །དང་པོ་ཡི་ནི་གཉིས་པ་ལ། །སྟོང་བཅས་མཐར་ནི་སྭཱ་ཧཱ་སྦྱར། །སངས་རྒྱས་ཀྱང་སྐྲོད་ཤེས་རབ་ཅན། །རིག་བྱེད་རྣམས་ཀྱི་དང་པོ་ཞེས་པ་ནི་ཡི་གེ་ཨོཾ་དེ་བྱིན་ནས་སོ། །ཕྱི་ནས་དང་པོའི་ནི་གཉིས་པའོ། །ཅིས་ཁྱད་

འཕགས་ཤེ་ན། སྟོང་བཅས་ཏེ་ཡི་གེ་ཁཾ་དུ་བའི་མདོར་ལྟ་བུའོ། །གང་བསྐྲད་པར་བྱ་བ་དེ་ལའམ་དེའི་ཕྱོགས་སུའོ། །མཐར་ནི་སྭཱ་ཧཱ་སྦྱར་བར་བྱ་བའོ། །འདིས་ནི་སངས་རྒྱས་རྣམས་ཀྱང་སྐྲོད་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་ཡང་སྐྲོད་པར་

འགྱུར་རོ། །ཨོཾ་ཁཾ་སྭཱ་ཧཱ། །བསྐྲད་པ་ནི་བསྐྲད་པའོ། །དང་པོར་རྣམ་པར་སྣང་མཛད་སྦྱིན། །གཉིས་པ་ཡི་ནི་གསུམ་པ་ལ། །ར་དང་ལྡན་ཞིང་ཆུ་མས་བརྒྱན། །སྟོང་བཅས་སྭཱ་ཧཱ་ཡང་དག་ལྡན། །མི་རྣམས་ཐམས་ཅད་སྡང་བར་བྱེད། །དང་པོར་རྣམ་

Vol. 5 · folio 227b

པར་སྣང་མཛད་ཅེས་པ་ནི་ཡི་གེ་ཨོཾ་མོ། །གཉིས་པ་ཡི་ནི་གསུམ་པ་ནི་ཡི་གེ་ཛའོ། །ཅིས་ཁྱད་འཕགས་ཤེ་ན། ར་དང་ལྡན་ཞིང་ངོ་། །ཆུ་མས་བརྒྱན་ནི་ཡི་གེ་ཨཱི་དང་ལྡན་པའོ། །སྟོང་བཅས་ཞེས་པ་ནི་ཐིག་ལེ་དང་ལྡན་པའོ། །སྭཱ་ཧཱ་ཡང་དག་ལྡན་ནོ། །ཁ་དོག་

ནག་པོ་སྡང་བ་དེ་ལའམ་དེའི་ཕྱོགས་སུ་སྦྱར་བར་བྱའོ། །དེ་ནས་མི་རྣམས་ཐམས་ཅད་སྡང་བར་བྱེད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཞེ་སྡང་བ་ཉིད་ཀྱིས་མི་བསྐྱོད་པ་ཉིད་དུ་རྣམ་པར་འཇོག་པའོ། །ཨོཾ་ཛྲཱྀཾ་སྭཱ་ཧཱ། དང་པོ་ཡི་གེའི་དབང་ཕྱུག་གཞག །

ལྔ་པ་ཉིད་ཀྱི་གསུམ་པ་ལ། །སྟོང་པ་མཁའ་འགྲོ་མ་དང་ལྡན། །མཐར་ནི་སྭཱ་ཧཱ་མངོན་སྤྱོད་དོ། །ཡི་གེའི་དབང་ཕྱུག་ནི་ཡི་གེ་ཨོཾ་མོ། །དང་པོར་ནི་ཐོག་མར་བྱིན་ནས་སོ། །ལྔ་པ་ཉིད་ཀྱི་གསུམ་པ་ལ་ནི་ཡི་གེ་བའོ། །མཁའ་འགྲོ་མ་དང་ལྡན་ནི་ཡི་གེ་ཨུ་དང་

བཅས་པའོ། །ཐིག་ལེ་དང་བཅས་པ་མཐར་སྭཱ་ཧཱ་ནི་མངོན་སྤྱོད་ལའོ། །ཨོཾ་བྷྲཱུཾ་སྭཱ་ཧཱ་ཡི་གེ་བྷྲཱུཾ་ནག་པོ་གང་དུ་མངོན་སྤྱོད་བྱེད་པ་དེ་ལའམ་དེའི་ཕྱོགས་སུ་སྦྱར་བར་བྱའོ། །འདིས་ནི་མངོན་སྤྱོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་འགྲུབ་པ་ཐམས་ཅད་ཉིད་དུ་

སྔར་གྱི་བསྙེན་པ་འབུམ་བྱའོ། །ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་པས་རེངས་པ་སྟེ་མི་བསྐྱོད་པའི་ས་བོན་གྱིས་སོ། །ཨོཾ་ཨཱཾ་སྭཱ་ཧཱ་ཞེས་པ་ནི་རིན་ཆེན་འབྱུང་ལྡན་གྱི་ས་བོན་གྱིས་དབང་དུ་བྱ་བའོ། །ཨོཾ་ཁཾ་སྭཱ་ཧཱ་ཞེས་པ་ནི་སྐྲོད་པ་ལ་དོན་ཡོད་གྲུབ་པའི་ས་བོན་གྱིས་སོ། །

ཨོཾ་ཛྲཱྀཾ་སྭཱ་ཧཱ་ཞེས་པ་ནི་དབྱེ་བ་ལ་འོད་དཔག་ཏུ་མེད་པའི་ས་བོན་གྱིས་སོ། །ཨོཾ་བྷྲཱུཾ་སྭཱ་ཧཱ་ཞེས་པ་ནི་མངོན་སྤྱོད་ལ་རྣམ་པར་སྣང་མཛད་ཀྱི་ས་བོན་གྱིས་སོ། །དེ་ལྟར་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱིས་རེངས་པ་དང་དབང་དུ་བྱ་བ་དང་སྐྲོད་པ་དང་དབྱེ་

བ་དང་མངོན་སྤྱོད་རྣམས་སོ། །རེངས་པ་ནི་དགའ་བའོ། །དབང་དུ་བྱ་བ་ནི་མཆོག་དགའོ། །བསྐྲད་པ་ནི་རྣམ་པར་དགའ་བའོ། །དབྱེ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ལྟར་དགའ་བ་བཞི་མངོན་སྤྱོད་དེ། རྣམ་པ་ཐམས་ཅད་མཁྱེན་པ་མངོན་པར་བྱང་

Vol. 5 · folio 228a

ཆུབ་པའོ། །ཀུན་ལ་ཨོཾ་དང་སྭཱ་ཧཱ་སྦྱར་བར་བྱའོ། །ཡི་གེ་ཨོཾ་ནི་རྡོ་རྗེ་གསུམ་མོ། །སྭཱ་ཧཱའི་ཡི་གེས་ཡེ་ཤེས་ལྔ་ཡིན་པས་མཁའ་འགྲོ་མ་བརྒྱད་ཀྱི་རང་བཞིན་སྐུ་གསུམ་དང་ཡེ་ཤེས་ལྔ་དང་ལྡན་པ་ཁ་སྦྱོར་འབྱེད་པའི་མཚན་ཉིད་དུ་བསྟན་པ། སྔགས་

བཏུ་བས་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །སླར་ཡང་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱི་སྔགས་བཏུ་བ་གསུངས་པ། ཡང་ནི་ཡི་གེའི་ཐུ་བོ་སྦྱིན། ཧཱུཾ་ནི་ཁྲག་དང་འདྲ་བའོ། །མཐར་ནི་སྭཱ་ཧཱ་ཐིག་ལེ་མཆོག །དགའ་བཟང་མ་སོགས་རྟག་ཏུ་དགུག །ཨོཾ་ཧཱུཾ་སྭཱ་ཧཱ་

ཞེས་པ་ནི་འགུགས་པའོ། །འདིར་ཡང་བཟླས་པ་འབུམ་བྱའོ། །ཧཱུཾ་ཁ་དོག་དམར་པོ་བསྒོམས་པས་སོ། །གཏི་མུག་རིགས་ནི་དང་པོར་སྦྱིན། །གྷུ་ནི་ཡང་དག་རབ་ཏུ་སྦྱར། །མཐར་ནི་སྭཱ་ཧཱ་ཡང་སྦྱར་ནས། །ལྷ་དང་མི་རྣམས་གསོད་པར་བྱེད། །གཏི་མུག་རིགས་ནི་ཨོཾ་

རྣམ་པར་སྣང་མཛད་དང་པོར་སྦྱིན་ནས་སོ། །ཕྱི་ནས་གྷུ་ཞེས་པ་ནི་འོད་དཔག་ཏུ་མེད་པ་རྡོ་རྗེ་མཁའ་འགྲོ་མ་དང་ལྡན་པ་ཚེག་དྲག་གི་མཐའ་ཅན་ནོ། །ཡང་དག་པ་ནི་ཡང་དག་པའོ། །སྦྱར་ན་ས་ནི་མཆོག་གི་རྣལ་འབྱོར་དུ་བྱ་བའོ། །དེ་ཡང་མཐར་ནི་སྭཱ་ཧཱ་ནི་ཡེ་ཤེས་ལྔའི་རང་

བཞིན་ནོ། །དེ་ནས་ལྷ་དང་མི་རྣམས་གསོད་པར་བྱེད་པ་ནི། །སེམས་དང་སེམས་ལས་བྱུང་བ་གསད་པར་བྱ་བའི་དོན་ཏོ། །རབ་ཏུ་གྲགས་པའི་དོན་ནི་གསལ་བ་ཉིད་དོ། །འདིར་ཡང་འབུམ་ཕྲག་བཟླས་སོ། །ཡི་གེ་གྷུ་ཁ་དོག་ནག་པོ་བསྒོམས་པས་སོ། །དང་པོར་རྣམ་

པར་སྣང་མཛད་གཞག་ནི་ཨོཾ་དང་པོར་རོ། །དང་པོ་ཉིད་ཀྱི་དང་པོ་ལ་ནི་ཡི་གེ་ཀའོ། །ཅིས་ཁྱད་འཕགས་ཤེ་ན། རྡོ་རྗེ་མཁའ་འགྲོ་མ་དང་ལྡན་ནི་ཡི་གེ་ཨུ་དང་བཅས་པའོ། །མཐར་གནས་པ་ཡི་གཉིས་པ་ལ་ནི་ཡི་གེ་རའོ། །རྡོ་རྗེ་མཁའ་འགྲོ་མ་དང་ལྡན་ནི་ཡི་གེ་ཨུ་དང་བཅས་

པའོ། །ཡང་ནི་དང་པོའི་དང་པོ་ལ་ཞེས་པ་ནི་ཡི་གེ་ཀའོ། །རྡོ་རྗེ་མཁའ་འགྲོ་མ་དང་ལྡན་ཞེས་པ་ནི་ཡི་གེ་ཨུ་དང་ལྡན་པའོ། །མཐར་གནས་པ་ཡི་གསུམ་པ་ལ། །ཞེས་པ་ནི་ཡི་གེ་ལའོ། །ཡང་ནི་དེ་ཉིད་ཡང་དག་ལྡན། །ཞེས་པ་ནི་ཡི་གེ་ལ་ཡང་དག་པར་ལྡན་པའོ། །སྟེང་དུ་ཆོམ་

Vol. 5 · folio 228b

རྐུན་མ་ཡིས་བརྒྱན། །ཞེས་པ་ནི། ཡི་གེ་ཨེ་དང་ལྡན་པའོ། །དེ་རྗེས་ཧྲིཿཡི་རྣམ་པ་སྦྱར། །ཞེས་པ་ནི་བསྒོམ་པ་གསུངས་པ། ཧྲིཿལས་བྱུང་བའི་ལྷ་མོ་ནི། ཁ་དོག་དམར་ཞིང་ཕྱག་བཞི་མ། །མདའ་དང་གཞུ་ཡི་ལག་པ་མ། །ཨུཏྤ་ལ་དང་ལྕགས་ཀྱུ་འཛིན། །འདི་ནི་བསྒོམས་

པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །མཐར་ཡང་སྭཱ་ཧཱ་སྤྱོད་པ་ཉིད། །ཅེས་པས་བཟླས་པ་གསུངས་པ། ཁྲི་ལ་སོགས་པའི་བཟླས་པའི་གྲངས་ཀྱིས་འདི་དག་དབང་དུ་འགྱུར་རོ། །གང་ཞེ་ན་བསྟན་ཟིན་ཉིད་དོ། །ཨོཾ་ཀུ་རུ་ཀུལླེ་ཧྲིཿསྭཱ་ཧཱ། ཀུ་རུ་

ཀུ་ལླེའི་སྔགས་སོ། །འགུགས་པ་ནི་དགུག་པའོ། །གསད་པ་ནི་བསྡུ་བའོ། །དབང་དུ་བྱེད་པ་ནི་ཞི་གནས་དང་ལྷག་མཐོང་སྟེ་རྡོ་རྗེ་གསུམ་དབྱེར་མེད་པའི་སྔགས་བཏུ་བ་བསྟན་པ་ཡིན་ནོ། །སླར་ཡང་ཧེ་རུ་ཀ་བཞིའི་སྔགས་བཏུ་བ་བསྟན་པ་ནི། དེ་ལྟར་ཐམས་ཅད་

བཞི་བཞིའོ། །ཞེས་པའི་དགའ་བ་བཞིའི་རང་བཞིན་གསུངས་པ། ཨོཾ་ནི་དང་པོ་བཞི་པའི་གསུམ་པ་ཞེས་པ་ནི་ཡི་གེ་དའོ། །ཆོམ་རྐུན་མ་ཡིས་བརྒྱན་ནི་ཡི་གེ་ཨེ་དང་ལྡན་པའོ། །མཐར་གནས་པ་ཡི་བཞི་པ་ལ། །ཞེས་པ་ནི་ཡི་གེ་བའོ། །པི་ཙུ་བཛྲ་སྦྱར་བ་དང་། །ཞེས་

པ་ནི་སྦྱར་བར་བསྟན་ཏོ། །ཨུཥྨ་རྣམས་ཀྱི་བཞི་པ་ལ། །ཞེས་པ་ནི་ཡི་གེ་ཧའོ། །པུཀྐ་སཱིས་ནི་རྣམ་པར་བརྒྱན། །ཞེས་པ་ནི། ཡི་གེ་ཨུ་དང་ལྷན་ཅིག་པའོ། །སྟོང་པས་མནན་ཅིང་ནི་ཐིག་ལེ་དང་ལྡན་པའོ། །སུམ་འགྱུར་ཉིད་ཅེས་པ་ནི་སུམ་འགྱུར་ཉིད་ཡི་གེ་ཧཱུཾ་ཧཱུཾ་ཧཱུཾ་

གསུམ་མོ། །ལྔ་པ་ཡི་ནི་གསུམ་པ་དང་། །ཞེས་པ་ནི་ཡི་གེ་ཕཊ་དོ། །མཐར་སྭཱ་ཧཱའོ། །ཨོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་ནི་དགྱེས་པ་རྡོ་རྗེའི་སྙིང་པོ་ནི་ཞལ་བརྒྱད་པའི་སྔགས་སོ། །འདིས་ནི་འབྲས་བུའི་རྡོ་རྗེ་འཆང་གི་སྙིང་པོའོ། །ཕྱག་བཅུ་དྲུག་པའི་སྙིང་པོ་བཤད་

ནས། ཕྱག་བཞི་པའི་སྙིང་པོ་གསུངས་པ། བཞི་རྣམས་ཉིད་བཞིའི་རང་བཞིན་ཡིན་པའི་ཕྱིར་རོ། །དང་པོར་རྣམ་པར་སྣང་མཛད་ཅེས་པ་ནི་ཡི་གེ་ཨོཾ་དང་པོར་རོ། །ཛྭ་ལ་ཛྭ་ལ་གཉིས་སྦྱར་ནས། །ཞེས་པ་ནི་སྦྱར་བར་བསྟན་ཏོ། །ལྔ་པའི་བཞི་པ་ལ་ཞེས་པ་ནི་ཡི་གེ་བྷའོ་མཐར་

Vol. 5 · folio 229a

གནས་རྣམས་ཀྱི་དང་པོས་བརྒྱན་ནི་ཡི་གེ་ཡ་སྦྱར་བའོ། །གྷ་སྨ་རཱིས་ནི་རྣམ་པར་བརྒྱན། །ཞེས་པ་ནི་ཡི་གེ་ཨོཾ་དང་ལྡན་པའོ། །ཨུཥྨ་རྣམས་ཀྱི་བཞི་པ་ལ། །ཞེས་པ་ནི་ཡི་གེ་ཧའོ། །རྡོ་རྗེ་མཁའ་འགྲོ་མས་བརྒྱན་ནི་ཨུ་ཐུང་ངོ་། །དེས་ལྡན་པའོ། །སྟོང་པས་

མནན་ཅིང་སུམ་འགྱུར་ཉིད། །ཅེས་པ་ནི། ཐིག་ལེ་དང་ལྷན་ཅིག་པར་ཧཱུཾ་སུམ་འགྱུར་དུ་བྱ་བའོ། །ལྔ་པ་ཡི་ནི་གཉིས་པ་དང་། །ཞེས་པ་ནི་ཡི་གེ་ཕའོ། །གསུམ་པ་ཡི་ནི་དང་པོ་ནི་ཡི་གེ་ཊའོ། །མཐར་སྭཱ་ཧཱའོ། །ཕྱག་བཞི་པའི་སྔགས་སོ། །ཛྭ་ལ་ཛྭ་ལ་བྷྱོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་

སྭཱ་ཧཱ་ཞེས་པ་ནི་སྙིང་པོའོ། །བཞི་པ་ཉིད་དྲུག་པའི་རང་བཞིན་ཡིན་པས་ཕྱག་དྲུག་པའི་སྔགས་བཏུ་བ་གསུངས་པ། དང་པོར་རྣམ་སྣང་ཞེས་པ་ནི་དང་པོར་ཡི་གེ་ཨོཾ་མོ། །དང་པོའི་དང་པོ་ཞེས་པ་ནི་ཡི་གེ་ཀའོ། །ནང་གི་དཀར་མོས་བརྒྱན་ཞེས་པ་ནི་ཡི་གེ་ཨི་དང་ལྡན་པའོ། །

གསུམ་པ་ཉིད་ཀྱི་དང་པོ་ལ། །ཞེས་པ་ནི་ཡི་གེ་ཊའོ། །ནང་གི་དཀར་མོས་རྣམ་པར་བརྒྱན། །ཞེས་པ་ནི་ཡི་གེ་ཨི་དང་ལྡན་པའོ། །ཉིས་འགྱུར་ཞེས་པ་ནི་ཀི་ཊི་ཀི་ཊིའོ། །ལྔ་པའི་གསུམ་པ་དང་ཞེས་པ་ནི་ཡི་གེ་བའོ། །གཉིས་པའི་གསུམ་པ་ནི་ཡི་གེ་ཛའོ། །མེ་ཡིས་བརྒྱན་ཞེས་

པ་ནི་ར་དང་ལྡན་པའོ། །ཧཱུཾ་ནི་རྣམ་པ་གསུམ་སྦྱར་ནས། །ཞེས་པ་ནི་སྦྱར་བར་བསྟན་ཏོ། །ལྔ་པ་ཡི་ནི་གཉིས་པ་དང་། །ཞེས་པ་ནི་ཡི་གེ་ཕའོ། །གསུམ་པའི་དང་པོ་ནི་ཡི་གེ་ཊའོ། །མཐར་སྭཱ་ཧཱ་ཕྱག་དྲུག་པའི་སྔགས་བཏུ་བའོ། །ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་

པ་ནི་ཕྱག་དྲུག་པའི་སྔགས་སོ། །ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཐམས་ཅད་ཡིན་ཏེ། ཁ་སྦྱོར་འབྱེད་པའི་མཚན་ཉིད་བསྟན་པའི་ཕྱིར་གཉིས་པའི་སྔགས་བཏུ་བའི་སྒོ་ནས་བསྡུ་བ་གསུངས་པ། དང་པོར་རྣམ་སྣང་ནི་ཡི་གེ་ཨོཾ་དང་པོའོ། །བཞི་པའི་དང་པོ་ནི་

ཡི་གེ་ཏའོ། །བྱིན་ཟ་ཡང་དག་ལྡན་ཞེས་པ་ནི་ར་དང་ལྡན་པའོ། །རོ་ལོངས་མ་ཡིས་རྣམ་པར་བརྒྱན་པ་ནི་ཡི་གེ་ཨེ་དང་ལྡན་པའོ། །མཐར་གནས་པ་ཡི་གསུམ་པ་ལ། །ཞེས་པ་ནི་ཡི་གེ་ལའོ། །གྷ་སྨ་རཱི་ཡིས་རྣམ་པར་བརྒྱན། །ཞེས་པ་ནི་ཡི་གེ་ཨོ་དང་ལྡན་པའོ། །དང་པོ་ཡི་

Vol. 5 · folio 229b

ནི་དང་པོ་ལ། །ཞེས་པ་ནི་ཡི་གེ་ཀའོ། །མཐར་གནས་པ་ཡི་དང་པོ་དང་། །ཞེས་པ་ནི་ཡི་གེ་ཡ་དང་ལྡན་པའོ། །རྡོ་རྗེ་མ་ཡིས་རྣམ་པར་བརྒྱན། །ཞེས་པ་ནི་ཡི་གེ་ཨ་དང་ལྡན་པའོ། །ཀྵ་ནི་ཆོམ་རྐུན་མ་ཡིས་བརྒྱན། །ཞེས་པ་ནི་ཡི་གེ་ཨི་དང་ལྡན་པའོ། །ལྔ་པ་གཉིས་ཀྱི་དང་པོ་དང་། །ཞེས་

པ་ནི་ཡི་གེ་པའོ། །ཨུཥྨ་རྣམས་ཀྱི་བཞི་པ་ལ། །ཞེས་པ་ནི་ཡི་གེ་ཧའོ། །རྡོ་རྗེ་མཁའ་འགྲོ་མ་ཡིས་བརྒྱན། །ཞེས་པ་ནི་ཡི་གེ་ཨུ་ཐུང་ངུ་དེས་བརྒྱན་པའོ། །སྟོང་པས་མནན་ཅིང་སུམ་འགྱུར་ཏེ། །ཞེས་པ་ནི་ཕཊ་དང་མཐར་སྭཱ་ཧཱ་ནི་ཕྱག་གཉིས་པའི་སྙིང་པོའོ། །ཨོཾ་ཏྲཻ་ལོ་ཀྱ་ཀྵེ་པ་ཡ་ཧཱུཾ་ཧཱུཾ་

ཧཱུཾ་ཕཊ་སྭཱ་ཧཱ། འདིས་ནི་ཁ་སྦྱོར་འབྱེད་པའི་མཚན་ཉིད་བསྟན་ནས་སྔགས་བཏུ་བ་མཐའ་དག་གི་མཇུག་བསྡུ་བ་གསུངས་པ། གྲོང་ཁྱེར་བསྐྱོད་པའི་སྔགས་ཀྱི་བཟླས་པ་འབུམ་གསུངས་པ། བདག་མེད་མ་ནི་ཡི་གེ་ཨའོ། །དང་པོ་ཡི་ནི་དང་པོ་དང་། །ཞེས་པ་ཡི་གེ་ཀའོ། །གཉིས་པ་ཉིད་ཀྱི་

དང་པོ་དང་། །ཞེས་པ་ཡི་གེ་ཙའོ། །གསུམ་པ་ཉིད་ཀྱི་དང་པོ་དང་ནི་ཡི་གེ་ཏའོ། །མཐར་གནས་རྣམས་ཀྱི་དང་པོ་དང་། །ཞེས་པ་ཡི་གེ་ཡའོ། །ཨུཥྨ་རྣམས་ཀྱི་དང་པོ་དང་། །ཞེས་པ་ནི་ཡི་གེ་ཤའོ། །དང་པོར་རྣམ་པར་སྣང་མཛད་དང་མཐར་སྭཱ་ཧཱའོ། །ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱ་ཧཱ།

བདག་མེད་མ་ཞེས་པ་ནི་ཆོས་འབྱུང་ངོ་། །དེ་ཉིད་དང་པོའི་དང་པོ་ནི་དགའ་བ་དང་པོའོ། །གཉིས་པ་ཉིད་ཀྱི་དང་པོ་དང་ནི་མཆོག་དགའོ། །གསུམ་པ་ཉིད་ཀྱི་དང་པོ་དང་། །ཞེས་པ་རྣམ་པར་དགའ་བའོ། །བཞི་པ་ཡི་ནི་དང་པོ་དང་། །ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །འདིས་ནི།

ལྔ་པ་ཡི་ནི་དང་པོ་དང་། །ཞེས་པ་ནི་ཐུགས་རྡོ་རྗེའོ། །མཐར་གནས་རྣམས་ཀྱི་དང་པོ་དང་། །ཞེས་པ་ནི་གསུང་རྡོ་རྗེའོ། །ཨུཥྨ་རྣམས་ཀྱི་དང་པོ་ཉིད་ནི་སྐུ་རྡོ་རྗེའོ། །དེ་ལྟར་རྡོ་རྗེ་གསུམ་དབྱེར་མེད་པ་དང་པོར་རྣམ་པར་སྣང་མཛད་ཨོཾ་མོ། །མཐར་སྭཱ་ཧཱ་ནི་ཡེ་ཤེས་ལྔ་རྣམས་ཏེ་བརྒྱད་བྱེད་པ་

ཉིད་མཐའི་རང་བཞིན་ཡིན་ནོ། །ད་ནི་ཆོས་འབྱུང་རྣམས་ཀྱི་རང་བཞིན་རྣམ་པར་དག་པའི་དང་པོར་སྔགས་བཏུ་བ་གསུངས་པ། མཐར་གནས་རྣམས་ཀྱི་གཉིས་པ་དང་། །ཞེས་པ་ནི་ཡི་གེ་རའོ། །ཀྵའི་རྐང་པ་ཉིས་འགྱུར་ཉིད། །ཅེས་པ་ནི་ཀྵ་ཀྵའོ། །ཧཱུཾ་གི་རྣམ་པ་གསུམ་ནི་ཧཱུཾ་ཧཱུཾ་ཧཱུཾ་ངོ་། །དང་པོར་རྣམ་

Vol. 5 · folio 230a

སྣང་ཕཊ་ཉིད་ཀྱི་ཡི་གེ་ནང་བཅུག་མཐར་སྭཱ་ཧཱ་འོ། །ས་སྦྱང་པའི་སྔགས་སོ་ནི་རིམ་པར་ཕྱེ་བར་བསྟན་པའི་མ་ནིང་སྟེ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་དགུའི་བདག་ཉིད་དོ། །མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་དུ་རྟག་ཏུ་བྱིན་གྱིས་བརླབ་པ་གསུངས་པ། དང་

པོ་རྣམ་སྣང་ནི་དང་པོར་ཡི་གེ་ཨོཾ་མོ། །དེ་རྗེས་རྡོ་རྗེ་མ་ནི་ཡི་གེ་ཨའོ། །ཨ་དང་ཨ་སྦྱར་བས་ཨའོ། །མཐའ་རུ་ཧཱུཾ་ངོ་། །ཨོཾ་ཨཱཿཧཱུཾ། དེ་ལྟར་རྡོ་རྗེ་གསུམ་གྱི་ཡི་གེའི་ཡི་གེའོ། །བཟའ་བ་དང་བཏུང་བ་བྱིན་གྱིས་བརླབས་པའོ་ནི་བཟའ་བར་བྱ་བ་དང་བཏུང་བར་བྱ་བ་ཉིད་ལས་རྡོ་རྗེ་གསུམ་བྱིན་གྱིས་

བརླབས་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་སྔགས་བཏུ་བ་གསུངས་པ། དང་པོར་རྣམ་པར་སྣང་མཛད་ཉིད། །དེ་རྗེས་ཨ་ཀཱ་རོ་མུ་ཁཾ། ཨུཥྨ་རྣམས་ཀྱི་གསུམ་པ་དང་ནི་ཡི་གེ་སའོ། །མཐར་གནས་པ་

ཡི་བཞི་པ་ནི་ཡི་གེ་བའོ། །སྟེང་དུ་མེ་ཡིས་རྣམ་པར་བརྒྱན་ནི་སྟེང་དུ་རས་བརྒྱན་པའོ། །དྷ་རྨཱ་ཎཱཾ་དེ་རྗེས་རྡོ་རྗེ་མ་བྱིན་ལ་ནི་ཡི་གེ་ཨ་སྦྱར་བའོ། །དྱ་ནུདྤནྣ་ཏྭ་ཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུདྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། འབྱུང་པོ་ཐམས་ཅད་ཀྱི་སྔགས་བཏུ་

བའོ། །སྔགས་ཀྱི་དོན་ནི་སྔགས་ཀྱི་རིམ་པར་ཕྱེ་བ་ཉིད་དུ་བསྟན་པས་སླར་འདིར་མ་བསྟན་ཏོ། །འདིས་ནི་ཁ་སྦྱོར་འབྱེད་པའི་མཚན་ཉིད་སྔགས་བཏུ་བའི་རིམ་པར་ཕྱེ་བ་སྟེ་དགུ་པའོ། །རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས། ཁ་སྦྱོར་འབྱེད་པའི་མཚན་ཉིད་ཀྱི་སྔགས་བཏུ་

བའི་རིམ་པར་ཕྱེ་བ་ལེའུ་དགུ་པའོ།། །།ད་ནི་ཁ་སྦྱོར་འབྱེད་པའི་མཚན་ཉིད་ཀྱི་སྔགས་བཏུ་བ་བསྟན་ནས། སྔགས་ཀྱི་བཟླས་པའི་ཡུལ་གསུངས་པ། དེ་ནས་ཆོས་ཀུན་སྡོམ་གཅིག་པའི། །རྡོ་རྗེ་སེམས་དཔའ་ཞེས་བྱས་གསུངས། །འདིའི་དོན་ནི་འདི་ཡིན་ཏེ་རྡོ་རྗེ་སེམས་དཔའ་ཞེས་

བྱ་བ་ནི་རྡོ་རྗེ་འཛིན་པ་སྟེ། ཐམས་ཅད་དུ་ཆོས་སྟོན་པས་རྣམ་པར་གནས་པའོ། །ད་ནི་སྔར་ཡང་གསུང་རྡོ་རྗེའི་སྐབས་སུ་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཀྱི་སྐུ་རབ་ཏུ་གསལ་བས་རྣམ་པར་གནས་པ་འདི་ལྟ་སྟེ། གསུངས་པ་རྡོ་རྗེ་སེམས་དཔའ་ཞེས་དགོངས་སོ། །དེ་ཉིད་ཀྱི་ཕྱིར་ཆོས་ཀུན་སྡོམ་

Vol. 5 · folio 230b

གཅིག་པའི་ནི་ཆོས་ཐམས་ཅད་དང་དབྱེར་མེད་པའི་སྐུའོ། །བདག་མེད་མ་ལ་འོ་མཛད་ནས། །ཞེས་པ་ནི་བདག་མེད་མ་ལ་འོ་མཛད་པས་སོ། །གསུང་རྡོ་རྗེ་གསལ་བ་ཉིད་དུ་གསུངས་པ། བཟླས་པའི་ཡུལ་ནི་རབ་ཏུ་དབྱེ་ནི་སྔགས་ཀྱི་ཁ་སྦྱོར་འབྱེད་པར་བསྟན་ཏོ། །ཤེལ་གྱིས་རེངས་པའི་བཟླས་པ་ཉིད། །

ཤེལ་གྱི་བགྲང་ཕྲེང་གི་རེངས་པར་བྱེད་པའི་ཡུལ་ལ་བཟླས་པར་བྱ་སྟེ། ཤེལ་གྱིས་རེངས་པའི་བཟླས་པ་ཉིད་ནི་འོད་གསལ་བ་ཉིད་མཆོག་ཏུ་མི་གཡོ་བའོ། །དབང་ལ་ཙནྡན་དམར་པོ་ཉིད། །ཅེས་པ་ནི་དབང་གིས་དབང་དུ་བྱེད་ན་ཙནྡན་དམར་པོའི་བགྲང་ཕྲེང་གིས་བཟླས་པར་བྱ་སྟེ། དབང་ནི་དབང་དུ་

འདུ་བ་དེ་ལའོ། །དམར་པོ་ནི་ཆགས་པའོ། །ཙནྡན་ནི་བདེ་བ་སྐྱེ་བར་བྱེད་པའོ། །ལུང་ཏང་གིས་ནི་མངོན་སྤྱོད་ཉིད། །ཅེས་པ་ནི་མངོན་སྤྱོད་ཀྱི་ཡུལ་ལ་ལུང་ཏང་གི་བགྲང་ཕྲེང་བཟླ་བར་བྱ་སྟེ། ལུང་ཏང་ཞེས་པ་ནི་ཡང་དག་པར་རྫོགས་པར་རྟོགས་པའི་ཕྱིར་རོ། །མངོན་སྤྱོད་ཅེས་པ་ནི་རྣམ་པ་ཐམས་ཅད་

མཁྱེན་པའོ། །ངེས་པ་ནི་གདོན་མི་ཟ་བ་ཉིད་དོ། །ནི་རཾ་ཤུས་ནི་སྡང་བ་ལ་ནི་ནེ་རཾ་ཤུ་ནི་མིའི་རུས་པའི་བགྲང་ཕྲེང་སྡང་བའི་ཡུལ་བཟླས་པར་བྱའོ། །ཡང་ན་སྡང་བ་ནི་རྡོ་རྗེ་འཛིན་པ་ཉིད་དོ། །ནི་རཾ་ཤུ་ནི་ནི་རཾ་ཤུ་ཡེ་ཤེས་ཀྱིས་ཏེ་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་གྱིས་ཡིན་པའི་དོན་ཏོ། །རྟའི་རུས་པས་

སྐྲོད་པའི་ཡུལ་ལ་རྟའི་རུས་པའི་ཕྲེང་བས་བཟླས་པར་བྱའོ། །སྐྲོད་པ་ཞེས་པ་ནི་གནས་ལས་འཕོ་བའོ། །རྟ་ནི་དོན་ཡོད་རླུང་རྡོ་རྗེའོ། །དེའི་རུས་པ་ནི་དེའི་ནི་རཾ་ཤུས་ཡིན་པའི་དོན་ཏོ། །བྲམ་ཟེའི་རུས་པས་དགུག་པ་ཉིད། །བྲམ་ཟེའི་རུས་པ་ཞེས་པ་ནི་དེ་བཞིན་གཤེགས་པའི་རུས་པའི་བགྲང་

ཕྲེང་གིས་དགུག་པའི་ཡུལ་ལ་བཟླས་པར་བྱའོ། །ཡང་ན་དགུག་པ་ནི་བསྡུ་བ་ནི་བྲམ་ཟེའི་རུས་པས་ཡོངས་སུ་མྱ་ངན་ལས་འདས་པ་རྟོགས་པས་སོ། །གླང་པོའི་རུས་པས་ཆར་དབབ་ལ། །ཞེས་པ་ནི་ཆར་པ་དབབ་པའི་ཡུལ་ལ་གླང་པོ་ཆེའི་རུས་པའི་བགྲང་ཕྲེང་གིས་བཟླ་བར་བྱའོ། །ཡང་

ན་ཆར་དབབ་པ་ཞེས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །གླང་པོའི་རུས་པ་ནི་འོད་དཔག་མེད་དང་དབྱེར་མེད་པའི་དོན་ཡོད་གྲུབ་པའི་ཡེ་ཤེས་ཀྱིས་ཡིན་པའི་དོན་ཏོ། །མ་ཧེའི་རུས་པས་གསད་པ་ལ། །ཞེས་པ་ནི་གསད་པའི་ཡུལ་ལ་མ་ཧེའི་རུས་པའི་བགྲང་ཕྲེང་གིས་བཟླས་པར་

Vol. 5 · folio 231a

བྱའོ། །ཡང་ན་གསད་པ་ཞེས་པ་ནི་དབང་པོ་ཐམས་ཅད་དང་ཡུལ་དང་རྣམ་པར་ཤེས་པ་རྣམ་པར་དག་པའི་རང་བཞིན་ནོ། །མ་ཧེའི་རུས་པས་གསད་པ་ལ། །ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཡེ་ཤེས་ཉིད་ཀྱི་རང་བཞིན་ནོ། །རེངས་པར་འོ་མའི་བཏུང་བ་ཉིད་

ནི་རེངས་པར་བྱེད་པའི་ཚེ་འོ་མའི་བཏུང་བ་བྱའོ། །དབང་གི་རང་གི་འདུན་པས་སྤྱད། །ཅེས་པ་ནི་དབང་དུ་བྱ་བ་ལའོ། །རང་གི་འདུན་པས་ཞེས་པ་ནི་ཇི་ལྟར་འདོད་པའོ། །སྤྱོད་ཅེས་པ་ནི་ཇི་ལྟར་འདོད་པ་ཡང་སྤྱད་པའོ། །གསད་པ་ལ་ནི་སི་ཧླ་ཉིད་ནི་སི་ཧླ་ཉིད་ལ་བྱའོ། །དགུག་པ་ལ་ནི་བཞི་མཉམ་

ཉིད། །སྡང་ལ་སཱ་ལུ་སྐྱེས་པ་བརྗོད། །བསྐྲད་ལ་དེ་བཞིན་གླ་རྩིའོ། །ཡང་ན། ཐོག་མཐའི་ཤྭ་དང་པོའི་ན། །དེ་བཞིན་ག་ཧ་དང་པོ་ཉིད། །བསྟན་ཟིན་པའི་ན་དང་གོ་དང་། གླང་པོ་དང་སཱཾ་ལི་ཉིད་ཡིན་པའི་དོན་ཏོ། །ཡང་ན་རེངས་པ་དང་། དབང་དུ་བྱ་བ་དང་། གསད་པ་དང་། དགུག་པ་དང་། དབྱེ་བ་དང་།

བསྐྲད་པ་དང་ལས་དྲུག་པོའི་དེ་རྣམས་ལ་དེ་བཞིན་གཤེགས་པ་ལྔའི་ས་བོན་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའི་ས་བོན་ནི། །དེ་ལ་འོ་མའི་བཏུང་བ་ཉིད། །ཅེས་པ་ནི་བྱང་ཆུབ་ཀྱི་སེམས་སོ། །རང་གི་འདུན་པ་ཞེས་པ་ནི་དེ་ཤར་བའི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ནོ། །སི་ཧླ་དང་བཞི་མཉམ་དང་། །སཱ་

ལུ་སྐྱེས་པ་དང་གླ་རྩི་རྣམས་ནི་བསྟན་ཟིན་པ་ཉིད་དེ། ནང་གི་མིག་ལ་སོགས་པ་རྣམ་པར་དག་པའོ། །ཕྱི་རོལ་དུ་ཡང་གཟུགས་ལ་སོགས་པ་རྣམ་པར་དག་པའོ། །ཐོག་མཐའ་སོགས་པ་ནི་གཉི་ག་དབྱེར་མེད་པའི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལོངས་སྤྱོད་རྫོགས་པའི་རྣམ་པར་

དག་པ་ཁ་སྦྱོར་འབྱེད་པའི་མཚན་ཉིད་དུ་བསྟན་པ་ཡིན་ནོ། །བཟླས་པའི་རིམ་པར་ཕྱེ་བ་སྟེ་བཅུ་པའོ། །རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས་སྐུའི་བཟླས་པའི་རིམ་པར་ཕྱེ་བ་ལེའུ་བཅུ་པའོ།། །།འདིས་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་སྐུ་གཉིས་བསྟན་ནས། ད་ནི་ཆོས་

ཀྱི་སྐུ་དང་དབྱེར་མེད་པ་ཉིད་དང་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ལུས་ཅན་རྣམས་ཀྱི་མཚན་ཉིད་བསྟན་པས་རྟོགས་པར་བྱ་བའི་ཕྱིར་གསུངས་པ། ཀྱེའི་རྡོ་རྗེ་ལ་དམ་འཁྱུད་ཅིང་། ཚེམས་ཀྱིས་མ་མཆུ་བཙིར་ནས་ནི། །ལུས་ཅན་རྣམས་ཀྱི་རིགས་ཀྱི་གཟུགས། །དེ་ལ་བདག་མེད་མས་ཞུས་པ། དམ་

Vol. 5 · folio 231b

འཁྱུད་ཅིང་ཞེས་པ་ནི་དགྱེས་པའི་རྡོ་རྗེ་ཉིད་དོ། །ཚེམས་ཀྱིས་མ་མཆུ་བཙིར་ནས་ནི། །ཞེས་པ་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་རྒྱུ་ཉིད་ཀྱི་དགྱེས་པའི་རྡོ་རྗེ་ཉིད་དོ། །དེའི་སྐབས་སུ་བདག་མེད་མས་ཞུས་པ་ཅི་ཡིན་པ་གསུངས་པ། ལུས་ཅན་རྣམས་ཀྱི་ཞེས་པ་ནི་བསགས་པའི་རང་བཞིན་རྣམས་

ཀྱིའོ། །རིགས་ཀྱི་གཟུགས་ནི་དེ་ལྟ་བུར་གྱུར་པ་ཅན་གྱི་ཡེ་ཤེས་སོ། །བྷ་གར་ལིངྒ་བཞག་ནས་ནི། །འཁོར་ལོའི་གཙོ་བོས་འདི་སྐད་གསུངས། །ཞེས་པ་ནི་རྡོ་རྗེ་འཛིན་པ་དང་བདག་མེད་མ་དབྱེར་མེད་པར་ཡོད་པའི་འཁོར་ལོའི་གཙོ་བོས་འདི་སྐད་ཅེས་གསུངས་ཏེ་དེ་ཡིན་

པ་གསུངས་པ། ལུས་ཅན་རང་གི་རིགས་བཤད་ཀྱི། །ཤེས་རབ་ཕ་རོལ་ཕྱིན་མ་ཉོན། །ཀྱེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉོན་ཅིག་པའོ། །ལུས་ཅན་ནི་བསགས་པའི་རང་བཞིན་ཅན་རྣམས་ཀྱིའོ། །གང་རིགས་ནི་གང་དང་གང་གི་གང་རིགས་ཡིན་པ་དེའོ། །བཤད་པ་ནི་བཤད་

པར་བྱ་བའོ། །དེ་ཉིད་གསུངས་པ། བུད་མེད་དམ་ནི་སྐྱེས་པ་ཡི། །གང་གི་སྲིན་ལག་རྩ་བ་ལ། །རྡོ་རྗེ་རྩེ་དགུ་པར་གྱུར་པ། །མི་བསྐྱོད་པ་ཡི་རིགས་མཆོག་ཉིད། །སྐྱེས་པའི་ལག་པ་གཡས་པའི་སྲིན་ལག་ལའོ། །བུད་མེད་ཀྱི་ལག་པ་གཡོན་པའི་སྲིན་ལག་ལའོ། །དེ་ལ་རྡོ་

རྗེ་རྩེ་དགུ་བས་གལ་ཏེ་མཚན་པར་གྱུར་ན་དེའི་ཚེ་མི་བསྐྱོད་པའི་རིགས་ཅན་གྱི་སྐྱེས་པ་དང་མི་བསྐྱོད་པའི་རིགས་ཅན་གྱི་བུད་མེད་དོ། །ཡང་ན་སྲིན་ལག་ནི་བདག་མེད་མའོ། །རྩ་བ་ལ་ནི་རྡོ་རྗེ་འཛིན་པའོ། །གཉི་གའི་ཡེ་ཤེས་ཡོད་པ་གང་ནི་མ་ནིང་སྟེ། བུད་མེད་དམ་

བདག་མེད་མ། སྐྱེས་པའམ་རྡོ་རྗེ་འཛིན་པའོ། །རྩེ་དགུ་པ་ནི་དགུའི་བདག་ཉིད་ཅན་མི་ཕྱེད་པའི་ཡེ་ཤེས་བདག་མེད་མའི་དཀྱིལ་འཁོར་དང་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །དེ་ཡང་གཉི་ག་དབྱེར་མེད་པའི་དཀྱིལ་འཁོར་གནས་དང་གནས་རྣམས་སུ་བསྟན་ཟིན་

པ་ཉིད་དོ། །མི་བསྐྱོད་རིགས་མཆོག་ཉིད་ནི་འདི་ཉིད་གཙོ་བོའོ། །རྣམ་སྣང་མཛད་ཀྱི་འཁོར་ལོར་འགྱུར། །ཞེས་པ་ནི་འཁོར་ལོ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་དུ་འགྱུར་རོ། །འོད་དཔག་མེད་ཀྱི་འདམ་སྐྱེས་ཉིད། །འོད་དཔག་ཏུ་མེད་པའི་རིགས་ཅན་

Vol. 5 · folio 232a

ཀྱི་མཚན་མ་པདྨར་འགྱུར་རོ། །རིན་ཆེན་འབྱུང་གི་རིན་ཆེན་ཉིད། །རིན་ཆེན་རིགས་ཅན་གྱི་མཚན་མ་རིན་པོ་ཆེར་འགྱུར་རོ། །ལས་ཀྱི་རིགས་ཀྱི་རལ་གྲི་ཉིད། །དོན་ཡོད་གྲུབ་པའི་རིགས་ཅན་གྱི་མཚན་མ་རལ་གྲིར་འགྱུར་རོ། །འཁོར་ལོ་

ནི་ཀུན་དུ་སྣང་བའི་རྣམ་པར་དག་པའོ། །པདྨ་ནི་བརྗོད་པའི་རྣམ་པར་དག་པའོ། །རིན་ཆེན་ནི་རང་རིག་པའི་རང་བཞིན་ནོ། །རལ་གྲི་ཡང་མི་ཤེས་པ་ཐམས་ཅད་གཅོད་པར་བྱེད་པ་ཉིད་ཀྱི་རྡོ་རྗེ་གསུམ་དབྱེར་མེད་པ་ལྷན་ཅིག་སྐྱེས་པའི་རང་བཞིན་འབྲས་བུར་གྱུར་

པ་རྡོ་རྗེ་རྩེ་དགུ་པའི་རང་བཞིན་མི་བསྐྱོད་པའི་རིགས་མཆོག་གཉི་ག་མཉམ་པ་ཉིད་ཀྱི་རིགས་མ་འཁྲུགས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལྷུན་གྱིས་གྲུབ་པ་ཉིད་དུ་མངོན་དུ་འགྱུར་རོ། །རང་འདོད་ལྷའི་རིགས་ཀྱིས་ནི་སྤྱོད་པ་བྱེད་པ་ཞེས་པ་གང་མདོར་བསྟན་

པ་དེ་ཤིན་ཏུ་གཏན་ལ་ཕབ་པ་ཡིན་ནོ། །འདིས་ནི་མཚན་མའི་རྣམ་པར་དག་པ་དེ་བཞིན་གཤེགས་པའི་རང་བཞིན་དུ་བསྟན་པ་ཡིན་ནོ། །གཞན་ཡང་ཁ་དོག་གི་མཚན་མ་གསུངས་པ། རྣལ་འབྱོར་པ་གང་ནག་པོ་ཆེ། །དེ་ཡི་ལྷ་ནི་མི་བསྐྱོད་པ། །འདི་ནི་ཉེ་བར་

མཚོན་པ་ཙམ་ཉིད་གཉི་གའི་ཡང་མཚན་མ་ཡིན་ནོ། །རྣལ་འབྱོར་པ་གང་དཀར་པོ་ཉིད། །དེ་ཡི་ལྷ་ནི་རྣམ་སྣང་ཆེ། །རྣལ་འབྱོར་པ་གང་སྔོ་བསངས་ཆེ། །དེ་ཡི་ལྷ་ནི་དོན་ཡོད་ཡིན། །རྣལ་འབྱོར་པ་གང་སེར་པོ་ཆེ། །རིན་ཆེན་བདག་པོ་རིགས་ཀྱི་ལྷ། །རྣལ་འབྱོར་

པ་གང་དཀར་དམར་ཉིད། །འོད་དཔག་མེད་པ་རིགས་ཀྱི་ལྷ། །རྣལ་འབྱོར་པ་གང་དཀར་དང་སེར། །དེ་ནི་སེམས་དཔའི་རིགས་སུ་འགྱུར། །འདིས་ནི་ནག་པོ་ནི་མི་བསྐྱོད་པ་ཐུགས་རྡོ་རྗེའོ། །དཀར་པོ་ནི་རྣམ་པར་སྣང་མཛད་སྐུ་རྡོ་རྗེའོ། །སྔོ་བསངས་ཆེ་ནི་དོན་ཡོད་གྲུབ་

པ་གསུང་རྡོ་རྗེའོ། །གང་སླར་ཡང་སེར་པོ་ཆེ་ནི་རིན་ཆེན་གཙོ་བོ་རྡོ་རྗེ་གསུམ་དབྱེར་མེད་པའི་རྡོ་རྗེ་འཛིན་པའོ། །རྣལ་འབྱོར་པ་གང་དཀར་དམར་ཉིད། །ཅེས་པ་ནི་དམར་པོ་རིན་ཆེན་འབྱུང་ལྡན་ནོ། །དཀར་པོ་འོད་དཔག་ཏུ་མེད་པ་སྟེ། དེ་དག་གི་རྣལ་འབྱོར་གང་ལ་ཡོད་པ་དེ་ནི་འོད་

Vol. 5 · folio 232b

དཔག་མེད་པའི་རིགས་ཀྱི་ལྷའོ། །དཀར་དང་སེར་ཞེས་པ་ནི་འོད་གསལ་བའོ། །འོད་གསལ་ཉིད་ཀྱིས་ནི་རྡོ་རྗེ་སེམས་དཔའི་རིགས་ཞེས་པ་ནི་རྡོ་རྗེ་སེམས་དཔའི་རིགས་ཏེ་དེ་ཉིད་རྡོ་རྗེ་སེམས་དཔའ་ཡིན་པའི་དོན་ཏོ། །འདིས་ནི་ཐུགས་རྡོ་རྗེ་དང་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་མི་བསྐྱོད་པ་

ལ་སོགས་པའོ། །གང་གསུམ་ནི་རིན་ཆེན་གཙོ་བོ་དང་། རྡོ་རྗེ་འཛིན་པ་དང་འོད་དཔག་ཏུ་མེད་དེའི་ཐབས་སུ་གྱུར་པའོ། །སླར་ཡང་རྡོ་རྗེ་སེམས་དཔའི་རྣམ་པ་ཐམས་ཅད་མཁྱེན་པ་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། ཁ་དོག་དང་མཚན་མས་བསྟན་པ་ཡིན་ནོ། །

སྐྱེ་བོ་རྣལ་འབྱོར་མཐར་ཕྱིན་པས། །ང་རྒྱལ་མི་བཅག་མཐོ་མི་བཙམས། །སྐྱེ་བོ་ཞེས་པ་ནི་ལུས་ཅན་ནོ། །ང་རྒྱལ་མི་བཅག་ནི་བརྙས་པར་མི་བྱ་བའོ། །མཐོ་མི་བཙམས་ནི་རྣམ་པར་འཚེ་བར་མི་བྱ་བའོ། །རྣལ་འབྱོར་ནི་རྣལ་འབྱོར་རོ། །མཐར་ཕྱིན་པས་ནི་གཉིས་སུ་མེད་པའི་

རང་བཞིན་རྟོགས་པས་སོ། །ཇི་ལྟར་ཡིན་པ་གསུངས་པ། དེ་རྣམས་བདེར་གཤེགས་རིགས་སུ་འགྱུར། །དེ་རྣམས་ནི་ལུས་ཅན་ནོ། །བདེ་གཤེགས་རིགས་ནི་དེ་བཞིན་གཤེགས་པའི་ཚོགས་ཀྱི་ནང་དུ་ཞུགས་ཏེ་དེ་བཞིན་གཤེགས་པའི་རང་བཞིན་ཉིད་ཡིན་ནོ། །ཇི་ལྟར་

ཞེ་ན། །ཀུན་རྫོབ་གཟུགས་སུ་གནས་ནས་ནི། །ཀུན་རྫོབ་གཟུགས་ནི་རང་བཞིན་ནོ། །གནས་པ་ནི་ཐོབ་པ་ཡིན་པར་དགོངས་སོ། །རྣལ་འབྱོར་པ་གང་ཞེས་པ་ནི་སྐྱེས་པ་ཉིད་ཀྱི་མཚན་མའི་མཆོག་ནི་ཉེ་བར་མཚོན་པ་གཞན་ཡིན་པས། བུད་མེད་ཀྱི་ཡང་བལྟ་བར་བྱ། །ཞེས་པ་གང་

བསྟན་པ་དེ་ཡང་བདེ་བར་བྱ་སྟེ། བུད་མེད་རྣམས་ཀྱི་མཚན་ཉིད་འདི། །ཇི་ལྟར་སྐྱེས་པའི་དེ་བཞིན་ནོ། །ཀུན་རྫོབ་ཐ་སྙད་ཚུལ་ལས་ནི། །དེ་ཡི་རིགས་སུ་འང་དེ་འགྱུར་རོ། །དེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེའི་རིགས་སུའང་ནི་རྡོ་རྗེའི་རྣལ་འབྱོར་མ་གཡུང་

མོ་ལ་སོགས་པ་རྣམས་ཀྱི་རིགས་སུ་འགྱུར་རོ། །ཇི་ལྟར་ཞེ་ན། ཀུན་རྫོབ་ཐ་སྙད་ཚུལ་ལས་ནི། །ཀུན་རྫོབ་ཀྱི་རང་བཞིན་གྱི་སྤྱོད་པའི་ངོ་བོ་ཉིད་ལས་ཡིན་པའི་དོན་ཏོ། །གཉི་ག་དབྱེར་མེད་པ་ཉིད་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་དོན་དམ་པའི་བདེན་པ་ཡིན་ཞིང་བདེན་པ་

Vol. 5 · folio 233a

གཉིས་ཀྱི་ཚུལ་ལ་གནས་པའི་ཟུང་འཇུག་འབྱུང་བའི་ལམ་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ། །དེ་ལ་རྡོ་རྗེ་འཆང་མཉེས་ནས། །བྷ་གར་ལིངྒ་འོ་མཛད་ནས། །རྡོ་རྗེ་ཆེ་ནི་རྡོ་རྗེ་འཛིན་པའོ། །དེ་ལ་ཞེས་པ་ནི་དེ་ལྟར་རྣམ་པར་གནས་པར་ཡོད་པའོ། །དེ་

མཉེས་ནས་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ནོ། །ཇི་ལྟར་ཞེ་ན། །བྷ་གར་ལིངྒ་འོ་མཛད་ནས། །ཏེ་ཕན་ཚུན་དུ་ཁ་སྦྱོར་བ་ཡིན་པར་དགོངས་སོ། །བདག་མེད་མ་ཡིས་རྟོགས་མཛད་པ། །ལྷ་མོ་རབ་ཏུ་མཆོད་པ་ཉོན། །བདག་མེད་མ་གོ་བའི་རང་བཞིན་དུ་ཡང་མཛད་

པའོ། །དེ་གསུངས་པ། ལྷ་མོ་རབ་ཏུ་མཆོད་པ་ཉོན། །འདི་ལྟ་བུའི་མཚན་མ་བསྟན་པའི་རང་གི་རིགས་ཀྱི་རིགས་མི་མཐུན་པ་མེད་པ་ཉིད་དང་། མཉམ་པར་སྦྱར་ལས་ཁྱད་པར་དུ་འཕགས་པའི་མཆོད་པར་འགྱུར་རོ། །ཁྱད་པར་དུ་འཕགས་པའི་མཆོད་པའི་རིམ་པ་ཉིད་གསུངས་

པ། །ཚལ་དང་སྐྱེ་བོ་མེད་གནས་དང་། །བདག་གི་ཁྱིམ་གྱི་ནང་དུ་ཡང་། །གཅེར་བུས་ཕྱག་རྒྱ་ཆེར་བྱས་ནས། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །རྟག་ཏུ་ཞེས་པ་ནི་རྒྱུན་མི་འཆད་པ་ཉིད་ཀྱིས་སོ། །སྐྱེད་མོས་ཚལ་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །སྐྱེ་བོ་མེད་

གནས་དང་ཞེས་པ་ནི་ལོངས་སྤྱོད་ཀྱི་འཁོར་ལོའོ། །བདག་གི་ཁྱིམ་ཞེས་པ་ནི་ཆོས་ཀྱི་འཁོར་ལོའོ། །ནད་ཞེས་པ་ནི་སྤྲུལ་པའི་འཁོར་ལོའོ། །ཐམས་ཅད་ཉིད་དུ་གཅེར་བུ་ཕྱག་རྒྱ་ཆེར་བྱས་ནས་ནི་སྒྲིབ་པ་མེད་པའི་རང་བཞིན་གྱི་རྣམ་པར་གཞག་པའོ། །རྣལ་འབྱོར་རིག་

པས་རྟག་ཏུ་མཆོད་ནི་བཤད་ཟིན་པའི་དོན་ཏོ། །ཅི་བྱས་ནས་ཤེ་ན་གསུངས་པ། འོ་དང་འཁྱུད་པ་བྱས་ནས་ནི། །དེ་བཞིན་བྷ་གར་རེག་པ་ཉིད། །སྐྱེས་པའི་སྣ་ནི་གཞིབ་པ་ཉིད། །མ་མཆུའི་སྦྲང་རྩི་བཏུང་བ་ཉིད། །འོ་དང་འཁྱུད་པ་བྱས་ནས་ནི། །ཞེས་པ་ནི་གསུང་གི་རྣལ་

འབྱོར་དང་སྐུའི་རྣལ་འབྱོར་བྱས་ནས་སོ། །བྷ་གར་རེག་པ་ཉིད་ཅེས་པ་ནི་ཐུགས་ཀྱི་རྣལ་འབྱོར་བསྟན་ཏོ། །སྐྱེས་པའི་སྣ་ནི་གཞིབ་པ་ཉིད། །ཅེས་པ་གཉི་གའི་རྡོ་རྗེ་བུ་གའི་ནང་ནས་གཉི་གའི་བྱང་ཆུབ་ཀྱི་སེམས་བབ་པ་ལས་མ་མཆུའི་སྦྲང་རྩི་བཏུང་བ་ཉིད་དེ་རིམ་པ་འདིས་མ་

Vol. 5 · folio 233b

མཆུའི་བཏུང་བ་ཡིན་པ་ནི་མན་ངག་གོ། །རྟག་ཏུ་མྱོས་པའི་མཚན་མ་ལས། །མྱོས་པའི་མཚན་མ་ལག་པ་ཡིས། །རྡོ་རྗེ་ལྡན་པ་ལས་རྟག་བྱ། །མྱོས་པའི་མཚན་མ་ལག་པ་ཡིས། །ཞེས་པ་ནི་སོར་མོ་ལྔ་བཅུག་པ་ལས་སོ། །རྡོ་རྗེ་ལྡན་པས་ཇི་ལྟ་བ་བཞིན་དུ་ལས་བྱ་སྟེ།

དེ་བཞིན་དུ་ཤེས་རབ་མ་རྣམས་མཆོད་པར་བྱས་པ་ཡིན་ནོ། །ཡང་ན་མྱོས་པའི་མཚན་མ་ལག་པ་ཡིས། །ཞེས་པ་ནི་མྱོས་པའི་མཚན་མའི་མཚན་མ་དེ་བྱེད་པ་ཡིན་པས་མྱོས་པའི་མཚན་མའི་ལག་པ་སྟེ། མྱོས་པའི་མཚན་མའི་ལག་པས་མཁུན་འབྱིན་ཅིང་གཅོད་

སྐད་སྒྲོགས་པའོ། །རྡོ་རྗེ་ལྡན་པས་ལས་བྱེད་པ་ནི་སྙོམས་པར་འཇུག་པའི་སྦྱར་བ་བྱ་བའོ། །རྟག་ཏུ་ཞེས་པ་ནི་རྒྱུན་མ་ཆད་པ་ཉིད་ཀྱིས་སོ། །རིམ་པའི་ཁྱད་པར་གསུངས་པ། ཁྱོགས་དང་གྲུ་མོ་ཞེས་བྱ་དང་། །དེ་བཞིན་ཤིན་ཏུ་བརྐྱང་པ་ཡིས། །ཁྱོགས་དང་ཞེས་པ་

ནི་སྐྱེས་པའི་འདོད་པ་སྐྱེད་པའི་བུད་མེད་ཀྱི་མདོམས་སུ་གནས། རྐེད་པའི་ཕྱོགས་ཀྱི་མདུན་དང་རྒྱབ་ཏུ་ལྡིང་བར་བྱ་བའོ། །ཁྱོགས་ཞེས་པའི་ཁྱོགས་དང་འདྲ་བས་ཁྱོགས་སོ། །དེ་སྐད་དུ་བུད་མེད་མདོམས་ཀྱི་སྟེང་དུ་ཞོན། །མདུན་དང་རྒྱབ་ཏུ་རིམ་པས་ནི། །རྐེད་

པར་ལྡིང་བར་འགྱུར་བ་ནི། །དེ་ནི་ཁྱོགས་སུ་རབ་ཏུ་གྲགས། །ཞེས་གསུངས་སོ། །བླ་མའི་གདམས་ངག་ལས་ཀྱང་སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ཏེ། དེའི་སྟེང་དུ་བཞག་ལ་རྡོ་རྗེའི་ལྕགས་སྒྲོག་སྙོམས་པར་ཞུགས་ནས། རྡོ་རྗེ་པདྨ་སྙོམས་འཇུག་པའི་རྣལ་འབྱོར་བསྟན་

པ་ནི་ཁྱོགས་ཡིན་པས་ཁྱོགས་ཀྱི་རིམ་པའོ། །ཁྱོགས་ཀྱི་རིམ་པས་གྲུ་མོ་ཞེས་པ་ནི། ལངས་ནས་སྐེད་པ་ལ་འཁྱུད་ནས་བུད་མེད་ཀྱི་པུས་མོ་གཡས་པའི་འོག་ཏུ་བདག་ཉིད་ཀྱི་གྲུ་མོ་གཡོན་པ་བཅུག་ལ་ལག་པ་གཡས་པས་དེའི་རྒྱབ་ནས་འཁྲུད་པ་ནི་གྲུ་མོ་ཞེས་

བྱ་བའི་སྦྱོར་ཐབས་སོ། །དེ་སྐད་དུ་ཡང་ལངས་ནས་ཁྲ་སྤྲད་དུ་འཇུག་སྟེ། །བུད་མེད་པུས་མོ་གཡས་པ་ནི། །བཏེག་ནས་གྲུ་མོ་འོག་ཏུ་གཞུག །སྦྱོར་བ་ལངས་པའི་སྦྱར་ཐབས་སོ། །ལངས་ཞེས་པ་ནི་ཁྱོགས་དང་བུད་མེད་དག་གལ་ཏེ་ཡང་ཁ་སྤྲད་པ་དེ་ཉིད་

Vol. 5 · folio 234a

ལངས་པའི་སྦྱོར་ཐབས་ཀྱི་སྦྱོར་བའོ། །ཡང་ན་རྐང་པ་གཡས་པ་མགོར་བཏེག་ནས། །སྐྱེས་པ་དང་བུད་མེད་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པས་མགྲིན་པ་ནས་འཁྱུད་ཅིང་མཆན་འོག་གཉིས་ཀྱི་འོག་ནས་ལག་པ་གཉིས་རྒྱབ་ཏུ་སྦྲེལ་

ནས་སྙོམས་པར་འཇུག་པར་བྱའོ། །དེ་བཞིན་ཤིན་ཏུ་བརྐྱང་པ་ཡིས། །ཞེས་པ་ནི་བུད་མེད་གན་རྐྱལ་དུ་ཉལ་བའི་རྐང་པའི་མཐིལ་གཉིས་ཀྱི་སོར་མོ་ལག་པའི་སོར་མོས་སྦྲེལ་བ་སྔོན་དུ་འགྲོ་བས་འཇུག་ཅིང་ལག་པ་གཉིས་བརྐྱང་ནས་ངང་པའི་གཤོག་པ་

ལྟ་བུར་བྱ་བའོ། །འདི་ནི་ཤིན་ཏུ་བརྐྱང་པའོ། །དེ་སྐད་དུ། ཤིན་ཏུ་བརྐྱང་པ་གཉིས་དག་ལ། །རྐང་གཉིས་ཤིན་ཏུ་བརྐྱང་བ་ལ། །ངང་པའི་གཤོག་པའི་རྣམ་པ་ལྟར། །བརྐྱང་བ་རུ་ནི་རབ་ཏུ་གྲགས། །ཞེས་གསུངས་སོ། །དེ་ལྟ་བུའི་རིམ་པས་ཡང་དང་ཡང་བརྟུལ་

ཞུགས་ཅན་གྱིས་འདོད་པ་བྱའོ། །སྟེང་དང་འོག་ཏུ་བལྟ་བ་ཉིད། །སྟེང་དང་འོག་ཏུ་བལྟ་ཞེས་པ་ནི་བཞིན་དང་པདྨ་ལ་འོ་བྱའོ། །ཡང་ན་ཡང་ཡང་ཞེས་པ་ནི་རྒྱུན་མ་ཆད་པ་ཉིད་ཀྱིས་སོ། །རྡོ་རྗེ་ནི་མི་ཕྱེད་པའི་སྐུའོ། །འདོད་པ་བྱ་ནི་ལྷན་ཅིག་སྐྱེས་པ་སྔོན་དུ་བྱ་བའོ། །ཡང་

ན་སྟེང་དང་འོག་ཏུ་བལྟ་བ་ཉིད་ནི། སྟེང་དང་འོག་ཏུ་བལྟ་ཞིང་ཉམས་སུ་མྱོང་བ་མངོན་དུ་བྱ་བའོ། །དེ་ནས་འབྲས་བུ་ཅིར་འགྱུར་བ་གསུངས་པ། དངོས་གྲུབ་རྒྱས་པ་ཐོབ་པ་སྟེ། སངས་རྒྱས་ཀུན་དང་མཉམ་པར་འགྱུར་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །དེ་

ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་ནི་མེ་ལོང་ལྟ་བུ་ལ་སོགས་པ་རྣམས་ཀྱིས་སོ། །མཉམ་པ་ཉིད་ནི་གཉིས་སུ་མེད་པར་རྟོག་པ་སྐྱེད་པའོ། །སྐད་ཅིག་དེ་ལ་ཅི་འདྲ་བར་འགྱུར་བ་ཡིན་པ་གསུངས་པ། དེ་ལ་ག་པུར་བཏུང་བར་བྱ། དེ་ལ་ག་པུར་རྒྱུ་ཡི་ཕྱིར། །ཤ་ནི་བཟའ་བ་ཉིད་

དུ་བྱ། །ཁྱད་པར་དུ་ཡང་ཆང་ཉིད་དོ། །ག་པུར་བཏུང་བར་བྱ་ཞེས་པ་ནི་ཨཱ་ལི་ནཱ་དའི་ཕྲེང་བ་ཡང་དག་པར་མཐོང་བའོ། །ཁྱད་པར་དུ་ཡང་ཆང་ཉིད་དོ། །ཞེས་པ་ནི་ཨཱ་ལིའི་ནཱ་དའི་བཏུང་བ་ཉིད་དང་ཀཱ་ལིའི་བཏུང་བའོ། །དེ་ཉིད་ཀྱི་ཕྱིར་ཆང་ནི་ཐུགས་རྡོ་རྗེ་བཏུང་

Vol. 5 · folio 234b

བའོ། །དེ་ལ་ཞེས་པ་ནི་སྐད་ཅིག་དེ་ལའོ། །ཤ་ནི་བཟའ་བ་ཉིད་དུ་བྱ། །ཞེས་པ་ནི་སྐུའི་མངོན་པར་ཞེན་པ་ཡང་མེད་པ་ཉིད་དོ། །འདི་ཐམས་ཅད་ཉིད་ཇི་ལྟར་བྱ་བ་ཡིན་པའི་རིམ་པ་གསུངས་པ། ག་པུར་རྒྱུའི་ཕྱིར་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྒྱུའི་ཕྱིར་ཐམས་

ཅད་ཡིན་པར་དགོངས་སོ། །ལྷན་ཅིག་སྐྱེས་པའི་སྦྱོར་བའི་དོན་གྱི་རིམ་པར་ཕྱེ་བ་བཅུ་གཅིག་པའོ།། །།ལྷན་ཅིག་སྐྱེས་པའི་སྦྱོར་བའི་དོན་ནི་ལྷན་ཅིག་སྐྱེས་པ་ཉིད་ཀྱི་དོན་ཏེ་དོན་དམ་པའོ། །དེ་ཡང་སྦྱོར་བ་ནི་ཤེས་རབ་མཆོད་པའི་མཚན་ཉིད་དོ། །དེ་ཉིད་གཙོ་བོ་ཡིན་

པའི་ཕྱིར་རིམ་པར་ཕྱེ་བ་གང་དེ་ལ་ལྷན་ཅིག་སྐྱེ་བའི་སྦྱོར་བའི་དོན་གྱི་རིམ་པར་ཕྱེ་བའོ། །བཅུ་གཅིག་ནི་གཅིག་ནི་ཟླ་མེད་པའོ། །བཅུ་མ་ཡིན་པར་ཁ་སྦྱོར་བ་ཉིད་ཀྱི་དགུའི་བདག་ཉིད་ཡིན་པའི་དོན་ཏོ། །རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས། བརྟག་པ་

གཉིས་པའི་ལྷན་ཅིག་སྐྱེས་པ་སྦྱོར་བའི་དོན་གྱི་རིམ་པར་ཕྱེ་བ་ལེའུ་བཅུ་གཅིག་པའོ།། །།ད་ནི་ལྷན་ཅིག་སྐྱེས་པའི་སྦྱོར་བའི་དོན་གྱི་རིམ་པར་ཕྱེ་བ་བཅུ་གཅིག་པ་གསལ་བར་བྱས་ནས། དེ་ནས་རྡོ་རྗེ་ཅན་གྱིས་དབང་། །བཞི་པའི་ཚིགས་བཅད་བཀའ་སྩལ་

པ། །ཞེས་པ་ནི་དབང་བཞིའི་ཚིགས་སུ་བཅད་པ་བཀའ་སྩལ་པ་སྟེ། སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་བྱ་བས་དབང་བཞི་གསང་བ་ལས་ཀྱང་ཆེས་གསང་བ་སྟེ། དེ་རྣམས་ཀྱི་ཚིགས་སུ་བཅད་པ་བཀའ་སྩལ་པའོ། །

རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེ་དང་དྲིལ་བུ་ཆེན་པོ་ཟུང་། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །རྡོ་རྗེ་ཉིད་ཆེ་དང་ཞེས་པ་ནི་ཁ་སྦྱོར་བའི་རང་བཞིན་ཟུང་དུ་འཇུག་པའོ། །དྲིལ་བུ་ཆེན་པོ་ཞེས་པ་ནི་འདི་ཡང་དོན་འདི་ཉིད་དོ། །རྡོ་རྗེ་

ཟུང་ནི་མི་ཕྱེད་པའི་སྐུའོ། །དེ་ཉིད་ཀྱི་ཕྱིར། རབ་གནས་ཏེ་རེ་རེ་ཞིང་ཐམས་ཅད་ཉིད་དུ་རྣམ་པར་གནས་སོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱུར། སློབ་མ་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཡེ་ཤེས་སོ། །བསྡུ་བ་ནི་ཡང་དག་པར་བསྡུ་

Vol. 5 · folio 235a

བའི་ཚུལ་ལོ། །གྱིས་ནི་རྫོགས་པའོ། །རྡོ་རྗེ་ཟུང་ཞེས་པ་ནི་སློབ་དཔོན་གྱི་དབང་ངོ་། །དྲིལ་བུ་ཆེ་ཞེས་པ་ནི་གསང་བའི་དབང་ངོ་། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་བ། །བདག་གིས་གསང་བའི་དབང་

གིས་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །འདིས་ནི་ཤེས་རབ་ཀྱི་དབང་བསྟན་ཏོ། །ལྷ་མོ་དགའ་སྟེར་གནས་སྟེར་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་དག་ཏུ་གྱིས། །དགའ་སྦྱིན་ཞེས་པ་ནི་ཕུལ་དུ་

བྱུང་བ་ལྷག་པ་མེད་པའི་བདེ་བའི་རང་བཞིན་ནོ། །གནས་སྦྱིན་མ་ཞེས་པ་ནི་གནས་པ་མེད་པའི་ཚུལ་གྱིས་ལེགས་པར་གནས་པའོ། །ལྷ་མོ་ཞེས་པ་ནི་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་སྣ་ཚོགས་གཟུགས་ཅན་ནོ། །དེ་ཉིད་ཀྱི་ཕྱིར་ཡིད་འོང་མ་

ཡང་ངོ་། །ཁྱེར་ཅིག་ཁྱེར་ཅིག་ནི་ཤིན་ཏུ་བརྟན་པར་གྱིས་ཤིག་པའོ། །དེ་ལྟར་ཀྱེ་སེམས་དཔའ་ཆེན་པོ་ཁྱོད་ཡེ་ཤེས་ཆེན་པོའི་རོས་ཡོངས་སུ་གང་བའི་སྐུའོ། །ཁྱེར་ལ་ནི་ཤིན་ཏུ་བརྟན་པར་གྱིས་ཤིག་པའོ། །མཆོད་པ་དག་ཏུ་གྱིས་ནི་གཉི་ག་དབྱེར་མེད་པའི་རང་བཞིན་

ཟུང་དུ་འཇུག་པར་སྐྱེད་པའོ། །ད་ནི་དབང་བསྐུར་བཞི་པ་ནི། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུར། །རྡུལ་བྲལ་ཐར་སྦྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །གང་འདི་ནི་བཞི་པའི་དབང་བསྐུར་བའི་སའོ། །དེ་ཉིད་ཀྱི་ཕྱིར་ཡང་དག་

པའི་ཡེ་ཤེས་སོ། །དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། །ཆེས་ཕྲ་ཞིང་ནི་དབང་པོ་ལས་འདས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་སྙིང་པོ་ནི་མི་ཕྱེད་པའི་རང་བཞིན་གྱི་སྙིང་པོའོ། །དེ་ཉིད་ཀྱི་ཕྱིར་མཁའ་ལྟ་བུར་ཏེ་དེ་ཉིད་ཀྱི་ཕྱིར་རྡུལ་བྲལ་བའོ། །དེ་ཉིད་ཀྱི་ཕྱིར་ཐར་སྟེར་ནི་

ཐར་པ་ནི་རྟོག་པ་ཡོངས་སུ་སྤངས་པའི་རང་བཞིན་ནོ། །ཞི་བ་ཉིད་ཞེས་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་རང་བཞིན་སྤྱན་ཐམས་ཅད་ཀྱིས་སྣང་བར་མ་གྱུར་པའོ། །དེ་ཉིད་ཁྱོད་ཀྱི་ཕ་ནི་སྔར་ཁྱོད་ཀྱི་སྐྱེད་པར་བྱེད་པའོ། །དེ་ཡང་སྐྱེད་པར་བྱེད་པ་

Vol. 5 · folio 235b

ཁྱོད་ཉིད་དོ། །དེ་ཉིད་ཇི་ལྟར་ཞེ་ན། གང་བདག་ཉིད་གཞན་ཅི་ཡང་མ་ཡིན་ཏེ། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་རང་བཞིན་ནོ། །དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་པ་དོན་འདིས་གསལ་བ་ཉིད་དོ། །ཆེས་ཕྲ་ཞིང་ཞེས་པ་ནི་དགའ་བ་དང་པོའོ། །རྡོ་རྗེ་སྙིང་པོ་ཞེས་པ་

ནི་དགའ་བ་གཉིས་པའོ། །ནམ་མཁའ་ལྟ་བུར་ཞེས་པ་ནི་གསུམ་པ་རྣམ་པར་དག་པའོ། །རྡུལ་བྲལ་ཞེས་པ་ནི་བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ཉིད་ཐར་པ་ཀུན་དུ་རྟོག་པ་ཡོངས་སུ་སྤངས་པས་ཐབས་ཡིན་ཏེ། ཡེ་ཤེས་དེ་ནི་ཞི་བ་ཡིན་པར་བསྟན་པའི་དོན་ཏོ། །ལྷན་

ཅིག་སྐྱེས་པའི་ཡེ་ཤེས་འདི་ཉིད་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་མེད་ན་རྒྱུན་མི་འཆད་པར་མི་འགྱུར་བས་ནི། །རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་གསུངས་པ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པའི་སྔགས་དེ་ཉིད་གསུངས་པ། ཨོཾ་པདྨ་སུ་ཁཱ་དྷཱ་ར་མ་ཧཱ་རཱ་ག་སུ་ཁཾ་ད་ད། ཙ་ཏུ་རཱ་ནནྡ་བྷཱ་ག་བི་ཤྭ་

ཧཱུཾ་ཧཱུཾ་ཀཱ་རྱཾ་ཀུ་རུ་ཥྭ་མེ། ཨོཾ་ཞེས་བྱ་བ་ནི་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་དུ་བསྟན་ཏོ། །པདྨ་ཞེས་བྱ་བ་ནི་པདྨའོ། །སུ་ཁཱ་དྷཱ་ར་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པའོ། །དེ་ཉིད་ཕྱིར། མ་ཧཱ་རཱ་ག་སུ་ཁཾ་ད་ད་སྟེ། མ་ཧཱ་རཱ་ག་ནི་ཡེ་ཤེས་སོ། །ད་ད་ནི་བྱིན་པས་ཐོབ་

པའོ། །མ་ཧཱ་རཱ་ག་སུ་ཁཾ་ད་ད་ནི་ཀུན་དུ་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་པར་དགོངས་སོ། །དེ་ཉིད་ཀྱི་ཕྱིར། ཙ་ཏུ་རཱ་ནནྡ་བྷཱ་ག་ནི། དགའ་བ་བཞི་གཅིག་པའི་རང་བཞིན་གྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། བི་ཤྭ་ནི་རྡོ་རྗེ་འཛིན་པའོ། །ཧཱུཾ་ཧཱུཾ་ནི་འདི་ཉིད་དོ། །ཀཱརྱཾ་ནི་རྫོགས་

པའོ། །དེ་བདག་ལ་མེ་ཀུ་རུ་སྐྱེད་ཅིག་པའོ། །ལྷན་ཅིག་སྐྱེས་པ་དག་ལས་གང་བྱུང་བའི་ལྷན་ཅིག་སྐྱེས་པ་དེའི་དོན་ནི་འདི་ཡིན་ཏེ། ཡི་གེ་ཧཱུཾ་གཉིས་ཀྱིས་བསྟན་ཏོ། །ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ནནྡ་དཱ་ཡཱ་ཀཿ། ཁ་ག་མུ་ཁཻ་ཀ་ར་སོ་ནཱ་ཐ་ཧཱུཾ་ཧཱུཾ་ཀཱརྱཾ་ཀ་རུ་ཥ་མེ། ཨོཾ་ཞེས་པ་ནི་བཤད་

ཟིན་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ནནྡ་ཡ་ཀཿཞེས་པ་ལ། ཙ་ཏུ་རཱ་ནནྡ་དཱ་ནི་ཀུན་དུ་རྟོག་པ་སྤངས་པའོ། །ཁ་ག་མུ་ཁཻ་ཀ་ར་སོ་ནི་ནམ་མཁའ་ལ་འགྲོ་བས་ན་ཁ་ག་སྟེ་ཐུགས་སོ། །དེ་ཉིད་ཀྱི་མུ་ཁ་ནི་དང་པོའོ། །དེ་ཉིད་ཨེ་ཀ་ར་སོ་ནི་ཟླ་མེད་པར་ཉམས་སུ་མྱོང་

Vol. 5 · folio 236a

བའི་མཚན་ཉིད་དོ། །ནཱ་ཐ་ཞེས་པ་ནི་འགྲོ་བའི་བླ་མའོ། །དེ་ནི་བོད་པའི་ཚིག་ཡིན་པས་ཀྱེ་ནཱ་ཐའོ། །ཧཱུཾ་ཧཱུཾ་ཀཱ་རྱཾ་ཀུ་རུ་ཥྭ་མེ་ཞེས་པ་ནི་བཤད་ཟིན་པའི་དོན་ཏོ། །རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པའི་སྔགས་དམིགས་པའི་ཚེ་མགོ་བོ་ནི་ཨོཾ་ཞེས་པ་ནི་བདེ་བ་

ཆེན་པོའི་འཁོར་ལོ་རེ་སྨིན་མཚམས་སུ་ཟླ་བའི་གདན་ལ་ཡི་གེ་ཨོཾ་ཁ་དོག་དཀར་པོའོ། །སྙིང་གར་ནི་ཧཱུཾ་ངོ་ཞེས་པ་ནི་སྙིང་ག་ཆོས་ཀྱི་འཁོར་ལོར་ཉི་མར་གནས་པའི་ཡི་གེ་ཧཱུཾ་སྔོན་པོའོ། །ཟེའུ་འབྲུ་ལ་ནི་ཡི་གེ་ཨའོ། །ཞེས་པ་ནི་སྤྲུལ་པའི་འཁོར་ལོའི་ལྟེ་བ་ལ་ཡི་གེ་ཨ་

དམར་པོའོ། །རྐེད་པའི་མཚམས་སུ་ཡི་གེ་སྭཱའོ། །བརླ་གཉིས་ལ་ཡི་གེ་ཧཱ་ཞེས་བྱ་བ་དགོད་པར་བྱའོ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་པས་བྱིན་གྱིས་བརླབས་ནས། རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པ་རྫོགས་པ་ཡིན་ནོ། །ཨོཾ་ཨཱཿཧཱུཾ་ཞེས་པ་ནི་སྐུ་གསུང་ཐུགས་ཀྱི་སྐུ་གསུམ་མོ། །

སྭཱ་ཧཱ་ཞེས་པ་ནི་ཡེ་ཤེས་ལྔ་རྣམས་སོ། །ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ཉིད་དགུའི་བདག་ཉིད་ཀྱི་ཡི་གེ་གསུམ་གྱི་བདག་ཉིད་དོ། །དགྱེས་པའི་རྡོ་རྗེ་ནི་ཐེག་པ་ཆེན་པོའི་གསང་སྔགས་ཏེ་ཁ་སྦྱོར་འབྱེད་པའི་མཚན་ཉིད་སྔགས་བཏུ་བས་ནི་སྤྲུལ་པའི་སྐུའི་རང་

བཞིན་ནོ། །སྔགས་ཀྱི་བཟླས་པས་ནི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དོ། །ལྷན་ཅིག་སྐྱེས་པའི་དོན་གྱི་རྣལ་འབྱོར་གྱིས་ཆོས་ཀྱི་སྐུའི་ལུས་སོ། །བཞི་པའི་དབང་བསྐུར་བའི་རང་བཞིན་ཉིད་ཀྱིས་ངོ་བོ་ཉིད་ཀྱི་སྐུའི་རང་བཞིན་ནོ། །བརྟག་པ་སུམ་ཅུ་རྩ་གཉིས་ལས་

ཕྱུང་བ། བརྟག་པ་གཉིས་ཀྱི་བདག་ཉིད་ཅན་དགྱེས་པའི་རྡོ་རྗེའི་རྒྱུད་ཆེན་པོ་རྫོགས་སོ།། །།བརྟག་པ་སུམ་ཅུ་རྩ་གཉིས་ལས་ཕྱུང་བའི་བརྟག་པ་གཉིས་པ་ནི་སྐུའོ། །རྒྱུད་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པར་མངོན་པར་རྫོགས་པར་

བྱང་ཆུབ་པའི་རང་བཞིན་ནོ། །དགྱེས་པའི་རྡོ་རྗེ་རྫོགས་སོ་ནི་ཁ་སྦྱོར་བའི་རང་བཞིན་ཉིད་ཀྱིས་མཐའ་དག་ཉིད་དུ་ཁྱབ་པའོ། །རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས། དགྱེས་པའི་རྡོ་རྗེའི་རྒྱུད་ཆེན་པོ་རྫོགས་སོ།། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words