དཔལ་ཁ་སྦྱོར་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཤྲཱི་སཾ་པུ་ཊི་ཏི་ལ་ཀཱ་ནཱ་མ་ཡོ་གཱི་ནཱི་ཏནྟྲ་རཱ་ཛ་སྱ་ཊཱི་ཀཱ་སྨྲྀ་ཏི་སཾ་དཪྴ་ནཱ་ལོ་ཀ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 6 · folio 227a
པ་ཅན་ཞེས་བྱ། །དཔྲལ་བར་ཟླ་བ་ཕྱེད་པའོ། །གཙུག་ཏོར་གནས་སུ་ཐིག་ལེ་ནི། །བརྗོད་པས་དེར་ནི་ཐིམས་པར་འགྱུར། །འདིར་ནི་ཚེག་དྲག་འགྲོ་འགྱུར་ཏེ། །བསམ་མེད་གཉིས་སུ་མེད་མཚན་ཉིད། །དེ་ལྟར་སྲིད་དང་མྱ་ངན་འདས། །རང་གི་ངོ་བོ་འདིར་མཚོན་པ། །
མཁའ་སྤྱོད་ས་སྤྱོད་ལྷ་མོ་གཉིས། །འདི་རྣམས་ཐོག་མཐས་རྒྱས་གདབ་པའི། །རྒྱུ་ནི་བདེ་བ་ཉིད་ཀྱི་ཕྱིར། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་གསུམ་པའི་རབ་ཏུ་བྱེད་པ་གསུམ་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་
བ་ཞེས་པའི་གཞུང་སྟེ་གསུམ་པ་བསྟན་པའོ།། །།ད་ནི་སློབ་མ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱ་བ་དང་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའ་ཞེས་པས་བྲིས་པ་དེ་བསྟན་པའི་ཕྱིར་དང་། སྔོན་དུ་གསུངས་པའི་རྡོ་རྗེ་སེམས་དཔའ་སྒོམ་པའི་ཕྱིར། །དགྱེས་
པའི་རྡོ་རྗེ་ལ་སོགས་པ་མདོར་བསྟན་པ་འདིའི་སླར་བཤད་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་རབ་ཏུ་བྱེད་པ་གསུམ་པ་བསྟན་པའི་མཐར་སླར་བཤད་པ་ལ་འཇུག་པའོ། །ཕྱིས་སྔོན་དུ་བསྟན་པའི་རྗེས་ཐོགས་སུ་འབྱུང་བ་དེ་ལའང་དེ་སྐད་ཅེས་
བྱའོ། །དེ་ཡང་ཡང་དག་བཤད་བྱ་བ། །ཞེས་པ་ནི་གང་གིས་ཉན་པའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་ཆུད་པར་འགྱུར་བ་དེ་ལྟར་ཤིན་ཏུ་གསལ་བ་ཉིད་དུ་བཤད་པར་བྱའོ། །དེ་བཞིན་དུ། དཀྱིལ་འཁོར་ཆེན་པོ་བླ་ན་མེད། །ཅེས་པ་ནི་སྔ་མ་ལ་ལྟོས་པའི་ཕྱིར་རབ་ཏུ་རྫོགས་པའོ། །ཡང་ན་བླ་
མའི་ངེས་པའི་དབང་གིས་ནུས་པ་བསྟན་པ་ཙམ་གྱིས་སེམས་ཅན་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་རྙེད་པར་འགྱུར་བའོ། །ཇི་ལྟར་བདག་ཅག་གི་བརྒྱུད་པ་པདྨ་བཛྲའི་ཞལ་སྔ་ནས་ཀྱིས་ཨོ་ཌྱན་པ་ལ་བསྟན་ཅིང་དེས་ཀྱང་རྡོ་རྗེ་སློབ་དཔོན་ཨིནྡྲ་བྷཱུ་ཏི་བདག་ལ་བསྟན་པས་སྤྲོས་པ་དང་བཅས་པས་ཕྱག་
རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བ་དེ་ལྟར། རྡོ་རྗེ་དབྱིངས་དང་འདྲ་བ་ནི། །ཞེས་པ་ནི་ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བྲིས་ཏེ། རྡོ་རྗེ་སྙིང་པོ་ལ་དབང་བྱིན་ཞིང་འདི་ཉིད་དུ་སེམས་ཅན་ཐམས་ཅད་ལུང་བསྟན་པ་དེ་ལྟར་རྡོ་རྗེ་དབྱིངས་དང་མཚུངས་
Vol. 6 · folio 227b
པ་ཟབ་མོ་ལས་ཀྱང་ཟབ་པ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དེའི་རྣམ་པ་གསུམ་པའི་དོན་ལ་དང་པོ་རྡོ་རྗེ་དབྱིངས་ཀྱི་ཚུལ་གྱིས་བྱ་ཞེས་དགོངས་སོ། །དེའི་ཕྱིར། རྡོ་རྗེ་དབྱིངས་ཞེས་བྱ་བར་བརྗོད། །ཅེས་པ་ནི་ཅུང་ཟད་ནུས་པ་ཐོབ་པའི་སློབ་དཔོན་གྱིས་བྱའོ། །དེ་ཉིད་སངས་རྒྱས་བཅོམ་ལྡན་འདས་
སུ་འགྱུར་རོ། །ཡང་ན་ཐ་མལ་པའི་སློབ་དཔོན་ཡང་འདོད་ཆགས་ལ་སོགས་པའི་ཉེས་པ་དང་བྲལ་ཞིང་རྡོ་རྗེ་སེམས་དཔའི་ཡང་ང་རྒྱལ་དང་ལྡན་པ་སངས་རྒྱས་དང་མཚུངས་པ་དེས་ཀྱང་དཀྱིལ་འཁོར་འདི་བྱས་ཤིང་སློབ་མས་ཀྱང་དད་པས་བླངས་ནས་ཐམས་ཅད་སངས་རྒྱས་ཐོབ་པར་འགྱུར་
ཏེ་གཞན་དུ་ནི་མ་ཡིན་པ་སྟེ་ངེས་པའོ། །དེ་བཞིན་དུ་དཀྱིལ་འཁོར་གནས་ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་དཀྱིལ་འཁོར་ལ་བྱ་བའི་ཕྱིར་སོ་ཕག་ལ་སོགས་པ་གསལ་ལོ། །དེ་ཉིད་དུ། ཕྱག་རྒྱ་ཆེན་པོ་ཡོངས་སུ་བཟུང་། །ཞེས་པ་ནི་འཆད་བཞིན་པས་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་
བྱའོ། །སྔགས་པས་འདི་ནི་ཞེས་པ་ལ་སྔགས་པ་ནི་རྣམ་པ་གཉིས་ཏེ་གྲུབ་པ་དང་མ་གྲུབ་པའོ། །དེས་ན་ཐམས་ཅད་ཉིད་ལ་ཞེས་པ་ནི་སེམས་ཅན་ཐམས་ཅད་ཉིད་ལ་བལྟས་ན་མི་ཤེས་པ་རྒྱང་རིང་བར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །འདིར་ཇི་ལྟར་ཨོ་ཎྱན་པའི་ཞལ་སྔ་ནས་ཀྱིས་རྡོ་རྗེ་
བུ་མོ་བསྟན་པས་ཕྱག་རྒྱ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ། །དེ་ནས་འདིར་ཡང་དཀྱིལ་འཁོར་བྲི་བའི་ཕྱིར་ས་སྦྱངས་པའི་རྗེས་ཐོགས་སུ་གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོན་སྣ་ལྔ་ལས་བཅོས་པའི་སྲད་བུ་དཀྱིལ་འཁོར་གྱི་ཚད་ཀྱིས་སོ། །དེས་ན་
ཅི་ལྟར་ནུས་པ་ཞེས་པ་ནི་ཁྲུ་གང་ནས་བརྩམས་ཏེ། ཇི་སྲིད་ཁྲུ་སྟོང་གི་བར་གྱིས་དཀྱིལ་འཁོར་ཐིག་གདབ་ཅེས་པའི་དོན་ཏོ། །གྲུ་བཞི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྡོ་རྗེ་སྲད་བུ་ཞེས་པ་ནི་ཟླུམ་པོར་བསྐོར་བའི་ཕྱིར་ཀ་བ་བརྒྱད་ཀྱི་ཕྱི་རུ་རྡོ་རྗེ་ཕྲེང་བར་བྱ་བའོ། །དེ་བཞིན་དུ། རྡོ་རྗེ་ཀ་
བའི་རྩེར་གནས་པ། །དཀྱིལ་འཁོར་ལྔ་དང་ལྡན་པར་བྱ། །ཞེས་པ་ནི་སྒོའི་མཐར་ཐུག་པར་ལྔ་བརྩེགས་སུ་བྱས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དེ་ཉིད་བསྡུས་པ་ལ་སོགས་པའི་རིམ་པས་ཤེས་པར་བྱའོ། །དེ་ནས་ཞེས་པ་ནི་དཀྱིལ་འཁོར་དེ་རྣམས་ཀྱི་དབུས་སུ་སངས་རྒྱས་ཀྱི་
Vol. 6 · folio 228a
གཟུགས་བརྙན་ཞེས་པ་ནི་དཀྱིལ་འཁོར་བའི་ལྷ་རྣམས་འཆད་བཞིན་པའི་རིམ་པས་དགོད་པར་བྱའོ། །དེའི་དོན་གྱི་དབང་དུ་བྱས་ཏེ་གསུངས་པ། དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཇི་ལྟར་ཕྱིས་མདོར་བསྡུས་ཏེ་གསུངས་པ་འདི་ཉིད་སྔོན་དུ་ཆོ་ག་བཞིན་
ཞེས་པ་ནི་རྡོ་རྗེ་དབྱིངས་ཀྱི་ཚུལ་གྱིས་སོ། །དེ་བཞིན་དུ་སྒྲུབ་ཐབས་ཁྱོད་ལ་བཤད་ཅེས་པ་ལ་ཀྱང་གི་སྒྲ་ནི་འདི་ཉིད་དུ་རྡོ་རྗེ་དབྱིངས་བཞིན་དུ་འདིར་ཡང་སྒྲུབ་ཐབས་ཀྱི་ཚུལ་ལས་མི་གསལ་བ་གསལ་བར་བྱེད་པ་དེ་ལ་བཤད་པར་བྱ་ཞེས་སྦྱར་རོ། །དེ་ལ་དང་པོ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་
ཞེས་པ་ནི་དེའི་ཕྱིར་རོ། །དང་པོ་ཞེས་པ་ནི་དང་པོ་ཉིད་དུའོ། །ལྷའི་ཁང་པར་ཞེས་པ་ནི་བསྒོམ་པའི་གནས་སམ་དཀྱིལ་འཁོར་གྱི་ཁང་པར་བཞུགས་ཏེ་དེར་བསྒོམ་པར་བྱ་ཞེས་པའོ། །དེར་བྲིས་པའམ་འབུར་དུ་བརྐོས་པའམ་བླུགས་པ་ལ་སོགས་པ་འདོད་པའི་ལྷའི་གཟུགས་དམིགས་
ཏེ། རང་གི་སྙིང་གར་ཨ་ཞེས་བྱ་བ་ལ་སོགས་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་ཡོངས་སུ་བརྟགས་པའི་ཕྱིར་དེ་ནི་རྣམ་པ་གསུམ་དུ་འདོད་དེ། གཅིག་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་རིམ་པས་ཨོཾ་མོ། །རྣལ་འབྱོར་མའི་རྒྱུད་ཀྱི་རིམ་པས་ཧཱུཾ་ངོ་། །ཡང་ན་ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་
ལས་ཇི་ལྟར་གསུངས་པའི་རྡོ་རྗེར་འགྱུར་ཏེ་དེ་ལྟར་ཆོ་ག་བཞིན་ཞེས་སྦྱར་རོ། །དེ་བཞིན་དུ་རྡོ་རྗེའི་འོད་ཟེར་གྱི་རྡོ་རྗེ་རྣམས་ཀྱིས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནམ་མཁར་དགུག་པར་བྱའོ། །སོགས་པའི་སྒྲས་ནི་སྤྱན་མ་ལ་སོགས་པ་སྣ་ཚོགས་པ་དང་ཁྲོ་བོའི་ལྷ་རྣམས་བཟུང་སྟེ། དེ་
རྣམས་ཀྱིས་ཇི་ལྟར་སྤྲུལ་པའི་མཆོད་པ་བྱའོ། །གཞན་ཡང་དེ་རྣམས་ཀྱི་མདུན་དུ་བདག་ལ་དགོངས་སུ་གསོལ་ཞེས་པ་ལ་སོགས་པ་ལ་ཐམས་ཅད་བྱ་བ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཞེས་པ་ནི་སྔོན་ནས་བསྒོམས་པའི་སྐུ་སྒྲ་བརྙན་ལྟ་བུའོ། །དེ་ཡང་དེ་
ལས་བྱུང་བའི་སེམས་ཅན་དེ་རྣམས་ལ་ཆོས་སྟོན་པར་སྣང་བའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་ཡིད་དེ་ལས་བྱུང་བའི་ཕྱིར་རོ། །ཡིད་ཀྱང་བརྟགས་ན་བདག་མེད་པའོ། །དེ་བཞིན་དུ་ཐམས་ཅད་པ་བལྟའོ། །ཕྱིར་ཞེས་པ་ལ་སོགས་པ་ལ་
Vol. 6 · folio 228b
སྤྲུལ་པ་ཞེས་པ་ནི་སྤྲོས་པ་དང་བཅས་པས་སྤྲུལ་པའོ། །དེའི་ཕྱིར་སེམས་མེད་པ་ཞེས་པ་ནི་ད་ལྟར་གྱི་སེམས་ཅན་རྣམས་ཀྱི་དངོས་པོས་ཡོངས་སུ་བརྟགས་པ་ཡོད་དེ། དེས་རྩོད་པའི་དུས་སུ་སེམས་དེ་ཉིད་ཀྱིས་ཡོངས་སུ་བརྟགས་པའི་ཕྱིར་དངོས་པོ་ཞེས་ཕུལ་དུ་བྱུང་བ་དེ་བཞིན་དུ་འབྱུང་བར་འགྱུར་
རོ། །དེས་ན་ཆོས་ཐམས་ཅད་གདོད་ནས་མ་སྐྱེས་ཞེས་བྱ་བ་ལ་སོགས་པ་ཡིད་ཀྱིས་སྔགས་བརྗོད་པར་བྱའོ། །དེ་ནས་རང་བཞིན་འགྲུབ་པ་ཞེས་བྱ་བ་ལ་སོགས་པ་ནི་དོན་ཇི་ལྟ་བ་ཉིད་དུ་བལྟ་བའི་དོན་ཏོ། །འོན་ཀྱང་བཟླས་པའི་ཁྱད་པར་གྱིས་རྣལ་འབྱོར་གྱི་ཁྱད་པར་ཡོད་དེ། གཏུམ་མོ་སྦྱར་
བས་ཐིག་ལེའི་ཟླ་བ་ལྟ་སྟེ། དེ་ཡི་སྔགས་ནི་ཨོཾ་ལ་སོགས་པའོ། །གྲུ་གསུམ་ཞེས་པ་ནི་ཨ་ལ་སོགས་པའི་དབྱངས་སུམ་སྐོར་བཞི་བཅུ་རྩ་བརྒྱད་དུ་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །ཡངས་པའི་གཟུགས་ཅན་ཞེས་པ་ནི་སྤྲོས་པའི་གཟུགས་ཅན་ནོ། །སྙིང་རྗེ་ཞེས་པ་ནི་གྲི་གུག་གམ་རལ་གྲིའོ། །
ཁ་ཅིག་ནི་ཅང་ཏེའུ་རུ་འདོད། །དེ་ལྟར་བཅོམ་ལྡན་འདས་ལྷ་བཞི་བཅུ་རྩ་གཉིས་ཀྱི་བདག་ཉིད་བྷ་གའི་དབུས་སུ་བསྒོམ་པར་བྱའོ། །དེ་ཉིད་ནི་རྣལ་འབྱོར་མའི་རྒྱུད་ཀྱི་རིམ་པས་དེ་ཁོ་ན་ཉིད་སྡུད་པས་བརྗོད་དོ། །དེ་བཞིན་དུ་མེ་ཏོག་ལ་སོགས་པའི་མཆོད་པའི་ལྷ་མོ་བཅུ་དྲུག་བརྗོད་དེ། དེ་ལ་མེ་ཏོག་
མ་དང་། སྤོས་མ་དང་། དྲི་མ་དང་། མར་མེ་མ་དང་། ལྷ་བཤོས་མ་དང་། གླུ་མཁན་མ་དང་། གར་མཁན་མ་དང་། སྒེག་མོ་དང་། མེ་ལོང་མ་དང་། པི་ཝང་མ་དང་། རོ་བསྣམས་མ་དང་། ཆོས་འབྱུང་མ་དང་། སིལ་སྙན་མ་དང་། གོས་ཐོགས་མ་དང་། ཞབས་བསིལ་
མ་དང་། མཆོད་ཡོན་མ་རྣམས་སོ། །དེ་ལྟར་ལྷག་མ་ནི་གོ་སླ་བས་བདག་གིས་རྒྱས་པར་མ་བྲིས་ཏེ་གཞུང་རྒྱས་པས་འཇིགས་པའི་ཕྱིར་དང་གཞན་དུ་རྙེད་སླ་བའི་ཕྱིར་རོ། །དེ་བཞིན་དུ་ཕྱིའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་གསང་བའི་དཀྱིལ་འཁོར་ལས་ཕྱི་རུ་སྤྲོས་པའོ། །སྔ་
མ་དང་འདྲ་བ་དེའི་ཕྱེད་ཚད་ཙམ་ཞེས་པ་ནི། ནང་གི་རིམ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལས་ཕྱིའི་དཀྱིལ་འཁོར་ལྔའོ། །དེ་རེ་རེའི་ནང་ནས་སྙིང་པོའི་རིམ་པའི་ཕྱི་ཕྱོགས་བཞིར་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པ་ལྟ་བུ་བྲིའོ། །དེ་བཞིན་དུ་མ་གསུངས་ཀྱང་རིམ་པ་གཞན་དཀྱིལ་འཁོར་
Vol. 6 · folio 229a
ལྷག་མ་སོ་སོ་གསུམ་ལ། མེ་དང་ཆུ་དང་སའི་དཀྱིལ་འཁོར་རྣམས་རེ་རེས་བྱས་སོ། །དེ་བཞིན་དུ་རིམ་པ་བཞིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་འདིར་རྣལ་འབྱོར་ཐམས་ཅད་ཤེས་རབ་དང་ཐབས་དང་ལྡན་པའོ། །དེ་བཞིན་དུ་ཡང་ལྷ་ཐམས་ཅད་
ཀྱི་སྟེ་དཀྱིལ་འཁོར་པ་རྣམས་ཀྱིའོ། །རལ་གྲི་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ཤར་དང་མེར་རྣམ་པར་སྣང་མཛད་ལ་སོགས་པའི་གཡས་ཀྱི་ཕྱག་དང་པོ་ལ་འཁོར་ལོའོ། །དེ་བཞིན་དུ་དབང་ལྡན་དང་བྱང་དུ་དོན་ཡོད་པར་གྲུབ་པ་ལ་སོགས་པའི་ནི་རལ་གྲིའོ། དེ་བཞིན་
དུ་རླུང་དང་ནུབ་ཏུ་འོད་དཔག་མེད་པ་ལ་སོགས་པའི་ལྕགས་ཀྱུའོ། །དེ་བཞིན་དུ་བདེན་བྲལ་དང་ལྷོ་རུ་རིན་ཆེན་འབྱུང་ལྡན་ལ་སོགས་བའི་ཞགས་པའོ། དེ་བཞིན་དུ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཕྱག་ལྷག་མ་གཡོན་པ་དང་གཡས་པ་དག་གི་ཕྱག་ལྔ་ལྔ་པོ་རྣམས་ཀྱི་ནི་བཅོམ་ལྡན་
འདས་བཞིན་ཤེས་པར་བྱའོ། དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཀྱི་ཡི་གེའི་དོན་ནི་གོ་སླའོ། འོན་ཀྱང་འདིར་དཀྱིལ་འཁོར་ནི་རྣམ་པ་གསུམ་སྟེ། སྤྲོས་པ་དང་བཅས་པ་དང་སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པའོ། །དེ་ལ་གང་སྤྲོས་པ་དང་བཅས་པ་དེ་ནི་
རྡུལ་ཚོན་ལ་སོགས་པས་བྲིས་པའམ་འབུར་དུ་བྱས་པ་ནི་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་བྱའོ། །དེ་བཞིན་དུ་སྤྲོས་པ་མེད་པ་ནི་རིམ་པ་གསུམ་ལ་སོགས་པའི་ཁང་བཟངས་སུ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་འདུས་པར་བྱའོ། །དེ་ཡང་རྡོ་རྗེ་དབྱིངས་བཞིན་དུ་ཁ་དོག་
དང་མཚན་མར་ལྡན་པའི་རྣལ་འབྱོར་མ་དང་དཔའ་བོ་རྣམས་ཏེ། དེའི་དབུས་སུ་རྡོ་རྗེ་སློབ་དཔོན་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་བསྒྱིངས་པར་བདག་ཉིད་བསྒོམ་པར་བྱའོ། །དེ་རྣམས་ཀྱི་མདུན་དུ་ཉེ་བར་སྤྱོད་པ་ལྔ་ལ་སོགས་པའི་མཆོད་རྫས་དང་བཟའ་བ་བཅའ་བ་ལ་སོགས་པ་དང་བཏུང་བས་
སོགས་པ་རྣམས་འཆད་བཞིན་པ་ལས་བྱ་ཞེས་པ་ནི་ངེས་པའོ། །དེ་ལ་ཤིན་ཏུ་སྤྲོས་པ་མེད་པའི་དཀྱིལ་འཁོར་ལ་སྤྱོད་པ་ནི་རང་གི་བདག་ཉིད་ཀྱིས་གསང་བའི་དཀྱིལ་འཁོར་བསྒོམ་པས་ནུས་པ་ཐོབ་ནས་མངོན་སུམ་དུ་དཀྱིལ་འཁོར་སྤྲོས་པ་དེ་མཐོང་བས་སློབ་མའི་ཚོགས་དཀྱིལ་འཁོར་བ་དེ་རྣམས་
Vol. 6 · folio 229b
དང་འདྲ་བའི་སེམས་སུ་འགྱུར་ཏེ། དེ་རྣམས་ཀྱང་སྙོམས་པར་ཞུགས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱེད་ཅེས་དགོངས་སོ། །འོན་ཀྱང་ཐ་མལ་པའི་སློབ་དཔོན་གྱིས་ཀྱང་དེའི་བདག་ཉིད་མངོན་སུམ་དུ་བྱེད་དེ་འདོད་པའི་ཡོན་ཏན་ལྔ་དང་ལྡན་ཞེས་པ་སྟེ་ངེས་པའོ། །དེ་ལྟར་གཞུང་
ལུགས་ཅུང་ཟད་འཆད་བཞིན་པ་ལས་གསལ་བར་བྱེད་དོ། །དེས་ན་འདིར་མ་གསུངས་ཞེས་པའི་ཚུལ་ལོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་གསུམ་མདོར་བསྟན་པ་གསུམ་གྱི་མཐར་སླར་བཤད་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བའི་གཞུང་
བསྟན་པ་སྟེ་བཞི་པའོ།། །།ད་ནི་དི་ལྟ་བུའི་དཀྱིལ་འཁོར་ལ་གནས་པ་མཁའ་འགྲོ་མ་ཐམས་ཅད་ཀྱི་ནང་གི་དམ་ཚིག་གི་ཕྱག་རྒྱ་བསྟན་པའི་ཕྱིར། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་པར་འཚལ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་སོགས་པས་བཅོམ་ལྡན་འདས་
རྡོ་རྗེ་སེམས་དཔའ་ལ་ཞུས་པའོ། །ཕྱག་རྒྱ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ཡང་ངག་གི་ཞེས་པ་ནི་ངག་གི་སྒོ་ནས་ཁོང་དུ་ཆུད་པ་སྟེ། ཐ་མལ་པའི་གནས་སྐབས་ཀྱི་དུས་སུ་ཡང་སེམས་དང་སེམས་ལས་བྱུང་བའི་དངོས་པོ་རྟོགས་པའི་ཕྱིར་རོ། །དེ་རྣམས་ཀྱི་མཚན་ཉིད་ཅེས་པ་ནི་
མངོན་སུམ་དུ་ཉམས་སུ་མྱོང་བའོ། །དེ་ནས་གསང་བ་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་ཞེས་པ་ནི་གསང་བའི་དཀྱིལ་འཁོར་རོ། །དེ་ཡང་རྣལ་འབྱོར་མའི་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་རྣམ་པ་དྲུག་དང་སྦྱོར་བའི་ཡན་ལག་དྲུག་སྟེ་འཁོར་ལོ་དྲུག་གི་རབ་ཏུ་དབྱེ་བས་སོ། །དེས་ན་མཁའ་
འགྲོ་མ་རྣམས་ཀྱི་དམ་ཚིག་གི་བརྡའི་སྐད་ཀྱིས་དེ་བསྟན་ཞེས་གསུངས་ཏེ། ཐུབ་པ་ཆེན་པོ་ཞེས་པ་ནི་ཆོས་ཀྱི་སྐུ་རྟག་པ་དེས་སྣ་ཚོགས་རྒྱས་བཏབ་པས་ན་ཐུབ་པ་ཅན་ནོ། །བརྗོད་དུ་མེད་པའི་མཚན་ཉིད་ནི་ཐུབ་པའོ། །ཡང་ན་འདི་ལྟར་རང་རིག་པས་ཉེ་བར་སྤྱོད་པ་ལ་འཇུག་པའི་མི་སྨྲ་
བའི་སྦྱོར་བ་དེ་ནི་ཐུབ་པ་ཆེན་པོ་ཞེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཞེས་པ་ནི་རང་རིག་པའི་སེམས་སོ། །དེ་ཉིད་མཁའ་འགྲོ་མ་ཞེས་པ་ནི་འཁོར་ལོ་དྲུག་ལ་བསྒྱུར་བའི་དུས་ཀྱི་ཕོ་ཉ་མོ་དྲུག་ནི་ཨ་ཝ་དྷཱུ་ཏཱིའོ། །དེ་ཡང་མིང་དྲུག་དང་ལྡན་པའོ། །དེས་ན་
Vol. 6 · folio 230a
དུས་ཀྱི་ཕོ་ཉ་མོ་དྲུག་གི་ནང་དུ་འདུས་པ་ཉིད་ཀྱི་སེམས་རྩེ་གཅིག་པ་ཉིད་མངོན་ཤེས་དྲུག་གི་མཚན་ཉིད་དུའོ། །དེ་བཞིན་དུ་རྣམ་པར་རྒྱལ་བའི་སྟོབས་ཞེས་པ་ནི་ཕྱག་རྒྱ་ཆེན་པོར་རབ་ཏུ་སོང་བས་བདུད་ལས་རྣམ་པར་རྒྱལ་བ་སྟེ་སྙིང་རྗེའི་སྟོབས་ཀྱིས་སོ། །དེ་ལྟར་ཕྱག་རྒྱ་དང་
སྙིང་རྗེ་ཆེན་པོ་གཉིས་མེད་པའི་དངོས་པོ་ཞེས་པ་གང་ཡིན་པ་དེའོ། །དེ་བཞིན་དུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཞེས་པ་ནི་ཡང་དག་པའི་རྗེས་སུ་དྲན་པ་དྲུག་ལ་འཇུག་པའོ། །དེས་ན་མཁའ་འགྲོ་མ་ཞེས་པ་ནི་བསྡུས་པའི་དམ་ཚིག་ཅེས་པའི་ཚུལ་ལོ། །དེ་ལ་ཀོ་ལ་ཞེས་བྱ་བ་ལ་སོགས་
པ་ནི་ཡི་གེ་བརྒྱ་དྲུག་ཅུ་རྩ་གསུམ་གྱི་ནང་ནས་ཡི་གེ་དྲུག་དུས་ཀྱི་ཕོ་ཉ་མོ་དྲུག་གི་བརྡ་འདི་ལས་བྱུང་བ་བརྒྱ་ལྔ་བཅུ་རྩ་བདུན་གྱི་ཡི་གེའི་མིང་རྣམས་ཀྱིས་རྣལ་འབྱོར་གྱི་གདན་རྣམས་བརྗོད་དེ། དེ་ཡང་འཁོར་ལོ་དྲུག་གི་རྩ་རྣམས་ཏེ། དྲུག་ཅུ་རྩ་བཞི་དང་། བརྒྱད་དང་། བཅུ་དྲུག་དང་། སུམ་
ཅུ་རྩ་གཉིས་གཉིས་འགྱུར་དང་དེ་བཞིན་དུ་ལྔའོ། །དེ་ལྟར་དུས་ཀྱི་རྩ་དྲུག་རྣམས་ཀྱི་ནང་དུ་འདུས་པའི་ཕྱིར་ཞེས་པ་སྟེ་ངེས་པའོ། །དེ་ལ་འཁོར་ལོ་དྲུག་ནི་ཁམས་དྲུག་གི་རང་བཞིན་ཏེ་དུས་ཀྱི་རྩའོ། །དེ་རྣམས་ལ་ཐབས་ཀྱི་རང་བཞིན་གསུམ་མོ། །དེ་བཞིན་དུ་ཤེས་རབ་ཀྱི་རང་བཞིན་གསུམ་མོ། །
དེ་ལ་གཙུག་ཏོར་དང་དཔྲལ་བ་དང་སྙིང་གའི་འཁོར་ལོ་གསུམ་ནི་ཐབས་ཀྱི་རང་བཞིན་ནོ། །དེ་བཞིན་དུ་མགྲིན་པ་དང་ལྟེ་བ་དང་གསང་བ་ནི་ཤེས་རབ་ཀྱི་རང་བཞིན་ནོ། །དེ་བཞིན་དུ་ཨ་ཝ་དྷཱུ་ཏཱིའི་གཉིས་ཏེ་ལྟེ་བའི་སྟེང་དུ་ལམ་གསུམ་དུ་སོང་བའོ། །དེ་བཞིན་དུ་འོག་ཏུ་ལམ་གསུམ་དུ་སོང་བའོ། །
དེ་དག་གི་རྣམ་པ་དྲུག་ནི་དུས་ཀྱི་རྩའོ། །དེ་ལྟར་ལྟེ་བའི་དབུས་ཀྱི་འོག་དང་སྟེང་དུ་བོ་ལ་དང་ཀཀྐོ་ལར་བརྗོད་དོ། །དེ་ལ་ཡི་གེའི་དོན་བརྗོད་པ། ཀོ། གཞུ་ཡི་རྣམ་པ་ལྟ་བུའི་རླུང་། །འོག་ཏུ་དུས་མེའི་རྩ་རྣམས་ལ། །ཐུར་སེལ་དང་ནི་ཁུ་བ་གནས། །དེ་ནི་ཡེ་ཤེས་ཁུ་བར་བརྗོད། ཌ། དེ་ཉིད་
སུམ་ཅུ་གཉིས་སུ་ཤེས། །མཁའ་འགྲོ་མ་ནི་སྣལ་ཕྲ་མོ། །དེ་ཉིད་ཡེ་ཤེས་མཁའ་འགྲོ་མའོ། ལླ། ཁུ་བ་ལ་སོགས་ལྷ་མོ་ཐིམ། ཨི། དབང་པོ་དང་ནི་ལྷན་ཅིག་སྲོག རེ། ཁུ་བ་ཡི་ནི་ལྷ་རྣམས་གང་། །ཐི་ཞེས་པ་ནི་བཤང་བས་གང་། ཨ། ནང་དུ་འདི་ཡི་ལྷ་མོའམ། བོ། བྱང་ཆུབ་ཅེས་
Vol. 6 · folio 230b
པ་ཉིད་ནི་བྱེད། ལླཱ། འོག་གི་རྩ་ནི་དྲི་ཆུ་འཛིན། །མུ་ནི་རྨོངས་པའི་ལྷ་མོའོ། མུ། ལྟོ་འཕྱེ་ཞེ་སྡང་འབབ་པ་མ། ཎི། རྒྱུ་མེད་པ་ཡི་རོ་ནི་མྱང་། རེ། འབྱིན་བྱེད་བྱིས་པའི་རྩ་ནི་གང་། ཀ། དེ་བཞིན་འདམ་སྐྱེས་གང་བྱེད་པ། ཀོ། ཁུ་བྱུག་སྒྲ་ནི་སྟེང་དུ་འབར། ལླ། བདེ་བ་བདག་གི་སེམས་ནི་རྙེད། །
གྷ། དྲིལ་བུའི་རྒྱུན་ལ་སེམས་བརྟག་པས། མ། ཡིད་ཀྱིས་བསམས་ཏེ་སྙན་པར་སྨྲ། ཡ། གཤིན་རྗེའི་ཕོ་ཉ་འདིར་ནི་ཤེས། ཀ། ཚིག་རྒྱུན་དུ་ནི་ཅི་བགྱི་བའོ། པི། སྣ་ཡི་རྩེ་ལས་ཆང་འཐུང་བའོ། །ཊ་ཞེས་པ་ནི་ནམ་མཁའི་ལྷ། །ཧོ་ནི་ཆགས་པ་ཅན་ལྷ་མོ། བ། །མདའ་ཅན་གསང་བའི་ནང་
དུའོ། ཛི། སྐྲ་དཀར་བྱེད་པའི་ལྷ་མོ་ཡང་། ཨི། དབང་པོ་སྣ་ཡི་ནང་དུ་རྒྱུ། ཀ། རལ་གྲི་ཞེས་བྱ་ལྐུགས་པར་བྱེད། རུ། ཁྲག་གི་ཁ་ཡི་ལྷ་མོའོ། ཎེ། ཆ་ལུགས་དུ་མ་འཛིན་པའོ། ཀི། གེ་སར་སྐྱེ་གནས་མིང་ཅན་ཏེ། ཨ། ང་རུ་བྱེད་པ་འཛིན་པ་ཉིད། ཨི། དབང་པོ་སྒྱུ་མ་དབྱངས་ཅན་མ། །
ན། མི་ཡི་གཟུགས་ནི་ལྷ་མོར་ཤེས། རོ། བ་སྤུའི་བུ་གའི་རྩེ་མཚམས་སུ། །དེ་ལྟར་རྩ་ནི་སུམ་ཅུ་གཉིས། །ཡེ་ཤེས་འཁོར་ལོའི་མིང་ཉིད་དོ། །རྩེ་གཅིག་ནང་དུ་གནས་པ་ཉིད། །ཡེ་ཤེས་མཁའ་འགྲོ་སུམ་ཅུ་གཉིས། །རྣལ་འབྱོར་མ་རྣམས་དམ་ཚིག་འདི། །དུས་མེ་གཅིག་པུ་ལ་
ནི་ཐིམ། །ཡེ་ཤེས་ཕུང་པོ་སྔོན་རྒྱུ་བ། །ཐམས་ཅད་དུ་ནི་རྒྱུ་བར་བྱེད། །དེ་ལས་ཡེ་ཤེས་ཁམས་ནི་སྐྱེས། །རྣམ་ཤེས་རྣམ་པའི་སེམས་བྱས་ཏེ། །དེ་བཞིན་གཙུག་ཏོར་གྱི་ནི་རྩ། །ལྟེ་དབུས་ཨ་ཝ་དྷཱུ་ཏཱི་ནི། །སྟེང་དུ་སོང་བ་སྒྲ་གཅན་ཏེ། །ནམ་མཁའ་ཡི་ནི་རྩ་ནི་ལྔ། ལ། མཛེས་མ་
རྣམས་ཀྱི་ཟ་བའི་རྩ། ཏ། པད་རྩ་འཇམ་པོའི་སྐུ་འདྲ་བ། ཧི། འཚེ་བ་སྤངས་པའི་ལྷ་མོའོ། པ། རྡོ་རྗེ་སྣ་ཡི་ནང་དུ་བདེ། ལ། ལྔ་པ་ཡི་ནི་དབུས་སུ་མཚོན། །ལྷ་མོ་ཡང་ནི་འབྱུང་ལྔ་རྣམས། །ནམ་མཁའི་མཁའ་འགྲོ་མ་རུ་འདོད། །དཔྲལ་བའི་རྩ་ནི་མེད་ཕྱེད་སོགས། །ཡེ་ཤེས་
དབུས་སུ་ཡི་གེ་རྣམས། །ནང་དུ་བྱང་ཆུབ་སེམས་རྒྱུ་བ། །གྲངས་ནི་སུམ་ཅུ་རྩ་གཉིས་སོ། །ཁཱ། སེམས་དང་སེམས་བྱུང་མཁའ་མཉམ་པ། ཛ། མངལ་ནས་འབྱུང་བ་རྣམས་ལ་རྒྱུ། ཨི། དབང་པོའི་སྒོའི་བདེ་བ་ཡིས། །བྷཱ། སྣ་ཡི་ནང་ནས་གཞན་དུ་འགྲོ། །ཌེ་ནི་ཡེ་ཤེས་མཁའ་འགྲོ་ཡི། །
Vol. 6 · folio 231a
མ་ནི་དེ་བཞིན་དམ་ཚིག་སྟེ། །ཨཱ་ནི་རྣལ་འབྱོར་མཁའ་འགྲོའོ། །ཎ་ནི་རྡོ་རྗེ་མཁའ་འགྲོ་ཉིད། པི། སེར་སྣའི་མཁའ་འགྲོར་འདིར་བརྗོད་དོ། །ཛ་ནི་སངས་རྒྱས་མཁའ་འགྲོའོ། །ཨ་ནི་མྱ་ངན་འདས་འདུན་པ། །ཧ་ཞེས་པའི་ནི་སེམས་མིང་ལ། ལེ། ནམ་མཁའ་
ཡ་ནི་རླུང་ཐིམ་མོ། ཀཱ། བློ་དང་དབུགས་ནི་འགོག་བྱེད་པ། ལིན། འཁྱུད་པས་ཟླ་བ་སད་པ་ཉིད། ཛ། རྡོ་རྗེར་འཛགས་པས་ཤིན་ཏུ་ཉལ། ར། དེ་ནི་དངུལ་ཆུའི་རྒྱུན་དང་མཚུངས། པ། ལྟེ་བ་ཡི་ནི་རྩ་བར་ལྟུང་། ནི། སྡོང་བུ་ཡི་ནི་རྩ་བར་སྦྲུལ། ཨ། མི་ཤིགས་ཐམས་ཅད་ཁྱབ་པའོ། །
ཨི། འདི་ནི་དབང་པོར་གནས་པའི་རྒྱུས། དུ། དེ་ཡང་གཟུང་བར་དཀའ་བའི་གནས། དུ། མཚན་མ་ངན་པ་རྟག་ཏུ་སྤངས། ར། འདོད་པའི་ལམ་ནི་འདི་རུ་ཆགས། ཏ། བདེ་བའི་དབའ་རླབས་ཞེས་བྱའི་ཕྱིར། ཧི། རྣལ་འབྱོར་འདི་ནི་བདུད་རྩི་འཛིན། བ། དུ་ནི་རྣམ་པ་བཞི་རུ་འཛིན། །ཛྲི་
འདིར་གནས་པ་ཡི་བློ་ནི་མེད། ཨ། རྟེན་གྱི་དགའ་བ་ལས་ནི་གྲོལ། །ཨི་ནི་ཟླ་བ་དང་བྲལ་བའོ། ཙ། ཟླ་བའི་ཡེ་ཤེས་དབང་ཕྱུག་གཙོ། །ཨུ་ཡི་དབྱངས་ནི་ཐམས་ཅད་འགྲོ། །དེ་ལྟར་རྩ་ནི་སུམ་ཅུ་གཉིས། །དགྱེས་པའི་རྡོ་རྗེ་ཀུན་ནས་གཙོ། །དེ་རྣམས་ལས་བྱུང་རྟོག་པ་ནི། །སུམ་
ཅུ་རྩ་གཉིས་བདག་གིས་བརྗོད། །མི་ཕྱེད་མ་སོགས་དང་མོ་ནི། །རྡོ་རྗེ་སྙིང་པོ་མངོན་བྱང་ཆུབ། །རྟོག་པའི་རྒྱལ་པོ་རུ་ནི་བརྗོད། །གཉིས་པ་སྒྱུ་འཕྲུལ་རྟོག་པ་སྟེ། །གསུམ་པ་སངས་རྒྱས་གར་མཁན་ནོ། །བཞི་པ་སྣ་ཚོགས་རྟོག་པ་སྟེ། །ལྔ་པ་རྡོ་རྗེ་རྟོག་པའོ། །དྲུག་པ་སྟོབས་
པོ་ཆེ་ཡི་སྟེ། །བདུན་པ་མི་གཡོ་བ་རྟོག་པ། །བརྒྱད་པ་གཟུངས་ཀྱི་རྟོག་པའོ། །དགུ་པ་རིགས་ནི་བྱེད་མ་ཡི། །བཅུ་པ་མཁའ་འགྲོ་མ་ཉིད་ཀྱིས། །བཅུ་གཅིག་པ་ནི་འབྱུང་འདུལ་བྱེད། །བཅུ་གཉིས་པ་ནི་རྣམ་སྣང་མཛད། །དངོས་གྲུབ་རྟོག་པ་སྒྲོལ་མ་ཡི། །རྟོག་པ་འདི་ནི་བཅུ་
གསུམ་པ། །རྡོ་རྗེ་ཕག་མོ་བཅུ་བཞི་པ། །བཅོ་ལྔ་པ་ནི་མེ་ལྷ་ཡི། །བདག་མེད་རྟག་པ་བཅུ་དྲུག་པ། །བཅུ་བདུན་པ་ནི་གཤིན་རྗེའི་དགྲ། །བཅོ་བརྒྱད་པ་ནི་ཧཱུཾ་མཛད་ཀྱི། །བཅུ་དགུ་པ་ནི་ཕྱིར་བཟློག་པ། །སྦྱིན་སྲེག་རྟོག་པ་ཉི་ཤུ་པ། །ཉི་ཤུ་གཅིག་ནི་རབ་གནས་ཀྱིའོ། །དཀྱིལ་
Vol. 6 · folio 231b
འཁོར་ཆེན་པོ་རྟོག་པ་ནི། །ཉི་ཤུ་གཉིས་པ་ཉིད་དུ་འདོད། །ཉི་ཤུ་གསུམ་པ་གཏོར་མའི་རྟོག །ཉི་ཤུ་བཞི་པ་ལྷའི་གནས་ཀྱི། །ཉི་ཤུ་ལྔ་པ་མངོན་རྟོགས་ཀྱི། །དེ་བཞིན་རྒྱས་བཏབ་ཉི་ཤུ་དྲུག །ཉི་ཤུ་བདུན་པ་བྱེད་པ་ནི། །ཉི་ཤུ་བརྒྱད་པ་ཀླུ་ཡི་འོད། །དེ་བཞིན་ཉི་ཤུ་རྩ་དགུ་པ། །པདྨ་
གར་དབང་ཕྱུག་རྟོག་པ། །སུམ་ཅུ་པ་ནི་དབྱངས་རྟོག་པ། །རྣལ་འབྱོར་རྒྱུད་ཀྱི་རྟོག་པ་ཉིད། །སུམ་ཅུ་རྩ་གཅིག་པ་རུ་འདོད། །སྲིད་མཐར་ཕྱིན་པ་རྣལ་འབྱོར་མའི། །རྟོག་པ་སུམ་ཅུ་གཉིས་པོར་བརྗོད། །དེ་ལྟར་རྩ་རྣམས་ཡས་བྱུང་བ། །དུས་ཀྱི་ལོངས་སྤྱོད་ལ་ནི་སྤྱོད། །ལྟེ་བའི་སྟེང་གི་
གཡོན་གྱི་རྩར། །བདེ་ཆེན་འཁོར་ལོ་ཞེས་པ་ཉིད། །དེ་བཞིན་མགྲིན་པའི་འཁོར་ལོ་ནི། །ལྟེ་བའི་སྟེང་གི་གཡས་གནས་པ། །དེ་རྣམས་རྩ་ནི་རབ་ཏུ་བཤད། །རྣམ་པ་བཅུ་དྲུག་དེ་ཁོ་ན། །ཡི་གེ་བཅུ་དྲུག་དབྱེ་བ་ཡི། །དམ་ཚིག་མཁའ་འགྲོའི་མཚན་ཉིད་དོ། ཨ། ཀུན་ཏུ་བཟང་པོ་ཞེས་
པ་ཉིད། མ། དབུ་མའི་དགའ་བ་ཙམ་ན་ཉིད། ཨོཾ། ཟླ་བའི་དགའ་བ་དེ་བཞིན་ཤེས། ཀོ། ཀེང་རུས་ཀྱི་ནི་དགའ་བ་ཉིད། །ཐུ་ནི་མི་རྟོག་དགའ་བའོ། །རི་ཞེས་པ་ནི་དེ་བཞིན་མཆོག །ས་ནི་རེག་བྱའི་དགའ་བ་ཉིད། ཧཱ། ཡིད་ཚིམ་པ་ཡི་དགའ་བ་ཉིད། །དེ་ནི་ཡིད་ཅན་དགའ་བར་བྱེད། །
ཧི་ནི་སྙིང་གི་དགའ་བའོ། །ཀ་ནི་ནམ་མཁའི་དགའ་བ་ཉིད། །བུ་ནི་འཇིགས་པའི་དགའ་བ་ཉིད། །ར་ནི་དེ་བཞིན་དགའ་བྲལ་ཉིད། །ལ་ནི་ལྷན་ཅིག་སྐྱེས་དགའ་མཚོན། །ཨི་ནི་དེ་བཞིན་སྣ་ཚོགས་པའོ། ཨ། ཨ་ཝ་ངྷཱུ་ཏཱིའི་བླ་མའོ། །དེ་ལྟར་རྣལ་འབྱོར་མཆོག་གིས་ཕུལ། །མཁའ་
འགྲོ་རྣམས་ཀྱི་དམ་ཚིག་གཞན། །རྣལ་འབྱོར་མ་རྣམས་ཀྱི་ནི་མིང་། །འཕོ་བ་བཅུ་དྲུག་ཏུ་ནི་འདོད། །དེ་ཡང་ཁམས་ཀྱི་དབང་གིས་ཤེས། །དུས་ཀྱི་རྩ་ཡི་ངོ་བོ་ཉིད། །དེར་ནི་ཁྲག་གི་ཐིག་ལེ་རྒྱུ། །གསང་བ་ལ་སོགས་ཡི་གེ་འདོད། །དེ་རྣམས་ཀྱི་ཡང་དོན་ནི་གང་། །འཆད་བཞིན་པ་
ཡིས་བསྟན་པར་བྱ། །དེའི་ཕྱིར་ལྟེ་བའི་འཁོར་ལོ་ནི། །རྣལ་འབྱོར་འདབ་མ་དྲུག་ཅུ་བཞི། །ཡི་གེ་ཉིད་ཀྱང་དྲུག་ཅུ་བཞི། །ཨི་ནི་གནས་ཀྱི་རྣལ་འབྱོར་མ། མ། ཕྲེང་མ་ཞེས་པའི་རྣལ་འབྱོར་མ། །ལེ་ཞེས་པ་ནི་ཐོང་རྨོ་མ། ཨི། དེ་བཞིན་དུ་ནི་ཤིང་འཚོང་མ། ཨི། བུར་ཤིང་ཕྱེད་མར་དེ་བཞིན་
Vol. 6 · folio 232a
ཤེས། །དྷ་ན་གཞུ་མཁན་མ་དང་གར་མཁན་མ། །ས་ཞེས་པ་ནི་སྨད་འཚོང་མའོ། ལི། གཞོན་ནུ་མ་ཡི་འཁྱུད་པ་མ། ཛ། སྒོ་ང་ལས་སྐྱེས་རྣམས་འཚོང་མ། ཏ། སྣལ་མ་ཐག་པ་དེ་བཞིན་ཉིད། །ཧི་ནི་དེ་བཞིན་འཚོད་པ་མོ། བྷ། བྲམ་ཟེ་མོ་ཡི་རྣལ་འབྱོར་མ། རུ། དེ་
བཞིན་ཁྲོ་བོའི་རྣལ་འབྱོར་མ། ཁཱ། བཟའ་དང་བཏུང་ལ་ཆགས་པ་གང་། ཨི། ཨིནྡྲ་ནཱི་ལ་སོགས་འཚོང་མ། ཨ། འབྲུ་ལ་སོགས་པའི་ཚོང་པ་ཉིད། །ཨི། དབང་པོ་དཀར་མོའི་རྣལ་འབྱོར་མ། པེ་ནི་ཁྲོན་པ་བྱེད་པ་མོ། ཁ། ཤན་མ་ཞེས་པའི་རྣལ་འབྱོར་མ། ཎ། སེན་མོ་འདྲེག་པས་
འདྲེག་མཁན་མ། ཁེ། ནམ་མཁར་འགྲོ་མ་དེ་བཞིན་ཉིད། །ཊ་ཞེས་པ་ནི་སྦུབས་བྱེད་མ། ཀ། དེ་བཞིན་ཟས་འཚོ་མར་ནི་ཤེས། ར། རོ་འཛིན་པ་ཡི་བློ་གྲོས་ཅན། །ཏེ་ཞེས་པ་ནི་རྒྱུད་བྱེད་མ། ཤུ། བཟང་མོའི་རྩ་ནི་སྦྱོང་བྱེད་མ། དྷ། རས་འཁྲུད་པས་ན་འཁྲུད་མཁན་མ། ཤུ། ཆང་
འཚོང་མ་ནི་རྣལ་འབྱོར་མ། དྷ། མཆེ་བ་སྲུབ་པའི་རྣལ་འབྱོར་མ། །ཎ་ཞེས་པ་ནི་ཉ་པ་མོ། །མ་ཞེས་པ་ནི་ལྷམ་བྱེད་མ། ཎི། དེ་བཞིན་ཆོས་དཀར་བདག་པོར་གནས། ཨ། འདིར་ནི་རུས་པ་བྱེད་པ་ཉིད། །ཨི་ནི་སྤྲ་ཚིལ་བྱེད་པ་མོ། །ནི་ནི་དེ་བཞིན་རས་འཚོང་མ། །ར་ཞེས་པ་ནི་ཚོས་མཁན་
མ། སུ། གསེར་བྱེད་མ་ཡི་རྣལ་འབྱོར་མཱ། ཨ། མི་འཆིང་བ་རྣམས་མཆོད་བྱེད་མ། ག། དྲི་ཡི་རྫས་ལ་སོགས་འཚོང་མ། ཙ། དེ་བཞིན་དུ་ནི་གཏུམ་མོ་ཉིད། །ད་ཞེས་པ་ནི་གཡུང་མོར་འདོད། པ། གཉུག་མར་མེད་པའི་རྣལ་འབྱོར་མ། ཨ། ཀུན་དགའ་ར་བ་སྲུང་བྱེད་མ། ཏ། སོ་རྩི་སོ་
ལ་འཚོང་བྱེད་མ། ཧི། དེ་བཞིན་འཚོ་བར་འདོད་པ་མའོ། །ཛ་ནི་བ་ལང་སྐྱོང་མར་ཤེས། །ས། འདི་ནི་རི་ཁྲོད་རྣལ་འབྱོར་མ། ར། དེ་བཞིན་རྒྱལ་པོའི་བུ་མོ་ཉིད། །བ་ནི་ཕྱུགས་ཟན་འཚོང་མའོ། །པ་ཞེས་པ་ནི་ཤིང་མཁན་མ། །པ་ནི་གོས་བཟོ་བྱེད་མའོ། །ཎ་ནི་གཉུག་མེའི་གར་བྱེད་
མའོ། །ཨི་ནི་མར་ཁུ་མར་ཞེས་བྱ། །ཨ་ནི་འཁར་བ་བྱེད་མའོ། །ཨི་ནི་མཆིང་བུ་བྱེད་མའོ། །མ་ནི་རི་མོ་བྱེད་མའོ། །ལ་ནི་རྒྱ་སྐྱེགས་བྱེད་མའོ། །ཨི་ནི་རྒྱལ་པོའི་ནང་འཁོར་མ། །ཛ་ནི་དེ་ལ་རྗེའུ་རིགས་མོ། །ཀུ་བུམ་པ་བྱེད་པའི་རྣལ་འབྱོར་མ། །དུ་ནི་དམངས་རིགས་མོ་ཉིད་དོ། །
Vol. 6 · folio 232b
རུ། ནད་སེལ་བ་ཡི་སྨན་པ་མོ། ག་གདོང་འགེགས་ལྷ་མོ་ཁྱིམ་པ་མོ། །དེ། །དེ་ལྟར་ལྟེ་བའི་གཡོན་ལོགས་ཀྱི། །འཁོར་ལོ་འདི་ནི་སྤྲུལ་པའོ། །རྣལ་འབྱོར་མའི་ཆ་ལུགས་མང་པོ་ནི། །ལུས་ཀྱི་དངོས་པོ་ལས་ནི་བྱུང་། །རྣལ་འབྱོར་མ་ཡི་རྒྱུད་འདི་ཉིད། །དུས་ཀྱི་རྩ་ལས་ཡང་
དག་འབྱུང་། །འདི་ཉིད་ཀྱི་ནི་གཡས་ལོགས་ལ། །ཐུགས་ཀྱི་འཁོར་ལོའི་རྩ་བརྒྱད་གནས། །ཏ་ཞེས་པ་ནི་མ་ཉིད་དེ། །ཨི་ནི་དེ་བཞིན་བུ་མོའོ། །ན་ཞེས་པ་ནི་ཚ་མོའོ། །དེ་ནི་དེ་བཞིན་སྲིང་མོའོ། །མ་ཞེས་པ་ནི་སྒྱུག་མོའོ། །བ་ནི་དེ་བཞིན་གཉེན་མོའོ། །ཛི་ནི་ཕ་ཡི་སྲིང་
མོའོ། །ཨ་ཡི་ཁྱད་བྱེད་ཡི་གེ་གཉིས། །དེ་ལ་ཨ་ནི་ནམ་མཁར་འགྱུར། །ཨི་ཞེས་པ་ནི་རླུང་དང་ལྡན། །རྩ་བཅུ་པོ་ནི་རླུང་གི་གཟུགས། །ཨི་ཌ་ལ་སོགས་ལྟེ་བའི་མིང་། །ཡི་གེ་རྣམས་ནི་རླུང་གི་མིང་། །དེ་ལྟར་རྩ་ནི་དྲུག་རྣམས་ཀྱི། །ཡི་གེའི་དོན་དང་རྗེས་སུ་མཐུན། །ཡི་གེས་རྣལ་
འབྱོར་རྣམས་ནི་བརྗོད། །མིང་ནི་དམ་ཚིག་གི་ནི་སྐད། །དེ་བཞིན་ལྟེ་བའི་འཁོར་ལོ་ཡི། །རྣལ་འབྱོར་མ་ཡི་གནས་ཀྱི་མ། །དྲུག་ཅུ་རྩ་བཞི་ཡི་ནི་གྲངས། །མྱུ་གུ་ལ་སོགས་ཡི་གེ་རྣམས། །མུ་ཞེས་པ་ནི་ཁ་ཡི་གནས། །གྷོ་སྣའི་བུ་ག་གཡོན་པ་ལ། །གྷུ་ནི་སྣ་ཁུང་གཡས་སུ་
འདོད། །དེ་ལྟར་གུ་གུ་གཉིས་ནི་མིག །དེ་བཞིན་རྣ་གཉིས་ལ་མྱུ་གུ། །གཅི་བའི་བུ་ག་དང་བཤང་སྒོ། །གཉིས་ལ་ལུ་གྷུ་གཉིས་ནི་བརྗོད། །དེ་བཞིན་འདིར་ནི་དྲ་ཞེས་པ། །ཁུ་བའི་བུ་གའི་ནང་དུའོ། །ལྟེ་བའི་བུ་གའི་གནས་རྟག་ཏུ། །ཥྛ་ཞེས་པ་ནི་གཅིག་པུར་བརྗོད། །དེ་ལྟར་དགོངས་
བཤད་གཞན་མ་ཡིན། །ས་ནི་བཅུ་གཉིས་དག་ལ་གནས། །དེ་ཉིད་ཀྱིས་ན་དེ་དག་ཅེས་བྱ་བ་ལ་རྣལ་འབྱོར་པས་མཐོང་ཞེས་བྱ་བ་ནི་སྤྱོད་ཡུལ་ལོ། །ས་བཅུ་གཉིས་ཀྱི་ཚུལ་གྱིས་གྲུབ་པའི་ཚིག་གསུངས་པའི་ཕྱིར་རོ། །འདི་རྣམས་ཀྱི་མཚན་མ་ཞེས་བྱ་བ་ལ་སོགས་པ་ནི་ཁམས་རྣམས་
གནས་སུ་བརྗོད། ཏ་ཞེས་པ་ནི་མཐིལ་ནི་ལྔ། །ཏྱ་ནི་སོར་མོ་ཉི་ཤུའོ། །ར་ནི་མཚན་མ་ཞེས་སུ་གསུངས། །ཌ་དི་ཞེས་པ་སྒོ་ང་གཉིས། །པུ་སུ་གཉིས་ནི་ཕྲག་བརྒྱ་པ། །རྐེད་པར་མ་ཡོ་ཡི་གེ་གཉིས། །བྷི་དྷི་སྤྱི་བོ་མགྲིན་པར་རོ། །ལུ་ཞེས་པ་ནི་སྙིང་གར་གནས། །སྠི་ཞེས་པ་ནི་གནས་
Vol. 6 · folio 233a
མིང་ཉིད། །ས་ནི་དེ་བཞིན་ལྟོ་བར་རོ། །པི་ཞེས་པ་ཡང་ཡེ་ཤེས་པ། །གདན་གཉིས་སུ་ནི་བརྟན་པར་བྱ། །བྷ་བྷི་ཞེས་པ་གཉིས་ཀར་ཡང་། །བློ་ཡི་གནས་དག་ཏུ་ནི་བསྟན། །བུ་བྷུ་ཞེས་པ་གཉིས་ཀ་ཡང་། །འདིར་ནི་གྲུ་མོ་གཉིས་ཀྱི་མིང་ཅན་ཏེ། །ཌི་གྷ་ཞེས་པ་
མཁྲིག་མར་རོ། །དྲི་ཀུ་ནུ་མ་གཉིས་སུ་སྟེ། །ཧ་ནི་རྐང་པའི་གནས་སུའོ། །ཛ་ཞེས་པ་ནི་ལྕེ་ཉིད་དུ། །བྷ་ཞེས་པ་ནི་སོ་ཉིད་དོ། །སྭ་ཞེས་པ་ནི་ལུས་ཀུན་ལ། །པུ་ལ་སོགས་པ་ཉི་ཤུ་བཞི། །གནས་ཉིད་དུ་ནི་རབ་ཏུ་གྲགས། །དེ་ཡང་ཁམས་ནི་ཉི་ཤུ་བཞི། །རྣལ་འབྱོར་མ་རྣམས་ཀྱི་ནི་
གནས། །དེ་ལྟར་ནང་ནི་ཐམས་ཅད་ཉིད། །རྣལ་འབྱོར་མ་ཡི་གནས་དཀྱིལ་འཁོར། །གྲུབ་པའི་ཁ་སྦྱོར་རྣལ་འབྱོར་ནི། །རྣལ་འབྱོར་པ་ལ་བདེ་སྟེར་བྱེད། །འདི་ནི་དུས་ཀྱི་རྩ་རྣམས་ཀྱི་རྒྱུ་བའི་ཆོ་ག་སྟེ་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ནི་ཕྱིའི་རྣམ་པར་ཤེས་པ་རྣམ་པར་དག་པའི་
རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱི་ངག་གི་ཕྱག་རྒྱ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ངག་གི་གནས་ཀྱི་རྣལ་འབྱོར་མའི་དམ་ཚིག་བསྟན་པའི་རྗེས་ཐོགས་སུ་འབྱུང་བའི་ཡེ་ཤེས་ལས་དེ་བཞིན་དུ་འབྱུང་བ་ལས་གྱུར་པ་ཡེ་ཤེས་ཏེ། ཡང་
དག་བཤད་བྱ་བ་ཞེས་པ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པའི་རྣལ་འབྱོར་དང་། སླར་ཡང་བསྐྱེད་པའི་སྒོ་ནས་རྣལ་འབྱོར་དང་། རྣལ་འབྱོར་མ་རྣམས་ཀྱི་འདུས་པའོ། །དེ་ཡང་བརྡའི་ཆོ་གའི་རིམ་ཞེས་པ་ནི་ཕྱག་རྒྱའི་བརྡའི་སྐད་དོ། །ཆོ་ག་རིམ་ཞེས་པ་ནི་ཇི་ལྟར་སྔོན་ཉིད་དུ་རྣལ་འབྱོར་མ་དྲུག་
ཅུ་རྩ་བཞི་ལྟེ་བའི་འཁོར་དེའི་ནང་ནས་རྣལ་འབྱོར་མ་བཅུ་གཉིས་པ་བཅུ་གཉིས་ཀྱི་རང་བཞིན་ནོ། །ལྷག་མ་ལྔ་བཅུ་གཉིས་ལུས་ཀྱི་དངོས་པོ་རྣམས་ཕྱི་རུ་སྤྲོས་པས་ནི་དམ་ཚིག་གི་བརྡའོ། །གང་གིས་ཞེས་པ་ནི་རྒྱུས་ཞེས་པའོ། །མིང་པོ་ཞེས་པ་ནི་རིགས་གཅིག་པའི་དཔའ་བོའོ། །དེ་བཞིན་
དུ་སྲིང་མོ་ཞེས་པའི་རྣལ་འབྱོར་མའོ། །དེ་རྣམས་ཀྱིས་འཇིག་རྟེན་པའི་སྐད་ལས་གསང་སྟེ་སྤྱད་པའི་ཕྱིར། པོ་ཏང་གི་ཞེས་པ་ནི་གསང་པོར་སྨྲ་བའོ། །དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཡང་བརྡ་དང་བརྡའི་ལན་པོ་ཏང་གིའི་སྒྲས་སྔོན་དུ་རང་རིག་པའི་ཡེ་ཤེས་ལས་དེ་བསྒོམས་པས་རང་བཞིན་
Vol. 6 · folio 233b
གྱིས་དེ་ཨང་གི་ཞེས་པ་དེའི་དོན་ཏོ། །དེ་བཞིན་དུ་ཌཱ་ཌི་ཞེས་བྱ་བ་ལ་སོགས་པ་སའི་མཐར་ཐུག་པའི་ཡི་གེ་ཉི་ཤུ་རྩ་ལྔ་དཔའ་བོ་ཉི་ཤུ་རྩ་ལྔའི་རང་བཞིན་མིང་པོའོ། །དེ་བཞིན་དུ་པ་ཛ་ཞེས་བྱ་བ་ལ་སོགས་པ་མ་ཀུའི་མཐར་ཐུག་པའི་ཡི་གེ་ཉི་ཤུ་རྩ་བཞི། རྣལ་འབྱོར་མ་ཉི་ཤུ་རྩ་བཞིའི་རང་བཞིན་རྣམས་ནི་སྲིང་མོའོ། །
ལྷག་མ་ནི་གོ་སླའོ། །དེ་ལྟར་དུས་ཀྱི་རྩ་དྲུག་ལུས་ཀྱི་རང་བཞིན་ནོ། །དེ་རྣམས་ལས་བྱུང་བས་གསུངས་པའི་རྣལ་འབྱོར་མ་ནི་ངག་གི་རང་བཞིན་ནོ། །དེས་ན་ངག་གི་བརྡ་ཡི་གེའི་རང་བཞིན་རྣམ་པ་སྣ་ཚོགས་པའི་ཕྱིར་ཞེས་པ་ནི་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བཞི་
པའི་རབ་ཏུ་བྱེད་པ་དང་པོའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་སྟེ་དང་པོ་བསྟན་པའོ།། །།ད་ནི་དུས་ཀྱི་ཕོ་ཉ་མོ་དྲུག་ལས་བྱུང་བའི་རྣལ་འབྱོར་མ་བདུན་པོ་རྣམས་ཀྱི་མཚན་མའི་ཕྱག་རྒྱའི་མཚན་ཉིད་བསྟན་པའི་ཕྱིར། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། དེ་ལ་གཟུགས་ཅན་མ་ཞེས་པ་ནི་ལྟེ་བའི་འོག་གི་གཡོན་ལོགས་སུ་སྐུའི་འཁོར་ལོ་འཛིན་པའི་རྩ་རྣམས་རིགས་མང་པོའི་ཁྱད་པར་ནི་གཟུགས་ཅན་མའོ། །དེ་བཞིན་དུ་ལྟེ་བའི་དབུས་ལ་ཨ་ཝ་དྷཱུ་ཏཱིའི་སྟེང་གི་རྩ་རྣམས་ནི་འོ་བྱེད་མའོ། །དེའི་དབུས་ལས་འོག་ཏུ་དུས་མེའི་རྩ་
ནི་མཛེས་མའོ། །དེ་བཞིན་དུ་ཐུགས་ཀྱི་འཁོར་ལོ་རྩ་རྣམས་ནི་ཡོངས་གྱུར་མའོ། །དེ་བཞིན་དུ་ལྟེ་བའི་སྟེང་གི་གཡོན་གྱི་རྩ་བདེ་བ་ཆེན་པོའི་འཁོར་ལོ་རྒྱུ་བ་དེ་ནི་བྱིས་བཅས་མའོ། །སླར་ཡང་ལྟེ་བའི་གཡས་ཀྱི་རྩ་མགྲིན་པའི་འཁོར་ལོ་རྒྱུ་བ་ནི་མི་ལྡོག་པའོ། །དེ་བཞིན་དུ་རྩ་དྲུག་
པོ་རྣམས་ཀྱིས་ཐམས་ཅད་ལ་ཁྱབ་པ་ཅན་བདུན་པ་ནི་འདོད་པ་མའོ། །དེ་ལྟར་མཁའ་འགྲོ་མ་རྣམས་སྤྲུལ་པའི་སྐུའི་མཚན་ཉིད་ཀྱི་རང་གི་ངོ་བོའི་མཚན་མ་གསུངས་ཏེ། གང་གི་སྨིན་མ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་རྣམས་ཀྱི་འདོད་པའི་ལྷའི་མཚན་མ་ཁྱིམ་དུ་བྲི་བ་བརྗོད་དོ། །
ཐོད་པ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ཅན་མ་ལ་སོགས་པ་མཚན་མ་བདུན་འཛིན་པའོ། །དེ་ལ་ཐོད་པ་ལ་སོགས་པའི་རིམ་པ་བཞིན་བྱང་ཆུབ་སེམས་དང་། རྡུལ་དང་། རུས་པ་དང་། ཤ་དང་། རྒྱུས་པ་དང་། པགས་པ་དང་། ལུས་ཀྱི་དབྱིབས་དང་བདུན་ཏེ། ཁམས་བདུན་
Vol. 6 · folio 234a
རྣམ་པར་དག་པའི་མཚན་མ་བདུན་ནོ། །ཡང་ན་ཐོད་པ་ལ་སོགས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་བདུན་དུ་དགོངས་སོ། །འདི་དག་ཅེས་བྱ་བ་ལ་སོགས་པ་ལ་ཁ་སྦྱོར་ཆོ་ག་ཞེས་པ་ནི་སྔོན་དུ་གསུངས་པའི་དུས་ཀྱི་རྩ་དེ་རྣམས་ལས་བྱུང་
བའི་འཁོར་ལོ་དྲུག་ཁ་སྦྱོར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་གཉིས་མེད་པའོ། །དེས་ན་རྣལ་འབྱོར་རིག་པས་ཞེས་པ་ནི་རྣལ་འབྱོར་པས་སོ། །རྟག་མཚོན་བྱ་ཞེས་པ་ནི་རྣལ་འབྱོར་གྱི་སྤྱོད་པར་བྱ་བ་སྟེ་རང་གི་བདག་ཉིད་རྒྱུ་བའི་ཕྱིར་ཞེས་པ་སྟེ་ངེས་པའོ། །ལུས་སྲུལ་པོ་ཞེས་པ་ནི་དགོངས་
པས་བཤད་པའི་ཚིག་སྟེ། ཀ་ཏའི་སྒྲ་ནི་གཅོད་པའི་དོན་དེ་རང་རིག་པའི་ཡེ་ཤེས་ཀྱིས་འཁོར་བ་གཅོད་པའོ། །མཆོག་ཏུ་བདེ་བ་འབྱུང་བ་ཆེན་པོ་ཆགས་པ་ཆེན་པོའི་ཏིང་ངེ་འཛིན་ལས་བྱུང་བས་ལྷག་མའི་མཚན་ཉིད་ནི་པུ་ཏིའི་དོན་ཏོ། །ལུས་སྲུལ་པོའི་མཚན་མ་དང་ཕྱག་རྒྱ་དེ་བཞིན་དུ་
གསུངས་པ་ཉིད་ཅེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ལྟར་ཡང་གསུངས་པ། ཀ་ཞེས་པ་ནི་གཅོད་པར་གསུངས། །སྐྲ་ནི་སྒྲ་ཡི་མཚན་ཉིད་དེ། །པུ་ནི་སྔོན་གྱི་ལྷག་མའོ། །ཏི་ཞེས་པ་ནི་འབྱུང་བ་ཉིད། །ནཱི་ནི་རྣལ་འབྱོར་མ་ཤེས་བྱ། །ཙི་ནི་སེམས་དང་སེམས་བྱུང་བ། །ཧྣ་ནི་གཉིས་སུ་མེད་པར་
འགྲོ། །ཕྱག་རྒྱ་ཉིད་ནི་ཆེ་སྔོན་འགྲོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བཞི་པའི་རབ་ཏུ་བྱེད་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བའི་ཞེས་བྱ་བའི་གཞུང་སྟེ་གཉིས་པ་བསྟན་པའོ།། །།ད་ནི་ས་བཅུ་གསུམ་རྣམ་པར་དག་པའི་མཁའ་འགྲོ་མ་བཅུ་གསུམ་
གྱི་ཚུལ་གྱི་མཚན་མ་དང་། ཕྱག་རྒྱའི་མཚན་ཉིད་ལ་རྟག་པར་རྣམ་པར་སྤྱོད་པའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨ་ཞེས་བྱ་བ་ནི་ལག་པ་གཉིས་ཐལ་མོ་གཉིས་སྦྱར་བ་ཕྱེ་སྟེ་སོར་མོ་ཐམས་ཅད་པདྨའི་འདབ་མའི་རྣམ་པ་ལྟར་བྱས་པ་ནི་པདྨའི་
ཕྱག་རྒྱའོ། །ཡང་ན་རུས་སྦལ་གྱི་ཕྱག་རྒྱའོ། །རྡོ་རྗེའི་ཕྱག་རྒྱ་ནི་དབུས་མའི་སོར་མོའི་བར་དུ་གཞུག་པར་འགྱུར་རོ། །མདུང་རྩེའི་ཕྱག་རྒྱ་ཞེས་པ་ནི་མཐེ་བོས་མཐེ་ཆུང་མནན་ཏེ། སོར་མོ་ལྷག་མའི་སྟེང་དུ་བརྐྱང་བའི་རྣམ་པ་ནི་རྩེ་གསུམ་གྱི་ཕྱག་རྒྱའོ། །མདུང་གི་ཕྱག་རྒྱ་ཞེས་པ་ནི་
Vol. 6 · folio 234b
མཛུབ་མོ་དབྱུག་པའི་རྣམ་པར་བྱས་ཏེ་བསྟན་པའོ། །དྲིལ་བུའི་ཕྱག་རྒྱ་ནི་ཁུ་ཚུར་གཡོན་པ་དྲིལ་བུ་འཛིན་པའི་ཚུལ་དུ་བསྟན་པའོ། །དེ་བཞིན་དུ་འཁོར་ལོའི་ཕྱག་རྒྱ་ཞེས་པ་ནི་ཐལ་མོ་རྒྱབ་སྦྱར་བ་བསྣོལ་ཏེ། འཁོར་ལོའི་རྣམ་པ་ལྟར་བྱས་པ་བསྟན་པའོ། །དེ་བཞིན་དུ་དུང་གི་ཕྱག་རྒྱ་ཞེས་པ་
ནི་མཐེ་བོང་དང་མཛུབ་མོ་སྦྱར་ལ་རྩེ་མོ་ཁབ་ལྟར་བྱས་ཤིང་ལྷག་མ་གསུམ་ནང་དུ་བསྐུམ་པ་ནི་དུང་གི་ཕྱག་རྒྱའོ། །ཀླུའི་ཕྱག་རྒྱ་ཞེས་པ་ནི་ལག་པ་གཉིས་སྦྲུལ་མགོ་གདེངས་པ་ལྟར་བསྟན་པ་ནི་ཀླུའི་ཕྱག་རྒྱའོ། །ལྷག་མ་ཐམས་ཅད་ནི་གོ་སླའོ། །དེ་ལྟར་དམ་ཚིག་ཅན་གྱི་མིས་ཕྱག་རྒྱ་དང་ཕྱག་རྒྱའི་
ལན་གཉིས་ཀྱི་དབྱེ་བར་བྱའོ། །འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རིགས་ལས་བྱུང་བའོ། །ཡང་ན་མཁའ་འགྲོ་མ་ལ་སོགས་པ་བཅུ་གསུམ་ལས་འབྱུང་བའོ། །འདི་ནི་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བཞི་པའི་རབ་ཏུ་བྱེད་པ་གསུམ་པའི་རྒྱ་
ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བའི་གཞུང་སྟེ་གསུམ་པ་བསྟན་པའོ།། །།ད་ནི་ཕྱིའི་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་པོ་འདི་རྣམས་ཀྱི་ལུས་ཀྱི་ཆ་བསྟན་པའོ། །དེས་ན་ཕན་ཚུན་མིང་པོ་དང་སྲིང་མོ་རྣམས་ཀྱི་གནས་བསྟན་པ་བརྗོད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། མདོར་བསྟན་པ་གསུམ་གྱི་རྗེས་སུ་མི་གསལ་བ་དེའི་ཕྱིར་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ཅུང་ཟད་བརྗོད་དེ། ཡང་དག་བཤད་བྱ་བ་ཞེས་པ་ནི་དེ་ལ་སྤྱི་གཙུག་དང་། དཔྲལ་བ་དང་། སོ་དང་། མཆུ་དང་། མགྲིན་པ་དང་། ལྟོ་བ་དང་། མཁུར་བ་དང་། གསང་བ་དང་
པུས་མོ་དང་། ལག་པ་དང་། རྐང་པ་དང་། སོར་མོ་དང་། ས་དང་། ནམ་མཁའ་དང་། ཆུ་བོ་དང་། སོར་མོ་གཅིག་དང་། སོར་མོ་གཉིས་དང་། སྨིན་མ་གཡས་པ་བསྐུལ་བ་ཞེས་པའི་གནས་རྣམ་པ་བཅོ་བརྒྱད་ལ་གང་རེག་པའི་ལུས་ཀྱི་ཕྱག་རྒྱ་དེ་ཉིད་ཀྱི་མཚན་ཉིད་རྣམས་ཀྱི་སངས་རྒྱས་
ཀྱི་ཡོན་ཏན་རྣམས་ཡོད་པར་མཚོན་ནོ། །དེ་ཡང་དམ་ཚིག་ཅན་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་ཞེས་པའི་དོན་ཏོ། །རྣལ་འབྱོར་མ་དེ་ཉིད་ལ་རྣལ་འབྱོར་པའི་སྤྱི་བོ་ལ་སོགས་པའི་ཁམས་བཅོ་བརྒྱད་རྣམ་པར་དག་པའི་གནས་རྣམས་བསྟན་ཏེ། འཆད་བཞིན་པའི་རྩ་རྣམས་
Vol. 6 · folio 235a
ཀྱི་དགོད་པའི་རབ་ཏུ་བྱེད་པའི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུ་བ་སྟོན་པའི་ཕྱིར་ཞེས་པ་ནི་ངེས་པའོ། །ལྷག་མ་ནི་གོ་སླའོ། །རྒྱུད་ཐམས་ཅད་ཀྱི་གླེང་གཞི་གསང་ཆེན་ཞེས་པ་ནི་ངག་གཉིས་ཀྱི་དང་པོ་གཉིས་མེད་པའོ། །དཔལ་ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་ལས་བྱུང་
བའི་རྟོག་པའི་རྒྱལ་པོ་རྡོ་རྗེ་མཁའ་འགྲོ་རྣམས་ཀྱི་བརྡའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་སྟེ་མདོར་བསྟན་པ་གསུམ་གྱི་རྗེས་སུ་སླར་བཤད་པ་བཞི་པ་བསྟན་པའོ།། །།ད་ནི་གནས་དང་ཉེ་བའི་གནས་ལ་སོགས་པ་བསྟན་པའི་ཕྱིར་དེ་ནས་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱིས་རྗེས་སུ་རྟོག་པའི་རྒྱལ་པོ་བཞི་པའི་རྗེས་སུ་དཔའ་བོ་དང་དཔའ་མོ་དབང་ཕྱུག་འདུས་པ་འབྱུང་ངོ་། །དེ་ནས་ཡང་དག་བཤད་བྱ་བ། །ཞེས་པ་ནི་ཡང་དག་པར་བཤད་པ་ཞེས་པའོ། །དེ་ཅི་ཞེ་ན། གསུངས་པ། མཛའ་བ་དམ་པ་ཀུན་
འདུས་པ། །ཞེས་པ་ནི་ཡང་དག་པའི་སྐྱེ་བོ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྒྱུད་གཅིག་ལས་སྤྲོས་པའི་ཕྱིར་རོ། །དེ་ཡང་བརྡས་གནས་སུམ་ཅུ་རྩ་གཉིས་སུའོ། །སྣོད་གཉིས་ཞེས་བྱ་བ་ལ་སོགས་པ་ལ་བཟའ་བ་ཞེས་པ་ནི་ཀུན་རྫོབ་ཏུ་བཟའ་བ་ལྔ་རྣམས་བཟའོ། །འདིར་ཞེས་པ་འདུས་པའི་
གནས་སུའོ། །སྣོད་གཉིས་ལྷག་མ་ཞེས་པ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་དག་ལྷན་ཅིག་ཏུ་ཟས་ལ་སྤྱོད་པ་སྟེ། གཅིག་ལ་གཅིག་གི་སྣོད་དག་ལ་འདུས་པའོ། །ནན་ཏན་དུ་ཞེས་པ་ནི་ཁ་དང་ཁ་རུ་རོལ་པའི་ཕྱིར་ཟས་ཀྱི་ཁམ་སྟེར་བའོ། །དོན་དམ་པ་ནི་རྩ་སུམ་ཅུ་རྩ་གཉིས་ལ་ལོངས་སྤྱད་པ་དང་
ཐིམ་པ་དང་དབང་དུ་བྱེད་པས་རྒྱུ་བའི་ཕྱིར་རོ། །དེས་ན་སྲོག་རྒྱུ་བ་དེས་རང་རིག་པའི་རང་བཞིན་གྱིས་འོད་གསལ་བའོ། །དེས་ནི་དྲི་མ་མེད་པའི་ཡེ་ཤེས་གཉིས་མེད་པ་དེའི་ཟས་བཟའ་བར་བྱའོ། །ནི་ཞེས་པ་ནི་ངེས་པར་གཟུང་བའོ། །དེ་བཞིན་དུ་སྣོད་གཉིས་ལྷག་མ་ཞེས་པ་ནི་བསམ་གྱིས་མི་
ཁྱབ་པ་གཉིས་པའི་ལྷག་མ་མཆོག་གི་གཉིས་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ལྕེ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་སྙིང་པོས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ཅི་གསུངས་ཤེ་ན། རྡོ་རྗེ་སྙིང་པོའི་ལན་གསུངས་པའོ། །དེ་ལ་གནས་དང་ཞེས་བྱ་བ་ལ་སོགས་
Vol. 6 · folio 235b
པ་ནི་ཕྱི་རུ་ནི་དོན་ཇི་ལྟ་བ་བཞིན་ནོ། །ནང་དུ་ནི་སྤྱི་གཙུག་ཏུ་ཛཱ་ལནྡྷ་རའོ། །དེ་བཞིན་དུ་རྣ་བ་གཡས་པར་ནི་ཨོ་ཌྱན་ནོ། །སྤྱི་བོར་ནི་པུལླཱི་རའོ། །རྒྱབ་ཀྱི་ཆར་ནི་དེ་བཞིན་དུ་ཨརྦུ་དའོ། །གནས་འདི་བཞི་ནི་ས་རབ་ཏུ་དགའ་བའོ། །དེ་བཞིན་དུ་ཉེ་བའི་གནས་བཞི་ནི་རྣ་བ་གཡོན་པར་གོ་དཱ་བ་རཱིའོ། །
སྨིན་མའི་དབུས་སུ་ནི་དེ་བཞིན་དུ་རཱ་མེ་ཤྭ་རའོ། །མིག་གཉིས་སུ་ནི་ལྷ་མོའི་མཁར་རོ། །ཕྲག་པ་གཉིས་སུ་ནི་མཱ་ལ་ཝའོ། །འདི་ནི་དྲི་མ་མེད་པའི་སའོ། །དེ་བཞིན་དུ་མཆན་ཁུང་གཉིས་སུ་ནི་ཀཱ་མ་རཱུ་པའོ། །དེ་བཞིན་དུ་ནུ་མ་གཉིས་སུ་ནི་ཨོ་ཏྲེའོ། །འདི་ནི་ཞིང་སྟེ་འོད་བྱེད་པའི་སའོ། །དེ་བཞིན་
དུ་ལྟེ་བའི་རྩ་བརྩ་བར་ནི་ཏྲི་ཤ་ཀུ་ནེའོ། །སྣའི་རྩེ་མོར་ནི་ཀོ་ས་ལའོ། །འདི་ནི་ཉེ་བའི་ཞིང་གཉིས་ཏེ། འོད་འཕྲོ་བའི་སའོ། །ཁར་ནི་ཀ་ལིངྒའོ། །མགྲིན་པར་ནི་ལམྦཱ་ཀའོ། །འདིར་བདུན་པ་སྟེ་མངོན་དུ་གྱུར་པའི་སའོ། །སྙིང་གར་ནི་ཀཱཉྩིའོ། །རྒྱུ་ཞབས་སུ་ནི་ཧི་མཱ་ལ་ཝའོ། །འདི་ནི་
ཉེ་བའི་འདུན་པ་སྟེ། སྦྱང་དཀའ་ཡི་སའོ། །དེ་བཞིན་དུ་མཚན་མར་ནི་པྲེ་ཏ་དི་ཨེ་སི་ནིའོ། །བཤང་ལམ་དུ་ནི་གྲྀ་ཧ་དེ་བ་ཏའོ། །འདི་ནི་འདུས་པ་སྟེ་རིང་དུ་སོང་བའི་སའོ། །དེ་བཞིན་དུ་བརླ་གཉིས་སུ་ནི་སཽ་རཱཥྚའོ། །རྗེ་ངར་གཉིས་སུ་ནི་སུ་བརྞ་དྭཱི་པའོ། །འདི་གཉིས་ནི་ཉེ་བའི་འདུས་པ་སྟེ། །
མི་གཡོ་པའི་སའོ། །དེ་བཞིན་དུ་རྐང་པའི་སོར་མོ་རྣམས་ལ་ནི་ནཱ་ག་རའོ། །དེ་ལ་རྐང་པ་དག་གི་བོལ་དུ་ནི་སིནྡྷུའོ། །འདི་ནི་དུར་ཁྲོད་གཉིས་ཏེ་ལེགས་པའི་བློ་གྲོས་ཀྱི་སའོ། །དེ་བཞིན་དུ་མཐེ་བོང་ནི་མ་རུའོ། །པུས་མོ་དག་ཏུ་ནི་ཀུ་ལུ་ཏཱའོ། །འདི་ནི་ཉེ་བའི་དུར་ཁྲོད་དེ་ཆོས་ཀྱི་སྤྲིན་གྱི་སའོ། །
དེ་བཞིན་དུ་སྙིང་གི་གནས་རྣམས་སུ་རྩ་བརྒྱད་རྣམས་རིམ་པ་བཞིན་ཀ་རུ་ཎ་ལ་སོགས་པ་བཞིན་དུའི་མཐར་ཐུག་པ་བཞིན་ནི་གྲོང་མཐའ་དང་ཉེ་བའི་གྲོང་མཐའ་སྟེ་མོས་པར་སྤྱོད་པའི་སའོ། །དེ་བཞིན་དུ་ཡི་དགས་འདུས་པ་ཞེས་བྱ་བ་ལ་སོགས་པ་ནི། འགྲམ་ཞེས་པའི་མཐར་ཐུག་པ་བཞི་ནི་དུར་
ཁྲོད་དང་ཉེ་བའི་དུར་ཁྲོད་དེ། འདི་ཉིད་ནི་ཀུན་ཏུ་འོད་ཀྱི་སར་ཤེས་པར་བྱའོ། །དེ་བཞིན་དུ་འདི་ཉིད་ནི་བཅུ་གསུམ་པ་རྡོ་རྗེ་འཛིན་གྱིས་ཁྱབ་པར་བྱེད་པ་ཉིད་རྣམ་པ་བརྒྱད་དེ་རྩ་བརྒྱད་དང་ཞིང་བརྒྱད་ཀྱི་ནང་དུ་འདུས་པས་སྦས་པའི་གནས་ཞེས་པ་སྟེ་ངེས་པའོ། །དེ་རྣམས་ཀྱང་དེ་ནས་ཞེས་
Vol. 6 · folio 236a
བྱ་བ་ལ་སོགས་པ་ཞིང་བརྒྱད་རྣམས་ཀྱི་གནས་རྣམས་སོ། །དེ་བཞིན་དུ་ལྷག་པར་ཞེས་པ་ནི་རྒྱུ་དང་འབྲས་བུར་འབྲེལ་བའོ། །གནས་པའི་ཞེས་པ་ནི་རྟེན་གྱི་གནས་སོ། །དེ་རྣམས་ཀྱི་ཆོ་ག་ཞེས་པ་ནི་རིམ་པ་བཞིན་ནོ། །བཤད་ཅེས་པ་ནི་སྒྲུབ་པའོ། །དེ་ལ་རྡུལ་བྲལ་ཞེས་
པ་ནི་ཤར་ཕྱོགས་ཀྱི་འདབ་མ་ལའོ། །དེའི་རྒྱ་མཚོའི་མིང་ཅན་པུརྞཱ་གི་རིར་ཙུ་ཏིའི་ཤིང་ལ་གནས་པ་དཔལ་ཆེན་མོའོ། །དེ་བཞིན་དུ་ལྷོའི་འདབ་མ་ལ་ཀོ་ཀོ་ནི་ར་སོ་མ་བ་ལིངྐ་ཞེས་པ་ཨ་ཤྭདྠའི་ཤིང་ལ་གནས་པ་སྒྱུ་མ་ཆེན་མོའོ། །དེ་བཞིན་དུ་ཡང་ནུབ་ཏུ་ཙ་རི་ཏྲི་དུ་ཀ་རཉྫའི་ཤིང་ལ་
གནས་པ་ཞིག་བྱེད་མའོ། །དེ་བཞིན་དུ་བྱང་དུ་ཨ་ཏ་ཧར་ས་ཀད་མྦའི་ཤིང་ལ་གནས་པ་ཞི་བ་དམིགས་པའོ། །དེ་བཞིན་དུ་དབང་ལྡན་དུ་དེ་ཝཱི་ཀོ་ཊཱིར་བ་ཊའི་ཤིང་ལ་གནས་པ་རྣ་བ་མུ་ཏིག་མའོ། །དེ་བཞིན་དུ་མེར་ཧ་རི་ཀི་ལིར་ཤིང་ཧ་རིའམ་པར་ཀ་ཏི་ལ་གནས་པ་རླུང་ཤུགས་མའོ། །
བདེན་བྲལ་དུ་ཨོ་ཌྱན་དུ་ཨ་ཤྭ་ཀའི་ཤིང་ལ་གནས་པ་ལྷ་མོ་ནག་མོའོ། །རླུང་དུ་ཛཱ་ལནྡྷ་རར་གསེར་ཤིང་ལ་གནས་པ་འབར་མའི་གདོང་མའོ། །འདི་རྣམས་ཀྱི་རང་བཞིན་གསུངས་པ། ཁམས་བརྒྱད་རྣམས་ཀྱི་དབང་གིས་བརྒྱད་རྣམ་པར་ཤེས་པ་ཡང་བརྒྱད་ཉིད་དེ། གནས་དང་ཤིང་ནི་
བརྒྱད་དུ་བརྟག །རྣལ་འབྱོར་མ་བརྒྱད་འདིར་འདུས་ཡང་། །ཁམས་ནི་འདུས་པར་བརྟག་པ་ཡིན། །དེ་རུ་རྩ་ནི་རྒྱུ་བ་རུ། །དུས་ནི་ཁྱད་པར་ལས་ནི་བྱ། །ཐིག་ལེ་བརྒྱད་དུ་སོང་བ་ཀུན། །རྩ་ནི་ཟླ་བའི་མིང་ཅན་ནོ། །དུས་དང་ཐིག་ལེ་དེ་བཞིན་བརྒྱད། །རྩ་ལས་ཉི་མའི་ཐིག་ལེ་སྤྲོ། །
དེ་ཡང་སྲོག་གི་མིང་ནི་བརྒྱད། །གྲོང་མཐའ་ལ་སོགས་རྣམ་པ་བརྒྱད། །དེ་རྣམས་རེ་རེ་རྣམ་གསུམ་འགྱུར། །ཉི་ཤུ་རྩ་བཞིའི་རིམ་པ་ཡིས། །ཀུ་ལུ་ཏཱ་ལ་སོགས་པར་རྒྱུད། །སྲོག་ཅེས་བྱ་བ་འགྲོ་བར་འགྱུར། །སྐུ་ཡི་འཁོར་ལོར་རྩ་རྣམས་ལ། །ཐིམ་དང་ལོངས་སྤྱོད་སོགས་རིམ་
པས། །ས་རྣམས་ལ་ནི་ལོག་པ་རུ། །དེར་ནི་རྣལ་འབྱོར་མ་སྤྱོད་དོ། །གཡས་སྐོར་དང་ནི་གཡོན་སྐོར་གྱིས། །རིམ་པ་རྒྱས་པ་ལས་ཞེས་བྱ། །ནག་པོ་ཞེས་པ་པུས་མོར་གནས། །སྒྱུ་མ་ཆེན་པོ་མཆོག་གི་མཆོག །གཙིག་མ་མཐེ་བོའི་གནས་སུའོ། །དེ་བཞིན་ཅོད་པན་སོར་མོ་
Vol. 6 · folio 236b
ལ། །མི་སྡུག་མ་ནི་རྐང་བོལ་དུ། །འབར་མ་མེ་དང་འོད་མཉམ་མོ། །རྗེ་ངར་དག་ལ་དགའ་ལས་འདས། །མཚམས་ཀྱི་རྩ་ནི་སྟེང་རྒྱུ་བ། །བརླ་གཉིས་སུ་ནི་ལོག་འདྲེན་མ། །བཤང་བའི་ལམ་དུ་རྒན་བྱས་མ། །གསང་བར་འཇིགས་པའི་གཟུགས་ཅན་མ། །དཀའ་ཟློག་ལྷ་མོ་ཆུ་སོ་རུ། །
སྙིང་གར་དབྱངས་ཅན་མ་ཉིད་དོ། །རྒྱལ་མ་ཞེས་པ་མགྲིན་གནས་སུ། །ཁ་རུ་རྣམ་རྒྱལ་མར་ཞེས་བྱ། །སྣ་རྩེར་མི་ཐུབ་མ་དེ་བཞིན། །ནུ་མ་གཉིས་ལ་ཆེ་གཟུགས་མ། །ལྷ་མོ་ཉིད་ནི་བདེ་གཟུགས་མ། །ཐམས་ཅད་དུ་ནི་བྱ་བ་བྱེད། །མཚན་མ་ཡང་ནི་རྡོ་རྗེ་འཛིན། །ལྟེ་བར་གཞན་གྱིས་
མི་ཐུབ་གནས། །ནག་མོ་བཟང་མོ་མཆན་ཁུང་དུ། །ཕྲག་པ་གཉིས་སུ་ནག་ཆེན་མོ། །མིག་དག་ལ་ནི་ནག་ཆེན་མོ། །སྨིན་མའི་དབུས་སུ་དབང་མོའོ། །རྣ་བ་གཡོན་པར་གཏུམ་མོ་ཉིད། །འཇིགས་མ་ལྟག་པའི་རྒྱབ་ཏུའོ། །རྣ་བ་གཡས་ལ་ཐོ་འཚམས་པ། །སུམ་ཅུའི་དབང་ཕྱུག་སྤྱི་
གཙུག་ཏུ། །སྤྱི་བོར་དེ་བཞིན་འདབ་ལས་སྐྱེས། །དེ་ལྟར་རྩ་ཡི་རྒྱུ་བ་ནི། །རྣལ་འབྱོར་པ་ནི་མཁས་པས་བྱ། །དེ་ལྟར་ཡང་ནི་རེ་རེ་ཡང་། །རྣལ་འབྱོར་མ་ལྔ་དུས་ལས་སྐྱེས། །མར་མེ་མ་དང་འཇིབ་བྱེད་མ། །གྲོང་ནས་རྣལ་འབྱོར་མ་ཞེས་བྱའོ། །འཇིགས་པའི་གཟུགས་དང་གཟུགས་
ཆེན་མ། །ལྔ་ཡི་སྦྱོར་བས་རྒྱ་ནི་གདབ། །དཀྱིལ་འཁོར་ལྔ་ཡི་དབྱེ་བ་ཡིས། །སྣལ་མ་ཕྲ་མོ་རྣམས་ལ་ཤེས། །དཀྱིལ་འཁོར་གྱི་ནི་ཆ་མིང་ཅན། །འདི་ཡི་དུས་ཀྱང་རབ་ཏུ་བཤད། །སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས། །བརྒྱ་ཕྲག་དྲུག་རྣམས་དང་ལྡན་པའི། །སྲོག་རྣམས་འགྲོ་
དང་འོང་བ་ཉིད། །གཉི་ག་གཅིག་ཏུ་སྡོམ་མིང་ཅན། །སེམས་ཅན་རྣམས་ཀྱི་ཉིན་མཚན་ལ། །གསུངས་པའི་དུས་ནི་བརྗོད་པ་ཡིན། །དགུ་བརྒྱ་དགུ་བརྒྱའི་དབུགས་ལ་ནི། །འཕོ་བ་རེ་རེ་ཉིད་དུ་བརྟག །དེ་ཚད་ཉི་ཤུ་རྩ་བཞི་ནི། །ཉིན་མཚན་དུ་ནི་བརྗོད་པ་ཡིན། །དགུ་བརྒྱ་པོ་ནི་འདི་དག་
ལ། །བརྒྱ་དང་བརྒྱད་ཅུ་ཕྲག་ནི་ལྔ། །དབུས་རྣམས་ཀྱི་ནི་དཀྱིལ་འཁོར་གསུངས། །མར་མེ་མ་ལ་སོགས་པ་ལྔ། །དཀྱིལ་འཁོར་རེ་རེའི་མཐའ་རུ་ནི། །ཨ་ཝ་དྷཱུ་ཏཱིའི་དཀྱིལ་འཁོར་དེའི། །དབུགས་ནི་ཕྱེད་དང་དྲུག་རྣམས་དང་། །བཞི་ཆའི་ཆ་ལྔ་པ་དང་ལྡན། །དེ་ལྟར་དུས་ནི་ཤེས་
Vol. 6 · folio 237a
པར་བྱ། །ཞེས་པ་སྟེ་ངེས་པའོ། །ད་ནི་འདུས་པའི་ཉི་མ་བསྟན་པའི་ཕྱིར། རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་དགས་ཕྱོགས་ཀྱི་ཞེས་པ་ནི་ནག་པོའི་ཕྱོགས་ཀྱིའོ། །དེ་ཡི་བཅུ་བཞི་ལ་བརྒྱད་པ། །ཞེས་པ་ལ་ཕྱིའི་རྣལ་འབྱོར་མ་རྣམས་སྔོན་བཞིན་
དུ་འདུས་པར་འགྱུར་རོ། །དེ་བཞིན་དུ་ནང་དུ་ཐིག་ལེ་བཅུ་གཉིས་འདུས་པ་སྟེ་ཁ་སྦྱོར་གྱི་སྦྱོར་བས་སོ། །འཁོར་ལོ་དྲུག་ལ་བུ་ག་གཉིས་གཉིས་ཏེ། དེ་ཡང་ཐིག་ལེའི་མིང་དུ་བརྗོད་དོ། །འཁོར་ལོ་རེ་རེའི་འོག་དང་སྟེང་དུ་བུ་ག་གཉིས་གཉིས་སོ། །དེ་ན་གཟུགས་ཅན་མ་ལ་སོགས་པ་རྣལ་
འབྱོར་མ་བཅུ་གཉིས་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་སམ། དེ་བཞིན་དུ་མཁའ་འགྲོ་མ་ལ་སོགས་པ་ས་བཅུ་གཉིས་རྣམས་ཏེ། དེ་རྣམས་འདུས་པའི་གནས་སུ་དུས་ཀྱི་དབང་གིས་སམ་འཕོ་བའི་དབང་གིས་འདུས་པ་དེ་ལ་དེ་སྐད་ཅེས་བྱའོ། །སླར་ཡང་ཐམས་ཅད་
ཀྱི་འདུས་པ་ཉིད་ནི་འདུད་པའི་རྩེ་མོར་དཔའ་བོའི་ལྕེ་དེར་ཐིམ་པར་བྱེད་དེ་སྲོག་གི་རབ་ཏུ་སྦྱོར་བས་སོ། །དེ་ནི་ས་བཅུ་གསུམ་པའོ། །དེ་དག་གཉིས་མེད་པར་སོང་བ་དེ་ནི་བཅུ་བཞི་པ་སྟེ། རྣལ་འབྱོར་མ་རྣམས་འདུས་པའི་ཉི་མ་ཞེས་དགོངས་སོ། །དེ་བཞིན་དུ་བརྒྱད་པ་ལ་ཞེས་པ་སྐུ་དང་གསུང་
དང་ཐུགས་ཀྱི་འཁོར་ལོ་རྣམས་ལ་ཐིག་ལེ་དྲུག་འགོག་པའི་ཕྱིར་རོ། །སྡོང་བུའི་བུ་གའི་སྟེང་དུ་སེམས་ཐིམ་པས་ཐིག་ལེ་བདུན་པའི་མིང་དུ་འགྱུར་རོ། །བརྒྱད་པ་ནི་སྔོན་བཞིན་དུ་གཉིས་མེད་པར་ཤེས་པར་བྱ་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་འདི་ཉིད་དུ་ཤ་ཟ་བའི་ཕྱིར་རོ་རྣམས་གསུངས་
ཏེ། རྒྱལ་མཚན་དང་ནི་མཚོན་གྱིས་གསད། །ཅེས་བྱ་བ་ལ་སོགས་པ་ནི་འདིར་གཡུལ་དུ་རྣམ་པར་རྟོག་པ་མེད་པར་མཚོན་ཆ་འདེབས་པའི་དཔའ་བོ་མཚོན་གྱིས་བསྣུན་པ་དེ་ནི་རྒྱལ་མཚན་ཏེ། སྐྱེས་བུ་མཆོག་བདུན་གྱི་རྒྱལ་མཚན་ལྟ་བུའོ། །གང་གི་ཕྱིར་སྐྱེ་བ་བདུན་པ་དེ་ནི་ལན་བདུན་དུ་
མའི་ལུས་སུ་འོངས་པ་སྟེ། སེམས་ཅན་རྣམས་ཀྱི་དངོས་གྲུབ་ཀྱི་དོན་དུའོ། །དེས་ན་རྒྱལ་པོ་ལ་སོགས་པས་ཚར་བཅད་པའམ། དེ་ཡང་འགེགས་པའམ་མདུང་གིས་ཕུག་པ་ལ་སོགས་པའོ། །དེའི་ཤ་ཟོས་པ་ཙམ་གྱིས་མཁའ་ལ་སྤྱོད་པར་འགྱུར་ཏེ། གཞལ་དུ་མ་ཡིན་ཞེས་པ་ནི་ངེས་
Vol. 6 · folio 237b
པའོ། །ངེས་པའི་དོན་དུ་རྒྱལ་མཚན་ཞེས་པ་ནི་ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་མཚོན་ཆས་བསྣུན་པ་སྟེ་གཞིག་པའོ། །སྐྱེ་བ་བདུན་པའི་ཁྱད་པར་ཉིད། །ཅེས་པ་ནི་ཐིག་ལེའི་རྣལ་འབྱོར་ལས་བྱུང་བའི་བྱང་ཆུབ་སེམས་སོ། །དེ་བཞིན་དུ་རང་རིག་པའི་དུས་སུ་འབད་དེ། སྙིང་རྗེ་བསྐྱེད་
ཅེས་པ་ནི་སྙིང་རྗེ་བསྐྱེད་པར་བྱ་བའོ། །མཁས་པས་གསད་ཅེས་པ་ནི་བློ་དང་ལྡན་པས་ཨ་ཝ་དྷཱུ་ཏཱིའི་ནང་དུ་ཐིམ་པར་བྱ་ཞེས་པའི་དོན་ཏོ། །དེ་བཞིན་དུ་སྙིང་རྗེ་དང་བྲལ་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་འགྲུབ་པར་མི་འགྱུར་རོ། །སེམས་ཅན་གྱི་དོན་བྱ་བའི་ཕྱིར། ཇི་ལྟར་བདག་
བཞིན་ཞེས་པ་ལ་སོགས་པ་གསུངས་པ་ནི་གོ་སླའོ། །དེ་ལྟར་ཡང་གསུངས་པ། ལྟེ་བའི་གནས་དང་ཉེ་གནས་ཡིན། །ཞིང་དང་དེ་བཞིན་ཉེ་ཞིང་སྙིང་། །འདུས་པ་དང་ནི་ཉེ་འདུས་པ། །མགྲིན་པའི་འཁོར་ལོ་ཡང་དག་གསུངས། །འདུན་པ་དང་ནི་ཉེ་འདུན་པ། །དཔྲལ་བ་རུ་ནི་སོ་
དེ་བཞིན། །དུར་ཁྲོད་དང་ནི་ཉེ་དུར་ཁྲོད། །གཙུག་ཏོར་དུ་ནི་ཡང་དག་གནས། །དེ་བཞིན་ཡེ་ཤེས་འཁོར་ལོ་ལ། །གྲོང་མཐའ་ཉེ་བའི་གྲོང་མཐའ་ཉིད། །དེ་ལྟར་ས་ནི་བཅུ་གཉིས་གནས། །ཨ་ཝ་དྷཱུ་ཏཱིའི་བཅུ་གསུམ་པ། །རྡོ་རྗེ་འཛིན་པའི་ས་ནི་འདིར། །རྣལ་འབྱོར་མ་རྣམས་ཀྱང་
འདུས་པའོ། །ཐ་མལ་པ་ཡི་བག་ཆགས་ཀུན། །བསྡུས་པ་གཉིས་སུ་མེད་སོང་བ། །རྒྱལ་མཚན་ཞེས་པ་འདི་རུ་བརྗོད། །ཚོགས་ཀྱིས་བསྣུན་པ་རྣམ་དཔྱད་པའོ། །རྣམ་ཤེས་བདུན་ནི་ཐག་བསྲིངས་པ། །སྐྱེ་བ་བདུན་པར་རབ་ཏུ་གྲགས། །སྙིང་རྗེ་ཀུན་གཞི་རྣམ་ཤེས་ཏེ། །མ་རིག་
པ་ཉིད་རྟག་ཏུ་གསད། །སྙིང་རྗེ་དེ་ཡི་རིགས་བཟང་པོ། །དེས་ན་དང་པོའི་བག་ཆགས་སྤངས། །གང་ཕྱིར་མ་རིག་ཟད་པ་ཉིད། །དེ་ཕྱིར་སྙིང་རྗེའི་རྣམ་པ་དེ། །སྙིང་རྗེ་མེད་ན་མི་འགྲུབ་པས། །རྣལ་འབྱོར་པ་ཡིས་རྟག་བསྟེན་བྱ། །ཞེས་པ་ནི་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་
རྒྱལ་པོའི་རྟོག་པ་ལྔ་པའི་རབ་ཏུ་བྱེད་པ་དང་པོ་འདུས་པ་ལ་སོགས་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་སྟེ། དང་པོ་བསྟན་པའོ།། །།ད་ནི་ཨ་ཝ་དྷཱུ་ཏཱིའི་ནང་གི་བདེ་བ་ལ་བརྟེན་ནས་པདྨ་དེ་ཉིད་མིང་གི་མཚན་ཉིད་བསྟན་པའི་ཕྱིར།
Vol. 6 · folio 238a
གསང་བའི་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བཅོམ་ལྡན་འདས་ཀྱི་གཞུང་ལུགས་རྡོ་རྗེ་སྙིང་པོ་ཞེས་པ་ཉན་པར་འདོད་པའོ། །ཡེ་ཤེས་དབང་པོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ཁྱད་པར་རོ། །གསང་བའི་པདྨ་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའོ། །དེའི་མཚན་
ཉིད་ཅེས་པ་ནི་རང་གི་ངོ་བོ་ལ་འཇུག་པའོ། །དེ་ཉིད་ཀྱི་སེམས་དང་ཡེ་ཤེས་བསྲེས་པའི་ཞེས་པ་ནི་རྡོ་རྗེ་འཛིན་པའི་རྣལ་འབྱོར་ཆེན་པོ་ཨ་ཝ་དྷཱུ་ཏཱིའི་ཡེ་ཤེས་དང་རྣམ་པར་ཤེས་པ་གཉིས་མེད་པ་ཉིད་དུ་འདྲེས་པའི་ཕྱིར་རོ། །དེའི་ཕྱིར་བཅོམ་ལྡན་འདས་བདག་ལ་ཐེ་ཚོམ་མ་མཆིས་ཞེས་པའི་
དོན་ཏོ། །མངོན་པར་བྱང་ཆུབ་པའི་རིམ་པ་ཅི་འདྲ་ཞེས་པ་ནི་གཉིས་མེད་པ་ལས་གཞན་ནས་གྲུབ་པའི་མཐའ་མེད་པ་དེས་ན་འདིར་གཉིས་མེད་པར་རྫོགས་པའི་བྱང་ཆུབ་ཀྱི་རིམ་པའམ། ཡང་ན་འདིར་བསྒྲུབ་པར་བྱ་བ་ཅི་གཞན་ཅུང་ཟད་ཅིག་ཡོད། བདག་ལ་སོམ་ཉི་མཆིས་ཏེ།
དེས་ན། བཅོམ་ལྡན་འདས་ལ་ཉན་པར་འཚལ། །ཞེས་སྦྱར་རོ། །དེ་ཉིད་ཀྱིས་ཞུས་པའི་ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་གནས་བཞིའོ། །ཡིད་དུ་འོང་བའི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞིས་མདོར་
བསྟན་པ་སླར་བཤད་པའི་ཕྱིར། གནས་བཞི་ལ་བརྟེན་པའི་གཉིས་མེད་པའི་ཡེ་ཤེས་ནི་རྫོགས་པའི་བྱང་ཆུབ་ཀྱི་རིམ་པ་ཞེས་དགོངས་སོ། །དེ་བཞིན་དུ་མཉམ་པ་ཉིད་ཅེས་པ་ནི་དངོས་པོ་ཐམས་ཅད་རང་ཉིད་ལས་འབྱུང་བའང་ལུས་དང་ངག་དང་སེམས་ཀྱི་གཟུགས་ཉིད་དེ། ཇི་
ལྟར་བདག་བཞིན་ཞེས་པ་ལ་སོགས་པའི་རིགས་སོ། །དེའི་ཕྱིར་འདོད་ཆགས་ལ་སོགས་པའི་སེམས་རིང་དུ་བྱ་ཞེས་པའོ། །སོགས་པའི་སྒྲས་ནི་ཞེ་སྡང་དང་གཏི་མུག་ལ་སོགས་པ་ཡོངས་སུ་སྤང་བར་བྱ་ཞེས་པའི་དོན་ཏོ། །དེ་བཞིན་དུ་བདེ་བའི་སྟན་ལ་ཞེས་པ་ནི་རང་རིག་པའི་གཞིར་
བྱས་བའོ། །ཡིད་དུ་འོང་བ་ཞེས་བྱ་བ་ནི་སྔོན་དུ་གསུངས་པའི་གནས་དང་ཉེ་བའི་གནས་ལ་སོགས་པའི་གནས་རྣམས་སུ་ནང་གི་སྲོག་རྒྱུ་བའི་ཕྱིར་བདེ་བ་ཉམས་སུ་མྱོང་བར་འགྱུར་བའོ། །དེ་བཞིན་དུ་བརྟན་པ་དང་གཡོ་བ་ཞེས་བྱ་ལ་སོགས་པ་ནི་སྣོད་ཀྱི་འཇིག་རྟེན་དང་བཅུད་
Vol. 6 · folio 238b
ཀྱི་འཇིག་རྟེན་རྣམས་མ་རིག་པས་སྤྲུལ་པའི་ཕྱིར་སྙིང་རྗེ་བར་དགོངས་སོ། །དེ་བཞིན་དུ་མགོ་མེད་ཅེས་པ་ནི་འབྱང་བའི་རྩེ་མོ་འོག་ཏུ་བལྟས་པ་མགོར་བྱས་ཏེ། དེ་ལ་བརྟེན་པའི་སྒྲ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །ཨ་ཝ་དྷཱུ་ཏཱིའི་པདྨ་ཞེས་པ་ནི་དེའི་ནང་དུ་གནས་པའི་རླུང་ངོ་། །དེ་བཞིན་དུ་ཆ་དང་
སྣ་ཚོགས་ཞེས་པ་ནི་ཨཱ་ལི་དང་ཀཱ་ལིའི་རང་བཞིན་གྱི་རྩ་སྟེ། དེ་རྣམས་ཀྱི་རང་བཞིན་དང་མཚན་ཉིད་ནི་གཟུགས་བརྙན་གྱི་རང་བཞིན་ལྟ་བུའོ། །དེས་ན་སྐུ་གསུང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། ཨོཾ་ཨཱཿཧཱུཾ་ལྡང་བ་ལ་སོགས་པ་གསུམ་སྟེ་དེ་རྣམས་ཀྱང་ཐིམ་པར་བྱའོ། །རིལ་
པོའི་སྦྱོར་བ་ཡིས་ཞེས་པ་ནི་དབྱིབས་ཀྱི་རླུང་བསྡུས་པའི་ཕྱིར་རོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ཞེས་པ་ནི་རྡོ་རྗེའི་རླུང་ངོ་། །རང་ཉིད་འགྱུར་ཞེས་པ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་འགྱུར་བའོ། །དེས་ན་ཆུའི་ཁམས་ཞེས་པ་ནི་ཨོཾ་ལ་སོགས་པ་གསུམ་
ལས་ཀྱི་རླུང་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །དེ་བཞིན་དུ་མེའི་ཁམས་ཞེས་པ་ནི་དབྱིབས་ཀྱི་རླུང་ངོ་། །དེ་གཉིས་གང་དག་གཅིག་པ་ཉིད་སེམས་དཔའ་ཐིམ་པ་གཉིས་མེད་པར་རོ་མཉམ་པ་དམིགས་པ་མེད་པའི་ཡེ་ཤེས་སོ། །དེ་ཡང་རྡོ་རྗེ་ལྟ་བུ་མཆོག་སྟེ་ཕུལ་དུ་བྱུང་བ་བསམ་གྱིས་
མི་ཁྱབ་པ་གཉིས་མེད་པའི་གོ་འཕང་སྟེ་གནས་དང་བརྟེན་དེ་རྣམ་པ་བཞི་ཞེས་པའི་དོན་ཏོ། །དེ་བཞིན་དུ་ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ། དབང་པོ་དྲུག་ཅེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ལྷའི་དབང་པོ་རྣམས་ཏེ་སྐུ་མཐོང་བ་སོ་སོར་རྟོགས་པས་གནས་བཞི་ལ་སོགས་པའི་ནང་ན་
གཙོ་བོའོ། །དེས་ན་སྦྱོར་བའི་ཡན་ལག་དྲུག་བསྟན་ཏོ། །དེའི་ཕྱིར་སངས་རྒྱས་གཟུགས་ཞེས་པ་ནི་མཐོང་བའི་དུས་ཀྱི་མིང་ངོ་། །དེ་གཞན་ཡང་མིག་ལ་སོགས་པས་དམིགས་པ་དེ་ཐམས་ཅད་ནི་སེམས་ལས་བྱུང་བའི་དངོས་པོ་སྟེ། དེ་བས་ལྷ་དང་མི་ལ་སོགས་པ་འབྱུང་བའི་དོན་ཏོ། །
དེ་བཞིན་དུ་ཡང་དག་ཅེས་བྱ་བ་ལ་སོགས་པ་ལ། བསྟན་བཅོས་ཞེས་པ་ནི་ཡང་དག་པའི་སྔོན་དུ་གསུངས་པའི་ཚུལ་གྱིས་ཉམས་སུ་མྱོང་བ་སྟེ། ཡན་ལག་དྲུག་གི་སྦྱོར་བས་སངས་རྒྱས་ཀྱི་སྐུ་མཐོང་བའོ། །དེས་ན་དེ་ཉིད་ཀྱི་ཞེས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་སྣ་ཚོགས་པའི་
Vol. 6 · folio 239a
བསྟན་བཅོས་རྣམས་ཀྱིའོ། །དེས་ན་སློབ་དཔོན་ཞེས་པ་ནི་བླ་མ་དམ་པའི་ཁ་ལས་ཤེས་པར་བྱའོ། །ལུང་གི་རྗེས་འགྲོ་བ་ཞེས་པ་ནི་སྔོན་དུ་གསུངས་པའི་བསྟན་བཅོས་རྣམས་རྗེས་སུ་རྟོགས་པའོ། །གསང་བའི་དེ་ཉིད་སྟོན་དངོས་ཀྱང་། །ཞེས་པ་ནི་དེའི་དོན་གྱི་དེ་ཁོ་ན་
ཉིད་ཀྱི་དངོས་པོ་བླ་མའི་མན་ངག་གོ། །ཡང་གིས་ནི་སློབ་དཔོན་མང་པོ་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་སྟོང་པའི་ཞེས་བྱ་བ་ལ་སོགས་པ་ནི་གསུངས་པའི་སྟོང་པའི་མཚན་ཉིད་བསམ་གྱིས་མི་ཁྱབ་པ་གཉིས་མེད་པའི་ཡེ་ཤེས་སོ། །ཐམས་ཅད་ཅེས་པ་
ནི་བརྟན་དང་གཡོ་བའི་དངོས་པོ་རྣམས་སྟོང་པའོ། །སྟོང་པའི་དེ་ཉིད་རྣམས་ཞེས་པ་ནི་གནས་དང་ཉེ་བའི་གནས་ལ་སོགས་པ་རྒྱུ་བའི་དུས་སུ་ཨ་ཝ་དྷཱུ་ཏཱིར་འཇུག་པའོ། །དེས་ན་སྟོང་པའི་དེ་ཉིད་རྣམས། །ཞེས་མང་པོའི་ཚིག་སྨོས་སོ། །དེས་ན་མཚན་ཉིད་ཅེས་པ་ནི་དངོས་པོ་ཐམས་ཅད་
སྟོང་པའི་མཚན་ཉིད་དུ་རྟོགས་པར་བྱའོ། །དེ་བཞིན་དུ་དྲི་མ་བཀྲུས་པ་ཞེས་བྱ་བ་ལ་སོགས་པ་ལ་དྲི་མ་ཞེས་པ་ནི་ལུས་ལ་འདོད་ཆགས་ལ་སོགས་པས་སྦགས་པའོ། །དེའི་ཕྱིར་དྲི་མ་བཀྲུས་པས་གཉིས་མེད་པའི་ཡེ་ཤེས་ཐོབ་པའོ། །དེར་རྫོགས་པ་ཡི་བྱང་ཆུབ་རིམ་པས་གཙོ། །ཞེས་པའི་
ཚུལ་འདིས་ནི་ཟླ་བ་ལ་སོགས་པ་གསུངས་ཏེ། ཟླ་བའི་དཀྱིལ་འཁོར་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་ནང་དུ་བྱང་ཆུབ་ཀྱི་སེམས་ཀྱི་དབུས་སུ་ཡེ་ཤེས་སེམས་དཔའ་ཞེས་པ་སྒྱུ་མའི་རྣམ་པའི་ཡེ་ཤེས་ཀྱི་སྐུ་བསམ་པར་བྱའོ། །དེ་ལྟར་ཟླ་བའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཆུ་ཤིང་ཞེས་བྱ་བ་
ལ་སོགས་པ་ལ་ཆུ་ཤིང་གི་མེ་ཏོག་ལྟ་བུ་འཕྱང་བཞིན་པ་ཁ་འོག་ཏུ་བལྟས་པ་ལ་སོགས་པར་གསུངས་པའོ། །ལྟེ་བ་ནས་ཞེས་པ་ནི་སྙིང་ག་ནས་ལྟེ་བའི་གནས་སུ་མགོ་འཕྱང་བཞིན་པའི་ཕྱིར་ཞེས་དགོངས་སོ། །དེ་ཡང་ཡེ་ཤེས་སེམས་དཔའི་སྙིང་གར་ཏིང་ངེ་འཛིན་སེམས་དཔའི་མིང་ཅན་
བསྒོམ་པར་བྱའོ། །སྔོན་བཞིན་ཞེས་པ་ནི་ཡེ་ཤེས་སེམས་དཔའ་བཞིན་དུ་ཆོས་ཀྱི་སྐུ་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ། །སྤྲོ་ཞེས་པ་ནི་ཡེ་ཤེས་སེམས་དཔའི་སྙིང་ག་ནས་ཆོ་ག་བཞིན་སྤྲོ་བའོ། །པདྨའི་སྔོན་དུ་ཞེས་པ་ནི། པདྨའི་མདུན་ཏེ་ལྟེ་བའི་གནས་སུ་བསྒོམ་པར་བྱའོ། །དེ་བཞིན་དུ་འདབ་
Vol. 6 · folio 239b
མ་བརྒྱད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ས་བོན་ཡི་གེ་དགོད་པར་བྱ། །ཞེས་པ་ནི་དབུས་སུ་ཧཱུཾ་ཞེས་པ་དགོད་པར་བྱའོ། །བརྡའི་སྐད་ཀྱིས་དོན་དམ་པར་ཡི་གེ་ཞེས་པ་ནི་མི་འཛགས་པའི་ཡེ་ཤེས་ཀྱི་ཁུ་བའོ། །བྱང་ཆུབ་སེམས་འགུགས་པའི་དུས་སུ་ཡང་བཅོམ་ལྡན་འདས་ཨའི་རྣམ་པ་
དམིགས་པར་བྱའོ། །དེ་ཉིད་ཀྱིས་ན་དབུས་སུ་མེའི་གདན་ལ། །ཞེས་པ་ནི་གཏུམ་མོ་བསྒོམ་པར་བརྗོད་པས་མེའི་གདན་དུ་འགྱུར་རོ། །དེའི་དབུས་སུ་ཞེས་པ་ནི་གཏུམ་མོ་ལ་ཕྱག་གཉིས་ཞེས་བྱ་བ་ལ་སོགས་པ་བསྒོམས་ཏེ། སླར་ཡང་དེའི་དབུས་སུ་བསྒོམས་ནས་ཕྱག་གཉིས་ལྟེ་བའི་གནས་
སུ་རྣམ་པར་ཤེས་པ་ཞེས་པ་རང་རིག་པའི་བདེ་བའི་རང་བཞིན་བདག་ཉིད་ཀྱི་རིག་པར་བྱའོ། །ཡེ་ཤེས་ཞེས་པ་ནི་དངོས་པོ་ཐམས་ཅད་དེའི་རང་བཞིན་རིག་པའི་གཉིས་སུ་མེད་པས་སྤྲོས་པའོ། །དེ་བཞིན་དུ་འདབ་མ་བརྒྱད་ལ་ལྷའི་ཡི་གེ་དགོད་པའི་ཕྱིར། སྔོན་དུ་བྱམས་པ་ལ་སོགས་པ་གསུངས་
ཏེ། དབྱངས་ཡིག་ཐོག་མ་ལ་སོགས་པ་ཞེས་བྱ་བ་ནི་ཤར་གྱི་འདབ་མ་ལ་ཨའོ། །དེ་བཞིན་དུ་ལྷོར་ཨཱའོ། །ནུབ་ཏུ་ཨཾ་ཤེས་པར་བྱའོ། །དེ་བཞིན་དུ་བྱང་དུ་ཨཿའོ། །དེ་བཞིན་དུ་མེ་ལ་སོགས་པའི་མཚམས་རྣམས་སུ་མ་ནིང་བཞི་ཞེས་པ་རྀ་རཱྀ་ལྀ་ལཱྀའོ། །དེ་ལྟར་ཐམས་ཅད་ཁ་དོག་དཀར་
པོ་ཟླ་བའི་འོད་ཟེར་དང་ལྡན་པའོ། །དེ་བཞིན་དུ་ཤར་དང་མེ་དག་ཏུ་མི་བསྐྱོད་པ་དང་བྱམས་པ་ཞེས་པའི་ལྷ་མོའོ། །དེ་བཞིན་དུ་ལྷོ་དང་བདེན་བྲལ་དག་ཏུ་རིན་ཆེན་འབྱུང་ལྡན་དང་སྙིང་རྗེའོ། །ནུབ་དང་རླུང་དག་ཏུ་འོད་དཔག་མེད་དང་དགའ་བའོ། །དེ་བཞིན་དུ་བྱང་དང་དབང་ལྡན་དག་ཏུ་དོན་ཡོད་གྲུབ་
པ་དང་བཏང་སྙོམས་སོ། །དེ་ལྟར་ཡི་གེ་བརྒྱད་ཡོངས་སུ་གྱུར་པ་ལས་ལྷ་བརྒྱད་བསྒོམ་པར་བྱའོ། །རྣམ་པར་ཤེས་པ་བརྒྱད་རྣམས་ཀྱི་རྣམ་པ་བསྟན་པའི་ཕྱིར། ཤིན་ཏུ་ཕྲ་བའི་མཆོག་ཏུ་མི་འགྱུར་བའི་རྣལ་འབྱོར་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་དེའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་
འཁོར་པ་དེ་རྣམས་ཀྱི་སྙིང་གར་གནས་པའོ། །སེམས་ཅན་རྣམས་ཀྱི་ཡི་གེ་ཞེས་པ་སྔོན་དུ་གསུངས་པའི་ཡི་གེ་བརྒྱད་ལྷ་རྣམས་ཀྱི་རང་རང་གི་ཡི་གེ་རྣམས་བསྒོམ་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡི་གེ་རྣམས་ཁ་དོག་དཀར་པོའི་འོད་ཟེར་དཀར་པོ་འགྱེད་པར་བསམས་
Vol. 6 · folio 240a
ཏེ། གཉིས་སུ་མེད་པ་རྫོགས་པའི་བྱང་ཆུབ་ཀྱི་རིམ་པ་བསམ་པར་བྱ་སྟེ་ཞེས་པའི་དོན་ཏོ། །སེམས་ནི་ངོ་མཚར་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྡོ་རྗེ་སྙིང་པོ་ལ་སོགས་པས་སོམ་ཉི་སྐྱེ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ལ་ཞུས་པའོ། །བཤད་དུ་གསོལ་ཞེས་པ་ནི་ཐེ་
ཚོམ་བསལ་བའི་ཕྱིར་དོན་ཏོ། །དེ་ཅི་ཞེ་ན་སྟོང་པའི་མཚན་ཉིད་མེད་པ་ཞེས་གསུངས་ཏེ། བསམ་དུ་མེད་གཉིས་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་ཐོག་མ་མེད་པ་ནས་རྣམ་པར་མི་རྟོག་པ་བག་ཆགས་མེད་པར་ཆོས་ཀྱི་སྐུ་སྟོང་པའི་རྣམ་གྲངས་འགྱུར་བ་མེད་པ་གང་གི་ཕྱིར་
རྟོག་པའི་དབང་གིས་འཁོར་བའི་ཆོས་འདོད་ཆགས་ལ་སོགས་པ་དེ་རྣམས་རང་བཞིན་མེད་པའི་ཕྱིར་རྣམ་པར་མི་རྟོག་པའོ། །དེའི་ཕྱིར་གཉིས་མེད་པ་དེའི་ཚེ། དེ་ཉིད་ཇི་ལྟར་སྦྱོར་སོགས་ཡི་གེ་ཞེས་པ་བསྒོམ་པའི་ཕྱིར་རྫོགས་པའི་བྱང་ཆུབ་ཀྱི་རིམ་པར་བགྱི། དེ་ཉིད་བཅོམ་ལྡན་འདས་ཀྱིས་
གསུངས་པ། དེ་ཉིད་ཇི་བཞིན་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་བོད་པའོ། །ཇི་བཞིན་ཞེས་པ་ནི་ཇི་ལྟ་བུའི་ཚུལ་གྱིས་སོ། །དེ་ཁོ་ན་ཞེས་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་གཉིས་དབྱེར་མེད་པ་བསམ་གྱིས་མི་ཁྱབ་པའི་མཚོན་ཆ་ཉིད་དོ། །དེའི་མཚན་ཉིད་ནི་ཞེས་པ་ནི་
མན་ངག་ཇི་ལྟ་བ་བཞིན་བཤད་པར་བྱའོ། །སྙིང་པོ་མེད་ཅེས་པ་ལ་སོགས་པ་འདིར་དཔེ་བསྟན་ཏེ། ཇི་ལྟར་རྣམ་པར་རྟོག་པ་འདི་བསྒོམ་པ་ལ་རྣམ་པར་མི་རྟོག་པ་བསྒྲུབ་པར་བྱའོ། །ཡང་ན་དངུལ་ཆུ་བསྒྲུབ་པ་ལ་རྫས་སྙིང་པོ་རྣམས་ཀྱི་ནང་ནས་སྙིང་པོ་མ་ཡིན་པའི་རྫས་རྣམས་གཟག་པར་
བྱའོ། །སྙིང་པོ་མ་ཡིན་པ་དེ་རྣམས་དང་པོ་ཉིད་དུ་སྦྱར་བར་བྱའོ། །ཇི་ལྟར་བདུད་རྩི་རྩོམ་པའི་དུས་སུ་འགྲོ་བ་བཞིན་ཞེས་པ་ནི་གཟག་པར་བྱ་ཞེས་པའོ། །བཞིན་གྱི་སྒྲས་ནི་སླར་ཡང་དེ་ཉིད་ཀྱི་དཔེ་གསུངས་པ། འདིར་བུད་མེད་དང་སྐྱེས་པ་ཡང་དག་པར་སྦྱར་བ་ལས་དང་པོ་ཉིད་དུ་འདོད་པའི་
བསྟན་བཅོས་ཀྱི་ཚུལ་གྱིས་བྱེད་པ་ལ་སོགས་པ་བྱའོ། །དེ་ཉིད་ཀྱང་སྙིང་པོ་མ་ཡིན་པའི་བྱེད་པ་རྣམས་ཀྱིས་བདེ་བའི་རང་བཞིན་སྙིང་པོ་དེ་ཉིད་རྩོམ་ལ་ཇི་ལྟར་དག་པ་ལ་སོགས་པའི་དཔེ་ལ་སྙིང་པོར་གྱུར་པའི་ནི་ལྷན་ཅིག་སྐྱེས་པའི་དག་པའོ། །དེ་ཡང་ཁུ་བ་ལ་བརྟེན་པ་དེའི་གྲོལ་བ་བཞིན་ཞེས་པ་ནི་
Vol. 6 · folio 240b
འཛག་པའི་དུས་བཞིན་དུ་བདེ་བ་བསམ་གྱིས་མི་ཁྱབ་པའོ། །དབུས་སུ་ཞེས་པ་ནི་རྡོ་རྗེ་དང་པདྨའི་དབུས་སུ་མཚོན་པའོ། །དེ་ཡང་རྣམ་པར་ཤེས་པའི་མིང་ཅན་ནོ། །དེ་ཡང་བསམ་དུ་མེད་པ་གཟུགས་མེད་པ་བསྟན་པའི་ཚིག་གི་སྦྱོར་བས་རྣམ་པར་ཤེས་པ་ཞེས་པ་ཙམ་འདི་ཉིད་དུ་གཞག་པའི་
ཕྱིར་ཤེས་པ་ཐམས་ཅད་ཀྱི་རང་བཞིན་གྱི་ཕྱིར་གཟུགས་ཉིད་དོ། །དེའི་ཕྱིར་དོན་དམ་པའི་ཕྱོགས་སུ་དེ་ཉིད་སྔོན་དུ་གསུངས་པའི་བཅོམ་ལྡན་འདས་ཀྱི་སྐུ་དམིགས་པར་བྱའོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར་མཚོན་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མཚན་ཉིད་ཅེས་
པ་ནི་ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་མཚོན་པ་མེད་པའོ། །དེ་ཅི་ལྟར་ཞེ་ན་གསུངས་པ། རང་གི་རང་བཞིན་གྱི་མ་གྲུབ་པའི་ཕྱིར་རོ། །དེ་ཉིད་དུ་གསུངས་པའི་ཡེ་ཤེས་སྐུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འོན་ཀྱང་བྱིས་པའི་རྣལ་འབྱོར་པ་རྣམས་གཞུགས་པའི་དོན་དུ། ལྷའི་གཟུགས་
བསྒོམ་པར་བྱ་ཞེས་པ་ནི་ཚིག་ཙམ་མོ། །དེས་ན་གཞན་ཡང་རྣལ་འབྱོར་པ་ཁྱད་པར་ཅན་རྣམས་ཀྱི་གཟུགས་ཞེས་བྱ་བ་ལ་སོགས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་སྟོང་པའི་དབུས་སུའོ། །གཟུང་ཞེས་པ་ནི་སྔོན་དུ་གསུངས་པའི་ཨ་ཝ་དྷཱུ་ཏཱིའི་དབུས་སུ་བསྒོམ་པ་གཟུང་བར་
བྱ་ཞེས་པའི་དོན་ཏོ། །རྣལ་འབྱོར་ཅན་གྱིས་དེ་ཉིད་ཞེས་པ་ནི་འདིར་གང་གི་ཕྱིར་སྔོན་གྱི་བག་ཆགས་ཉིད་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་ལུས་གྲུབ་བོ། །དེའི་ཕྱིར་རྣམ་པར་རྟོག་པ་ལ་དངོས་གྲུབ་མེད་དེ་སེམས་མང་བ་ཉིད་ཀྱི་ཕྱིར་སེམས་ཅན་རྣམས་ཀྱི་ཕུང་པོར་འགྱུར་བའོ། །དེས་ན་འདིར་ཡང་
སྔོན་དུ་གསུངས་པའི་སྦྱོར་བའི་ཡན་ལག་དྲུག་གིས་དབང་པོ་དྲུག་ཁ་ནང་དུ་ཕྱོགས་པས་སངས་རྒྱས་ཀྱི་སྐུ་རྣམས་བསྒོམ་པར་བྱའོ། །དེ་དང་ལྡན་པའི་རྣལ་འབྱོར་པ་ནི། རྣལ་འབྱོར་ཅན་གྱིས་དེ་ཉིད་ཅེས་པའི་ཚུལ་ལོ། །དེ་བཞིན་དུ་གང་གིས་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་
ཅེས་པ་ནི་སངས་རྒྱས་ཀྱི་སྐུ་རྣམས་ཀྱིའོ། །མཚན་ཉིད་ཅེས་པ་ནི་ཁ་དོག་དང་མཚན་མ་ལ་སོགས་པའོ། །ཤེས་བྱས་ནས་ཞེས་པ་ནི་རྟོགས་པར་བྱས་ནས་སོ། །མཉམ་པ་ཉིད་ཀྱི་སེམས་ཀྱིས་ནི། །ཞེས་པ་ནི་གང་སེམས་ཅན་ཐམས་ཅད་སེམས་ལས་བྱུང་བ་དེ་རྣམས་དེའི་རང་བཞིན་
Vol. 6 · folio 241a
དུ་བྱེད་པ་ནི་མཉམ་པ་ཉིད་སྣ་ཚོགས་པ་སངས་རྒྱས་ཀྱི་གཟུགས་ཞེས་པའི་དོན་ཏོ། །དེ་ལྟར་དེའི་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པ་དེའི་ཞེས་པ་དེ་ལ་དེ་སྐད་ཅེས་བྱའོ། །ད་ནི་བསྟན་བཅོས་དང་རྗེས་སུ་མཐུན་པའི་མན་ངག་བསྟན་པའི་ཕྱིར། བླ་མའི་མན་ངག་
ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལམ་ཞེས་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་མོ། །དེའི་ཡེ་ཤེས་རྣམས་ཞེས་པ་ནི་བསྟན་པ་དང་སྟོན་པའི་འབྲེལ་པའོ། །དེས་ན་གཟུགས་ཉིད་དེ་ཞེས་པ་ནི་སྣང་བ་ཉིད་སྒྱུ་མ་ལྟ་བུའོ་ཞེས་པ་སྟེ་ངེས་པའོ། །དེའི་ཕྱིར། བསྟན་
བཅོས་ལས་ནི་མཚན་ཉིད་བསྟན། །ཞེས་པ་ནི་དེ་ཡང་ངག་གི་སྒོ་ནས་ཤེས་པར་བྱའོ། །དེ་ཁོ་ན་ཉིད་ཅེས་པ་ནི་བླ་མ་སྣ་ཚོགས་པའི་མན་ངག་རྣམས་སོ། །དེ་ཡང་དཔའ་བོས་བཤད་ཅེས་པ་ནི་སྔོན་གྱི་ལས་དང་འབྲེལ་བའི་ཕྱིར་རོ། །རང་གི་སེམས་ཉིད་བསྒོམས་པས་རྣམ་པར་མི་རྟོག་པའི་
བླ་མའོ། །ཡེ་ཤེས་སེམས་དཔའི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་དེའི་བཤད་པ་ནི་འོག་ནས་འཆད་པར་འགྱུར་རོ། །དེས་ན་བསྒོམ་པར་བྱའོ། །དེ་ཅི་ཞེ་ན་གསུངས་པ། འདིའི་ཞེས་བྱ་བ་སོགས་པ་ལ་སྒྲོགས་པ་ལྔ་ཞེས་པ་ནི་མི་གསལ་བའི་མཚན་མའོ། །འོན་ཀྱང་མཆོད་རྟེན་གྱི་སྒྲས་
སྙིང་ག་དང་མགྲིན་པ་དང་ལྟེ་བ་དང་གསང་བའི་གནས་རྣམས་སུ་འཆད་བཞིན་པའི་བུ་ག་ལྔའི་ནང་དུ་ཁུ་བའི་ཐིག་ལེ་རྣམས་མཆོད་རྟེན་གྱི་རྣམ་པ་བསྒོམ་པར་བྱའོ། །དེའི་དོན་བསྟན་པའི་ཕྱིར། སྒྲོགས་པ་ལྔ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་བརྒྱད་ཀྱི་ཚིགས་སུ་བཅད་པའི་སྡེབས་ཀྱིས་བཤད་པ་གསུངས་
པ། སྒྲོགས་པ་ལྔ་བཞིན་དུ་ནི་སྲོག །མཆོད་རྟེན་རྣམ་པ་རུ་ནི་བསྡུ། །གནས་ལྔ་རུ་ནི་འཁོར་ལོ་འདི། །བུ་ག་ཞེས་པར་སྲོག་ནི་འགྲོ། །བདུད་རྩི་སོགས་ཞེས་ས་བོན་གྱིས། །གསང་བ་ཞེས་པའི་པད་ལས་འབྱུང་། །སྙིང་གའི་འཁོར་ལོ་རུ་ནི་བསམས། །སྲོག་དང་ཐུར་སེལ་གཉི་ག་གཞོམ། །
ཁ་དོག་དཀར་པོའི་འཁོར་ལོ་ལས། །འོད་ཀྱི་ཟེར་ཡང་ཡང་དག་འབྱུང་། །བཟང་པོ་མི་ཤིགས་རྣམ་པ་ཡི། །བདུད་རྩི་རྒྱུན་ཉིད་མཆོད་རྟེན་ནོ། །འདུད་པའི་རྩེ་མོ་ལས་ནི་འཛགས། །ཡེ་ཤེས་ས་བོན་མི་འཛགས་པ། །སྙིང་གའི་ས་བོན་དུ་ངལ་བསོས། །ཐིག་ལེ་དང་ནི་ཐིག་ལེར་ཐིམ། །
Vol. 6 · folio 241b
པདྨ་ཞེས་པའི་རྩ་རྣམས་ཀྱི། །ཟླ་བ་ཡེ་ཤེས་ཀྱི་དབུས་སུ། །སྙིང་ག་ཡི་ནི་སྟེང་དུ་ནི། །མཐེ་བོ་ཙམ་ནི་ཟླུམ་པོའོ། །དེས་ཞེས་པ་ནི་སྙིང་ག་ཉིད། །དབུས་ནི་མགྲིན་པའི་ལྟེ་བར་ཏེ། །འཁོར་ལོ་གཉིས་སུ་ཡང་དག་བཤད། །ས་བོན་ཞེས་པ་འོད་ཟེར་འབྱུང་། །ཨཱ་ལི་ཀཱ་ལི་ཞེས་དབུས་ཀྱི། །རྡུལ་
ཕྲན་དུ་ནི་སོང་བའི་མཆོག །དཀར་པོ་ཞེས་པ་སྣང་བསྐྱེད་པ། །ཁ་དོག་སྒྱུ་མ་ལྟ་བུ་བཞིན། །ཟླ་བ་ཞེས་པ་སེམས་ཟླ་བ། །འོད་ཟེར་རྣམ་པར་ཡང་དག་སྤྲོ། །དེ་ཉིད་ཀྱི་ནི་འོད་ཟེར་ཚོགས། །དབུས་ནི་གནས་ཀྱི་རྒྱུ་རུའོ། །སྒོ་ནི་བུ་གར་རྣམ་པར་བཤད། །དེས་ན་གཞན་ཡང་གདན་དུ་བརྗོད། །
ཁོང་སྟོང་རྣམ་པ་བུ་གའོ། །ཐིག་ལེ་ཞེས་པ་སྟོང་པར་བརྟག །དེ་ཡང་འོད་ཟེར་ཚོགས་ཀྱི་ནི། །ནང་དུ་སེམས་ནི་འདི་ལྟ་བུ། །སྐྲ་རྩེ་ལ་སོགས་གོ་སླའོ། །མཚོན་པ་མཚོན་མེད་ཡེ་ཤེས་ཏེ། །མཚན་ཉིད་འདི་ནི་བརྗོད་པ་ཡིན། །ཡེ་ཤེས་ཅན་དེ་རྣལ་འབྱོར་པས། །རྣམ་པར་ཤེས་ལས་
དངོས་པོ་འབྱུང་། །དེ་ཡི་རང་བཞིན་སེམས་ཅན་རྣམས། །སངས་རྒྱས་འཇིག་རྟེན་རྣམས་ཉིད་བྱེད། །བལྟ་བ་སྔོན་གྱི་བུ་ག་རུ། །སེམས་ཀྱི་འོད་ཟེར་ཡང་དག་འབྱུང་། །དེ་ལྟར་ཐིག་ལེའི་གོ་འཕང་གནས། །རང་བཞིན་མེད་པ་རུ་ནི་བསམ། །དེས་ན་སེམས་ནི་མཆོད་རྟེན་ཏེ། །གནས་
ལྔ་རྣམས་སུ་བརྗོད་པ་ཡིན། །མཆོད་རྟེན་རྣམ་པར་སོང་བའི་སེམས། །མི་ཤེས་པ་ལ་སྦྱོར་འདི་གསུངས། །མཚན་ཉིད་དངོས་པོའི་གཟུགས་ཀྱིས་ཏེ། །སྙིང་ལ་སོགས་པ་བརྗོད་པར་བྱ། །འདི་ནི་རབ་ཏུ་བརྟགས་པའི་གཟུགས། །ལབསྒོམས་པས་གོང་དུ་འཕོ་བསམ་གཏན། །ཚངས་
པའི་སྒོ་རུ་ཕྲ་མོ་ནི། །ལུས་ཅན་རྣམས་ཀྱི་དཔྲལ་བ་རུ། །དེ་དབུས་སྙིང་གར་ཞེས་བྱ་བ། །ཐིག་ལེ་ཞེས་པ་དག་བྱེད་པ། །སྒོ་ཞེས་པ་ནི་རྟེན་ཉིད་དེ། །ལམ་ནི་ཡང་དག་རྫོགས་བྱང་ཆུབ། །དེས་ན་ལམ་ནི་གཟུང་ཞེས་པ། །རྣམ་ཤེས་སྔོན་གྱི་མཚན་ཉིད་དོ། །ཡེ་ཤེས་ཞེས་པའི་དངོས་
པོའོ། །བླ་མའི་མན་ངག་བསྟན་པར་བྱ། །འདུས་པའི་ཕྱིར་ནི་གོང་བུ་འཕོ། །མཆོད་རྟེན་ཞེས་པ་རླུང་ལྔ་རྣམས། །ཡེ་ཤེས་སེམས་དཔའི་དངོས་པོ་རྣམས། །ཨ་ཝ་དྷཱུ་ཏཱིའི་ཉིད་དབུས་སུ། །ཡེ་ཤེས་སེམས་དཔའི་སྙིང་པོ་རུ། །ཏིང་འཛིན་སེམས་དཔའ་འོག་བལྟས་པའོ། །དེ་ཡི་
Vol. 6 · folio 242a
སྙིང་པོ་རབ་བཤད་པ། །སྲོག་སོགས་ཐིག་ལེའི་མཆོད་རྟེན་ཏེ། །དེ་ལྟར་ནམ་མཁའ་ལྔ་དེ་ཉིད། །སྒོ་ཡི་བུ་ག་དེ་བཞིན་ཉིད། །གནས་ལྔ་རྣམས་སུ་བསྒོམ་པར་བྱ། །སྲོག་ལྔའི་དུས་ནི་གཅིག་པ་ཉིད། །སྙིང་གི་ཐིག་ལེ་རུ་ནི་གཞུག །ཚངས་པ་ཡི་ནི་སྒོ་རུ་འགྲོ། །
དོན་དམ་པ་ཡི་སེམས་ནི་འཛག །དེ་ནི་སྙིང་ཟླའི་དབུས་སུ་འོང་། །ཚོགས་རྣམས་ཀུན་ཏུ་རྣམ་པར་ཐིམ། །ཡང་ན་མཐེ་བོང་ཙམ་ནི་ཚད། །ཀུན་ནས་ཟླུམ་པོ་རུ་ནི་འགྱུར། །ཡེ་ཤེས་ཐིག་ལེ་ཁུ་བ་བཟང་། །དེ་དབུས་ཇི་ལྟར་བདག་ཉིད་ནི། །ཨཱ་ལི་ཀཱ་ལི་ས་བོན་ཕྲེང་། །འབད་པ་ཡིས་
ནི་བསམ་པར་བྱ། །དེ་རུ་གཏུམ་མོ་འབར་འགྱུར་ཏེ། །དེ་ཕྱིར་དེས་ན་འགོག་པར་འབྱུང་། །མདོག་དཀར་འོད་ཟེར་རྣམ་པ་ནི། །དེ་ཡི་སྒོ་ནི་ཤིན་ཏུ་ཕྲ། །དེ་ནི་མིང་ཙམ་ཉིད་ཡིད་དེ། །ཐིག་ལེའི་མིང་དུ་རབ་ཏུ་གྲགས། །ཚངས་པའི་སྒོ་ནས་བྱུང་ནས་ནི། །ཡིད་ནི་ཡིད་ཀྱིས་མཚོན་
པར་བྱ། །ཨ་ཝ་དྷཱུ་ཏཱིའི་ཐིག་ལེའི་སྒོ། །ལམ་ནས་མཚོན་པ་ཅན་ནི་འགྲོ། །རྩ་མང་པོ་ཡི་ནམ་མཁའ་རུ། །རྣམ་པར་ཤེས་པའི་དངོས་པོ་བཟུང་། །བླ་མའི་ལམ་ལ་ཆགས་པ་མཆོག །ཡེ་ཤེས་འདི་ནི་མངོན་ཤེས་ཉིད། །དེ་ལྟར་ལམ་གྱི་མཆོག་ཉིད་ནི། །བླ་མས་བསྟན་པ་ཡི་ནི་མཆོག །
མན་ངག་མཆོག་གི་ཡེ་ཤེས་ནི། །བསྟན་པ་མཉམ་དང་མི་མཉམ་པ། །དེ་ཡང་ལམ་ལས་ཕྱི་མིན་སོགས། །མན་ངག་ལས་ནི་ཕྱི་རོལ་མིན། །བསྟན་བཅོས་མ་གཏོགས་མན་ངག་མེད། །བསྟན་བཅོས་ཉེ་བར་སྤྱོད་ལས་རྙེད། །རྙེད་སླ་ལ་སོགས་པ་ཡི་ཚིག །ཕྱི་ཡི་བསྟན་བཅོས་སྣ་
ཚོགས་པའོ། །སྦྱོར་ལ་སོགས་པ་ཇི་སྐད་གསུངས། །བསྟན་བཅོས་ཐམས་ཅད་ལས་རྙེད་དཀའ། །ཐབས་ཤེས་པ་ནི་སངས་རྒྱས་ཀྱི། །བསྒོམ་པ་སེམས་ཀྱིས་བྱས་པའོ། །བསྟན་བཅོས་རྣམས་ནི་བསྟན་པ་ཙམ། །མཁས་པ་རྣམས་ཀྱིས་མི་རྟོགས་པ། །མ་ཐོས་པར་ནི་འཇུག་བྱེད་
ཅིང་། །སློབ་མ་རྣམས་ལ་སྟོན་པར་བྱེད། །དེ་རྣམས་དམྱལ་བ་རུ་ནི་འགྲོ། །རྩོད་དུས་མི་བདེན་པ་སྨྲས་པ། །དེ་ཉིད་ཀྱིས་ན་ཐབས་ཤེས་པའོ། །བླ་མ་ཡོན་ཏན་ཀུན་གྱི་གནས། །རྣལ་འབྱོར་པ་ཡིས་བསྙེན་བཀུར་བྱ། །དེ་བཞིན་མི་ཤེས་པ་ནི་སྤངས། །དེ་བཞིན་གཤེགས་པའི་རྒྱུད་ཀྱི་
Vol. 6 · folio 242b
ཆོས། །བླ་མའི་ཁ་ལས་རྙེད་པར་འགྱུར། །གཅིག་ནས་གཅིག་བརྒྱུད་རིམ་པ་ཉིད། །ལམ་ནི་དེ་བཞིན་བསྟན་པ་ཡིན། །མཁས་པ་རྣམས་ཀྱི་རྗེས་འབྲང་བྱ། །བླ་མ་དེ་ནི་སངས་རྒྱས་མཉམ། །བརྒྱ་ལ་བསྟན་བཅོས་དམན་ན་ཡང་། །མཁས་པས་སྨད་པར་མི་བྱའོ། །དེའི་མགྲིན་པར་ལམ་
ནི་གནས། །སྒྲ་ལས་བྱང་ཆུབ་ཉིད་མི་འོང་། །སྒྲ་ཙམ་ལ་ནི་ཞེན་པ་དག །བྱང་ཆུབ་ལམ་ལས་ཕྱི་རོལ་འགྱུར། །མཉམ་གཞག་ལ་སོགས་ཚིག་གིས་ནི། །བློ་ལྡན་བསམ་གཏན་སྦྱོར་བ་ཡིས། །དེ་ཡི་བསྒོམ་པའི་དངོས་པོ་ནི། །རྟག་ཏུ་སངས་རྒྱས་སྒྱུ་མ་ཉིད། །མི་གཡོ་སྒྱུ་མའི་སྦྱོར་
བ་ཡིས། །དབང་པོ་རྣམས་ནི་འཚེ་བ་ལྡོག །དེ་བཞིན་དེ་དང་བྲལ་བ་ནི། །ཡིད་ཅེས་བྱ་བ་ལ་སོགས་རིམ་ཇི་བཞིན། །འདིར་སྙིང་པོར་གོང་དུ་འཕོ་བ་དེ་ཡང་ཡིད་ཀྱིས་བསྒོམས་པ་ཙམ་གྱིས་ན། དེས་ན་སྔོན་འགྲོ་བ་ཞེས་པ་ནི་སྔོན་དུ་གསུངས་པའི་སྒོམ་པ་རྣམས་ཡིད་ལས་བྱུང་ངོ་། །
ཆོས་ཞེས་པ་ནི་ཡིད་ལས་འབྱུང་བ་མེད་པའོ། །དེ་ཡང་ཡིད་ཀྱིས་དག་ཅེས་པ་ནི་བསྒོམ་པ་བཟང་པོས་དག་པའོ། །ཡིད་ལས་བྱུང་ཞེས་པ་ནི་ཆོས་ཐམས་ཅད་ཡིད་ལས་འབྱུང་བའོ། །དེའི་ཕྱིར་ཡིད་ཀྱི་རྒྱལ་པོའི་ཞེས་བྱ་བ་ལ་སོགས་པ་ལ་ཡིད་ཀྱིས་སྤྲོས་ཤིང་གསལ་བས་ན་ཡིད་ཀྱི་རྒྱལ་
པོའོ། །བཀའ་དྲིན་གྱིས་ཞེས་པ་ནི་ཡིད་ཀྱིས་ནུས་པ་གསལ་བར་བྱེད་པའོ། །ཇི་ལྟར་ལུས་ཀྱི་བཀའ་དྲིན་ནི་ལོངས་སྤྱོད་རྒྱས་པས་ལུས་རྒྱས་པར་འགྱུར་རོ། །དེ་བཞིན་དུ་ཡིད་ལས་ཁམས་གསུམ་པ་ཐམས་ཅད་འབྱུང་བའོ། །དེས་ན་ཆོས་དང་ཆོས་ཅན་དུ་བརྟགས་པའི་ཕྱིར་ངག་གི་སྒོ་ནས་
བརྗོད་དོ། །ཡང་ན་བྱེད་ཅེས་པ་ནི་ཁམས་གསུམ་པ་སྤྲུལ་པའོ། །དེ་ལྟར་སངས་རྒྱས་ཀྱི་འཇིག་རྟེན་ནོ། །དེ་བཞིན་དུ་ཐ་མལ་པའི་འཇིག་རྟེན་བརྗོད་དེ། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་ད་ལྟར་གྱི་སེམས་ཅན་རྣམས་ཀྱི་རྒྱུ་དང་འབྲས་བུའི་དངོས་པོ་སྤྲོ་བར་བྱའོ། །འདིར་སྔོན་ནས་ཐོག་མ་མེད་པའི་
རྒྱུད་ཀྱི་ཕྱིར་མ་རིག་པའི་ཆོས་ཉིད་ཀྱི་སེམས་ཅན་རྣམས་ཐམས་ཅད་ཡིད་ཀྱི་རང་བཞིན་ནོ། །དེས་ན་སེམས་ཅན་ཡིད་ལས་བྱུང་། །ཞེས་པ་ནི་ཡིད་ཀྱི་རྣམ་པར་རྟོག་པ་ལས་གང་བྱུང་བའི་མ་རིག་པའོ། །དེ་ཡང་བློ་ལྡན་ཞེས་པ་མཁས་པས་ཡོངས་སུ་སྤང་བར་བྱའོ། །དེ་ཇི་ལྟར་ཞེ་ན་གསུངས་པ། གལ་
Vol. 6 · folio 243a
ཏེ་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་མ་རིག་པ་ཡོངས་སུ་སྤང་བར་འདོད་ན་དེའི་ཚེ་བཟླས་ཞེས་པ་ནི། སྔོན་དུ་གསུངས་པའི་མཚན་ཉིད་ཀྱི་ཕྱིར། ཨ་ཝ་དྷཱུ་ཏཱིའི་ནང་དུ་ཡེ་ཤེས་སེམས་དཔའི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའི་སྙིང་གའི་མཆོད་རྟེན་ལྔ་མཚོན་པར་བྱ་སྟེ་ཡེ་
ཤེས་ཀྱི་བཟླས་པ་བྱའོ། །རྣལ་འབྱོར་པ་ཞེས་པ་ནི་སེམས་ཙམ་གྱིས་སོ། །སྙིང་དུ་ཞེས་པ་ནི་སེམས་ཀྱི་སྙིང་པོའོ། །བསམ་པ་ཞེས་པ་ནི་བསམ་དུ་མེད་པའི་དངོས་པོའོ། །དེས་ན་བསྒོམ་པར་བྱའོ། །རགས་པའི་ཕུང་པོ་ལ་སོགས་པ་དང་སྐྱེ་མཆེད་རྣམས་ཐིག་ལེ་བཞིའི་ནང་དུ་ཐིམ་པའོ། །དེར་
ཕུང་པོ་ཕྲ་མོ་ཐིག་ལེ་བཞི་ཡང་ནམ་མཁའི་ནང་དུ་ཐིམ་པའོ། །དེ་ལྟར་ཕུང་པོ་ལྔ་ཕྲ་མོ་ལ་ཡང་གཟུགས་ཀྱི་ཕུང་པོ་ནི་པདྨའི་རྩ་བའི་སྣལ་མ་ལྟ་བུའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །དེ་ལ་ཨ་ཝ་དྷཱུ་ཏཱི་ནི་རྣམ་པར་ཤེས་པའི་ཕུང་པོའོ། །དེའི་ནང་གི་ཡེ་ཤེས་སེམས་དཔའ་ནི་ཚོར་བའི་ཕུང་པོའོ། །
དེར་ཏིང་ངེ་འཛིན་སེམས་དཔའ་ནི་འདུ་ཤེས་ཀྱི་ཕུང་པོའོ། །འདི་ཉིད་དུ་གོང་དུ་འཕོ་བའི་སྒོམ་པ་དེ་ནི་འདུ་བྱེད་ཀྱི་ཕུང་པོའོ། །དེ་ལྟར་བརྡས་མཆོད་རྟེན་ལྔ་རགས་པའི་རྣམ་པ་ཉིད་དུ་དགོངས་སོ། །དེ་བཞིན་དུ་རྒྱུ་ཞེས་བྱ་བ་ལ་སོགས་པ་ལ། རྒྱུ་ཞེས་པ་ནི་དེར་ཐིམ་པར་བྱེད་པའི་ཕྱིར་རོ། །གྱུར་ཞེས་
པ་ནི་གཟུགས་ལ་སོགས་པའོ། །དེའི་ས་བོན་ཞེས་པ་ནི་ཡིད་ཙམ་པ་ཁམས་ལྔའི་བདག་ཉིད་དམ་ཡེ་ཤེས་ལྔའི་བདག་ཉིད་དོ། །དེས་ན་ཡང་དེ་ཁོ་ནའི་གཟུགས་མིན་ཞེས་པ་ནི། ཡི་གེའི་གཟུགས་སམ་ཐིག་ལེའི་གཟུགས་ནི་དོན་དམ་པར་མི་འབྱུང་ངོ་། །འོན་ཀྱང་དེ་དག་ཡིད་ཙམ་བརྟག་
པའི་གཟུགས་ཀྱི་བདག་ཉིད་དོ། །ཅིའི་ཕྱིར་ཞེ་ན་གསུངས་པ། རྒྱུ་དང་ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུ་ཞེས་པ་ནི་རང་རིག་པས་རྫོགས་པའི་བྱང་ཆུབ་ཀྱི་རིམ་པ་མཐོང་བའོ། །དེའི་རྒྱུ་ཞེས་པ་ནི་ཕུང་པོའི་རང་བཞིན་ཙམ་མོ། །དེས་ནས་བོན་ཞེས་པ་ནི་མ་རིག་པ་སྤངས་པའི་སེམས་
ཅན་ལས་རིག་པ་བཟང་པོ་འབྱུང་ལ། དེ་ལས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འབྱུང་ངོ་། །དེའི་ཕྱིར། དེ་ཡང་དེ་ཁོ་ན་ཉིད་མཐོང་བ་མིན། །ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དེ་ཁོ་ན་ཉིད་ཀྱི་གཟུགས་ཏེ་དེ་ཁོ་ན་ཉིད་ཀྱི་ཡིད་ལས་བྱུང་བའི་ཕྱིར་རོ། །དེ་
Vol. 6 · folio 243b
ཡང་ལུང་ལས་དེ་རྣམས་ཀྱང་མི་རྟག་པ་སྟེ་གང་གི་ཕྱིར་སེམས་ཅན་གྱི་རིས་དང་། སྲོག་གི་རིས་མི་རྟག་པའི་ཕྱིར་ཏེ། སྲོག་ཀྱང་འཁྲུལ་བའི་གཟུགས་མི་བདེན་མི་རྟག་པའི་མཚན་ཉིད་དོ་ཞེས་པའི་ཚུལ་གྱིས་སོ། །དེས་ན་དེ་རྣམས་ཀྱིས་མཐོང་བ་མིན་ཏེ་མཐོང་བ་ནི་ཟད་པའི་དངོས་པོ་ཡིན་པའི་ཕྱིར་
རོ་ཞེས་པ་སྟེ་ངེས་པའོ། །འདིར་སངས་རྒྱས་ལ་སོགས་པའི་དངོས་པོ་ཐམས་ཅད་མི་རྟག་པའི་གཟུགས་ཅན་ནོ་ཞེས་པ་ནི་འགལ་ཏེ། འདིར་ཐེག་པ་གསུམ་ལ་སོགས་པ་ཐེག་པ་མཆོག་གི་ཆོས་ཐམས་ཅད་དུ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་ལྟར་ས་བོན་དང་མཚན་མ་ལ་
སོགས་པའི་ཚུལ་གྱིས་གཟུགས་ལ་སོགས་པའི་རྣམ་པའི་དངོས་པོ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐྱེད་པའི་རིམ་པས་གྲུབ་པ་མ་ཡིན་ནམ། དེས་ན་འདི་ཇི་ལྟར་རྫོགས་པའི་རིམ་པ་འབའ་ཞིག་གིས་བྱང་ཆུབ་བསྒྲུབ་པར་བྱ། གང་ཡང་སྔགས་བཟླས་པས་དེ་ཡང་འཇུག་པ་དང་
གནས་པ་དང་ལྡན་པའི་ཡི་གེ་གསུམ་གྱི་བརྡས་སྟོན་པའི་ལུང་ལས་གསུངས་ན་དེ་ཇི་ལྟར་ཡིད་ཙམ་གྱིས་ཡིད་ལ་ཡི་གེ་ལྔ་བཟླས་པ་ཡིན་ཞེས་འགའ་ཞིག་དོགས་པར་འགྱུར་ན། དེ་ལ་བརྗོད་པ་འདིར་དེ་ཐམས་ཅད་ནི་བདེན་ཏེ། འོན་ཀྱང་དེར་བཅོམ་ལྡན་འདས་ཀྱིས་བཀའ་བརྗོད་པ། གཟུགས་
སོགས་ཞེས་བྱ་བ་ལ་སོགས་པ་ལ། འདིར་གཟུགས་ལ་སོགས་པ་ཞེས་པ་ནི་གང་གི་ཡི་གེའི་དོན་གྱི་ཡི་གེ་རྣམས་ནི་ཨོཾ་ལ་སོགས་པའི་ཡི་གེ་ལྔའོ། །སྲིད་པའི་ལོངས་སྤྱོད་ཅེས་པ་ནི། འདོད་པའི་ཡོན་ཏན་ལྔའི་ཉེ་བའི་ལོངས་སྤྱོད་རྣམས་སོ། །དེར་གསུངས་པ། ཨོཾ་ཞེས་པ་ནི་གང་བརྗོད་
པ། །ལྷ་ཡི་གཟུགས་ནི་ཡང་དག་འབྱུང་། །སེམས་ཀྱིས་ཀུན་ཏུ་དམིགས་པ་ནི། །སེམས་ཅན་འདོད་པའི་ཡིད་ནི་ཉིད། །ཨ་ཞེས་པ་ཡི་སྒྲ་ཡི་གཟུགས། །དེ་དམིགས་པ་ལ་ལྷ་ཡི་སྒྲ། །དེ་ཡང་ཡིད་ལས་བྱུང་བར་འགྱུར། །རྒྱུ་དང་འབྲས་བུའི་གཟུགས་ཅན་ན། །ཧྲཱི་ཞེས་ཡང་དག་
བཤད་པ་ནི། །བདུད་རྩིའི་གཟུགས་ཏེ་དེ་ནི་སེམས། །རོ་བཞིན་དུ་ནི་ཆོས་རྣམས་བྱེད། །ཐམས་ཅད་བཅུད་ཀྱིས་ལེན་བཞིན་ནོ། །ཁང་ཞེས་པ་ནི་སྣས་བསྣམས་པ། །ཡི་གེའི་བདག་ཉིད་ཆེན་པོ་ཉིད། །དེ་ནི་དམིགས་པར་བྱེད་པ་ནི། །ལྷ་ཡི་དྲི་ནི་འབྱུང་བར་འགྱུར། །ཧཱུཾ་ཞེས་པ་ནི་
Vol. 6 · folio 244a
བདག་བྱས་ཏེ། །སྒོམ་པ་བསམ་མེད་མཚན་ཉིད་ལ། །སེམས་ནི་དགའ་ཕྱིར་བ་སྤུ་ལངས། །རེག་པའི་བདེ་བ་ཡང་དག་འབྱུང་། །དེ་བཞིན་དུ་མ་རིག་པ་ཞེས་བྱ་བ་ལ་སོགས་པ་ལ་མ་རིག་པ་ནི་བག་ཆགས་ཐམས་ཅད་འཛིན་པར་བྱེད་དོ། །ཀུན་གྱི་སྤྱི་
བོར་ཡང་དག་གནས། །ཞེས་པ་ནི་ཀུན་ཏུ་རྟོག་པ་ཐམས་ཅད་ཀྱི་སྤྱི་བོའོ་ཞེས་པ་གཙོ་བོའི་མ་རིག་པའི་དབང་གིས་འཁོར་བ་ཉིད་དོ། །རྟག་ཏུ་ཞེས་པ་ནི་ཇི་ལྟར་ས་བོན་ཐམས་ཅད་ཀྱི་རྩ་བ་རྣམས་ནི་གཙོར་བཅུད་འབབ་ཅན་ནོ། །དེ་བཞིན་དུ་ཡེ་ཤེས་ཞེས་པ་ནི། གང་ཅུང་ཟད་མཐོང་བའི་
དངོས་པོའི་མཚན་ཉིད་གནས་སྐབས་འདིར་ཡི་གེ་ལྔ་ཡེ་ཤེས་ཉིད་རྣམ་པར་ཤེས་པའི་ས་བོན་ཏེ་འདོད་པའི་ཡོན་ཏན་ལྔ་རྣམས་ལ་ཡིད་གཙོར་འཇུག་པར་འགྱུར་རོ། །དེ་ལྟར་ཡིད་དེ་ཉིད་ཡེ་ཤེས་མཚོན་པ་ཙམ་མོ། །དེ་ཡང་། ཐིག་ལེའི་སྒྲ་དང་ཡང་དག་ལྡན། །ཞེས་པ་ནི་འདིར་ཀུན་
རྫོབ་ཏུ་ས་བོན་ལྔ་ཞེས་པ་བསྡུས་ན་སྔོན་དུ་གསུངས་པའི་དོན་གསལ་བའོ། །དེ་ཡང་རྩ་བ་ནི་ཨུའོ། །ཡེ་ཤེས་ནི་ཧའོ། །རྣམ་པར་ཤེས་པ་ནི་སྤྱི་བོའོ། །དེ་ཉིད་ཀྱིས་ན་ཀུན་གྱི་ཀུན་འཛིན་ཞེས་པ་ནི་ཨ་ཞེས་པ་དངོས་པོ་ཐམས་ཅད་ལ་ཡང་དག་པར་གནས་པར་བརྗོད་པའི་བདག་ཉིད་དོ། །
དེ་ཉིད་སྒྲ་དང་ཐིག་ལེས་བརྒྱན་པའོ། །དེ་ལྟར་བསྡུས་པ་ཡི་གེ་ལྔ་ནི་ཧཱུཾ་ཞེས་པའོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་ཉེ་བའི་ལོངས་སྤྱོད་ལྔ་ཡིད་ཀྱི་རྣམ་པར་ཤེས་པ་འཁོར་བའི་ལོངས་སྤྱོད་ཀྱི་རྒྱུར་སྤྱོད་པས་སྐྱེ་བ་ལེན་པའི་ཕྱིར་རོ། །དེའི་ཕྱིར་སྔོན་གྱི་ཚུལ་ལ་སོགས་པས་ཡི་གེ་
གསུམ་ཡིད་ཀྱིས་བཟླས་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །རྟག་པ་ཞེས་བྱ་བ་ལ་སོགས་པ་ལ་ཉིད་ཅེས་པ་ནི་ངེས་པར་གཟུང་བའོ། །རྟག་པ་ཞེས་བྱ་བ་ལ་སོགས་པ་ནི་བཟླས་པའི་ཁྱད་པར་རོ། །དེ་བཞིན་དུ། ཡེ་ཤེས་ལ་ནི་རྣམ་ཤེས་ཐིམ། །ཞེས་བྱ་བ་ནི་ཡིད་ཀྱི་སྒོམ་པས་ཡིད་ཀྱི་རྣམ་པར་
ཤེས་པའི་མིང་ཅན་ཡེ་ཤེས་ཏེ། དེ་ལྟར་དེ་ཐིམ་པའི་ཕྱིར་མཚོན་པའི་མཚན་ཉིད་དུ་བྱས་པའི་འབྲས་བུ་མཚོན་པ་མེད་པར་འགྱུར་རོ། །དེས་ན་ཡེ་ཤེས་ཀྱི་དངོས་པོ་ཞེས་པ་ནི་འཇིག་རྟེན་པས་རྣམ་པར་ཤེས་པ་མི་མཐོང་བའོ། །འཇིག་རྟེན་ལས་འདས་པ་ཡང་རྣམ་པར་ཤེས་པ་རྟག་པའི་
Vol. 6 · folio 244b
ཕྱིར་སྒྱུ་མ་ལྟ་བུའི་རྫོགས་པའི་བྱང་ཆུབ་ཀྱི་རིམ་པ་མཐོང་བའོ། །རྣམ་པར་ཤེས་པ་བརྒྱད་ཀྱི་འཇིག་རྟེན་ལས་འདས་པའི་ནང་གི་ལྟ་བས་གོང་དུ་འཕོ་བའི་མཚན་ཉིད་ཀྱི་སྦྱོར་བ་གོམས་པས་དེའི་ཚེ་སངས་རྒྱས་ཀྱི་སྤྱན་ལ་སོགས་པ་བརྒྱད་སངས་རྒྱས་ཀྱི་ཡེ་ཤེས་རྣམས་བསྟན་པའི་ཕྱིར་དེའི་
མཚན་ཉིད་བསྟན་པ་གསུངས་ཏེ། མར་མེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་ཅེས་པ་ནི་དམྱལ་བའི་ནང་དུ་གནས་པའི་དངོས་པོ་ཐམས་ཅད་དེའི་མིག་གི་རྣམ་པར་ཤེས་པས་མར་མེའི་རྣམ་པ་ལྟ་བུར་མཐོང་བའོ། །དེ་ཡང་དམྱལ་བ་རྣམས་ཐར་པའི་རྒྱུར་སྙིང་རྗེ་གཙོར་མཛད་དོ། །
དེ་བཞིན་དུ་ནམ་མཁའ་སྣང་བ་ཞེས་པ་ནི་བྱོལ་སོང་གི་འགྲོ་བ་ལ་ཁྱབ་པའི་རྣམ་པར་ཤེས་པས་རྣམ་པར་བཅོམ་ནས་མཐོང་བའོ། །རྡུལ་ཞེས་པ་ནི་འོད་ཟེར་རྣམས་སོ། །དེ་བཞིན་དུ་རྡུལ་དཀར་ཞེས་བྱ་བ་ལ་སོགས་པ་ནི། ཙ་ན་ཀའི་རི་ལུ་ལྟ་བུར་འོད་ཟེར་རྣམས་སྣའི་རྣམ་པར་ཤེས་པ་ལས་
བྱུང་ནས་ཡི་དགས་ཀྱི་འགྲོ་བ་རྣམས་རྣམ་པར་འཇོམས་པའོ། །དེ་ཉིད་ཉོན་མོངས་འཇོམས་ཞེས་པ་ནི་སྔོན་གྱི་བག་ཆགས་ཀྱི་མིང་རྣམས་ཀྱང་རྣལ་འབྱོར་པ་རྣམས་ཀྱི་ཞེས་པ་མིའི་ལུས་ལས་བྱུང་བའོ། །དེ་ནས་ཡང་མི་རྣམས་ཀྱི་ལུས་ཀྱི་གཟུགས་སྣ་ཚོགས་པ་བདག་ཉིད་ཀྱི་རྣམ་པར་ཤེས་
པའི་མཚན་ཉིད་ཀྱིས་མཐོང་བར་འགྲོ་བ་དེ་རྣམས་བཅོམ་པས་དེ་ཐམས་ཅད་སྟོང་པའི་སྐུར་མཐོང་བའོ། །དེ་བཞིན་དུ་འདོད་པ་ཞེས་བྱ་བ་ལ་སོགས་པ་ནི། འདོད་པ་ན་ཀུན་ཏུ་སྤྱོད་པའི་གནས་བཅུ་གཅིག་པོ་ལུས་ཀྱི་རྣམ་པར་ཤེས་པས་མཐོང་བས་འགྲོ་བ་འགོག་པའི་ཕྱིར་དེའི་རང་
བཞིན་གྱི་ཕྱིར་ལོངས་སྤྱོད་ཅེས་པ་ནི་རང་ཉིད་སྤྲུལ་པའི་སྐུའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ཞེས་པ་ནི་གཟུགས་ཀྱི་ཁམས་ཀྱི་བདག་ཉིད་ཀྱི་ལྷ་རྣམས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་བདག་ཉིད་དེ། དེ་རྣམས་ཀྱང་སྒྱུ་མའི་གཟུགས་ཅན་མཐོ་རིས་ལ་ལོངས་སྤྱོད་པར་མཐོང་ངོ་། །དེ་
ལྟར་སེམས་ཀྱིས་མཐོང་ཞེས་པའི་ཚུལ་གྱིས་གནས་བཅུ་དྲུག་གི་ལྷ་རྣམས་བཟུང་ངོ་། །དེ་ལྟར་མ་གསུངས་ཀྱང་སྔོན་དུ་གསུངས་པའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་རྟོགས་པར་བྱའོ། །དེ་ལྟར་ཡང་དྲུག་པ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་མེད་པའི་ཁམས་ཀྱི་ལྷ་རྣམས་བཞི་
Vol. 6 · folio 245a
པོ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པའི་དངོས་པོ་མཐོང་ངོ་། །གང་གི་ཕྱིར་ཚོར་བ་སྟོང་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་བདུན་པ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་དབྱིངས་ཉིད་ཅེས་པ་ནི་ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་དམིགས་པ་མེད་
པའི་ཕྱིར་ཆོས་ཀྱི་དབྱིངས་ཏེ་དེ་ལས་ཆོས་རྣམས་ཐམས་ཅད་འབྱུང་བ་དེ་རྣམས་འགོག་པའི་ཕྱིར་རོ། །བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་དུ་གསུངས་པ་བཞིན་དུ་འགྱུར་ཏེ་གཞན་དུ་མ་ཡིན་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་གོང་དུ་འཕོ་བའི་མཚན་ཉིད་ཀྱི་རྣལ་འབྱོར་པ་རྣམས་ཀྱི་སངས་
རྒྱས་ཉིད་ཀྱི་འབྲས་བུར་འགྱུར་ཏེ། རང་གི་རང་བཞིན་ཡོངས་སུ་ཤེས་པའི་ཕྱིར་རོ། །དེ་ལྟར་རྣམ་པ་དང་བཅས་པའི་བསྒོམས་པ་ལས་ཤིན་ཏུ་ཟབ་པའི་མཐར་སྣང་བ་མེད་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་སུ་བརྗོད་པ་བསྟན་ཏོ། །འདིར་ནི་བཅོམ་ལྡན་འདས་ཀྱིས་མདོར་བསྟན་པའི་ཕྱིར་
སྔོན་དུ་ཞུས་པ་གསལ་བའི་དོན་ཏོ། །ད་ནི་སྔོན་དུ་གསུངས་པའི་སྟོང་པ་ཉིད་རང་ཉིད་ཀྱིས་ཉམས་སུ་མྱོང་བའི་དངོས་པོའི་ང་རྒྱལ་ཙམ་གྱིས་སེམས་དྲི་མ་མེད་པའི་ཕྱིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རྣམ་པར་དག་པ་བརྗོད་དེ། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་སྙིང་པོ་
ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོ་ལ་བོད་པའོ། །བཅོམ་ལྡན་འདས་དེ་ཉིད་རྡོ་རྗེ་སྙིང་པོ་སྟེ་དེ་ཉིད་ཀྱིས་ན་བརྩེ་བ་ཆེན་པོ་ཞེས་པ་ནི་སྙིང་རྗེའི་སྒོ་ནས་བོད་པའོ། །དེ་ཡང་སྙིང་རྗེ་ནི་ཐོས་པ་ལ་སྦྱོར་བའོ། །དེ་ཅི་ཞེ་ན་དངོས་པོ་ཞེས་བྱ་བ་ལ་སོགས་པ་ནི་ཀུན་གཞི་རྣམ་པར་ཤེས་པའི་ནང་དུ་གནས་པ་ཆོས་ཀྱི་
དབྱིངས་ཀྱི་ཀུན་གཞི་རྣམ་པར་ཤེས་པ་ལས་དངོས་པོ་ཐམས་ཅད་འབྱུང་བའི་ཕྱིར་དེ་རྣམས་ཀྱི་རྣམ་པར་དག་པ་སྔོན་དུ་མཚན་མའི་མཚན་ཉིད་ཀྱིས་མཚོན་པར་ཆོས་ཀྱི་དབྱིངས་ཏེ། དེ་ཡང་དེ་བཞིན་ཉིད་ཡང་དག་པའི་མཐའོ། །ཕྱི་ནས་རེ་རེའི་ཞེས་པ་ནི་ལུས་ཀྱི་དངོས་པོའི་ཕྱིར་ཁམས་བཞི་
ལ་སོགས་པའི་རང་བཞིན་གྱི་ཕྱིར་སོ་སོར་ཡོངས་སུ་བརྟག་པ་རབ་ཏུ་བརྗོད་པའོ། །ནི་ནི་ངེས་པར་གཟུང་བའོ། །ལྷ་རྣམས་ཀྱི་ཞེས་པ་ནི་རགས་པའི་རྣམ་པར་ཤེས་པ་བརྒྱད་དང་སྔོན་དུ་གསུངས་པའི་ཕྲ་མོ་འདིར་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལྷ་རྣམས་ཏེ་དེ་རྣམས་ལས་བྱུང་བ་སྒྱུ་མའི་
Vol. 6 · folio 245b
རྣམ་པའི་རང་བཞིན་ནོ། །དེ་ཡང་སྣང་བ་ཙམ་དེ་བཞིན་ཉིད་ཀྱི་རང་བཞིན་ནོ། །དེའི་ཕྱིར་རྩ་རྣམས་ཀྱི་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའམ། སེམས་ཅན་རྣམས་ཀྱི་རང་བཞིན་ཞེས་པ་བརྟགས་ན་སྟོང་པ་སྟེ་གོང་དུ་རྡུལ་ཕྲ་
རབ་བཞིན་དུ་བལྟ་བའོ། །རྣམ་པར་དག་པ་ཞེས་པ་ནི་རྣལ་འབྱོར་པའི་འཇིག་རྟེན་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དོ། །དེ་བཞིན་དུ་བྱིས་པ་རྣམས་ཀྱིས་མི་ཤེས་པ་ཞེས་པ་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པ་མི་ཤེས་པ་ཤེས་བྱའི་སྒྲིབ་པའོ། །ཉོན་མོངས་པ་ཞེས་པ་ནི་འདོད་ཆགས་
ལ་སོགས་པའི་ཉོན་མོངས་པའི་སྒྲིབ་པའོ། །དེ་དག་གིས་བསྒྲིབས་ཤིང་དྲི་མ་ཅན་དུ་བྱས་པ་རྣམ་པར་སྦྱངས་པའོ། །དེ་རྣམས་ཀྱི་གློ་བུར་བའི་དྲི་མ་བསལ་བའི་དོན་དུ་སྐྱེ་སྟེ། མི་ཤེས་པ་དེ་རྣམས་ཀྱི་དྲི་མ་བསལ་བའི་ཕྱིར། ཐབས་གང་གིས་སྦྱངས་པ་འདིར་གསུངས་པ། རང་རིག་ཅེས་
བྱ་བ་ལ་སོགས་པ་ནི་འདིར་སྔོན་དུ་བཤད་པའི་རང་རིག་པ་དེའི་རང་བཞིན་དེས་རྣམ་པར་དག་ཅེས་པའི་དོན་ཏོ། །དེ་ཅི་ཞེ་ན། གསུངས་པ། གཞན་དུ་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཕྱིར་རང་རིག་པ་ལས་གཞན་པའི་རྣམ་པར་དག་པའི་ཁྱད་པར་དུ་དག་པར་མི་བརྗོད་དེ། བག་ཆགས་
དང་བཅས་པའི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པས་ན། རྣམ་པར་དག་པ་ཞེས་པའི་དོན་ཏོ། །འོ་ན་དེ་རྣམ་པར་དག་པའི་འབྲས་བུར་གྱུར་པ་དེ་ནི་ཡུན་རིང་པོའི་དུས་སུ་བསྒོམས་ཤིང་ལམ་འདི་ལ་དམིགས་པ་ཡིན་ན་སྔོན་དུ་ཇི་ལྟར་རང་བཞིན་གྱིས་ཐམས་ཅད་དག་པར་འགྱུར་དེས་ན་གསུངས
པ། ཡུལ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི། ཡུལ་དང་དབང་པོ་ལ་སོགས་པ་རང་རིག་གི་ཤེས་པ་དམིགས་པའི་ཕྱིར། དེ་རྣམས་ཀྱི་རང་རིག་པའི་བདེ་བའི་མཆོག་དོན་དམ་པ་ཞེས་པའི་དོན་ཏོ། །དེ་ཅི་ཞེ་ན་གསུངས་པ་དངོས་པོ་དག་ཕྱིར་ཞེས་པ་ནི་དག་པ་དེ་རྣམས་ཀྱང་གཉིས་མེད་པ་སྟོང་པའི་
རང་གི་ངོ་བོ་རེག་པ་བྱེད་པ་ཉིད་ཀྱིས་ན་སྟོང་པ་ཉིད་ཉམས་སུ་མྱོང་བའི་རང་བཞིན་གྱི་ཕྱིར་རོ། །དངོས་པོ་ཡང་སེམས་བསྐྱེད་པའི་ངོ་བོའི་ཕྱིར་དངོས་པོ་དག་པ་སྟེ། དེ་མེད་པ་ནི་དེ་ཁོ་ན་ཉིད་དོ། །དེའི་ཕྱིར་སྟོང་པ་ཉིད་ཉམས་སུ་མྱོང་བ་ཐུན་མོང་གི་འབྲས་བུར་གྱུར་པ་རང་རིག་པའི་བདེ་བ་ནི་ཤེས་བྱ་
Vol. 6 · folio 246a
ཐམས་ཅད་དང་དབྱེར་མེད་པའི་ཕྱིར་ཞེས་དགོངས་སོ། །དེ་ཉིད་ཀྱིས་ནི་སྟོང་པ་ཉིད་ཀྱི་ཆ་དེ་བཞིན་ཉིད་ཁོ་ན་ཉིད་དོ། །དངོས་པོ་རྣམས་ཀྱི་སྟོང་པ་དངོས་པོའི་ཆ་རྣལ་འབྱོར་མའི་འཁོར་ལོ་ལ་དམིགས་པའི་དབྱེ་བས་ཉམས་སུ་མྱོང་བའི་དབྱེ་བའོ། །རྣལ་འབྱོར་མའི་དབྱེ་བས་སོ་སོར་
དམིགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །ཡང་ན་དེ་བཞིན་གཤེགས་པའི་དམིགས་པའི་དབྱེ་བས་ཉམས་སུ་མྱོང་བའི་དབྱེ་བས་ནི་དེ་བཞིན་གཤེགས་པའི་དབྱེ་བ་སྟེ་སོ་སོར་དམིགས་པ་ཞེས་པ་དེ་ལ་དེ་སྐད་ཅེས་བྱའོ། །འོ་ན་གང་དག་སྔོན་པོ་དང་སེར་པོ་ལ་སོགས་པའི་དབྱེ་བའི་རྣམ་པས་རྣལ་
འབྱོར་པ་རྣམས་ལ་དངོས་པོ་སྣང་བ་དེ་ཇི་ལྟར་རྣམ་པར་དག་ཅེ་ན། དེས་ན་གསུངས་པ་གཟུགས་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་སོགས་ཡུལ་ཞེས་པ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །གཞན་ཞེས་པ་ནི་དེ་བཞིན་ཉིད་དེ་དེ་དག་ཡང་དག་པར་རིག་པའི་མཚན་ཉིད་དང་བྲལ་ཞེས་
པའི་དོན་ཏོ། །རྣམ་པར་དག་པའི་དངོས་པོ་ཞེས་པ་ནི་རྣམ་པར་དག་པའི་རང་བཞིན་ནོ། །དེ་ཅི་ཞེ་ན་གང་གི་ཕྱིར་འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའི་རིམ་པ་བཞིན་དུ་གཟུགས་ཐམས་ཅད་དང་
སྒྲ་ཐམས་ཅད་དང་སེམས་ཀྱི་གཡོ་བ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་སོང་བས་ན་སེམས་ཅན་གྱི་ཁམས་ཀྱང་དེ་བཞིན་གཤེགས་པའོ། །འདིར་གལ་ཏེ་སེམས་ཅན་གྱི་ཚོགས་དེ་རྣམས་ཀྱང་དེ་བཞིན་གཤེགས་པའི་གསང་བའི་རྗེས་སུ་སོང་བ་དེ་ཁོ་ན་ཉིད་ཀྱིས་རྣམ་པར་སྦྱངས་པས་མ་དག་པ་
ཅུང་ཟད་མེད་ཅེས་པས་བགྲོས་ནས་ཞུས་པ། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ཅིའི་སླད་དུ་ཞེས་པ་ནི་རྒྱུ་གང་གིས་ཞེས་པའི་དོན་ཏོ། །གཟུང་བ་ཞེས་བྱ་བ་ལ་སོགས་པ་ནི་འདིར་གང་དག་འཇིག་རྟེན་པའི་མིག་ལ་སོགས་པས་ཡུལ་རྣམས་ལ་དམིགས་ཤིང་བདག་ཏུ་འཛིན་པ་ནི་
དམྱལ་བ་ལ་སོགས་པའི་རྒྱུ་སྟེ། དེ་ཐམས་ཅད་ལྷའི་གཟུགས་ཉིད་ཀྱིས་སྦྱང་པའི་དོན་ཏོ། །དེ་ཉིད་གསུངས་པ་བསྟེན་ཞེས་བྱ་བ་ལ་སོགས་པ་ནི། གང་དག་མ་དག་པ་དེ་དག་ཐམས་ཅད་དུས་ཐམས་ཅད་དུ་སྦྱང་བར་བྱའོ། །འདི་དག་ཅེས་པའི་ཚིག་ནི་གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ།
Vol. 6 · folio 246b
ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པའི་ལྷའི་གཟུགས་བཀོད་ཅིང་ཡོངས་སུ་བརྟགས་ནས་རང་དགར་རྣམ་པར་སྤྱོད་པའོ། །ཡང་ན་དེ་ལྟར་མི་བྱེད་ན་དེའི་ཚེ་བདེ་བ་ཞེས་བྱ་བ་ལ་སོགས་པ་ནི་ཐ་མལ་པའི་སེམས་ཅན་རྣམས་ཀྱི་སྦྱིན་པ་ལ་སོགས་པའི་བསོད་
ནམས་ཀྱི་དབང་གིས་མཐོ་རིས་ཀྱི་འདོད་པའི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པ་ཐོབ་ཅིང་བདེ་བ་ལ་ལོངས་སྤྱོད་དོ། །སྡུག་བསྔལ་ཞེས་པ་ནི་སེམས་ཅན་ལ་གནོད་པ་བྱས་པས་དམྱལ་བ་ལ་སོགས་པའི་འབྲས་བུ་སྡུག་བསྔལ་ལ་ལོངས་སྤྱོད་དོ། །དེ་བཞིན་དུ་ཡང་ཞེས་པ་ནི་མདོར་ན་སེམས་ཅན་
རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ལས་དང་ཉོན་མོངས་པ་ལ་སོགས་པའི་དགྲས་སྡུག་བསྔལ་གྱིས་འཁོར་བར་འཁོར་ཏེ་དེ་ལྟར་སྐྱེ་བ་ལ་སོགས་པའོ། །འཇིག་པ་ཞེས་པ་ནི་འཆི་བ་སྟེ། དགེ་བའི་གྲོགས་མཆོག་དང་བྲལ་བས་སོ། །དེ་བཞིན་དུ་སྲིད་པ་ཞེས་པ་ནི་དགེ་བའི་
གྲོགས་མཆོག་བརྙེས་པ་རྣམས་ཀྱི་ཀུན་རྫོབ་ཀྱི་བདེན་པའི་རང་བྱིན་གྱིས་བརླབས་པ་མངོན་སུམ་དུ་བྱེད་པའོ། །མྱ་ངན་ལས་འདས་པ་ཞེས་པ་ནི་དོན་དམ་པའི་འོད་གསལ་བའི་ཡེ་ཤེས་ལ་མོས་པས་མངོན་དུ་བྱེད་པའོ། །དེ་ལྟར་བདེན་པ་གཉིས་ཀྱིས་གྲོལ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ཞེས་
པ་ནི་ངེས་པའོ། །དེ་ལྟར་ཡང་གསུངས་པ། སྒྱུ་མ་ལྟ་བུའི་ཏིང་འཛིན་ཡང་། །བདེན་པ་ལ་བརྟེན་བྱང་ཆུབ་ཉིད། །འོད་གསལ་ལ་ནི་མོས་པ་ཡིས། །རྣལ་འབྱོར་པ་སྲིད་ཟད་པ་བྱ། །རང་བྱིན་བརླབ་པའི་རིམ་ཉིད་དང་། །ཟུང་དུ་འཇུག་པའི་ཏིང་འཛིན་གྱིས། །མ་ལུས་སངས་རྒྱས་གཟུགས་
སུ་ཡང་། །ཕུང་པོ་ལ་སོགས་དག་པས་བལྟ། །རྣལ་འབྱོར་པ་ནི་སངས་རྒྱས་ཉིད། །དེ་ཉིད་ལ་སོགས་བསྒོམས་པས་མཐོང་། །སེམས་ཅན་རྣམས་ནི་དེ་དག་ཕྱིར། །སྲིད་ལ་ཞེན་པ་མེད་པར་བྱ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་ལྔ་པའི་རབ་ཏུ་བྱེད་པ་གཉིས་པ་ཕུང་པོ་དང་ཁམས་
དང་སྐྱེ་མཆེད་ལ་སོགས་པ་རྣམ་པར་དག་པའི་རྒྱ་ཆེར་འགྲེལ་བ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བའི་གཞུང་བསྟན་པ་སྟེ་གཉིས་པའོ།། །།ད་ནི་སྤྱོད་པས་འཁྱུད་པའི་བླ་ན་མེད་པའི་རབ་ཏུ་བྱེད་པ་བསྟན་པའི་ཕྱིར། བྱང་ཆུབ་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་
Vol. 6 · folio 247a
ཏེ། འདིར་གང་གི་ཚེ་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པ་དང་བྲལ་བའི་ཕྱིར་ཕྱི་དང་ནང་གི་དངོས་གྲུབ་མེད་དོ། །དེས་ན་རབ་བཤད་དེ་ཞེས་པ་ནི་ཡང་དག་པའི་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །སྤྱོད་པ་ནི་སྤྱོད་པའི་ཚུལ་གྱིས་དེའི་རང་བཞིན་དུ་འགྱུར་བའོ། །དེའི་ཕྱིར་རྟོག་
པའི་དགྲ་རྣམས་འཇོམས་པའི་ཞེས་པ་ནི་ཀུན་ཏུ་རྟོག་པའི་རྣམ་པར་རྟོག་པ་སྣ་ཚོགས་པའི་དགྲ་དེ་རྣམས་འཇོམས་ཤིང་སྤྱོད་པའི་ཏིང་ངེ་འཛིན་གྱིས་བསྲུབ་ཅེས་པའི་དོན་ཏོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་སྤྱོད་པའི་རྣལ་འབྱོར་པས་སྤྱོད་པའི་ཕྱིར་སེམས་ལས་ཆོས་བཟང་པོ་ཡང་དག་
པར་འབྱུང་བའོ། །དེ་ཉིད་ཅེས་པ་ནི་རྣམ་པར་མི་རྟོག་པས་གཟུང་བ་འཆད་བཞིན་པའོ། །དེའི་ཕྱིར་སྤྱོད་པ་བླ་ན་མེད་པ་ཞེས་པ་ནི་གཞན་དཔེ་དང་བྲལ་བ་ཡང་དག་པའི་བྱང་ཆུབ་ཀྱི་ལམ་གྱི་རྗེས་སུ་འབྲང་བ་དེ་ལ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱིས་ན་ཕན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སངས་
རྒྱས་ཀྱི་སྲས་ད་ལྟར་བྱུང་བའི་ལས་དང་པོ་པ་རྣམས་དང་རྫོགས་པའི་བྱང་ཆུབ་ལ་གནས་པ་གཉི་ག་ལ་ཕན་པར་བྱེད་པའི་སྤྱོད་པའོ། །དེ་ཡང་དེ་ཁོ་ན་ཉིད་ཅེས་པ་ནི་རང་རིག་པའི་ཡེ་ཤེས་སོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ལུས་མེད་རྡོ་རྗེ་ཞེས་པ་ནི་འདོད་ཆགས་ཆེན་པོའི་རྡོ་རྗེ་བདེ་བ་ཆེན་པོའི་
ཡེ་ཤེས་བཞི་པ་ལས་འདས་པའི་རྟོག་པའི་བདེན་པ་སྤངས་པའོ། །དེ་ཉིད་ཀྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པའི་རང་བཞིན་མཆོག་ཅེས་བརྗོད་པའི་ཕྱིར་རོ། །དེ་ཇི་ལྟ་བུར་གྱུར་པ་ཡིན་ཞེ་ན། དེ་ཉིད་གསུངས་པ། སྐྱེ་བ་ཞེས་བྱ་བ་ལ་སོགས་པ་
ནི། སྐྱེ་བ་བརྒྱུད་པའི་སྡུག་བསྔལ་ཆེན་པོའི་རྒྱ་མཚོའོ། །འཇིག་པ་ཞེས་པ་ནི་ལས་ཀྱི་ཆུ་སྲིན་ལ་སོགས་པས་དཀྲིས་པའོ། །དགའ་བ་ཞེས་བྱ་བ་ལ་སོགས་པ་ནི་ཉོན་མོངས་པའོ། །དེ་བཞིན་དུ་སྒྲོལ་བྱེད་པ་ཞེས་པ་ནི་སྤྱོད་པ་ངེས་སོ། །གྲུ་བཞིན་དུ་ཞེས་པ་ནི་གྲུ་བཞིན་དུ་སེམས་ཅན་ཐམས་ཅད་བདེ་
བར་སྒྲོལ་བས་ཤེས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་མྱུར་དུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཕན་ཡོན་གྱི་སྒོ་ནས་སྤྱོད་པ་བསྟན་པའི་ཕྱིར། ལྷ་མིན་དགྲ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ཞེས་པ་ནི་དེ་བཞིན་གཤེགས་པས་སྤྱད་
Vol. 6 · folio 247b
པའི་སྤྱོད་པས་སོ། །དེ་བཞིན་དུ་ལྷ་མིན་དགྲའི་འཁོར་ལོ་ཞེས་པ་ནི་ཁྱབ་འཇུག་གོ། །གྲོང་ཁྱེར་གསུམ་སྒྲ་ཞེས་པ་ནི་ཞི་བྱེད་དོ། །དེ་བཞིན་དུ་ཚངས་པ་དང་སོགས་པའི་སྒྲས་ལྷ་དང་མི་ལ་སོགས་པ་དེ་རྣམས་ཀྱིས་མཆོད་པའི་འགྲོ་བའི་སྟོན་པའོ། །སྡིག་འཇོམས་ཞེས་པ་ནི་སྡིག་པ་རྣམ་པར་འཇོམས་
པའོ། །ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་རྗེས་སུ་སྤྱོད་པའི་ཕྱིར་རོ། །ལྷག་མ་ནི་གོ་སླའོ། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་ལ། བཟང་པོ་ཞེས་པ་ནི་བཞི་པ་ལས་འདས་པའོ། །བསམ་གྱིས་མི་ཁྱབ་ཅེས་པ་ནི་གཉིས་མེད་པའི་གཉིས་མེད་པའོ། །གནས་པ་ཞེས་
པ་ནི་རང་རིག་པའོ། །རབ་གསང་བསྒོམ་ཞེས་པ་ནི་སྲོག་བླ་ན་མེད་པར་ཐིམ་པ་སྔོན་དུ་རྒྱས་པར་གསུངས་པའི་ཕྱིར་རོ། །སྒོམ་ཞེས་པ་ནི་བྱ་བའོ། །རྣལ་འབྱོར་པ་ཞེས་པ་ནི་སྲོག་ལ་བརྟེན་པའི་ཡེ་ཤེས་སོ། །ཡང་དག་སྤྱད་ཅེས་བྱ་བ་ནི་དབང་པོའི་སྒོ་ནས་སྔོན་བཞིན་མཚན་མ་བརྒྱད་མཐོང་བའི་
ཚུལ་གྱིས་ཡང་དག་པར་སྤྱད་པས་རྣམ་པར་དག་པ་ཞེས་ཏེ་ངེས་པའོ། །དེས་ན་བྱ་ཞེས་པ་ནི་དེར་ཅི་ཞིག་བྱ་ཞེ་ན། གསུངས་པ། རྟོག་པ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་ཙམ་གྱི་རྟོག་པ་དེ་ཡང་སྤང་བར་བྱ་ཞེས་སྦྱར་རོ། །ད་ནི་ཨ་ཝ་དྷཱུ་ཏཱི་པ་རྣམས་ཀྱི་རྣལ་འབྱོར་རྣམ་པར་གཞག་པ་བསྟན་པའི་
ཕྱིར། དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མོས་པའི་དུས་སུ་ཇི་སྲིད་མངོན་སུམ་དུ་བསམ་གཏན་གསལ་བར་མི་འགྱུར་བ་དེ་སྲིད་དུ་མན་ངག་བསྒོམ་པ་ཡང་དག་པ་བརྩོན་པས་རྒྱུ་མཐུན་པའི་འབྲས་བུའི་ཚུལ་ཉིད་སྐྱེ་བ་ནི་རྣལ་འབྱོར་པ་རྣམས་ཀྱིས་ཞེས་པའི་དོན་ཏོ། དེ་ནས་
ཞེས་པ་ནི་དེའི་ཕྱིར་སྒོམ་པ་རྣམ་པར་ཐིམ་ནས་རྣམ་པར་སྨིན་པའི་འབྲས་བུར་འགྱུར་བའོ། །དེ་བཞིན་དུ་ཉེ་བར་བསྡུས་ཞེས་བྱ་བ་ལ་སོགས་པ་རང་ཉིད་འགྱུར་ཞེས་པའི་མཐར་ཐུག་པའི་སྐྱེས་བུ་བྱེད་པའི་འབྲས་བུ་སྟེ། བྱིས་པ་གཞོན་ནུའི་གཟུགས་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་དངོས་གྲུབ་
ཅེས་པ་ནི་རབ་ཀྱི་མཐར་ཐུག་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དྲི་མ་མེད་པར་སོང་བའོ། །དེའི་ཕྱིར་རབ་ཏུ་གྲུབ་པའོ། །མ་ལུས་པ་ཞེས་པ་ནི་ལུས་པ་མེད་པའོ། །སྣ་ཚོགས་པ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྤྱོད་པ་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ལས་སྐྱེས་པའོ། །བླ་
Vol. 6 · folio 248a
མེད་ཅེས་པ་ནི་ཆོས་ཀྱི་དབྱིངས་མཉམ་པ་དེ་ལ་དེ་སྐད་ཅེས་བྱའོ། །ཀུན་དུ་བཟང་པོ་བདེ་བ་ཆེན་པོའི་སྐུས་གཞལ་དུ་མེད་པའི་དངོས་གྲུབ་སྐྱེད་པར་བྱེད་པ་འོད་གསལ་བ་ཞེས་པའི་སྤྱོད་པས་སོ། །འགྲུབ་ཅེས་པ་ནི་གང་རྣལ་འབྱོར་སྒོམ་པ་པོ་དེ་ཉིད་དུ་མི་འགྱུར་ཏེ། རྡོ་རྗེ་ཅན་
ཞེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞེས་པ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པས་བྷ་གའི་སྦྱོར་བ་དང་ལྡན་པར་ངེས་པའོ། །དེའི་ཕྱིར་འགྲོ་བ་ཞེས་པ་ནི་དང་པོའི་སངས་རྒྱས་རྒྱུ་མེད་པ་འགྲོ་བ་ལས་དང་པོར་བྱུང་བ་སྔོན་དུ་གསུངས་པའི་རྡོ་རྗེ་འཆང་དེ་ཉིད་གང་གི་ཕྱིར་སློབ་
དཔོན་ཏེ། ཁམས་གསུམ་པོ་སྤྲུལ་པའི་བསྟན་པ་དང་སྟོན་པ་པོ་ཉིད་ཀྱི་ཕྱིར་ཤིན་ཏུ་ཡང་མཚན་པ་ཉིད་ཀྱི་ནའོ། །ཕྱག་བྱས་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གསང་བའི་ཞེས་བྱ་བ་ལ་སོགས་པ་ནི་ད་ལྟའི་སློབ་དཔོན་གྱིས་དེ་དེ་བཞིན་དུ་བྱ་བའོ། །དེ་བཞིན་དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་
དེའི་ཕྱིར་སྤྲུལ་པའི་སྐུ་དང་འདོད་པ་ཞེས་པ་བདག་ལ་རང་དབང་ཐོབ་པར་འགྱུར་བའོ། །ལྷག་མ་དགོད་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་ལྔ་པའི་རབ་ཏུ་བྱེད་པ་གསུམ་པ་སྤྱོད་པས་འཁྱུད་པ་སེམས་ཙམ་ཉིད་དུ་གསུངས་པའི་རྒྱ་ཆེར་འགྲེལ་པ་ཡང་དག་
པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ་གསུམ་པའོ།། །།ད་ནི་སྤྱོད་པས་འཁྱུད་པ་མདོར་བསྟན་ནས་དེ་སླར་བཤད་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་བཤད་བྱ་བ་ཞེས་པ་ནི་སྤྱོད་པ་སླར་བཤད་པའི་མཚན་ཉིད་གང་དང་
གང་སེམས་ཅན་གྱི་དོན་མཚུངས་པ་མེད་པར་འགྱུར་བའོ། །ཕ་རོལ་སོན་ཞེས་པ་ནི་བསམ་གཏན་གྱི་སྦྱོར་བས་སོ། །དེའི་ཚེ་གང་གིས་ཞེས་བྱ་བ་ལ་སོགས་པ་ལ། གང་གིས་མཆོག་ཏུ་དགའ་བ་ཞེས་པ་ནི་རྣལ་འབྱོར་མ་དང་འདུས་པའི་ཕྱིར་ཁ་སྦྱོར་གྱི་སྦྱོར་བས་ཏེ། རྡོ་རྗེ་རྣལ་འབྱོར་པ་ཞེས་པ་
ནི་མཆོག་ཏུ་མི་འགྱུར་བའི་རྣལ་འབྱོར་པའོ། །སོམ་ཉི་མེད་པ་ཞེས་པ་ནི་མི་ཟད་པའི་བདེ་བ་ཐོབ་ཅེས་པའི་དོན་ཏོ། །དེ་ཉིད་ཀྱིས་ན་མཁའ་འགྲོ་མ་སོགས་ཞེས་གསུངས་ཏེ། མཁའ་འགྲོ་མ་རྣམས་འདུས་པའི་གནས་སུའོ། །གཏོར་མ་ཞེས་པ་ནི་ཟས་ཀྱི་མཆོད་པའི་དུས་སུའོ། །སོགས་
Vol. 6 · folio 248b
བའི་སྒྲས་ནི་ཐ་མལ་པའི་གནས་སུ་ནུབ་མོ་འདུས་པ་ཉིད་ཀྱི་ཕྱིར་རོ། །ཅི་རྙེད་པ་ཞེས་པ་ནི་ནམ་དང་པོ་ལ་སོགས་པའི་ཤ་དང་བཏུང་བ་དེ་ཐམས་ཅད་རྣམ་པར་མི་རྟོག་པས་བཟའ་བར་བྱའོ། །དེ་བཞིན་དུ་རོའི་གོས་ཞེས་པ་ནི་མིའི་པགས་པ་བགོ་བའོ། །ཡང་ན་འདི་ཉིད་ཀྱི་སྐྲ་ལས་བྱས་པའི་
གོས་སམ། དེའི་རས་བགོ་བའོ། །ཁམ་ཕོར་ཆགས་པོ་ཞེས་པ་ནི་ཁམ་ཕོར་དུམ་བུར་སོང་བའོ། །དེ་ཡང་འཆད་བཞིན་པའི་སྐྲ་དང་ལྡན་པ་གཡུལ་གྱིས་ནས་བླངས་པའོ། །དེ་བཞིན་དུ་བསྒོམ་པའི་གནས་གསུངས་པ། རི་བོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཁ་དོག་ཅན་
ཞེས་པ་ནི་འོད་ཟེར་རྣམས་སོ། །བགོ་ཞེས་པ་ནི་སྤྲོས་པའོ། །འོད་ཟེར་དེས་ཀྱང་དཀྱིལ་འཁོར་པའི་ལྷར་བརྟག་པར་བྱའོ། །ངེས་པའི་དོན་དུ་བཞི་མདོ་ཞེས་པ་ནི་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་བཞིའི་རྗེས་སུ་ཨ་ཝ་དྷཱུ་ཏཱིའི་དཀྱིལ་འཁོར་རྒྱུ་བ་ལས་རང་གི་བདག་ཉིད་ཀྱིས་
བསྒོམ་པའོ། །དེ་བཞིན་དུ་རི་བོ་ཞེས་པ་ནི་སྤྱི་བོའི་མིང་ཅན་ནམ་མཁའི་དཀྱིལ་འཁོར་ལའོ། །དེ་ལྟར་དཀྱིལ་འཁོར་མཐའ་དག་ཨ་ཝ་དྷཱུ་ཏཱིར་རྒྱུ་བའོ། །དེ་བཞིན་དུ་ཤིང་གཅིག་དྲུང་ཞེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྒྱུ་བའི་དུས་སུ་མཚོན་པར་བྱའོ། །དེ་ནི་སྣ་ཁུང་གཡོན་པའི་རླུང་
ངོ་། །དེ་བཞིན་དུ་སྣའི་བུ་ག་གཡས་པའི་ཡང་དུར་ཁྲོད་ཅེས་པ་ནི་སྡུད་པའི་གནས་སུའོ། །གང་གི་ཕྱིར་གཡོན་པ་སྤྲོས་པའི་གནས་ཡིན་པའི་ཕྱིར་རོ། །འང་ཞེས་པ་ནི་བརྟག་པའོ། །དེ་ལྟར་དབང་ཞེས་པ་ལ་སོགས་པ་ནི་ས་ལ་སོགས་པའི་དཀྱིལ་འཁོར་བཞིའི་རྗེས་སུའོ། །མ་མོའི་
ཁྱིམ་ཞེས་པ་ནི་ནམ་མཁའ་ལའོ། །དབེན་པ་ཞེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒོམ་ཞིང་སྲོག་གཞུག་ཅེས་པའི་དོན་ཏོ། །དེའི་ཕྱིར་པདྨའི་ཚལ་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་སྐྱེ་གནས་ཀྱི་རྩ་ཕྲ་མོ་སྟེ། དེའི་གནས་སུ་རྒྱུ་བའི་དུས་སུ་རྩ་པདྨ་ཞེས་བརྗོད་དོ། །དེ་བཞིན་དུ་ཆུ་བོ་འདུས་པ་ཞེས་པ་ནི། །
སྟེང་འོག་གི་སྦྱོར་བ་རླུང་གཉིས་ལྟེ་བར་འདུས་པའི་གནས་སུའོ། །དེར་ཞེས་པ་ནི་ཕྱི་དང་ནང་གི་གནས་དག་ཏུའོ། །དེ་བཞིན་དུ་རི་རྩེར་ཞེས་པ་ནི་མཆོག་ཏུ་མི་འཛག་པའི་སྦྱོར་བས་སྟེང་དུ་འགྲོ་བའོ། །ཚང་ཚིང་ཞེས་པ་ནི་གསང་བའི་གནས་མི་འཛག་པའི་བདེ་བ་འཛིན་པའི་ཞེས་པ་སྟེ་ངེས་
Vol. 6 · folio 249a
པའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་རྩ་བའི་སྦྱོར་བས་དུས་རྣམས་ཟོས་པའོ། །དེ་ཉིད་ཀྱིས་ན་གཏོར་མ་སྦྱིན། །ཞེས་པ་ནི་སྲོག་གསད་པའོ། །ད་ནི་སེམས་ཅན་གྱི་དོན་དུ་ཨ་ཝ་དྷཱུ་ཏཱིའི་རྣལ་འབྱོར་པའི་ཆ་ལུགས་སྣ་ཚོགས་པ་འཛིན་པ་མངོན་དུ་བསྟན་པའི་ཕྱིར། འོལ་
མ་སེ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོལ་མ་སེ་ལ་སོགས་པའི་དོ་ཤལ་གྱི་རྒྱན་དུ་བྱ་ཞེས་པའི་དོན་ཏོ། །དེ་བཞིན་དུ་སྲོག་ཆགས་ཡན་ལག་ཅེས་བྱ་བ་ལ་སོགས་པ་ནི་སྟག་ལ་སོགས་པ་ནི་སྟག་ལ་སོགས་པའི་པགས་པ་གོས་སུ་བགོ་བའོ། །བདེ་དོན་དུ་ཞེས་པ་ནི་རྣལ་འབྱོར་མ་སྙོམས་པར་འཇུག་
པར་འདོད་ན་སྦྱིན་ཞེས་པ་ནི་བྱ་བའོ། །ལ་ལར་ཞེས་པ་ནི་རྣལ་འབྱོར་པས་འདོད་པ་བཞིན་རྟག་ཏུ་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །གཞན་གྱི་ཡུལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་གནས་རྣམས་སུ་གནས་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཕྱོགས་རྣམ་པར་རྒྱལ་བ་ཞེས་པ་ནི་
སྤྱོད་པའོ། །ཕྱོགས་ལས་རྣམ་པར་རྒྱལ་བ་ཞེས་པ་ནི་རྣལ་འབྱོར་པའི་རང་བཞིན་ཇི་སྐད་དུ་གསུངས་པའོ། །དེ་ལྟར་རེ་ཞིག་བརྟན་བྱས་ཏེ། །ཞེས་པ་ནི་སྤྱོད་པ་བསྒོམ་པས་བརྟན་པར་བྱས་པའོ། །དེ་ཡང་མཆོག་ཏུ་མི་འགྱུར་བའི་སྦྱོར་བའི་ཕྱིར་རོ། །དེ་ཉིད་ཀྱིས་ན་རྣལ་འབྱོར་ཞེས་པ་ནི་དེ་
དང་ལྡན་པ་སྟེ། མི་ཤིགས་པ་ཞེས་པ་ནི་མི་འགྱུར་བའི་བདེ་བའི་ཐོབ་པའོ། །དེས་ན་རིག་མ་ཞེས་བྱ་བ་ལ་སོགས་པ་ལ། རིག་མ་ཞེས་པ་ནི་རྣལ་འབྱོར་མའོ། །ལྷ་མོ་ཞེས་པ་ནི་འདོད་པ་ཅན་གྱི་བུད་མེད་རྣམས་སོ། །གཟུང་བར་བྱ་ཞེས་པ་ནི་རྣལ་འབྱོར་མའི་གཟུགས་སུ་བྱ་བ་སྟེ་ངེས་པའོ། །
དེ་ཡང་འདོད་པ་ཅན་ཞེས་པ་དེ་ཅི་ཞེ་ན། གསུངས་པ། ལྷ་མོ་ཞེས་པ་ལ་སོགས་པ་ལ་ལྷ་མོ་ཞེས་པ་ནི་ཐིག་ལེ་མཆོག་མ་ལ་སོགས་པའོ། །དགའ་མ་ཞེས་པ་ནི་བདེ་བ་ཆེན་པོའི་རང་བཞིན་མའོ། །རོལ་མ་ཞེས་པ་ནི་ཡང་དེ་བཞིན་དུ་བལྟའོ། །དགའ་མ་ཞེས་པ་ནི་དགའ་བར་བྱ་བ་མའོ། །དེ་
བཞིན་དུ་རིག་པ་འཛིན་པ་ཞེས་པ་ནི་གཙོ་མོ་ཆེན་མའོ། །གནོད་སྦྱིན་མོ་ཞེས་པ་ནི་གནོད་སྦྱིན་གྱི་བུད་མེད་དོ། །ཀླུ་མོ་ཞེས་པ་ནི་ཀླུའི་རིགས་བརྒྱད་རྣམས་ཀྱི་ཀླུའི་བུ་མོའོ། །དེ་བཞིན་དུ་ས་འོག་གི་ལྷ་མ་ཡིན་གྱི་བུ་མོའོ། །རྣལ་འབྱོར་པས་ཞེས་པ་ནི་དེ་ལྟར་བུ་མོ་བརྒྱད་ཀྱི་ནང་ནས་ཇི་ལྟར་འདོད་
Vol. 6 · folio 249b
པ་དེ་ལྟར་དགུག་པར་བྱའོ། །དེ་བཞིན་དུ་ལྕགས་ཀྱུ་ཞགས་པ་ཞེས་པ་ནི་མན་ངག་འདི་ཡིན་ཏེ། སྔོན་དུ་གསུངས་པའི་ཚུལ་གྱིས་དུར་ཁྲོད་བརྒྱད་ཀྱི་དབུས་སུ་བསྒོམ་པའི་རིམ་པ་བཞིན་བསམ་པར་བྱ་སྟེ་ཕྱག་བཞི་པའི་ལྷ་མོ་རིག་བྱེད་མར་བདག་ཉིད་བྱ་བའོ། །དེའི་ཕྱིར་བུམ་པ་ཅན་གྱི་སྦྱོར་བ་
བསྒོམ་པར་བྱའོ། །དེའི་རིམ་པ་ནི་འདི་ལྟ་སྟེ། སྔོན་དུ་བསྙེན་པའི་དུས་སུ་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ། དུས་གསུམ་དུ་བཅོམ་ལྡན་འདས་མའི་གཟུགས་སུ་དམིགས་ནས་ཉི་མ་རེ་རེ་བཞིན་ཁྲི་ཚོ་རེ་རེ་བཟླས་པར་བྱའོ། །དེ་ནས་ལུས་ལ་གོས་དམར་པོ་བགོས་ཏེ་དེའི་རྗེས་སུ་རང་
གི་སྙིང་གར་ཉི་མ་ལ་གནས་པ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོའོ། །འདབ་མ་བརྒྱད་པ་སྐྱེ་གནས་ཀྱི་མཐར་ཐུག་པར་སྡོང་བུ་སོང་བར་རྣམ་པར་བསྒོམ་པར་བྱའོ། །འདབ་མ་དེ་བརྒྱད་ལ་དབྱངས་ཡིག་བརྒྱད་ཡོངས་སུ་གྱུར་པ་ལས་ཤིན་ཏུ་གནག་པ་གདོང་པ་དམར་བ་རྒྱས་
བ་མགུ་བ་མ་རུངས་པ་བརྗོད་པའི་རིམ་པ་བཞིན་རླུང་གང་གིས་དེ་རྣམས་ལ་བསྐྱོད་དེ་རང་གི་སྣ་ནས་བྱུང་བའོ། །དེ་ཡང་རང་གི་སྣ་ཁུང་གཡོན་པ་ནས་ཕྱུང་ནས་བསྒྲུབ་བྱའི་སྣ་ཁུང་གཡས་པའི་བུ་གར་ཞུགས་ཏེ་སེང་གེ་བཞིན་དུ་བཅོམ་པས་ཨ་ལ་སོགས་པའི་དབྱངས་རྣམས་ཅུང་ཟད་དམར་བའམ་
འདབ་མ་དང་ལྡན་པར་རྣམ་པར་བཅོམ་པར་རྣལ་འབྱོར་པས་བལྟ་བར་བྱའོ། །ཕྱི་ནས་རྣམ་པར་བཀང་བའི་ཨུཏྤ་ལ་དམར་པོ་གཞུ་དང་མདས་བསྔགས་པའི་ཁུ་ཚུར་ལྟ་བ་དང་ལྡན་པ་གཏད་དེ་བསྒྲུབ་བྱའི་པདྨའི་ལྟེ་བར་བསྣུན་པར་བྱའོ། །དེ་ནས་བུང་བ་དེ་རྣམས་དམ་ཚིག་གིས་བསྐུལ་ཏེ། དེའི་
དབྱངས་ཡིག་རེ་རེ་བཞིན་བླངས་ནས་དེའི་སྣ་ཁུང་གཡོན་པའི་བུ་ག་ནས་ཕྱུང་སྟེ། རྣལ་འབྱོར་པའི་སྣ་ཁུང་གཡས་པའི་བུ་ག་ནས་སྙིང་དུ་ཞུགས་པས་རང་དང་གཞན་གྱི་ཤེས་པ་གཅིག་ཏུ་བྱའོ། །ཕྱི་ནས་ཨུཏྤ་ལའི་སྡོང་བུས་མགྲིན་པ་བཅིངས་ཤིང་ལྕགས་ཀྱུས་སྐྱེ་གནས་ཕུག་སྟེ་འོད་ཟེར་འབར་
བས་གཟིར་བར་རྣམ་པར་བསམས་ན་དབང་དུ་འགྱུར་རོ། །གཞན་ཡང་མགལ་མེའི་འཁོར་ལོ་ལ་བརྟེན་པའི་སྔགས་ཡོངས་སུ་བཟླས་པའི་རྣལ་འབྱོར་པས་དེ་ལྟར་ཡོངས་སུ་བསྒོམས་ཏེ་སྔགས་བཟླས་པར་བྱའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ ཆེ་གེ་མོ་མྨེ་ཤ་མ་ནཱ་ཡ་སྭཱ་ཧཱ། དེ་ལྟར་ཟླ་བ་ཉའི་བར་གྱི་
Vol. 6 · folio 250a
མཚན་མོ་མཐའ་དག་ལ་བཟླས་པ་བྱའོ། །དེ་ནས་ཐོ་རངས་འོངས་ཏེ་སྐྲ་གྲོལ་བ་གོས་མེད་པ་འདོད་ཅིང་ཆགས་པ་དེ་ཁུག་སྟེ་སྔགས་ཀྱི་རྒྱལ་པོས་བསྐུལ་བས་རིག་མ་རྣམས་ཀྱི་དངོས་གྲུབ་ཐོབ་བོ། །ཡོ་བྱད་ཅེས་བྱ་བ་ལ་སོགས་པ་ལ། ཡོ་བྱད་ཅེས་པ་ནི་འབྱུང་པོ་འདུལ་བྱེད་དུ་
གསུངས་པའི་སྣ་ཚོགས་པའི་མཆོད་པའི་རྫས་རྣམས་སོ། །དབུལ་བ་ཞེས་པ་ནི་རྒྱས་པར་འབུལ་བའོ། །འདི་ལྟར་ལྷ་ཡིས་དངོས་གྲུབ་སྟེར། །ཞེས་བྱ་བ་ལ་སོགས་པ་ལ། ལྷ་ཞེས་པ་ནི་ལྷ་མོ་ལ་སོགས་པའོ། །ལྷུན་གྲུབ་སྟེར་ཞེས་པ་ནི་བཅུད་ཀྱིས་ལེན་པ་དམ་པ་བདུད་རྩིའི་འབྲས་བུ་
ལ་སོགས་པ་ཡང་དེས་སྟེར་རོ། །དེས་ན་སྒྲུབ་པ་པོ་རྣམས་ཀྱི་ནད་ལ་སོགས་པ་རྣམས་འཇིག་པར་བྱེད་དོ། །དེ་བཞིན་དུ་ལུས་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པས་རྣལ་འབྱོར་མ་དྲག་མོ་བསྟེན་པས་རྒྱ་ལ་བྱིས་པའི་དབང་གིས་སྐྲག་པས་འཆི་བ་ལ་ཐུག་པར་སོམ་ཉི་ཟ་བ་དེའི་ཕྱིར་དང་པོ་
གོམས་པའི་དུས་སུ་ལུས་ཀྱི་སྦྱིན་པ་བརྟག་ཅིང་རྣམ་པར་རྟོག་པར་མི་བྱ་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་ཕྱི་ནས་ཞེས་བྱ་བ་ལ་སོགས་པ་ལ་ཆ་དང་ཆ་མིན་ཞེས་པ་ནི་རྣལ་འབྱོར་མ་འདོད་པ་ཅན་རྣམས་ཀྱིས་རིགས་ཀྱི་ཁྱད་པར་ལ་སྤྱོད་པའི་དུས་སུ་བརྟག་པར་མི་བྱའོ། །སྦྱིན་པ་ཞེས་པ་ནི་ལུས་ཀྱི་སྦྱིན་
པ་ལས་གཞན་གྱི་འབྱོར་པའི་སྦྱིན་པ་ལྟ་ཅི་སྨོས། དེ་བཞིན་དུ་བཟའ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ད་ནི་རྣལ་འབྱོར་པ་སྤྱོད་པ་འཛིན་པ་རྣམས་ཀྱི་བརྟུལ་ཞུགས་དང་རྒྱན་གྱི་ངེས་པར་བསྟན་པའི་ཕྱིར། བརྟུལ་ཞུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་འཁྱུད་པར་ཤེས་
པའོ། །གྲུབ་པའི་མཐར་འགྲོ་བ་ཞེས་པ་ནི་རྣལ་འབྱོར་མ་རྣམས་ཀྱི་རང་བཞིན་གྱི་དབང་གིས་སངས་རྒྱས་ཉིད་ཐོབ་པའོ། །གཞན་ཡང་སེམས་ཅན་ཞེས་བྱ་བ་ལ་སོགས་པ་ནི་བདག་གི་དོན་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུའོ། །བཟང་ཞེས་པ་ནི་སྒེག་པ་ལ་སོགས་པས་བསྒྲུབ་པའི་རོ་སྟེ།
དེའི་རུས་པའི་རང་བཞིན་ལས་བྱས་པའོ། །དེ་བཞིན་དུ་མི་འཆི་བཅུ་ཕྱེད་ཅེས་པ་ནི་བདུད་རྩི་ལྔའོ། །ཧེ་རུ་ཀ་ཞེས་པ་ནི་དཔལ་ཁྲག་འཐུང་གི་སྦྱོར་བ་འཛིན་པའོ། །སྐྱེས་བུ་གནས་ཞེས་པ་ནི་དེའི་རང་བཞིན་གྱི་ཕྱིར་རོ། །བཞིན་མཛེས་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པ་ལུང་ཐོབ་པས། །
Vol. 6 · folio 250b
རྡོ་རྗེ་བུ་མོ་འདི་བཟུང་ལ། །ཞེས་པའི་ཚིག་གིས་དེ་བཟུང་སྟེ་ཆོས་མགྲིན་པར་ཆུད་པར་ཤེས་པར་བྱའོ། །དེ་ཡང་། བཞིན་མཛེས་མིག་གི་དཀྱུས་རིང་བ། །ཞེས་པ་ཁ་ནང་དུ་ཕྱོགས་པ་གང་གི་ཕྱིར་རང་གིས་དབང་བསྐུར་བ་བརྩེ་བ་དང་ལྡན་པ་རྣལ་འབྱོར་པའི་མཐུ་འདི་དག་དང་ལྡན་པ་ཞེས་པའི་
དོན་ཏོ། །དེ་བཞིན་དུ་སྦྱོར་ཞེས་པ་ནི་སྦྱོར་བ་དང་བརྟུལ་ཞུགས་ལ་འཛུད་པའོ། །རྡོ་རྗེ་ཞེས་པ་སྔོན་དུ་གསུངས་པའི་རིགས་ཅན་ནོ། །དེས་ན་མེད་འགྱུར་ན་ཞེས་པ་ནི་དེའི་རིགས་མེད་པའི་ཕྱིར་རོ། །རང་འདོད་ཅེས་པ་ནི་རང་གི་འདོད་པའི་ལྷའམ་རིགས་གཞན་ལས་འབྱུང་བ་སྟེ་རང་གི་
འདོད་པའི་ལྷའི་རིགས་ལས་བྱུང་བའམ་ལྷ་གཞན་དག་གི་རིགས་གསུམ་ལས་འབྱུང་བའོ། །དེ་ཡང་། འདུས་བྱས་ན་ནི་གཟུང་བར་བྱ། །ཞེས་པ་ནི་ཡང་དག་པར་དབང་བསྐུར་བའོ། །བྱང་ཆུབ་ས་བོན་ཞེས་པ་ནི་དགེ་བའི་རྩ་བ་བསྐྱེད་ནས་དེ་བཟུང་ལ་སྤྱོད་པ་བྱ་ཞེས་སྦྱར་རོ། །གལ་ཏེ་
ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལྡན་པ་ཞེས་པ་ལ་རྡོ་རྗེ་དབྱེར་མེད་པའི་ཕྱིར་གཉིས་མེད་པ་ཡང་དག་པའི་བདེན་པ་གཉིས་དང་ལྡན་པ་དེ་སྟོན་པ་རྡོ་རྗེའི་ཀླུ་ཞེས་པའི་དོན་ཏོ། །དེ་བཞིན་དུ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་དགའ་བ་ཞེས་པ་ནི་མཆོག་ཏུ་མི་འཛག་པ་ཞེས་པའི་སྦྱོར་བ་ལས་སྐྱེས་
པའི་དགའ་བའོ། །དེ་ཡང་དངོས་པོ་ཐམས་ཅད་རོ་གཅིག་པར་བྱ་བའི་ཕྱིར་སེམས་དང་རླུང་འགོག་པའོ། །འདི་དག་རྒྱུ་པས་ན་གར་རོ། །དེ་ཉིད་ཀྱིས་ན་ཐར་པའི་རྒྱུ་རུའོ། །དེ་ཡང་རྡོ་རྗེ་རྐང་པས་གར་ཞེས་བྱ་བ་ནི་གཡས་བརྐྱང་བ་དང་གཡོན་བརྐྱང་བ་དང་ཟླུམ་པོ་དང་ཡངས་པ་དང་མཉམ་པའི་
སྟབས་སོ། །དེ་བཞིན་དུ་སྣ་ཁུང་དག་གི་རླུང་ཡང་མཚོན་པར་བྱའོ། །ཡང་ན་དེ་བཞིན་དུ་རྣལ་འབྱོར་མ་རྣམས་ལ་རྣལ་འབྱོར་པའི་ལག་པ་དང་རྐང་པ་དང་ཁ་དང་ལྟ་བའི་གར་གྱིས་རྒྱས་འདེབས་པའོ། །མི་བསྐྱོད་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ནི་ཕྱག་རྒྱ་ལྔ་ལུས་ལ་གནས་པ་ཞེས་བྱ་བའི་དོན་
ཏོ། །སྨན་ཞེས་པ་ནི་དྲི་ཆེན་ནོ། །ཆུ་ཞེས་པ་ནི་མི་བསྐྱོད་པའོ། །བསྲུང་བར་འགྱུར་ཞེས་པ་ནི་དགོངས་བཤད་གཞན་གྱིས་ཁུ་བ་སྟེང་དུ་རྒྱུ་བས་བཤང་བ་དང་གཅི་བ་སྟེང་དུ་རྒྱུ་བར་འགྱུར་རོ། །གང་གིས་ཤེ་ན། གསུངས་པ། ཟུར་སེལ་གྱི་རླུང་སྟེང་དུ་རྒྱུ་བའི་ཕྱིར་ཐམས་ཅད་རོ་གཅིག་
Vol. 6 · folio 251a
པར་འགྱུར་ཏེ། དེས་ན་ཡང་ཨ་ཝ་དྷཱུ་ཏཱི་ཁ་ནས་བཟའ་བར་བྱ་བའོ། །དེའི་ཕྱིར་གྱུར་ཞེས་པ་ནི་འབྱུང་བ་ཆེན་པོའི་ཁམས་རྣམས་སོ། །དེ་རྣམས་ཀྱང་མི་ཟད་དེ་ཕྱིའི་ཟས་དང་སྐོམ་ལ་སོགས་པ་སྤངས་པ་དེས་ན་ལུས་མི་གཡོ་ཞིང་བསྲུང་ཞེས་པའི་དོན་ཏོ། །རྐུན་མའི་སྐྲ་ཞེས་པ་ནི་
རྒྱལ་པོའི་འཆད་པས་བསད་པའི་རྐུན་མའོ། །དེ་ཡང་མཚན་མ་དང་ལྡན་ནམ་མི་ལྡན་པ་ཡོངས་སུ་བརྟག་པ་སྟེ། མཚན་བཟང་པོ་དེའི་ཚེ་དབང་པོའི་རིམ་པས་ཇི་ལྟ་བའི་ཚུལ་དུ་དབབ་པ་བྱས་ནས་དེ་ལ་ཐོད་པ་བསླང་བའི་ཕྱིར་གསོལ་བ་གདབ་སྟེ། དེའི་ཚེ་དེས་ཀྱང་སྐྲ་དང་ལྷན་ཅིག་ཐོད་པ་སྟེར་
ཏེ་དེ་ལྟར་བླངས་ནས་འགྲུབ་པར་འགྱུར་རོ། །ཐོད་པ་དེ་ཅོད་པན་ལ་གནས་པ་གང་ལ་བསྟན་པ་དེས་ནི་གང་འདོད་པ་དེ་ཡང་དབང་དུ་འགྱུར་རོ། །ཧཱུཾ་ལས་བྱུང་བ་ཞེས་པ་ནི་མི་བསྐྱོད་པར་བྱས་པའི་ཅོད་པན་ནོ། །དེ་བཞིན་དུ་སོར་ལྔ་པ་ཞེས་པ་ནི་སངས་རྒྱས་ལྔའི་རང་བཞིན་གྱི་ཐོད་པ་ལྔ་ནི་སངས་
རྒྱས་ཀྱི་ཐོད་པའོ། །སྐ་རགས་ཞེས་པ་ནི་སྐྲའི་སྲད་བུའོ། །ཐལ་བ་ཞེས་པ་ནི་ལུས་ལ་བྱུགས་པའི་ཐལ་བའོ། །སྐྲའི་དག་བྱེད་ཅེས་པ་ནི་མཆོད་ཕྱིར་ཐོགས་པའོ། །ཅང་ཏེའུ་སྒྲ་ཞེས་པ་ནི་མི་ཤིགས་པ་ལ་དུས་ཐམས་ཅད་དུ་སེམས་དཔའི་བཟླས་པའོ། །བཟླས་པ་ཡང་ཐིམ་པའོ། །སེམས་
ཅན་ཐམས་ཅད་མགྲོན་དུ་འབོད་ཅེས་པ་ནི་སྒྲའི་ཆ་ཚུལ་གྱིས་རྣམ་པར་ཤེས་པ་ལ་དམིགས་པའི་ཕྱིར་རོ། །དེའི་གཟུགས་ཀྱང་སེམས་ཅན་དུ་འབྱུང་བའོ། །དེ་རྣམས་ཀྱང་སྒྲ་ཙམ་ལ་ཆགས་པའོ། །དེ་ཉིད་ཀྱིས་ན་བཟླས་པ་དང་བསྒོམ་པ་ཞེས་གསུངས་ཏེ། དེ་དག་གིས་ཞེས་པ་ནི་འདིས་
རྡོ་རྗེ་ཐོད་པ་ཅན་དུ་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །འདོད་དང་ཞེས་བྱ་བ་ལ་སོགས་པ་ནི་འདོད་པ་དང་རྨོངས་པ་ལ་སོགས་པ་རྣལ་འབྱོར་གྱི་བགེགས་རྣམས་སྤངས་པར་བྱའོ། །དེ་བཞིན་དུ་ངོ་ཚ་བ་ཡང་རྣལ་འབྱོར་ཆེན་པོའི་བགེགས་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཧེ་རུ་ཀ་ཞེས་བྱ་བ་ལ་
སོགས་པ་ལ། ཧེ་རུ་ཀའི་བདག་ཉིད་ཅེས་པ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་རྣམས་ལྷན་ཅིག་སྐྱེས་པ་གང་གི་བདག་ཉིད་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣལ་འབྱོར་པའི་རྣལ་འབྱོར་གྱི་སེམས་མི་འགྱུར་བའི་ཏིང་ངེ་འཛིན་གསུངས་པ། ཨ་ཝ་དྷཱུ་ཏཱིའི་རྣམས་རྟེན་ཏེ། །
Vol. 6 · folio 251b
ཏིང་ངེ་འཛིན་གྱི་སྦྱོར་བས་གཟིར། །ཧེ་ཞེས་པ་ནི་ཆོས་སྐུ་ཉིད། །རུ་ནི་ཉམས་མྱོང་ལོངས་སྤྱོད་རྫོགས། །ཀ་ནི་སྤྲུལ་པའི་སྐུ་ཉིད་དོ། །བདག་ཉིད་ལྷན་ཅིག་སྐྱེས་གཟུགས་ཉིད། །བྷ་ནི་འཁོར་བའི་རྒྱུན་འཇོམས་པ། །བེ་ཏ་ནི་རིག་བྱ་རིག་བྱེད་མཚན། །ཡོ་ནི་དངོས་པོ་གང་གང་ཞེས། །
གི་ནི་གཉིས་མེད་བརྟགས་པ་བརྗོད། །བི་ནི་བདེ་ལ་གནས་པས་རིག །ཧ་ནི་རྡོ་རྗེ་སེམས་དཔའི་གཟུགས། །འབྱིན་དང་བུམ་ཅན་གང་བྱེད་པས། །ལྔ་ལ་སོགས་པ་བརྗོད་པར་བྱའོ། །རིགས་ནི་དུས་ཀྱི་གྲངས་ཉིད་དོ། །དཀྱིལ་འཁོར་ལྔ་ཡི་རླུང་ཉིད་དོ། །སྤྱོད་པ་སྔོན་དུ་གང་གསུངས་
པ། །རིགས་གཅིག་བསམ་གྱིས་མི་ཁྱབ་པའོ། །བརྟག་ཅེས་པ་ནི་བདེ་བ་ཙམ། །རང་རིག་པ་ཡི་སྔོན་དུ་འགྲོ། །དུ་མ་ལ་སོགས་དེར་གསུངས་པ། །རྩ་ཡི་ཁ་དོག་ཉེར་བརྟགས་པས། །སྣ་ཚོགས་དུས་ནི་མདོར་བསྡུས་པ། །རིགས་གཅིག་ཏུ་ནི་རྟོགས་པར་བྱེད། །དེ་ཡང་
སྐད་ཅིག་གཅིག་ཏུ་བཤད། །མངོན་པར་རྫོགས་བྱང་ཆུབ་མཚན་ཉིད། །གང་ཕྱིར་ཞེས་སོགས་ཚིག་གིས་ནི། །དུས་མང་པོ་ཡི་དོན་མེད་པའོ། །གཉིད་ཅེས་པ་ནི་གཏི་མུག་ཉིད། །རྣལ་འབྱོར་རིགས་པས་རྟག་ཏུ་སྤང་། །སྤྱོད་པ་རྣལ་འབྱོར་སྤྱོད་པ་སྟེ། །བྱ་བ་བྱང་ཆུབ་ལམ་
འགྲོ་བའོ། །འདིར་ནི་ཐེ་ཚོམ་བྱ་བ་མིན། །རྣམ་པར་རྟོག་པ་བདུད་ཀྱི་ལས། །རྣམ་པར་མི་རྟོག་རྫོགས་བྱང་ཆུབ། །སྔོན་གྱི་རྒྱལ་བས་ནན་ཏན་གསུངས། །ཞེས་པ་སྟེ་ངེས་པའོ། །ཁ་སྦྱོར་ལས་འབྱུང་ཞེས་པ་ནི་སྔོན་བཞིན་དུ་རྟོགས་པར་བྱའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་
རྟོག་པ་ལྔ་པ་མདོར་བསྟན་པ་གསུམ་གྱི་མཐར་བཞི་པ་སླར་བཤད་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བ་གཞུང་སླར་བཤད་པ་སྟེ་བཞི་པའོ།། །།ད་ནི་དཔྱིད་ཀྱི་ཐིག་ལེའི་མདོར་བསྡུས་པ་རྒྱུད་གཉི་གའི་བཤད་པ་རབ་ཏུ་བྱེད་པ་གསུམ་བསྡུས་ཏེ་
བསྟན་པ་སླར་བཤད་པས་བཞི་པ་གཞུང་ལུགས་མང་པོ་ཉིད་སྟོན་པ་འདི་གསུངས་ཏེ། ལྷ་ལས་ཞེས་བྱ་བ་ལ་སོགས་པ་ནི་སྤྱོད་པའི་རྟོག་པ་ལ་སོགས་པ་རྟོག་པ་ལྔའི་གཞུང་ལུགས་གཏན་ལ་འབེབས་པའོ། །གཟིགས་མོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་བཀའ་རྡོ་རྗེ་སྙིང་པོ་ལ་སོགས་པ་
Vol. 6 · folio 252a
ཉན་པར་འཚལ་བའོ། །བདག་བྱིན་རླབས་ཞེས་པ་ནི་སྔོན་དུ་གསུངས་པ་གནས་སྐབས་ཁ་ཅིག་ཏུ་བདག་ཅག་ལ་བཤད་པ་འདིར་ཡང་ཅུང་ཟད་ལྷག་པ་དང་ཆད་པའི་དབང་གིས་འདི་གསལ་བའི་དོན་དུ་བརྗོད་དེ། དེས་ན་ཇི་ལྟར་འགྱུར་ཞེས་སྦྱར་རོ། །དེ་བཞིན་དུ་
གསང་བ་ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་བཅུ་དྲུག་རྣམས་སོ། །དེ་རྣམས་ཀྱི་དགོས་པ་ཅི་ཞེས་པ་ནི་རང་བཞིན་ཅི་ཞེས་པའོ། །དེ་བཞིན་དུ། བཅོམ་ལྡན་འདས་ཀྱིས་ལན་གྱིས་གསུང་། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ཞེས་པ་ནི་རྡོ་རྗེའི་ཏིང་ངེ་
འཛིན་ལས་བྱུང་བའི་འཁོར་རྣམས་ནི་སེམས་དཔའོ། །དེས་ན་རྡོ་རྗེ་སེམས་དཔའ་ཞེས་པའི་སྒྲའི་དོན་ཏོ། །དེ་ཉིད་ཀྱིས་ན་བརྩེ་བ་ཆེན་པོ་ཞེས་པ་ནི་སྙིང་རྗེ་ཆེན་པོའི་རང་བཞིན་ཏེ་གང་ལ་འདི་ལྟ་བུའི་བསམ་པ་ཡོད་པ་དེ་ནི་དེ་བཞིན་དུ་གསུངས་པར་འགྱུར་རོ། །ཡང་ན་རྡོ་རྗེ་སེམས་དཔའ་
ནི་མཆོག་ཏུ་ཟབ་པའི་དོན་གྱི་ཡུལ་ཉེ་བར་རྟོགས་པའོ། །མཆོག་གི་དོན་གྱི་ཡུལ་ཡང་རྡོ་རྗེ་ཡེ་ཤེས་ཏེ་དེ་ཡང་མཆོག་ཏུ་ཟབ་པའི་ཀུན་རྫོབ་པོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱི་ཕྱིར་རྡོ་རྗེ་སེམས་དཔའ་སྟེ། དེ་ཉོན་ཞེས་པའི་ཚུལ་ལོ། །མདོར་བསྡུས་ནས་ཞེས་པ་ནི་དེ་ཁོ་ན་ཉིད་མདོར་བསྡུས་
ནས་སོ། །རྒྱུད་ཅེས་བྱ་བ་ལ་སོགས་པ་ལ། འདིར་ཀུན་གྱི་སྒྲ་ནི་ལུས་ཀྱི་རྩ་གནས་ཏེ་དེ་རྣམས་ཀྱི་རྒྱུད་ནི་སྲོག་གི་རླུང་ངོ་། །དེའི་ངེས་པ་ནི་ཡང་དག་པར་རྣམ་པར་གཞག་པའོ། །འོན་ཀྱང་ཨ་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་བདག་གིས་ལ་སོགས་པས་བཤད་པ་གང་གསུངས་པའི་གནས་
ཅུང་ཟད་ཀྱིས་གསལ་བའོ། །རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ནི་འདིར་གནས་དང་གནས་པ་དག་གསལ་བར་བྱེད་པ་ལ་འགྲོ་བ་ཞེས་པ་ནི་ཕྱིར་འགྲོ་བའོ། །རྗེས་འོང་ཞེས་པ་ནི་ནང་དུ་འོང་པའོ། །དེ་དག་གི་སྲོག་དང་ཐུར་སེལ་དུ་རྣམ་པར་བཞག་པས་སྐྱེ་བ་དང་འཇིག་པའི་ཕྱིར་སྲིད་པ་བར་མར་
བརྗོད་དོ། །དེ་ཡང་ཁམས་རྣམས་ཀྱི་ཞེས་པའི་སྔོན་གྱི་བག་ཆགས་ཀྱི་ཁམས་རྣམས་ཀྱིས་རང་གི་བདག་ཉིད་ཀྱི་ལུས་དེའི་གཟུགས་སུ་མཐོང་ངོ་། །སེམས་ཀྱི་རྟག་འགྲོ་བ་ཞེས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བས་གཅིག་ལ་གཅིག་གིས་སེམས་ལས་ཁམས་རྣམས་བལྟ་ཞིང་ཁམས་རྣམས་
Vol. 6 · folio 252b
ལས་སེམས་བལྟའོ། །དེ་བཞིན་དུ་རྡོ་རྗེ་སྙིང་པོས་ཞུས་པ་འདི་གསུངས་ཏེ། ཁམས་ཞེས་བྱ་བ་ལ་སོགས་པ་ལ། ཅི་ཞེས་པ་ནི་ཇི་ལྟ་བུར་འགྱུར་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་པ་ནི་ལན་ནོ། །དེ་ཅི་ཞེ་ན་གསུངས་པ། གསང་བ་ཞེས་བྱ་བ་ལ་སོགས་པ་ནི་ཁམས་
ཀྱི་སྒྲ་འདིས་གསང་བ་ལ་སོགས་པའི་ཡི་གེ་བཅུ་དྲུག་གི་བརྡ་གསུངས་སོ། །འདི་དག་ཅེས་པ་ལ་ར་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཕྱི་དང་ནང་གཉི་གར་རྫོགས་པ་ལས། །བསྐྱེད་པའི་རིམ་པ་ཟབ་མོ་སྟོན་པའི་ཕྱིར་དེའི་ཕྱིར་རེའུ་མིག་བཅུ་དྲུག་གི་བདག་ཉིད་ཀྱི་འཁྲུལ་འཁོར་རོ། །དེ་ཡང་ལུས་
ལ་རྩའི་འཁོར་ལོར་བརྗོད་དོ། །དེ་ཡི་རིམ་པ་ནི་འདི་ཡིན་ཏེ། །ཁྲག་གི་ཁམས་འབབ་ར་ས་ནཱ། །ར་ད་པོ་ཡི་ཡི་གེ་ཡིས། །ལྷ་ནི་ཆགས་པའི་བདག་ཉིད་ཅན། །མཁའ་འགྲོ་མ་ཡི་རིམ་པས་འཕོ། །རེག་བྱའི་རྩ་ནི་མི་ཕྱེད་འགྱུར། །ཧ་ཞེས་པ་ནི་མགོ་ཕྱོགས་པ། །དེ་ནི་ལྷ་མོར་ཤེས་བྱ་
སྟེ། །བདག་མེད་ཐིག་ལེ་མཚོན་པའོ། །བད་ཀན་རྩ་ནི་མགྲིན་པར་གནས། །སྱ་ཞེས་པ་ནི་མིང་དང་པོ། །འདི་ལ་རྣལ་འབྱོར་མ་ལཱ་མ། །འཕོ་བ་ཡང་ནི་གསུམ་པའོ། །ཨ་ཝ་དྷཱུ་ཏཱི་སེམས་ཀྱི་རྩ། །བ་ཞེས་པ་ནི་རླུང་རྒྱུན་ཅན། །ནུབ་ཏུ་དུམ་བསྐྱེད་མ་ཉིད་དེ། །ལྷ་མོ་རྒྱུ་བའི་ཕྱིར་ན་འཕོ། །
ཆགས་པའི་རྩ་ནི་ཐམས་ཅད་དུ། །ར་ཞེས་པ་ནི་རོ་སྐྱེས་པ། །རྡོ་རྗེ་སེམས་དཔའི་རིགས་ཀྱི་རྒྱས། །འཕོ་བ་ཐམས་ཅད་ལ་ཁྱབ་བྱེད། །ཚིལ་གྱི་རྩ་ནི་བརླ་ཉིད་ནི། །མེ་ནི་དང་པོའི་ཡི་གེ་བཞིན། །དེ་བཞིན་གཟུགས་ཅན་མར་ཞེས་བྱ། །ཚིལ་གཟུགས་ཁ་ནི་མང་པོའི་ཕྱིར། །དུས་མེ་
སྒྲ་གཅན་གྱིས་ནི་རྩ། །ར་ཞེས་པ་ཡི་ཡིག་གཟུགས་ཀྱི། །དེ་ནི་གཏུམ་མོའི་ལྷ་མོ་སྟེ། །འཕོ་བ་ཡང་ནི་དྲུག་པ་ཉིད། །རྒྱབ་ཀྱི་ཆ་རུ་ཤཱི་བའི་རྩ། །བ་སྤུའི་རྩེར་སོང་པུཀྐ་སཱི། །མེ་ཞེས་པ་ནི་རྟག་དང་པོ། །ཚིགས་རྣམས་ཐམས་ཅད་དུ་ནི་གཟིར། །བཤང་བའི་རྩ་ནི་ཆུ་སོར་གནས། །
ས་ཞེས་པ་ཡི་མིང་ཅན་གྱིས། །དེར་ནི་གཽ་རཱི་ཤེས་པར་བྱ། །འཕོ་བ་ཡང་ནི་བརྒྱད་པར་འདོད། །ཞག་གི་རྩ་ནི་རྒྱུ་བ་ཉིད། །དེ་ནི་རི་ཁྲོད་མ་རུ་གྲགས། །རྦ་ཞེས་པ་ཡི་ཡི་གེ་འདི། །འཕོ་བ་མཆོག་གི་གཟུགས་ཅན་ནོ། །པགས་པ་ཙཽ་རཱིར་ཡང་དག་བརྗོད། །རྨ་དང་པོ་ཡི་ཡི་གེ་མིང་། །
Vol. 6 · folio 253a
རྩ་དེ་རྣ་བ་གཉི་ག་ན། །དེ་བཞིན་འཕྲོ་བ་བཅུ་པའོ། །རུས་པའི་རྩ་ནི་ཀེང་རུས་ལ། །ནྱ་ཞེས་པ་ཡི་ཡི་གེ་ཉིད། །རྣལ་འབྱོར་མ་ནི་རོ་ལངས་ཉིད། །རྩ་རྣམས་ཐམས་ཅད་འབབ་པ་ཅན། །ཟ་ཕོད་ཆུ་ཡི་བུ་ག་ལ། །ས་ཡི་གདན་ལ་ཡང་དག་གནས། །རྡོ་རྗེ་ལམ་གྱི་ནང་
ན་ནི། །དེ་ཡང་འཕོ་བ་རྒྱུ་བའོ། །གློ་བ་ལ་ནི་གཡུང་མོར་བརྗོད། །དཱ་ཞེས་པ་ལ་བརྟེན་པའི་སྲོག །འཕོ་བ་ཡང་ནི་བཅུ་གསུམ་ཉིད། །ཟླ་བ་ཉི་མ་འཆར་དང་ནུབ། །པདྨའི་རྩ་ནི་སྒོ་དགུ་རྣམས། །སྠི་ཞེས་པ་ལ་རྟག་ཏུ་གནས། །འདི་ནི་འཕོ་བའི་ཐིག་ལེ་རྣམས། །ཧེ་རུ་ཀ་ནི་ཚོགས་གཙོ་
བོ། །ཁུ་བའི་རྣམ་པར་གྱུར་བཅོམ་ལྡན། །ཏ་ཞེས་པ་ནི་སྣལ་གཟུགས་ཅན། །ཁུ་བའི་བུ་གའི་གཙུག་ཏོར་ལ། །བཅུ་དྲུག་ཆ་ལས་སྐྱེས་སངས་རྒྱས། །ལྷ་མོ་དེ་ལྟར་བསྟན་པ་ནི། །ཞེས་པ་ནི་ལྷ་མོའི་འཁོར་ལོའོ། །ཡི་གེ་བཅོ་ལྔའི་བདག་ཉིད་དོ། །དེ་བཞིན་དུ་བཅུ་དྲུག་པ་ཏཱའི་
བདག་ཉིད་ནི་སྣལ་མའི་གཟུགས་རྩ་དང་སྒྲའི་རང་བཞིན་ཉིད་ཀྱིས་ན་བཅོམ་ལྡན་འདས་ཀུན་རྫོབ་ཀྱི་རང་བཞིན་གྱི་ཕྱིར་ཆ་གཅིག་བཅུ་དྲུག་པ་བྱང་ཆུབ་སེམས་དཔའ་དེ་ལ་དེ་སྐད་ཅེས་བྱའོ། །ད་ནི་ཁམས་རྣམས་བསྐྱེད་པ་བསྟན་པའི་ཕྱིར། ར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་
ར་ཞེས་པའི་སྒྲ་ནི་ཆགས་པ་ཆེན་པོའི་ཉི་མ་སྤྲོས་པའི་ཕྱིར་མེ་སྟེ། དེ་ལས་ཡང་དག་པར་འབྱུང་བ་ནི་ཁྲག་གོ། །ཁྲག་ལས་མཁྲིས་པ་ཞེས་པ་ནི་ཆགས་པ་དང་ཚོར་བ་དག་གི་བདེ་བ་ལས་མཁྲིས་པ་འབྱུང་བའོ། །དེ་བཞིན་དུ་ཡི་གེ་བཅུ་དྲུག་གི་ནང་ནས་ར་གསུམ་གྱི་ངེས་པ་ཞེས་དགོངས་
ཏེ། དེ་ཡང་ཁྲག་དང་རོ་དང་མེའི་ཁམས་ཏེ། ཁམས་གསུམ་ཞེས་གསུངས་པའི་ཕྱིར་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་ས་མ་པ་ཞེས་པ་ལ་སྱེ་ཞེས་པ་གཅིག་དང་ས་ཞེས་པ་གཉིས་ཏེ་གསུམ་དང་སྠི་ཞེས་པ་དང་བཞིའོ། །འདིར་སྠི་ཞེས་པ་དང་། འབྲེལ་བའི་ཐ་དང་འབྲེལ་བའི་སར་
ཤེས་པར་བྱའོ། །དེ་ལྟར་སི་དང་ལྷན་ཅིག་པའོ། །དེ་བཞིན་དུ་མ་ཞེས་པ་གསུམ་ཡང་འདིར་མེ་ཞེས་པ་དང་རྨ་ཞེས་པའོ། །རྦ་ཞེས་པ་ནི་གཅིག་ཉིད་དོ། །དེ་བསྡུས་ན་ཡི་གེ་བརྒྱད་ནི་རྩ་བརྒྱད་དོ། །འདི་ལྟ་སྟེ་བད་ཀན་དང་བཤང་བ་དང་གཅི་བ་དང་རྒྱུས་པ་རྣམས་ས་ཞེས་པ་བཞིས་ཤེས་
Vol. 6 · folio 253b
པར་བྱའོ། །དེ་བཞིན་དུ་མ་ཞེས་པ་གསུམ་གྱིས་ནི་ཚིལ་དང་ཤ་དང་པགས་པའོ། །རྦ་ཞེས་པ་ནི་ཞག་ཤེས་པར་བྱའོ། །འདོད་ཅེས་པ་ནི་བད་ཀན་ཏེ་དེ་ལས་བྱུང་བ་ནི་རྡུལ་དང་རྒྱུས་པའོ། །དེ་བཞིན་དུ་ཡང་དེ་ནི་གཙོ་བོ་ཞེས་པ་ནི་བད་ཀན་ལ་སོགས་པའི་ཁམས་གསུམ་ལས་བྱུང་བ་ཏ་ཞེས་པས་
ནི་ཁུ་བའོ། །ན་ཞེས་པ་ནི་རུས་པའོ། །སྠི་དང་འབྲེལ་བའི་ཐ་ཡང་བརྗོད་དོ། །དེས་ན་པདྨ་ཞེས་པ་ནི་རང་འབྱུང་དང་ཁུ་བར་བརྗོད་པའོ། །དེ་ཡང་། རྫས་དང་ལྡན་པས་མཛེས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཁམས་གསུམ་ལས་རླུང་དུ་བརྗོད་ཅེས་པ་མི་ཤིགས་པའི་རྡོ་རྗེ་
ལྟ་བུའོ། །དེ་ཉིད་ཀྱིས་ན། ཧ་ནི་ཀུན་ཏུ་འགྲོ་བར་བརྗོད། །ཅེས་པ་ནི་ངེས་པའོ། །དེ་བཞིན་དུ་རུས་པའི་མཚམས་རྣམས་སུ་ཞེས་པ་ནི་ཨ་ཝ་དྷཱུ་ཏཱི་མདུད་པའི་རང་བཞིན་གྱིས་ཚིགས་ཐམས་ཅད་དུ་ཁྱབ་པའོ། །ར་ས་མ་པཾ་ཞེས་པ་ནི་ར་ལ་སོགས་པའི་ཡི་གེ་འདི་བཞིའི་སྔོན་དུ་གསུངས་པའི་ཡི་གེ་
བཅུ་གཅིག་གིས་ཁམས་བཅུ་གཅིག་བསྟན་ཏོ། །དེ་བཞིན་དུ་འདིར་པཾ་ཞེས་པ་སེམས་སྟོང་པའི་དུས་སུ་ཚིགས་རྣམས་ལ་འཕྲོ་བ་མཁྲིས་པ་དང་བད་ཀན་དང་རླུང་རྣམས་ཀྱི་དབུས་སུ་ཁྱབ་པ་ནི་སེམས་ཀྱི་ཁམས་སུ་བརྗོད་དེ། དེ་ལྟར་ས་བོན་ལྔ་ཞེས་པ་ནི་ར་ས་མ་པ་པཾ་ངོ་། །ཁམས་འདི་རྣམས་ལས་
སེམས་ཅན་ཐམས་ཅད་སྐྱེས་པ་དང་བསྐྱེད་པར་བརྗོད་དོ། །དེ་རྣམས་ཀྱི་རྩེ་མོར་ར་ཞེས་པ་ནི་ས་བོན་ལྔའི་ནང་གི་ར་ནི་ཆགས་པ་དང་མེ་དང་རོའི་རང་བཞིན་གཞན་ལས་གཙོ་བོར་གྱུར་པའི་ཕྱིར་རྩེ་མོ་སྟེ་ཞི་ཞེས་པའི་དོན་ཏོ། །དེའི་ཕྱིར་ས་བོན་བཞི་ཞེས་པ་ནི་ས་མ་བ་བའོ། །དེ་ཡང་ར་ལས་ཁམས་བཅུ་
གཅིག་འབྱུང་བའི་ཕྱིར་རོ། །དེ་ལྟར་ར་གསུམ་དང་དེ་བཞིན་དུ་ཏཱཾ་ནཱ་ཐ་གསུམ་ནི་ཁྲག་དང་ཁུ་བ་དང་ཚིལ་དང་ཡང་དག་པར་སྦྱོར་བའི་རྫས་གསུམ་སྟེ་ཁམས་དྲུག་ལས་ཁམས་བཅུ་གཅིག་འབྱུང་ངོ་། །སེམས་ནི་ཐམས་ཅད་ལ་ཁྱབ་པའོ། །དེ་བཞིན་དུ་ས་བོན་ལྔ་ཞེས་པ་ལ་སོགས་པ་ལ་དེ་ནི་ས་ལ་སོགས་པའི་
ས་བོན་བཞིའོ། །གང་དུ་སྦྱིན་ཞེ་ན་གསུངས་པ། ད་ཞེས་པའི་ཡི་གེ་གློ་བ་ཞེས་པའི་མིང་ཅན་སྙིང་ངོ་། །དེ་ལས་བྱུང་བའི་ཁམས་བཅུ་གཅིག་དང་བཞི་སྟེ་གཉིས་བསྡོམས་ན་ཁམས་བཅོ་ལྔའོ། །རེ་མིག་གནས་སུ་ཞེས་པ་ནི་སྙིང་དུའོ། །ས་བོན་ལྔ་པོ་ཞེས་པ་ནི་དེ་ལས་སྐྱེས་ཞེས་པའོ། །ཡང་ན་སྔོན་དུ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words