རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་སྤྱན་འབྱེད་ཅེས་བྱ་བ
Sanskrit title (Tibetan script, as in the text) ཤྲཱི་ཧེ་བཛྲ་ཏནྟྲ་མ་ཧཱ་རཱ་ཛ་སྱ་པཉྩི་ཀཱ་ནེ་ཏྲ་བི་བྷཾ་ག་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 5 · folio 264a
ལས། །ཞེས་པ་ནི་ཕལ་བ་ལས་ཁྱད་དུ་བྱ་བའི་ཕྱིར་གཉིས་ཀས་ཀྱང་ལག་པ་གཡོན་པ་དག་གིས་བྱའོ། །མཐེ་བོང་བཅངས་པས་ཕྱག་ཅེས་དྲིས་པ་དང་། ཕྱག་རྒྱའི་ལན་དུ། གཡོན་གྱི་མཐེ་བོང་བཅངས་པ་ལས། བསྙུན་གྱི་ཕྱག་རྒྱར་རྣམ་པར་ཤེས། །ཞེས་
བྱའོ། །གང་གིས་སོར་མོ་གཅིག་སྟོན་པ། །ཞེས་པ་ནི་སོར་མོ་ཚོགས་པ་གཅིག་པ་སྟེ། བུམ་པའི་དབང་དྲིའི་ཕྱག་རྒྱའོ། །གཉིས་ཀྱིས་ལེགས་པར་འོངས་པ་ཡིན། །ཞེས་པ་ནི་དེ་ལྟ་མོད་ཀྱིས་གསང་བའི་དབང་ལ་ཡང་རེག་པ་ཡིན་ཞེས་པའི་ཕྱག་རྒྱའི་ལན་ནོ། །ཡང་ཅུང་ཟད་གོ་བསྣུར་ཏེ།
གང་གི་སྲིན་ལག་སྟོན་པ་ལ། །ཞེས་པ་ནི་མཐེ་བོང་དང་བཅས་པ་སྟེ། གསང་བའི་དབང་དྲིས་པའོ། །དེ་ཡིས་མགྲིན་པ་རབ་ཏུ་བསྟན། །ཞེས་པ་ནི་ལོངས་སྤྱོད་པ་སྟེ། གསང་བའི་དབང་ཐོབ་པའི་ལེན་ནོ། །གང་ཞིག་སྲིན་ལག་སྟེར་བ་ལ། །ཞེས་པ་ནི་ཤེས་རབ་ཡེ་ཤེས་དྲིས་པའོ། །སོར་མོ་
གསུམ་པས། དབང་གསུམ་བརྡ་ཡིས་བསྟན་པའོ། །དེ་ཡི་མཐེའུ་ཆུང་རྣམ་པར་སྨིན། །ཞེས་པ་ནི་དེ་ལྟ་མོད་ཀྱི་བཞི་པ་ལ་རེག་གོ་ཞེས་བྱ་བའི་དོན་ནོ། །གང་གིས་གུང་མོ་སྟོན་པ་ལ། །ཞེས་པ་ནི་བཞི་པའི་དོན་དབུ་མ་དྲིས་པའོ། །དེ་ཡི་མཛུབ་མོ་རྣམ་པར་སྨིན། །ཞེས་པ་ཚིག་དབང་རིན་པོ་
ཆེ་ཉེ་བར་དགྲོལ་ལོ། །ཞེས་པའི་ལན་ནོ། །ད་ནི་རྩའི་མན་ངག་བསྟན་པའི་ཕྱིར། །གང་གིས་སོ་ནི་སྟོན་པ་ལ། །ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའི་རྩའི་དབྱིབས་བ་ཏི་སྟེ། ཐོད་ལྟ་བུར་གནས་པ་དྲིས་པའོ། །དེ་ཡིས་རྩེ་གསུམ་རྣམ་པར་བསྟན། །ཞེས་པ་ནི་དེ་ཡང་རྩ་གསུམ་ལས་གྱུར་
པ་དང་རྩ་གསུམ་ལས་འབེབས་པའི་ལན་ནོ། །རྩ་ལ་བརྟེན་པའི་བྱང་ཆུབ་སེམས་ཇི་ལྟ་བུ་ཞེས་པ་ནི་ཀུན་རྫོབ་ལྷན་ཅིག་སྐྱེས་པའི་མན་ངག་བསྟན་པའི་ཕྱིར། གང་ཞིག་ནུ་མ་སྟོན་པ་ལ། །ཞེས་པ་ནི་ཀུནྡ་ལྟ་བུ་གང་ན་གནས་ཞེས་དྲིས་པ་ལ། དེ་ཡིས་མཚམས་ནི་རབ་ཏུ་བསྟན། །ཞེས་པ་སྟེ་
མཚམས་ནི་སིམ་སྟེ་སིར་ཞེས་པས་མཚོག་མ་ན་གནས་ཞེས་པའི་དོན་ཏོ། །གང་ཞིག་ས་ནི་སྟོན་པ་ལ། །ཞེས་པ་ནི་ཀུནྡ་སྐྱེས་པའི་ཤེས་རབ་མ་དྲིས་པའོ། །དེ་ཡིས་ཁ་ནི་རབ་ཏུ་བསྟན། །ཞེས་པ་ནི་ཉེ་བའི་ལོངས་སྤྱོད་ཅེས་པའོ། །གླེགས་བམ་ལ་ལར་འཁོར་ལོ་བསྟན་པ་ནི་ཤེས་རབ་
Vol. 5 · folio 264b
མལ་སྤྱི་བོས་བཏུད་པའོ། །གང་གིས་ཁྲོ་གཉེར་བསྟན་པ་ལ། །ཞེས་པ་ནི་འདོད་ཆགས་ཀྱིས་འཆིང་བར་མི་འགྱུར་རམ་ཞེ་ན་དྲིས་པའོ། །གཙུག་ཕུད་དགྲོལ་བར་བརྗོད་པར་བྱ། །ཞེས་པས་ནི་ལྷན་ཅིག་སྐྱེས་པའི་རོ་ལ་ལོངས་སྤྱོད་པའོ། །ཀུན་རྫོབ་དེ་ལ་བརྟེན་པའི་སེམས་ཇི་ལྟ་བུ་ཞེ་ན།
ད་ནི་དོན་དམ་ལྷན་ཅིག་སྐྱེས་པ་བསྟན་པའི་ཕྱིར། གང་ཞིག་དཔྲལ་བ་སྟོན་པ་ལ། །ཞེས་པས་ཧ་ཛའི་ཡེ་ཤེས་དེ་མངོན་དུ་བྱར་ཡོད་དམ་དྲིས་པའོ། །དེ་ཡི་རྒྱབ་ནི་རབ་ཏུ་བསྟན། །ཞེས་པ་ནི་མངོན་དུ་བྱས་པ་སྤོང་བའི་ལན་ནོ། །གང་ཞིག་རྐང་མཐིལ་སྟོན་པ་ལ། །ཞེས་པ་ནི་མངོན་དུ་རྟོག་པ་
མེད་ན་ལྟུང་བར་མི་འགྱུར་རམ་ཞེས་དྲིས་པའོ། །དགའ་བས་རྣམ་པར་རོལ་པར་བྱ། །ཞེས་པ་བསྟན་པའི་ཕྱིར། གང་ལྷན་ཅིག་སྐྱེས་པའི་རོ་ལ་ལོངས་སྤྱོད་པའོ། །ཡང་གླེགས་བམ་ལ་ལར། ལྟོ་ཡིས་རྣམ་པར་རྩེ་བར་བྱ། །ཞེས་པ་ནི་དར་གྱི་ཕོ་ལོང་ལ་གདབ་པ་དང་འདྲ་བར་ལྷན་ཅིག་ལྟུང་
ཡང་ཉོན་མོངས་པས་མི་གོས་པར་ཞེན་པ་མེད་པའི་ཐ་ཚིག་གོ། །ཕྱག་རྒྱ་ཕྱག་རྒྱའི་ལན་གྱིས་ནི། །ཞེས་པ་ནི་དྲིས་པ་དང་ལན་ནོ། །དམ་ཚིག་ཅན་གྱི་རྣམ་པར་དབྱེ། །ཞེས་པ་ནི་དེ་ལྟར་བྱའོ། །མཇུག་བསྡུས་པའོ། །ད་ནི་སྤྱོད་པའི་བརྡ་བསྟན་པའི་ཕྱིར། དེ་ལ་རྣལ་འབྱོར་མས་སྨྲས་ཞེས་པ་
སྔོན་བྱུང་དུ་བདག་མེད་མ་ལ་སོགས་པ་ཟབ་པའི་ཁྱད་པར་བསྟན་པའོ། །ཨེ་མ་བུ་ནི་སྙིང་རྗེ་ཆེ་ཞེས་པ་ནི་རྡོ་རྗེ་སྙིང་པོ་སྲི་ཞུར་བོས་པའོ། །གལ་ཏེ་ཕྲེང་བའི་ལག་སྟོན་ན། །ཞེས་པ་ནི་མ་འོངས་པའི་དུས་སུ་རྣལ་འབྱོར་མ་རྣམས་ཕྲེང་བ་སྟོན་པ་ན་ཞེས་པའོ། །འདུ་བར་བྱ་ཞེས་སྨྲས་པ་ཡིན། །ཞེས་
པ་ནི་སྙོམས་འཇུག་ལ་མངོན་པར་ཕྱོགས་པའམ། ཕྲེང་བ་མངོན་པར་གཏད་བྱས་ན། །ཞེས་པ་ནི་མ་འོངས་པའི་དུས་སུ་སྟེར་བའོ། །འདིའི་དོན་ནི་སྔོན་བྱུང་དང་རྗེས་འཇུག་རྣམ་པ་གཉིས་ཏེ། སྔོན་བྱུང་ནི་རྡོ་རྗེ་འཆང་གི་འཁོར་ན་བྱང་ཆུབ་སེམས་དཔའ་རྣམས་དང་རྡོ་རྗེ་མཁའ་འགྲོ་མ་
རྣམས་འདུ་བའི་དུས་སུ་ལུས་ཀྱི་བརྡ་རྣམས་དང་འོག་ནས་འབྱུང་བའི་ངག་གི་བརྡ་རྣམས་བརྡ་དང་བརྡའི་ལན་དུ་བསྟན་ཏེ། རྡོ་རྗེ་སྙིང་པོ་ལ་སོགས་པ་མ་འོངས་པའི་དུས་སུ་བརྡ་དང་ངག་གི་བརྡ་རྣམས་ཀྱིས། རྣལ་འབྱོར་ཕ་དང་རྣལ་འབྱོར་མ་རྣམས་སོ་སོར་འདུ་བའི་བརྡ་དང་མན་ངག་མཚོན་
Vol. 5 · folio 265a
པའི་བརྡ་སྟེ། འཇིག་རྟེན་པ་ལས་བཟློག་པས་ནི་དྲི་བ་ཡང་གཡོན་པས་བྱས་ལ། ལན་ཀྱང་གཡོན་པས་གདབ་པོ། །སྔར་གྱི་ཚེ་ལ་བརྡ་རྐྱང་པའི་ལན་དུ་ཀུན་ལ་སྦྱར་བར་བྱའོ། །བརྟུལ་ཞུགས་དམ་ཚིག་ཤིན་ཏུ་ནོས། །ཞེས་པ་ནི་སྙོམས་འཇུག་གི་སྤྱོད་པ་ལ་གནས་པའོ། །
ད་ནི་དེ་བཞིན་དུ་གཞན་ལ་ཡང་གདམས་པའི་ཕྱིར་རོ། །ཕྱི་རོལ་དེར་ནི་འདུས་པ་ལ། །ཞེས་པ་ནི་ཕྱིའམ་ནང་གི་འདུ་བ་ཀུན་ལའོ། །བཟང་པོའི་སྤྱོད་ཡུལ་ལ་གནས་ཞེས་པ་ནི་གནས་ས་ལ་སོགས་པ་བཟང་པོར་འདུ་བའོ། །དེ་ཡང་ཕྱིའི་འདུ་བ་ཡིན་ལ་ནང་གི་བཟང་པོ་ནི་རྣལ་འབྱོར་པའོ། །སྤྱོད་
ཡུལ་ནི་མའོ། །འདུ་བར་བརྡར་བསྟན་ཞེས་པ་ནི་རིགས་པའི་བརྟུལ་ཞུགས་ཀྱི་ཐབས་སོ། །ཡང་བཟང་པོ་ནི་ཉིན་མོ་ལ་འཚོག་པའི་དུས་སོ། །སྤྱོད་ཡུལ་ཏེ་མཚན་མོ་ལ་སྤྱོད་པའི་དུས་སོ། །རྣལ་འབྱོར་མས་སྨྲས་དེ་ནི་བྱ་བ་ཐམས་ཅད་ཅེས་པ་ནི་ཕྲེང་བ་སྟོན་པ་སྟེར་བ་སྟེ། རྡོ་རྗེ་སྙིང་པོ་ལ་
གདམས་པ་ལ་དེ་ལྟར་བྱའོ། །ད་ནི་གནས་ལ་སོགས་པ་བསྟན་པ་ལ་ཡང་དབང་དང་མན་ངག་གིས་རྣལ་འབྱོར་མ་མཚོན་པ་ཡིན་ལ། བརྟུལ་ཞུགས་འདུ་བའི་གནས་ནི་གང་དག་ཏུ་སྤྱོད་པ་བྱ་ཞེ་ན། དེའི་སླད་དུ་དྲིས་པ་དང་ལན་བསྟན་པ་ནི། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་
ཞིང་ཉིད་དང་། །ཚནྡོ་ཉེ་བའི་ཚནྡོ་དང་། །དེ་བཞིན་འདུ་བ་ཉེ་འདུ་བ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །འདིས་ནི་གཞན་གྱི་བརྗོད་མིན་བྱ། །ཞེས་པ་ནི་རྟག་ཏུ་གནས་ཤིང་།
སྤྱོད་པས་ན་གནས་ཞེས་བྱའོ། །ཡང་རྣལ་འབྱོར་པ་ཞུགས་པས་ན་ཡང་གནས་ཞེས་བྱའོ། །དེ་དང་ཉེ་བས་ན་ཉེ་བའི་གནས་ཞེས་བྱའོ། །ཡོན་ཏན་སྐྱེད་པར་བྱེད་པས་ན་ཞིང་། ཡང་ན་རྣལ་འབྱོར་མ་གནས་པས་ན་ཞིང་ཞེས་བྱའོ། །དེ་དང་ཉེ་བས་ན་ཉེ་བའི་ཞིང་ངོ་། །འདོད་ཅིང་འདུན་པ་སྐྱེད་པས་ན་
ཚནྡོ། །དེ་དང་ཉེ་བས་ན་ཉེ་བའི་ཚནྡོ། །མ་ག་ངྷ་དང་ཨངྒ་མ་ཏ་ནི་གནས་ཀྱི་གཞི་ཡིན་ཏེ་འདུ་བ་ཞེས་བྱའོ། །དེ་དང་ཉེ་བས་ན་ཉེ་བའི་འདུ་བའོ། །འདི་ནས་བོས་པས་གནས་གཞན་ཐམས་ཅད་རྒྱས་པར་འཆད་དོ། །འདི་ཉིད་ལ་རྒྱས་པར་བཤད་པ་མེད་དོ། །བར་ཆད་མེད་པས་ན་འཐུང་གཅོད། དེ་
Vol. 5 · folio 265b
དང་ཉེ་བས་ཉེ་བའི་འཐུང་གཅོད་དོ། །རྣམ་པར་རྟོག་པ་མི་འབྱུང་བ་དང་རོ་མང་པོ་གནས་པས་དུར་ཁྲོད་དོ། །དེ་དང་ཉེ་བས་ན་ཉེ་བའི་དུར་ཁྲོད་དོ། །འདི་རྣམས་ནི་ས་བཅུ་གཉིས་ཏེ་ཞེས་པ་ནི་རབ་ཏུ་དགའ་བ་ནས་བཅུ་གཉིས་དཔེས་བསྐྲུན་དུ་མེད་པའི་བར་དུའོ། །ས་བཅུའི་དབང་ཕྱུག་ཅེས་པ་ནི་
རྣལ་འབྱོར་གྱི་དབང་ཕྱུག་དང་། རྣལ་འབྱོར་མ་རྣམས་སོ། །དེ་དག་ནི་བགྲོད་པའི་སའོ། །མགོན་པོ་ཉིད་ཅེས་པ་ན། བུདྡྷའི་ས་གསུམ་སྟེ། བཅུ་གཅིག་ཀུན་དུ་འོད་ཀྱི་ས་དང་། བཅུ་གཉིས་པ་དཔེས་བསྐྲུན་དུ་མེད་པའི་ས་དང་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ས་སྟེ་མགོན་པོའི་ས་
གསུམ་མོ། །འདིས་ནི་གཞན་གྱི་བརྗོད་མིན་ཞེས་པ་ནི། རབ་ཏུ་དགའ་བ་ལ་སོགས་པའི་མིང་གིས་མི་གདགས་ཀྱི་གནས་ལ་སོགས་པའི་མིང་གིས་བཏགས་པའོ། །བྱང་ཆུབ་སེམས་དཔའི་མིང་གིས་མི་གདགས་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་གི་མིང་གིས་བཏགས་སོ། །འདི་ཡང་བཤད་ཚུལ་
རྣམ་པར་སྦྱར་ཏེ། ཕྱི་ལྟར་བཤད་པ་ནི་གང་གི་བཅུ་གཉིས་པོ་དེ་འཛམ་བུའི་གླིང་གི་ཡུལ་སུམ་ཅུ་རྩ་གཉིས་སུ་འོག་ནས་རྒྱས་པར་འཆད་དོ། །ནང་ལྟར་བཤད་པ་ལུས་ཀྱི་གནས་ཉི་ཤུ་རྩ་བཞི་ལ་སྦྱར་བ་དང་རྩ་སུམ་ཅུ་རྩ་གཉིས་སུ་སྦྱར་ཏེ་གནས་དང་ལས་དང་བྱ་བ་རྣམས་བྱེད་དོ། །དེ་སྐད་དུ།
སྤྱི་གཙུག་ཛཱ་ལནྡྷ་རར་བཤད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གསང་བ་ལྟར་བཤད་པ་ནི་གསང་བའི་གནས་ཀྱི་ཁྱད་པར་ཏེ། རྩ་གནས་བརྒྱ་པའི་བྱེ་བྲག་ལ་ཅི་རིགས་པར་སྦྱར་རོ། །དེ་ཁོ་ན་ཉིད་ལྟར་བཤད་པ་ནི། གནས་ནི་རབ་ཏུ་དགའ་བར་བརྗོད། །ཉེ་གནས་དྲི་མ་མེད་ཅེས་བྱ། །
ཞིང་ནི་འོད་བྱེད་པ་ཡིན་ཏེ། །ཉེ་བའི་ཞིང་ནི་འོད་འཕྲོ་ཅན། །ཚནྡོ་ལྔ་པ་སྦྱང་དཀའ་བ། །ཉེ་བའི་ཚནྡོ་མངོན་དུ་གྱུར། །དེ་བཞིན་འདུ་བ་རིང་དུ་སོང་། །ཉེ་བའི་འདུ་བ་མི་གཡོ་བ། །འཐུང་གཅོད་ལེགས་པའི་བློ་གྲོས་ཏེ། །ཉེ་བའི་འཐུང་གཅོད་ཆོས་ཀྱི་སྤྲིན། །དུར་ཁྲོད་ཀུན་དུ་འོད་ཀྱི་ས། །ཉེ་བའི་
འཐུང་གཅོད་བསྒྲུན་དུ་མེད། །འདི་རྣམས་ས་ནི་བཅུ་གཉིས་སོ། །རྡོ་རྗེ་འཛིན་པའི་ས་བཅུ་གསུམ་པ་ནི་མཐར་ཐུག་པ་སྟེ། ཕ་རོལ་ཏུ་ཕྱིན་པ་བས་ནི་མི་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་འབྱུང་བའི་ཕྱིར་རོ། །སློབ་དཔོན་ལ་ལ་ནི་ཕ་རོལ་ཏུ་ཕྱིན་པ་དང་། གསང་
Vol. 5 · folio 266a
སྔགས་ཀྱི་སྤྱོད་པ་གཉིས་ཀ་ལ་བརྟེན་ནས་ལམ་སོ་སོའི་འབྲས་བུ་སོ་སོར་ཐོབ་པར་འདོད་དོ། །སློབ་དཔོན་ལ་ལ་དག་ནི་ཕ་རོལ་ཏུ་ཕྱིན་པས་ནི་ངེས་པར་འབྱུང་བ་ཐོབ་ཀྱི་མཐར་ཐུག་པ་ནི་ཐོབ་པར་མི་འདོད་དོ། །ལུང་ལས་ཀྱང་རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་
རྣམས་ཀྱིས་དེ་ཁོ་ན་ཉིད་མ་རྟོགས་པར་དཀའ་བ་རྣམ་པ་སྣ་ཚོགས་པ་སྤྱོད་ཅིང་ཇི་ལྟར་ན་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་སྙམ་ཞེས་གསུངས་པ་དང་སློབ་དཔོན་ལ་ལ་དག་གིས་ཀྱང་། འདིས་ནི་མཐར་ཐུག་མི་ཐོབ་སྟེ། །ཞེས་གསུངས་པ་དང་། རྡོ་རྗེ་འཛིན་པའི་ས་དགེ་བ། །བཅུ་གསུམ་
པར་ཡང་གསུངས་པ་ཡིན། །ཞེས་གསུངས་པ་དང་། མཐར་ཐུག་པ་མི་ཐོབ་པར་བསྟན་པ་དང་། ཡང་ལུང་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་སོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པས་ནི་ས་བཅུ་གསུམ་པ་བཤད་པ་མེད་དོ། །རིགས་
པ་ནི་རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་ཡོད་དེ། ཇི་སྲིད་དུ་ཕྱག་རྒྱ་ཆེན་པོ་དོན་རང་གི་མཚན་ཉིད་ཉམས་སུ་མ་མྱོང་བར་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་མི་རྟོགས་ཏེ། དེའི་ཕྱིར་ན་ཡང་མཐར་ཐུག་པ་མི་ཐོབ་བོ། །ཕ་རོལ་ཏུ་ཕྱིན་པར་ནི་རྗེས་སུ་དཔག་པས་གཏན་ལ་འབེབས་པར་བྱེད་པས་ལྟ་བ་
ཡང་སྤྱི་ཙམ་གཏན་ལ་འབེབས། སྒོམ་པ་ཡང་ཡིད་ཨུ་ལི་ཀ་སྙམ་དུ་སེམས་པ་སྤྱིའི་སྒོམ་པ་ཙམ་སྟེ། དེའི་ཕྱིར་མཐར་ཐུག་པ་མི་ཐོབ་པའོ། །དེ་དག་གི་གཞུང་གིས་ཀྱང་ཐབས་རྟེན་ཅིང་འབྲེལ་བར་འབྱུང་བའི་ནུས་པའི་མཐུ་ནི་དགག་པར་མི་ནུས་ལ་མངོན་སུམ་དང་རྗེས་སུ་དཔག་པར་ནི་ཐུན་མོང་
དུ་མཚུངས་པས་རྒྱུའི་ཁམས་ཀྱི་ཁྱད་པར་ནི་དེ་ཙམ་མོ། །རིགས་པ་མང་དུ་ཡོད་ཀྱང་འདིར་མ་སྤྲོས་སོ། །གོང་གི་ཕྱིའི་གནས་རྒྱས་པར་བཤད་པར་འདོད་ནས། ཀྱེ་བཅོམ་ལྡན་འདས་གནས་ལ་སོགས་པ་གང་ལགས་ཞེས་བྱ་སྟེ། རྡོ་རྗེ་སྙིང་པོས་གསོལ་བ་ཞེས་པ་ཁ་སྐོང་ངོ་། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་ཡུལ་སུམ་ཅུ་རྩ་གཉིས་ལ་སོགས་པ་གོ་སླའོ། །ཡང་དུས་བསྟན་པའི་ཕྱིར་ཅུང་ཟད་གོ་རིམས་བཟློག་སྟེ། ཀྱེ་བཅོམ་ལྡན་འདས་ཉི་མ་གང་ལགས་ཞེས་དྲིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ལན་སྟོན་མཁན་སྡུད་པ་པོས་བརྗོད་
Vol. 5 · folio 266b
པའོ། །སེམས་ཅན་གྱི་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་ཞལ་གྱིས་བཞེས་པ་སྟེ། ཀྱང་ཞེས་པ་ནི་ཉིན་མོ་འཚོག་ཅིང་འཇུག་པའི་དུས་སོ། །མཚན་མོ་སྤྱོད་པའི་དུས་ཀྱང་མཚོན་ནོ། །དུས་དེ་ཉིད་ནི་ཡི་དགས་ཟླ་ཕྱེད་དེ་ཚིག་རྐང་གཉིས་སོ། །ཡི་དགས་ཟླ་ཕྱེད་ནི་མར་ངོའོ། །བཅུ་
བཞི་ནི་ཉི་ཤུ་དགུའོ། །བརྒྱད་པ་ནི་ཉི་ཤུ་གསུམ་མོ། །ད་ནི་སྤྱོད་པའམ་ཚོགས་ཀྱི་རྫས་བསྟན་པའི་ཕྱིར། རྒྱལ་མཚན་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རྫས་སུ་བཤད་པའི་ཚེ་ནི་ཟས་སུ་ཉེ་བར་ལོངས་སྤྱོད་པ་ནི་གཉུག་མ་དང་སྒྲུབ་པའི་རྫས་དེ་རྒྱལ་མཚན་
ནི་དཔྱངས་ཏེ་ཤི་བའོ། །མཚོན་བསྣུན་པ་ནི་དཔའ་བོ་གཡུལ་ངོར་ཤི་བའི་ཤའོ། །ལན་བདུན་པ་ནི་སྐྱེ་བ་བདུན་པའི་ཤ་སྟེ་འོག་ནས་དེ་ཉིད་བརྟགས་པའི་ཐབས་འཆད་དོ། །བསྒྲུབ་པ་ནི་ཡུལ་དང་བསམ་པ་སྦྱོར་བས་གནང་བ་སྟེ། དེ་བསད་པའི་ཤ་སྟེ་བརྟག་པ་ཕྱི་མར་འཆད་དོ། །ལྷན་ཅིག་
སྐྱེས་པ་གྲུབ་པ་དེའི་ཚེ་རྒྱལ་མཚན་ནི་ཁམས་དང་བཅས་པ་སྟེ་བྱ་རོག་གི་གདོང་ཅན་ནོ། །མཚོན་བསྣུན་ནི་རིན་ཆེན་ཟེ་འབྲུ་དང་བྱ་རོག་གི་གདོང་ཕྲད་པའོ། །ལན་བདུན་པ་ཡང་བཟའ་བར་བྱ། །ཞེས་པ་ནི་ཟླ་བ་དང་མི་འབྲལ་བར་ཉི་མ་དང་ལོངས་སྤྱོད་པའོ། །འབད་པས་སྙིང་རྗེ་བསྐྱེད་པ་ཡིས། །ཞེས་པ་
ནི་བླ་མ་ལ་འབད་པའི་མན་ངག་གིས་སོ། །གསད་པར་བྱ་བ་བརྗོད་པ་ཉིད། །ཅེས་པ་ནི་ཉོན་མོངས་པ་དང་རྟོག་པའི་ཚོགས་བཀག་ནས་བདེ་བར་སློང་བའོ། །སྙིང་རྗེ་མེད་པས་མི་འགྲུབ་པས། །ཞེས་པ་ནི་མན་ངག་དང་མི་ལྡན་ནའོ། །དེ་ཕྱིར་སྙིང་རྗེ་བསྐྱེད་པ་ཉིད། །ཅེས་པ་ནི་མན་ངག་ཉིད་དོ། །ཆོ་
གའི་གཙོ་བོ་ནི་ལས་ཀྱི་ཕྱག་རྒྱ་ལུས་ཀྱི་འཁྲུལ་འཁོར་དང་། རྩའི་འཁྲུལ་འཁོར་དང་རླུང་གི་འཁྲུལ་འཁོར་ཏེ་མན་ངག་གིས་འགེགས་པ་ནི་དེས་རྟོག་པ་འགེགས་པའོ། །རང་ལུས་ནི་རྒྱལ་མཚན་ཞེས་པ་སྤྱིའོ། །མཚོན་བསྣུན་ནི་ལྟེ་བ་ནས་ཕར་འོད་ཟེར་གྱིས་བསྲེགས་པས་ལན་བདུན་
པ་ནི་མཚོན་པ་ཡང་དང་ཡང་དུ་རྩ་གཉིས་ནས་ལམ་མཚོན་པའོ། །འབད་པ་ནི་ལུས་ངག་གིས་སོ། །སྙིང་རྗེ་ནི་ནང་གི་བསྒོམ་པའོ། །བསད་པ་ནི་རྟོག་པའོ། །སྙིང་རྗེ་མེད་ནི་ནང་གི་ཉམས་མེད་པའོ། །གདུག་པ་ནི་རྟོག་པའོ། །ཆོ་གའི་གཙོ་བོ་ནི་གཏུམ་མོ་སྦར་བའོ། །དབྱེར་མེད་ཕྱག་རྒྱ་ཆེན་པོ་ནི་
Vol. 5 · folio 267a
བརྟེན་པ་ཆོས་ནས་འཇུག་པའི་རྒྱལ་མཚན་ནི་སྣང་བའོ། །མཚོན་བསྣུན་ནི་ཤེས་རབ་ཀྱི་བདག་མེད་པའོ། །ལན་བདུན་པ་ནི་སྣང་བ་སྟོང་པ་དབྱེར་མེད་པ་ཡང་དང་ཡང་དུ་སྒོམ་པ་རང་གི་རྩོལ་བས་སོ། །སྙིང་རྗེ་ནི་ཐབས་ཏེ་སེམས་ཅན་ལ་བསྐྱེད་པའོ། །གདུག་པ་
གཞུག་པ་ནི་དངོས་པོར་ཞེན་པ་སྣང་བའོ། །ཆོ་གའི་གཙོ་བོ་ནི་མན་ངག་གི་སྟོབས་ཀྱིས་དངོས་པོའི་ཆོས་ལ་བརྟེན་ནས་རང་ལ་ཆོས་ཉིད་འཆར་བའོ། །བརྟེན་པ་ནང་ནས་འཇུག་པའི་རྒྱལ་མཚན་ནི་ཤེས་རབ་ལྷ་མོ་བླ་ན་མེད་པ་གཉུག་མའི་དབང་པོའོ། །མཚོན་བསྣུན་ནི་ཡེ་ཤེས་རང་འབར་བ་སྟེ་
དེས་བསྐྱེད་པའི་ཡེ་ཤེས་ཀྱི་དངོས་པོ་མཚན་མ་འཇོམས་པ་སྟེ། གཉིས་པོ་དག་ནི་རྣམ་དཔྱད་ན། གཉིས་མེད་ཡེ་ཤེས་རང་འབར་འགྱུར། །ཞེས་པའོ། །ལན་བདུན་པ་དབང་པོ་རང་སྣང་ངོ་། །ཐམས་ཅད་གདུག་པ་གཞུག་པ་ནི་ཡིད་ཀྱི་རྒྱུ་བ་ཀུན་ནོ། །ཆོ་གའི་གཙོ་བོ་ནི་ཕྱག་རྒྱ་ཆེན་པོའོ། །དགག་
པར་བྱ་བ་ནི་ཡིད་དང་བའི་ཐབས་སོ། །གླེགས་བམ་ལ་ལར་བསྒྲུབ་པར་བྱ། །ཞེས་པ་ནི་གཉུག་མའི་དབང་དང་པོའི་ཐབས་སོ། །ད་ནི་ཡོངས་སུ་རྫོགས་པའི་རིམ་པ་སྤྱིའི་དོན་དུ་ཤེས་པར་བྱ་བའི་ཕྱིར་རོ། །དེ་ལ་འདི་ལྟར་ལྟ་བ་ཉིད། །ཅེས་པ་ནི་ཚིག་རྐང་གཉིས་ཀྱིས་ལྟ་བ་སྟོན་པར་ཁས་ལེན་
པའོ། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་བྱ་བ་ནི་ཆོས་ཀུན་སྣང་བ་བདེ་བ་ཆེན་པོ་ནི་རྡོ་རྗེ་སེམས་དཔར་བལྟའོ། །མཚན་མོ་ཤེས་རབ་བརྟག་པར་བྱ། །ཞེས་པ་ནི་ཆོས་ཀུན་སྟོང་པ་བདག་མེད་པའོ། །ཉིན་མོ་མཚན་མོས་མཚོན་ཏེ། དེའི་མཚམས་ཤེས་པ་ནི་སྣང་བ་དང་སྟོང་པ་དབྱེར་མེད་
པ་སྐྱེ་བའོ། །ཡང་ཉིན་མོའི་འཆར་བ་སྟེ་དགའ་བ་དང་མཆོག་དགའོ། །མཚན་མོ་སྟེ་དགའ་བྲལ་གྱིས་མཚོན་ནས་མཚམས་སུ་ལྷན་ཅིག་སྐྱེས་ཞེས་བྱའོ། །ད་ནི་སྤྱོད་པ་བསྟན་པའི་ཕྱིར། མི་བྱ་ཅུང་ཟད་ཡོད་མ་ཡིན། །ཞེས་པ་ནི་བདག་མེད་པས་ནའོ། །རྟག་ཏུ་མི་བཟའ་ཡོད་མ་ཡིན། །ཞེས་
པ་བཟའ་བ་ནི་སྤྱོད་པ་སྟེ། དགའ་བ་དེའི་རྣམ་པ་ཡིན་པས་སོ། །འདི་ལ་མི་བསམ་ཡོད་མ་ཡིན། །ཞེས་པ་ནི་ལྷན་ཅིག་སྐྱེས་པ་ལས་ལོག་ན་མེད་པའི་ཕྱིར་རོ། །བཟང་ངན་མི་སྨྲ་གང་ཡང་མེད། །ཅེས་པ་ནི་དོན་གྱིས་སྟོང་ཞིང་བརྫུན་པའི་ཕྱིར་རོ། །དེ་ཡང་ཉིན་མོའི་ངོས་ནས་ཐམས་ཅད་བྱ་བའོ། །
Vol. 5 · folio 267b
མཚན་མོའི་ངོས་ནས་ཅིར་ཡང་བྱར་མེད་པའོ། །ཇི་ལྟར་བདག་ཉིད་ནི་རང་སྤྱོད་པའི་ཉམས་སོ། །དེ་ལྟར་གཞན་ནི་ཡུལ་རང་ཤུགས་ཀྱིས་བཀག་པའི་ཕྱིར་བྱ་རོག་ལྡིང་ཆགས་ལྟ་བུའོ། །དེ་བཞིན་བདག་ནི་ཅི་ཞེས་དྲིས་པ་དང་། ང་མཆོག་ཉིད་དེ་ལྷན་ཅིག་སྐྱེས་པའི་རོའོ། །དེ་ཡང་གཞན་ཤེས་
པས་བསྒྱུར་ན་ང་དང་གཞན་གཉིས་ཀ་ཡང་བདག་དང་འདྲ་བ་དེ་བཞིན་ནོ། །ད་ནི་སྤྱོད་པའི་ཕན་ཡོན་སྔགས་དང་ཕྱག་རྒྱ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཏེ་གོ་སླའོ། །ད་ནི་བསྒོམ་པ་བསྟན་པའི་ཕྱིར་ཤྲཱི་ནི་གཉིས་མེད་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྟེ། ལྷན་ཅིག་
སྐྱེས་པའི་ཡེ་ཤེས་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ་སྟེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད་ཀྱི་སྒོའོ། །རུ་ནི་ཚོགས་དང་བྲལ་བ་ཉིད་མཚན་མ་མེད་པའི་སྒོའོ། །ཀ་ནི་གང་དུའང་མི་གནས་པ་སྨོན་པ་མེད་པའི་སྒོའོ། །བདེ་བ་དང་སྟོང་པ་དབྱེར་མེད་པར་བསྒོམ་ཞེས་བྱ་བའི་དོན་ཏོ། །ད་ནི་འབྲས་
བུ་བསྟན་པའི་ཕྱིར། །རྡོ་རྗེ་ཐོད་པའི་སྦྱོར་བ་ཡིས། །ཞེས་པ་ནི་དགྱེས་པའི་རྡོ་རྗེ་དང་བདག་མེད་པའི་རྣལ་འབྱོར་རོ། །སྐྱེ་བོ་གང་དང་གང་རྣམས་ཀྱིས། །ཞེས་པ་ནི་སེམས་ཅན་གང་ཡང་རུང་བ་སྟེ། གོ་ཀུ་ད་ཧ་ན་ལ་སོགས་སོ། །མཁས་པས་ཤ་ནི་བཟའ་བར་བྱ། །ཞེས་པ་ནི་སྦྱང་བ་དང་སྦར་
བ་དང་རྟོག་པ་ལ་མཁས་པའོ། །སེམས་ཅན་དེ་དག་དབང་དུ་འགྱུར། །ཞེས་པ་ནི་གང་འདོད་པ་དབང་དུ་གྱུར་པ་དངོས་ཀྱི་ཡོན་ཏན་ནོ། །བསྐྱེད་པའི་རིམ་པ་ལྟར་བཤད་པའོ། །ཡང་ཤེས་རབ་ལ་བཤད་པ་ན་རྡོ་རྗེ་ནི་ཐབས་ཀྱི་གསང་བའི་གནས་སོ། །ཐོད་པ་ནི་ལས་ཀྱི་ཕྱག་རྒྱའི་གསང་བའི་གནས་
སོ། །སྦྱོར་བ་ནི་སྙོམས་པར་འཇུག་གོ། །སྐྱེ་བོ་ནི་པྲི་ཏ་ག་ཛ་ནྲ་སྟེ། སོ་སོ་སྐྱེས་པས་ཤེས་པ་དུ་མའོ། །ཤ་ནི་བ་ལ་སྟེ་སྟོབས་སམ་ནུས་པ་བདེ་བར་བརྟགས་པའོ། །མཁས་པ་ནི་བླ་མའི་མན་ངག་ལའོ། །བཟའ་བ་ནི་ལྷན་ཅིག་སྐྱེས་པའི་རིམ་པའི་རོའོ། །སེམས་ཅན་དབང་དུ་འགྱུར་བ་ནི་སེམས་
རང་གི་རིག་པས་ཆོས་ཀུན་དབང་ཐོབ་པའོ། །དེ་དག་གཞན་ལུས་ཤེས་རབ་ལ་བརྟེན་པའོ། །ཡང་རྡོ་རྗེ་ནི་སྐྱེ་གནས་སྟོང་པའི་ཆའོ། །ཐོད་པ་ནི་སྤྱི་བོའོ། །སྦྱོར་བ་ནི་འོག་དང་། སྟེང་དུ་ཐིག་ལེ་འོད་ཟེར་གྱི་ཚུལ་དུའོ། །སོ་སོ་སྐྱེ་བོ་ནི་རྣམས་སོ། །ཤ་ནི་རྟོག་པར་སྨིན་པའོ། །མཁས་པ་ནི་བསད་
Vol. 5 · folio 268a
པ་དང་གསོ་བའི་མན་ངག་ལའོ། །བཟའ་བ་ནི་བདེ་བར་ལོངས་སྤྱོད་པའོ། །སེམས་ཅན་དེ་དེ་ནི་ཡུལ་ལ་སྣང་བའི་ཤེས་པ་ཐ་དད་དོ། །དབང་དུ་འགྱུར་བ་ནི་དེ་རྣམས་བདེ་བར་འདུ་བའོ། །དེ་ནི་རང་ལུས་ཐབས་ལ་བརྟེན་པའོ། །རྡོ་རྗེ་ནི་སྟོང་པ་ཉིད་དོ། །སྲ་ཞིང་བརྟན་ལ་ཁོང་
སྟོང་མིན། །སྟོང་ཉིད་རྡོ་རྗེ་ཞེས་སུ་བརྗོད། །ཅེས་གསུངས་སོ། །ཐོད་པ་ནི་སྣང་བའོ། །སྙོམས་འཇུག་ནི་དབྱེར་མེད་པའོ། །སྐྱེ་བོ་གང་དང་གང་རྣམས་ལ་སྣང་བ་སྣ་ཚོགས་པའོ། །ཤ་ནི་མཁས་པས་བཟའ་བར་བྱ་བ་ནི་གཉིས་སུ་མེད་པར་མྱོང་བའོ། །སེམས་ཅན་དེ་དེ་དབང་དུ་འགྱུར་བ་ནི། །སྣང་
བ་ཐམས་ཅད་དེར་སྦྱོར་བའོ། །ད་ནི་བརྟེན་པ་ཆོས་ནས་འཇུག་པའོ། །ཡང་ན་རྡོ་རྗེ་ནི་ཤེས་རབ་ལྷ་མོ་བླ་ན་མེད་པའོ། །ཐོད་པ་ནི་དེ་བསྟེན་པ་སྟེ་བདེ་བ་སྐྱོང་བ་དང་ལྡན་པའོ། །སྦྱོར་བ་ནི་བསྟེན་པའི་ཐབས་འདོད་པའི་ཡོན་ཏན་ལ་སོགས་པའོ། །སོ་སོའི་སྐྱེ་བོ་ནི་ཡིད་མཐུན་ན་གནས་པའོ། །ཤ་ནི་
རྟོག་པ་དང་བརྟགས་པའོ། །མཁས་པ་ནི་གཟུང་འཛིན་གྱི་སྟོང་པའི་ཤེས་རབ་ལའོ། །བཟའ་བ་ནི་བདེ་བ་ལ་སྤྱོད་པའི་ཐབས་སོ། །སེམས་ཅན་དེ་དེ་ནི་དབང་པོ་རང་སྣང་གི་མན་ངག་གོ། །དབང་དུ་འགྱུར་བ་ནི་སྤྱོད་ལམ་དང་བསྲེགས་པའི་ངག་གོ། །དེ་ནི་གཉིས་མེད་ཕྱག་རྒྱ་ཆེན་པོ་ལ་
བརྟེན་པའོ། །ལེའུ་བདུན་པའོ།། །།དེ་ནས་ཞེས་པ་ནི་རྫོགས་པའི་རིམ་པ་བསྟན་ནས། དེའི་རྗེས་ལ་བསྐྱེད་རིམ་རྫོགས་རིམ་གཉིས་ཀའི་ལེའུ་བསྟན་པར་འདོད་པའོ། །རྣལ་འབྱོར་མ་ནི་ལམ་གཉིས་ཀྱི་དབང་དུ་བྱས་པའི་བདག་མེད་མ་ལ་སོགས་པའིའོ། །འཁོར་ལོ་ནི་དེ་དག་
འདུ་བའི་གནས་ཏེ། གཞལ་ཡས་ཁང་དང་བཅས་པ་ལྷན་ཅིག་སྐྱེས་པར་རོ། །འདིར་ཡང་སྒྲུབ་པ་པོ་ནས་ཚོགས་བསགས་པ་ཡན་ཆད་ལྷའི་ལེའུ་དང་འདྲ་བ་ལས། ཁྱད་པར་ནི་བདག་མེད་མའི་ང་རྒྱལ་གྱིས་ཐམས་ཅད་བྱས་ལ་ཚོགས་ཀྱི་ཞིང་ཡང་ཧེ་རུ་ཀ་ཕྱག་བཅུ་དྲུག་པ་ལ་ལྷ་མོ་བརྒྱད་
ཀྱིས་བསྐོར་བ་སྤྱན་དྲངས་ལ་ཚོགས་བསག་པར་བྱའོ། །སྲུང་བ་མཚམས་ཀྱི་འཁོར་ལོའི་ནང་དུ་ནམ་མཁའི་དབུས་སུ་བྷ་ག་ཞེས་པའི་སྡོམ་རྩ་བའི་ཚིག་སྦྱར་ལ། ནམ་མཁའ་ལ་དབྱིངས་མེད་ཀྱང་ཁྲོ་བ་དང་ཆགས་པ་ཅན་འདུལ་བའི་དོན་དུ་གྲུ་གསུམ་དུ་བསྟན་པ་དང་། སྐྱེ་གནས་དང་སྒོ་
Vol. 5 · folio 268b
བསྟུན་པའི་ཕྱིར་གྲུ་གསུམ་དཀར་པོ་ནང་ཁོང་སྟོང་ཡངས་པར་བསྒོམ་མོ། །ཟུར་གསུམ་ནི་ཁམས་གསུམ་མམ་རྣམ་པར་ཐར་པའི་སྒོ་གསུམ་མམ་ལུས་ངག་ཡིད་གསུམ་རྣམ་པར་དག་པའོ། །ཁ་དོག་དཀར་པོ་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའོ། །ནང་ཁོང་སྟོང་ནི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་
མཚོན་ནོ། །སྟེང་ཡངས་པ་ནི་སའི་རིམ་པ་གོང་ནས་གོང་དུ་ཡོན་ཏན་འཕེལ་བར་མཚོན་པའོ། །དེ་ནི་ཕྱིའི་གཞི་དང་ནང་གི་གཞི་བསྟན་ནས་རྟེན་གཞལ་ཡས་ཁང་བསྟན་པ་ནི་འཁོར་ལོ་ས་དང་ལ་སོགས་པ་གསུངས་སོ། །སྤྱིར་གཞལ་ཡས་ཁང་སྒྲུབ་ལུགས་གཉིས་ཏེ། འབྱུང་བ་རིམ་བརྩེགས་ནི་
ལྷའི་རྒྱལ་པོའི་ཁང་བཟངས་སྒྲུབ་ལུགས་དང་། འབྱུང་བ་ཡོངས་བསྒྱུར་མིའི་རྒྱལ་པོའི་ཁང་བཟངས་སྒྲུབ་པའི་ལུགས་སོ། །འདིར་ནི་མིའི་རྒྱལ་པོའི་ཁང་བཟངས་སྒྲུབ་པའི་ལུགས་ཏེ། དེ་གཉིས་གོ་རིམས་ངེས་པ་ཡང་བསྟན་ཏོ། །འདི་ཡང་རྒྱུད་དུ་བསྟན་པའི་ཕྱིར་སའི་འཁོར་ལོ་བཞིན་དུ་
ཆུ་ལ་སོགས་པ་ཡང་མཚོན་ཏེ་ཤེས་པར་བྱའོ། །སྔོན་འགྲོ་ནི་འདོད་ཁམས་སུ་ཁང་བཟངས་ལ་སོགས་པར་ཆོས་མཐུན་པར་ཆུའི་སྔོན་དུ་ས་སྟེ། གཞན་དག་ལ་ཡང་དེ་བཞིན་ནོ། །ཇི་ལྟར་རིགས་པ་མེ་ལ་བསྟན་ཀྱང་དེ་བཞིན་དུ་ས་ནི་ལཾ་ལས་བྱུང་བ་སེར་པོ་གྲུ་བཞི་པ་རྡོ་རྗེས་མཚན་པའོ། །
ཆུ་ནི་བཾ་ལས་གྱུར་པས་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་སྟེ། ལྷ་ནི་རླུང་ལ་བཤད་ཀྱང་སྔ་མ་བཞིན་ཏེ་སངས་རྒྱས་སྤྱན་ལ་སོགས་པའོ། །གཞི་འབྱུང་བ་ནམ་མཁའ་རྐྱེན་གྱི་འབྱུང་བ་བཞི་བསྟན་ནས་རྣམ་པར་ཤེས་པའི་ཁམས་བསྟན་པའི་ཕྱིར་ཇི་ལྟར་ནི་གཞི་དང་རྐྱེན་དེ་ལྟར་ཡིན་ན། རྒྱུ་ཇི་ལྟར་
ཞེས་དྲིས་པའོ། །སྒོམ་པ་པོ་ནི་ཚོགས་གཉིས་ཀྱིས་སྦྱངས་པའི་རྣལ་འབྱོར་པའི་སེམས་སོ། །འབྱུང་བ་ནི་བར་དོར་འཇུག་པའི་རང་བཞིན་ཏེ་ཁྱབ་པའོ། །ད་ནི་གཞི་ནམ་མཁའ་བསྟན་པའི་ཕྱིར་ཚིག་ཟོར་ཡང་དུ་བསྟན་པར་འདོད་ནས་ཐོག་མ་དང་ཐ་མར་སྦྱར་ཏེ། ཆོས་འབྱུང་ལས་སྐྱེས་ཞེས་པ་
ཆོས་འབྱུང་ནི་ནམ་མཁའ་སྟེ། འཛམ་བུའི་གླིང་དང་སྐྱེ་གནས་དང་མཐུན་པའོ། །ལས་སྐྱེས་ནི་ལྔ་པ་ཡིན་ཡང་བདུན་པར་སྦྱར་ཏེ་དེ་ལ་གནས་སོ། །ཡང་སྐྱེ་གནས་སུ་བྱ་བའི་ཚེ་ན་ལྔ་པའི་དོན་ཉིད་དོ། །འཁོར་ལོ་ཉིད་ནི་བསྐྱེད་པའི་ཁང་པ་ཉིད་དོ། །འཕར་མ་གཉིས་དག་ནི་རིམ་པ་སྟེ་ཁྱད་པར་གྱི་
Vol. 5 · folio 269a
མཚན་ཉིད་དོ། །སྐྱོན་མེད་པ་ནི་གྲུ་བཞི་པ་ལ་སོགས་པ་སྟེ་སྤྱིའི་མཚན་ཉིད་བསྟན་པའོ། །ད་ནི་བཤད་པའི་ཕྱིར། ཟེ་འབྲུ་ལས་ནི་གཅིག་གྱུར་ཏེ། །ཞེས་པ་ནི་ལྟེ་བ་ནས་ཟེ་འབྲུ་དང་བཅས་པ་ནི་པདྨའི་ནང་གི་གནྡྷོ་ལི་སྟེ་གཙང་ཁང་ནི་ནང་གི་འཕར་མའོ། །གྲུ་གསུམ་
གྱི་ནི་ཕྱི་ནས་བརྗོད། །ཅེས་པ་ནི་གྲུ་གསུམ་ནས་ཚུར་མཚོན་པའི་རྩིག་པ་སྟེ་བསྐོར་བའི་ལྷའི་སྣམ་བུས་སོ། །གནས་ཀྱི་ཁྱད་པར་ནི་ཚིག་རྐང་གཉིས་ཏེ་གདན་རོ་དང་ཉི་མའི་གདན་བཅོ་ལྔའོ། །ད་ནི་བརྟེན་པ་ལྷའི་རྣལ་འབྱོར་བསྟན་པའི་ཕྱིར། དེ་ཡི་སྟེང་དུ་ཟླ་བ་ཡིན། །ཞེས་པ་ནི་ཡེ་ཤེས་ཀྱི་
ཚོགས་བསགས་པའི་སེམས་སྣང་བའོ། །ཟླ་བའི་སྟེང་དུ་ས་བོན་ཉིད། །ཅེས་པ་ནི་སྒོམ་པ་པོའི་སེམས་ཉིད་དོ། །ཕྱི་ནས་བདུད་ལས་རྒྱལ་བས་མནན། །ཞེས་པ་ནི་བསོད་ནམས་ཀྱི་ཚོགས་ཀྱིའོ། །དེ་དག་ཀྱང་གཅིག་ནི་རྒྱུ་ས་བོན་ཧཱུཾ་ཡིག་གཉིས་ནི་རྐྱེན་གྱི་ཟླ་ཡིན་ནོ། །དེ་གཉིས་འདུས་པ་ལ་
དེའི་ཕྱིར་འབྲས་བུ་བདེ་བ་ཆེན་པོ་སྟེ་རྒྱུའི་རྡོ་རྗེ་འཆང་གི་རང་བཞིན་བདག་མེད་པའོ། །གཉིས་ནི་རྐྱེན་གཉིས་སོ། །འདུས་པ་ནི་རྒྱུ་ས་བོན་བསྐུལ་བའོ། །དེ་དག་ནི་གཙོ་མོ་བསྐྱེད་པ་མདོར་བསྟན་པའོ། །ད་ནི་འཁོར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཅིག་སྟེ། འཁོར་རྣམས་ཀྱང་མངོན་པར་
བྱང་ཆུབ་པ་རྣམ་པ་ལྔ་ཡིས་རྐང་ཐོན་དུ་བསྐྱེད་པར་བྱའོ། །སྤྱིར་འཁོར་བསྐྱེད་ལུགས་ལ་གཉིས་ཏེ་བྱང་ཆུབ་སེམས་ཀྱི་ཆ་ལས་བསྐྱེད་པ་དང་། བྱང་ཆུབ་སེམས་ཀྱི་སྣང་བའི་ཚུལ་དུ་བསྐྱེད་པའོ། །འོ་ན་གཙོ་མོ་དང་འཁོར་དུ་མི་འོང་ངོ་ཞེ་ན་རྣམ་པར་དག་པ་བཙན་པར་བྱ་བའི་ཕྱིར་གཙོ་འཁོར་དུ་
བསྟན་ཏེ། འོག་ནས། རྣམ་ཤེས་ཕུང་པོའི་རང་བཞིན་གྱིས། །དེས་ན་བདག་མེད་མ་དབུས་སྐྱེས། །ཞེས་གསུངས་པས་རྣམ་པར་ཤེས་པ་གཙོ་བོ་ཡིན་ནོ། །ད་ནི་གཙོ་མོ་རྒྱས་པར་བསྟན་པའི་ཕྱིར། ཟླ་བ་མེ་ལོང་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཏེ། གདན་དབུས་མའི་སྟེང་དུ་
གཙོ་མོ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་བསྐྱེད་དེ། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །ཞེས་པ་ནི་ཨཱ་ལི་བཅུ་དྲུག་ཉིས་འགྱུར་ལས་བྱུང་བའི་ཟླ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ། །བདུན་གྱི་བདུན་པ་མཉམ་པ་ཉིད་ནི་ཀཱ་ལི་ཡི་གེ་སུམ་ཅུ་རྩ་བཞིའི་སྟེང་དུ་ཌ་ཌྷ་ཡ་ར་ལ་ཝ་དྲུག་བསྣན་
Vol. 5 · folio 269b
པས་བཞི་བཅུ་ཐམ་པ་ཉིས་འགྱུར་ལས་བྱུང་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པ་སྟེ། གསང་སྔགས་ལས་ཉི་མ་ལ་རྟ་བདུན་པའོ་ཞེས་གྲགས་སོ། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ་བ་ནི་ཟླ་ཉི་གཉིས་ཀྱི་བར་དུ་ས་བོན་ཧཱུཾ་ཆུད་དེ་དེ་ཞུ་ནས་
ཟླ་ཉིའི་སྟེང་དུ་མཚན་མ་རྡོ་རྗེ་ཧཱུཾ་གིས་མཚན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ། །ཐམས་ཅད་གཅིག་གྱུར་ནན་ཏན་ནི། ཧཱུཾ་ལས་ལྷ་མོ་རྣམ་པར་སྤྲོ་བསྡུས་ནས་ས་བོན་དང་མཚན་མ་དང་ཉི་མ་དང་ཟླ་བ་ཞུ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ། །
རྫོགས་པ་ཆོས་དབྱིངས་དག་པ་ནི་རྒྱུའི་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་བསྐྱེད་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ། །དེ་རྣམས་ལ་རྒྱུ་དང་རྐྱེན་དང་རྣམ་པ་དང་ངོ་བོ་དང་འབྲས་བུ་རྣམས་ཅི་རིགས་པར་སྦྱར་རོ། །མཁས་པས་ཆོ་ག་
གསུངས་པ་ཡིས། །རྣམ་པ་ལྔ་པོ་བསྒོམ་པ་ཉིད། །ཅེས་པ་ནི་སྔར་གྱི་མཇུག་སྡུད་དོ། །སྐབས་ཁ་ཅིག་ཏུ་ཧེ་རུ་ཀ་རྣམས་ལ་སྦྱར་ཞེས་གསུངས་སོ། །ད་ནི་གཞན་སེལ་བ་བསྟན་པའི་ཕྱིར། ཨཱ་ལི་ཀཱ་ལི་ལ་སོགས་པ་གསུངས་ཏེ། ཨཱ་ལི་ཀཱ་ལི་ནི་སྔར་གྱི་རྐྱེན་གཉིས་སོ། །མཉམ་སྦྱོར་བ་
ནི་རྒྱུ་ས་བོན་བསྐུལ་བའོ། །རྡོ་རྗེ་སེམས་དཔའ་ནི་འབྲས་བུ་བདེ་བ་ཆེན་པོའི་རྒྱུའི་རྡོ་རྗེ་འཆང་བདག་མེད་མའི་རང་བཞིན་དུ་བསྟན་པའོ། །གདན་ཞེས་པ་ནི་རྐྱེན་ཇི་ལྟར་བྱ་ཞེ་ན། ལ་ལ་དག་མ་རྫོགས་པའི་རྡོ་རྗེ་སེམས་དཔར་འདོད་དེ། རྡོ་རྗེ་ནི་མཚན་མའོ། །སེམས་དཔའ་ནི་ས་བོན་ཏེ་གདན་ནི་
ཉི་མ་དང་ཟླ་བའོ། །ཁ་ཅིག་ནི་ཟླ་བ་ཉི་མ་ཆ་ཕྲུགས་གཉིས་སུ་བྱ་སྟེ། ཆ་གཅིག་ཞུ་ནས་རྡོ་རྗེ་སེམས་དཔར་གྱུར། ཆ་གཅིག་རྡོ་རྗེ་སེམས་དཔའི་གདན་གྱི་སྦྱོར་བ་བྱས་པ་ལ་འདོད་དོ། །ཁ་ཅིག་ནི་བཏགས་ཏེ་བསྟན་པ་ཡིན་ཏེ། རྡོ་རྗེ་འཆང་བསྐྱེད་པའི་དུས་སུ། ཉི་ཟླ་གཉིས་ཀྱིས་གདན་གྱི་
སྦྱོར་བ་བྱས་པས། རྡོ་རྗེ་སེམས་དཔའ་རྫོགས་པ་ལ་ཡང་འབྲས་བུ་ལ་ཡང་རྒྱུའི་མིང་བཏགས་ཏེ། གདན་ཅན་ཞེས་བསྟན་ཏེ་དཔེར་ན་ནས་རྒྱུའི་དུས་ན་རྐྱེན་ལུད་མང་པོ་དང་ལྡན་པར་བྱས་པ་ལ་འབྲས་བུ་སྨིན་པའི་དུས་སུ་འདི་ལུད་ཆེན་པོ་དང་ལྡན་པའོ་ཞེས་ཟེར་བ་ལྟ་བུའོ། །གཞུང་སྔ་མ་གཉིས་
Vol. 5 · folio 270a
པོ་ནི་མཛེས་པ་མ་ཡིན་ནོ། །ཕྱི་མ་འདོད་པའོ། །ཡི་གེ་ལས་བྱུང་ཞེས་པ་ནི་བསྐུལ་བའི་རྒྱུ་ཉིད་དོ། །གོང་བུ་ནི་པིནྟ་སྟེ་འདུས་པའི་འབྲས་བུའི་ཚུལ་རྡོ་རྗེ་སེམས་དཔའི་གཟུགས་སོ། །ཧཱུཾ་ཕཊ་ཡི་གེ་འདོད་མི་བྱ། །ཞེས་པ་ནི་རྒྱུའི་རྡོ་རྗེ་འཆང་རྗེས་སུ་ཆགས་པའི་ཞུ་བ་ལས་མི་
བསྐྱོད་པའོ། །སེམས་དཔའི་གཟུགས་བརྙན་ལས་བྱུང་བ། །ཞེས་པ་ནི་རྒྱུའི་རྡོ་རྗེ་འཆང་གྱུར་པའོ། །ཧཱུཾ་ཧཱུཾ་ཕཊ་ཕཊ་དྲག་པོ་ཡང་མི་འདོད་པའོ། །ཐུགས་ཀའི་ཨཾ་གིས་རྐྱེན་བྱས་ནས། ཤིང་འབྲས་ཚོས་པ་ལྟ་བུར་རྡོ་རྗེ་འཆང་དཀར་པོ་རྡོ་རྗེ་བདག་མེད་མ་ནག་མོ་ཅིག་ཏུ་གྱུར་ཏོ། །དེ་སྐད་
དུ་ཡང་། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །རིག་མའི་སྐྱེས་བུ་དམ་པར་བསྒོམ། །ཞེས་གསུངས་སོ། །དེ་ཉིད་བཤད་པ། དཀྱིལ་འཁོར་བདག་མོ་རྣམ་པར་བསྒོམ། །ཞེས་པ་ནི་འབྲས་བུའི་ཧེ་རུ་ཀ་ལྟ་བུར་གྱུར་པའོ། །དེའི་མཚན་ཉིད་ཅི་འདྲ་སྙམ་པ་ལ། ཕྱག་མཚན་ཞལ་སོགས་གོང་མ་
བཞིན། །ཞེས་པ་ནི་རྡོ་རྗེ་ལུ་གུ་རྒྱུད་མ་དང་ཕག་མོ་ལྟ་བུའོ། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་པ་ནི་སློབ་དཔོན་དག་གིས་གཞན་དག་དུ་མར་བཤད་ཀྱིས་ཀྱང་། འདིར་ནི་བདག་མེད་མའི་རང་བཞིན་གྱི་དཔེ་སྟོན་ཏེ། དེ་ཡང་ཤེས་རབ་ཀྱི་དཔེ་ནི་ཟླ་བ་དང་ཆུ་ཤེལ་ལྟར་དང་ཞིང་གསལ་བའོ། །ཐབས་
ཀྱི་དཔེ་ནི་འོད་ཟེར་ལྟ་བུར་སྣང་བའོ། །དེ་དག་གི་དོན་ནི་ཐབས་ཤེས་རབ་རང་བཞིན་ཏེ། དེ་ཡང་བདག་མེད་མའི་རང་བཞིན་ནི་ཤེས་རབ་ཡིན་ལ། ཐབས་ནི་གནས་སྐབས་དེ་རང་བཞིན་ཏེ་ཐ་མའོ། །དེའི་ཕྱིར་གོང་གི་དཔེ་བསྟན་པའོ། །ད་ནི་འཁོར་རྒྱས་པར་བསྟན་པའི་ཕྱིར། འདི་ལྟར་ཐམས་ཅད་
རྫོགས་པ་ཉིད། །ཅེས་བྱ་བ་ནི་བསྟན་པའོ། །ད་ནི་བཤད་པ་སྟེ། ཟླ་བ་ཉི་མའི་རབ་དབྱེ་བས། །ཞེས་པ་ནི་རྐྱེན་གཉིས་སོ། །ཨཱ་ལཱི་ཤེས་རབ་ཀཱ་ལི་ཐབས། །ཞེས་པ་ནི་རྐྱེན་གྱི་རང་བཞིན་ནོ། །ཡི་གེའི་དབྱེ་བ་སོ་སོ་ཡིན། །ཞེས་པ་ནི་ས་བོན་ནོ། །ཟླ་བ་དང་ཉི་མ་དང་ས་བོན་སོ་སོ་ལས་མཚན་མ་
གྲི་གུག ལྟེ་བ་ལ་ས་བོན་གྱིས་མཚན་པ་དེ་ལས་སྤྲོས་པ་དང་བསྡུས་ནས་གཅིག་ཏུ་ཞུ་བ་དང་། དེ་ནས་སོ་སོའི་སྐུར་བསྐྱེད་པ་མངོན་པར་བྱང་ཆུབ་པ་ལྔ་སྔ་མ་བཞིན་སྦྱར་རོ། །དཀར་མོ་ལ་སོགས་པ་རྡོ་རྗེ་རྣལ་འབྱོར་མ་སྔོན་དུ་ཡོད་ཀྱང་དཀར་མོ་སྔོན་ལ་སྨོས་པ་ནི་ཚོར་བའི་ཕུང་པོ་གཙོ་བོའམ་ཕྱིའི་
Vol. 5 · folio 270b
དཀར་མོ་དང་གཉིས་སུ་གཟུང་བའི་དོན་དུ་སྨོས་པའོ། །འབྲས་བུའི་ལྷ་རྣམས་སོ་སོར་གྲུབ་པའོ། །རེ་ཞིག་ནང་གི་རིམ་པ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་དང་ཡང་ཚིགས་སུ་བཅད་པ་བཞི་དང་གཉིས་དང་རྐང་པ་གཉིས་དང་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་བསྐྱེད་པ་ལྷ་རྣམས་ཀྱི་གནས་དང་ཆ་བྱད་དང་དེ་ཁོ་ན་ཉིད་དང་
ཡོན་ཏན་དང་རྣམ་པར་དག་པས་བཤད་པ་སྟེ་གོ་སླའོ། །བསྐྱེད་རིམ་གྱི་ཞེན་པ་སྤངས་པའི་ཕྱིར་རྫོགས་རིམ་ལ་འཇུག་པའི་ཡན་ལག་དྲུག་གི་རྣལ་འབྱོར་བསྟན་པ་སྟེ། འདིས་ནི་འཁོར་ལོ་རྣམ་བསྒོམས་ནས། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་པ་ནི་སེམས་དཔའ་སུམ་བརྩེགས་
དང་། །ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་སྐུ་གསུང་ཐུགས་དང་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་སྟེ། རེག་པའི་རྣལ་འབྱོར་བསྟན་ཏོ། །དེ་ལ་སེམས་གཟུང་བ་ནི་གྲངས་ལ་བསླབ་པ་དང་། དབྱིབས་ལ་བསླབ་པ་དང་། ཁ་དོག་
ལ་བསླབ་པ་དང་ཕྱག་མཚན་དང་རྒྱན་དང་ཆ་ལུགས་ཀྱི་བར་དུ་སེམས་གཟུང་ངོ་། །ཕྲ་མོ་ལ་བསླབ་པ་ནི། དང་པོ་ནག་པོ་རབ་ཏུ་བསྒོམ། །ཞེས་པ་ལ་སོགས་པ་ནི་སྙིང་གར་ཧཱུཾ་ནག་པོ་གཅིག དམར་པོ་ནི་མགྲིན་པར་ཨཱཾ་ངོ་། །སེར་པོ་ནི་དཔྲལ་བར་ཛྲཱྀཾ་ངོ་། །ལྗང་གུ་ནི་ལྟེ་བར་ཁཾ་ངོ་། །སྔོན་པོ་ནི་
ནམ་ཚོང་དུ་ཧཱུཾ་ངོ་། །དཀར་པོ་ནི་སྤྱི་བོར་བྷྲཱུཾ་མོ། །དེ་རྣམས་ནི་དེ་བཞིན་གཤེགས་པ་དྲུག་གི་ངོ་བོ་ཡང་རྫོགས་པའི་རིམ་པ་ལ་འཇུག་པའི་ཡན་ལག་ཏུ་དཀྱིལ་འཁོར་གྱི་ཁ་དོག་རིམ་པ་དྲུག་ཏུ་ཡང་བསྒོམ་སྟེ་རགས་པ་ལྷའི་ཞེན་པ་སྤོང་ངོ་། །རང་བཞིན་དེ་བཞིན་གཤེགས་པ་དྲུག་ཏུ་རྒྱས་གདབ་
པའོ། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་པ་ནི་ཟབ་པའི་རྣལ་འབྱོར་བསྟན་པ་སྟེ་འོག་ནས་རྒྱས་པར་འཆད་དོ། །ད་ནི་རྫོགས་པའི་རིམ་པ་བཤད་པའི་ཕྱིར་ཚིགས་སུ་བཅད་པ་གཅིག་དང་ཚིག་རྐང་གཅིག་དང་ཤུགས་ཀྱིས་བསྟན་པ་གཅིག་གིས་ནི་སྡུད་པར་བྱེད་པའི་མཚམས་
སྦྱོར་བ་ནི་གང་ཞིག་ཆོ་གའི་ཡན་ལག་གིས་ལྷ་བསྒོམ་པ་ནི་བསྐྱེད་པའི་རིམ་པའོ། །ཡེ་ཤེས་མངོན་དུ་སྐྱེ་བའི་ཐབས་ནི་རྫོགས་པའི་རིམ་པའོ། །ཡང་ན་རྫོགས་པའི་རིམ་པའི་རྟེན་དུ་གྱུར་པ་དང་བསྐྱེད་པའི་རིམ་པ་བྱིན་གྱིས་རློབ་པས་ཀྱང་མཚན་ཏེ། བསྐྱེད་པ་དང་བསྐྱེད་པའི་རིམ་པས་རྫོགས་
Vol. 5 · folio 271a
པ་དང་རྫོགས་པའི་རིམ་པ་ནི་མོས་པའི་རྣལ་འབྱོར་ནས་མངོན་པར་བྱང་ཆུབ་པའི་བར་དུ་རིམ་པ་ཁ་དོག་དང་དབྱིབས་ཀྱི་རྣམ་པ་ནི་བསྐྱེད་པའོ། །ལས་ཀྱི་ཕྱག་རྒྱ་ནས་ཕྱག་རྒྱ་ཆེན་པོའི་བར་དུ་རྫོགས་པའི་རིམ་པའོ། །ཡེ་ཤེས་དངོས་སུ་ཤར་བ་ནི་རྫོགས་པའོ། །དེ་དག་
ནི་དེ་ཁོ་ན་ཉིད་ནི་སྒྱུ་མ་རྣམ་དག་དང་རང་བཞིན་རྣམ་དག་གོ། །དེ་ལྟར་བསྐྱེད་པའི་རིམ་པ་བསྟན་ནས། ད་ནི་རྫོགས་པའི་རིམ་པ་བཤད་པ་ནི། ནམ་མཁའི་ཁམས་ནི་ལ་སོགས་པ་སྔར་གྱི་སྡོམ་དུ་བསྟན་པའི་དོན་གོ་རིམས་བཞིན་དུ་བཤད་པའི་ཕྱིར། ལྷན་ཅིག་སྐྱེས་པའི་དོན་གཉིས་ཏེ།
ཤེས་པར་བྱ་བ་དབྱེ་བའི་སྒོ་ནས་ཤེས་པ་དང་། བསྐྱེད་ཐབས་ཀྱི་རིམ་པའི་ཉམས་སུ་བླངས་པས་ཤེས་པའོ། །དབྱེ་བ་ལ་མཚོན་བྱ་དང་མཚོན་བྱེད་ཀྱིས་དབྱེ་བ་དང་། ངོ་བོ་ཉིད་ཀྱི་སྒོ་ནས་དབྱེ་བ་དང་། རྟེན་གྱི་སྒོ་ནས་དབྱེ་བ་དང་། རྣམ་པར་གཞག་པའི་སྒོ་ནས་དབྱེ་བའོ། །དང་པོ་ལ་དྲུག་སྟེ།
མཚོན་བྱ་དོན་དམ་བདེ་བ་འཁོར་ལོའི་ཚུལ་དུ་བདེ་བ་དང་མངོན་སུམ་དུ་སྟེ་གསང་བའི་དབང་པོར་སྐྱེས་པའོ། །ཀུན་རྫོབ་དེར་ཁུ་བ་ཐིག་ལེ་ཚོགས་པ་གཅིག་པའི་ཚུལ་དུ་སྟེ། གཟུགས་དང་རོ་ལྟ་བུར་བུ་རམ་དཔེ་ལྟར་སྐྱེས་པའོ། །མཚོན་བྱེད་དབྱེར་མེད་པ་ནི་རང་རིག་པ་དེས་དོན་རང་གི་མཚན་ཉིད་ལ་
འཇུག་སྟེ་དཔེར་ན་སྤྲིན་གྱིས་ཟླ་བ་ཁེབས་པ་དེའི་མཐོང་ནས་སྣང་བ་ལྟར་བརྒྱུད་ནས་ཕྱག་རྒྱ་ཆེན་པོ་ལས་ཤེས་པར་བྱེད་དོ། །མཚོན་བྱའི་དབང་དུ་བྱས་པ་ཀུན་རྫོབ་ལྷ་སྟེ། ཁུ་བ་ལུས་ལས་བྱུང་བ་གནས་པ་དང་དོན་དམ་དེའི་བདེ་བ་དམྱལ་བ་ཡན་ཆད་ལ་ཡོད་པའི་བྱང་ཆུབ་སེམས་དེ་དོན་དམ་ལྷན་ཅིག་
སྐྱེས་པའོ། །དབྱེར་མེད་སེམས་རང་རིག་པ་བདེ་བ་ལ་མི་རྟོག་པ་སྟེ་དེ་ལྟར་དྲུག་གོ། །དེ་ཉིད་མཚན་ཉིད་ཀྱིས་དབྱེ་ན་གཉིས་ཏེ། ཀུན་རྫོབ་དང་དོན་དམ་མོ། །དེ་ལ་མཚོན་བྱེད་རིལ་ཀུན་རྫོབ། མཚོན་བྱ་རིལ་དོན་དམ་མོ། །རྟེན་གྱི་སྒོ་ནས་དབྱེ་བ་ལ་བཞི་སྟེ། ཤེས་རབ་བུད་མེད་ལ་གཉིས། ཐབས་
སྐྱེས་བུ་ལ་ཡང་གཉིས་ཏེ་དོན་དམ་དང་ཀུན་རྫོབ་གཉིས་ཏེ་བཞིའོ། །རྣམ་པར་གཞག་པ་ལ་བཞི་སྟེ་དགའ་བ་བཞི་ལ་ལྷན་སྐྱེས་སུ་བྱས་ཏེ། སྐད་ཅིག་བཞི་ནི་སྤངས་པའི་ཚུལ་དང་། དགའ་བ་བཞི་ཐོབ་པའི་ཚུལ་ལོ། །བསྐྱེད་ཐབས་ནི་སློབ་དཔོན་གྱི་མན་ངག་གིས་དབང་གསུམ་པ་བསྟན་པས་
Vol. 5 · folio 271b
རྟོགས་པ་གཅོད་པ་སྟེ། བདེ་བ་མངོན་སུམ་དུ་འབྱུང་། མི་རྟོག་པ་རྗེས་སུ་དཔག་པའི་ཚུལ་དུ་སྐྱེའོ། །ནམ་མཁའི་ཁམས་ནི་པདྨ་ལ། །ཞེས་པ་ནི་ཤེས་རབ་ཀྱི་གསང་བའི་གནས་སོ། །བྷ་ག་ཞེས་པའང་ཡེ་ཤེས་བརྗོད། །ཅེས་པ་ནི་ཐབས་ཀྱི་གསང་བའི་གནས་སོ། །སྙོམས་འཇུག་ནི་
ཨོཾ་པདྨ་སུ་ཁ་ལ་སོགས་པས་བྱིན་གྱིས་བརླབས་པའི་ཆོས་དང་ལྡན་པའོ། །བདེ་བ་ནི་མཚོན་བྱེད་དོན་དམ་ལྷན་ཅིག་སྐྱེས་པའོ། །འཁོར་ལོ་ནི་གཅོད་ཅིང་སྦྱོང་བས་ཤེས་རབ་སྟོང་པ་ཉིད་ཟུར་ལ་སྐྱེའོ། །སྔོན་འགྲོ་ཞེས་པ་ཞུ་བ་ནི་མན་ངག་གི་ཤུགས་ཀྱིས་བསྟན་པ་སྟེ་མཚོན་བྱེད་ཀུན་རྫོབ་ལྷན་
ཅིག་སྐྱེས་པའོ། །རིགས་པ་ཇི་བཞིན་རང་རིག་ནི་མཚོན་བྱེད་དབྱེར་མེད་རང་རིག་གསལ་བའོ། །ལྷ་བྱང་ཆུབ་སེམས་ནི་མཚོན་བྱ་དོན་དམ་ལྷན་ཅིག་སྐྱེས་པའོ། །ཇི་ལྟར་འབྱུང་བ་ཞུ་བ་ནི་མཚོན་བྱ་ཀུན་རྫོབ་ལྷན་ཅིག་སྐྱེས་པའོ། །ལྷན་ཅིག་སྐྱེས་པ་རྣམ་པ་གཉིས་ནི་གཉིས་མེད་དེ་མཚོན་
བྱ་ལྷན་སྐྱེས་སོ། །དེ་དག་ནི་གཞན་ལུས་ཤེས་རབ་ལ་བརྟེན་པའོ། །ཡང་ན་ནམ་མཁའི་པདྨ་ནི་ལྟེ་བའི་པདྨ་སྟོང་པའོ། །བྷ་གའི་ཡེ་ཤེས་ནི་ཡེ་ཤེས་ཀྱི་སྐལ་བ་དང་ལྡན་པས་བྷ་ག་སྟེ་བདེ་ཆེན་གྱི་གནས་སོ། །སྒོམ་པ་སྙོམས་འཇུག་ནི་འོག་དང་སྟེང་དུ་འོད་ཟེར་དང་། ཐིག་ལེའི་ཚུལ་དུ་རྒྱུ་བའོ། །
དེའི་བདེ་བ་ནི་འཁོར་ལོ་བཞིའི་ལམ་ནས་སོ། །སྔོན་འགྲོ་ཞུ་བ་ནི་རྟེན་སྔོན་དུ་འགྲོ་བའི་ཞུ་བས་སོ། །ཇི་ལྟར་རིགས་པར་རང་རིག་ནི་བརྟེན་པའི་ཆོས་བདེ་བ་རང་རིག་ཏུ་ཉམས་སུ་མྱོང་བའོ། །ལྷ་བྱང་ཆུབ་སེམས་ནི་མ་ཞེན་པར་རྣམ་པར་རོལ་བའོ། །ཞུ་བ་ནི་ཡང་རྟེན་སྔོན་དུ་འགྲོ་བའོ། །ལྷན་སྐྱེས་རྣམས་གཉིས་ནི་
གཉིས་མེད་དོ། །དེ་དག་ནི་མཚོན་བྱ་མཚོན་བྱེད་དུ་ལྷན་ཅིག་སྐྱེས་པ་ཡང་སྔ་མ་ལྟར་བཤད་དོ། །དེ་ནི་རང་ལུས་ཐབས་ལ་བརྟེན་པའོ། །བརྟེན་པ་ཆོས་ནས་འཇུག་པའི་ཕྱག་རྒྱ་ཆེན་པོ་ནི་ནམ་མཁའི་ཁམས་ནི་པདྨ་ཞེས་པ་ཤེས་རབ་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའོ། །བྷ་ག་ནི་ཐབས་སྣང་བ་སྒོམ་
པའོ། །དེ་གཉིས་ཀྱིས་འཁོར་ལོ་དེ་གཙོད་ཅིང་སྦྱོང་བར་བྱེད་དོ། །དེ་ཁོ་ན་བྱང་ཆུབ་ཀྱི་སེམས་མོས་པ་ཙམ་དུ་བསྒོམ་པར་བྱའོ། །ཡང་ནམ་མཁའི་ཁམས་ནི་པདྨའི་སྐུད་པ་དང་འདྲ་བས་ན་ཁོང་སྟོང་ཕྱག་རྒྱ་ཆེན་པོའི་རྟེན་ནོ། །བྷ་ག་ཡེ་ཤེས་ནི་དེར་ཡེ་ཤེས་རང་འབར་བའོ། །སྒོམ་པ་སྙོམས་
Vol. 5 · folio 272a
འཇུག་ནི་དབང་པོ་དང་བའི་ཐབས་སོ། །དེའི་བདེ་བ་ནི་ཐབས་སོ། །འཁོར་ལོ་ནི་ཤེས་རབ་བོ། །སྔོན་འགྲོ་ཞུ་བ་ནི་དེའི་རྟེན་ནོ། །རིག་པ་རང་རིག་ནི་དབྱེར་མེད་དོ། །བྱང་ཆུབ་སེམས་ནི་མཚོན་བྱ་ཤེས་རབ་པོ། །ལྷ་རྣམས་ནི་ཐབས་སོ། །འབྱུང་བ་ཞུ་བ་ནི་མཚོན་བྱའི་རྟེན་ནོ། །
ལྷན་ཅིག་སྐྱེས་པ་རྣམ་པ་གཉིས་ནི་མཚོན་བྱ་དབྱེར་མེད་དོ། །ཕྱག་རྒྱ་ཆེན་པོ་ལ་ཇི་ལྟར་མཚོན་བྱ་མཚོན་བྱེད་དུ་འགྱུར་ཞེ་ན། བླ་མའི་མན་ངག་གི་སྟོབས་སམ། ཕྱག་རྒྱ་ཆེན་པོ་དབང་བསྐུར་གྱི་ཁུ་བའི་ཐིག་ལེ་ཀུན་རྫོབ། བདེ་བ་དོན་དམ་རང་རིག་དབྱེར་མེད། མཚོན་བྱ་ནི་རྟེན་དབང་པོ་ཁྱད་
པར་ཅན་འཇའ་ཚོན་ལྟ་བུའི་ཐིག་ལེ་ནི་ཀུན་རྫོབ། ཟག་པ་མེད་པའི་བདེ་བ་དོན་དམ། རང་རིག་མཚན་ཉིད་གསུམ་དང་ལྡན་པ་གསུམ་དང་བྲལ་བ་དབྱེར་མེད་པ་རང་འབྱུང་གི་ཡེ་ཤེས་སོ། །བཤད་པ་དེ་རྣམས་ནི་སྐབས་འདིར་ལྷན་ཅིག་སྐྱེས་པ་གཏན་ལ་དབབ་པར་ཡང་འགྲོའོ། །སྒོམ་པར་
ཡང་འགྲོ་སྟེ་སྔོན་དུ་འགྲོ་བ་དང་། རྟགས་རྣམས་སྔ་མ་བཞིན་དུ་སྦྱོར་རོ། །ད་ནི་དབྱེ་བའི་རྣམ་པར་གཞག་པ་བསྟན་པའི་ཕྱིར། ཚིགས་སུ་བཅད་པ་གཉིས་ཏེ་གོ་སླའོ། །དེ་ཉིད་ཕྱིར་ན་ཞེས་པ་ནི། ལྷན་ཅིག་སྐྱེས་པ་དབྱེ་བའི་ཕྱིར། །དགའ་བ་བཞི་ཡི་རབ་དབྱེ་བ། །ཞེས་པ་ནི་དགའ་བ་ལ་ཡང་
བཞིར་དབྱེ་བའོ། །དེ་ཅིའི་ཕྱིར་ཞེ་ན། རྫོགས་པའི་རིམ་པའི་ཕྱོགས་ལས་ཞེས་པ་སྟེ་དེའི་དབང་དུ་བྱེད་པའི་ཕྱིར་རོ། །འདི་ལྟར། ལྷན་ཅིག་སྐྱེས་པ་རྣམ་པ་བཞི། །ཞེས་པ་ནི། ལྷན་ཅིག་སྐྱེས་པ་དང་དགའ་བ་ངོ་སྦྱར་བའོ། །དེ་དག་ཇི་ལྟར་ཞེ་ན། །དགའ་བ་ལས་ནི་དང་པོའོ། །དཔའ་བོ་
ཉིད་ནི་སྐྱེས་བུ་ཐབས་ཀྱི་ལྷན་སྐྱེས་སོ། །མཆོག་ཏུ་དགའ་བ་གཉིས་པའོ། །རྣལ་འབྱོར་མའི་བཙུན་མོ་ཤེས་རབ་ཀྱི་ལྷན་སྐྱེས་སོ། །ཤིན་ཏུ་བདེ་དགའ་ནི་དགའ་བྲལ་གྱི་གསུམ་པའོ། །ཐམས་ཅད་དེས་ནི་ཀུན་རྫོབ་མཚོན་བྱེད་ལྷན་སྐྱེས་སོ། །དེ་བདེ་ཐབས་ལས་ནི་དགའ་བས་ལྷན་སྐྱེས་
ཏེ་བཞི་པའོ། །ཐམས་ཅད་རིག་ནི་དོན་དམ་པའམ་མཚོན་བྱ་ལྷན་ཅིག་སྐྱེས་པའོ། །ད་ནི་ལྷན་ཅིག་སྐྱེས་པའི་བསྒོམ་བྱའི་རིམ་པ་རྒྱུ་དང་འབྲས་བུའི་གནས་སྐབས་ཀྱིས་བསྟན་པའི་ཕྱིར། དགའ་བ་བདེ་བ་ཅུང་ཟད་དེ། ཞེས་བྱ་བ་ནི་བདེ་བ་རང་གི་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །མཆོག་དགའ་
Vol. 5 · folio 272b
ལྷག་མ་ནི་ཤེས་པ་རང་རིག་གི་མཚན་ཉིད་ལ་སྒྲོ་བཏགས་པའོ། །དགའ་བྲལ་ཆགས་བྲལ་ནི་གཉུག་མ་ལས་ཉམས་པའི་ཕྱིར་རོ། །ལྷག་མ་ནི་ཡོངས་སུ་ལྷག་མ་སྟེ་དེ་གསུམ་ཆར་གྱི་རྣམ་པའི་མཆོག་དང་ལྡན་པས་སོ། །ཡང་དང་པོ་རེག་པར་འདོད་པ་ནི་རྟེན་ཤེས་རབ་མ་སྟེ་གཉུག་མ་ཡུལ་དུ་བྱས་
པས་སོ། །གཉིས་པ་བདེ་བ་འདོད་པ་ནི་ཡིད་ཀྱི་ཡུལ་ལ་ཚིམ་པ་མེད་པའི་ཕྱིར་རོ། །འདོད་ཆགས་འཇིག་པ་ཡང་གཉུག་མ་ལས་ཉམས་པའོ། །བཞི་པ་བསྒོམ་པ་ནི་དགའ་བ་གསུམ་གྱི་རྣམ་པ་ལྷན་ཅིག་སྐྱེས་པའི་རོར་བྱས་པའི་ཕྱིར་རོ། །རང་གི་རྒྱུ་དང་གཞན་གྱི་རྐྱེན་གྱི་འབྲས་བུ་སྐྱོན་དང་ཡོན་
ཏན་ཅིར་འགྱུར་ཞེ་ན། མཆོག་དགའ་སྲིད་པ་ཞེས་པ་ནི་ཞེན་ཅིང་ཆགས་པའོ། །དགའ་བྲལ་མྱ་ངན་ནི་ཉན་ཐོས་ལྟ་བུའོ། །དབུ་མ་དགའ་བ་ནི་བཏང་སྙོམས་ཀྱི་འབྲས་བུའོ། །ལྷན་ཅིག་སྐྱེས་པ་འདི་དག་སྤངས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་རོ། །འོ་ན་ལྷན་ཅིག་སྐྱེས་པ་ཅི་ཞེ་
ན། །འདོད་ཆགས་མེད་ཅིང་གཉུག་མའི་མཚན་ཉིད་གྲུབ་པ་སྟེ། མཆོག་དགའ་ནི་རྣམ་པར་མི་རྟོག་པའོ། །ཆགས་བྲལ་མེད་པ་ནི་རང་གི་མཚན་ཉིད་ལས་མ་ཉམས་པ་སྟེ། དགའ་བྲལ་དུ་མི་རྟོག་པའོ། །དབུས་མར་མི་དམིགས་པ་ནི་བདེ་བ་བཏང་སྙོམས་སུ་མི་གནས་པ་སྟེ། དགའ་བྲལ་མི་རྟོག་
པའོ། །དེ་དག་ནི་རང་གི་རྒྱུའོ། །འདི་ལ་ནི་ལྷན་སྐྱེས་སོ། །ཐབས་ནི་སྐྱེས་བུའི་བྱེད་པའི་མཆོག་དགའོ། །ཤེས་རབ་ནི་བཙུན་མོའི་བྱ་བ་དགའ་བྲལ་ལོ། །དེ་གཉིས་ཀའི་དགའ་བ་སྟེ་དགའ་བྲལ་ལོ། །ཡང་དག་དེ་ཉིད་སྣང་བ་ནི་འབྲས་བུ་འཁོར་བ་དང་ཞི་བ་དབྱེར་མེད་པའི་མི་གནས་བའི་མྱ་ངན་ལས་འདས་པའོ། །འོ་ན་ལྷན་ཅིག་
སྐྱེས་པ་དེ་རྒྱུད་ལ་ཇི་ལྟར་སྐྱེ་ཞེ་ན། བདེན་ཏེ་མཉམ་པའམ་ལྟ་བའི་རོ་མཉམ་པ་དེ། ཤུགས་ལས་རོ་མཉམ་བསྒོམས་པས་བདེ་བ་མངོན་སུམ་དུ་སྐྱེ་སྟེ། གཞན་གྱིས་བརྗོད་མིན་ཞེས་པ་ནི་ལུང་དང་བླ་མས་སོ། །གང་དུ་མི་རྙེད་པ་ནི་ཆོས་གང་ལ་མི་གནས་པའོ། །འོན་ཀྱང་བླ་མའི་དུས་
ཐབས་བསྟེན་པས་ཏེ་ཕྱག་རྒྱ་ཆེན་པོའི་མན་ངག་ལས་སོ། །བདག་གི་བསོད་ནམས་ཞེས་པ་ནི་རང་གི་ནང་ནས་སྣང་བའི་བྱིན་གྱིས་བརླབས་པའོ། །ད་ནི་དབང་པོ་རང་སྣང་གི་མན་ངག་བསྟན་པའི་ཕྱིར། དམན་དང་འབྲིང་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་པ་དང་། ཚིགས་
Vol. 5 · folio 273a
སུ་བཅད་པ་གསུམ་གྱིས་བཤད་པ་སྟེ། དམན་པ་ནི་ངན་པའམ་ཕྲ་བ་ཡང་ན་རགས་པ་དང་ཕྲ་བ་འབྲིང་བོ། མཆོག་ནི་བཟང་བའམ་རགས་པ། འབྲིང་ནི་གཉིས་ཀ་མ་ཡིན་པའོ། །ཡང་ལྟོས་ནས་གསུམ་དུ་བཤད་དོ། །སྒྲ་ཡང་སྙན་པ་དང་མི་སྙན་པ་གཉིས་ཀ་ལ་
བརྟེན་པའོ། །དེ་བཞིན་དུ་དྲི་རོ་རེག་བྱ་ལ་ཡང་སྦྱར་རོ། །དེ་ཡང་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་ནི་ལྟ་བ་བདག་མེད་པར་བཤད་ལ། ཡང་ཚིགས་སུ་བཅད་པ་གཅིག་དང་ཚིག་རྐང་པ་གཅིག་གིས་ནི་སྒོམ་པ་བདེ་བའི་རྣམ་པ་བཤད་དོ། །དོན་འདི་ཡིས་ནི་བརྗོད་པར་བྱ། །ཞེས་པ་ནི་
དེ་དག་གིས་བསྡུས་པ་སྟེ། ཆོས་ཀུན་དབང་པོ་རང་སྣང་དུ་བྱིན་གྱིས་བརླབས་པའི་ཚེ་ལྟ་བ་སྤྱིའི་མཚན་ཉིད་དང་། སྒོམ་པ་རང་གི་མཚན་ཉིད་དུ་གྱུར་པའོ། །ད་ནི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་གསུངས་པ་ལས། གཅིག་གིས་ནི་ཤེས་བྱ་ལྷན་ཅིག་སྐྱེས་པའི་
ཡོན་ཏན་ཡིན་ལ། ཡང་གཅིག་གིས་ནི་ཉམས་སུ་བླངས་པའི་ཡོན་ཏན་ནོ། །ད་ནི་སྤྱོད་ལམ་དང་བསྲེ་བའི་མན་ངག་བསྟན་པའི་ཕྱིར། ཚིགས་སུ་བཅད་པ་གཅིག་སྟེ། དེ་ཡང་གོ་རིམས་ཅུང་ཟད་དཀྲུགས་ནས་ཕྱག་རྒྱ་ཆེན་པོ་མངོན་འདོད་པ་ནི་སྔར་བཞིན་དུ་མན་ངག་ཤེས་པས་སོ། །བཟའ་
བཏུང་ནི་ལྷན་ཅིག་སྐྱེས་པའི་རོའོ། །ཁྲུས་ནི་དབང་དུ་མོས་པའོ། །སད་པ་ནི་ཐབས་ཀྱིས་སོ། །ཉལ་བ་ནི་ཐབས་ཀྱིས་སྙོམས་པར་འཇུག་པའོ། །དེས་ན་སྔོན་དུ་འགྲོ་བ་ནི་རྫོགས་རིམ་ལྷག་པར་མོས་པ་རྒྱུན་མི་འཆད་པའོ། །ད་ནི་སྒོམ་པ་བསྟན་པའི་ཕྱིར་ཡིད་ཀྱིས་མི་བསྒོམ་པ་ནི་སྤྱོད་ཡུལ་མ་ཡིན་
པའི་ཕྱིར་རོ། །ཆུ་འཛིན་ནམ་མཁའ་དང་འདྲ་བ་ཡུལ་མེད་པ་འདི་ཡང་སྟེ་དེ་ཡང་བྲིང་པའི་ཐབས་ཀྱིས་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བསྒོམ་སྟེ། ཡིད་དངས་པ་ཙམ་ནི་མ་ཡིན་ནོ། །འགྲོ་བ་ཐམས་ཅད་བསྒོམ་པ་ནི་ལུས་ཅན་ཐམས་ཅད་ལ་ཕྱག་རྒྱ་ཆེན་པོ་ལྡན་པས་སོ། །ཐམས་ཅད་ཆོས་ནི་ཡོངས་
ཤེས་ནི་དེར་ཟག་པ་མེད་པ་འབའ་ཞིག་ཏུ་སྣང་བའི་ཕྱིར་རོ། །དེ་བསྡུ་བའི་ཕྱིར་སྒོམ་དུ་མེད་པ་ཉིད་ནི་རྣམ་པར་རྟོག་པ་མདུན་ན་གནས་པས་སོ། །སྒོམ་པ་པོ་ནི་ཡེ་ཤེས་ཆེན་པོ་རྒྱབ་ན་གནས་པ་སྟེ། དེ་དག་ནི་བདེ་བ་ཆེན་པོ་བསྒོམ་པའི་ཐབས་སོ། །ད་ནི་ཤེས་པ་བདག་མེད་པར་བསྟན་པའི་ཕྱིར་བརྟན་
Vol. 5 · folio 273b
གཡོའི་དངོས་པོ་ནི་ཀུན་གཞིར་གྱུར་པའོ། །རྩ་ལྕུག་ལ་སོགས་པ་ནི་དེར་གནས་པའི་ཆོས་ཅན་དེ་བདེ་བར་མཚོན་པའོ། །བདག་གི་རང་བཞིན་ལས་ནི་ལྷན་ཅིག་སྐྱེས་པའི་བདེ་བའི་རང་བཞིན་ནོ། །དམ་པ་དེ་ཉིད་ནི་ཟག་པ་མེད་པའི་བདེ་བ་དང་སྦྱར་རོ། །དེས་སྒོམ་ནི་བླ་མ་བརྒྱུད་པའམ་ཉམས་སུ་མྱོང་
བ་གཅིག་པའོ། །དེ་རྣམས་ནི་སྔར་གྱི་ཆོས་ཅན་དེ་རྣམས་སོ། །གཅིག་ཉིད་ནི་བདེ་བའི་རོས་སོ། །གཞན་ཡོད་མིན་ནི་སྣ་ཚོགས་མེད་ཅིང་སྟོང་པར་བྱས་པའོ། །ད་ནི་དབྱེར་མེད་ཀྱི་འབྲས་བུ་བསྟན་པའི་ཕྱིར་ཚིག་རྐང་གསུམ་སྟེ་རང་རིག་བདེ་ཆེན་ནི་རང་རིག་ཐབས་བསྡུས་པའོ། །རང་རིག་བྱང་ཆུབ་
ནི་ཤེས་པས་བསྡུ་བའོ། །རང་རིག་ཕྱིར་ན་བསྒོམ་པ་ནི། དབྱེར་མེད་པའི་ཕྱིར་དེ་ཁོ་ན་བསྒོམ་པའོ། །ད་ནི་ལྟ་བ་མངོན་རྟོགས་ཀྱང་བསྟན་པའི་ཕྱིར། རང་གི་རིག་པ་ནི་གཉུག་མའི་རང་བཞིན་ནོ། །འགྱུར་བ་ནི་ཐ་མལ་གྱི་གནས་སྐབས་སོ། །དམན་པ་མི་བརྟག་པ་ནི་གནས་སྐབས་ཀྱི་མངོན་
པར་ཞེན་པའོ། །ལས་ནི་བརྟག་པ་སྟེ་དགེ་བ་དང་མི་དགེ་བའོ། །འཕྲོ་བའམ་སྡུད་པ་ནི་སྡུག་བསྔལ་ལོ། །དབྱེ་བ་ནི་བདེ་བའོ། །རང་རིག་ནི་གཉུག་མ་དེ་ཉིད་དོ། །དེའི་ཕྱིར་རང་རིག་གཉུག་མ་དེ་ཉིད་ནི་དེའི་གནས་སྐབས་ཀུན་དུ་འགྱུར་བས་རྒྱལ་པོ་དང་གཙོ་བོ་ལྟ་བུ་རྒྱུ་བར་བྱེད་དོ། །འོ་ན་རང་
རིག་པ་གཉུག་མའི་ཆོས་དེ་དང་། དམན་པ་གློ་བུར་བ་གཉིས་ཐ་དད་དམ་ཐ་མི་དད་ཅེ་ན། ཐ་དད་ན་འགྲན་ཐུབ་པས་ཇི་ལྟར་སྤང་དུ་བཏུབ། ཐ་མི་དད་ན་ནི་འོ་ན་རྣམ་པར་དག་པའི་ཆོས་སུ་འགྱུར་རམ། དྲི་མའི་ཆོས་སུ་འགྱུར། རྣམ་པར་དག་པའི་ཆོས་སུ་འགྱུར་ན་ནི་འབད་པ་མེད་པར་གྲོལ་བར་
འགྱུར་ཏེ་ངོ་བོ་ཉིད་ཀྱིས་དག་པའི་ཕྱིར་རོ། །མ་དག་པའི་རང་བཞིན་དུ་འགྱུར་ན་ནི་འབད་པ་འབྲས་བུ་མེད་པར་འགྱུར་ཏེ། ངོ་བོ་ཉིད་མ་དག་པའི་ཕྱིར་རོ། །དཔེར་ན་སོལ་བ་བདར་ཀྱང་དཀར་པོ་མི་འོང་བ་བཞིན་ནོ། །དེ་སྐད་དུ་ཡང་། གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པས་འབྲས་བུ་མེད་
པར་འགྱུར། །གལ་ཏེ་ཉོན་མོངས་དེ་མ་འགྱུར། །འབད་པ་མེད་པར་གྲོལ་བར་འགྱུར། །ཞེས་ཟེར་བ་ལ་དེ་ནི་དེ་ལྟར་མི་ལྟ་སྟེ། རང་བཞིན་རྣམ་པར་དག་པ་དང་དྲི་མ་གློ་བུར་གཉིས་གཅིག་པ་དང་ཐ་དད་པ་མ་ཡིན་ཏེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་པས་སྔ་མའི་སྐྱོན་མི་འོང་ལ།
Vol. 5 · folio 274a
རང་བཞིན་རྣམ་པར་དག་པ་ཡིན་པས་འབད་པ་དོན་མེད་པར་ཡང་མི་འགྱུར། དེ་སྐད་དུ་ཡང་། རང་བཞིན་ཉིད་ཀྱིས་རྣམ་པར་དག །དྲི་མ་རྣམས་ནི་གློ་བུར་བ། །གཞན་ཡང་། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་ཉིད་པས་དག་པར་འདོད། །ཅེས་
གསུངས་སོ། །འོན་ཀྱང་དྲི་མ་གློ་བུར་བ་ཡིན་པས་སྣ་ཚོགས་པའི་རྟོག་པ་མི་འཇུག་ལ། གློ་བུར་ཙམ་སྤང་པའི་ཐབས་ནི་དགོས་ཏེ། འོག་ནས། བཞིན་ལག་ཁ་དོག་གནས་པ་ནི། །བསྐྱེད་པ་ཙམ་གྱིས་རྣམ་པར་གནས། །འོན་ཀྱང་བག་ཆགས་ཕལ་པས་སོ། །རང་བཞིན་གྱིས་ནི་མྱ་ངན་
འདས། །ཞེས་གསུངས་སོ། །ད་ནི་གཉིས་མེད་རང་རིག་ཏུ་བསྟན་ནས་བདེ་བ་ཆེན་པོ་བསྟན་པའི་ཕྱིར་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལྔའི་བདེ་བ་ནི་མཚོན་བྱེད་ལྷན་ཅིག་སྐྱེས་པ་ལས་ཀྱི་ཕྱག་རྒྱལ་ཡོད་པའོ། །དེ་ནས་ཉམས་དགའ་ཞེས་བྱ་བ་ནི་མཚོན་བྱ་སྟེ་ཕྱག་རྒྱ་ཆེན་པོ་ལ་
གནས་པའོ། །བཅུ་དྲུག་ཆ་ནི་ཟླ་བ་བཅུ་དྲུག་པ་ཚེས་གཅིག་དང་། གཉིས་ལ་སོགས་པས་མི་བསྐྲུན་པའམ། ཡང་ན་ཉོན་མོངས་པ་དང་བཅས་པའི་དགའ་བ་བཅུ་དྲུག་བསྡུས་པ་ནི་ཕྱག་རྒྱ་ཆེན་པོའི་ལྷན་སྐྱེས་ཏེ་རེ་རེའི་ཆས་མི་ཕོད་དོ། །ད་ནི་རང་རིག་མི་རྟོག་པ་དང་བཅས་པ་ཅི་ཞེ་ན། དེ་ཡང་
ཡིད་ཀྱི་རྒྱུ་བ་ཉོན་མོངས་པ་དང་བྲལ་བ་སྟེ། དེ་ཉིད་ཀྱི་ཤུགས་ཀྱིས་བསྟན་ཏོ། །ད་ནི་དབྱེར་མེད་དེ་བཤད་པའི་ཕྱིར་ཆོས་འབྱུང་ནི་ཤེས་རབ་ལྷ་མོ་བླ་ན་མེད་པའོ། །ཡེ་ཤེས་སྐྱེས་པ་ནི་དེར་ཡེ་ཤེས་རང་འབར་བའོ། །ཇི་ལྟ་བུ་ཞེ་ན། མཁའ་མཉམ་སྟེ་མི་རྟོག་པའོ། །ཐབས་ནི་བདེ་བའོ། །
ལྷན་ཅིག་སྐྱེས་པ་ནི་རོ་གཅིག་པའོ། །ཐབས་དང་ཤེས་རབ་རང་བཞིན་ནོ། །རོ་གཅིག་པ་དེ་ལས་སོ། །འཇིག་རྟེན་གསུམ་པོ་ནི་དག་དང་མ་དག་པའི་ཆས་ཁམས་གསུམ་མམ་སྐུ་གསུམ་མོ། །དེ་ལས་སྐྱེས་ནི་ལྷན་ཅིག་སྐྱེས་པ་ལས་སོ། །དེ་ཡང་ཇི་ལྟར་ཉམས་སུ་བླངས་ཤེ་ན་ཞུ་བའི་
རྣམ་པ་ནི་ཀུན་རྫོབ་ཀུནྡ་ལྟ་བུའོ། །བཅོམ་ལྡན་ནི་ཧེ་རུ་ཀ་སྟེ་ལོངས་སྐུའོ། །བདེ་བ་ནི་དོན་དམ་མོ། །གདོད་མ་ནི་བདག་མེད་མ་སྟེ་ཆོས་སྐུའོ། །དེ་དག་མཇུག་བསྡུ་བའི་ཕྱིར་གཅིག་དང་དུ་མ་བྲལ་བ་ནི་ཡིད་ཀྱི་རྒྱུ་བ་ཉོན་མོངས་པའི་བདེ་བ་བྲལ་བ་སྟེ་མི་རྟོག་པའོ། །སྐད་ཅིག་གཅིག་ནི་སྐད་ཅིག་
Vol. 5 · folio 274b
དང་བྲལ་བའི་མི་འགྱུར་བ་གཅིག་པ་སྟེ། ཕྱག་རྒྱ་ཆེན་པོ་རང་འབྱུང་བའོ། །མཆོག་དགའ་ནི་འབའ་ཞིག་ཏུ་དགའ་བ་སྟེ་བདེ་བའོ། །རང་རིག་པ་ནི་སེམས་སོ། །ཡེ་ཤེས་འདི་ནི་འདི་ཉིད་བདེ་བ་དང་། མི་རྟོག་པ་དབྱེར་མེད་པའི་ཡེ་ཤེས་སོ། །ཡང་འདི་ཤེས་པ་ནི་འབྲས་བུ་ཡང་བསྟན་
པའི་ཕྱིར། ངག་གི་ལམ་འདས་ནི་རྟོག་པ་དང་བརྗོད་པའོ། །སྤྱོད་ཡུལ་ནི་གཉུག་མའི་དབང་པོའོ། །བྱིན་བརླབས་རིམ་པ་ནི་རང་བྱིན་གྱིས་བརླབ་པའི་རིམ་པའོ། །ཀུན་མཁྱེན་ཡེ་ཤེས་ནི་ས་བཅུ་གསུམ་དང་མཚུངས་པའོ། །དེ་ཡང་སངས་རྒྱས་དང་མཉམ་ནས་ལ་སོགས་པས་
མི་གནོད་དམ་ཞེ་ན། དེ་ཡིས་བརྟག་པས། མི་གནོད་པར་བསྟན་པའི་ཕྱིར། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་རྟག་པ་སྨིན་པའོ། །རང་གཞན་རིག་པའི་ཚོར་བའམ་དབྱེ་བ་ནི་རྟོག་པའོ། །ཀུན་ནི་རྟོག་པས་བརྟགས་པ་ཀུན་ནོ། །སྐད་ཅིག་ནི་ཡེ་ཤེས་ཉིད་དོ། །མི་གནོད་
པའམ་མི་འཆིང་བ་དེས་མི་གནོད་པས་ན་སངས་རྒྱས་དང་འདྲའོ། །ཡང་སྤྲུལ་ཞིང་བསྒྱུར་བར་ནུས་སམ་ཞེ་ན། མཐོ་རིས་མི་ཡུལ་རྐང་འོག་ཏུ། །ཞེས་བྱ་བ་ནི་ས་བླ་ས་འོག་ས་སྟེངས་གསུམ་མོ། །སྐད་ཅིག་ནི་འདོད་ན་དེ་མ་ཐག་གོ། །གཟུགས་གཅིག་གམ་ནི་གང་ཡང་རུང་བར་རོ། །འགྱུར་
བར་ནི་སྤྲུལ་ཞིང་བསྒྱུར་བའོ། །དེ་དག་གིས་ནི་བརྟག་པས་མི་གནོད་ཅིང་སྤྲུལ་པར་བསྟན་ནས། ད་ནི་རྟོག་པས་ཀྱང་མི་གནོད་པ་སྟོན་ཏེ། རང་གཞན་ཆའི་རྣམ་རྟོག་གིས་ཞེས་པ་ནི་གཟུང་འཛིན་ནམ་རང་གཞན་གྱི་རྣམ་པར་རྟོག་པའོ། །མི་གནོད་པའམ་མི་འཆིང་བ་ནི་མ་སྐྱེས་པའི་ཕྱིར་བཅུ་གསུམ་
པ་དང་མཚུངས་སོ། །ད་ནི་ལམ་གཉིས་གསང་བ་ཐུན་མོང་མ་ཡིན་པར་བསྟན་པའི་ཕྱིར། ཐམས་ཅད་རིག་བྱེད་ནི་བྲམ་ཟེ་ལ་སོགས་པའི་འཇིག་རྟེན་པའོ། །གྲུབ་མཐའ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཕ་རོལ་ཕྱིན་པའོ། །ལས་རྒྱས་ལ་སོགས་པས་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་
རྒྱུད་དོ། །དག་པའི་དངོས་གྲུབ་མི་གྲུབ་པ་ནི་དེ་དག་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་སྐྱེ་བས་སོ། །རང་རང་གི་འབྲས་བུའི་དངོས་གྲུབ་ཡོད་དོ་ཞེ་ན། ཕྱག་རྒྱ་ཆེན་པོ་བསྐྱེད་རིམ་ཉུང་ལྡན་ལ་བརྟེན་ནས། གཉུག་མའི་དབང་པོར་མ་སྐྱེས་བར་དུ་ཡིད་ཀྱིས་བརྟགས་པའི་འབྲས་བུ་ཐོབ་ཀྱང་ཡང་ནི་སྲིད་པར་
Vol. 5 · folio 275a
སྐྱེ་བར་འགྱུར་རོ། །དེའི་ཕྱིར་འཇིག་རྟེན་འདི་ནི་ཚེ་འདིའོ། །ཕ་རོལ་ནི་སྐྱེ་བ་གཞན་དུའོ། །དེ་མེད་པས་ནི་ལམ་གཉིས་སོ། །དངོས་གྲུབ་མེད་ནི་ཐབས་དང་ཤེས་རབ་དབྱེར་མེད་དོ། །ད་ནི་རྣལ་འབྱོར་བླ་མའི་རྒྱུད་དག་ལས་ཀྱང་བླ་ན་མེད་པའི་རྒྱུད་ཁྱད་པར་དུ་བསྟན་པའི་ཕྱིར།
གང་གིས་མི་ཤེས་པ་ནི་བླ་མའི་རྒྱུད་ཤེས་པས་ཀྱང་ངོ་། །ཀྱེའི་རྡོ་རྗེ་ནི་ལྷན་སྐྱེས་སྟོན་པའི་རྒྱུད་དོ། །དེ་ནི་དེ་རྣམས་སོ། །ངལ་བ་ནི་བླ་མའི་རྒྱུད་ཤེས་པའོ། །དོན་མེད་ནི་རྣལ་འབྱོར་རྒྱུད་ལ་སོགས་པ་གཞན་དག་གོ། །ཡང་ན་ངལ་བ་ནི་ཕ་རོལ་ཏུ་ཕྱིན་པ་དང་གྲུབ་མཐའ་རྣམས་སོ། །དོན་མེད་པ་ནི་མུ་
སྟེགས་པའོ། །མི་ཤེས་པ་ནི་བྱ་བའི་རྒྱུད་ནས་བླ་མའི་རྒྱུད་མན་ཆད་དོ། །འོན་ཀྱང་བླ་མའི་རྒྱུད་ལས་ཀྱང་ཇི་ལྟར་ཁྱད་པར་དུ་འགྱུར་ཞེ་ན། དེ་དག་གིས་ནི་དོན་དམ་པ་བྱང་ཆུབ་སེམས་ཀྱི་ཆེ་བའི་བདག་ཉིད་ཙམ་སྟོན་ལ། འདིས་ནི་བསྐྱེད་པའི་རིམ་པ་ཉུང་ལྡན་ཆགས་པ་དང་མ་རུངས་པ་རྗེས་སུ་གཟུང་
པ་དང་། །ཚར་གཅད་པ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་མན་ངག་ལྷན་ཅིག་སྐྱེས་པ་རང་འབར་བའི་ཐབས་ཉེ་བའི་ཕྱིར་རོ། །དེའི་ཕྱིར་ཆུ་བོའི་རྒྱུན་ནི་མཉམ་པར་གཞག་པ་དང་། མཉམ་པར་གཞག་པ་ལས་ལངས་པའི་རྣལ་འབྱོར་རྒྱུན་མི་འཆད་པའོ། །མར་མེ་འབར་བ་ནི་ལྷའི་རྣམ་པ་དང་ང་རྒྱལ་ལོ། །
རྟག་ཏུ་ནི་རྒྱུན་དུའོ། །འདི་ཉིད་ནི་ཧེ་རུ་ཀའམ་བདག་མེད་མའོ། །རྣལ་འབྱོར་ནི་སྙོམས་པར་འཇུག་པ་དང་ལྡན་པའོ། །ཉིན་དང་མཚན་དུ་བཞག་པ་ནི་དེ་དག་ཏུ་གདམས་པ་སྟེ། ཉིན་མཚན་གཅིག་ལ་སྒོམ་པ་ཐུན་བཞིར་མི་སྒོམ་པ་ཐུན་བཞིར་མཉམ་གཞག་དང་སྤྱོད་ལམ་དུ་ཤེས་པར་བྱའོ། །
ཡང་ཆུའི་རྒྱུན་ནི་ཟླ་བ་བྱང་ཆུབ་སེམས་སོ། །མར་མེ་འབར་བ་ནི་སྙོམས་པར་འཇུག་པས་འདོད་ཆགས་ཆེན་པོའི་མེའོ། །རྟག་ཏུ་དེ་ཉིད་ནི་ཞུ་བ་སྔོན་དུ་སོང་བའི་དོན་དམ་ལྷན་ཅིག་སྐྱེས་པའོ། །རྣལ་འབྱོར་ནི་ཐ་མལ་གྱི་རྣམ་པར་རྟོག་པ་བསྒྱུར་ནས་ཐབས་དང་ཤེས་རབ་ཀྱི་ལྷར་གསལ་བའོ། །
ཉིན་མོ་འཆར་བ་སྟེ་དགའ་དང་མཆོག་དགའོ། །མཚན་མོ་ནི་ནུབ་པ་སྟེ་དགའ་བྲལ་གྱི་དགའ་བའོ། །རྣམ་པར་གཞག་པ་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་དུའོ། །དེ་ཡང་དང་པོ་ཆུ་ཚོད་དང་ཐུན་ཕྱེད་དང་ཐུན་གཅིག་དང་ཉི་མ་ཕྱེད་དང་མཚན་མོ་དང་ཇེ་ཆེ་ཇེ་ཆེ་ལ་བསླབ་པའོ། །ཡང་ཆུ་བོའི་རྒྱུན་
Vol. 5 · folio 275b
ནི་ཧཾ་ལས་རྡོ་རྗེ་འཛིན་པ་གསོ་བའོ། །མར་མེ་འབར་བ་ནི་དེ་བཞིན་གཤེགས་པ་བསད་པ་སྟེ་གཏུམ་མོ་སྦར་བའོ། །རྟག་ཏུ་དེ་ཉིད་ནི་དེ་གཉིས་རྒྱུན་མི་འཆད་པའོ། །རྣལ་འབྱོར་ནི་སྦྱོར་བ་སྟེ་ཉིན་མཚན་ནི་སྟེང་འོག་གི་གཡས་གཡོན་ནོ། །རྣམ་པར་གཞག་པ་ནི་སྟེང་འོག་གི་ཐིག་ལེ་གཞག་
པའམ། །གཡས་གཡོན་ཨ་ཝ་དྷཱུ་ཏཱིར་རོ། །དེ་ནི་རང་ལུས་ཐབས་དང་ལྡན་པའོ། །ཡང་ཆུ་བོའི་རྒྱུན་ནི་སྣང་བའོ། །མར་མེའི་རྩེ་མོ་ནི་སྟོང་པ་ཤེས་རབ་པོ། །རྟག་ཏུ་དེ་ཉིད་རྣལ་འབྱོར་ནི་སྣང་བ་སྟོང་པ་དབྱེར་མེད་དུ་བསྒོམ་པའོ། །ཉིན་དང་མཚན་མོ་ནི་བརྡ་ཡིས་མཚོན་པ་སྟེ། ཉིན་མོ་སྣང་
བ་མཚན་མོ་ཤེས། །དེ་གཉིས་མཚམས་དབྱེར་མེད་བསྒོམ་པའོ། །ཡང་ན་ཆུ་བོའི་རྒྱུན་ནི་ཕྱག་རྒྱ་ཆེན་པོའོ། །རབ་འབར་ནི་ཀུན་རྫོབ་ལྷན་སྐྱེས་སོ། །མར་མེ་འབར་བ་ནི་དོན་དམ་ལྷན་སྐྱེས་ཏེ་ཡེ་ཤེས་རང་འབར་བའོ། །རྟག་ཏུ་དེ་ཉིད་རྣལ་འབྱོར་ནི་དབང་པོ་རང་སྣང་ངོ་། །ཉིན་དང་མཚན་
དུ་ནི་སྤྱོད་ལམ་དང་བསྲེ་བའོ། །རྣམ་པར་གཞག་པ་ནི་འབྲས་བུ་ཆེ་བ་ཁམས་གསུམ་རོ་གཅིག་ཏུ་འབྱུང་བའི་བདག་ཉིད་དོ། །དེ་དག་གི་སྔོན་དུ་འགྲོ་བའི་ཆོ་ག་དང་མཇུག་གི་རིམ་པ་ནི་སྔ་མ་བཞིན་དུ་སྦྱར་རོ། །ལེའུ་བརྒྱད་པའོ།། །།དེ་ནས་ཞེས་བྱ་བ་ནི་རིམ་པ་གཉིས་ཀྱི་དོན་བསྟན་
པའི་རྗེས་ལའོ། །རྣམ་པར་དག་པ་ནི་གཉིས་ཏེ། རང་བཞིན་རྣམ་པར་དག་པ་དང་། སྒྱུ་མ་ཡོངས་སུ་དག་པའོ། །རང་བཞིན་རྣམ་པར་དག་པ་ནི་རྣམ་པར་དག་པ་དང་མཆོག་ཏུ་རྣམ་པར་དག་པ་སྟེ། རྣམ་པར་དག་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་སྤྲོས་པ་དང་བྲལ་བའོ། །མཆོག་
ཏུ་དག་པ་ནི་བདེ་བ་ཆེན་པོའི་ཐུན་མོང་མ་ཡིན་པ་དག་པའོ། །སྒྱུ་མ་ཡོངས་སུ་དག་པ་ནི་ཆོས་ཐམས་ཅད་རྨི་ལམ་མམ་སྒྱུ་མ་ལྟ་བུའོ། །སྒྱུ་མ་མཆོག་ཏུ་ཡོངས་སུ་དག་པ་ནི་ལྷའི་རྣལ་འབྱོར་སྒྱུ་མ་དང་རྨི་ལམ་ལ་སོགས་པར་ཤེས་པའོ། །དེ་སྐད་དུ་ཡང་། གཟུགས་ཀྱི་དེ་བཞིན་ཉིད་ཤེས་
ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་གསུངས་པ་དང་། གཟུགས་ཁམས་ཞེས་བྱ་སྟོང་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྔར་གསུངས་པ་དང་མཚུངས་སོ། །ཡང་གཟུགས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་
Vol. 5 · folio 276a
མ་ལྟ་བུའོ། །མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་ཅིག་ཡོད་ན་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་གསུངས་སོ། །གཞན་ཡང་། སེང་གེ་ཟླ་བའི་གྲོང་ཁྱེར་བཞིན། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ལེའུ་བཤད་པ་ནི་སྡུད་པར་བྱེད་པས་ཁས་
ལེན་པའོ། །དངོས་པོ་ཐམས་ཅད་ནི་བརྟན་གཡོ་བསྡུས་པའོ། །དག་པ་ནི་ཐ་མལ་པའི་རང་བཞིན་དང་བྲལ་བའོ། །དེ་བཞིན་ཉིད་ནི་མ་བཅོས་པ་སྟེ་རང་བཞིན་རྣམ་དག་གིས་བསྟན་པའོ། །ཕྱི་ནས་ཞེས་བྱ་བ་ནི་ལེའུ་བརྒྱད་པར་ནི་བསྐྱེད་པའི་སྔོན་དུ་བསྟན་ལ། འདིར་ནི་དེ་ལས་བཟློག་པ་བསྟན་ཏོ། །དེ་
ཅིའི་ཕྱིར་ཞེ་ན། དེར་ནི་རྟེན་དང་བརྟེན་པའི་དབང་དུ་བྱས་ཏེ། རྟེན་སྔོན་དུ་འགྲོ་བའི་ཕྱིར་རོ། །འདིར་ནི་དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་ཏེ། རང་བཞིན་རྣམ་པར་དག་པས་ཁྱབ་པའི་ཕྱིར་རོ། །རེ་རེའི་དབྱེ་བ་ནི་ཆོས་རེ་རེ་ལ་ཡོད་པའི་ལྷའོ། །ལྷ་རྣམས་ཀྱི་བརྗོད་པ་ནི་རྟེན་དྲི་ཟའི་གྲོང་ཁྱེར་དང་། བརྟེན་
པ་རྨི་ལམ་ལྟ་བུ་དང་། ལོངས་སྤྱོད་སྒྱུ་མ་ལྟ་བུ་སྟེ། སྒྱུ་མ་རྣམ་དག་ཏུ་བསྟན་པའོ། །འདི་རྣམས་ཕྱོགས་གཅིག་ཏུ་བསྟན་པ་ནི་རྒྱུད་ཟོར་ཡང་བའི་དགོས་པ་དང་། བདག་མེད་པ་དང་ཧེ་རུ་ཀ་གཉིས་ཁྱད་པར་མེད་པར་བསྟན་པའི་དོན་ཏོ། །ད་ནི་རང་བཞིན་རྣམ་དག་བཤད་པ། གང་ལ་དག་པའི་
ཚིག་རྐང་གཉིས་ཀྱིས་བསྟན་པ་སྟེ་གོ་སླའོ། །གང་ལྟར་དག་པ་ནི་གཟུགས་ལ་སོགས་པའི་ཚིག་རྐང་གཉིས་དང་རང་བཞིན་གྱིས་དག་པའི་ཚིག་རྐང་གཅིག་སྟེ་གོ་སླའོ། །གང་དག་པ་ནི་ཉོན་མོངས་ཤེས་བྱའི་སྒྲིབ་པའོ། །གང་གིས་དག་པ་ནི་དག་བྱེད་གཞན་ལ་མི་ལྟོས་པའོ། །དེ་ཅིའི་ཕྱིར་
ཞེ་ན། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་པ་ནི་དམ་བཅའ་བའོ། །ཡུལ་རྣམ་པར་དག་པའི་རང་བཞིན་ནི་དེ་སྒྲུབ་པར་བྱེད་པའོ། །རང་རིག་བདེ་མཆོག་ནི་སྒྲུབ་པའི་ཁྱད་པར་རོ། །གཟུང་བ་མེད་པའི་ཕྱིར་འཛིན་པ་མེད་དོ། །དེ་ལྟར་མེད་པས་རང་བཞིན་བདེ་བ་མཆོག་གོ། །ཡང་
འདིར་ཁ་ཅིག་དག་པ་དག་པར་བྱེད་དམ། མ་དག་པ་དག་པར་བྱེད་ཅེས་རྟོག་པ་ལ། དེ་ཡང་ལེའུ་བརྒྱད་པའི་སྐབས་སུ་བཤད་པ་ལྟར་ཤེས་པར་བྱའོ། །ད་ནི་སྡུད་པར་བྱེད་པས་འགྲོ་བ་སངས་རྒྱས་ཀྱི་བདག་ཉིད་རང་བཞིན་གྱིས་དག་པ་ལ་ཐེ་ཚོམ་གྱིས་དྲི་བ་དང་ལན་ཚིགས་སུ་བཅད་པ་ཕྱེད་
Vol. 5 · folio 276b
དང་བཞིས་སྟོན་ཏེ་གོ་སླའོ། །ད་ནི་ཉམས་སུ་བླང་བའི་ཐབས་བསྟན་པའི་ཕྱིར། དག་པ་ཞེས་པ་ནི་རང་བཞིན་རྣམ་དག་གིས་སོ། །དུག་མེད་བྱས་ནི་ལྟ་བའི་དཔེ་སྟེ་བསྒོམ་པ་ལ་སོགས་པའི་དཔེ་ཡང་ཇི་ལྟར་མེ་ཡིས་ཚིག་པ་ལ་སོགས་ཏེ་བརྟག་པ་ཕྱི་མ་ལའོ། །བསྟེན་བྱ་འདི་ནི་དཔེ་དོན་ཏེ་
འདོད་པའི་ཡོན་ཏན་ནོ། །བསྟེན་པ་ཉིད་ནི་ཕྱག་རྒྱ་ཆེན་པོ་དང་གར་བྱེད་པའི་ཐབས་སུའོ། །ད་ནི་སྒྱུ་མའི་རྣམ་དག་བཤད་པའི་ཕྱིར། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནི་གོ་སླའོ། །འདི་དག་རྣམ་དག་ནི་ལྷ་རུ་འགྱུར་བ་ཙམ་མོ། །འདི་ཉིད་རྣལ་འབྱོར་ནི་སྒྱུ་མ་དག་པའོ། །འགྲུབ་
འགྱུར་ནི་ཕྱག་རྒྱ་ཆེན་པོར་རོ། །ཕྱི་ནས་རེ་རེའི་དབྱེ་བ་ཡི། །ལྷ་རྣམས་སུ་ནི་རྗོད་བྱེད་པའི་དོན་ཏོ། །ད་ནི་གནས་ཞར་ལ་འབྱུང་བ་སྟེ་གོ་སླའོ། །བསྐྱེད་པའི་རིམ་པའི་ཕྱོགས་ཞེས་པ་ནི་རང་བཞིན་རྣམ་དག་ཏུ་ཐལ་དུ་དོགས་པའོ། །སྲིད་པ་དང་ཞི་བ་ནི་རེག་དང་ཆོས་ཀྱི་ཁམས་ལ་མ་རྟོགས་པ་འདིར་ཡང་
ངོ་། །ལྷ་མོ་འདི་གཉིས་ས་སྤྱོད་མཁའ་སྤྱོད་དོ། །གནས་ལ་ནི་རང་བཞིན་འགྱུར་བའོ། །ཡང་གཟུགས་དང་སྒྲ་ལ་སོགས་པ་ནི་ཡུལ་དག་པ་སྟེ་གོ་སླའོ། །རྟག་ཏུ་འདི་དག་རྣམ་དག་ནི་ལྷ་རུ་འགྱུར་བ་ཙམ་མོ། །འདི་ཉིད་རྣལ་འབྱོར་ནི་སྒྱུ་མར་དག་པའོ། །འགྲུབ་འགྱུར་འདིར་ཡང་ཕྱག་
རྒྱ་ཆེན་པོའི་རྟེན་ནོ། །ད་ནི་ཞར་ལས་བྱུང་བ་སྟོན་ཏེ་དེ་ཡང་རང་བཞིན་དང་། སྒྱུ་མ་རྣམ་དག་གིས་རྫོགས་པ་དང་། བསྐྱེད་པའི་རིམ་པ་སྟོན་ཏེ། ཕྱག་གི་དག་པ་སྟོང་པ་ཉིད། །ཅེས་པ་ནི་སྟོང་པ་བཅུ་དྲུག་སྟེ་ནང་སྟོང་པ་ཉིད་ལ་སོགས་པ་ཆོས་ཐམས་ཅད་སྟོང་པ་ཉིད་དང་། དངོས་པོ་མེད་
པའི་ངོ་བོ་ཉིད་ནི་སྤྱིར་བསྡུས་ཏེ། བཅུ་དྲུག་པའོ། །བདུད་དག་པ་ལ་ཞབས་རྣམས་ཉིད། །ཅེས་པ་ནི་ལྷའི་བུའི་བདུད་ཚངས་པ་སེར་པོ། འཆི་བདག་གི་བདུད་དེ་གཤིན་རྗེ་ནག་པོ། ཉོན་མོངས་པའི་བདུད་དེ། ཆུ་བདག་དཀར་པོ། ཕུང་པོའི་བདུད་དེ་གནོད་སྦྱིན་སྔོན་པོ། ཞབས་
རྣམས་ནི་སྦྱིན་པ་དང་སྙན་པར་སྨྲ་བ་དང་། དོན་མཐུན་པ་དང་དོན་སྤྱོད་པའོ། །རྣམ་ཐར་བརྒྱད་ཀྱི་ཞལ་རྣམས་ཉིད། །ཅེས་པ་ནི་ནང་གཟུགས་མེད་པ་ལ་ཕྱི་རོལ་གྱི་གཟུགས་སུ་ལྟ་བ་ནི་དང་པོའོ། །ཕྱི་རོལ་གྱི་གཟུགས་མེད་པ་ལ་ནང་གི་གཟུགས་སུ་ལྟ་བ་ནི་གཉིས་པའོ། །བཟང་
Vol. 5 · folio 277a
བར་མོས་པ་འདི་ནི་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། ཡོད་མིན་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་འགོག་པ་ལ་སྙོམས་པར་འཇུག་པ་སྟེ་བརྒྱད་དོ། །
རྡོ་རྗེ་གསུམ་གྱིས་དག་པའི་སྤྱན་ནི་སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེའོ། །དེ་དག་མ་ཡིན་ལྷག་པར་མོས་པ་ནི་དག་པའི་རང་བཞིན་རྣམ་དག་དང་མཐུན་པ་ནི་དེ་ཉིད་དག་པ་ཡིན། སྒྱུ་མ་རྣམ་དག་མཐུན་པ་ནི་ཤ་དང་ཁྲག་རུས་པ་ལ་སོགས་པ་ལྷར་མོས་པའོ། །འོ་ན་དེ་ཉིད་དག་པ་ཇི་ལྟ་བུ་ཞེ་ན།
དེ་བསྟན་པའི་ཕྱིར་བརྟག་པ་ཕྱི་མའི་ལྷའི་དག་པ་བསྟན་ཏེ་གོ་སླའོ། །པུཀྐ་སཱི་ལ་སོགས་པའི་གནས་བཤད་ནས་དག་པ་ཇི་ལྟ་བུ་ཞེ་ན་ས་ལ་སོགས་པ་དེ་གོ་སླའོ། །ཡང་རྡོ་རྗེ་མ་ལ་སོགས་པ་ཆོས་ཅན་དག་པ་ཉོན་མོངས་པ་ལྔ་སྟེ་གོ་སླ་བའོ། །བསྐྱེད་པའི་རིམ་པའི་ཕྱོགས་ཞེས་པ་ནི་དེའི་
ལུགས་ཀྱིས་སོ། །ཞེ་སྡང་ལ་སོགས་པ་སྤྱོད་པ་ནི་བཤད་མ་ཐག་པའོ། །འདིས་ནི་ཕུང་པོ་སྦྱང་བ་ནི་རྣམ་གྲངས་གཞན་དུ་བསྟན་པ་སྔར་བཞིན་ནོ། །ད་ནི་མཇུག་བསྡུ་བའི་ཕྱིར་གང་དང་གང་གིས་བྱ་བ་ནི་ཕུང་པོ་དང་ཉོན་མོངས་པ་ལ་སོགས་པ་དེ་ཉིད་དོ། །འཇིག་རྟེན་ནི་རྫོགས་པའི་རིམ་པའི་
དེ་ཁོ་ན་ཉིད་མི་ཤེས་པའོ། །བཅིང་བ་ནི་འཁོར་བའོ། །དེ་དང་དེས་ནི་ཕུང་པོ་ལ་སོགས་པ་དེ་ཉིད་དོ། །གྲོལ་བ་ནི་རྫོགས་པའི་རིམ་པ་རྟོགས་པའོ། །དེ་ཉིད་མི་ཤེས་ནི་རྫོགས་པའི་རིམ་པའོ། །འཇིག་རྟེན་མི་གྲོལ་བ་ནི་གྲུབ་པའི་མཐའ་ལ་མ་ཞུགས་པའོ། །དེ་ཉིད་རྣམ་སྤངས་ནི་གྲུབ་པའི་
མཐའ་ངན་པས་བསྒྱུར་བའོ། །དངོས་གྲུབ་མི་རྙེད་པ་ནི་བསྐལ་པ་དུ་མས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་འགྲུབ་པའོ། །དེའི་ཕྱིར་དེ་དག་ལས་བཟློག་སྟེ། དྲི་མེད་སྒྲ་མེད་ལ་སོགས་པ་རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་སྤྲོས་པ་དང་བྲལ་བའོ། །ཐ་མལ་པ་དང་གྲུབ་མཐའ་ངན་པས་བསྒྱུར་བ་མེད་
པའོ། །ཐམས་ཅད་རྣམ་པར་དག་པ་ནི་རང་བཞིན་རྣམ་པར་དག་ཏུའོ། །རང་བཞིན་དག་པས་གྲོལ་བ་གྲོལ་བར་ཤེས་ཞེས་སོ། །ཡང་གང་དང་གང་གིས་ཞེས་བྱ་བ་ནི་སྔ་མ་དང་འདྲ་བའོ། །དེ་དང་དེས་ནི་བཅིང་བ་ནི་བཏགས་པའི་དངོས་པོའོ། །དེས་ངན་སོང་དུ་འགྲོ་བའོ། །གྲོལ་བ་ནི་
Vol. 5 · folio 277b
ལྷའི་རྣལ་འབྱོར་དུ་བྱས་པ་སྟེ། དེ་ཉིད་མི་ཤེས་འཇིག་རྟེན་ནི་སྔ་མ་བཞིན་ནོ། །མི་གྲོལ་བ་ནི་ལྷའི་རྣལ་འབྱོར་མི་ཤེས་པའོ། །དེ་ཉིད་རྣམ་སྤངས་ནི་ཕ་རོལ་ཏུ་ཕྱིན་པའི་གྲུབ་མཐའ་ལ་སོགས་པའོ། །དངོས་གྲུབ་མི་རྙེད་ནི་ཐུན་མོང་གི་དངོས་གྲུབ་རྣམས་སོ། །དེའི་ཕྱིར་དྲི་མེད་ཅེས་བྱ་བ་ལ་སོགས་
པ་སྦྱར་ཏེ། ལྷའི་རྣམ་པར་མོས་པའོ། །ཐམས་ཅད་རྣམ་པར་དག་ཅེས་པ་ནི་སྒྱུ་མ་ཡོངས་སུ་དག་པ་སྟེ། དེ་ཡོངས་སུ་ཤེས་པས་འགྲོ་བ་གྲོལ་བར་ཤེས་པའོ། །ལེའུ་དགུ་པའོ།། །།དེ་ནས་ནི་བདག་དོན་དག་པ་དང་ལྡན་པའི་རྗེས་ལ། གཞན་དོན་བསྟན་པའི་ཕྱིར་ཇི་ལྟར་དཀྱིལ་
འཁོར་ཞེས་པ་ནི་རྡུལ་ཚོན་ནོ། །རིམ་པ་ཞེས་པ་ནི་སའི་ཆ་དབྱེ་བ་ལ་སོགས་པའོ། །ཡང་དག་བཤད་ནི་སྡུད་པར་བྱེད་པ་ཁས་ལེན་པ་སྟེ། མ་ནོར་བའམ་གཞན་དོན་ཡིན་པའི་ཕྱིར་རོ། །ཡང་གང་གིས་ཞེས་པ་ནི་ཇི་ལྟ་བ་བཞིན་ཏེ་དེ་ཁོ་ན་དྲིས་པའོ། །སློབ་མ་ནི་དམ་ཚིག་དང་སྡོམ་པར་ལྡན་པའོ། །
དབང་བསྐུར་བ་ནི་རྒྱུད་བརླན་པར་བྱེད་ཅིང་འཁྲུ་བ་སྟེ་ཞིང་ས་ཆུས་བརླན་པ་ལྟ་བུའོ། །ཆོ་ག་ནི་ཐབས་ཀྱི་རིམ་པའོ། །རབ་ཏུ་བཤད་པ་ནི་ཡང་དག་པ་ལས་བསྟན་པ་སྟེ་སྡུད་པར་བྱེད་པ་ཁས་ལེན་པའོ། །དེའི་རིམ་པ་ཅི་ཞེ་ན། དེ་དག་གི་གོ་རིམས་ཀྱང་བླ་མ་ལ་རག་ལས་པར་བྱ་བའི་ཕྱིར་དཀྲུགས་ནས་
བསྟན་པའོ། །དེ་ཡང་དང་པོ་གནས་བསྟན་པའི་ཕྱིར་ཚལ་ནི་ནགས་སམ་སྐྱེད་ཤིང་གི་ར་བའོ། །དབེན་པ་ནི་ཚལ་དེ་ཉིད་ལ་བྱ་བའམ་དགོན་པའམ་བས་མཐའོ། །ཡང་ན་སྐྱེ་བོ་མི་འདུ་བ་གང་ཡང་རུང་བའོ། །བྱང་ཆུབ་སེམས་དཔའི་ཁྱིམ་ནི་རྣལ་འབྱོར་པའམ་རྒྱལ་པོ་ལ་སོགས་པ་སྙིང་རྗེ་དང་ལྡན་
པའོ། །ཡང་གཙུག་ལག་ཁང་སྟེ་པོ་ཏི་གླེགས་བམ་གནས་པའོ། །དེའི་བདག་པོ་བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར། དཀྱིལ་འཁོར་ཁང་པ་ནི་སྒྲུབ་པའི་གནས་སམ་ལྷ་ཁང་ངོ་། །དཀྱིལ་འཁོར་བཞེངས་པ་ནི་བསྙེན་པ་དང་འབྲེལ་པའི་ཚེ་མཎྜལྸ་བྲི་བ་དང་དམ་ཚིག་བསྒོམ་པ་ཡིན་ལ། སྒྲུབ་
པ་འཕེལ་བའི་ཚེ་དཀྱིལ་འཁོར་ཁང་པ་ཡང་ཚལ་ལ་སོགས་པ་དང་ལྡན་པ། དཀྱིལ་འཁོར་གྱི་དོན་དུ་ཁང་པ་བརྩིགས་པ་དང་དཀྱིལ་འཁོར་མཆོག་ནི་བྲི་བའོ། །དེའི་རྗེས་ལ། འཁོར་ལོའི་བདག་པོའི་བཟླས་པ་འབུམ། །དཀྱིལ་འཁོར་བ་ཡི་དེ་བཞིན་ཁྲི། །ཞེས་བྱ་བ་ནི་སློབ་མས་ལན་གཉིས་ལན་
Vol. 5 · folio 278a
གསུམ་གྱི་བར་དུ་གསོལ་བ་གདབ་པ་དང་། བསྙེན་པ་བྱ་སྟེ་བདག་མེད་མའི་ལེའུ་བརྒྱད་པ་ལྟར་རྫོགས་པར་བསྒོམས་ལ། མཆོད་བསྟོད་བདུད་རྩི་མྱང་བ་དང་རྫོགས་པའི་རིམ་པ་ཅུང་ཟད་བསྒོམ། ཟླ་བ་དང་ཆུ་ཟླ་ལྟ་བུའི་བསམ་གཏན་གྱི་སྒྲ་བརྙན་དང་བྲག་ཅ་ལྟ་བུའི་བཟླས་
པ་བྱ་སྟེ། །ཨོཾ་ཨ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་རིམ་པ་ཀུན་ལ་སྦྱར་བ་ནི་རིམ་གྱིས་པའོ། །ཅིག་ཅར་བ་ནི་ཨོཾ་ཨ་ཨཱཿཞེས་པ་ལ་སོགས་པ་ཟངས་ཀྱིས་སྦྱར་ཏེ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་སྦྱར་ལ་བདག་མེད་མ་ལ་འབུམ་གཞན་ལ་ཁྲི་ཁྲི་བྱའོ། །དགྱེས་པའི་རྡོ་རྗེ་ལ་ནི་གོང་དུ་བསྟན་པ་དང་། འོག་ནས་འཆད་
པ་དང་། །ཀུན་ལ་སྦྱོར་བ་གསུམ་མམ་ཡང་ན་ཡན་ལག་དྲུག་གི་རྣལ་འབྱོར་བྱས་ལ། དེ་ཝ་པི་ཙུའམ་ཨཥྚཱ་ན་ན་འབུམ། བདག་མེད་མ་ལ་ཡང་། ཨོཾ་བཛྲ་ནཻ་རཱཏྨ་ཨོཾ་ཨཱཿཧཱུཾ་ཞེས་ཁྲི། ཨོཾ་བཛྲ་གཽ་རཱི་ཨོཾ་ཨཱཿཧཱུཾ་ཞེས་པ་ཀུན་ལ་ཁྲི་ཁྲིའོ། །གྲངས་ཀྱི་བསྙེན་པ་བསྐྱལ་ལོ། །མཚན་མའི་བསྙེན་
པ་འོག་ནས་རབ་མཐོང་སྔགས་ཀྱི་ཕ་རོལ་སོན་པ་སྟེ་རབ་ཞལ་མཐོང་བ་དང་། ལུང་བསྟན་པ་དང་། རྨི་ལམ་གྱི་མཚན་མ་མ་བྱུང་བར་དུ་བྱའོ། །དུས་ཀྱི་བསྙེན་པ་འོག་ནས་ཟླ་དྲུག་གོམས་ཞེས་པ་ཟླ་དྲུག་གམ་ལོའམ། ཟླ་བ་གཅིག་གམ་ཐམ་ཚད་དུ་ཕྱིན་པའི་བར་དུ་བྱའོ། །དེ་ནས་དཀྱིལ་
འཁོར་བྲི་བར་གསོལ་བ་གདབ་པའི་རྗེས་ལ་བསྒྲུབ་པ་བསྟན་པའི་ཕྱིར་བདག་ཉིད་རྣལ་འབྱོར་པའོ། །དང་པོའི་ལ་ནི་མཆོག་གི་ལྷ་སྟེ་རྡོ་རྗེ་འཛིན་པའོ། །ཧཱུཾ་ལས་རྡོ་རྗེ་ཅན་དགྱེས་པའི་རྡོ་རྗེ་བྱས་ཏེ་ནོར་སྦྱང་བར་འབྲེལ་ཏེ། སའི་མཚན་ཉིད་བརྟག་པ་ཡང་བྱའོ། །ཕྱི་ནས་དཀྱིལ་འཁོར་བྲི་བ་ནི་དེ་དག་
གི་རྗེས་ལ་ཁས་ལེན་པའོ། །དེའི་རྗེས་ལ་གང་གིས་སྦྱང་ཞེ་ན། གོང་དུ་གསུངས་པའི་སྔགས་ཞེས་པ་ནི། ཨོཾ་རཀྵ་ལ་སོགས་པའོ། །མཁས་པས་འཛིན་པ་སྦྱང་བ་ནི་ཕྱག་རྒྱ་དང་ཏིང་ངེ་འཛིན་ལ་མཁས་པས་ཀྱང་ངོ་། །གོང་གི་སྔགས་ནི་ཟང་ཟིང་གི་སྦྱིན་པས་རྒྱུད་ཚིམ་པ་བརྟག་པ་ཕྱི་
མ་ལྟར་བྱས་ལ། ཨ་ཀཱ་རོ་མུ་ཁཾ་ལ་སོགས་པས་ཆོས་ཀྱི་སྦྱིན་པས་རྒྱུད་དག་པར་བྱས་པས་སོ། །དེ་ལ་གཏོར་མ་སྦྱིན་པ་ནི། ཕྱོགས་སྐྱོང་གི་བདག་པོ་བཀུག་སྟེ་ཁྱད་པར་དུ་སའི་བདག་པོ་ལ་གཏོར་མ་དང་གཏེར་ཡང་གཞུག་པའོ། །དེའི་དོན་ནི་འདི་ཡིན་ཏེ། དང་པོ་རྣམ་བཅད་ས་གཞི་
Vol. 5 · folio 278b
བཟུང་། །གཉིས་པ་སྟ་གོན་གནས་པར་བྱ། །ནུབ་གསུམ་པ་ལ་འཇུག་པའོ། །ཞེས་གསུངས་པས་དང་པོ་སའི་ཆོ་ག་ནི་དོན་རྣམ་པ་དྲུག་སྟེ། ས་བརྟག་པ་དང་། ས་བསླང་བ་དང་། ས་སྦྱང་བ་དང་། བྱིན་གྱིས་བརླབ་པ་དང་། གཟུང་བ་དང་། བསྲུང་བའོ། །དེ་ལ་ས་བརྟག་པ་ནི་ཕྱིའི་བརྟག་པ་
དང་། །ནང་གི་བརྟག་པའོ། །དེ་ལ་ཕྱིའི་གནས་ལ་བརྟག་པ་ནི་གོང་གི ཚལ་དང་སྐྱེ་བོ་མི་གནས་དང་། །ཞེས་པར་འབྲེལ་ལོ། །ཕྱོགས་ལ་བརྟག་པ་ནི་དེ་རྣམས་ཀྱི་བྱང་དང་ཤར་གྱི་ཕྱོགས་སུའོ། །ཁ་དོག་དང་དབྱིབས་ལས་བརྟག་པ་ནི། ཨུ་དུམྺཱ་ར་ནྱ་གྲོ་ངྷ། །ཨ་ཤཏྠ་དང་པ་ལ་ཤ། །བ་ཀུ་ལ་དང་ཨ་རྫུ་
ནར། །བཅས་པས་རུས་སྦལ་རྒྱབ་འདྲ་བར། །ས་ནི་དྲུག་པོ་སྤང་བར་བྱ། །ཞེས་གསུངས་པ་ཚ་སྒོ་ཅན་ལ་སོགས་པ་དང་། རོ་ཁུང་དུ་ཆུ་སོང་བ་འདྲ་བ་ལ་སོགས་པ་མཚན་མ་ངན་པ་རྣམས་སྤང་བར་བྱའོ། །ནང་གི་བརྟག་པ་ནི་བདེ་བར་གཤེགས་པ་ལ་མཆོད་པ་བྱས་ལ་གཏོར་མ་བཏང་སྟེ།
ལྷག་པའི་ལྷའི་རྣལ་འབྱོར་ཙམ་གྱིས་ཉལ་བར་བྱའོ། །དེ་ལ་རྨི་ལམ་གྱི་མཚན་མ་ངན་ན་གཞན་དུ་འཕོའོ། །བཟང་ན་དེ་ཉིད་དུ་བྲི་བར་བྱའོ། །བསླང་བ་ལ་གཉིས་ཏེ། མངོན་པ་ལ་བསླང་བ་དང་། མི་མངོན་པ་ལ་བསླང་བའོ། །མངོན་པ་ནི་རྒྱལ་པོའམ་ཞིང་བདག་ལ་ཚིག་དང་རིན་གྱིས་ཀྱང་ཉོ་
བར་བྱའོ། །མི་མངོན་པ་ལ་བསླང་བ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཏེ། ས་བདག་ལ་ཨ་ཀཱ་རོས་གཏོར་མ་བྱིན་ལ་བསླང་བར་བྱའོ། །ས་སྦྱང་བ་ནི་སྦྱང་དགོས་པ་དང་མི་དགོས་པའོ། །སྦྱང་མི་དགོས་པ་ནི། ཕྱུགས་ལྷས་དང་ནི་ཆུ་འགྲམ་དང་། །རྡོ་ལེབ་དང་ནི་གཙུག་ལག་ཁང་། །དཀྱིལ་
འཁོར་ཁང་པའི་ནང་དུ་ཡང་། ཡང་ཐོགས་ལས་ཀྱི་སྦྱང་བ་མིན། །སྦྱང་བ་ལ་གསུམ་སྟེ། ལས་དང་བྱ་བས་སྦྱང་བ་དང་། །སྔགས་དང་ཕྱག་རྒྱས་སྦྱང་བ་དང་། །ཏིང་ངེ་འཛིན་གྱིས་སྦྱང་བའོ། །ལས་དང་བྱ་བས་སྦྱང་བ་ནི། ལྟོ་འཕྱེའི་རིམ་པར་ཤེས་པར་བྱ་སྟེ། སྟོན་ཟླ་ཐ་ཆུངས་ལ་སོགས་པ་ནས་བརྩམས་ནས་ཟླ་བ་གསུམ་
གསུམ་དུ། ལྟོ་འཕྱེ་ལྷོ་དང་ནུབ་དང་ནི། །ཤར་དང་དེ་ཡི་མགོ་བོ་སྟེ། །གཡོན་པའི་ཟུར་གྱིས་ཉལ་བ་ཡིན། །དེ་ཡིས་ལྟོ་ཤེས་བྱས་ལ་བརྐོ། །མགོ་དང་རྒྱབ་སོགས་ནས་བརྐོས་ནས། །སྐྱོན་ནི་རྒྱས་པ་ལས་ཤེས་བྱ། །དེ་ཡང་། ལྟེ་བ་ལྐོག་མ་པུས་ནུབ་ཙམ། །ས་དེ་ཡོངས་སུ་བརྐོས་ནས་ནི། །སླར་ཡང་ས་དེས་
Vol. 5 · folio 279a
དགང་བར་བྱ། །གལ་ཏེ་ལྷག་པར་གྱུར་ན་ནི། །དངོས་གྲུབ་ཡོད་པར་སྟོན་པ་ཡིན། །དེ་ལྟར་བརྐོས་པས་སའི་མཚན་མ་ངན་པ་བྱུང་ན་བསལ་ལས་བཟང་པོས་བཀང་སྟེ། གཏེར་ཀྱང་གཞུག་གོ། །དེར་ཁྲུ་གང་ཙམ་གྱི་དོང་བྲུས་ཏེ་ཆུ་དང་མེ་ཏོག་བླུགས་ཏེ་ཕར་གོམ་པ་བརྒྱད་ཙམ་དུ་འགྲོ་
བར་བྱའོ། །ཆུ་དེ་ཤར་ནས་ནུབ་ཏུ་རྒྱུ་བ་དང་། །ལྷོ་ནས་བྱང་དུ་རྒྱུ་བ་དང་། གཡས་སུ་འཁོར་ཞིང་འཁྱིལ་ན་མཚན་མ་བཟང་བ་དང་ངན་པ་ཡང་ཤེས་པར་བྱའོ། །སྔགས་དང་ཕྱག་རྒྱས་སྦྱང་བ་ནི་ལག་པ་གཡས་པ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བཅས་ལ། ས་ལ་བརྡབ་ཅིང་ཨོཾ་སརྦ་པཱ་བཾ་ད་ཧ་ན་མཱ་མ་
རཀྵ་རཀྵ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བརྗོད་དོ། །ཏིང་ངེ་འཛིན་ནི་ས་གཞི་དེ་མི་དམིགས་པར་བསྒོམ་ཞིང་ཤིན་ཏུ་དག་པར་བསམ་མོ། །ཁ་ཅིག་ཏུ་ནི་ལས་དང་བྱ་བས་སྦྱང་ངོ་། །ཁ་ཅིག་ཏུ་ནི་སྔགས་དང་ཕྱག་རྒྱས་སྦྱང་ངོ་། ཁ་ཅིག་ཏུ་ནི་ཏིང་ངེ་འཛིན་ཙམ་མོ། །དེ་དག་ནི་ཅི་རིགས་པར་ཤེས་པར་བྱའོ། །དེ་ནས་བྱིན་
གྱིས་བརླབ་པ་ནི་ཁཾ་ལས་ས་གཞི་སྟོང་པ་ཉིད་དུ་བསམ། ལཾ་ལས་གསེར་གྱི་ས་གཞི་ཆེན་པོར་བྱིན་གྱིས་བརླབ། སུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞིའི་རང་བཞིན་དུ་བྱིན་གྱིས་བརླབ། ཧཱུཾ་ལས་ས་གཞི་རྡོ་རྗེར་བྱིན་གྱིས་བརླབ། ཨོཾ་བཛྲ་མེ་དི་ནཱི་བཛྲི་བྷ་བ་བནྡྷ་ཧཱུཾ་ཞེས་བརྗོད་དོ། །རྡོ་རྗེའི་ས་གཞིའི་རང་བཞིན་
ནམ་མཁའི་ཁམས་རྣམ་པར་དག་པར་བསམ་མོ། །ས་གཞི་ཡོངས་སུ་གཟུང་བ་ནི་མེ་ལོང་ངོས་ལྟར་མཉམ་པའི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། ཡན་ལག་དྲུག་གི་རྣལ་འབྱོར་རམ་སྦྱོར་བ་རྣམ་པ་གསུམ་བསྒོམ་སྟེ། བཟླས་པའི་མཐར་ཐུག་གི་བར་དུ་བྱའོ། །དེ་ཡང་འོག་ནས། ཁྲུས་དང་
གཙང་སྦྲ་དྲི་ཞིམ་ལུས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །སློབ་དཔོན་དཀྱིལ་འཁོར་འཇུག་པ་ཉིད། །འབད་པས་ཧཱུཾ་ལས་རྡོ་རྗེ་ཅན། །བྱས་ཏེ་ཕྱི་ནས་དཀྱིལ་འཁོར་བྲི། །ཞེས་བྱ་བ་སའི་ཆོ་ག་དང་འབྲེལ་ལོ། །དེའི་རྗེས་ལ་ཚད་ཛི་ཙམ་དུ་ཞེ་ན། དཀྱིལ་འཁོར་ཁྲུ་གསུམ་ནི་ཆུང་བའི་
ཚད་དོ། །དེ་ཡང་སྐུ་གསུམ་པའི་བདག་ཉིད་པས་སོ། །སོར་གསུམ་ནི་སྐུ་གསུང་ཐུགས་སོ། །དའི་རྗེས་ལ་བསྲུང་བའི་ཕྱིར། རྡོ་རྗེ་སེམས་དཔའ་བསྙེམས་བྱས་ནི་གསོལ་བ་གདབ་པའི་རྗེས་ལ་ལྡང་བ་དང་འགྱིང་བ་དང་། ཀུན་དུ་ལྟ་བ་དང་རྡོ་རྗེའི་འགྲོས་ཀྱིས་བསྐོར་བའོ། །གཡས་བརྐྱང་ཞེས་
Vol. 5 · folio 279b
པ་ནི་གཡས་བརྐྱང་ལ་སོགས་པ་སྟང་སྟབས་རྣམས་བྱ་བའམ། གཙོ་བོའི་འདུག་ཚུལ་སྐྱིལ་ཀྲུང་ཕྱེད་པ་ཡིན་ཏེ་གཡོན་བསྐུམ་པས་གནས་སོ། །ཕྱག་གཉིས་དགྱེས་པའི་རྡོ་རྗེར་སྦྱར་བ་ནི་ཕྱག་གཉིས་པའི་ཧེ་རུ་ཀ་མ་ཡིན་ཏེ། རྡོ་རྗེ་དྲིལ་བུ་གཉིས་ཀྱི་ཕྱག་རྒྱ་དང་ལྡན་པར་སྦྱར་བའོ། །སློབ་
དཔོན་དཀྱིལ་འཁོར་དུ་འཇུག་པ་ན། རེ་ཁཱའི་ནང་དུ་སོང་སྟེ་བལྟས་ནས་མེ་ཏོག་གི་ཕྲེང་བ་དབུལ་ལོ། །འདིར་ནི་དཀྱིལ་འཁོར་བསྒྲུབ་པ་དང་འབྲེལ་བའོ། །འདི་ཡང་སྔོན་དུ་ཤེས་པའི་གོ་རིམས་ཏེ་སློབ་དཔོན་གྱིས་ཇི་ལྟར་བྱས་ནས་འཇུག་ཅེ་ན། ཁྲུས་དང་གཙང་སྦྲ་ནི་ཆུ་དང་ས་ལ་སོགས་
པའམ་ཏིང་ངེ་འཛིན་གྱིས་སོ། །ཡང་དྲི་ཞིམ་ལུས་ནི་གོས་སར་པའོ། །སྣ་ཚོགས་རྒྱན་ནི་རིན་པོ་ཆེའམ་རུས་པའི་རྒྱན་ནོ། །རྣམ་པར་བརྒྱན་ནི་མགུལ་རྒྱན་ལ་སོགས་པ་རིམ་པར་བཀོད་པའོ། །ཧཱུཾ་ཧཱུཾ་བསྙེམས་པ་ནི་ང་རྒྱལ་ལམ་ལྡང་བ་ལ་སོགས་པ་རྡོ་རྗེ་འགྲོས་ཀྱིས་དུས་བརྗོད་པའོ། །ཧི་ཧི་རྣམ་པར་འཇིགས་པ་ནི་ཧ་
ཧ་ལ་སོགས་པ་བརྒྱད་དེ་སྟང་སྟབས་ཀྱི་དུས་སུ་བརྗོད་པའོ། །དེའི་དོན་ནི་དེ་ཡིན་ཏེ་བསྲུང་བ་ནི་རྣམ་པ་དྲུག་སྟེ། རྡོ་རྗེ་བལྟ་བས་བསྲུང་བ་དང་། དེངས་ཤིག་པས་བསྲུང་བ་དང་། བཀའ་བསྒོ་བས་བསྲུང་བ་དང་། རྡོ་རྗེ་འགྲོས་ཀྱིས་བསྲུང་བ་དང་། སྟང་སྟབས་ཀྱིས་བསྲུང་བ་དང་། རྡོ་རྗེ་ཕུར་པས་བསྲུང་
བའོ། །དེ་ལ་ལྟ་བས་བསྲུང་བ་ནི། སྔར་གྱི་ས་གཟུང་བའི་སློབ་དཔོན་ལ་གྲོགས་གཽ་རཱི་ལ་སོགས་པ་བཞིའི་ང་རྒྱལ་དང་ལྡན་པ་བཞི་ཡིས་མཆོད་པ་ཅིག་བྱས་ཏེ། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་བྱ་བ་ལ་སོགས་པ་བསྟོད་པ་དང་། གསོལ་བ་བཏབ་པའི་རྗེས་ལ། སྔར་གྱི་དཀྱིལ་
འཁོར་ལ་མཆོད་པ་ཅིག་བྱས་ཏེ། མ་དང་ཊ་ལས་མིག་ཉི་ཟླར་བསྐྱེད། ཨ་ལས་རྐང་པ་རྡོ་རྗེར་བསྐྱེད་ལ་སྔར་གྱི་དཀྱིལ་འཁོར་ནམ་མཁའ་ལ་བཀོད་དེ་ཧཱུཾ་ཕཊ་ཅེས་བརྗོད་ལ། ཉི་མ་དང་ཟླ་བའི་མིག་གིས་གསད་པ་དང་གསོ་བ་བྱའོ། །དེ་ནས་དེངས་ཤིག་པས་བསྲུང་བ་ནི་དབང་ལྡན་གྱི་མཚམས་སུ་
ཕྱིན་ལ། །བདག་ཉིད་ཁྲོ་བོའི་ང་རྒྱལ་གྱིས་འདི་སྐད་བརྗོད་པར་བྱའོ། །ས་ཕྱོགས་འདིར་སློབ་དཔོན་འདི་ཞེས་བྱ་བ་སློབ་མ་འདི་ཞེས་བྱ་བ་རྫོགས་པའི་བྱང་ཆུབ་ལ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་རྒྱལ་པོ་འདི་ཞེས་བྱ་བ་རྩོམ་
Vol. 5 · folio 280a
གྱིས། །གང་སུ་ཡང་རུང་བས་ས་ཕྱོགས་འདི་ན་གནས་པའི་ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། བརྗེད་བྱེད་དང་། འབྱུང་པོ་དང་། གནོན་པོ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། རིག་འཛིན་ལ་
སོགས་པ་རྒན་པོ་དང་རྒན་མོ་དང་འཁོར་དང་གཡོག་ཏུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག །དེ་ལྟར་རྡོ་རྗེ་འཛིན་གྱི་བཀའ་ཐོས་ནས་མྱུར་བ་ཉིད་དུ་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ནི་ཕྱག་ན་རྡོ་རྗེ་རབ་ཏུ་འབར་བ་ཧཱུཾ་ཀ་ར་ཤིན་ཏུ་ཁྲོས་པས་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་ཀུན་
ནས་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ་ཞེས་ལན་གསུམ་བརྗོད་དོ། །དེ་ནས་བཀའ་བསྒོ་བའི་བསྲུང་བ་ནི། ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །ཉོན་ཅིག་བར་ཆད་བགེགས་ཀྱི་ཚོགས། །སྲུང་བའི་འཁོར་ལོའི་སྦྱོར་བ་ཡིས། །ལུས་ངག་ཡིད་ལ་གནོད་པ་རྣམས། །འདིར་
ནི་འཇིགས་འཇོམས་གཞན་དུ་མིན། །ཞེས་རྡོ་རྗེའི་གནས་སུ་འཁོར་ལོ་དང་རིན་པོ་ཆེ་དང་། པདྨ་དང་རལ་གྲི་སྦྱར་ལ་ཚིགས་སུ་བཅད་པ་ལྔ་སྦྱར་གྱིས་བསྐྲད་པར་བྱའོ། །རྡོ་རྗེ་འགྲོས་ཀྱིས་བསྐྲད་པ་ནི་རྡོ་རྗེ་རྩེ་གཅིག་པ་དང་རྩེ་གསུམ་པ་དང་། སྣ་ཚོགས་རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་བསྐོར་
ཞིང་བསྲུང་བར་བྱའོ། །སྟང་སྟབས་ཀྱིས་བསྲུང་བ་ནི་གཡས་བརྐྱང་དང་ནི་གཡོན་བརྐྱང་དང་། ས་ག་དང་ནི་ཟླུམ་པོ་དང་། །མཉམ་པའི་འདུག་སྟངས་རྣམ་པ་ལྔ། ཤར་ནས་བརྩམས་ཏེ་དབུས་ཀྱི་བར་དུ་བསྡུས་ནས་རྣམ་པ་ལྔ་པོ་བྱ། རྒྱས་པར་འདོད་ན་སྟང་སྟབས་ནི་དྲུག་ཅུ་རྩ་གཅིག་ལ་སོགས་ཏེ་
སྒྱུ་འཕྲུལ་དྲ་བའི་ཚུལ་དུ་བྱ། རྡོ་རྗེ་ཕུར་པས་བསྲུང་བ་ནི་ཕུར་བུ་རྣམ་པ་ལྔ། སྟོད་ཁྲོ་བོའི་རྣམ་པ་སྨད་ཕུར་བུ་རྩེ་གཅིག་པར་བསྐྱེད་ལ། ཕུར་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། །གྷ་གྷ་གྷཱ་ཏའི་སྔགས་ཀྱིས་ཕྱོགས་བཞི་དབུས་དང་ལྔར་གདབ་པར་བྱའོ། །སྟ་གོན་གྱི་ཆོ་ག་ནི་འོག་ནས་ཤེས་
པར་བྱའོ། །དེའི་རྗེས་ལ་ཐིག་བྲི་བའི་ཕྱིར་ཐིག་སྐུད་སར་པ་ནི་གཞན་དུ་ལོངས་མ་སྤྱད་པའོ། །ཚད་ནི་ཉིས་འགྱུར་དང་ཉི་ཤུ་ཆའོ། །མཛེས་པ་ནི་དྲི་ཞིམ་པོའི་སྣོད་ཀྱིས་མཛེས་པའོ། །རང་འདོད་ལྷའི་གཟུགས་ཀྱིས་ནི་དགྱེས་པའི་རྡོ་རྗེ་དང་གྲོགས་བདག་མེད་མའམ་གཽ་རཱིས་སོ། །ཤེས་རབ་ཅན་
Vol. 5 · folio 280b
གྱིས་གདབ་པ་ནི་ལས་དང་བྱ་བ་ལ་མཁས་པས་སའི་ཆ་དབྱེ་བ་ལས་མ་འདས་པའོ། །དེ་ལ་ཐིག་སྒྲུབ་པའི་ཆོ་ག་ནི་རས་བལ་རིན་ལ་མ་རྩེགས་པར་ཉོས་ལ། ཁྱེའུ་དང་བུ་མོ་གཞོན་ནུ་མས་བཀལ་ཏེ། སྲད་བུ་ལྔ་ཁ་དོག་སོ་སོར་བསྒྱུར་ནས་སྣོད་གཙང་མའི་ནང་དུ་ཕྱོགས་སོ་སོར་བཞག་སྟེ། བྷྲཱུཾ
ཨཱཾ་ཛྲཱིཾ་ཁཾ་ཧཱུཾ་བཀོད་ལ་དེ་བཞིན་གཤེགས་པ་ལྔར་བསྐྱེད། རང་བཞིན་པ་སྤྱན་དྲངས་ལ་བསྟིམ། ཨ་ནྱོ་ནྱ་ཨ་ནུ་ག་ཏ་ལ་སོགས་པས་བཟླས་ལ་བསྒྲིལ་བར་བྱའོ། །དེ་ལ་མཆོད་པ་ལྔས་མཆོད། །ཐིག་སྒྲུབ་པའི་རིམ་པའོ། །དེ་ནས་བདག་ཉིད་གྲོགས་དང་བཅས་པས་ཡེ་ཤེས་ཀྱི་ཐིག་གདབ་པ་དང་
ལས་ཀྱི་ཐིག་གདབ་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། འོག་ནས་སྟོན་པས་དཀྱིལ་འཁོར་འདི་སྐད་གསུངས་ཞེས་བྱ་བར་སྦྱར་རོ། །དེའི་རྗེས་ལ་ཚོན་བསྟན་པར་བྱ་བའི་ཕྱིར། རྡུལ་ཚོན་དམ་པའི་ཚོན་དང་ནི་རིན་ཆེན་ལྔའི་ཕྱི་མར་འབྲེལ་ལོ། །ཡང་འབྲིང་པོ་ནི་ཡང་ན་འབྲས་བུ་ལ་སོགས་པར་
འབྲེལ་ལོ། །ཐ་མ་ནི་སོ་ཕག་དང་ས་ལ་སོགས་པའི་ཚོན་ཏེ་བརྟག་པ་ཕྱི་མར་ཤེས་པར་བྱའོ། །ཚོན་སྒྲུབ་པ་ནི་ཚོན་རྩི་ཁ་དོག་ལྔ་ཕྱོགས་སོ་སོར་བཞག་ལ་སྔར་གྱི་ཡིག་འབྲུ་ལྔ་ཡིས་དེ་བཞིན་གཤེགས་པ་ལྔར་བསྐྱེད་རང་བཞིན་པ་བསྟིམ། མཆོད་པ་རྣམ་པ་ལྔས་མཆོད། བཛྲ་
ས་མ་ཡའི་སྔགས་བཟླས་ལ་ཚོན་རྩི་སྤར་རོ། །གཟི་བསྐྱེད་དེ་དབང་ལྡན་གྱི་མཚམས་ནས་ཚིགས་སུ་བཅད་པ་རེ་བརྗོད་ཅིང་མཐོ་གང་ཙམ་དྲང་བར་བྱའོ། །དེ་ཡང་། དཀར་པོ་སེར་པོ་དམར་པོ་ལྗང་། །མཐིང་ག་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །དེ་བཞིན་ཕྱོགས་ཀྱང་ཤེས་
པར་བྱ། །དེའི་རྗེས་ལ་དཀྱིལ་འཁོར་གྱི་མཚན་ཉིད་བསྟན་པའི་ཕྱིར་སྟོན་པ་ཞེས་པ་ལ་སོགས་པ་གསུངས་ཏེ། སྟོན་པ་གཞན་དག་ཀྱང་ངོ་། །ཡང་ན་སྡུད་པར་བྱེད་པ་ཁས་ལེན་པའོ། །དཀྱིལ་འཁོར་འདི་སྐད་གསུངས་པ་ནི། །གཞན་དག་དང་འདྲ་བས་འདིར་ཡང་འདོད་པའོ། །དེ་ཡང་ཚིགས་བཅད་གཉིས་ཏེ་
གོ་སླའོ། །དེའི་རྗེས་ལ་དཀྱིལ་འཁོར་ཁྱད་པར་བྱ་བ་མཚན་མ་དགོད་པའི་ཕྱིར། འཕར་མ་གཉིས་བཟང་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཏེ་གོ་སླའོ། །དེའི་རྗེས་སུ་བུམ་པ་ལ་སོགས་པ་རྫས་དགོད་ཅིང་འབྲེལ་བ་བསྟན་པའི་ཕྱིར་བུམ་པ་བརྒྱད་ལ་སོགས་པ་ནི་བཅུ་སྟེ། རྣམ་པར་
Vol. 5 · folio 281a
རྒྱལ་བ་དང་ལས་ཐམས་ཅད་པའོ། །འདིར་ནི་བུམ་པ་རྒྱས་པ་ནི་བཅུ་དྲུག་སྟེ། ལྷ་མོ་བཅོ་ལྔ་ལ་བུམ་པ་རེ་རེ། ལས་ཐམས་ཅད་པ་དང་བཅུ་དྲུག་གོ། །དཔལ་དགྱེས་པ་རྡོ་རྗེ་ལ་ནི་བུམ་པ་བཅུའོ། །བསྡུ་བ་ནི་དྲུག་ཏུ་ཤེས་པར་བྱ་སྟེ། རིགས་ལྔ་ལ་རེ་རེ་ལས་ཐམས་
ཅད་པ་དང་དྲུག་གོ། །གང་བའི་བུམ་པ་ནི་ངེས་པ་མེད་དེ་ཅི་འབྱོར་པ་དབུལ་བར་བྱའོ། །རྣམ་པར་རྒྱལ་བ་ཤར་དུ་བཀོད་པ་ནི་བུམ་པ་སྟེ། གཙོ་བོའི་མདུན་ནས་ཤར་དུའོ། །ལས་ཐམས་ཅད་པའི་བུམ་པ་ནི་ཤར་གྱི་སྒོར་རོ། །གཞན་དག་གོ་སླའོ། །དེའི་རྗེས་ལ་ཇི་ལྟར་བསམ་གཏན་དེ་
བཞིན་འདིར་ནི་དམ་ཚིག་གི་འཁོར་ལོ་སྒྲུབ་ཐབས་ལྟར་བསྐྱེད་པའོ། །དེ་ཉིད་ཇི་ལྟར་ཞེ་ན། བསྲུང་བ་ནི་སྔགས་ཀྱིས་སོ། །གསུངས་པའམ་བརྗོད་པ་ནི་ཨོཾ་རཀྵ་ལ་སོགས་པ་སྟེ། བདག་བསྲུང་བ་ནས་བརྩམས་ཏེ་བྱའོ། །ཡང་ན་ཡེ་ཤེས་ཀྱི་འཁོར་ལོ་བཅུག་སྟེ་བགེགས་བསལ་བའོ། །དེའི་
རྗེས་ལ་མཆོད་པ་ནི་ལྷ་མོ་བརྒྱད་ལ་སོགས་པས། མདུན་དུ་འོད་ཟེར་གྱིས་སྤྱན་དྲངས་པ་ལའོ། །གསོལ་བ་གདབ་པ་ནི་མཆོད་པས་མཉེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལའོ། །དེ་ཡང་དེ་ནས་ཧེ་རུ་ཀའི་གཟུགས་ཀྱིས་དབང་བསྐུར་བར་འགྱུར་རོ། །ཇི་ལྟར་བཤད་པ་ནི་བཤད་
པའི་རྒྱུད་དག་གམ་རྣལ་འབྱོར་གྱི་རྒྱུད་དུའོ། །འདིར་ཡང་བྱ་བ་ནི་མཆོད་བསྟོད་ལ་སོགས་པ་རྒྱས་པར་འདོད་ནའོ། །དེའི་ཏིང་ངེ་འཛིན་ནི་འདི་ཡིན་ཏེ། ཕྱག་མཚན་བཀོད་ནས་མདང་སྟ་གོན་གྱི་དཀྱིལ་འཁོར་ནམ་མཁའ་ལ་བཀོད་པ་ཕབ་སྟེ། གཉིས་བསྲེ་བར་བྱའོ། །དེ་ནས་བུམ་པ་དགོད་
པ་དང་རྒྱན་བྲི་བ་དང་མཆོད་པ་རྣམས་བཤམས་ལ། བདག་ཉིད་ཁྲུས་དང་གཙང་སྦྲ་དང་རྒྱན་གྱོན་ནས། དཀྱིལ་འཁོར་གྱི་ཤར་སྒོར་སྟན་བདེ་བ་ལ་འདུག་སྟེ་གཙོ་བོ་དང་མོས་པར་གཅིག་ཏུ་བསམས་ཏེ། བདག་བསྲུང་བ་ནས་ཚོགས་བསགས་པ་དང་། རྟེན་གྱི་རྣལ་འབྱོར་བསྒོམ་པ་དང་།
བརྟེན་པ་ལྷའི་དཀྱིལ་འཁོར་ལེའུ་བརྒྱད་པ་ལྟར་བསྒོམས་ཏེ། མཆོད་བསྟོད་བདུད་རྩི་མྱང་བའི་བར་དུ་བྱ་བ་ནི་བདག་ཉིད་ལ་ལྡན་པ་ཕུན་སུམ་ཚོགས་པའོ། །དེ་ནས་དཀྱིལ་འཁོར་སྒྲུབ་པ་ནི་ས་བོན་ནམ་ཕྱག་མཚན་ཙམ་ལས་ལྷ་མོའི་འཁོར་ལོ་རྫོགས་པར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས། སྐྱེ་
Vol. 5 · folio 281b
མཆེད་བྱིན་གྱིས་བརླབས། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས། །དབང་བསྐུར་མཆོད་པ་དང་བསྟོད་པ་རྒྱས་པར་བྱ། བདུད་རྩི་མྱང་། བཟླས་པའི་བར་དུ་བྱའོ། །དེའི་རྗེས་ལ་གང་ཞིག་དབང་ནི་རབ་ཏུ་དབྱེ་བ་ནི་དབང་བཞིའི་རིམ་པའམ་ཆུ་ལ་སོགས་པའོ། །རང་གི་དཀྱིལ་འཁོར་ཚོགས་
སྦྱིན། །ཞེས་པ་ནི་ཁྱད་པར་གྱི་ལུགས་ཀྱིས་སོ། །མཆོད་དང་གསོལ་བ་གདབ་པ་ཉིད། །ཅེས་འདིར་ཡང་འབྲེལ་ཏེ། མཆོད་པ་ནི་ཐུན་མོང་གི་མཆོད་པ་དང་། ཁྱད་པར་གྱི་མཆོད་པ་བརྟག་པ་ཕྱི་མ་ནས། ཞིམ་པའི་བཟའ་བ་བཏུང་བ་དང་། །ཞེས་འདིར་འབྲེལ། ཐུན་མོང་གི་གསོལ་བ་གདབ་པ་དང་།
དགའ་ཆེན་ཁྱོད་བདག་སྟོན་པ་བས། །ཞེས་བྱ་བ་དང་། ཁྱད་པར་གྱི་གསོལ་བ་གདབ་པ་ནི། འཁོར་བ་འདམ་གྱི་ཚོགས་དག་ཏུ། བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་བྱ་བ་ལ་སོགས་པ་འདིར་འབྲེལ་ལོ། །དབང་བསྐུར་བ་ཐུན་མོང་རིག་པའི་དབང་ལྔ་དང་། ཁྱད་པར་བདག་པོའི་དབང་དང་
དྲུག་སྟེ། །དེ་སྐད་དུ་ཡང་། དྲུག་པ་བདག་པོའི་དབང་གིས་དང་། །ཞེས་བྱ་བ་གསུངས་པའི་ཕྱིར་རོ། །དེའི་རྗེས་ལ་གསང་བའི་དབང་བསྟན་པའི་ཕྱིར། དེར་ཞེས་པ་ནི་བུམ་པའི་དབང་གིས་གནས་དེ་ཉིད་དུའོ། །རིགས་ལྔ་ལས་བྱུང་བ་ནི་དམན་པ་རྣམས་དང་། བྲམ་ཟེའི་རིགས་སུ་སྐྱེས་པ་སྟེ། དེས་རིག་པ་བསྐྱེད་པ་སྟེ་
རིག་མའོ། །བཟང་མོ་ནི་སྒོ་གསུམ་གྱི་ཁྱད་པར་རོ། །གཞུག་པ་ནི་ལས་དང་པོ་པ་ཡིན་ན་སློབ་མ་བཞིན་དུའོ། །ཡང་ན་ཇི་ལྟར་གང་རྙེད་ནི་རིགས་དང་སྒོ་གསུམ་གྱི་ཡོན་ཏན་དང་མི་ལྡན་ཀྱང་ངོ་། །དེ་བཞིན་ནི་ཕྱོགས་གཉིས་པ་དེ་ལའོ། །བཅུ་དྲུག་ལོན་པའི་ན་ཚོད་གཙོ་བོར་གྱུར་པ་ཁོ་ནའོ། །ཁུ་བ་ལྡན་
པ་ནི་ཤེས་རབ་རང་བཞིན་མ་ཡིན་པའོ། །ཇི་སྲིད་ནི་གང་གི་ཚེའོ། །དེ་སྲིད་ནི་དེའི་ཚེའོ། །ཕྱག་རྒྱ་བསྟེན་པ་ནི་ལང་ཚོ་དང་ལྡན་པ་དེ་ཉིད་ཆང་ལ་སོགས་པའོ། །ཕྱག་རྒྱ་ནི་གདོང་བཅིང་བ་ནི་འཇུག་པའི་ཚུལ་ལོ། །ཐབས་ཀྱི་གདོང་ཡང་དེ་བཞིན་ནི་སློབ་མ་འཇུག་པ་དང་ཕན་ཚུན་དུ་མཐུན་པའོ། །
ཡང་ན་ཕྱག་རྒྱ་ནི་གདོང་བཅིང་བ་ནི་བདུད་རྩི་ལེན་པའི་དུས་སུ་སྟེ། འདི་ཡང་བྱ་བའི་རིམ་པ་དང་ནོད་པའི་རིམ་པའོ། །བྱ་བའི་རིམ་པ་ནི་སློབ་མ་འཇུག་པ་བཞིན་དུ་ཕྱག་རྒྱ་མ་ཡང་དཀྱིལ་འཁོར་དུ་གཞུག་པ་དང་། ཚུལ་བཞིན་དུ་བྱས་ལ་ནོད་པའི་བདུད་རྩི་ལེན་པའི་དུས་ཏེ་དེར་ཡང་གདོང་བཅིང་
Vol. 5 · folio 282a
ངོ་། །སློབ་དཔོན་ལ་ལ་ནི་འདིར་ཟླ་བ་གཟུང་བའི་མན་ངག་ལ་ཡང་འཆད་དོ། །འདིར་ནི་སློབ་དཔོན་གྱིས་དེ་ཁོ་ན་ཉིད་ཉམས་སུ་མྱོང་བ་དེའི་ཆང་བུ་ལ་སྦྱིན་ཞེས་བྱ་བའོ། །བརྟེན་པ་དེ་ལས་གང་བྱུང་བ། །ཞེས་པ་བདུད་རྩི་དེ་ཉིད་དོ། །ཐབས་ཀྱི་གདོང་ཡང་དེ་བཞིན་ཞེས་
པ་ནི་སྟེར་བའི་དུས་སུ་སྟེ། སློབ་མའི་ཁར་ནི་ལྷུང་ཞེས་པར་འབྲེལ་བའོ། །ད་ནི་གསུམ་པ་བསྟན་པའི་ཕྱིར། རོ་མཉམ་ནི་ལྷན་ཅིག་སྐྱེས་པའི་རོའོ། །སློབ་མའི་སྤྱོད་ཡུལ་ནི་སྔོན་དུ་མན་ངག་བསྟན་པའོ། །དེ་ཉིད་ལ་ཡང་དེ་གསང་བའི་རྟེན་ཉིད་ལའམ་རིག་མ་གཞན་ལའོ། །བྱ་བར་བྱའམ་
ངེས་པར་བྱ་ནི། སྔོན་དུ་མན་ངག་བསྟན་པ་བཞིན་དུ་ཉམས་སུ་བླངས་པའོ། །དེས་ཅིར་འགྱུར་ཞེ་ན། རང་རིག་ཡེ་ཤེས་ནི་དོན་དམ་ལྷན་ཅིག་སྐྱེས་པའོ། །གྱུར་པ་ནི་ཀུན་རྫོབ་ལྷན་སྐྱེས་ལས་ཏེ། དེ་དག་གི་རིམ་པ་བརྟག་པ་ཕྱི་མ་ལས་བསྟན་ཏོ། །འདི་ལ་ཡང་བྱ་བའི་རིམ་པ་དང་ནོད་པའི་རིམ་
པ་གཉིས་སོ། །གསུམ་པས་གོ་ཕྱེ་བའི་སློབ་མའི་ཉམས་སུ་མྱོང་བ་དེ་ཉིད་བཤད་པ་ནི། བཞི་པ་སྟེ། དེ་ལ་ཡང་རྟེན་ཅན་དང་རྟེན་མེད་གཉིས་སོ། །སློབ་དཔོན་ལ་ལ་ནི་རྟེན་ཅན་དུ་ཡང་འདོད་དོ། །བླ་མའི་གཞུང་གིས་ནི་ཚིག་དབང་རིན་པོ་ཆེ་ཞེས་བྱ་སྟེ་རྟེན་མེད་ཀྱི་ལུས་སོ། །དེ་ལ་ཡང་དབང་བཞི་
པ་ཚིག་དབང་དང་། མན་ངག་དང་གཉིས་སུ་བཞེད་དེ། བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་སྐད་དུ་ཡང་། དེ་ལྟར་དེ་བཞིན་ཡང་བཞི་པ། །ཞེས་གསུངས་པས་སོ། །དེའི་ཁྱད་པར་བསྟན་པ་ནི་དབང་བཞི་པ་སྟེ། རང་བཞིན་ནི་གཟུང་འཛིན་ནོ། །ཡང་དག་རིག་པ་ནི་དང་པོ་
ཡིན་ཡང་གསུམ་པ་སྟེ། དེ་དག་དེས་སྤངས་པའོ། །དེས་ཅིར་འགྱུར་ཞེ་ན། མི་རྟོག་པ་སྟེ། མཁའ་མཉམ་ནི་དཔེའོ། །རྡུལ་ནི་རྣམ་པར་རྟོག་པ་དང་། ཉོན་མོངས་པའོ། །དེའི་ཕྱིར་སྟོང་པ་ཉིད་དཔེ་དེ་ལས་བྱུང་བའོ། །དེ་དང་ལྷན་ཅིག་ཚིམ་པ་ནི་ཐབས་ཅི་ཞེ་ན། དངོས་དང་དངོས་མེད་ནི་ཆོས་ཅན་
ནོ། །བདག་ཉིད་མཆོག་ནི་བདེ་བ་ཆེན་པོའི་རང་བཞིན་ནོ། །དེ་དག་ནི་དབྱེར་མེད་པ་བསྟན་པའི་ཕྱིར། ཤེས་རབ་ཐབས་ནི་མི་རྟོག་པ་དང་བདེ་བའོ། །ཤིན་ཏུ་འདྲེས་པ་ནི་དབྱེར་མི་ཕྱེད་པའོ། །ཡང་ཆགས་པ་དང་ཆགས་བྲལ་ནི། མཆོག་དགའ་དང་དགའ་བྲལ་གྱི་རྣམ་པས་སོ། །འདྲེས་
Vol. 5 · folio 282b
པ་ནི་དབྱེར་མི་ཕྱེད་པ་སྟེ་ལྷན་ཅིག་སྐྱེས་པའི་རོའོ། །ད་ནི་དེའི་རང་བཞིན་ནམ་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག་ནི་སེམས་ཅན་ཀུན་ཡང་ལྷན་ཅིག་སྐྱེས་པའི་འཚོ་བ་ལ་བརྟེན་པ་ཡིན་ཏེ། ཡི་གེ་དམ་པ་ཞེས་པ་ནི་ཨཀྵར་སྟེ་མི་འགྱུར་བའི་ཕྱིར་རོ། །
འགྲོ་བའི་བདག་ཉིད་ནི་ལྷན་ཅིག་སྐྱེས་པ་དེའོ། །ཐམས་ཅད་ཁྱབ་པ་ནི་སེམས་ཏེ་དོན་དམ་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །ལུས་ཀུན་ལ་གནས་པ་ནི་ཀུན་རྫོབ་པོ། །དངོས་དང་དངོས་མེད་དེ་ལས་བྱུང་ནི་དངོས་པོ་ཀུན་རྫོབ་ལྷན་ཅིག་སྐྱེས་པ་ནི། དངོས་མེད་དོན་དམ་དུ་གནས་པའོ། །ཡང་ན་
དངོས་པོ་སྟེ་གཟུགས་ལ་སོགས་པ་ལྔ་དང་། དངོས་མེད་དེ་ཆོས་སོ། །གཞན་ནི་དབང་པོའོ། །གང་རྣམས་དེ་རྣམས་ནི་བརྟན་གཡོའོ། །རྣམ་ཤེས་ནི་མིག་ལ་སོགས་པའོ། །ཀུན་གྱི་ཚུལ་ནི་གཟུགས་ལ་སོགས་པ་དེ་དག་དང་ལྷན་ཅིག་སྐྱེས་པར་སྣང་བའོ། །འོ་ན་ལྷན་ཅིག་སྐྱེས་པ་དེ་ཉིད་
ཆོས་ཀུན་གྱི་རང་བཞིན་ཡིན་ན་གྲུབ་མཐའ་ངན་པས་བརྟགས་པའི་ཆོས་རྣམས་སུ་མི་འགྱུར་རམ་ཞེ་ན། ཉེས་པ་མེད་དེ་སྐྱེས་བུ་ནི་པུ་རུ་ཥ་སྟེ་སྣོད་ཀྱི་འཇིག་རྟེན་དུ་བཅུད་ཀྱིས་འགེངས་པར་བྱེད་པའོ། །སྔོན་རབས་ནི་བྲི་ཏ་ཀ་སྟེ་ཕྱའམ་མེས་པོ་སྟེ་ཚངས་པའོ། །དབང་ཕྱུག་ནི་མ་ཧེ་ཤྭ་ར་སྟེ་ཀུན་ལ་དབང་
བའི་བདག་པོའོ། །དབང་ཕྱུག་ཆེན་པོའམ་ལྷ་ཆེན་པོ་ཞེས་བརྗོད་དོ། །བདག་ནི་རྟག་པའི་ཁྱད་པར་ལྡན་པའོ། །གསོ་བ་ནི་འཛིན་པ་སྟེ་དབུགས་སོ། །སེམས་ཅན་ནི་ཤེས་པ་སྟེ་ནུས་པ་ཤེས་ཅན་ནོ། །དུས་ནི་ཡོན་ཏན་ནོ། །གང་ཟག་ནི་པུང་གལ་སྟེ། བྱེད་པ་པོའམ། ལས་ཀྱི་འབྲས་བུ་གང་
ཞིག་སྨིན་པར་འཛག་པའོ། །དེ་དག་ཏུ་བཏགས་པ་མ་ཟད་དེ། དངོས་པོ་ཀུན་གྱི་རང་བཞིན་ནི་མྱ་ངན་ལས་འདས་པའི་བར་དུའོ། །སྒྱུ་མའི་ཚུལ་ལམ་གཟུགས་ནི་མ་ཧཱ་མཱ་ཡཱ་སྟེ། བདེན་པ་ཡང་མ་ཡིན་བརྫུན་པ་ཡང་མ་ཡིན་པའི་སྒྱུ་མ་ཆེན་པོའོ། །ཡང་དག་གནས་ནི་ཟག་པ་མེད་པའི་བདེ་བར་རང་སྣང་
བའོ། །དེའི་ཕྱིར་ཉེས་པ་མེད་པ་ཁོ་ནའོ། །ད་ནི་ཐེ་ཚོམ་གྱི་ཡུལ་བསྟན་པ་དང་ལྷན་ཅིག་སྐྱེས་པ་ཇི་ལྟར་ཉམས་སུ་བླང་བའི་ཐབས་བསྟན་པའི་ཚིགས་སུ་བཅད་པ་གཅིག་སྟེ་གོ་སླའོ། །དེ་བཞིན་གཤེགས་པ་དང་རྡོ་རྗེ་སྙིང་པོ་ནི་སྔོན་དུའོ། །མཁས་པ་ནི་རྗེས་སུ་འཇུག་པའི་ཕ་རོལ་ཕྱིན་པ་ལའོ། །
Vol. 5 · folio 283a
དེ་སྐད་དེས་ཐོས་ནི་ཟག་པ་དང་བཅས་པ་ཆགས་པ་ལས་བྱུང་བའམ། ཟག་པའི་བདག་ཉིད་དུ་ཐོས་པའོ། །མཆོག་ཏུ་ངོ་མཚར་ནི་དམན་པའམ་སྤྱོད་ཡུལ་མ་ཡིན་པས་སོ། །བརྒྱལ་ཞིང་ས་ལ་འགྱེལ་བ་ནི་སྐྲག་པའམ་ཆེ་བའི་བདག་ཉིད་སྟོན་པའོ། །ཡང་ན་
བརྒྱལ་བ་ནི་སེམས་ཀྱི་ཁྱད་པར་རོ། །འགྱེལ་བ་ནི་ལུས་ཀྱི་བཀོད་པའོ། །འདིར་དགའ་བའི་གྲངས་ལ་ཐེ་ཚོམ་སྐྱེས་པ་ལྟར་བསྟན་ཀྱང་དོན་ལ་དབང་བཞི་པ་ལ་ཐེ་ཚོམ་སྐྱེས་ཏེ། ཤིན་ཏུ་ཟབ་པས་སྤྱོད་ཡུལ་མ་ཡིན་པར་དོགས་པ་དང་། ཡང་ན་ཤིན་ཏུ་དམན་པས་ངན་པ་རུ་རྟོག་པ་སྐྱེས་པའོ། །
ད་ནི་དེ་དག་གི་རྒྱུ་མཚན་སེམས་ལ་གནས་པའི་སོ་སོར་བརྗོད་པའི་ཕྱིར། དང་པོ་དགའ་བ་འགྲོ་བ་ནི་བརྟག་པའོ། །མཆོག་དགའ་འགྲོ་བའམ་བརྟག་པས་ཏེ་འཁོར་བར་རོ། །དགའ་བྲལ་དགའ་བའང་འགྲོ་བའམ་བརྟག་པ་སྟེ་མྱ་ངན་ལས་འདས་པར་རོ། །དེས་ན་འཁོར་བ་དང་མྱ་ངན་ལས་འདས་
པའི་མཐར་འགྲོ་བས་ངོ་མཚར་བའམ་བརྒྱལ་བའོ། །ཡང་ན་ཟབ་པ་ཆེ་བའི་བདག་ཉིད་དགའ་བ་གསུམ་གྱིས་མི་རྟོག་པའོ། །སྤྱོད་ཡུལ་མ་ཡིན་པར་དོགས་ན་ངོ་མཚར་ཞིང་བརྒྱལ་བའོ། །དེའི་ཕྱིར། དགའ་བ་གསུམ་ལ་ལྷན་སྐྱེས་མེད། །ཅེས་པའོ། །ད་ནི་ཐེ་ཚོམ་བསལ་བའི་ཕྱིར་སྡུད་པར་བྱེད་པས།
བཅོམ་ལྡན་བཀའ་སྩལ་ཀྱེའི་རྡོ་རྗེ། །ཞེས་པའོ། །སངས་རྒྱས་ཀུན་གྱི་སྐུ་གཅིག་ནི་བདེ་བ་ཆེན་པོའི་སྐུའོ། །རྡོ་རྗེ་སྙིང་པོས་རྟོགས་བྱ་ནི་སྔོན་བྱུང་དག་གོ། །ཐེ་ཚོམ་ནི་དམན་པའམ་སྤྱོད་ཡུལ་མ་ཡིན་པ་གོང་དུ་བརྗོད་པ་ཉིད་དོ། །བཟང་བའམ་ལེགས་པར་སེལ་བ་ནི་ལས་ལེན་པའོ། །ཅི་ཞེ་ན། དེ་ཡང་དང་
པོར་དམ་པ་དོགས་པ་སེལ་བའི་ཕྱིར་རོ། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད་ནི་དགའ་བ་དང་དགའ་བྲལ་ཏེ། བརྟག་པ་དེ་དག་ལྷན་ཅིག་སྐྱེས་པ་ལ་མེད་དོ། །དབུ་མ་ཞེས་པ་ནི་དགའ་བ་སྟེ། གྲངས་ཀྱི་དབུ་མར་ཡང་མ་ཡིན་ལ། དོན་གྱི་དབུ་མ་དེ་ཁོ་ན་ཉིད་ཀྱིས་ཁྱབ་པ་ཡང་མ་ཡིན་ཏེ་ཉམས་
མྱོང་སྐྱེས་པའི་དབུ་མ་སྟེ། དེ་ཡང་མི་དམིགས་སོ། །དེ་དག་ཀྱང་ལྷན་ཅིག་སྐྱེས་པ་ལ་མི་ལྡན་ཡང་བློས་བརྟགས་ནས་དམའ་བར་འགྲོའོ་ཞེ་ན། དེའི་ཕྱིར་གསུམ་པོ་སྤངས་པ་ཉིད། །ཅེས་པ་ནི་སྤངས་ཏེ་ཉམས་སུ་བླང་བའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་བྱང་ཆུབ་ནི་དྲི་མ་དང་བྲལ་བས་རྟོགས་པ་སྟེ།
Vol. 5 · folio 283b
ཡང་དག་པའི་འབྲས་བུར་བརྗོད་དོ། །ད་ནི་སྤྱོད་ཡུལ་མ་ཡིན་པར་དོགས་པའི་ཐེ་ཚོམ་བསལ་བའི་ཕྱིར་རོ། །ཡང་ན་ཞེས་པ་ནི་དམན་པར་དོགས་པ་ལས་ཕྱོགས་གཞན་དུའོ། །དེ་ཉིད་ཅེས་པ་ནི་ལྷན་ཅིག་སྐྱེས་པའོ། །ཐམས་ཅད་བདག་ཅེས་པ་ནི་དགའ་བ་གསུམ་གྱི་རང་བཞིན་ཡིན་པའི་ཕྱིར་
དགའ་བ་གསུམ་དང་ལྡན་པའི་ཚེ། དེའི་བདག་ཉིད་ཀྱང་རྟོགས་པར་སྤྱོད་ཡུལ་མ་ཡིན་པ་ཁོ་ནའོ། །ཡང་ན་ཞེས་པ་ནི་རང་བཞིན་གཅིག་ཀྱང་རྣམ་པའི་ཕྱོགས་གཞན་དུ་བསྟན་པའི་ཕྱིར། ཀུན་ནས་རྣམ་པར་སྤངས་ནི་གསུམ་དང་ལྷན་ཅིག་སྐྱེས་པ་རྣམས་ཕན་ཚུན་སྤངས་པས་སོ། །འོ་ན་
རྣམ་པ་མི་མཐུན་ན་གསུམ་པོ་མི་དགོས་ལ། གསུམ་པོ་མེད་ན་སྤྱོད་ཡུལ་དུ་མི་འགྱུར་ཞེ་ན། དེའི་ཕྱིར་དགའ་བྲལ་དང་པོ་མཚོན་ཞེས་པ་ནི་རྣམ་པར་མཚོན་པའི་ཐབས་ནི་གོ་རིམས་ཏེ། གཉིས་ཀྱི་འོག་དང་གཅིག་གི་གོང་སྟེ་གསུམ་པར་རོ། །རང་བཞིན་མཚོན་པའི་ཐབས་དང་ཤེས་རབ་ཀྱི་
ཚུལ་དུ་མཐུན་ན་དགའ་བ་གསུམ་ལ་གནས་པའོ། །དེའི་ཕྱིར་ན་དགའ་བ་གསུམ་པོ་སྤངས། །ཞེས་པ་ནི་ལྷན་ཅིག་སྐྱེས་པ་སྟེ་སྤྱོད་ཡུལ་དུ་གྱུར་པ་ཁོ་ནའོ། །ད་ནི་ཐེ་ཚོམ་མེད་པར་ཉམས་སུ་བླང་བའི་རྟགས་ཇི་ལྟ་བུ་ཞེ་ན། དང་པོ་སྤྲིན་དང་འདྲ་བ་ནི། དབང་གི་དུས་ཀྱི་སྟོབས་ཏེ་དེ་ཡང་ས་ཧ་ཛའམ་
ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། སྤྲིན་ཁྲོལ་བུའི་ཟླ་བ་ལྟ་བུ་མཐོང་བ་དང་མ་མཐོང་བའི་གནས་སྐབས་སོ། །མཐོང་བ་དེ་ཡང་དོན་རང་གི་མཚན་ཉིད་ཀུན་དུ་སྦྱོར་བ་ནི་རྒྱ་མཚོའི་ལན་ཚྭའི་ཆུ་ཉུང་ཟད་ཀྱིས་ཀུན་ཤེས་པའོ། །གྲུབ་པ་སྒྱུ་མ་ལྟ་བུ་ནི་སྒོམ་པའི་དུས་ཀྱི་སྟོབས་ཏེ། མཾ་ན་ཛའམ་དྷརྨཱ་མུ་
དྲ་ལ་བརྟེན་པས་རང་གི་མཚན་ཉིད་མ་ཡིན་པ། སྒྱུ་མའི་གཟུགས་བརྙན་ལྟ་བུ་སྣང་བའོ། །དེ་ནས་རྨི་ལམ་འདྲ་བ་ནི་སྤྱོད་པའི་སྟོབས་ཏེ། ཁེ་ཏྲ་ཛའམ་ས་མ་ཡ་མུ་དྲ་ལ་བརྟེན་པས། དོན་རང་གི་མཚན་ཉིད་ལ་ཕྱོགས་པ་རྨི་ལམ་བེའུར་ཆད་པ་ལྟ་བུར་སྣང་ངོ་། །སད་པ་ནི་སྔར་གྱི་སྤྲིན་དང་འདྲ་བར་
སྣང་བ་སྟེ་གསལ་བའི་ཕྱིར་རོ། །གཉིད་ལོག་ནི་སྒྱུ་མ་དང་རྨི་ལམ་སྟེ་མི་གསལ་བའི་ཕྱིར་རོ། །དེ་དག་ནི་འཆར་བ་དང་ནུབ་པ་སྟེ་ཐབས་དང་ཤེས་རབ་ཡིན་པས་མི་ཕྱེད་པ་ནི་ཕྱག་རྒྱ་ཆེན་པོའོ། །གྲུབ་ཅེས་པ་ན་ཡང་མི་ཕྱེད་ཅེས་སྨོས་པ་ནི་འབྲས་བུའི་དུས་ཀྱི་སྟོབས་མནྟྲའམ་མ་ཧཱ་མནྟྲ་ལ་བརྟེན་
Vol. 5 · folio 284a
ནས་མཚན་ཉིད་མ་གྲུབ་པར་སྣང་ངོ་། །ཕྱག་རྒྱའི་རྣལ་འབྱོར་ཞེས་པ་ནི་ཕྱག་རྒྱ་ཆེན་པོའོ། །གྲུབ་ཅེས་པ་ནི་གདོན་མི་ཟ་བའོ། །དེའི་རྗེས་ལ་མན་ངག་བསྟན་པར་བྱ་བའི་ཕྱིར་ཕྱི་ནས་ཞེས་པ་ནི་དབང་གི་རྗེས་ལའོ། །དེ་ཉིད་ཡང་དག་བཤད་ནི་དབྱེར་མེད་པའི་མན་ངག་སྡུད་
པར་བྱེད་པས་ཁས་ལེན་པའོ། །ཡང་དང་ནི་དོན་དམ་ལྷན་ཅིག་སྐྱེས་པ་ནི་ཤེས་རབ་ཀྱི་མན་ངག་བསྟན་པའི་ཕྱིར། རྣམ་དག་ཡེ་ཤེས་ནི་སེམས་རང་བཞིན་གྱིས་དག་པར་དམ་བཅའ་བ་སྟེ་བསྟན་པའོ། །བཤད་པར་འདོད་ནས་འཁོར་བ་དང་མྱ་ངན་ལས་འདས་ཞེས་པ་ནི་དངོས་པོ་དང་དངོས་མེད་ལ་སོགས་
པ་གཞན་དག་ཀྱང་ངོ་། །ཁྱད་པར་ནི་བརྟག་པའི་ཁྱད་པར་རོ། །ཅུང་ཟད་ནི་ཉུང་བ་བག་ཙམ་ཕྲ་བ་སྟེ། སེམས་ཙམ་དུ་ཡང་ངོ་། །ཡོད་མ་ཡིན་ནི་གཅིག་དང་དུ་བྲལ་གྱིས་སོ། །འོ་ན་ལམ་གྱི་དུས་སུ་ལྟ་བ་ཇི་ལྟ་བུ་ཞེ་ན། ཚིག་རྐང་གཉིས་ཏེ་གོ་སླའོ། །ཡང་སྤྱོད་པ་ཇི་ལྟ་བུ་ཞེ་ན་ཚིགས་སུ་བཅད་པ་གཅིག་
སྟེ་གོ་སླའོ། །ཡང་སྒོམ་པ་ཇི་ལྟ་བུ་ཞེ་ན། རྐང་པ་གཅིག་གོ། །འབྲས་བུ་དོན་གྱི་རང་བཞིན་ཇི་ལྟ་བུ་ཞེ་ན། རྐང་པ་གཅིག་གོ། །ད་ནི་ཀུན་རྫོབ་ལྷན་སྐྱེས་སམ། ཐབས་ཀྱི་མན་ངག་བསྟན་པའི་ཕྱིར། རྡོ་རྗེ་སྙིང་པོས་གསོལ་བ་ཞེས་པ་ནི་ཡེ་ཤེས། རྣམ་པར་དག་པ་ནི་རིགས་ན་ལུས་དག་པ་མི་རིགས་
པ་ཁོང་དུ་བཞག་སྟེ་དྲིས་པའོ། །གཟོད་ནས་རང་བཞིན་མེད་པའི་ཞེས་པ་ནི་སེམས་དག་པ་དེས་སོ། །ལུས་ཀྱི་རང་བཞིན་དག་པ་ན་ཕྲ་རུ་སྟེ་དེ་རུ་དེའི་ཕྱིར་གང་དུ་ལོགས་སུ་འབྲེལ་ལོ། །དེ་ཡང་རྒྱུ་མཚན་ནི་ལུས་འབྱུང་བའི་བདག་ཉིད་ཡིན་པའི་ཕྱིར། དག་པ་མི་རིགས་སོ་ཞེ་ན། དག་པ་ཡིན་ན་འབྱུང་
བ་མ་ཡིན་ན་དག་པའི་ལྷན་སྐྱེས་མ་ཡིན་ཞེ་ན། ཀུན་རྫོབ་ལྷན་སྐྱེས་ལེན་བཏབ་པ་ནི་འབྱུང་བ་ཡིན། དེ་ནས་དེ་ལའོ། །བཅོམ་ལྡན་རྡོ་རྗེ་ཅན་ནི་རྡོ་རྗེ་འཛིན་པའོ། །དེའི་ཁྱད་པར་བསྟན་པའི་ཕྱིར་མཁའ་འགྲོ་ནི་བདག་མེད་མ་པུཀྐ་སཱི་ལ་སོགས་པ་བཞིའོ། །བདེ་བ་སྟེར་ནི་རྒྱུའི་རྡོ་རྗེ་འཆང་སྙོམས་པར་
འཇུག་པའམ། གླུའི་ངོར་འབྲས་བུ་ཧེ་རུ་ཀ་ལྡང་བ་དེའི་དགྱེས་པའི་རྡོ་རྗེའོ། །ཡང་མཁའ་འགྲོ་ནི་ཌཱ་ཀི་ནི་སྟེ་ཞིང་དག་ཏུ་རྒྱུ་བའི་ལས་ཕྱག་རྒྱའོ། །བདེ་བ་སྟེར་ནི་ལྷན་སྐྱེས་པའི་རོ་དང་མི་འབྲལ་བའི་ཐབས་ཀྱིས་དགྱེས་པའི་རྡོ་རྗེའོ། །དེ་ནི་གཞན་ལུས་ཤེས་རབ་ལ་བརྟེན་པའོ། །ཡང་མཁའ་
Vol. 5 · folio 284b
འགྲོ་ནི་རྩ་རྣམས་སོ། །བདེ་སྟེར་ནི་ཀུནྡ་ལྷན་སྐྱེས་ཏེ་ལུས་ལ་གནས་པའི་དགྱེས་པ་རྡོ་རྗེའོ། །དེ་ནི་རང་ལུས་ཐབས་དང་ལྡན་པའོ། །ཡང་མཁའ་འགྲོ་ནི་ཕྱག་རྒྱ་ཆེན་པོའོ། །བདེ་སྟེར་ནི་གནས་པ་སྟེ། ཟག་པ་མེད་པའི་བདེ་བ་ཆེན་པོ་སྟེ་གཉིས་སུ་མེད་པའི་དགྱེས་པའི་རྡོ་རྗེའོ། །དེ་ནི་དབྱེར་མེད་
དོ། །གསུངས་ཞེས་པ་ཐེ་ཚོམ་སེལ་བར་རོ། །དེ་ཉིད་ཅི་ཞེ་ན། རློམ་སེམས་མེད་པའི་རང་བཞིན་ནི་སེམས་དག་པ་དེའོ། །བདག་ནི་འབྱུང་བའི་བདག་ཉིད་དོ། །ཐམས་ཅད་ནི་འགྲོ་བ་ཀུན་གྱིའོ། །ལུས་ལ་རྣམ་པར་གནས་ནི་གཉུག་མའི་དབང་པོ་ལ་བརྟེན་པའོ། །བསྟན་པ་དེ་དག་ཀྱང་སོ་སོར་བཤད་
པའི་ཕྱིར། ཀྱེ་བཅོམ་ལྡན་འདས་ཞེས་པ་ནི། མཛེས་པས་བོད་པའོ། །ཅིའི་སླད་དུ་ཞེས་པ་ནི་ལུས་ལ་གནས་པ་ལུས་དག་པའི་རྒྱུ་མཚན་དྲིས་པའོ། །འབྱུང་བ་ཆེན་པོ་ལྔ་པོས་ཕུང་པོའི་རིགས་ནི་བསྡུས་པ་སྟེ་ལུས་སོ། །དེ་ཇི་ལྟར་བསྐྱེད་ཅིང་རྟེན་ལགས་ཞེས་པའོ། །ད་ལན་བསྟན་པ་ཡང་
འབྱུང་བས་སྐྱེས་པའི་ཚུལ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པའོ། །གང་གི་དུས་སུ་ཞེ་ན། བོ་ལ་ཀཀྐོ་ལ་སྦྱོར་བས། །ཞེས་པ་ནི་ལྷན་ཅིག་སྐྱེས་པ་སྦྱོར་བའོ། །རེག་པ་སྲ་བའི་ཆོས་ནི་སྙོམས་འཇུག་ལ་སའི་མཚན་ཉིད་ལྡན་པས་སོ། །ས་ནི་དེ་ལས་སྐྱེ་ཞེས་པ་སར་
བསྒྲུབ་པའོ། །བྱང་ཆུབ་སེམས་ཞུ་བ་ནི་གཤེར་བ་སྟེ། སྙོམས་འཇུག་དེ་ལ་ཆུའི་མཚན་ཉིད་དང་ལྡན་པས་སོ། །ཆུའི་ཁམས་ནི་འབྱུང་ཞེས་པ་ནི་དེ་བསྒྲུབ་བོ། །བསྲུབ་བའམ་བསྐྱེད་པ་ནི་སྙོམས་འཇུག་ལའོ། །དྲོད་ནི་མེའི་མཚན་ཉིད་ལྡན་པས་སོ། །སྐྱེས་ཏེ་ཞེས་པ་ནི་མེར་གྲུབ་པོ། །འགྲོ་ཞེས་
པ་ནི་སྙོམས་འཇུག་གི་ཚེ་ཟླ་བ་གཡོ་བ་རླུང་གི་མཚན་ཉིད་དང་ལྡན་པས་སོ། །རླུང་ནི་རབ་ཏུ་གྲགས་ཞེས་པ་པྲ་ཏི་སྟེ་རབ་ཏུ་བསྒྲུབ་བོ། །བདེ་བ་ཞེས་པ་ནི་སྙོམས་འཇུག་གིས་སམ་ཞུ་བ་ལ་བརྟེན་པའི་ཆོས་སོ། །ནམ་མཁའི་ཁམས་ཞེས་བྱ་བ་ནི་ཁྱད་པར་ནམ་མཁའི་མཚན་ཉིད་དང་ལྡན་པ་ནམ་
མཁའི་སྒྲུབ་པའོ། །ལྔ་ཡིས་ཡོངས་སུ་བསྐོར་ཞེས་པ་ནི་དེ་དག་ཡོངས་སུ་འདུས་པའོ། །གང་ཕྱིར་འབྱུང་བ་ཆེ་བདེ་ཞེས་བྱ་བ་ནི་འབྱུང་བ་ལས་གྱུར་ཅིང་བསྐྱེད་པའོ། །དེའི་ཕྱིར་ཞེས་པ་ནི་འདུས་བྱས་པའི་ཕྱིར་རོ། །བདེ་བ་དེ་ཉིད་མིན་ཞེས་པ་ནི་ལྷན་སྐྱེས་མ་ཡིན་པའོ། །དེ་དག་གིས་ནི་འབྱུང་བ་དང་
Vol. 5 · folio 285a
ལྡན་པའི་ལུས་ཀྱི་བསྐྱེད་པ་རྒྱུ་བྱེད་པ་ཙམ་གྱིས་ལུས་དག་པར་བསྟན་ནས། ད་ནི་ལྷན་ཅིག་སྐྱེས་པ་ཡིན་པས་ལུས་དག་པ་ལ་བསྟན་པའི་ཕྱིར། ལྷན་སྐྱེས་དགའ་ཞེས་པ་ནི་གཟོད་མ་ཉིད་ནས་ལུས་དང་སེམས་དང་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །འོ་ན་ལྷན་སྐྱེས་ཡིན་
ཞེ་ན། །ལྷན་ཅིག་སྐྱེས་པ་གང་སྐྱེས་ཞེས་པ་དོན་དམ་དེ་ལུས་དང་ལྷན་ཅིག་སྐྱེས་པས་དེར་འགྱུར་རོ། །གང་སྐྱེས་པ་ཞེས་པ་ནི་དེ་དང་ལྡན་པ་གང་དང་གང་ཡང་ངོ་། །ལྷན་ཅིག་སྐྱེས་པར་དེ་བརྗོད་དོ་ཞེས་པ་ནི་དེ་དང་དེ་ཀུན་ནོ། །དེ་ཕྱིར་ཀུན་རྫོབ་ཀུན་དུ་ལུས་དང་ལྷན་ཅིག་སྐྱེས་པས་རང་བཞིན་ལྷན་
ཅིག་སྐྱེས་ཞེས་བརྗོད་པ་སྟེ། དོན་དམ་ལྷན་སྐྱེས་བཞིན་དུ་ཀུན་རྫོབ་ཀྱང་ཡིན་ལ་དེས་ན་ལུས་དག་པར་བསྟན་ཏོ། །ད་ནི་ཕྱག་རྒྱ་ཆེན་པོའམ་དབྱེར་མེད་ལྷན་སྐྱེས་བསྟན་པའི་ཕྱིར། རྣམ་པ་ཐམས་ཅད་ཅེས་པ་ནི་བསྐྱེད་རིམ་ལ་སོགས་པ་ཆོས་དུ་མའོ། །སྡོམ་ཞེས་པ་ནི་མདོར་བསྡུས་པའོ། །
ཅི་ཞེས་པ་ནི་སེམས་སུ་སྡུད་པའི་ཚུལ་ལོ། །དེ་ཡང་ཆོས་དུ་མ་དེ་དག་ཇི་ལྟར་བསྡུ་ཞེ་ན། ཕྱག་རྒྱ་རྒྱུ་དང་བྲལ་ཞེས་པ་ནི་བདག་མེད་མའི་ཕྱག་རྒྱ་སྔགས་ལ་སོགས་པ་བྲལ་བ་སྟོང་པ་སྟེ། ཤེས་རབ་ཀྱིས་བསྡུས་པའོ། །དེ་བཞིན་དཀྱིལ་འཁོར་དང་ལྷ་དང་ཕྱག་རྒྱ་དང་སྦྱིན་སྲེག་དང་མཆོད་
སྦྱིན་ལ་སོགས་པས་བརྟག་པ་རྣམས་མེད་པ་དང་། ཡང་དག་པའི་སྔགས་ལ་སོགས་པ་ཡོད་པར་བསྟན་པ་ནི་ལེའུ་ལྔ་པ་ལྟར་ཤེས་པར་བྱ་སྟེ། དེ་ཡང་ཐབས་ཀྱིས་བསྡུས་པ་ནི་ཡོ་གའི་རྣལ་འབྱོར་པའོ། །སྙིང་རྗེ་ནི་སྣང་བ་ཀུན་ནོ། །ཐབས་ནི་བདེ་བའི་རོར་གྱུར་པའོ། །དེ་དག་བསྡུས་ཏེ་མི་
གདགས་པའི་ཕྱིར་ཡེ་ཤེས་ནི་སྟོང་པའོ། །ཐབས་ནི་སྙིང་རྗེའོ། །དབྱེར་མེད་ནི་དེ་དག་གིས་ཆོས་ཀུན་བསྡུས་ནས་དེ་དག་ཉིད་ཀྱང་ཟག་པ་མེད་པའི་ལྷན་ཅིག་སྐྱེས་པར་གཅིག་པའོ། །དེས་ཅིར་འགྱུར་ཞེ་ན། སེམས་ཙམ་ཡིན་ཏེ། དེའི་བྱང་ཆུབ་སེམས་ཞེས་བརྗོད་པ་སྟེ་ལྷན་ཅིག་སྐྱེས་པའོ། །ད་ནི་
བསྟན་པ་དེ་དག་རྒྱུ་མཚན་སོ་སོར་བཤད་པའི་ཕྱིར། སྔགས་བཟླས་ཞེས་པ་ནི་བསྐྱེད་པའི་རིམ་པའི་རྣམ་པ་ཐམས་ཅད་ཀྱི་ཆོས་སོ། །མེད་ཅེས་པ་ནི་བདག་མེད་མའི་ཕྱག་རྒྱ་གཅིག་དང་དུ་བྲལ་གྱིས་སོ། །ཡང་མེད་ཅེས་པ་ནི་རྒྱུའམ་ངོ་བོ་ལ་སོགས་པ་དང་བྲལ་བས་སོ། །དེ་བཞིན་དུ་གཞན་དག་ལ་
Vol. 5 · folio 285b
ཡང་ངོ་། །ད་ནི་ཐབས་ཀྱི་བསྡུས་པ་བསྟན་པའི་ཕྱིར། དེའི་སྔགས་བཟླས་ཞེས་པ་ནི་སྙིང་རྗེ་སྣང་བ་རྒྱུན་དུ་གནས་པས་སོ། །དེ་དཀའ་ཐུབ་ནི་ཐབས་བདེ་བ་ཞུ་བ་མི་འབྲལ་བར་ཚངས་པར་སྤྱོད་པས་སོ། །སྦྱིན་སྲེག་ནི་སྙིང་རྗེ་སྣང་བའི་སྲེག་བླུགས་མཆོད་པས་རྣམ་རྟོག་དང་ཉོན་མོངས་པ་མེད་པའོ། །
དཀྱིལ་འཁོར་པ་ནི་སྙིང་རྗེ་སྣང་བ་བདེ་བའི་ལྷ་སྟེ་ཉོན་མོངས་པའི་ཟུག་རྔུ་ཞི་བས་སོ། །དཀྱིལ་འཁོར་ནི་ཐབས་བདེ་བ་སྟེ། ལྷན་ཅིག་སྐྱེས་པ་འདུས་པའི་གནས་ཡིན་པས་སོ། །ད་ནི་རྣམ་པ་ཐམས་ཅད་སྡོམ་པ་གཅིག་གི་རྒྱུ་མཚན་བསྟན་པའི་ཕྱིར། མདོར་བསྡུས་ཞེས་པ་ནི་གང་དག་ཅེ་ན། སྔགས་ལ་
སོགས་པ་རྣམ་པ་ཀུན་ནོ། །གང་ལྟར་ཞེ་ན། སྟོང་པ་ཉིད་སྙིང་རྗེས་སོ། །གང་གིས་ཞེ་ན་འདུས་པའི་ཞེས་པ་སྟེ། དབྱེར་མེད་ཀྱིས་སོ། །གང་གི་ཕྱིར་ཞེ་ན། སེམས་ནི་ཞེས་པ་སྟེ། བྱང་ཆུབ་སེམས་སོ། །གཟུགས་ཅན་ཞེས་པ་ནི་རཱུ་པ་སྟེ་ལྷན་ཅིག་སྐྱེས་པའི་ཚུལ་ལམ་རང་བཞིན་ནོ། །ལེའུ་བཅུ་པའོ།། །།
ད་ནི་ལེའུ་དང་པོ་ལ་ལྟ་སྟངས་ལ་སོགས་པ་རིམ་པ་གཉིས་ཀྱིས་དམིགས་པའི་ཡུལ་ཆེ་བའི་བདག་ཉིད་འདིར་འབྲས་བུ་འགྲུབ་པར་བསྟན་པའི་ཕྱིར་མཉམ་པ་ནི་མིག་འབྲས་གཉིས་སོ། །མ་རུངས་ནི་ཧེ་རུ་ཀའི་ང་རྒྱལ་གྱིས་སོ། །དཔྲལ་བ་ཅན་ནི་མིག་འབྲས་གཉིས་དཔྲལ་བ་ལ་བརྟེན་ཏེ་ཅུང་ཟད་གྱེན་དུ་བལྟས་
ནས་ཐུར་དུ་འབེབས་པའོ། །ལྟུང་བར་བརྗོད་ནི་བསྒྲུབ་བྱ་འགྱེལ་བར་བྱེད་པའོ། །གཞན་དག་ནི་ལྟ་སྟངས་རྣམས་དང་། དབུགས་དང་དཔེ་དག་སྟེ། གཞན་དག་དབུགས་ཀྱིས་བསྒྲུབ་པ་ཡང་། །འབྱུང་བ་ཉིད་ཀྱིས་ལྟུང་བར་བྱེད། །རྡུབ་པ་ཡིས་ནི་དབང་དུ་བྱེད། །དགང་བ་ཡིས་ནི་འགུགས་པར་བྱེད། །ཞི་
བ་ཡིས་ནི་རེངས་པར་བྱེད། །ཅེས་བྱ་བ་ནི་ཕྱིར་འབྱུང་བ་དང་། ནང་དུ་རྔུབ་པ་དང་དབུགས་ནང་དུ་འགེངས་པ་དང་། དབུགས་ཞི་བས་རེངས་པར་བྱེད་དོ། །དཔེ་གཏན་ལ་དབབ་པ་ནི་རློན་པའི་ཤིང་ལས་སྒྱེལ་བའི་ཉམས་སད་པའི་གནས་སོ། །མེ་ཏོག་ཅན་ལ་ནི་དབང་གི་ཉམས་སད་པའི་གནས་སོ། །རྡོ་
རྗེའི་ཤིང་ནི་ཤིང་ཐང་ཆུ་ཅན་དེ་དགུག་པའི་ཉམས་སད་པའི་གནས་སོ། །གཡོ་བཅས་རྩ་ནི་འཇག་མ་སྟེ། རེངས་པའི་ཉམས་སད་པའི་གནས་སོ། །ཟླ་བ་དྲུག་གོམས་པའི་སྦྱོར་བ་ནི། དང་ལ་ཧེ་རུ་ཀའི་བཟླས་པ་དང་བསྒོམ་པ་སྟེ། གཞན་དག་ཀྱང་བཀག་པ་ནི་མ་ཡིན་ནོ། །སྒྲུབ་པ་ནི་བསྒྲུབ་བྱ་ལྟུང་
Vol. 5 · folio 286a
བ་ལ་སོགས་པའོ། །ཐེ་ཚོམ་མེད་པ་ནི་འདི་ལ་སྟེ་དཔེ་ལ་གྲུབ་ནའོ། །ཡང་དབང་ངམ་སྤྱོད་པའི་དུས་སུ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ནི། མཉམ་པ་མ་རུངས་དཔྲལ་བ་ཅན་ནི། སྙོམས་པར་འཇུག་པའི་དུས་སུ་ཟླ་བ་ནམ་མཁའི་དཀྱིལ་འཁོར་ལ་སོགས་པར་འབབ་པའོ། །
དབང་ནི་སྒྱེལ་བའི་ཐབས་སོ། །དགུག་པ་ནི་བཟློག་པའི་མན་ངག་གོ། །རེངས་པ་ཡིས་ནི་གཟུང་བའི་ཐབས་སོ། །དབུགས་དང་སྦྱར་ཏེ་ལྟུང་བ་ནི་དབབ་པའི་ཐབས་སོ། །དབང་ནི་སྒྱེལ་བའོ། །དགུག་པ་ནི་ཟློག་པའོ། །རེངས་པ་ནི་ནམ་མཁའི་དཀྱིལ་འཁོར་དུ་བཟུང་བའོ། །དེ་དག་སོ་སོར་
གཙོར་གང་ལ་བརྟེན་ཞེ་ན། རློན་པའི་ཤིང་ནི་ཆོས་ཀྱི་ཕྱག་རྒྱའམ་ཡིད་སྐྱེས་སོ། །མེ་ཏོག་ནི་དམ་ཚིག་གམ་ཞིང་སྐྱེས་སོ། །རྡོ་རྗེའི་ཤིང་ནི་ཕྱག་རྒྱ་ཆེན་པོའམ་སྔགས་སྐྱེས་སོ། །གཡོ་བཅས་ནི་ལས་ཀྱི་ཕྱག་རྒྱའམ་ལྷན་སྐྱེས་སོ། །ཟླ་བ་དྲུག་གོམས་པའི་སྦྱོར་བ་ནི་དབང་གི་ཚེ་བསྙེན་པའི་དུས་ཡིན་
ལ། །སྤྱོད་པའི་དྲོད་སྐྱེས་པའི་དུས་སོ། །ཡང་འཁྲུལ་བ་མི་བྱ་བ་ནི་ཐེ་ཚོམ་ཡིད་གཉིས་མི་བྱའོ། །འདི་ལ་ཞེས་པ་ནི་ཕྱག་རྒྱའམ་རྣལ་འབྱོར་མ་དག་ལས་བསྒྲུབ་པས་སོ། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ་ནི་ལྷན་ཅིག་སྐྱེས་པའི་སྡོམ་པ་རང་ཡིན་པའི་ཕྱིར་རོ། །ད་ནི་བདག་གི་དོན་དུ་བསྒྲུབས་
ནས་གཞན་དོན་ཇི་ལྟར་བྱ་ཞེ་ན། ལྟ་སྟངས་བཞི་པོ་བསྒྲུབ་ཅེས་པ་ནི་རླུང་ལ་སོགས་པ་ལ་ཡང་ངོ་། །མཁས་པ་ནི་བདག་མེད་མ་སྟེ་ཤེས་རབ་བོ། །སེམས་ཅན་འཇུག་ནི་སྙིང་རྗེ་ཐབས་སོ། །འོ་ན་སྙིང་རྗེ་འཇུག་པ་ཡིན་ན་རེངས་པ་ལ་སོགས་པ་གནོད་པར་མི་འགྱུར་རམ་ཞེ་ན། དེ་ཕྱིར་གསད་པ་ནི་
མཱ་ར་ཎ་སྟེ། བརྡེག་པ་ཡང་མ་ཡིན་པའོ། །དམ་ཚིག་ནི་ཞེ་སྡང་དག་པ་སྙིང་རྗེ་སྟེ་དེ་དང་བྲལ་བའི་ཕྱིར་རོ། །འོ་ན་ཡང་གསད་པ་མ་ཡིན་ན། རེངས་པ་ལ་སོགས་པ་གནོད་དོ་ཞེ་ན། དེའི་ཕྱིར་སེམས་ཅན་སླུ་བ་ནི་གཞན་གྱི་དོན་ཀྱང་སྤངས་པའོ། །བྱ་བ་མ་ཡིན་ན་ནི་ཁ་ན་མ་ཐོ་བར་གྲགས་ཀྱང་ངོ་། །ཐམས་
ཅད་བྱ་ནི་མི་གནོད་པར་བྱེད་པའོ། །སེམས་ཅན་གནོད་པ་ཙམ་ཞེས་པ་ནི་གནོད་པ་ཆུང་ཡང་ཉས་པར་འགྱུར་བའོ། །ཕྱག་རྒྱའི་དངོས་གྲུབ་མི་རྙེད་ཅེས་པ་ནི་གགས་བྱེད་པའི་ཕྱིར་རོ། །ཡང་རྫོགས་པའི་རིམ་པ་བཤད་པ་ནི་ལྟ་སྟངས་དབབ་པ་ལ་སོགས་པའི་མན་ངག་གོ། །བཞི་པོ་སྒྲུབ་པ་ནི་ཕྱག་
Vol. 5 · folio 286b
རྒྱ་དང་རྣལ་འབྱོར་མ་ལའོ། །མཁས་པ་ནི་གཟུང་བ་ལ་སོགས་པའི་མན་ངག་གོ། །སེམས་ཅན་འཇུག་པ་ནི་རྡོ་རྗེ་འཛིན་པ་སྟེ་ནུས་པ་དང་ལྡན་པས་སོ། །གསད་པ་མ་ཡིན་པ་ནི་ལྷན་ཅིག་སྐྱེས་པ་གཉིས་དང་མི་འབྲལ་ལོ། །ཉམས་པ་ནི་བྲལ་བའོ། །དམ་ཚིག་ནི་ཚུལ་ཁྲིམས་ཏེ་ཚངས་པར་སྤྱོད་
པའོ། །ཡང་དམ་ཚིག་ནི་སྡོམ་པ་སྟེ། རྣལ་འབྱོར་པའི་སྲོག་གོ། །དེའི་ཕྱིར་མི་འབྲལ་བར་བྱ་བ་ཁོ་ནའོ། །སེམས་ཅན་སླུ་བ་ནི་དབང་པོ་རང་སྣང་དང་བྲལ་བའོ། །ཡང་ནི་སྣང་བ་ལྷན་ཅིག་སྐྱེས་པར་སྦྱར་རོ། །བྱ་བ་མ་ཡིན་ཐམས་ཅད་བྱ་བ་ནི་སྤྱོད་པ་ཀུན་ལ་འཇུག་པའོ། །སེམས་ཅན་གནོད་
པ་ཙམ་ནི་མན་ངག་དང་མི་ལྡན་པས་སྤྱོད་པའི་བྱ་བ་ཀུན་གྱིས་གནོད་པའོ། །ཕྱག་རྒྱའི་དངོས་གྲུབ་ནི་ཡོངས་སུ་རྫོགས་པའི་ཕྱག་རྒྱ་ཆེན་པོའོ། །རྙེད་མི་འགྱུར་ནི་མན་ངག་དང་བརྟུལ་ཞུགས་ལ་སོགས་པས་སོ། །དམ་ཚིག་གི་རྫས་ནི། དེ་ལ་དམ་ཚིག་བཟའ་བྱ་བ། །ན་དང་ག་ཧ་དང་པོ་དང་། །མཐའ་
ཡི་ཤྭ་དང་དང་པོའི་ཤྭ། །ཀྱེ་ཡི་རྡོ་རྗེ་དངོས་གྲུབ་ཕྱིར། །བདུད་རྩི་ལྔ་ཡང་དེ་བཞིན་བཟའ། །ཞེས་བྱ་བ་ནི་ན་ན་ར་མིའི་ཤ། ག་གོ་ར་བ་ལང་གི་ཤ།།ཧ་ཧ་སྟི་གླང་པོའི་ཤ་དང་། ཨ་ཤྭ་སྟེ་རྟའི་ཤ་དང་། ཤྭ་ན་སྟེ་ཁྱིའི་ཤ་དང་ལྔའོ། །བི་མུ་མར་ཤུ་བདུད་རྩི་ལྔ་ནི་བསྐྱེད་པའི་རིམ་པས་སྦྱང་བ་དང་སྤང་
བ་དང་རྟོགས་པར་བྱས་ཏེ་བཟའ་བའོ། །རྫོགས་པའི་རིམ་པ་ལ་ནི་བྱང་ཆུབ་སེམས་ཀྱི་རིམ་གྲོའི་དོན་དུ་བཟའ་བའོ། །སྤྱིར་གང་ཟག་གི་རིམ་པས་བརྟགས་ཏེ་བཟའ་བ་དང་། བསྲེས་ཏེ་བཟའ་བ་དང་། དངོས་སུ་བཟའ་བ་ཅི་རིགས་པར་ཤེས་པར་བྱའོ། །ཀྱེའི་རྡོ་རྗེས་གསུངས་མཚན་ཉིད། །སྐྱེ་བ་
བདུན་པ་དེ་ནས་བརྟག །ཅེས་པ་ནི། སྐྱེ་བ་བདུན་པའི་ཤ་བཟའ་བ་སྟེ། དེ་ཡང་བརྟག་པ་ནི་ནང་གི་བརྟག་པ་དང་ཕྱིའི་བརྟག་པའོ། །ནང་གི་བརྟག་པ་ནི། དགའ་བྲལ་དགའ་བ་ལ་སྨོད་པ། །ཞེས་ལས་ཀྱི་ཕྱག་རྒྱའི་དགའ་བ་སྤོང་བ་དང་། མིག་དང་ལྡན་ཞེས་བྱ་བ་ནི་ཤེས་རབ་ཤིན་ཏུ་ཆེ་བའོ། །ཕྱིའི་
བརྟག་པ་ནི། སྐད་སྙན་མིག་དང་ལྡན་པ་ནི། །ཞེས་པ་ནི་མིག་དཀར་ནག་ཕྱེད་པའོ། །དྲི་ལུས་གཟི་བརྗིད་ཆེན་པོ་ནི་ལུས་ལ་དྲི་བཟང་པོ་ཡོད་པ་དང་། གང་ཟག་གཞན་པས་གཟི་བརྗིད་ཆེ་བ་དང་། དེའི་གྲིབ་མ་བདུན་དུ་འགྱུར་བ་ནི་ཟླ་བ་ཉའི་དུས་སུ་བྱ་རྒོད་ཀྱི་རྗེ་ངར་གྱི་སྦུབས་རྣམ་པར་སྣང་མཛད་ཀྱིས་བྱུགས་
Vol. 5 · folio 287a
ལ། བལྟས་ན་དེའི་གྲིབ་མ་བདུན་བྱུང་ན་སྐྱེ་བ་བདུན་པར་ཤེས་པར་བྱའོ། །དེ་ནི་ཟོས་པ་ཙམ་གྱིས་ནི། །སྐད་ཅིག་ལ་ནི་མཁའ་སྤྱོད་འགྱུར། །ཞེས་པ་ནི་དེའི་ཤ་བཟའ་བ་སྟེ། རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་གཏམ་རྒྱུད་ལྟ་བུའོ། །ཡང་ནི་དེའི་བཀའ་དྲིན་ནོད་པ་ཡིན་ནོ། །རྫོགས་
པའི་རིམ་པ་ལྟར་ན་ནི། ཀྱེའི་རྡོ་རྗེ་གསུང་མཚན་ཉིད། །ཅེས་པ། དགྱེས་པ་རྡོ་རྗེའི་རྒྱུད་འབུམ་ཚོ་ལྔའི་ནང་དུ་སྐྱེ་བ་བདུན་པའི་བརྟག་པ་གསུངས་པ་སྟེ། སྐྱེ་བ་བདུན་པས་ནི་ཉི་མ་མཚོན་པ་སྟེ། ཟླ་བ་བྱང་ཆུབ་ཀྱི་སེམས་བཟའ་ཞེས་བྱའོ། །གང་གི་དུས་སུ་ཞེ་ན། དགའ་བྲལ་དགའ་བ་ལ་སྨོད་
པ། །ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་དུས་སུའོ། །ལན་བདུན་པས་ནི་འགྲུབ་པར་འགྱུར། །ཞེས་པ་ནི་ལྷན་ཅིག་སྐྱེས་པ་དེ་བསྒོམས་པའི་ཡོན་ཏན་སྐད་སྙན་མིག་དང་ལྡན་ཞེས་པ་ལ་སོགས་པ་སྐྱེ་བ་བདུན་པའི་ཡོན་ཏན་རྣམས་འབྱུང་ངོ་། །ད་ནི་རིམ་པ་གཉིས་ཀྱི་ཧེ་བཛྲའི་སྒྲུབ་ཐབས་བསྟན་ནས་
རྒྱུད་འདིར་ལྷ་གཞན་གྱིས་མི་འགྲུབ་ཅེ་ན་འགྲུབ་པར་བསྟན་པའི་ཕྱིར། ཀུ་རུ་ཀུལླེའི་སྒྲུབ་ཐབས་བཤད་པར་བྱ་སྟེ། གོང་དུ་བརྟག་པ་བཅུ་གཉིས་པར། རྒྱས་པར་གསུངས་པ་མདོ་རུ་བསྡུ། །ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེ་འབུམ་ཚོ་ལྔ་པ་རུ། ཀུ་རུ་ཀུལླེའི་ཤློ་ཀ་ནི་ཁྲི་ཕྲག་གསུམ་གསུངས་ལ། །
བརྟག་པ་ནི་བཅུ་གཉིས་རྒྱས་པར་གསུངས་པ་དེ་རྩ་བའི་རྒྱུད་མདོར་བསྡུས་པ་འདི་རུ་བསྡུས་ནས་སྟོན་པར་བྱེད་པ་སྟེ། དེའི་དོན་ནི་སྔོན་དུ་དགྱེས་པའི་རྡོ་རྗེའི་བསྙེན་པ་རྫོགས་པའམ། ཡང་ན་འདི་ཉིད་ཀྱི་བསྙེན་པ་བྱ་སྟེ། དེ་ཡང་ལུགས་གཉིས་ཏེ། དཔའ་མོ་གཅིག་པ་དང་དཀྱིལ་འཁོར་གྱི་འཁོར་ལོའོ། །
དཔའ་མོ་གཅིག་པར་བསྒོམ་པར་འདོད་པས་ཚོགས་བསགས་པ་དང་། བསྲུང་བ་མཚམས་ཀྱི་འཁོར་ལོའི་ནང་དུ་རྡོ་རྗེ་རྣམ་བཞིའམ་ས་བོན་ཕྱག་མཚན་ཙམ་ལ། ཧྲཱིཿལས་བྱུང་བའི་ལྷ་མོ་ནི། ཁ་དོག་དམར་ཞིང་ཕྱག་བཞི་མ། །མདའ་དང་གཞུ་ཡི་ལག་པ་མ། །ཨུཏྤ་ལ་དང་ལྕགས་ཀྱུ་
འཛིན། །འདི་ནི་བསྒོམས་པ་ཙམ་གྱིས་ནི། །ཞེས་པ་དེ་ལ་ཡེ་ཤེས་བསྟིམ་པ་དང་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་མཆོད་བསྟོད་བདུད་རྩི་མྱང་བ་བྱས་ལ། བཟླས་པའི་མཐུར་ཐུག་པར་བྱའོ། །དཀྱིལ་འཁོར་གྱི་འཁོར་ལོ་ནི་
Vol. 5 · folio 287b
སྲུང་བ་མཚམས་ཀྱི་འཁོར་ལོ་ཡན་ཆད་སྔ་མ་བཞིན་བྱས་ལ། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་རྟེན་གཞལ་ཡས་ཁང་ལེའུ་བརྒྱད་པ་ལྟར་བསྒོམས་ལ། བརྟེན་པ་ལྷ་བསྒོམ་པ་ནི་ལེའུ་བརྒྱད་པ་ལྟར་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་དབུས་སུ་རྡོ་རྗེ་ཀུ་རུ་ཀུལླེ། ཤར་ཕྱོགས་སུ་སངས་རྒྱས་ཀུ་རུ་
ཀུལླེ། །ལྷོ་ཕྱོགས་སུ་རིན་ཆེན་ཀུ་རུ་ཀུལླེ། ནུབ་ཕྱོགས་སུ་པདྨ་ཀུ་རུ་ཀུལླེ། བྱང་ཕྱོགས་སུ་སྣ་ཚོགས་ཀུ་རུ་ཀུལླེ། མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རྐང་ཐོན་དུ་བསྐྱེད་པར་བྱ། ས་བོན་དང་། ཕྱག་མཚན་དང་སྐུ་མདོག་ཆ་བྱད་ཐམས་ཅད་མཐུན་པར་བྱ་སྟེ་དབང་གི་ལས་བསྒྲུབ་པའི་ཕྱིར་རོ། །
དེ་ལ་སེམས་དཔའ་སུམ་བརྩེགས་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། བྱིན་གྱིས་བརླབ་དབང་བསྐུར་མཆོད་བསྟོད་བདུད་རྩི་མྱང་བའི་བར་དུ་བྱས་ལ་ཐུན་བཞིའི་རིམ་པས་བཟླས་པ་བྱ་བ་ནི་མཚན་མ་ཐོབ་པའི་བར་དུ་བྱའོ། །དེ་ནས་བསྒྲུབ་པ་བྱ་བ་ནི་ཆོ་ག་སྔ་མ་དང་འདྲ་བ་ལས། རང་གི་ཐུགས་
ཀ་དང་ལྷའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་ཚུལ་གྱིས་རྡོ་ཁབ་ལེན་ལྟར་བསྒྲུབ་པར་བྱ་བའི་ལུས་ངག་ཡིད་གསུམ་རང་དབང་མེད་པར་འོང་བར་བསམ་མོ། །འདི་རུ་བྱམས་པ་ཆེན་པོ་ནི་མན་ངག་གོ། །སྔགས་ལ་ནི་སོ་སོའི་མིང་ལ་བ་ཤིཾ་ཀ་ར་ན་ཧཱུཾ་ཕཊ་སྭཱ་ཧཱ་སྤེལ་ལོ། །དེའི་གྲངས་ཀྱི་ཚད་
ནི། །འབུམ་ཕྲག་གཅིག་གིས་རྒྱལ་པོ་ནི་བསོད་ནམས་ལས་གྲུབ་པས་སོ། །ཕལ་པ་ཉིད་ནི་དམན་པས་གྲངས་ཉུང་པའོ། །ཕྱུགས་ནི་དུད་འགྲོའི་གཙོ་བོ་སྟེ་ཀླུའོ། །གནོད་སྦྱིན་ཡང་གླེགས་བམ་ལ་ལར་བཀྵ་ན་བྱ་བ་བྱ་སྟེ། ཡཀྵ་ཡིན་པས་གནོད་སྦྱིན་ནོ། །དེ་དག་ལ་གྲངས་མང་བར་བྱ་བ་ནི་འགྲོ་
བ་གཞན་དུ་གཏོགས་ཤིང་མ་རུངས་པས་སོ། །ལྷ་མ་ཡིན་ཡང་དེ་བཞིན་ནོ། །ལྷ་ནི་འགྲོ་བ་གཞན་པས་བསོད་ནམས་ལྷག་པས་སོ། །སྔགས་པ་གྲངས་ཉུང་བ་ནི་འགྲོ་བ་གཅིག་པ་དང་། དམ་ཚིག་གིས་བརྩེ་བའི་ཕྱིར་རོ། །རྡོ་རྗེ་སྙིང་པོ་ནི་སྡུད་པ་པོས་ཞུས་པས་སོ། །མངོན་པར་བྱང་ཆུབ་ནི་རིམ་
པ་གཉིས་སོ། །བརྟག་པ་ནི་ཆོ་ག་ཞི་བ་མོའོ། རྒྱལ་པོ་ནི་དེ་ཁོ་ན་ཉིད་དམ་རྫོགས་པའི་རིམ་པ་དང་ལྡན་པས་སོ། །ལེའུ་བཅུ་གཅིག་པ་ནི་ལྷག་མའོ། །བརྟག་པ་དང་པོ་རྫོགས་སོ།། །།ད་ནི་བརྟག་པ་ཕྱི་མར་བསྟན་པའི་དོན་བཤད་པའི་ཕྱིར། རྡོ་རྗེ་སྙིང་པོས་གསོལ་ཞེས་པ་ནི་མཁའ་
Vol. 5 · folio 288a
འགྲོ་མ་རྣམས་དང་སོ་སོར་བསྡམས་པའི་ཚུལ་གྱིས་སོ། །བཅོམ་ལྡན་རྡོ་རྗེ་ནི་རྡོ་རྗེ་འཛིན་པའོ། །སྙིང་པོ་ནི་ས་ར་སྟེ་བཅུད་དུ་བསྡུས་པའོ། །བདག་ནི་བདག་ཉིད་དམ་བདག་པོ་ཀྱེའི་རྡོ་རྗེའོ། །དེ་ནས་བཤད་དུ་གསོལ་ཞེས་བྱ་བར་འབྲེལ་ཏོ། །ཡང་ན་སངས་རྒྱས་ཐམས་ཅད་
བསྡུས་པའོ། །སྙིང་པོ་ནི་བཅུད་དུ་གྱུར་པའོ། །རབ་གནས་ཀྱི་མཚན་ཉིད་དོ། །དེ་བཤད་དུ་གསོལ་ཞེས་པར་འབྲེལ་ལོ། །དེའི་དོན་ནི་འདི་ཡིན་ནོ། །རབ་ཏུ་གནས་པ་ཡང་སྔོན་དུ་བསྙེན་པ་བྱ་སྟེ། རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །ཞེས་བྱ་བ་ནི་དེ་ཡང་ཡན་ལག་དྲུག་གམ་ཏིང་ངེ་འཛིན་གསུམ་
གྱིས་བྱས་ལ། དེ་ཡང་གསུམ་སྟེ། གྲངས་ཀྱི་བསྙེན་པ་འབུམ་དང་ཁྲི། །གཙོ་དང་འཁོར་ནི་ཚང་བར་བྱ། །དུས་ཀྱི་བསྙེན་པ་ཟླ་བ་དྲུག་གོམས་པ་ལ་སོགས་པ་ཅི་རིགས་པར་ཤེས་པར་བྱའོ། །མཚན་མ་ནི་ལྷས་གནང་བའམ། རྨི་ལམ་གྱི་བར་དུ་བཟང་པོ་འབྱུང་བ་དང་། སློབ་དཔོན་མཚན་ཉིད་དང་
ལྡན་པ་ལ། ལན་གཉིས་དང་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ། །སྔར་སའི་ཆོ་ག་ཡང་ལེའུ་བཅུ་པ་ལྟར་བྱ་སྟེ། དེའི་སྔོན་དུ་བགེགས་བསལ་བའི་དོན་དུ་ཅི་གསུངས་སྦྱིན་སྲེག་བྱས་ནས་ཞེས་པ་ཆོ་ག་བཞིན་བྱའོ། །སྟ་གོན་ལ་སོགས་བྱས་ནས་ནི། བྱ་བ་བདག་ཉིད་ལ་ལྡན་པ་ཕུན་སུམ་
ཚོགས་པར་བྱ་བ་ནི་ཡན་ལག་དྲུག་གམ་སྦྱོར་བ་གསུམ་བྱས་ལ། དེ་ནས་སའི་ལྷ་མོ་ལྷག་པར་གནས་པ་ནི་རླུང་མཚམས་སུ་མཎྜལ་ཅིག་བྱས་ལ་མེ་ཏོག་གི་ཚོམ་བུ་ཅིག་བཀྲམ་སྟེ། པཾ་ལས་བུམ་པ་དེ་ལས་སའི་ལྷ་མོ་སྐུ་མདོག་སེར་བ་གཡས་པས་ཁས་ལེན་པ་གཡོན་པས་བུམ་པ་བསྣམས་
པ་ཅིག་བསྐྱེད་དེ། རང་བཞིན་པ་སྤྱན་དྲངས་ནས་མཆོད་པ་བྱས་ནས། མ་མ་རིན་ཆེན་ཞེས་བྱ་བ་དང་། ས་དང་ཕ་རོལ་ཕྱིན་པ་ཞེས་པ་གཞན་ནས་བྱུང་བ་དང་ཚིག་གཉིས་ཀྱིས་དཔང་པོར་གསོལ་པ། བསྟིམ་པའམ་ཡང་ན་དཔང་པོར་བཞུགས་སོ། །ལྷ་ལྷག་པར་གནས་པ་ནི་དཀྱིལ་འཁོར་ཁང་
པའམ་གཞན་དུ་མཎྜལ་སྦྱོར་བ་ལྔས་བྱུགས་ལ། གཙོ་བོའི་གནས་སུ་དྲིའི་ཐིག་ལེ་གྲུ་བཞི་བྱ། གཞན་ལ་ཟླུམ་པོ་བྱ། པདྨ་དང་ཟླ་བ་བསམས་ལ་མེ་ཏོག་ཚོམ་བུ་རང་རང་གི་སྔགས་བཟླས་ཤིང་ལྷ་མོར་མོས་ལ། དེ་ལ་མར་མེ་དང་ལྷ་བཤོས་ལ་སོགས་པ་བཀྲམ་སྟེ། སློབ་དཔོན་གྱིས་ས་བོན་ཙམ་
Vol. 5 · folio 288b
མམ་ཕྱག་མཚན་ལས་ལྷར་བསྐྱེད་ལ། ཡེ་ཤེས་འཁོར་ལོ་མདུན་དུ་བཀུག་པ་ལ་བླ་ན་མེད་པའི་མཆོད་པ་བྱས་ལ་དགུག་གཞུག་ལ་སོགས་པ་བྱ། དེ་ལ་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་དབང་བསྐུར་མཆོད་བསྟོད་བདུད་རྩི་མྱངས་ནས་བཟླས་པ་མཐར་ཐུག་པའི་བར་
དུ་བྱས་ལ། རབ་གནས་ཀྱི་དོན་དུ་ཚིག་བསྒྱུར་ལ་བྱའོ། །དེ་ནས་བུམ་པ་དང་། ཡོ་བྱད་ཀུན་ལྷག་པར་གནས་པ་བྱ། དེ་ནས་ཡོན་བདག་སློབ་མ་དབང་བསྐུར་ནས། སྟ་གོན་ཟངས་ཀྱིས་བྱ། མི་བསྐུར་ན་སྦྱང་བ་དང་། སྤྲོ་བ་བསྐྱེད་པ་ཙམ་བྱའོ། །དེ་ནས་རབ་ཏུ་གནས་པ་ལ། །སྔ་བར་སྐུ་གཟུགས་
སྦྱང་བ་དང་། །ཞེས་བྱ་བ་ནི་སྟ་གོན་བྱེད་པ་དང་ཉིན་གཅིག་པར་བྱ་བའོ། །སྟ་གོན་བྱེད་པ་ནི་གཉིས་ཏེ། རྟེན་སྦྱང་བ་དང་། མགོན་པོ་བསྡུ་བའོ། །རྟེན་སྦྱང་བ་ནི་སྟེགས་བུ་ཁྲུ་གང་དཔངས་སུ་ཁྲུ་ཕྱེད་པའི་སྟེང་དུ་སྐུ་གཟུགས་གྲལ་ནས་ཕྱུང་ལ། སྦྱང་བ་ལྔ་ནི་དང་པོ་ཁྲུས་ཀྱིས་སྦྱང་སྟེ། འདག་ཆལ་
ལ་སོགས་པས་བཀྲུས་ཏེ། དེ་ནས་མེའི་ནང་དུ་ཡུངས་ཀར་བླུགས་ཤིང་སྦྱང་བའི་སྔགས་བཟླས་ཤིང་བསྐོར་ཞིང་བྱའོ། །དེ་ནས་ཆུའི་ནང་དུ་སྔ་མ་བཞིན་བྱའོ། །དེ་ནས་རྩྭ་དཱུར་བས་སྦྱང་ངོ་། །དེ་ནས་ཤུན་པ་ལྔས་དྲིལ་ཕྱིས་བྱའོ། །དེ་དག་མེད་ན་བ་བྱུང་ལྔ་དང་། འབྲུ་མར་བསྐུས་ལ་བག་ཕྱེས་དྲིལ་ཕྱིས་
བྱའོ། །དེ་ནས་ལས་ཐམས་ཅད་པའི་བུམ་པ་ནས་ཁྲུས་བྱ། བཀྲ་ཤིས་གདོན་ཞིང་བྱབས་ལ་སྐུ་ཕྱིས་ལ་སྦྱང་ངོ་། །རས་རིས་དང་མཆོད་རྟེན་དང་ལྷ་ཁང་ལ་མེ་ལོང་ལ་ཁྲུས་བྱའོ། །དེ་ནས་མགོན་པོ་བསྡུ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ་མཆོད་པ་དང་བསྟོད་པ་
བྱས་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་ནང་པར་སྔ་བར་དབང་བསྐུར་ན་རྨི་ལམ་དྲིས་ཁ་སྦྱོར་ནམ་མཁའ་ལ་བཏེག་ལ། ཐིག་དང་ཚོན་དང་ཁ་སྦྱར་དབབ་པ་བསྲེའོ། །དེ་ནས་རྒྱན་དགྲམ་བུམ་པ་དགོད་པ་ལ་སོགས་པ་བྱའོ། །དེ་ནས་དཀྱིལ་འཁོར་བསྒྲུབ་པ་ནི་ཡན་ལག་དྲུག་གམ་སྦྱོར་བ་གསུམ་
གྱི་བདག་ཉིད་ལ་ལྡན་པ་ཕུན་སུམ་ཚོགས་པ་ལས་ཀྱི་སློབ་མས་བྱས་ལ་བླ་མ་ལ་མོས་པ་འཕོ་བར་བསྒོམས་ནས། ས་བོན་ཕྱག་མཚན་ཙམ་ལས་ལྷ་བསྐྱེད། རང་བཞིན་གནས་ནས་སྤྱན་དྲངས་པ་བསྲེས་ལ་མཆོད་བསྟོད་བདུད་རྩི་མྱང་བ་བྱའོ། །དེ་ནས་ནང་དུ་གནས་པ་ནི་བཞི་སྟེ་རབ་ཏུ་གནས་པ་དང་།
Vol. 5 · folio 289a
མངའ་དབུལ་བ་དང་། སྤྱན་དབྱེ་བ་དང་། ཞལ་བསྲོ་བའོ། །རབ་གནས་ལ་གཉིས་ཏེ། ཐུན་མོང་དང་ཁྱད་པར་གྱི་རབ་ཏུ་གནས་པའོ། །དེ་ལ་ཐུན་མོང་ནི་སྦྱང་བ་ལྔ་པོ་དང་མགོན་པོ་བསྡུས་པ་ལ་ཚིག་བསྒྱུར་ལ་བྱ། ཉིན་གཅིག་པ་དང་འདྲའོ། །དེ་ལ་རྟེན་རང་རང་གི་ལྷ་
གང་ཡིན་པར་བསྐྱེད། མི་གསལ་ན་ལྷག་པའི་ལྷར་བསྐྱེད། པོ་ཏི་ལ་སྔགས་ནི་ཨ་ལས་རྡོ་རྗེ་ཆོས་སུ། མདོ་སྡེ་ནི་སྣང་བ་མཐའ་ཡས་སུ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་པྲ་ལས་བསྐྱེད། མཆོད་རྟེན་ནམ་གཙུག་ལག་ཁང་ནི་བྷྲཱུཾ་ལས་གཞལ་ཡས་ཁང་ངམ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་
མར་བསྐྱེད། ནམ་མཁར་བཞུགས་པའི་སངས་རྒྱས་རྣམས། སྐུ་གཟུགས་སྙིང་གར་རབ་ཏུ་གཞུག །ཇི་ལྟར་སངས་རྒྱས་ཐམས་ཅད་ནི། དགའ་ལྡན་གནས་ཞེས་བྱ་བ་སྟེ། སྔར་གྱི་སྟ་གོན་ནམ་མཁར་སྤྱན་དྲངས་པ་བསྟིམ་པ་ཙམ་བྱས་ཏེ། བྱིན་གྱིས་བརླབ། དབང་བསྐུར། མཆོད་བསྟོད་བྱས་
ལ་བཞུགས་སོ། །ཁྱད་པར་གྱི་རབ་གནས་ནི་དཀྱིལ་འཁོར་བ་རྣམས་བསྟིམས་ལ་ཡང་སྔ་མ་བཞིན་བྱའོ། །སྤྱན་དབྱེ་བ་ནི་གཉིས་ཏེ། ཐུན་མོང་སྤྱན་དབྱེ་ནི་གསེར་གྱི་ཐུར་མ་ལ་ཚིགས་བཅད་དང་སྔགས་ཀྱིས་བྱ། ཁྱད་པར་སྤྱན་དབྱེ་ནི་ཡེ་ཤེས་དབབ་པ་ཞལ་བཞད་པའམ་སྐུ་ལྡེག་པའམ། སྙན་
ཆ་འཁྲོལ་བའམ་ས་གཡོ་བའི་བར་དུ་བྱའོ། །མངའ་དབུལ་བ་ལ་གཉིས་ཏེ། ལྷ་ལྟར་མཆོད་པ་དང་། སློབ་མ་ལྟར་དབང་བསྐུར་བའོ། །མཆོད་པ་ནི་མཆོད་པའི་ཁྱད་པར་དཔག་ཏུ་མེད་པ་རྒྱལ་པོ་གཅིག་གི་ཡོ་བྱད་དེ། གདུགས་དང་བ་དན་ལ་སོགས་པ་དང་སྤོས་དང་མེ་ཏོག་ལ་སོགས་པ་བརྒྱ་བས་
ལྷག་ཅིང་བཅུ་ལས་མི་ཉུང་བར་བྱའོ། །རས་ཡུག་བརྒྱའམ་སྟོང་ངམ་པ་ལང་གི་ཁྱུ་བརྟགས་པ་དང་། རིན་པོ་ཆེ་སྣ་བདུན་ལ་སོགས་པ་འབུལ་ལོ། །སློབ་མ་ལྟར་དབང་བསྐུར་བ་ནི་ཆུ་ནས་བརྩམས་ནས་རིག་པའི་དབང་དང་བརྟུལ་ཞུགས་དང་རྗེས་སུ་གནང་བ་དང་། ལུང་བསྟན་པ་ལ་སོགས་པ་མཆོད་
གནས་སུ་གཏད་པ་ཤིས་པ་བརྗོད་པར་བྱའོ། །ཞལ་བསྲོ་བ་ནི་རྒྱས་པའི་སྦྱིན་སྲེག་གམ་ཤིས་པའི་སྦྱིན་སྲེག་བྱའོ། །དགེ་འདུན་ལ་མཆོད་པ་དང་། ཡུལ་ཁྲིམས་ཀྱིས་ཤིས་པའི་སྟོན་མོ་བྱ། ནད་པ་ཡིན་ན་ཚོགས་ཀྱི་མཆོད་པ་དང་ཙཱ་རུའི་སྟོན་མོ་བྱའོ། །གཙུག་ལག་ཁང་ཡིན་ན་ནག་པོ་ཆེན་པོ་
Vol. 5 · folio 289b
བསྒོམ་པར་བྱ་སྟེ། རྟེན་ཡོད་པའི་དྲུང་དུ་ཕྱིན་ལ་མཆོད་པ་དང་གཏོར་མ་བཤམས་ལ། དང་པོར་རང་བསྐྱེད་རང་བཞིན་པ་བསྟིམས་ལ་བྱིན་གྱིས་བརླབ་པ་བྱས་ལ། མཆོད་བསྟོད་བྱས་ལ་བཀའ་བསྒོ་བ་བྱ། འདི་རྣམས་ཀྱི་ཆོ་ག་ནི་ལག་ཏུ་བླང་བའི་རིམ་པར་ཤེས་པར་བྱའོ། །ལ་ལ་ནི་རབ་ཏུ་གནས་པའི་
ལྷ་ནི་གཤེགས་སུ་གསོལ་བར་འདོད་དོ། །བླ་མ་ནི་སྐུ་གཟུགས་ལ་སོགས་པར་ཕལ་ཆེར་ནི་མི་གཤེགས་སོ། །རྟེན་ཁྱད་པར་ཅན་མ་ཡིན་པ་ལ་ནི་ལན་ཅིག་བྱིན་གྱིས་བརླབ་པ་ཙམ་བྱས་ལ་གཤེགས་སོ། །བརྟག་པ་ཕྱི་མ་འདི་ནི་མངོན་པར་རྟོགས་པས་མི་འཆིང་སྟེ། བརྟག་པ་སྔ་མའི་ཡན་ལག་
ཏུ་སྟོན་ཏེ། དེ་ཡང་རབ་ཏུ་གནས་པ་ནི་ལེའུ་བཅུ་པའི་མ་ཚང་བ་འདི་ཡིས་ཁ་བསྐང་བར་བྱའོ། །ལེའུ་གཉིས་པ་ནི་བརྟག་པ་སྔ་མའི་རིམ་པ་གཉིས་སྤྱིར་ཤེས་པར་བྱ་བ་ཉམས་སུ་བླངས། ཉམས་སུ་བླངས་པའི་འབྲས་བུའི་ཚུལ་གྱིས་གཏན་ལ་འབེབས་སོ། །ལེའུ་གསུམ་པ་ནི་གླིང་གཞིའི་དོན་དུ་
གཏན་ལ་འབེབས་སོ། །ལེའུ་བཞི་པས་ནི་ཁ་འཐོར་གྱི་དོན་དཀའ་བ་གཏན་ལ་འབེབས་སོ། །ལེའུ་ལྔ་པས་ནི་ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་མངོན་པར་རྟོགས་པའི་དཀྱིལ་འཁོར་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་ལེའུ་གསུམ་པ་དང་། བཅུ་པའི་མ་ཚང་བ་གཏན་ལ་འབེབས་སོ། །དྲུག་པ་བདུན་པ་གཉིས་
ཀྱིས་སྤྱིར་བྲིས་སྐུ་དང་གླེགས་བམ་ལ་བརྟེན་ནས་སྔར་ཚོགས་ཀྱི་འཁོར་ལོ་མ་བསྟན་པ་འདིར་གཏན་ལ་འབེབས་སོ། །ལེའུ་བརྒྱད་པས་ནི་འཇུག་པའི་གང་ཟག་དད་པ་ཅན་དང་གདུལ་བར་དཀའ་བའི་ཐབས་རྒྱུད་འདིར་འཇུག་པའི་ཐབས་སྟོན་ཏོ། །དགུ་པས་ནི་བགྲང་ཕྲེང་དང་ལས་སོ་སོའི་བཟའ་བའི་དམ་
ཚིག་བསྟན་ཏོ། །བཅུ་པ་དང་བཅུ་གཅིག་པས་ནི་ཞེ་སྡང་ཅན་དང་། ཆགས་པ་ཅན་རྒྱུད་འདིར་འཇུག་པའི་ཚུལ་ལམ་ཐབས་བསྟན་ཏོ། །བཅུ་གཉིས་པས་ནི་དབང་བཞིའི་སྡོམ་གྱི་ཚིག་དང་དབང་བསྐུར་བའི་ཚིགས་བཅད་སྔར་མ་གསུངས་པའི་ཁ་སྐོང་བསྟན་ཏོ། །རབ་གནས་ཀྱི་ལེའུ་བཤད་པ་སྟེ་དང་
པོའོ། །ད་ནི་བརྟག་པ་སྔ་མའི་རིམ་པ་གཉིས་ཀྱིས་ཐོབ་པའི་ཐབས་དང་ཤེས་རབ་མི་ཕྱེད་པ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་རྡོ་རྗེ་སྙིང་པོས་དྲིས་པའོ། །ཆོས་ཀུན་ཞེས་པ་ནི་གཟུགས་ལ་སོགས་པའི་རང་བཞིན་ནོ། །ནམ་མཁའ་ལྟ་བུ་ནི་ཤེས་རབ་ཟབ་མོའི་དཔེའོ། །རྒྱ་མཚོ་ལྟ་བུས་ནི་ལྷག་མ་སྟེ་ཐབས་
Vol. 5 · folio 290a
ཟབ་པའི་དཔེའོ། །དེ་ཡང་རིམ་པ་གཉིས་ཀྱི་དོན་ནི་ཟབ་པ་སྟེ་དབྱེར་མེད་པ་ཡིན་ན། བསྐྱེད་རིམ་སྐུ་ཞེས་པ་སྟེ་རིལ་པོའི་མཚན་མའོ། །ཇི་ལྟར་རམ་དེ་བཞིན་ཞེས་པ་ནི་དཔེའོ། །རང་འདོད་ལྷའི་གཟུགས་ནི་ལྷག་པའི་ལྷའོ། །སེམས་ཅན་གཟུགས་བསྒོམ་པ། ཇི་
ལྟར་བསྒྲུབ་ནི་ཕྱག་རྒྱ་ཆེན་པོ་སྟེ་སྤོང་བའི་སྒྲའོ། །ཡང་ན་ཐབས་དེ་ཞུ་འཚལ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་ལན་དུའོ། །བདག་མེད་རྣལ་འབྱོར་ནི་ཆོས་ཀྱི་སྐུ་ཤེས་རབ་དང་ལྡན་པའོ། །ཧེ་རུ་ཀ་དཔལ་ནི་ལོངས་སྐུ་ཐབས་སོ། །གཞན་པའི་སེམས་ནི་ཤེས་རབ་དང་ཐབས་
མ་ཡིན་པའོ། །སྐད་ཅིག་ཀྱང་ནི་ཡུད་ཙམ་དུ་ཡང་ངོ་། །དངོས་གྲུབ་འདོད་པ་ནི་ཕྱག་རྒྱ་ཆེན་པོ་དབྱེར་མེད་པའི་ཕྱིར་རོ། །མི་གནས་པ་ནི་གཞན་པའི་སེམས་སོ། །ད་ནི་བསྟན་པ་དེ་བཤད་པའི་ཕྱིར་ཡང་དང་པོ་གོམས་པར་བྱེད་དུས་ནི་བཟང་པོར་རྟག་ཏུ་འབྲེལ་ཏེ། ལས་སྨིན་ཅིང་བྱང་བ་ལ་ཡང་མ་ཡིན་པའོ། །
གནས་ཀྱང་སྔགས་པ་ནི་བདེ་བ་སྐྱེད་པ་འཆད་པར་འགྱུར་བའོ། །སེམས་གཅིག་མཉམ་གཞག་ནི་དེའི་ཡོན་ཏན་ནོ། །གནས་བཟང་པོ་ནི་དེས་ཡོན་ཏན་སྐྱེད་པའི་ཕྱིར་རོ། །རང་ཁྱིམ་ནི་རྣལ་འབྱོར་པའི་འོ། །མཚན་དུས་ནི་ནེ་སེ་ག་ལ་སྟེ་དུས་སམ་དུས་མཚན་མ་རྒྱུ་བའི་གནས་སོ། །གྲུབ་པའི་སེམས་
ནི་ཕྱག་རྒྱ་ཆེན་པོ་ལ་དམིགས་པའོ། །རྣལ་འབྱོར་མ་བསྒོམ་ནི་འདོད་པའི་ལྷ་བདག་མེད་པའོ། །ཤེས་རབ་ཅན་ནི་ནམ་མཁའ་ལྟ་བུའོ། །ཡང་ན་ནི་འདོད་པའི་ལྷ་མོས་ཕྱོགས་གཞན་དུའོ། །ཧེ་རུ་ཀ་དཔལ་ནི་དགྱེས་པའི་རྡོ་རྗེའོ། །དེ་ཡང་ལ་ལ་དག་ཕྱག་བཅུ་དྲུག་པ་ཁོ་ན་ལ་འདོད་དོ། །འདིར་
ནི་རྡོ་རྗེ་བདག་མེད་མ་དང་གཉིས་ཀྱིས་མྱུར་བ་ཉིད་དུ་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་འདོད་དེ། འོ་ན་ལྷ་གཞན་དག་གིས་མ་ཡིན་ཞེ་ན། གཞན་དག་གིས་ནི་མྱུར་བ་ཉིད་དུ་ཕྱག་རྒྱ་ཆེན་པོ་ཐོབ་པ་མ་ཡིན་ཏེ། སོ་སོར་རྟེན་ཅིང་འབྲེལ་བར་འབྱུང་བ་སོ་སོར་ངེས་པའི་ཕྱིར། སཱ་ལུ་ལ་སོགས་པའི་ས་བོན་བཞིན་
ནོ། །ཇི་སྐད་དུ་ཡང་། འཇམ་དཔལ་གྱིས་ནི་བློ་འཕེལ་བྱེད། །སོ་སོར་འབྲང་མ་བྱིས་པ་སུན། །ནག་པོ་ཆེན་པོས་ཚར་གཅོད་འགྱུར། །ཞེས་རྒྱ་ཆེར་གསུངས་སོ། །དེ་ནས་ཧེ་རུ་ཀ་ཕྱག་བཅུ་དྲུག་པ་དང་བདག་མེད་མའི་གཟུགས་ནི་ཚུལ་ལམ་རང་བཞིན་ནོ། །ཐབས་རྒྱ་མཚོ་ལྟ་བུའོ། །དེའི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words