དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་མན་ངག་གི་སྙེ་མ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཤྲཱི་སམྤུ་ཊ་ཏནྟྲ་རཱ་ཛ་ཊཱི་ཀ་ཨ་མ་ནཱ་ཡ་མཉྫ་རི་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 7 · folio 29b

ཅེས་པ་བཅུ་གཉིས་རྣམས་སོ། །དེ་རྣམས་ལ་རྗེས་སུ་བསྒྲུབ་པར་ངེས་པ་མི་གཏོང་བའོ། །ཚུལ་འཆོས་ནི་རྙེད་པ་དང་འདོད་པས་ཟོལ་གྱིས་ཆོས་གོས་ལ་སོགས་པའི་ཆེད་དུ་སྤྱོད་ལམ་སྡོམ་པའོ། །ཁ་གསག་ནི་རྙེད་པའི་དོན་དུ་རྙེད་པ་དང་བཀུར་སྟི་འདོད་པའི་བསམ་པས་ངོ་བསྟོད་ཀྱི་

ངག་གོ། །གཏམ་ཁོ་ན་དྲི་ཞིམ་པ་སྟེ། ཕ་རོལ་དགའ་བ་དང་སྙིང་ལ་འབབ་པ་གང་གི་ཡིན་པ་ནི་དེ་ཉིད་དོ། །འདི་ནི་ཉེ་བར་མཚོན་པ་སྟེ། ཐོབ་ཀྱིས་འཇལ་བ་ཉིད་དང་གཞོགས་སློང་ཉིད་ཀྱང་། དེ་ལ་རྙེད་པ་འདོད་པས་གཞན་གྱི་མདུན་དུ་འདི་ལྟར་འདི་ནི་སེར་སྣ་ཅན་ནོ་ཞེས་པ་

ལ་སོགས་པས་གཞན་ལ་སྨོད་པ་ནི་ཐོབ་ཀྱིས་འཇལ་བ་ཉིད་དེ། ཐོབ་ཀྱིས་འཇལ་བ་ཁོ་ན་གཞན་ལས་རྙེད་པ་སྒྲུབ་པར་སྲེད་པའོ། །ཉུང་ངུ་བྱིན་ནས་མང་པོ་ཚོལ་བ་དང་འདོད་པས་དངོས་པོ་ལ་བསྔགས་པ་ནི་གཞོགས་སློང་ཉིད་དེ། རྙེད་པའི་རྒྱུ་མཚན་དུ་ཅུང་ཟད་བྱིན་པ་ལ་

བསྔགས་པ་ཡང་ངོ་། །ལེགས་པར་ཀུན་དུ་སྤྱོད་པ་ནི་དགེ་བའི་བྱ་བའོ། །བདག་ཉིད་ཀྱི་རྙེད་པས་ཚིམ་ཞིང་མ་ཞེན་པ་ཉིད་དང་ཚོད་ཤེས་པས་ཉེ་བར་ལོངས་སྤྱོད་པ་ལ་སོགས་པ་ཁ་ན་མ་ཐོ་བ་དང་བྲལ་བ་གང་ཡིན་པ་དེ་ཉིད་དོ། །རྗེས་སུ་གནང་བ་ནི་བདེ་བ་ལེན་པ་མ་ཡིན་པ་ཉིད་ལ་

སོགས་པ་རྣམས་ཀྱིས་འཚོ་བའོ། །རྩོལ་བ་ནི་བརྩོན་འགྲུས་སོ། །ལོག་པ་ནི་མི་དགེ་བའི་ཡུལ་ཅན་ནོ། །འཇུག་པ་ནི་སྦྱོར་བའི་བརྩོན་འགྲུས་སོ། །བསྒྲུབ་པ་ནི་ལམ་མོ། །ཤིན་ཏུ་ཉེ་བར་གནས་པ་ནི་ལམ་བསྒོམ་པའི་སྦྱོར་བའི་གནས་སྐབས་སུའོ། །མི་གཡོ་བའི་ཡང་དག་

པ་མ་ཡིན་པའི་རྟོག་པ་ལ་སོགས་པ་རྣམས་ཀྱིས་ཏེ་དངོས་གཞིའི་གནས་སྐབས་སུའོ། །དྲང་པོ་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཉིད་ཀྱི་ཕྱིར་རོ། །མི་འཁྱོགས་པ་ནི་ལམ་ལོག་པ་ཡོངས་སུ་སྤངས་པའོ། །དེ་ཉིད་ཀྱི་ཕྱིར་འཕགས་པའི་ལམ་ལ་འདི་ཡིས་ཡང་དག་

པར་སྦྱོར་རོ་ཞེས་པས་ཡང་དག་པར་སྦྱོར་བའོ། །ཡང་དག་པ་ཉིད་ནི་ཚད་མས་འཐད་པའི་དེ་ཁོ་ན་ཉིད་རང་བཞིན་མེད་པ་ཉིད་དེ། དེས་ཏིང་ངེ་འཛིན་ནོ། །འོ་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒོམ་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་མྱ་ངན་ལས་འདས་པ་ལ་མཆོག་ཏུ་

Vol. 7 · folio 30a

གཞོལ་བ་རྣམས་ཁོ་ན་ལ་རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་མ་ཡིན་ཏེ་ཇི་སྐད་དུ་འཕགས་པ་འཇམ་དཔལ་གྱིས་ཞུས་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཐེག་པ་ཆེན་པོའི་མདོར་གསུངས་པ། འཇམ་དཔལ་མ་འོངས་པའི་དུས་སུ་དགེ་སློང་རྣམས་འབྱུང་བར་

འགྱུར་ཏེ། དེ་རྣམས་མི་གཙང་བ་ལས་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནི་དྲན་པ་ཉེ་བར་གཞག་པར་སྟོན་པར་འགྱུར་རོ་ནས་ཇི་སྲིད་དུ་འདི་ཁོ་ན་དོན་དམ་པའོ་ཞེས་པའི་བར་དུའོ་ཞེ་ན། འདི་སྐྱོན་མེད་དེ་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་རྟོགས་པ་དོན་དུ་

གཉེར་བ་ཉིད་ཀྱི་ཕྱིར་དང་། ཆོས་ཐམས་ཅད་མི་དམིགས་པ་ལྷུར་ལེན་པ་ཉིད་ཀྱི་ཕྱིར་ན་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་པའི་རྒྱུ་ཉིད་ཀྱི་ཕྱིར་འཁོར་བ་ལ་ཡང་ཡོངས་སུ་མྱ་ངན་ལས་འདས་པ་བཞིན་དུ་ཡོན་ཏན་མཐོང་བ། མྱ་ངན་ལས་འདས་པ་ལ་ཡང་སེམས་ཅན་ལ་ཕན་པ་བསྒྲུབ་

པའི་རྟེན་མ་ཡིན་པ་ཉིད་ལས་འཁོར་བ་བཞིན་དུ་མི་མཐུན་པར་ལྟ་བ། ཆོས་ཉིད་ཙམ་ཉིད་ཀྱི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་བདག་མཉམ་པ་ཉིད་དུ་ལྟ་བ་རྣམས་ཀྱང་རང་བཞིན་མི་དམིགས་པ་སོ་སོར་རྟོག་པའི་དོན་ཁོ་ནར་བྱང་ཆུབ་ཀྱི་ཕྱོགས་རྣམས་སྒོམ་པར་བྱེད་དོ། །བཅོམ་

ལྡན་འདས་མ་སྟོང་ཕྲག་བརྒྱ་པར་གསུངས་པ། དྲན་པ་ཉེ་བར་གཞག་པ་མི་དམིགས་པ་ཉིད་ཉེ་བར་བཟུང་ནས་ཞེས་པ་ལ་སོགས་པའོ། །འདི་རྣམས་བྱང་ཆུབ་ཀྱི་ཕྱོགས་མངོན་དུ་བྱེད་པར་འགྱུར་བ་འབའ་ཞིག་ཡིན་གྱི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པའམ་མྱ་ངན་ལས་

འདས་པ་མངོན་དུ་མི་བྱེད་དོ། །དེ་སྐད་དུ་ཡང་སྟོང་ཕྲག་ཉི་ཤུ་ལྔ་པར་གསུངས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་གནས་པ་ཉིད་ཤེས་ཏེ། འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་གྱི་འདི་མངོན་དུ་བྱ་བའི་དུས་ནི་མ་ཡིན་ནོ་ཞེས་པ་ལ་སོགས་པའོ། །

དེའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་རྣམས་བསྒོམ་པས་ནི་མྱ་ངན་ལས་འདས་པ་མངོན་དུ་མི་བྱེད་ཀྱི། དེ་རྣམས་ཁོ་ན་གོམས་པར་བྱེད་ཅིང་རབ་ཏུ་མཐུན་པར་བྱེད་པ་འབའ་ཞིག་སྟེ། ཇི་སྐད་དུ་མདོ་དེ་ཉིད་དུ་གསུངས་པ། བཅོམ་ལྡན་འདས་དོན་དམ་པར་དྲན་པ་ཉེ་བར་

Vol. 7 · folio 30b

གཞག་པ་ལ་སོགས་པ་རྣམས་ཇི་ལྟར་བལྟ་བར་བྱ། བཀའ་སྩལ་པ། འཇམ་དཔལ་གང་གིས་ལུས་ནམ་མཁའ་དང་མཉམ་པར་མཐོང་བ་འདི་ནི་ལུས་ལ་ལུས་ཀྱི་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་གཞག་པའོ། །གང་གིས་ཚོར་བ་དང་སེམས་དང་དགེ་བ་དང་མི་དགེ་བ་ལ་སོགས་པའི་

ཆོས་རྣམས་མི་དམིགས་པ་ནས་ཇི་སྲིད་འཇམ་དཔལ་དེ་ལྟར་དོན་དམ་པར་དྲན་པ་ཉེ་བར་གཞག་པ་བཞི་རྣམས་བལྟ་བར་བྱའོ་ནས་ཇི་སྲིད་དུ་གང་རང་བཞིན་གྱིས་སྙོམས་པར་ཞུགས་པ་དང་། རང་བཞིན་གྱིས་གཡེང་བ་མེད་པར་ཆོས་ཐམས་ཅད་བལྟ་སྟེ། དམིགས་པ་མི་དམིགས་

པ་ཉིད་ཀྱི་ཕྱིར་འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །འཇམ་དཔལ་གང་ལ་ལ། འདི་ལྟ་བུར་དྲན་པ་ཉེ་བར་གཞག་པ་རྣམས་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་ནི་རྒལ་བ་ཕ་རོལ་ཏུ་འགྲོ་བར་ང་སྨྲའོ་ནས། ཇི་སྲིད་རྣམ་པ་ཐམས་

ཅད་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས་ཆོས་འདི་རྣམས་ལ་མོས་པ་བྱའོ་ཞེས་པའི་བར་དུའོ། །དེ་ཉིད་ཀྱི་ཕྱིར་འདི་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་ནང་དུ་འདུས་པར་གསུངས་སོ། །བསྒོམ་པར་བྱ་བ་ཤེས་རབ་དང་

ཐབས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་གཉིས་ཏེ། ཨེ་མ་མ་ལ་བདག་གིས་སེམས་ཅན་ཐམས་ཅད་ཀྱི་སངས་རྒྱས་ཉིད་ཀྱི་ཆེད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱའོ་ཞེས་དོན་དུ་གཉེར་བའི་རྣམ་པ་ཅན་སྨོན་པའི་སེམས་

དང་། རབ་ཏུ་འཇུག་པའི་རྣམ་པ་ཅན་འཇུག་པའི་སེམས་སོ། །དེ་ལ་སྨོད་པའི་སེམས་ནི་རྣམ་པ་གསུམ་སྟེ། འདུན་པ་དང་ལྡན་པ་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པ་ཉིད་ཀྱི་མཚན་ཉིད་ཅན་དྲན་པ་ཉེ་བར་གཞག་པ་བསྒོམ་པའི་རང་བཞིན་དང་།

བསམ་པ་དང་ལྡན་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པར་འདོད་པ་ཉིད་ཀྱི་མཚན་ཉིད་ཅན་ཡང་དག་པར་སྤོང་བ་བསྒོམ་པའི་རང་བཞིན་དང་། ལྷག་པའི་བསམ་པ་དང་ལྡན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པར་འདོད་པ་ཉིད་ཀྱི་མཚན་ཉིད་ཅན་རྫུ་འཕྲུལ་གྱི་རྐང་པ་བཞི་

Vol. 7 · folio 31a

བསྒོམ་པའི་རང་བཞིན་ནོ། །གསུམ་པོ་འདི་ནི་ལས་དང་པོ་པའི་ས་ཚོགས་ཀྱི་ལམ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བར་བརྗོད་པར་བྱ་སྟེ། ཐར་པའི་ཆ་ནི་ཐོབ་པ་སྟེ། དེའི་ཆེད་དུ་ཕན་པའོ་ཞེས་བྱས་ནས་སོ། །འཇུག་པའི་སེམས་ནི་ས་བཅུ་གཉིས་

རྣམས་ཏེ། དེ་ལ་གཅིག་ནི་སྦྱོར་བའི་གནས་སྐབས་རིན་པོ་ཆེ་པད་མའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །བཅུ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྒྱུའི་གནས་སྐབས་རྣམས་སོ། །ཐ་མ་ནི་འབྲས་བུའི་གནས་སྐབས་རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་ཕྱིན་

པ་རྟོགས་པའོ། །དེ་ལ་སྦྱོར་བའི་གནས་སྐབས་རྣམ་པ་བཞི་སྟེ། དྲོ་བ་དང་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་ཅེས་པ་སྟེ། རིམ་པ་ཇི་ལྟ་བར་སྲུབ་ཤིང་བསྲུབས་པ་ལས་མེའི་རང་བཞིན་དུ་མཐོང་བའི་ལམ་ཞེས་བྱ་བ་སྤྲོས་པ་མེད་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་

ཉིད་ཀྱི་ཕྱིར་དང་། དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཉིད་ཀྱི་ཕྱིར་དང་། འཇིག་རྟེན་པའི་ཆོས་མཆོག་ལ་བཟོད་པའི་ཕྱིར་དང་། འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་ཕྱིར་རོ། །འདིར་དང་པོ་གཉིས་དབང་པོའི་རང་བཞིན་ཏེ། ཐ་མ་གཉིས་ནི་སྟོབས་ཀྱི་རང་བཞིན་ནོ། །འདི་

ལྟར་ཡང་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་ཕྱིར་ཕུལ་དུ་བྱུང་བའི་སྦྱོར་བ་ནི་རབ་ཏུ་སྦྱོར་བ་སྟེ། བར་ཆད་མེད་ན་མཐོང་བའི་ལམ་མྱུར་བར་སྐྱེ་བའོ། །འཇིག་རྟེན་པའི་བསམ་གཏན་དང་གཟུགས་མེད་པ་ལ་བརྟེན་པ་ཉིད་ཀྱིས་ན་འཇིག་རྟེན་པའི་སྒོམ་པའི་ལམ་མོ། །ངེས་པར་འབྱེད་

པ་བརྟེན་པ་ལ་ཕན་པའི་དགེ་བ་ཡང་སྟེ། རྣམ་པར་མི་རྟོག་པས་འབྱེད་པ་ནི་ངེས་པར་འབྱེད་པ་སྟེ། མཐོང་བའི་ལམ་ཡིན་ཞིང་དེ་སྟེན་པར་བྱེད་པ་ནི་བསྟེན་པ་སྟེ་ཐོབ་པའོ། །དེའི་ཆེད་དུ་ཕན་པའོ་ཞེས་བྱས་ནས་སོ། །གནས་སྐབས་འདིར་རྣལ་འབྱོར་པའི་མོས་པ་གཙོ་བོ་ཉིད་ཀྱི་ཕྱིར་

དང་ཡོན་ཏན་གྱི་རྟེན་དུ་གྲུབ་པ་ཉིད་ཀྱི་ཕྱིར་ཟག་པ་དང་བཅས་པའི་མོས་པ་སྤྱོད་པའི་ས་འདིའོ་ཞེས་རྣམ་པར་གཞག་གོ། །འདུན་པ་དང་བསམ་པ་དང་ལྷག་པའི་བསམ་པ་དང་སྦྱོར་བའི་བདག་ཉིད་སེམས་བསྐྱེད་པ་བཞི་པོ་འདི་རྣམས་ཀྱང་བརྡ་ལས་བྱུང་བ་དང་ཀུན་རྫོབ་པ་དང་འཇིག་

Vol. 7 · folio 31b

རྟེན་པ་རྣམས་ཀྱང་ངོ་། །དེ་ལས་གོང་མའི་སེམས་བསྐྱེད་པ་རྣམས་ནི་དོན་དམ་པ་པ་དང་འཇིག་རྟེན་ལས་འདས་པ་དང་ཟག་པ་མེད་པ་རྣམས་ཏེ། གོང་ནས་གོང་དུ་ཡོན་ཏན་གྱི་རྟེན་དུ་གྱུར་པ་ཉིད་ཀྱི་ཕྱིར་ན་རབ་ཏུ་དགའ་བ་དང་དྲི་མ་མེད་པ་དང་འོད་བྱེད་པ་དང་འོད་འཕྲོ་བ་དང་སྦྱང་དཀའ་བ་

དང་མངོན་དུ་གྱུར་པ་དང་རིང་དུ་སོང་བ་དང་མི་གཡོ་བ་དང་ལེགས་པའི་བློ་གྲོས་དང་ཆོས་ཀྱི་སྤྲིན་དང་། ཀུན་དུ་འོད་ཅེས་པ་ས་བཅུ་གཅིག་པོ་རྣམས་སུ་བལྟ་བར་བྱའོ། །དེ་ལ་སེམས་བསྐྱེད་པ་དང་པོ་མཐོང་བའི་ལམ་གྱི་རང་བཞིན་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ངོ་བོ་ལ་ཉོན་མོངས་པ་

ཐམས་ཅད་སྤངས་པ་ལས་ལྷག་པའི་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་སྟེ། གང་གི་ཕྱིར་འདིར་ཐོག་མ་མེད་པའི་འཁོར་བར་མ་མཐོང་བའི་དེ་ཁོ་ན་ཉིད་རང་དང་གཞན་གྱི་དོན་གྲུབ་པར་བྱེད་པ་མཐོང་བ་ལས་ཡོངས་སུ་མྱ་ངན་ལས་འདས་པ་ལ་སོགས་པ་མཆོད་འོས་རྣམས་ལ་མཆོད་པའི་

བསམ་པ་དང་དེ་ལས་གཞན་པ་རྣམས་ལ་དབང་པོའི་འབྱུང་བ་ཆེན་པོ་ལ་ཕན་འདོགས་པར་འདོད་པས་སྟེར་བར་བྱེད་དེ། གང་གིས་དེ་རང་གི་བ་ཉིད་ཡོངས་སུ་གཏོང་ཞིང་ཕ་རོལ་པོའི་རང་གི་བར་བྱེད་པའི་སེམས་ནི་སྦྱིན་པའོ་ཞེས་པ་འདི་ལྟ་བུའི་མཚན་ཉིད་ཅན་ཆོས་དང་ཟང་ཟིང་དང་མི་འཇིགས་

པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལྷག་པ་ཉིད་ཀྱིས་མུ་མཐའ་མེད་པའི་སེམས་ཅན་ཚིམ་པར་བྱེད་ན་ཡང་ཡོངས་སུ་མི་ཟད་པའི་ཕྱིར་རབ་ཏུ་དགའོ། །དེའི་ཕྱིར་འདི་རབ་ཏུ་དགའ་བའི་སའོ། །དེ་ལས་ཕྱི་མ་རྣམས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བདག་ཉིད་ཀྱི་ས་རྣམས་ཏེ། དེ་ལ་

གང་གི་ཕྱིར་འདིར་བདག་དང་གཞན་རྗེས་སུ་འཛིན་པ་ལ་རབ་ཏུ་འཇུག་པའི་ཕྱིར་འགྱོད་པ་མེད་ཅིང་རབ་ཏུ་དགའ་བ་ཉིད་ཀྱི་སྦྱོར་བས་ཉོན་མོངས་པ་མི་གནས་པའི་ཕྱིར་དང་མི་དགེ་བ་བཅུ་ལས་ལྡོག་པས་སམ་སེམས་ཀྱི་འགྱོད་པའི་མེ་ཉེ་བར་ཞི་བས་བསིལ་བ་ལེན་པའི་སེམས་ནི་ཚུལ་ཁྲིམས་

སོ་ཞེས་པ་སྡོམ་པ་དང་ཆོས་ཡང་དག་པར་སྡུད་པ་དང་སེམས་ཅན་གྱི་དོན་བྱ་བའི་མཚན་ཉིད་ཅན་གྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པ་ཉིད་ཀྱི་ཚུལ་ཁྲིམས་འཆལ་པའི་དྲི་མ་དང་བྲལ་བ་སྟེ་དེའི་ཕྱིར་དྲི་མ་མེད་པའོ། །གང་གི་ཕྱིར་འདིར་གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང་སྡུག་

Vol. 7 · folio 32a

བསྔལ་དང་དུ་ལེན་པ་དང་། ཆོས་ངེས་པར་སེམས་པའི་བཟོད་པའི་དབྱེ་བ་ལས་རྣམ་པ་གསུམ་པོ་སྲན་ཚུགས་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་པ་ཉིད་ལས་མི་འདོད་པ་ཐོག་ཏུ་བབ་པ་ཐམས་ཅད་ཀྱིས་མི་འཁྲུགས་པ་ཉིད་ཀྱི་ཕྱིར་མ་ཉམས་

པའི་ཏིང་ངེ་འཛིན་ལ་བརྟེན་པའི་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པ་དེའི་ཕྱིར་འོད་བྱེད་པའོ། །གང་ལས་འདིར་ལུས་དང་ངག་དང་སེམས་ཀྱི་དགེ་བའི་ཆོས་ཀྱི་ཚོགས་ཀྱི་རྒྱུན་འཇུག་པ་ཅན་དང་སེམས་ཅན་གྱི་དོན་རྗེས་སུ་འབྲེལ་པ་ཅན་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་པ་རྣམ་པ་

གསུམ་པོ་སྤྲོ་བའི་མཚན་ཉིད་ཅན་གྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པ་ཉིད་ལས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱིས་ཀུན་ནས་ཉོན་མོངས་པའི་བུད་ཤིང་བསྲེགས་ཏེ། དེའི་ཕྱིར་ཡེ་ཤེས་ཀྱི་འོད་ཟེར་འབྱུང་བའི་ཕྱིར་འོད་འཕྲོ་བའོ། །གང་གི་ཕྱིར་འདིར་ཆོས་རྣམས་ཐམས་ཅད་ལ་བྲི་བ་དང་

གང་བ་ཉིད་མེད་པའི་ཕྱིར་སྐྱོན་སེལ་བར་བྱེད་པ་དང་གནས་པ་ཅན་དང་འབྱོར་པ་ཅན་གྱི་མཚན་ཉིད་ཅན་གསུམ་གྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པ་ཉིད་ལས་དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པ་ན་ཡང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་གི་རིག་པ་དང་བདེན་པའི་

ཤེས་པ་དག་ཕན་ཚུན་འགལ་བའི་ཕྱིར་ཡོངས་སུ་སྦྱང་བ་བྱ་དཀའ་བ་དང་། གང་གི་ཕྱིར་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་བདུད་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཐུབ་པར་མི་ནུས་ཏེ་དེའི་ཕྱིར་སྦྱང་དཀའ་བའོ། །གང་གི་ཕྱིར་འདིར་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་

མེད་པ་རབ་ཏུ་མི་གནས་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ཐོས་པ་དང་། བསམ་པ་དང་སྒོམ་པའི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་པོ་ལྷག་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ལས་དང་རྟེན་

ཅིང་འབྲེལ་པར་འབྱུང་བ་རབ་ཏུ་རྣམ་པར་འབྱེད་པ་ལས་ཆགས་པ་མེད་པའི་སྒོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་མངོན་དུ་འགྱུར་ཏེ། དེའི་ཕྱིར་མངོན་དུ་གྱུར་པའོ། །ཕ་རོལ་ཏུ་ཕྱིན་པ་རྫས་སུ་ན་དྲུག་པོ་འདི་རྣམས་མིང་གིས་བཅུར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

Vol. 7 · folio 32b

པ་ཁོ་ན་ཁྱད་པར་གྱི་རྣམ་པར་ཞུགས་པ་རྣམས་ཐབས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པར་མངོན་པར་བརྗོད་པའོ། །དེ་ལྟར་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཉེ་བར་བསགས་པའི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཡོངས་སུ་

བསྔོ་བ་རང་གི་སྐྱོན་སེལ་བར་བྱེད་པ་དང་སེམས་ཅན་གྱི་དོན་ལ་འཇུག་པར་བྱེད་པ་དང་། མྱུར་དུ་བདེ་བླག་ཏུ་མངོན་པར་བྱང་ཆུབ་པར་བྱེད་པའི་མཚན་ཉིད་ཅན་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཐབས་དེས་དེ་མི་ཟད་པར་བྱེད་པའི་ཕྱིར་རོ། །སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་སྨོན་ལམ་

གྲངས་མེད་པ་རྣམས་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཅིང་ཚོགས་ཀྱི་རྒྱུན་ཅན་དང་སེམས་ཅན་གྱི་དོན་རྗེས་སུ་འབྲེལ་བ་ཅན་དང་སངས་རྒྱས་ཀྱི་ཞིང་སྦྱོང་བར་བྱེད་པའི་མཚན་ཉིད་ཀྱི་དབྱེ་བས་རྣམ་པ་གསུམ་སྟེ། གང་གིས་སྐྱེ་བ་སོ་སོར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའོ། །བསྒོམ་པའི་

སྟོབས་དང་སོ་སོར་རྟོག་པའི་སྟོབས་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང་། ལས་ལྡོག་པར་བྱེད་པ་དང་ཉོན་མོངས་པ་སེལ་བར་བྱེད་པ་དང་། བདུད་དང་ཕས་ཀྱི་རྒོལ་བ་ཟློག་པར་བྱེད་པའི་མཚན་ཉིད་ཀྱི་དབྱེ་བས་རྣམ་པ་གསུམ་སྟེ། གང་གིས་ཉི་མ་སོ་སོའམ་སྐད་ཅིག་སོ་སོར་དེ་རྣམས་ལ་སྤྱོད་

པའོ། །དགོངས་པ་ཇི་ལྟ་བ་དང་སྒྲ་ཇི་ལྟ་བ་བཞིན་མ་ཡིན་པར་ཐེག་པ་ཆེན་པོ་ཤེས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྣམ་པར་མི་རྟོག་པར་བྱེད་པ་དང་རྣམ་པར་རྟོག་པ་མཉམ་པ་ཉིད་དུ་རྟོགས་པར་བྱེད་པ་དང་སེམས་ཅན་གྱི་དོན་གྱི་ཐབས་ལྐོག་ཏུ་མ་གྱུར་པའི་མཚན་ཉིད་ཅན་གྱི་དབྱེ་བས་

རྣམ་པ་གསུམ་མོ། །དེ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་མཚན་ཉིད་ཅན་ཚད་མེད་པ་མི་ཟད་པ་དང་ལྡན་པ་ཉིད་ཀྱིས་ན་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་ལས་གང་གི་ཕྱིར་འདིར་བྱང་ཆུབ་ཀྱི་ཕྱོགས་དང་

བདེན་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དམིགས་པའི་མཚན་མ་མེད་པའི་གནས་པ་རྩོལ་བས་འབྱུང་སྟེ་དེའི་ཕྱིར་རིང་དུ་སོང་བའོ། །གང་གི་ཕྱིར་འདིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་སྨོན་ལམ་ཇི་ལྟ་བ་བཞིན་འབྲས་བུ་འགྲུབ་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་བདེན་པ་དང་རྟེན་ཅིང་

Vol. 7 · folio 33a

འབྲེལ་པར་འབྱུང་བ་ལ་དམིགས་པའི་མཚན་མ་མེད་པའི་གནས་པ་རང་གི་ངང་གིས་འབྱུང་བ་ཉིད་ཀྱི་ཕྱིར་མི་གཡོ་བ་སྟེ། དེའི་ཕྱིར་མི་གཡོ་བའོ། །གང་གི་ཕྱིར་འདིར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྦྱིན་པ་དང་སྟན་པར་སྨྲ་བ་དང་དོན་སྤྱོད་པ་དང་དོན་མཐུན་པའི་

མཚན་ཉིད་ཅན་བསྡུ་བའི་དངོས་པོ་བཞི་མི་ཟད་པ་རྣམས་ཀྱིས་གདུལ་བར་བྱ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར། ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་ཆོས་སྟོན་པ་པོ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ལེགས་པ་སྟེ་དེའི་ཕྱིར་

ལེགས་པའི་བློ་གྲོས་སོ། །གང་གི་ཕྱིར་འདིར་བྱང་ཆུབ་སེམས་དཔའ་ཆོས་རྣམས་ལ་རྒྱལ་ཚབ་ཀྱི་ཆེད་དུ་དབང་བསྐུར་ཏེ་དེའི་ཕྱིར་ཆོས་ཀྱི་སྤྲིན་ཏེ། མི་ཧ་བྲན་པ་ལའོ། །གྷཉ་སྟེ་མིང་ལ་གྷ་ཉིད་དོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོ་སོ་ཡང་དག་པར་རིག་པ་མི་ཟད་པ་རྣམས་ཀྱིས་གདུལ་

བྱ་འདུན་པར་བྱེད་པའི་ཆོས་སྟོན་པ་པོ་ཉིད་ཀྱི་ཕྱིར་སྤྲིན་ཆེན་པོ་བཞིན་དུ་རྩོལ་བ་མེད་པར་ཆོས་ཐམས་ཅད་མངོན་པར་ཆར་དུ་འབབས་ཏེ་དགའ་ལྡན་གྱི་གནས་ལ་སོགས་པའི་རིམ་པས་འཇིག་རྟེན་གྱི་དགེ་བ་མངོན་པར་འཕེལ་བའི་དོན་དུའོ་ཞེས་པས་ཀྱང་ཆོས་ཀྱི་སྤྲིན་ནོ། །གང་གི་ཕྱིར་

འདིར་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པའི་ཕྱིར་ཤིན་ཏུ་བའི་རྣམ་པར་དག་པས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་ཉིད་ཀྱིས་ན་ཇི་ལྟར་སྙིང་རྗེ་དང་ཤེས་རབ་གཉིས་སུ་མེད་པར་ཆོས་ཀྱི་དབྱིངས་རྟོགས་པ་ལྟར་

དང་ཆོས་ལ་བདག་མེད་པར་མཉམ་པ་ཇི་ལྟ་བ་བཞིན་དང་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཇི་ལྟ་བ་བཞིན་དང་འགྲོ་བའི་བྱ་བ་ཇི་ལྟ་བ་བཞིན་དུ་ཀུན་ནས་རྡུལ་ཕྲ་རབ་སོ་སོ་བར་མུ་མཚམས་མེད་པ་ཁམས་གསུམ་པའི་སེམས་དང་ཅིག་ཤོས་ཀྱི་དངོས་པོ་རབ་ཏུ་སྣང་བའི་འོད་ཅན་ཏེ་དེའི་ཕྱིར་ཀུན་དུ་

འོད། ཆོས་ཀྱི་སྐུ་ལ་སོགས་པའི་རང་བཞིན་ཤིན་ཏུ་དགའ་བ་ཆེན་པོའི་བདེ་བ་དམ་པ་ཞེས་པའི་མིང་གཞན་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད། ཆོས་ཀྱི་སྤྲིན་གྱི་མཐར་ཐུག་པའི་བྱང་ཆུབ་

Vol. 7 · folio 33b

སེམས་དཔའི་ས་རྣམས་ཀྱི་འབྲས་བུའི་གནས་སྐབས་བཅུ་གཅིག་པ་སངས་རྒྱས་ཀྱི་སའོ། །དེ་ལྟར་ས་བཅུ་གཅིག་རྣམས་ཏེ། མོས་པ་སྤྱོད་པའི་ས་དང་ལྷན་ཅིག་བཅུ་གཉིས་དང་ལས་དང་པོ་པའི་ས་དང་ལྷན་ཅིག་བཅུ་གསུམ་རྣམས་སོ། །ཡང་ན་ཁྱད་པར་གྱི་ངོ་བོ་དཔེ་མེད་པའི་ས་དང་ལྷན་

ཅིག་བཅུ་གཉིས་ཏེ། སངས་རྒྱས་ཀྱི་སའི་བར་ཆད་མེད་པའི་ལམ་གྱི་བདག་ཉིད་ཡེ་ཤེས་དང་ལྡན་པའི་ས་དང་ལྷན་ཅིག་བཅུ་གསུམ་མོ་ཞེས་པ་ཇི་ལྟར་རིགས་པར་གདུལ་བྱའི་བསམ་པ་ཇི་ལྟ་བར་མདོ་དང་རྒྱུད་ལ་སོགས་པ་རྣམས་སུ་རྣམ་པར་གཞག་པའོ། །ས་འདི་རྣམས་ལ་སོ་སོ་རང་

གིས་ཇི་ལྟར་རིག་པར་ཕྱི་མ་ཕྱི་མའི་སེམས་ཀྱི་གནས་སྐབས་རྣམས་སུ་རིམ་པས་སྐྱེ་བའི་ཕུལ་དུ་བྱུང་བ་མཆོག་དང་རབ་མཆོག་ལ་སོགས་པའི་དབྱེ་བས་ལྷའི་མིག་དང་ལྷའི་རྣ་བ་དང་གཞན་གྱི་སེམས་ཤེས་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ལ་སོགས་

པའི་ཡོན་ཏན་རིན་པོ་ཆེའི་ཕུང་པོ་རྣམས་འཐོབ་བོ། །དེ་རྣམས་ཀྱི་ལམ་གྱི་རྣམ་པ་རྒྱས་པ་དང་བཅས་པར་ཐུབ་པའི་དགོངས་པའི་རྒྱན་དུའོ། །འདི་ཐམས་ཅད་ནང་གི་ཚུལ་དུ་གསུངས་པ། འདི་རྣམས་ཁོ་ན་ཞེས་པ་ལ་སོགས་པ་སྟེ། ནི་ནི་ཁྱད་པར་ལའོ། །ཟག་པ་མེད་པ་ཉིད་ཀྱིས་ན་འཇིག་

རྟེན་ལས་འདས་པ་རབ་ཏུ་དགའ་བ་ལ་སོགས་པ་རྣམས་སོ། །ཟག་པ་དང་བཅས་པ་ནི་སོ་སོའི་སྐྱེ་བོའི་ས་གཉིས་ཏེ། འདི་རྣམས་ཀྱི་རྒྱུ་ཉིད་ཀྱིས་གོ་སླ་བ་ཉིད་ཀྱི་ཕྱིར་མ་གསུངས་པས་སོ། །ཀུན་ཏེ་ཐམས་ཅད་དུ་དེའི་བདག་ཉིད་ཀྱིས་གང་དུ་གནས་ཤིང་འབྲེལ་པ་དེ་ནི་ཀུན་གཞིའོ། །རབ་

ཏུ་དགའ་བ་ལ་སོགས་པའི་རང་བཞིན་ཁོ་ན་ནི་ཟག་པ་མེད་པའི་དད་པ་ལ་སོགས་པའི་དབང་པོ་ལ་སོགས་རང་བཞིན་ནམ། ཟག་པ་མེད་པའི་མིག་ལ་སོགས་པའི་རང་བཞིན་སའི་སྙིང་པོ་ལ་སོགས་པ་རྣམས་སོ། །སངས་རྒྱས་ཐམས་ཅད་ཀྱང་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཏེ།

སྒྲིབ་པ་མེད་པའི་གཟུགས་ལ་སོགས་པ་ཕུང་པོ་ལྔ་དང་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་རྣམས་སོ། །ཁྱད་པར་གྱི་ཞེས་པ་འབྲས་བུའི་ས་སྟེ་འདི་རྣམས་ཀྱི་གཞིའོ། །ཡང་ན་གཞི་ནི་རྟེན་ཏེ། སྔ་མ་སྔ་མའི་ས་ནི་ཕྱི་མ་ཕྱི་མའི་རྒྱུ་ཉིད་ཀྱིས་ནའོ། །འདི་ཉིད་གསལ་

Vol. 7 · folio 34a

བར་བྱེད་དེ། སངས་རྒྱས་རྣམས་ཀྱི་ཞེས་པ་ལ་སོགས་པས་སོ། །འབྱུང་བྱེད་ནི་འཐོབ་བྱེད་དོ། །མཆོག་ནི་དམ་པ་སྟེ་ཉན་ཐོས་ལ་སོགས་པའི་ས་རྣམས་ལས་སོ། །འོ་ན་དེ་ལྟ་ན་ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་མཚུངས་པ་ཉིད་ཁོ་ནར་འགྱུར་རོ་ཞེ་ན། དེ་ལྟར་མ་

ཡིན་ཏེ། བདེ་བ་ཆེན་པོའི་ངོ་བོ་རྡོ་རྗེ་འཛིན་པའི་ས་འདི་ཁོ་ན་རུ་རྟོགས་པར་བྱེད་པའི་ཕྱིར་རོ། །འོ་ན་དེ་ཡང་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་ངོ་བོ་ཁོ་ན་སྟེ། དེས་ན་ཁྱད་པར་ཅི་ཞེ་ན། ཁྱད་པར་ཡོད་དེ་དེའི་ངོ་བོ་ཉིད་དུ་སྒྲུབ་པར་བྱེད་པ་ཁོ་ནའོ། །དཔེར་ན་དངོས་པོར་ན་སྟོང་པ་ཉིད་

དང་རོ་གཅིག་པའི་སྟོབས་དང་མི་འཇིགས་པ་ཉན་ཐོས་ཀྱི་ཚུལ་ལ་སྒྲུབ་པ་རྣམས་ཀྱི་ཡང་། སྟོང་པ་ཉིད་དུ་མ་བསྒྲུབ་པའི་ཕྱིར་དང་། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་བསྒྲུབ་པའི་ཕྱིར་ཁྱད་པར་ཆེན་པོ་བརྗོད་པ་བཞིན་ནོ། །འོ་ན་བསམ་གཏན་དང་པོ་ཐོབ་པ་རྣམས་ཀྱང་འཁོར་ལོས་སྒྱུར་བ་

རྣམས་བཞིན་དུ་བདེ་བར་ཉེ་བར་བསྟན་ན། བདག་མེད་པ་ཉིད་གཉིས་ཀ་རབ་ཏུ་རྟོགས་པ་ན་ལྟ་ཅི་སྨོས། དེ་ལྟར་ནི་རབ་ཏུ་དགའ་བ་ལྷག་པ་ཉིད་ལས་ས་དང་པོ་རབ་ཏུ་དགའ་བའོ་ཞེས་བརྗོད་པར་བྱ་བས་སོ་ཞེ་ན། བདེན་ཏེ། འདི་ལྷན་ཅིག་སྐྱེས་པའི་བདེ་བ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་

བདེ་བ་ཆེན་པོ་མ་ཡིན་ཞིང་། ལས་དང་པོ་པའི་གནས་སྐབས་སུ་གྱུར་པ་ཡང་མ་ཡིན་ཏེ། ཁབ་ཀྱི་བུ་ག་ནི་བུ་གའོ་ཞེས་པ་ཁོ་ནས་ནམ་མཁའ་དང་ཡང་མཉམ་པར་གྱུར་པ་མ་ཡིན་པས་སོ། །འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདེ་

བ་ཞེས་གསུངས་སོ་ཞེ་ན། འདི་གསུངས་མོད། འདིའི་ཐབས་བསྟན་པ་ནི་མ་ཡིན་ཏེ། ཐབས་སུ་གྱུར་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཉེ་བར་མ་བསྟན་པའི་ཕྱིར་རོ། །དེའི་ཕྱིར་དེ་ཡང་རིམ་པ་འདི་ཁོ་ནས་རྟོགས་པར་བྱའོ། །དེ་སྐད་དུ་ཡང་རྣམ་པར་སྣང་མཛད་མངོན་པར་

བྱང་ཆུབ་པར་གསུངས་པ། རིགས་ཀྱི་བུ་ཁྱོད་ཀྱིས་རང་གི་སེམས་ཟླ་བའི་རྣམ་པར་ལྟོས་ཤིག་ཅེས་པ་ལ་སོགས་པའོ། །དེ་ཅི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་བྱང་ཆུབ་པ་མེད་དམ་ཞེ་ན། དེ་ལྟ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

Vol. 7 · folio 34b

ཆུབ་ཀྱི་དྲི་ཡང་ག་ལ་ཡོད། མཆོག་ཏུ་མཐར་ཐུག་པ་ན་ཡང་ངེས་པར་ཐབས་འདི་ལ་ལྟོས་སོ་ཞེས་བརྗོད་པར་བྱ་སྟེ། དཔེར་ན་ནམ་མཁར་བཞུགས་པའི་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གནང་བའི་ཤེས་རབ་ཀྱི་དབང་ལ་ཤཱཀྱའི་མགོན་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པ་བྱང་ཆུབ་ཐོབ་

པའི་ཆེད་དུ་མཚན་ཕྱེད་ན་ལྟོས་པ་བཞིན་དང་། ཇི་ལྟར་ཡང་བཅོམ་ལྡན་འདི་ཁོ་ནས་རྡོ་རྗེ་སྙིང་པོ་དང་ཐིག་ལེ་མཆོག་མ་ལ་དབང་བསྐུར་ཕྱིན་པ་བཞིན་ནོ་ཞེས་པ་ཤིན་ཏུ་རྒྱས་པས་མཆོག་སྟེ། མན་ངག་རིག་པ་རྣམས་ཀྱིས་ཁྱད་པར་འདི་ཡོངས་སུ་གསལ་བར་རྣམ་པར་ཤེས་པར་འགྱུར་རོ། །ནམ་

གྱི་ཚེ་འདི་རྣམས་སངས་རྒྱས་ཉིད་དུ་འབྱུང་བར་བྱེད་ཅེ་ན་གསུངས་པ། སུམ་ཅུ་རྩ་གཉིས་ཞེས་པ་སྟེ། རྩ་རྣམས་ནི་དྲུག་པའི་རབ་ཏུ་བྱེད་པ་གསུམ་པར་འཆད་པར་འགྱུར་བའི་རྫོགས་པའི་དཀྱིལ་འཁོར་གྱི་ལྷར་མོས་པ་ལས་ཐ་མལ་པའི་ང་རྒྱལ་བསལ་ནས་ལས་དང་རྣལ་འབྱོར་དང་ལྷན་

ཅིག་སྐྱེས་པའི་དེ་བཞིན་ཉིད་རྣམས་ལས་གང་ཡང་རུང་བས་བླ་མའི་མན་ངག་ཇི་ལྟ་བ་བཞིན་དུ་ཡན་ལག་དྲུག་རྣམས་ཀྱིས་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས་གང་གི་ཚེ་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་ཀྱིས་རྩ་

རྣམས་གང་བར་གྱུར་ཅིང་། དེ་གང་བའི་རྗེས་ཐོགས་ཏེ་བར་མ་ཆད་པ་དེའི་ཚེ་ཁོ་ན་འབྲས་བུའི་གནས་སྐབས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དབང་པོ་ལ་སོགས་པ་རྣམས་རྡོ་རྗེ་འཛིན་པའོ། །འདི་ཙམ་ཁོ་ནས་རྡོ་རྗེ་འཛིན་པ་མཆོག་མ་ཡིན་གྱི་འོན་ཀྱང་ལྷན་ཅིག་སྐྱེས་པའི་

དེ་ཁོ་ན་ཉིད་རྟོགས་པའི་ཆེད་དུ་ཕྱག་རྒྱ་ལ་ལྟོས་པར་བྱ་སྟེ། སུམ་ཅུ་རྩ་བདུན་པར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་ཕྱག་རྒྱ་དང་ལྷན་ཅིག་ཁོ་ནའོ་ཞེས་ངེས་པར་བྱེད་པར་འགྱུར་རོ། །དེ་ལྟར་གྱུར་པ་ན་རང་ལུས་ཉིད་ལ་ཞེས་པ་ལ་སོགས་པའོ། །ཅི་གཞན་དུ་ཡང་སངས་རྒྱས་ཉིད་དུ་འདོད་

པ་ཡོད་དམ་ཞེ་ན། ཡོད་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་སོ། །དེ་རྣམས་ནི་ཕུང་པོ་ལྔ་འགགས་པ་ན་ཕུང་པོ་ལྷག་མ་མེད་པ་འདུས་མ་བྱས་པ་ཐོབ་བྱ་རྟག་པ་མྱ་ངན་ལས་འདས་པ་ནི་སངས་རྒྱས་ཉིད་དུ་རྗོད་པར་བྱེད་དོ། །དབང་པོ་ལ་སོགས་པ་རྣམས་རྡོ་རྗེ་འཛིན་

Vol. 7 · folio 35a

པ་ཉིད་དུ་གསལ་བར་བྱེད་དེ། རང་ལུས་གནས་ཞེས་པ་ལ་སོགས་པ་སྟེ་རང་གི་ལུས་ལས་ལོག་པ་མ་ཡིན་པར་འཇུག་པའི་ཕྱིར་རང་ལུས་གནས་པའོ། །ཆོས་ཐམས་ཅད་ཀྱི་རྩ་བ་ཉིད་ཀྱིས་ཡེ་ཤེས་ཆེན་པོའོ། །སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱི་བདེ་བ་ཆེན་

པོའི་ཉིད་ཀྱིས་རྟོག་པ་ཐམས་ཅད་རྣམ་སྤངས་པའོ། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་པས་ཐམས་ཅད་དུ་ཉེ་བར་མི་འབྲལ་བའི་ཉམས་སུ་མྱོང་བ་ལས་བདེ་བ་ཆེན་པོ་གསལ་བ་ཉིད་དུ་གསུངས་ཏེ་ཆུ་ཡིས་རླབས་རྣམས་ལ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ལུས་ལ་གནས་ཀྱང་ལུས་

སྐྱེས་མིན། །ཞེས་པ་ལུས་ཉིད་ནི་དེ་ལས་དེ་དང་རོ་གཅིག་ཏུ་འབྱུང་བའི་ཕྱིར་ཏེ་ཆུ་རླབས་ནི་ཆུ་ལས་བཞིན་ནོ། །དེ་ལྟར་དངོས་པོ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་ཀྱིས་དཀྱིལ་འཁོར་བ་དང་བཅས་པའི་དཀྱིལ་འཁོར་གྱི་དབང་ཕྱུག་ཤེས་མོད་ཀྱི། དེ་ལྟ་ན་ཡང་དཀྱིལ་འཁོར་པའི་ལྷ་ཁྱད་

པར་དུ་ཤེས་པའི་ཆེད་དུ་ཞུ་བ། ལུས་ལ་ཞེས་པ་ལ་སོགས་པའོ། །རྩ་རྣམས་ཀྱང་རང་བཞིན་སྤྱི་དང་ཁྱད་པར་དུ་རྒྱས་པར་སྟོན་པར་བཞེད་པས་དང་པོར་གྲངས་ཁོ་ན་གསུངས་པ། བཅུ་ཕྲག་གཉིས་ལྷག་བརྒྱ་ཕྲག་གཅིག །ཅེས་པ་སྟེ་ཉི་ཤུ་ལྷག་པའོ། །སྤྱིར་གསུངས་པ།

འཁོར་ལོ་བཞི་ཡི་རབ་དབྱེ་ལས། །ཞེས་པ་སྤྲུལ་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་བདེ་བ་ཆེན་པོའི་འཁོར་ལོ་རྣམས་ཀྱི་དྲུག་ཅུ་རྩ་བཞི་དང་བརྒྱད་དང་བཅུ་དྲུག་དང་སུམ་ཅུ་རྩ་གཉིས་ཀྱི་རྩའི་དབྱེ་བ་ལས་སོ། །ཁྱད་པར་གསུངས་པ། བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས་ཞེས་པ་

བྱང་ཆུབ་ཀྱི་སེམས་ཁོ་ན་རང་སྟེ་བདག་ཉིད་ཀྱི་ངོ་བོ་སྟེ། ཕལ་ཆེར་དེ་འབབ་པར་བྱེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་བརྟག་པ་གཉིས་པར་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་བདེ་བ་ཆེན་པོའི་གནས་སུ་འཛག་པ་རྣམས་སོ་ཞེས་གསུངས་སོ། །དགའ་བ་མ་ཞེས་པ་དགའ་བའི་

གདོང་ཅན་མའོ། །ནག་མོ་ཞེས་ཀློག་པ་ལ་ནི་ནག་པོའི་གདོང་ཅན་ཞེས་པ་མིང་གཞན་ཏེ། ཇི་ལྟར་རྒྱུད་གཞན་དུ་གཞན་ནོ། །ཁ་དོག་མ་ཞེས་པ་ནི་གཟུགས་ཅན་མའོ། །གཏུམ་མོ་ཞེས་པ་གཏུམ་བྱེད་མའོ། །རྩ་འདི་རྣམས་ཀྱི་ལྷ་ཉིད་དང་བྱ་བ་ལ་སོགས་པ་ནི་འཆད་པར་འགྱུར་

Vol. 7 · folio 35b

རོ། །དེ་ལྟར་མདོར་བསྟན་པའི་རྩ་རྣམས་ཀྱི་དོན་དམ་པའི་རང་བཞིན་ཤེས་པར་བྱ་བའི་ཆེད་དུ་ཞུས་པ་འདི་རྣམས་ཞེས་པ་ལ་སོགས་པ་སྟེ། སྲིད་གསུམ་ནི་ལུས་དང་ངག་དང་སེམས་རྣམས་ཏེ་ཁུ་བ་དང་ཁྲག་དང་སེམས་རྣམས་སོ། །གང་གསུང་བར་འགྱུར་བ། སྙིང་སྟོབས་ལུས་ཏེ་རྡུལ་

ནི་ངག །སེམས་ནི་མུན་པའི་རང་བཞིན་ལས། །སྙིང་སྟོབས་ཁུ་བ་རྡུལ་ནི་ཁྲག །མུན་པ་སྐྱེ་བ་ཁོ་ནའོ། །ཞེས་སོ། །དེ་རྣམས་ལས་དེའི་ངོ་བོར་ཡོངས་གྱུར་རྣམས་སོ། །དེ་ལ་ཀུན་འདར་མ་ནི་གཙོ་བོར་སེམས་འབབ་པའི་ཕྱིར་སེམས་ཀྱི་ངོ་བོར་ཡོངས་སུ་གྱུར་པ་ཉིད་དོ་ཞེས་གཞན་དུ་རྣམ་

པར་བཞག་གོ། །བརྐྱང་མ་ནི་ལུས་འབབ་པའི་ཕྱིར་ལུས་ཀྱི་ངོ་བོར་རོ། །རོ་མ་ནི་ངག་གི་ངོ་བོར་རོ། །ངག་གི་སྐྱེ་གནས་རླུང་འབབ་པའི་ཕྱིར་རྐྱང་མ་དང་རོ་མ་དག་ངག་གི་ངོ་བོར་ཞེས་ཀྱང་སྟེ། དེ་ལས་གཞན་རྣམས་ལུས་འབབ་པའི་ཕྱིར་ལུས་ཀྱི་ངོ་བོར་རོ། །དེ་ལྟ་བུའི་ངོ་བོར་གྱུར་པ་རྣམས་

ཐམས་ཅད། གཟུང་བ་དང་འཛིན་པ་དང་བྲལ་བ། སྤྲོས་པ་མེད་པའི་རང་གི་ངོ་བོ་རྣམས་ཏེ་སྟོང་པ་ཉིད་དང་རོ་གཅིག་པ་རྣམས་སོ་ཞེས་པའི་དོན་ཏོ། །དེ་ལྟར་ན་ཡང་ཀུན་འདར་མ་ནི་ཁྱད་པར་དུ་གཟུང་བ་དང་འཛིན་པ་ཉིད་དང་བྲལ་བའི་ཞེས་རྟོགས་པར་བྱ་སྟེ། སྤྲོས་པ་མེད་པའི་བདེ་བ་ཆེན་པོ་

འཆར་བའི་རྒྱུ་ཉིད་ཀྱི་ཕྱིར་རོ། །དེ་སྐད་དུ་ཡང་གསུངས་པ། ཀུན་འདར་མ་ནི་དབུས་གནས་སུ། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་སོ། །དེ་ལྟར་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དང་ཐབས་ཀྱི་ངོ་བོ་ཉིད་དུ་བསྒྲུབ་པ་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་

ཁོ་ནར་འདི་རྣམས་དོན་དམ་པར་བསྒྲུབ་པར་འགྱུར་རོ་ཞེས་པ་རྫོགས་པའི་དཀྱིལ་འཁོར་མདོར་བསྡུས་ནས་བསྟན་པ་སྟེ། རྒྱ་ཆེར་ནི་རྒྱས་པར་བཤད་པ་ལ་གསལ་བར་བྱེད་པར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་འབྲས་བུའི་གནས་སྐབས་ལ་ལམ་གྱི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་

གང་གིས་འཇུག་པ་དེ་ནི་དེ་སྐད་ཅེས་བྱའོ། །དེ་མངོན་པར་བརྗོད་པའི་གཞུང་གི་ཚོགས་ཀྱང་དེ་སྐད་དོ། །མདོར་བསྟན་པ་ཙམ་གྱིས་རབ་ཏུ་གསལ་བར་འདིས་བྱེད་དོ་ཞེས་པ་རབ་ཏུ་བྱེད་པའོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་

Vol. 7 · folio 36a

མར་སྙེ་མ་གཉིས་པའོ།། །།བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བསྟན་པས་བྱ་བ་བྱས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་གྱི་ཆེད་དུ་གསོལ་བ་འདེབས་པར་མཛད་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། སྟོང་པ་ཉིད་

དུ་རོ་གཅིག་པ་ཉིད་ཀྱིས་བསྟན་པ་ཉིད་ཀྱི་ཕྱིར་སྙིང་པོའོ། །གསང་ཆེན་ནི་སྦས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ལས་གཞན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་ཏེ། བླ་མེད་ནི་སྲིད་པ་དང་ཞི་བ་ལ་མི་གནས་པས་དེ་ལས་མཆོག་མེད་པའི་ཕྱིར་རོ། །

མཁྱེན་ནས་ནི་མངོན་དུ་མཛད་ནས་སོ། །རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་བཤད་ཟིན་ཏོ། །ཡེ་ཤེས་ཁོ་ན་སྒྲོན་མ་སྟེ། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་རྣམ་པར་རྟོག་པའི་མུན་པ་འཇོམས་པར་བྱེད་པའི་ཕྱིར་རོ། །དེ་ཁོ་ན་རྡོ་རྗེ་སྟེ་སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱི་ཕྱིར་

རོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཏེ་རྣམ་པ་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཤེས་རབ་དང་ཐབས་གཉིས་སུ་མེད་པར་རྟོགས་པའི་ཐུགས་བརྟན་པོར་མཛད་ནས་ཞེས་པའི་དོན་ཏོ། །གསང་ཆེན་ཞེས་པ་ལ་སོགས་པ་ནི་འདི་སྐད་བདག་གིས་ཞེས་པ་ལ་

སོགས་པའི་ངག་གི་དོན་འདིར་ཡང་བསྟན་པར་བྱའོ། །གསང་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་ལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཡོད་པ་ནི་གསང་ཆེན་ཆོས་འབྱུང་ངོ་། །དེར་རི་རབ་ཀྱི་སྟེང་གི་ཁང་པ་བརྩེགས་པར་གནས་པའོ། །ཡང་ན་དེ་ལྟ་ཁོ་ནའི་གསང་ཆེན་དུ་

སྟེ་འཁྱུད་པའི་ལྷ་མོའི་བྷ་ག་ལའོ། །ཡང་ན་དེ་ལྟ་བུ་ཁོ་ནའི་གསང་ཆེན་སྤྲུལ་པ་ལ་སོགས་པའི་འཁོར་ལོ་རྣམས་ཏེ་ས་ལ་སོགས་པའི་རང་བཞིན་སྤྱན་མ་ལ་སོགས་པ་བཙུན་མོའི་བྷ་གར་བཤད་པ་རྣམས་སོ། །ཡང་ན་གསང་ཆེན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བྷ་ག་སྟོང་པ་ཉིད་དང་།

དེར་གནས་པ་ནི་བཞུགས་པའོ། །ཅིར་གྱུར་པའི་གསང་ཆེན་དུ་ཞེ་ན་གསུངས་པ། མཆོག་གྱུར་ཞེས་པ་སྟེ། མཆོག་གྱུར་ནི་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་མ་ལུས་པ་གང་ན་ཡིན་པའོ། །ཡང་ན་མཆོག་གི་ཡེ་ཤེས་ཀྱི་ཡུལ་ནའོ། །ཡང་ན་མཆོག་མྱ་ངན་ལས་

Vol. 7 · folio 36b

འདས་པ་རྣམ་པ་ཇི་ཞིག་ལྟར་འབྲས་བུ་ཉིད་ཀྱིས་ན་འདིར་འཇལ་བར་བྱེད་ཡོངས་སུ་གཅོད་པར་བྱེད་ཅེས་པས་མཆོག་འཇལ་ལོ། །ཡང་ན་ཕ་རོལ་དགྲ་བོ་ཉོན་མོངས་པ་རྣམས་རྒྱུའི་གནས་སྐབས་སུ་གང་གིས་གསོད་པར་བྱེད་ཅིང་ཆུང་ངུར་བྱེད་པ་སྟེ་མཆོག་གོ། །དགྱེས་པས་

ན་ཀྱེ་སྤྱན་མ་ལ་སོགས་པ་མཐའ་ཡས་པའི་ལྷ་མོ་དང་ཡང་དག་པར་སྦྱོར་བའི་བདེ་བ་ཆེན་པོའི་རོལ་པའི་བྱ་བས་དགའ་བར་བྱ་བ་ཉིད་ཀྱི་ཕྱིར་མཆོག་ཏུ་བདེ་བ་བསྐྱེད་པའི་སྤྱོད་ཡུལ་ནའོ། །ཐམས་ཅད་བདག་ཉིད་ལ་ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ཕྱིར་

གསང་ཆེན་ཐམས་ཅད་དོ། །ཡང་ན་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཕྱིར་ཐམས་ཅད་བདག་ཉིད་དོ། །ཡང་ན་ཐམས་ཅད་ནི་རྡོ་རྗེ་འཆང་སྟེ། དེའི་བདག་ཉིད་ཀྱི་ཕྱིར་དེ་དེ་སྐད་ཅེས་བྱའོ། །འདིས་གནས་ཕུན་སུམ་ཚོགས་པ་གསུངས་སོ། །རྟག་ཏུ་བཞུགས་

ཞེས་པ་འཚམ་པ་མེད་པའི་དུས་སུ་གང་དུ་ཡང་མ་བཞུད་པ་སྟེ། སྣ་ཚོགས་པ་དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ད་ལྟར་བྱུང་བ་ཉིད་ཀྱི་རང་བཞིན་དང་རྒྱུན་གྱིས་བྱུང་བའི་རྟག་པ་ཉིད་ཀྱིས་ན་ཆོས་དང་ལྷན་ཅིག་སྐྱེས་པ་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་ངོ་བོ་ནི་འདིར་བསྟན་པའི་

གནས་ན་མཐའ་ཡས་པའི་བཙུན་མོའི་དབུས་སུ་བཞུགས་སོ་ཞེས་པའི་དོན་ཏོ། །གཞན་ཡང་ར་ཞེས་པ་ལ་སོགས་པའི་ཡི་གེ་བཅུ་དྲུག་གིས་བརྗོད་པར་བྱ་བའི་ཁམས་རྣམས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའོ་ཞེས་ཉི་ཤུ་རྩ་གཅིག་པ་དང་ཉི་ཤུ་རྩ་བཞི་པར་གསང་བ་ཞེས་པ་ལ་སོགས་

པའི་ཚིག་རྣམས་ཀྱི་དོན་རྣམ་པ་གསུམ་རྣམས་བཤད་པས་ལྔའི་ཁམས་དང་ཡེ་ཤེས་དང་དེ་བཞིན་གཤེགས་པ་རྣམས་སུ་ངེས་པར་བསྟན་ནས། དེའི་རང་བཞིན་རྡོ་རྗེ་སེམས་དཔའོ་ཞེས་འཆད་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་

མཉམ་པའི་རྟག་པ་ལ་སོགས་པ་རྣམས་ཏེ། དེའི་རང་བཞིན་ཉིད་ཀྱི་ཕྱིར་དང་། དེའི་རྒྱུ་ཅན་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་དངོས་སོ། །འདིས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་ཉིད་ཀྱི་ཕྱིར་འཁོར་ཕུན་སུམ་ཚོགས་པ་གསུངས་སོ། །སེམས་ཅན་རྣམས་དང་ས་བཅུའི་

Vol. 7 · folio 37a

དབང་ཕྱུག་རྣམས་དང་གཞན་རྣམས་ཀྱི་དངོས་དང་བརྒྱུད་པས་དོན་བྱ་བ་ཤིན་ཏུ་ནུས་པ་ཉིད་ཀྱི་ཕྱིར་སེམས་དཔའོ། །འདིས་ནི་ལོངས་སྤྱོད་རྫོགས་པའི་སྐུ་གསུངས་སོ། །རྡོ་རྗེ་སེམས་དཔའ་ནི་སྟོང་པ་ཉིད་ཀྱི་བདག་ཉིད་ཆོས་ཀྱི་སྐུ་དང་སྙིང་རྗེ་བདེ་བའི་བདག་ཉིད་ལྷན་

ཅིག་སྐྱེས་པའི་སྐུ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དོ། །མཆོག་སྟེ་ཟག་པ་མེད་པ་མི་འགྱུར་བ་དང་བདེ་བ་ཆེན་པོ་སྟེ་དེའི་རང་བཞིན་རྡོ་རྗེ་སེམས་དཔའ་ལྷན་ཅིག་སྐྱེས་པའི་སྐུ་བཞི་པའོ། །འོ་ན་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་

མཁའ་འགྲོ་མ་དྲ་བའི་སྡོམ་པ་འཆད་པར་འདོད་པ་ཉིད་ཀྱི་ཕྱིར་གཞན་ཅི་ཞིག་བརྗོད་པར་བྱ་ཞེ་ན། འདི་ལྟར་མ་ཡིན་ཏེ། ནི་སྟེ་གང་གི་ཕྱིར་འདིར་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གང་ད་ལྟ་རྒྱས་པར་བཤད་པ་དེ་ཁོ་ན་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་

དྲ་བའི་སྡོམ་པའོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་ནི་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འབྲེལ་བའོ། །ཡང་ན་ལྷ་མོ་རྣམས་དང་ཡང་དག་པར་སྦྱོར་བའི་བདེ་བས་སྦྱོར་བར་བྱེད་པས་རྣལ་འབྱོར་རོ། །བརྟན་པ་སྟེ་རྣམ་པར་རྟོག་པའི་རླུང་གིས་མི་གཡོ་བ་ཉིད་ཀྱི་ཕྱིར་རོ། །རྟག་པ་ནི་ཕྱི་མའི་

མཐའ་ཇི་སྲིད་པར་གནས་པའི་ཕྱིར་རོ། །ཡིད་ཐུབ་མཆོག་ནི་ཕུལ་དུ་དབྱུང་དུ་མེད་པའི་རྗེས་སུ་ཆགས་པས་ལྷ་མོ་ཐམས་ཅད་ཀྱི་ཡིད་སྲུབ་པར་བྱེད་པའི་ཕྱིར་རོ། །སོ་སོ་ཞེས་པ་སོ་སོར་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཉིད་ཀྱིས་སོ། །བྱུང་བ་ནི་ཡོད་བཞིན་པའོ། །ཡང་ན་ད་ལྟར་བྱུང་བ་ནི་

འཇུག་བཞིན་པ་སྟེ། རྟག་ཏུ་ཞེས་པ་འདས་པ་དང་མ་འོངས་པའོ། །གང་གི་ཕྱིར་འདི་རང་བཞིན་མེད་པ་ཉིད་ཀྱིས་ཆོས་ཀྱི་སྐུའི་བདག་ཉིད་ཀྱི་ཕྱིར་དུས་གསུམ་དུ་འཇུག་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དོན་དམ་པར་ནི་ཡོད་མ་ཡིན། །ཆོས་རྣམས་

རང་བཞིན་མེད་པ་ཉིད། །དམ་པའི་དོན་དུ་ཉེ་བར་བསྟན། །ཞེས་ཆོས་ཡང་དག་པར་སྡུད་པའི་མདོར་གསུངས་པའི་ཕྱིར། དོན་དམ་པར་རང་བཞིན་མེད་པ་འདི་རྣམས་ཀྱི་རྟག་ཏུ་རང་བཞིན་མེད་པ་ཉིད་ཀྱི་བདག་ཉིད་ནི་རང་བཞིན་ནོ། །ཚད་མས་འཐད་པ་ཉིད་ཀྱི་ཕྱིར་འདའ་དཀའ་

Vol. 7 · folio 37b

བ་སྟེ་ཐམས་ཅད་མཁྱེན་པ་རྣམས་ཀྱིས་ཀྱང་འགོམ་པར་བྱ་བ་མ་ཡིན་ན་གཞན་རྣམས་ཀྱིས་ལྟ་ཅི་སྨོས་ཏེ། ཇི་སྐད་དུ་གསུངས་པ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཀྱང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཁོ་ན་སྟེ། འདི་ལྟ་སྟེ་སྟོང་པ་ཉིད་དང་དེ་བཞིན་

ཉིད་དང་ཡང་དག་པའི་མཐའོ་ཞེས་པ་ལ་སོགས་པའོ། །འདི་རྣམས་ཀྱིས་ཆོས་ཀྱི་སྐུ་བཤད་དོ། །སྤྲུལ་པའི་སྐུ་རྟོགས་པར་བྱེད་བཞིན་པས་གསུངས་པ། སྣ་ཚོགས་ཞེས་པ་ལ་སོགས་པའོ། །སྣ་ཚོགས་ལས་ནི་འདོད་ཆགས་ལ་སོགས་པ་ཀུན་དུ་སྤྱོད་པའོ། །ཆོ་ག་སྣ་ཚོགས་

ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོར་བསྒྲུབ་པའོ། །དེ་ལྟར་ནི་འདོད་ཆགས་ལ་སོགས་པ་སྤྱོད་པ་རྣམས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཆོ་ག་འདོད་པར་འགྱུར་ཞིང་དེ་རྣམས་ཀྱི་འདོད་ཆགས་ལ་སོགས་པའི་གཉེན་པོ་རྣམས་ནི། སངས་རྒྱས་རྡོ་རྗེ་འཛིན་སོགས་རྣམས། །ཞེས་པ།

སངས་རྒྱས་རྣམ་པར་སྣང་མཛད་ནི་གཏི་མུག་གི་གཉེན་པོའོ། །ཡང་ན་སངས་རྒྱས་ནི་ས་བཅུའི་དབང་ཕྱུག་སྟེ། ཇི་སྐད་དུ་གསུངས་པ། ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཁོ་ནར་བརྗོད་པར་བྱའི་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ་ཞེས་སོ། །རྡོ་རྗེ་

འཛིན་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །མཛད་པ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་རྣམས་སོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མི་མཐུན་པའི་ཕྱོགས་ཡོངས་སུ་བཅོམ་པས་ནི་སེམས་ཅན་རྣམས་དྲི་མ་མེད་པ་ཉིད་དུ་འདྲེན་པར་བྱེད་དོ་ཞེས་པ་འདུལ་བ་རྣམས་སོ། །

དྲན་པ་རྣམས་ནི་བསྒོམ་པར་འགྱུར་བ་རྣམས་ཏེ། ཐོས་པ་ཙམ་གྱིས་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཡང་ན་དྲན་པ་རྣམས་ནི་བཅོམ་ལྡན་འདས་ཀྱིས་རྒྱུའི་གནས་སྐབས་སུ་རྣམ་པ་འདི་ལྟ་བུའི་རྣམ་པ་སྣ་ཚོགས་པའི་ངོ་བོ་སྤྲུལ་པའི་ཐབས་རྣམས་ཀྱིས་སེམས་ཅན་འདུལ་བར་འགྱུར་

རོ་ཞེས་གང་བསམས་པ་རྣམས་ཏེ། དེ་རྣམས་འབྲས་བུའི་གནས་སྐབས་སུ་རྣམ་པར་མི་རྟོག་པར་སྤྲོ་བར་བྱེད་དོ་ཞེས་པའི་དོན་ཏོ། །དེ་ལྟར་སྐུ་བཞིའི་བདག་ཉིད་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འདི་ནི་སངས་རྒྱས་ཀུན་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་བརྟན་པ་དང་གཡོ་བའི་དངོས་

Vol. 7 · folio 38a

པོ་ཐམས་ཅད་ཀྱི་རང་བཞིན་དུ་འགྱུར་ཏེ། རང་གི་སེམས་ལས་ཐ་དད་པར་གྱུར་པའི་བརྟན་པ་རྣམས་ཀྱང་མེད་པའི་ཕྱིར་རོ། །དེ་ལྟ་བུ་འདི་ཅི་ཡིན་ཞེ་ན་གསུངས་པ། ཀུན་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་ཀུན་རྣམས་ནི་མེ་ལོང་ལྟ་བུ་ལ་སོགས་པའི་

ཡེ་ཤེས་ཀྱི་ངོ་བོ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །དེ་རྣམས་དང་ལྷན་ཅིག་སྟོང་པ་ཉིད་དུ་རོ་གཅིག་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཉིད་ཀྱིས་སངས་རྒྱས་ཀུན་གྱི་ངོ་བོ་ཉིད་ཀྱིས་ན་འགྲོ་བའི་དོན་དུ་གསལ་བར་གྱུར་པའི་རྡོ་རྗེ་སེམས་དཔའི་ཡང་དག་པར་སྦྱོར་བ་སྟེ་བདེ་བ་ཆེན་པོའི་

རང་བཞིན་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་སར་འདུས་པ་གང་གི་ཡིན་པའོ། །དེ་ཡང་ཡིན་ཞིང་། མཁའ་འགྲོའི་ངོ་བོ་ནི་མཁའ་འགྲོ་སྟེ། ནམ་མཁའ་ལ་འགྲོ་བའོ། །མཁའ་འགྲོའི་སྒྲ་ནི་གསུམ་པའོ། །ཨག་ཨག་གྱ་གྱུར་འགྲོ་བ་ལའོ། །འདིར་ཐམས་ཅད་ནས་འགྲོ་བ་ནི་གྱ་གྱུར་

འགྲོ་བའོ། །མཁའ་ལ་འགྲོ་བ་ཡིས་གྱ་གྱུར་འགྲོ་བའི་ངང་ཚུལ་འདིའི་ཡིན་པས་མཁའ་འགྲོ་མ་སྟེ་རྫུ་འཕྲུལ་གྱིས་ལུས་དཔག་ཏུ་མེད་པ་རྣམས་ཀྱིས་ཅིག་ཅར་ཐམས་ཅད་དུ་འགྲོ་བ་ཞེས་པའི་དོན་ཏོ། །འགའ་ཞིག་ཏུ་གཞན་ལ་རྡོ་རྗེ་སྤྲོས་པ་ནི་ཕྱི་རོལ་གྱི་མཁའ་འགྲོ་མ་རྣམ་པར་

བཅད་པའི་དོན་དུ་སྟེ། རྡོ་རྗེ་ཡང་དེ་རྣམས་ཡིན་ལ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མཁའ་འགྲོ་མ་རྣམས་ཀྱང་ཡིན་པས་རྡོ་རྗེ་མཁའ་འགྲོ་མ་རྣམས་སོ་ཞེས་པའི་དོན་ལས་སོ། །འདིར་འདི་ལྟ་བུའི་ནི་ཐམས་ཅད་དུ་འགྲོ་བ་ཁོ་ནས་རྣམ་པར་གཅོད་དོ་ཞེས་པ་དགོངས་པའོ། །

ཡང་ན་མཁའ་ལ་འགྲོ་བ་སྟེ་དམིགས་པ་མེད་པའི་ཡེ་ཤེས་བདག་ཉིད་དུ་བྱེད་པའི་ངང་ཚུལ་འདིའི་ཡིན་བཞིས་ཌཱ་ཡི་ནཱི་དང་ངེས་པའི་ཚིག་ལ་ཀ་རུ་གྱུར་པ་ན་ཌཱ་ཀི་ནཱི་སྟེ་ཤེས་རབ་སྟོང་པ་ཉིད་དོ། །དྲ་བ་ནི་ཐབས་སྙིང་རྗེའོ། །དེ་དག་ལས་ཤཾ་བདེ་བ་དང་བར་མཆོག་གང་གི་ཡིན་པ་སྟེ། སྤྲོས་

པ་མེད་པ་ཉིད་དང་ཆེན་པོ་ཉིད་དང་རྒྱུན་མི་འཆད་པ་ཉིད་དང་མཐར་ཐུག་པ་མེད་པའི་དུས་སུ་གནས་པ་ཉིད་མཆོག་རྣམས་ཀྱིས་དེ་ཁ་ན་མ་ཐོ་བ་རྣམས་ལས་ཕྱི་རོལ་དུ་བྱས་ནས་མཆོག་ཏུ་བྱེད་དོ་ཞེས་པ་མཁའ་འགྲོ་མ་དྲ་བ་བདེ་མཆོག་སྟེ་ངེས་པའི་དོན་དུའོ། །དྲང་བའི་དོན་དུ་ནི། སངས་

Vol. 7 · folio 38b

རྒྱས་ཀུན་དང་མཉམ་སྦྱོར་བས་ཏེ་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ངོ་བོ་རྣམ་པར་སྣང་མཛད་ལ་སོགས་པ་འདུས་པས། མཁའ་འགྲོ་མ་རྣམས་ནི་ནང་གི་རྡུལ་གྱི་ངོ་བོ་རྣམས་སམ་རྩ་རྣམས་ཏེ། དེ་རྣམས་ཀྱི་དྲ་བ་ནི་ཚོགས་དང་། དེ་བཅོམ་ལྡན་འདས་ཁུ་བའི་བདག་ཉིད་དང་འདུས་

པས་བདེ་མཆོག་ཏུ་བྱེད་པ་བདེ་བ་ཆེན་པོ་དང་རོ་གཅིག་ཏུ་བྱེད་དོ་ཞེས་པ་མཁའ་འགྲོ་མ་དྲ་བ་བདེ་མཆོག་གོ། །ཡང་ན་སངས་རྒྱས་ཀུན་དང་མཉམ་སྦྱོར་བས་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་སྣང་མཛད་ལ་སོགས་པ་འདུས་པས་ན། ཕྱོགས་བཅུ་རྣམས་སུ་ནམ་མཁར་འགྲོ་བ་

ཡང་དག་པར་སྟོན་པའི་ངང་ཚུལ་ཅན་གྱི་མཁའ་འགྲོ་མ་རྣམས་གང་གི་དྲ་བ་སྟེ་རྒྱུ་མ་ཡིན་པ་སྟེ། མངོན་བརྗོད་ཀྱི་བསྟན་བཅོས་སུ་ཛཱ་ལ་ཚོགས་དང་དྲ་སྒོ་དག་ལ་སྟེ། མེ་ཏོག་ཕོན་པོ་ཉ་རྒྱ་སྒྱུ་ལ་ཡང་། །ཞེས་བཤད་པའི་ཕྱིར། གླང་པོ་ཆེ་ལ་སོགས་པའི་སྒྱུ་མ་བཞིན་དུ་མི་བསྐྱོད་པ་

ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་བུད་མེད་ཀྱིས་གདུལ་བའི་སྐྱེ་བོ་འདུན་པར་བྱ་བའི་ཆེད་དུ་གཽ་རཱི་ལ་སོགས་པའི་རྡོ་རྗེ་ལྷ་མོའི་གཟུགས་ཀྱི་སྒྱུ་མ་སྟོན་པའི་ཕྱིར་རོ། །དེ་ཡང་ཡིན་ལ་སྡོམ་པ་ཡང་ཡིན་པའོ་ཞེས་པ། སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་མའི་སྒྱུ་མ་

སྡོམ་པ་རྡོ་རྗེ་འཛིན་པ་ཁོ་ན་འབྲས་བུའི་རྒྱུད་ཀྱི་རང་གི་ངོ་བོ་སྐུ་བཞིའི་བདག་ཉིད་དོ། །འདི་ཁོ་ན་མཆོག་ཏུ་རང་གི་དོན་ཕུན་སུམ་ཚོགས་པ་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །འབྲས་བུའི་རྒྱུད་ནི་སྔར་སེམས་དཔའི་སྒྲས་ཐུན་མོང་མ་ཡིན་པ་དང་། དངོས་དང་བརྒྱུད་པས་ནི་ཐུན་མོང་

བར་ཞར་ལས་བྱུང་བར་བརྗོད་ནས་ད་ལྟ་ནི་གཙོ་བོར་བརྗོད་པར་བྱའོ། །འདི་ཡིས་ནི་སྟེ་རྣམ་པ་འདི་ལྟ་བུར་གྱུར་པས་སོ། །ཐམས་ཅད་དུ་ནི་སྟེ་ཡུལ་དང་དུས་ཐམས་ཅད་རྣམས་སུའོ། །ཇི་ལྟར་རིགས་པར་སྣ་ཚོགས་པའི་གཟུགས་རྣམས་ཀྱིས་འདྲེན་ནོ་ཞེས་པ་འདུལ་འོས་ཏེ། དེ་རྣམས་

ཀྱིས་འགྲུབ་པ་སྟེ་འདུལ་བར་བྱེད་པ་ཞེས་པ་ལྷག་མའོ། །སྣ་ཚོགས་ནི་རྣམ་པ་སྣ་ཚོགས་པ་སྟེ། རིགས་ཇི་ལྟ་བ་དང་བསོད་ནམས་ཀྱི་བག་ཆགས་སད་པའི་དུས་ཇི་ལྟ་བ་བཞིན་དུ་གཟུགས་མཐའ་ཡས་པ་སྤྲུལ་པའི་ཕྱིར་རོ། །མཆོག་སྟེ་བདེ་བླག་པའི་ཐབས་ཡང་དག་པར་སྟོན་པ་ཉིད་

Vol. 7 · folio 39a

ཀྱིས་སོ། །གྲུབ་པ་ནི་རྫོགས་པ་སྟེ་སངས་རྒྱས་ཀྱི་སར་རྣམ་པར་རྟོག་པ་མེད་པར་འཇུག་པའི་ཕྱིར་རོ། །ཡང་ན་གྲུབ་པ་ནི་རྟག་པ་སྟེ་མཐའ་ཡས་པའི་སེམས་ཅན་གྱི་རྒྱུད་རྣམས་ལ་རྒྱུན་མི་འཆད་པར་འཇུག་པའི་ཕྱིར་རོ། །སེམས་ཅན་རྣམས་ཐམས་ཅད་ཀྱི་དོན་

འདི་ལས་སོ་ཞེས་པ་སེམས་ཅན་ཀུན་དོན་ཅན་ཏེ། དབང་པོ་ཐ་མ་དང་འབྲིང་དང་རབ་ཀྱི་སོ་སོ་སྐྱེ་བོའི་སེམས་ཅན་རྣམས་ཀྱི་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བདག་ཉིད་ཅན་ཅུང་ཟད་ཡོངས་སུ་དག་པའི་སེམས་ཅན་རྣམས་ཀྱི་དོན་དུ་གཉེར་བར་བྱ་ཞིང་བསྒྲུབ་པར་བྱ་བ་སྐྱེས་བུའི་དོན་གྱི་

མཆོག་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མཆོག་སྟེ། གཞུག་པ་ལྡེམ་པོར་དགོངས་པས་ཐེག་པ་གསུམ་བསྟན་པ་ལས་ཐེག་པ་ཆེན་པོའི་ཆེན་པོ་མཐར་ཐུག་པ་སྟོན་པའི་ཕྱིར་ཡང་ངོ་། །ཡང་ན་སྣ་ཚོགས་ནི་བདེ་འགྲོ་དང་གྲོལ་བ་གསུམ་གྱི་ངོ་བོ་

ཉིད་ཀྱི་ཕྱིར་རོ། །མཆོག་ནི་གཞན་གྱིས་བརྗོད་པའི་གྲོལ་བ་རྣམས་ལས་སོ། །གྲུབ་པ་ནི་ཉེ་བར་མཚོན་པ་སྟེ་གྲུབ་བཞིན་པ་དང་འགྲུབ་པར་འགྱུར་བ་ཡང་ངོ་། །སེམས་ཅན་རྣམས་ཀུན་གྱི་དོན་མཆོག་ནི་བདེ་འགྲོ་ལ་སོགས་པ་ལས་ཀྱང་ཡང་དག་པར་རྫོགས་པའི་བྱང་ཆུབ་མཆོག་ཉིད་ཀྱི་

ཕྱིར་རོ། །འདི་རྣམས་ལ་མ་ནིང་གི་རྟགས་ཉིད་ནི་ལུང་ཉིད་དོ། །ད་ནི་ཇི་སྐད་བཤད་པའི་རྡོ་རྗེ་སེམས་དཔའ་འགྲུབ་པའི་དོན་དུ་གཙོ་བོའི་ཐབས་ཀྱི་རྒྱུད་རྒྱས་པར་སྟོན་ཏེ། ཀུན་ཞེས་པ་ལ་སོགས་པའོ། །བུད་མེད་རྣམས་ཐམས་ཅད་ནི་རང་གི་གཟུགས་སྒྲིབ་པ་དང་བཅས་པའི་རྟེན་འགའ་

ཞིག་སྒྲིབ་པ་ཕྲ་མོར་བྱས་པ་ཉིད་ཀྱིས་དང་འགའ་ཞིག་སྒྲིབ་པ་མེད་པ་ཉིད་དུ་ཡོངས་སུ་བསྒྱུར་བ་རྣམས་ཀྱིས་སྒྱུ་མའི་རང་བཞིན་དུ་གྲུབ་སྟེ། གྲུབ་པའི་རྣལ་འབྱོར་མ་རྣམས་དང་རྡོ་རྗེ་རྣལ་འབྱོར་མ་རྣམས་འགྲུབ་པར་འགྱུར་ཏེ། བསྟེན་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྦྱིན་པར་འགྱུར་ཞིང་།

མི་དགེ་བ་གདུག་པ་རྣམས་ལ་སྤྱོད་པའི་ངང་ཚུལ་འདི་རྣམས་ཀྱི་ཡིན་པ་དེ་རྣམས་ཀྱང་མི་དགེ་བ་སྤངས་པས་དགེ་བའི་རྗེས་སུ་བསྒྲུབ་པ་ལྷུར་ལེན་པ་རྣམས་ཀྱིས་དེ་ལྟར་འགྲུབ་པར་འགྱུར་རོ། །ཅི་ལྟར་ཞེ་ན་ཀུན་རྣམས་ཀྱིས་ཏེ་ཇི་ལྟར་ཚོགས་པའི་གཟུགས་ལ་སོགས་པའི་ཡུལ་ཉེ་བར་

Vol. 7 · folio 39b

ལོངས་སྤྱོད་པ་འཁྱུད་པ་དང་འོ་བྱེད་པ་དང་། རྡོ་རྗེ་རབ་ཏུ་འཇུག་པ་ལ་སོགས་པ་རྣམས་ཀྱིས་ཐོབ་པར་བྱའོ་ཞེས་པས་ཀུན་ཐོབ་ཀྱང་དེ་ཡིན་ལ་བདེ་བ་ལྷན་ཅིག་སྐྱེས་པ་ཡང་ཡིན་ཞིང་། དེའི་དགའ་སྟོན་ནི་གོང་ནས་གོང་དུ་རྗེས་སུ་འབྲེལ་ཞིང་སྐྱེ་བ་རྣམས་ཏེ། ཉེ་བར་ལེན་པའི་རྒྱུ་དེ་རྣམས་

ཀྱིས་སོ། །བུད་མེད་དེ་རྣམས་ཐམས་ཅད་ཀྱང་རིམ་པ་གཉིས་ལ་ལྷའི་རང་གི་ངོ་བོར་མོས་པར་བྱའོ་ཞེས་གསུངས་པ། སྣ་ཚོགས་ཞེས་པ་རྡོ་རྗེ་ཕག་མོ་ལ་སོགས་པ་སྣ་ཚོགས་པའི་གཟུགས་སོ། །སྒྱུ་མ་ནི་དོན་དམ་པར་རང་བཞིན་མེད་པ་ཉིད་ན་ཡང་ཀུན་རྫོབ་ཏུ་སོ་སོར་སྣང་བ་ཉིད་

ཀྱི་ཕྱིར་རོ། །ཕྱག་རྒྱ་ནི་འཆད་པར་འགྱུར་བའི་བྱེ་བྲག་ཏུ་བཤད་པ་སྟེ། དེ་ཁོ་ན་མཁའ་འགྲོ་མའོ། །ཅི་ལྟར་ཞེ་ན། ཞེས་བྱ་བ་འཆད་པར་འགྱུར་བའི་བརྡ་ཡིས་ཏེ། བཅོམ་ལྡན་འདས་ཀྱི་བརྡ་ཡིས་སོ། །དེ་ལྟར་ནི་ཌཻ་ཞེས་པ་ལ་སོགས་པ་སྟེ། ནམ་མཁའ་ལ་འགྲོ་བ་ནི་སྟོང་པ་

ཉིད་རྟོགས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཐམས་ཅད་ནམ་མཁའ་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དོ། །དེ་སྤྱོད་དེ་དེའི་རང་བཞིན་དུ་འགྱུར་རོ་ཞེས་པ་ཐམས་ཅད་ནམ་མཁའ་སྤྱོད་པ་འདིས་འགྲུབ་པར་བྱེད་དོ་ཞེས་པ་གྲུབ་པའོ། །དེ་མཁའ་འགྲོ་མ་སྟེ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་གི་ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་པ་དེ་ལྟར་བརྗོད་པ་བུད་མེད་རྣམས་ལ་དེའི་བདག་ཉིད་དུ་མོས་བཞིན་པ་འདིའོ། །འགའ་ཞིག་ཏུ་འགྲོ་བ་ཞེས་ཀློག་པ་དེའི་ཚེ་འགྲོའོ་སྟེ་འདིས་དངོས་པོ་ལ་སོགས་པར་མངོན་པར་ཞེན་པ་འགྲོའོ་ཞེས་པས་འགྲོའོ། །ཕྱག་རྒྱ་

ཞེས་མདོར་བསྟན་པའི་རྒྱས་པར་སྟོན་ཏེ། ཀུན་དུ་ཞེས་པའོ། །ཀུན་དུ་སྟེ་ཕྱོགས་བཅུ་རྣམས་སུ་སྣ་ཚོགས་ཏེ་ཕུང་པོ་ལ་སོགས་པ་རྒྱས་འདེབས་པར་བྱེད་ཅིང་དགའ་བ་ལེན་པར་བྱེད་དོ་ཞེས་པའམ། སྣ་ཚོགས་པའི་ཕྱག་རྒྱ་ནི་སྣ་ཚོགས་ཕྱག་རྒྱའོ། །ཅི་ལྟར་ཞེ་ན། ཀུན་དུ་སྟེ་གཟུགས་ལ་སོགས་

པའི་ཡུལ་ཉེ་བར་ལོངས་སྤྱོད་པ་ལ་སྣ་ཚོགས་ཀྱིས་ཏེ་སྣ་ཚོགས་པའི་རང་བཞིན་གྱི་བདེ་བ་མཆོག་དམ་པ་རྣམས་ཀྱིས་ཏེ། སྟོང་པ་ཉིད་ཀྱིས་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་དེ་ལྟར་ལྷག་པར་མོས་པའི་སྤྱན་མ་ལ་སོགས་པ་ལྷ་མོའི་རང་བཞིན་འདི་རྣམས་ཀྱི་རིགས་རྣམས་སུ་འགྱུར་ཏེ། རྡོ་རྗེ་

Vol. 7 · folio 40a

ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་མི་བསྐྱོད་པའོ། །རྡོ་རྗེ་འཛིན་པ་ནི་རྡོ་རྗེ་སེམས་དཔའོ། །པདྨ་དང་འདྲ་བས་པདྨ་ནི་རྣམ་པར་སྣང་མཛད་དེ། ཆུའི་སྐྱོན་གྱིས་མི་གནོད་པའི་པདྨ་བཞིན་དུ་འཁོར་བའི་སྐྱོན་རྣམས་ཀྱིས་མི་གནོད་པ་ཉིད་ཀྱི་ཕྱིར་རོ། །དེ་

བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲིབ་པ་མེད་པ་ཉིད་གསལ་བར་བྱེད་པའི་དགོངས་པ་ཅན་འདིར་ཉེ་བར་བརྟགས་པ་ནི་ཉེ་བར་མཚོན་པ་ལྷུར་བྱེད་པའོ། །པདྨ་འཛིན་པ་ནི་སྣང་བ་མཐའ་ཡས་སོ། །ནོར་བུ་དང་ལྡན་པའི་ཕྱིར་ནོར་བུ་སྟེ་རིན་ཆེན་འབྱུང་ལྡན་ནོ། །ནོར་བུ་འཛིན་པ་ནི་དོན་ཡོད་གྲུབ་པ་སྟེ་

ནོར་བུ་རལ་གྲི་རིན་པོ་ཆེ་འཛིན་པའི་ཕྱིར་རོ། །རྡོ་རྗེ་འཛིན་པ་ལ་སོགས་པ་རྣམས་ཀྱི་གང་ཡང་རུང་བའི་གཟུགས་རང་རང་གི་གཟུགས་མཁའ་འགྲོ་མས་ཡོངས་སུ་བསྐོར་བར་བདག་ཉིད་རྫོགས་པར་བྱེད་པའི་རྣལ་འབྱོར་པས་འགྲུབ་བོ་ཞེས་པ་དགོངས་པའོ། །དེ་ལྟར་འདིས་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་

ཡང་གསལ་བར་མཛད་དོ་ཞེས་གསུངས་སོ། །དེ་ལྟར་ཐབས་ཀྱི་རྒྱུད་བཀའ་སྩལ་ནས་རྒྱུའི་རྒྱུད་བླ་ན་མེད་པའི་རྒྱུར་གྱུར་པ་བྱང་ཆུབ་ཀྱི་སེམས་སྟོན་པ་ནི། དེ་ནས་ཞེས་པ་སྟེ་ཐབས་གསལ་བར་མཛད་པའི་བར་མ་ཆད་པར་རོ། །ཐམས་ཅད་ནི་ཕྱི་དང་ནང་གི་བདག་ཉིད་རྣམས་སོ། །དེ་བཞིན་ཏེ་

སྒྲིབ་པ་གཉིས་ཀྱི་བག་ཆགས་ཆ་ཕྲ་མོ་དང་ལྷན་ཅིག་པ་ཉིད་དུ་གཤེགས་པའི་ཕུང་པོ་ལྔ་པོ་རྣམས་གང་དུ་ཟིལ་གྱིས་གནོན་ཅིང་སྟོང་པ་ཉིད་དུ་བྱེད་པའོ། །དེ་ཡང་ཡིན་ལ་དེ་ཉིད་ཀྱི་ཕྱིར་བག་ཆགས་དང་བྲལ་བ་ཉིད་ཀྱིས་ན་རྡུལ་དང་བྲལ་བ་ཡང་ཡིན་པ་སྟེ། རྡུལ་དང་འདྲ་བས་རྡུལ་ཞེས་བརྗོད་

པའི་ཕྱིར་རོ། །གནས་ཀྱང་སྟེ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མཐར་ཐུག་པའི་གཞི་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་གཟུང་བ་དང་འཛིན་པ་ལ་སོགས་པར་འཛིན་པ་དང་བྲལ་བ། སྟོང་པ་ཉིད་དང་རོ་གཅིག་པ། ཕན་ཚུན་ཐ་མི་དད་

པའི་ལུས་དང་ངག་དང་སེམས་ཀྱི་མཚན་ཉིད་རྒྱས་པར་བསྟན་ཏེ། ཏིང་ངེ་འཛིན་དེ་ཁོ་ནའི་ཇི་ལྟ་བ་བཞིན་སྙོམས་པར་ཞུགས་པ་ཕྱག་རྒྱ་ཆེན་པོ་དང་ཡང་དག་པར་སྦྱོར་བའི་གོ་འཕང་མཆོག་གི་ངོ་བོ་རྒྱུ་རྡོ་རྗེ་འཛིན་པའི་རང་གི་ངོ་བོ་གསུངས་སོ་ཞེས་པའི་དོན་ཏོ། །སྟོང་པ་སྐུར་པ་

Vol. 7 · folio 40b

འདེབས་པའི་ངོ་བོ་མ་ཡིན་ཏེ། ཀུན་རྫོབ་ཏུ་སོ་སོར་སྣང་བཞིན་པ་ཉིད་ཀྱི་ཕྱིར་རོ། །མི་སྟོང་མིན་པ་ནི་དོན་དམ་པར་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་རོ། །དོན་དམ་པ་པ་ཞིག་རབ་ཏུ་གསལ་བའི་ལུས་ཀྱིས་མེད་པ་མ་ཡིན་ཞིང་དེ་ལས་གཞན་པ་གཟུང་བ་ལ་སོགས་པ་རྣམས་ཀྱིས་ཡོད་པ་མ་

ཡིན་པའི་འགྲོ་བ་དབུ་མའི་ལམ་དུ་དམིགས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་དེའི་སྒྲུབ་པར་བྱེད་པ་ནི་དམིགས་པ་ཡིན་ན་དེ་ཡང་རང་རིག་པའི་མངོན་སུམ་དུ་ཡོད་པ་མ་ཡིན་པས་སོ་ཞེས་པས་སྒྲུབ་བྱེད་ཀྱི་ཚད་མ་མེད་དོ། །གནོད་བྱེད་ཀྱི་ཚད་མ་ནི། ཇི་ལྟར་མེ་ལོང་ངོས་རྣམས་ལ། །གཅིག་དང་

གཞན་ཉིད་སྤངས་པའི་གཟུགས། །སྣང་ཡང་དེ་ལ་ཡོད་མ་ཡིན། །དེ་ལྟར་དངོས་ལ་རང་བཞིན་མེད། །ཅེས་པ་ལ་སོགས་པས་མདོ་ལ་སོགས་པ་རྣམས་སུ་མང་དུ་གསལ་བར་བྱས་སོ་ཞེས་པ་དགོངས་པའོ། །དེ་ལྟར་ཕྱེད་སྔ་མས་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་གསལ་བར་མཛད་དོ། །དེ་ཁོ་ན་

ཡང་རྒྱུའི་རྒྱུད་མ་ཡིན་ཏེ། ནི་སྟེ་གང་གི་ཕྱིར་སྙིང་རྗེའི་བདག་ཉིད་དེ་རྡོ་རྗེའི་རང་གི་ངོ་བོ་ཤེས་རབ་ཕ་རོལ་ཕྱིན་དང་སྟེ་སྟོང་པ་ཉིད་དང་སྦྱོར་བ་སྟེ་དེའི་བདག་ཉིད་ཉིད་ནི་ཐབས་ཏེ་འབྲས་བུ་རྡོ་རྗེ་འཛིན་པའི་རྒྱུའོ། །ཁ་ཅིག་ཏུ་སྙིང་རྗེའི་བདག་ཉིད་ཀྱིས་ཞེས་ཀློག་གོ། །གང་གི་ཕྱིར་དེ་ལྟ་ཡིན་པ་

དེའི་ཕྱིར་སྙིང་རྗེ་བཟང་པོ་སྟེ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་གང་གིས་དེའི་བདག་ཉིད་དུ་འབྲེལ་བ་ལས་ཐབས་ཡིན་པ་དེ་ནི་ཤེས་རབ་ཕ་རོལ་ཕྱིན་པ་ཁོ་ན་གསལ་བའོ་སྟེ་ཀུན་རྫོབ་ཏུ་རབ་ཏུ་གསལ་བཞིན་པ་ནི་བྱང་ཆུབ་ཀྱི་སེམས་སོ་ཞེས་སྦྲེལ་ཏོ། །འདིས་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་

ཉིད་དང་སྙིང་རྗེའི་བདག་ཉིད་ཀྱི་འགྲོ་བ་ཁོ་ན་བླ་ན་མེད་པའི་རྒྱུར་གྱུར་པའི་བྱང་ཆུབ་ཀྱི་སེམས་སུ་གསུངས་པར་འགྱུར་རོ། །དེ་རྟོགས་པའི་ཐབས་བསྒོམ་པ་ལེའུ་དྲུག་པར་རྒྱས་པར་སྟོན་པར་འགྱུར་བ་མདོར་སྟོན་པ། རྣམ་པར་མི་རྟོག་ཅེས་པ་སྒྲོ་འདོགས་པ་ཐམས་ཅད་དང་བྲལ་བའི་ཆོས་

རྣམས་ལ་སྟེ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམས་ལ་དངོས་པོ་བསྒོམ་པར་བྱ་བའི་རང་བཞིན་མེད་དེ་ཆོས་རྣམས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །སྒོམ་པའམ་སྒོམ་པ་པོ་མེད་དེ་བསྒོམ་པར་བྱ་བ་མེད་པའི་ཕྱིར་ཏེ། ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པ་ཁོ་ན་སྒོམ་

Vol. 7 · folio 41a

པའོ་ཞེས་དགོངས་པའོ། །གང་གསུང་བར་འགྱུར་བ། གང་ལ་སྒོམ་བྱེད་ཅུང་ཟད་མེད། །སྒོམ་པའང་ཅུང་ཟད་མེད་པས་ན། །བསྒོམ་བྱའང་ཡོད་པ་མིན་པ་དེ། །དེ་ཁོ་ན་ཉིད་སྒོམ་པར་བརྗོད། །ཅེས་སོ། །གལ་ཏེ་རྣམ་པར་མི་རྟོག་ན་ཅི་ལྟར་དམ་ཚིག་བསྟེན་པ་ལ་

སོགས་པ་ལས་རང་གི་རྟོག་པའི་གནས་སྐབས་ཀྱི་ཁྱད་པར་རམ་གཞན་གྱི་དོན་རྫོགས་པར་བྱེད་ཅེ་ན་གསུངས་པ། རྣམ་མི་ཞེས་པ་ལ་སོགས་པ་སྟེ། རྣམ་མི་རྟོག་པར་མོས་པ་ལའང་སྟེ་གྱུར་པ་ལ་དམ་ཚིག་བསྟེན་པ་ལ་སོགས་པའི་རྟོག་པ་རྣམས་ཐམས་ཅད་རྣལ་འབྱོར་པས་རྫོགས་པར་བྱེད་དོ། །རྣམ་

པར་མི་རྟོག་པ་ལ་ལྷག་པར་མོས་པ་ན་ཕལ་ཆེར་གཞན་དོན་ལ་ཕྱིར་ཕྱོགས་པ་སྲིད་དེ། སླར་ཡང་སེམས་ཅན་གྱི་དོན་ལ་སྦྱོར་བ་ནི་རྣམ་པར་མི་རྟོག་ཅེས་པ་ལ་སོགས་པའོ། །དེ་ལྟར་འདིས་དང་པོ་གོམས་པར་བྱེད་པའི་སྐབས་སུ་ལྷག་པར་མོས་པ་ཁོ་ནས་རྣམ་པར་མི་རྟོག་པ་འབྱུང་ཞིང་དེར་ཡང་

ཐམས་ཅད་བསྒྲུབ་པར་བྱའོ་ཞེས་མངོན་པར་དགོངས་པའོ། །གང་གི་ཚེ་བསྒོམས་པ་ལས་རིམ་གྱིས་རབ་ཀྱི་མཐར་ཕྱིན་པ་ན་བྱང་ཆུབ་ཀྱི་སེམས་ནི། དེ་བཞིན་གཤེགས་ཀུན་བདག་ཉིད་ཆོས། །ཆོས་ཀྱི་སྐུར་འགྱུར་བ་དེའི་ཚེ། །ཆོས་ཅན་གཟུགས་ལ་སོགས་པའི་ཕུང་པོ་མེད་དེ་རང་བཞིན་

མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཆོས་ཁོ་ནའི་ཆོས་ཉིད་སྟོང་པ་ཉིད་ཀྱང་མེད་དོ། །ཀུན་རྫོབ་ཏུ་ནི་གཉིས་ཀ་ཡང་དབྱེར་མེད་པར་ཡོད་དོ་ཞེས་རྣམ་པར་གཞག་སྟེ། སྟོང་པ་ཉིད་ནི་དངོས་པོ་རྣམས་ལས་ལོག་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་སྐད་དུ་ཡང་རྣམ་པར་མི་རྟོག་པ་ལ་འཇུག་པའི་

གཟུངས་སུ་གསུངས་པ། དམ་ཆོས་འདི་ལ་རྒྱལ་བའི་སྲས། །རྣམ་པར་མི་རྟོག་བསམས་གྱུར་ནས། །རྣམ་རྟོག་བགྲོད་དཀའ་ལས་འདས་ཏེ། །རིམ་གྱིས་མི་རྟོག་ཐོབ་པར་བྱེད། །རབ་ཏུ་ཞི་བ་མི་གཡོ་མཆོག །དབང་སྒྱུར་མཉམ་དང་མི་མཉམ་པ། །རྣམ་པར་མི་རྟོག་བདེ་དེའི་

ཕྱིར། །བྱང་ཆུབ་སེམས་དཔའ་རྟོགས་པར་བྱེད། །ཅེས་སོ། །འདིར་རྣམ་པར་མི་རྟོག་བསམ་པ་ནི། རྣམ་པར་མི་རྟོག་པར་ལྷག་པར་མོས་པ་བསྟན་པའོ། །དམ་ཆོས་ལ་སྟེ་དེ་ཁོ་ན་ཉིད་ལའོ། །རྣམ་རྟོག་ཁོ་ན་རྣམ་པ་བཞིའི་བགྲོད་དཀའ་བའོ། །རིམ་པ་ནི་གོམས་ནས་སོ། །མི་

Vol. 7 · folio 41b

རྟོག་པ་སྤྲོས་པ་མེད་པའི་ཡེ་ཤེས་འཐོབ་བོ། །དེའི་ཕྱིར་ཡེ་ཤེས་ལས་བདེ་བ་རྟོགས་པར་བྱེད་དོ། །རབ་ཏུ་ཞི་བ་ནི་ཉོན་མོངས་པ་མེད་པའི་ཕྱིར་རོ། །མི་གཡོ་བ་ནི་ཡོངས་སུ་ཉམས་པར་མི་འགྱུར་བ་ཉིད་ཀྱི་ཕྱིར་རོ། །མཆོག་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བདེ་བ་

ཐམས་ཅད་ཀྱི་མཆོག་ཉིད་ཀྱི་ཕྱིར་རོ། །དབང་སྒྱུར་ནི་ཇི་ལྟར་འདོད་པ་དང་ཇི་སྲིད་འདོད་པར་ཡང་དག་པར་མངོན་དུ་བྱེད་པའི་ཕྱིར་རོ། །མཉམ་པ་ནི་དེ་ལས་གཞན་པའི་བདེ་བ་རྣམས་དང་བདེ་བའི་རིགས་སུ་མཉམ་པའོ། །མི་མཉམ་པ་ནི་ཁྱད་པར་བཞི་པོ་འདི་རྣམས་ཁོ་ནས་སོ། །

དེ་ལྟར་རྣམ་པར་མི་རྟོག་རྣམས་ལ་ཞེས་པ་ལ་སོགས་པས་འབྲས་བུའི་རྡོ་རྗེ་འཛིན་པ་ནི་རྣམ་པར་རྟོག་པ་མ་ལུས་པ་ནུབ་པར་དགོངས་པའོ། །དེ་ལྟ་ཡིན་ཡང་སྔོན་གྱི་སྨོན་ལམ་གྱི་དབང་གིས་མུ་མཐའ་མེད་པའི་གཞན་ལ་ཕན་འདོགས་པའི་རྡོ་རྗེ་འཛིན་པ་དེ་ལས་འཇུག་ཅེས་གསུངས་པ། བྲག་

ཅའི་སྒྲ་དང་མཚུངས་པ་ཡི། །ཞེས་པ་ཀུན་ནས་སློང་བར་བྱེད་པའི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་ཀྱིས་དང་རང་བཞིན་མེད་པ་ཉིད་ཀྱིས་མཚུངས་པའི་ཕྱིར་རོ། །ཆོས་ཀྱི་སྟེ་རང་གིས་རྟོགས་པའི་རྒྱུའི་རྒྱུད་ལ་སོགས་པའི་ངག་སྟེ་ཡང་དག་པར་སྦྱོར་བའི་རྒྱུད་ལ་སོགས་པ་ཐེག་པ་ཆེན་པོའོ། །

དེ་ལྟར་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རབ་ཏུ་གྱུར་པའི་རྟེན་འབྲས་བུར་གྱུར་པའི་བྱང་ཆུབ་ཀྱི་སེམས་བླ་ན་མེད་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཞར་ལས་བྱུང་བ་ལས་རྒྱུ་ཁོ་ན་རྣམ་པར་དག་པ་ནི་འབྲས་བུའོ་ཞེས་མངོན་པར་དགོངས་ནས་གསུངས་སོ། །དོན་འདི་ལ་རྣམ་པར་སྣང་མཛད་ལ་

སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྟོགས་ནས་དང་པོ་བསྟོད་པས་ཉེ་བར་བསྟན་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་རྒྱུ་དང་འབྲས་བུས་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་པ་དང་ལྡན་པ་དེའི་ཕྱིར་རྡོ་རྗེ་འཛིན་པ་དེ་ལ་ཡང་དག་

པར་བསྟོད་པའོ། །དེ་བགྲོད་པར་བྱ་ཐོབ་པར་བྱ་བ་གཙོ་བོའི་ཐེག་པ་སྟེ། འབྲས་བུ་དང་། འདིས་འགྲོའོ་ཞེས་པ་ནི་དེའི་དོན་ཉིད་ལས་ཕལ་བའི་ཐེག་པ་ལམ་སྟེ། དེ་གཉིས་ཀ་རྗོད་པར་བྱེད་པའི་གཞུང་གི་ཚོགས་ཀྱང་ངོ་། །ཉན་ཐོས་ལ་སོགས་པའི་ཐེག་པ་རྣམས་ལས་ཐུབ་པའི་

Vol. 7 · folio 42a

དགོངས་པའི་རྒྱན་དུ་རྣམ་པར་ཕྱེ་བའི་ཆེན་པོ་ཉིད་རྣམ་པ་དགུ་དང་ལྡན་པའི་ཕྱིར་ཆེན་པོ་ཡང་དེ་ཡིན་ལ་ཐེག་པ་ཡང་དེ་ཡིན་པ་ཞེས་པ་ཐེག་པ་ཆེན་པོའོ། །དེ་ལ་འཆད་པར་འགྱུར་བའི་ཡོན་ཏན་གང་རྣམས་ཀྱི་ཡང་དག་པར་འབྱུང་ཞིང་རབ་ཏུ་སྐྱེ་བ་དེ་རྣམས་

རྒྱས་པ་སྟེ་རྒྱ་ཆེ་བ་རྣམས་ཀྱིས་སོ། །དུས་གསུམ་ནི་དུས་རྣམས་ཏེ་དེ་རྣམས་སུ་བྱུང་བ་ནི་དུས་གསུམ་པའོ། །དེ་ལ་གང་འཇིག་རྟེན་གྱི་ཁམས་འདིར་སྟོན་པ་ལ་སོགས་པའི་བྱ་བ་ཞིག་པ་དེ་རྣམས་འདས་པ་རྣམས་སོ་ཞེས་རྣམ་པར་གཞག་སྟེ། ཡོད་ཀྱང་ཅུང་ཟད་ཀྱང་མི་བྱེད་པ་ཉིད་ཀྱིས་ན་

མེད་པ་དང་འདྲ་བ་རྣམས་སོ་ཞེས་དགོངས་པས་སོ། །གང་སྟོན་པ་དེ་རྣམས་ད་ལྟར་བྱུང་བའོ། །གང་སྟོན་པར་འགྱུར་བ་དེ་རྣམས་མ་འོངས་པའོ། །ཡང་ཐམས་ཅད་ཡོད་པ་ཁོ་ནའོ། །འཇིག་རྟེན་གྱི་ཁམས་གཞན་དུ་ཡང་འདི་ལྟར་རྣམ་པར་གཞག་གོ། །རྣལ་འབྱོར་ནི་བྱང་ཆུབ་ཀྱི་

སེམས་ཀྱི་ངོ་བོ་སྟེ། དེ་ལ་དབང་བ་ཉིད་ཀྱིས་ན་རྣལ་འབྱོར་བདག་པོའོ། །འདི་ཡིས་རང་དོན་ཕུན་སུམ་ཚོགས་པས་བསྟོད་པ་གསུངས་ནས། གཞན་དོན་ཕུན་སུམ་ཚོགས་པས་གསུངས་པ། སེམས་ཅན་སྒྲོལ་བྱེད་ཅེས་བྱའོ། །དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཉིད་ཀྱིས་ཀྱང་གསུངས་པ།

ཀུན་གྱི་བདག་ཉིད་སྐྱེས་ཞེས་པ་སྟེ། ཀུན་གྱི་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་བདག་ཉིད་དེ་རང་བཞིན་དུ་སྐྱེས་པ་ཞེས་པ་ཀུན་གྱི་བདག་སྐྱེས་ཏེ་རྡོ་རྗེ་སེམས་དཔའོ། །ཀུན་གྱི་བདག་ཉིད་དུ་སྐྱེས་པ་ཉིད་ཁོ་ན་རྒྱས་པར་སྟོན་ཏེ། གཅིག་གིས་སྒོམ་བྱེད་ཅེས་པ་ལ་སོགས་པ་སྟེ། གཅིག་

གིས་ཏེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་སྣ་ཚོགས་པ་རོ་གཅིག་པ་ཉིད་དུ་ཉམས་སུ་མྱོང་ངོ་ཞེས་པས་གཅིག་གིས་མྱོང་བྱེད་དེ་རིན་ཆེན་འབྱུང་ལྡན་ནོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་རྨོངས་པ་གཅོད་པ་རྣམ་པར་སྣང་མཛད་དོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་

ཀྱིས་དོན་ཐམས་ཅད་བྱེད་པའི་ཕྱིར་ཐམས་ཅད་ནི་དོན་ཡོད་གྲུབ་པའོ། །གསུངས་པ་ཡང་། ཐམས་ཅད་ཀུན་བདག་ཉིད་ལ་གནས། །ཞེས་སོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་སྤྲོས་པ་མེད་པའི་བདེ་བ་ཆེན་པོའི་དེ་ཁོ་ན་ཉིད་ཀྱིས་འགྲོ་བ་ལ་སོ་སོར་རྟོག་པའི་ཕྱིར་དེ་ཉིད་ནི་འདིར་འོད་

Vol. 7 · folio 42b

དཔག་ཏུ་མེད་པའོ། །དེ་གསུངས་པ། བདེ་བ་དམ་པས་དེ་ཉིད་དོ། །ཞེས་སོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་ན་མི་བསྐྱོད་པ་ནི་ཡེ་ཤེས་སོ། །དེ་ལྟར་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གཅིག་པུ་འདྲེན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཅོམ་

ལྡན་འདས་ནི་གདུལ་བྱའི་ངོར་མི་བསྐྱོད་པ་ལ་སོགས་པའི་གཟུགས་སུ་སྟོན་ཏོ་ཞེས་པས་སྟོན་པར་མཛད་པའོ། །བདག་ཅེས་པ་དེ་བཞིན་གཤེགས་པ་གཅིག་གོ། །དེ་བཞིན་དུ་ཐམས་ཅད་རྣམས་སོ་སོར་ཕྱག་མཛད་པའོ། །དེ་ཉིད་ཀྱི་ཕྱིར་སྡུད་པ་པོས་བསྟོད་པ་རྣམས་ཞེས་མང་པོའི་ཚིག་

ཏུ་གསུངས་སོ། །རྒྱུའི་རྒྱུད་ཉིད་ཁྱབ་པར་བྱེད་པ་ཉིད་དུ་རྟོགས་པར་འདོད་པ་རྣམས་གསོལ་བ་འདེབས་པར་བྱེད་དོ་ཞེས་གསུངས་པ། ཡང་ཞེས་པ་ལ་སོགས་པའོ། །སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་སོ། །ཆོས་རྣམས་ཀུན་གཅིག་པ་གཉིས་སུ་མེད་པའི་བདག་ཉིད་གང་དུ་བསྡུས་པ་སྟེ་ནང་དུ་

འདུས་པ་དེ་ནི་ཆོས་ཀུན་གཅིག་ཏུ་བསྡུས་པའོ། །དབང་པོ་རྣམས་ནི་མིག་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱི་ལམ་ཉིད་ནི་ཡུལ་ཉིད་དོ། །མྱུར་ཏེ་ཐོབ་པ་གང་དང་གང་དངོས་པོ་ཅུང་ཟད་མཐོང་བ་དང་ཉན་པ་དང་སྣོམ་པ་དང་རོ་མྱང་བ་དང་རེག་པ་དང་སེམས་པ་དེ་དང་དེ་སོ་སོར་མཉམ་པར་

གཞག་པའོ་ཞེས་འབྲེལ་ལོ། །རང་བཞིན་གྱིས་ནི་དངོས་པོ་སྟེ་གཉུག་མས་ཞེས་པའི་བར་རོ། །ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ནི་ཆོས་རྣམས་ཐམས་ཅད་ཀྱི་གཉུག་མའོ། །ཅི་ལྟར་ཞེ་ན། མི་མཉམ་གཞག་པའི་རྣལ་འབྱོར་གྱིས་ཏེ་མི་མཉམ་པ་ནི་འཇིག་རྟེན་ལས་

འདས་པའི་བྱང་ཆུབ་ཀྱི་སེམས་སྤྲོས་པ་མེད་པ་རྡོ་རྗེ་འཛིན་པ་ཞེས་བྱ་བ་སྟེ། དེ་ལ་གཞག་པ་ཀུན་ནས་འཛིན་པ་ནི་མི་མཉམ་གཞག་པའོ། །དེ་ལ་རྣལ་འབྱོར་ནི་ལྷག་པར་མོས་པ་སྟེ་དེས་སོ། །མཐོང་བྱེད་ལ་སོགས་པ་ལ་སོ་སོར་སྣང་བཞིན་པ་བལྟ་བྱ་ལ་སོགས་པ་ནི་རྡོ་རྗེ་སེམས་དཔའི་རང་

གི་ངོ་བོ་ཁོ་ནར་མོས་པས་སོ་ཞེས་པའི་དོན་ཏོ། །རྟག་ཏུ་ནི་མ་དག་པ་དང་དག་པའི་གནས་སྐབས་དག་ཏུའོ། །མཉམ་པར་ཏེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ལ་གཞག་པ་སྟེ་དེའི་བདག་ཉིད་དུ་འཛིན་པའོ། །འདིས་ནི་གཟུགས་ལ་སོགས་པ་རྣམས་ཀྱི་དང་མ་

Vol. 7 · folio 43a

དག་པ་དང་དག་པའི་སེམས་ཀྱི་གནས་སྐབས་རྣམས་ཀྱི་ཁྱབ་པར་བྱེད་པ་ནི་དེའོ་ཞེས་གསུང་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་མ་བཞི་ཡང་དག་པར་སྦྱོར་བའི་རྒྱུད་དུ་གསུངས་པ། གང་གང་དབང་པོའི་ལམ་ཉིད་དུ། །འགྱུར་བ་དེ་དེ་རང་བཞིན་གྱིས། །འདོད་པ་

ཀུན་ལ་ལོངས་སྤྱོད་པས། །སངས་རྒྱས་ཀུན་གྱི་རང་བཞིན་འཐོབ། །ཅེས་སོ། །གལ་ཏེ་རང་བཞིན་གྱིས་མཉམ་པར་གཞག་པ་ཡིན་ན་འོ་ན་མི་མཉམ་གཞག་པར་ལྷག་པར་མོས་པས་ཅི་བྱ་ཞེ་ན། གང་གི་ཕྱིར་རྟོགས་པར་མ་གྱུར་ཏོ། །ཕུང་པོར་ཞེས་པའི་རིགས་ལ་གཅིག་གི་ཚིག་གོ། །བདག་

གཞན་མེད་པའི་ཕྱིར་ཕུང་པོ་ལྔའི་ངོ་བོའི་བདག་ནི་རྣམ་པར་ཤེས་ཏེ་ཁྱད་པར་དུ་འཕགས་པའི་ཤེས་པ་བྱང་ཆུབ་ཀྱི་སེམས་ལ་བརྟེན་པ་ནི་ཀུན་གྱི་བདག་ཉིད་ཀྱིས་ཏེ་དེའི་བདག་ཉིད་དུའོ་ཞེས་མངོན་སུམ་གྱིས་མི་རྟོགས་སོ། །བླུན་སེམས་ཞེས་པ་བླུན་པའི་སེམས་ལྡན་པ་རྣམས་སོ། །ཐ་ཤལ་མི་

རྣམས་ཞེས་པ་མུ་སྟེགས་པ་ལ་སོགས་པ་རྣམས་སོ། །དེ་རྣམས་ནི་བྱང་ཆུབ་ཀྱི་སེམས་ཁོ་ན་ལ་འཁྲུལ་པ་རྣམས་སེམས་བྱེད་ལ་སོགས་པར་རྟོགས་པར་བྱེད་དོ། །དེ་ལ་སེམས་བྱེད་ནི་རྟག་པ་དང་མི་རྟག་པའི་ཤེས་པ་སྟེ། སྐྱེས་བུའི་དབང་ཕྱུག་གོ་ཞེས་དབང་ཕྱུག་སྨྲ་བ་རྣམས་སོ། །སོག་

བྱེད་ཅེས་ཀློག་པ་ལ་ནི་དགེ་བ་དང་མི་དགེ་བ་སོག་པར་བྱེད་ཕུང་པོར་བྱེད་ཅེས་པའི་དོན་ཏོ། །སེམས་ཏེ་སེམས་ཅན་ནོ་སེམས་ཅན་དུ་སྨྲ་བ་རྣམས་སོ། །སེམས་པའི་དངོས་ཏེ་སྐྱེས་བུ་ཞེས་གྲངས་ཅན་པ་རྣམས་སོ། །རྣམ་ཤེས་ཐམས་ཅད་དོ་ཞེས་པ་ཉེར་སྟོན་པ་རྣམས་སོ། །ཤེས་བྱའི་རང་

བཞིན་ཞེས་པ་བདག་ལ་སོགས་པའོ། །དེ་ལ་བདག་ཁོ་ན་སེམས་ཅན་བཞིན་དུ་སྐྱེའོ་རྒས་སོ་འཆིའོ་འཆིང་ངོ་གྲོལ་ལོ་ཞེས་བདག་ཏུ་སྨྲ་བ་རྣམས་སོ། །དེ་ལྟར་སྲོག་ཅེས་ནམ་མཁའི་གོས་ཅན་རྣམས་སོ། །དུས་ཀྱིས་འབྱུང་བ་རྣམས་སྤྲོ་བྱེད། །དུས་ཀྱིས་སྐྱེ་དགུ་སྡུད་པར་བྱེད། །ཅེས་

དུས་སྨྲ་བ་རྣམས་སོ། །ཡང་དང་ཡང་དུ་འགྲོ་བ་རྣམས་སུ་གནས་པའི་གནས་འཆའ་བའི་ཕྱིར་གང་ཟག་ཅེས་པའམ། ལས་རྣམས་ཀྱིས་གང་ཞིང་དེ་རྣམས་ཁོ་ན་ངེས་པར་ནུབ་པའི་ཕྱིར་ཟག་པའོ་ཞེས་གང་ཟག་ཏུ་སྨྲ་བ་རྣམས་སོ། །རྒྱུ་ཉིད་ཅེས་པ་འབྲས་བུའི་ཚོགས་ཀྱི་རྒྱུ་ནི་དབང་

Vol. 7 · folio 43b

ཕྱུག་ཁོ་ནའོ་ཞེས་དབང་ཕྱུག་སྨྲ་བ་རྣམས་ཁོ་ནའོ། །ཆོས་ཅན་སྒོམ་པ་ཞེས་པ་ཞི་བ་པའི་གྲུབ་པའི་མཐར་བསོད་ནམས་ལ་སོགས་པའི་འཇུག་པ་པོ་དབང་ཕྱུག་གོ་ཞེས་དེ་རྣམས་ཁོ་ནའོ། །འདིས་ནི་འདི་རྣམས་ཀྱི་གང་ཡུལ་འདི་གྲུབ་མཐའ་ངན་པས་འཁྲུལ་བ་དེ་དེ་ཁོ་ན་ཉིད་དོ་ཞེས་བསྟན་

པར་འགྱུར་རོ། །ཅི་ལྟར་འཁྲུལ་ཞེ་ན། གང་གི་ཕྱིར་ཆོས་རྣམས་ཏེ་སེམས་བྱེད་ལ་སོགས་པ་རྣམས་མང་པོ་ཉིད་ཀྱིས་དེ་ཁོ་ན་ཉིད་མང་པོ་ཉིད་དུ་འཐད་པ་མ་ཡིན་ཞེས་པ་དྲང་བའི་དོན་ཏོ། །ངེས་པའི་དོན་ནི་ཐ་ཤལ་མི་རྣམས་ཞེས་པ་སོ་སོའི་སྐྱེ་བོ་རྣམས་མ་རིག་པ་ཐོག་མ་མེད་པའི་སྲིད་པར་

འབྱུང་བས་ཡང་དག་པ་མ་ཡིན་པར་སྒྲོ་འདོགས་པའི་ཕྱིར་ཡང་དག་པ་ཇི་ལྟ་བའི་དེ་ཁོ་ན་ཉིད་མངོན་སུམ་དུ་མི་འགྱུར་རོ་ཞེས་པས། དེ་མངོན་སུམ་དུ་བྱ་བ་ཉིད་ཀྱི་ཆེད་དུ་སོ་སོའི་སྐྱེ་བོ་རྣམས་ལྷག་པར་མོས་པ་རིགས་སོ། །བདག་འབའ་ཞིག་ཏུ་མ་ཟད་ཀྱི། སེམས་བྱེད་ཅེས་པ་ལ་སོགས་པ་ཡང་

རྣམ་པར་ཤེས་པའོ་ཞེས་མ་རྟོགས་པས། སླར་ཡང་དོན་གཞན་ལ་བརྟེན་ནས། དོན་དེ་ཁོ་ན་འདས་པ་ཡིན་ཞེས་པའི་རིགས་པས། སླར་ཡང་རྣམ་པར་ཤེས་པ་གསུངས་སོ། །སེམས་བྱེད་ནི་མིག་ལ་སོགས་པའི་ཚོགས་པ་སྟེ། དེའི་ཤེས་པ་ནི་སེམས་སོ། །སེམས་ཀྱིས་བལྟ་

བར་བྱ་བའོ་ཞེས་པ་སེམས་གཟུགས་ཏེ་སྔོན་པོ་ལ་སོགས་པའོ། །རཱུ་པ་ལྟ་བ་ལའོ་ཞེས་པ་བྱིངས་སོ། །དེ་ལྟར་ཁམས་བཅོ་བརྒྱད་པོ་རྣམས་བྱང་ཆུབ་སེམས་ཀྱི་རང་གི་ངོ་བོའོ། །དེ་ཡང་ཤེས་བྱའི་རང་བཞིན་ཅན་ཏེ། སོ་སོའི་སྐྱེ་བོ་རྣམས་ཀྱིས་ཤེས་བྱ་མངོན་སུམ་དུ་བྱ་བའི་རང་

བཞིན་ཏེ་དོན་དམ་པ་སྟོང་པ་ཉིད་གང་གི་རང་བཞིན་ཡིན་པའོ། །དེའི་ཕྱིར་མོས་པར་བྱའོ་ཞེས་དགོངས་པའོ། །གལ་ཏེ་དེ་ལྟར་ལྷག་པར་མོས་པ་བསྒོམ་པས་དེ་མངོན་སུམ་དུ་བྱ་བའོ་ཞེས་པས་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ན། སྟོང་པ་ཉིད་གཟུགས་ལ་སོགས་པ་ཆོས་ཅན་རྣམས་ཀྱི་

ཆོས་ཀྱང་ཆེད་དུ་གཏད་པས་བསྒོམ་པར་བྱའོ་ཞེས་པས་ཆོས་དང་ཆོས་ཅན་གྱི་དངོས་པོ་ཡང་བྱང་ཆུབ་ཀྱི་སེམས་ལས་གཞན་དུ་འགྱུར་བས་ན་དེ་ཁྱབ་བྱེད་མ་ཡིན་ནོ་ཞེ་ན་གསུངས་པ། འབྲས་བུ་རྣམས་ལ་ཞེས་པ་སྟེ་གོང་ནས་གོང་དུ་རྟོགས་པ་རྣམས་ལའོ། །ཆོས་རྣམས་ནི་

Vol. 7 · folio 44a

རང་བཞིན་མེད་པ་ཉིད་དང་སྐད་ཅིག་པ་ཉིད་དང་། གཟུང་བ་དང་འཛིན་པ་ཉིད་དང་བྲལ་བ་ཉིད་ལ་སོགས་པ་རྣམས་ཏེ། དེ་རྣམས་ཆོས་ཅན་རྣམས་ལ་སྒོམ་པ་ནི་ཆོས་ཅན་བསྒོམ་པའོ། །གང་ཅུང་ཟད་རྒྱུ་དང་འབྲས་བུ་རྣམས་དང་གང་ཅི་ཡང་རུང་བའི་ཆོས་དང་ཆོས་

ཅན་རྣམས་སམ་དེའི་དངོས་པོ་དེ་རྣམས་ནི་བྱང་ཆུབ་སེམས་ཀྱི་བདག་ཉིད་ཁོ་ནའོ་ཞེས་པས་སྟོང་པ་ཉིད་ནི་ཁྱབ་པར་བྱེད་པའོ། །འོ་ན་ཆོས་ཅན་རྣམས་སོ་སོ་རང་ཉིད་ཐ་དད་པའི་ཕྱིར་དེའི་ཆོས་རང་བཞིན་མེད་པ་ཉིད་ཀྱང་དོན་དམ་པར་ཆོས་ཅན་གྱི་རང་གི་ངོ་བོ་ལས་ཐ་མི་དད་པ་ན། ཆོས་ཅན་སོ་སོ་ཐ་དད་

པ་ལ་ཅི་ལྟར་ཁྱབ་པར་བྱེད་པ་ཡིན་ཞེ་ན་གསུངས་པ། གང་གི་ཕྱིར་ཞེས་པ་ལ་སོགས་པའོ། །རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་གཟུགས་ལ་སོགས་པ་རྣམས་མང་པོ་ཉིད་དུ་ཐ་དད་པས་དེའི་ཆོས་བརྟེན་པ་དེ་ཁོ་ན་ཉིད་མང་པོ་ཉིད་དུ་ཐ་དད་པར་རྟོགས་པར་བྱ་བ་མ་ཡིན་ཏེ། དཔེར་ན་ཆུ་བོ་

རྣམས་ཀྱི་རྒྱུན་མང་པོ་རང་ཉིད་ནང་དུ་སྟོན་པ་རྣམས་ཀྱང་ཁྱབ་པར་བྱེད་པ་རྒྱ་མཚོར་མང་པོ་ཉིད་མ་ཡིན་པ་བཞིན་ནོ། །ཆུ་བོའི་རྒྱུན་ཞེས་པ་རིགས་པ་གཅིག་གི་ཚིག་དང་དྲུག་པའི་དོན་ལ་མང་པོ་སྟེ། ཆུ་བོའི་རྒྱུན་རྣམས་ཀྱི་མང་པོ་ཉིད་དུ་ཞེས་སྦྲེལ་ལོ། །ཅིའི་ཕྱིར་རྟོགས་བྱ་མིན་ཞེ་ན། གང་ཕྱིར་

ཏེ་གང་གི་ཕྱིར་ཐར་བར་བྱེད་ཅེས་པ་ཨ་ཙ་ཡིད་ཐར་པ་བྱང་ཆུབ་ཀྱི་སེམས་རྒྱུའི་རྒྱུད་གཅིག་ཁོ་ན་ཡིན་པས་སོ། །འདི་གསུངས་ཏེ། སྟོང་པ་ཉིད་ཁོ་ན་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དེ། དེ་ཡང་སྒྲོ་འདོགས་པ་མཐའ་དག་ལས་ལྡོག་པའི་ངོ་བོའི་གཅིག་ཁོ་ནར་ཐ་སྙད་བྱ་བ་སྟེ། ཀུན་རྫོབ་ཏུ་དངོས་པོ་

སོ་སོ་ལ་དེའི་བདག་ཉིད་དུ་དེ་ཡོད་པའི་ཕྱིར་རོ། །གཞན་གྱིས་ཡོངས་སུ་བརྟགས་པའི་སྤྱི་བཞིན་དུ་དོན་དམ་པ་པའི་གཅིག་ནི་དེ་མ་ཡིན་ནོ། །དོན་དམ་པར་ནི་ཆོས་རྣམས་མེད་ཅིང་ཆོས་ཉིད་ཀྱང་མེད་དེ་དེ་རྣམས་ཀྱི་གཞན་དང་གཞན་མིན་པ་དག་ཀྱང་མེད་དོ་ཞེས་བཤད་དོ། །སྟོང་པ་ཉིད་དང་རོ་

གཅིག་པ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱང་སྟོང་པ་ཉིད་བཞིན་དུ་དེ་ཁོ་ན་ཉིད་དུ་བརྗོད་ཅིང་དེ་ཁོ་ན་ཡང་བྱང་ཆུབ་ཀྱི་སེམས་ཏེ། དེའི་ཕྱིར་དེ་ཡང་ཁྱབ་པར་བྱེད་པ་ཁོ་ནའོ་ཞེས་པའོ། །དེ་སྔར་དུ་གསུངས་པ། བརྟན་སོགས་གཡོ་བ་དང་བཅས་པའི། །འགྲོ་ཀུན་ཁྱབ་པས་ཁྱབ་པ་པོ། །

Vol. 7 · folio 44b

ཞེས་སོ། །འདི་ཡང་བདེ་བ་ཆེན་པོའི་ངོ་བོ་ཁོ་ནར་བསྒོམ་པར་བྱ་བཞིན་པས་ནི་འབྲས་བུ་བདེ་བ་ཆེན་པོའི་རང་བཞིན་གྱི་ཐར་པ་སྐྱེད་པར་བྱེད་དེ། ཉེ་བར་ལེན་པ་དང་ཉེ་བར་བླང་བྱ་དག་རིགས་མཚུངས་པ་ཉིད་ཁོ་ནའོ། །དེ་སྐད་དུ་མཐའ་དྲུག་གི་རྒྱ་ཆེར་འགྲེལ་དུ། རྡོ་རྗེ་སྐུ་ཉིད་ཀྱིས་ཚད་མེད་པའི་

ལྷ་མོ་དང་སྙོམས་པར་འཇུག་པས་འཁོར་བའི་བར་དུ་མཆོག་ཏུ་དགའ་བའི་སྐད་ཅིག་གཅིག་གིས་ལྷ་དང་མི་ལ་སོགས་པ་ལས་འདས་པ་ཡོན་ཏན་བརྒྱད་ཀྱི་དབང་ཕྱུག་གི་བདེ་བ་ཉམས་སུ་མྱོང་བའི་ཕྱིར་ཐར་པའོ་ཞེས་པ་ངེས་པའི་དོན་ནོ་ཞེས་སོ། །བདེ་བ་ཆེན་པོ་དེ་ཡང་ཇི་ལྟར་ལས་ཀྱི་གཏུམ་

མོ་ལ་སོགས་པའི་ཐབས་ཀྱི་དབྱེ་བ་གང་གིས་བདག་ཉིད་ལ་རྣམ་པར་རྟོག་པ་རྣམས་བསལ་ནས་གནས་པར་འགྱུར་བ་དེ་ལྟར་བླ་མ་རྣམས་འཆད་པར་འགྱུར་བའི་ངག་རྣམ་པར་ཕྱེ་ནས་འཆད་པར་འགྱུར་རོ། །གང་གསུང་བར་འགྱུར་བ། ནང་གི་དབྱེ་བ་འདི་ཉིད་ནི། །བླ་མའི་ཞལ་ལས་

གསལ་རྙེད་འགྱུར། །ཞེས་སོ། །དེ་ཁོ་ན་ཉིད་རྒྱས་པར་ཏེ་རྒྱ་ཆེན་པོ་རབ་ཏུ་རྒྱས་པར་སྟོན་པའི་ངོ་བོས་སྟོན་པ་གང་གིས་རབ་ཏུ་བྱ་བ་དེ་ནི་དེ་ཁོ་ན་ཉིད་རྒྱས་པར་སྟོན་པའི་རབ་ཏུ་དབྱེ་བའོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་གསུམ་

པའོ།། །།བྱང་ཆུབ་ཀྱི་སེམས་རབ་ཏུ་རྒྱས་པར་བསྟན་ནས་བདེ་བ་ཆེན་པོའི་རང་བཞིན་དེ་མ་ཐག་པར་གསལ་བར་བྱས་པ་འདི་ཁོ་ན་ཐབས་དང་བཅས་པ་རྒྱས་པར་སྟོན་པར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གཏན་ལ་ཕབ་པར་གྱུར་པ་ནི་ངེས་པ་སྟེ་ངེས་པའི་

དོན་བདེ་བ་ཆེན་པོའོ། །ཇི་ལྟར་འདི་ངེས་པའི་དོན་ཡིན་ཞེ་ན། གསུངས་པ། མཉམ་ཉིད་ཕྱིར་ཞེས་པ། སེམས་ཅན་རྣམས་ཀུན་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་རོ་གཅིག་པ་ཉིད་ཀྱི་ཕྱིར་ཏེ་དེའི་བདག་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ། །དེ་རྟོགས་པའི་རྟེན་ཅི་ཡིན་ཞེ་ན། གྲུ་

གསུམ་བྷ་ག་དང་ཆོས་འབྱུང་དང་སྤྲུལ་པའི་པདྨ་ལ་སོགས་པ་སྟེ། འདི་ལ་ལ་ལ་ནཱ་དང་ར་ས་ནཱ་དང་ཨ་ཝ་དྷཱུ་ཏཱིའི་གྲུ་གསུམ་རྣམས་སོ་ཞེས་བྱས་ནས་སོ། །རྒྱ་ཆེ་བ་རྣམས་ཀྱི་སྟེ་སྟོབས་དང་། མི་འཇིགས་པ་ལ་སོགས་པ་ཡོན་ཏན་མ་ལུས་པ་རྣམས་ཀྱི་རང་གི་ངོ་བོ་ཕུལ་དུ་བྱུང་བ་དང་།

Vol. 7 · folio 45a

ལྡན་པ་འདིར་འགྱུར་རོ་ཞེས་པས་དེ་དང་ལྡན་པའི་ཕྱིར་དེ་རྒྱ་ཆེ་བའི་ངོ་བོ་ཅན་ནོ། །ཚངས་པ་ལ་སོགས་པའི་བར་གྱི་ལྷ་དང་ལྷ་མིན་དང་བཅས་པའི་སེམས་ཅན་རྣམས་ཀྱི་དབྱེར་མེད་པའི་བདེ་བ་ཆེན་པོའི་རྟེན་ནོ། །འོ་ན་མདོ་དང་རྒྱུད་ལ་སོགས་པ་རྣམས་སུ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ངེས་པའི་དོན་དུ་གསུངས་པ་མ་ཡིན་ནམ། བདེ་བ་ཆེན་པོ་ནི་མ་ཡིན་ནོ་ཞེ་ན་གསུངས་པ། དེ་ཞེས་པ་ངེས་པའོ། །ཀུན་རྫོབ་པའི་རྣམ་པ་ནི་ཁ་དོག་དང་དབྱིབས་ལ་སོགས་པ་སྟེ། དེའི་རང་གི་ངོ་བོ་དང་ལྡན་པའོ། །འདི་སྐད་གསུངས་ཏེ། ཀུན་རྫོབ་པའི་སྔོན་པོ་ལ་

སོགས་པ་རྣམས་བདེ་བའི་རང་བཞིན་ནོ། །གང་གསུངས་པ། བདེ་བ་སྔོན་པོ་བདེ་བ་སེར། །བདེ་བ་ཀུན་དུ་རུ་སྐྱེས་ཞེས་པ་ལ་སོགས་པའོ། །བདེ་བ་ཡང་བྱང་ཆུབ་ཀྱི་སེམས་ཏེ། དེ་ཁོ་ན་ཤེས་རབ་ཕ་རོལ་ཕྱིན་མ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་ཁ་ཅིག་ཏུ་བཙུན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པར་བརྗོད་ཅིང་། ཁ་ཅིག་ཏུ་ཆོས་འབྱུང་ལ་སོགས་པའོ། །འདིའི་ཕྱིར་ཡང་ངེས་པའི་དོན་ཏེ། གང་གི་ཕྱིར། དེ་ཉིད་ཡུལ་ལས་འདས་པའོ། །དོན་དམ་པར་ཡུལ་དུ་སྒྲོ་བཏགས་པ་དང་བྲལ་བའོ། །སྲོག་ཆགས་ཀུན་གྱི་སྙིང་ལ་སྟེ་སེམས་ལ་དེའི་བདག་ཉིད་ཀྱིས་གནས་ཤིང་སྲོག་ཆགས་རྣམས་

ཀྱང་དེའི་རང་བཞིན་ནོ། །འོ་ན་དེ་ཁོ་ན་ཉིད་མ་རྟོགས་པའི་གནས་སྐབས་སུ་བདེ་བ་ཆེན་པོ་ཉམས་སུ་མ་མྱོང་བ་མ་ཡིན་ནམ། ཅི་ལྟར་སེམས་ཅན་ཀུན་གྱི་སེམས་ཀྱི་བདག་ཉིད་དུ་བརྗོད་ཅེ་ན། བདེ་བ་ཆེན་པོ་ཉམས་སུ་མྱོང་བར་རུང་བ་ཉིད་ཀྱིས་སོ་ཞེས་རྒྱས་པ་དང་བཅས་པར་གཏན་ལ་འབེབས་པར་

འགྱུར་རོ། །གལ་ཏེ་དེ་ལྟ་ན་སྔགས་ཀྱི་ཐེག་པས་ཅི་སྟེ། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་བརྟེན་པ་ཁོ་ན་ལས་བྱ་བའི་རང་བཞིན་ཕ་རོལ་ཏུ་ཕྱིན་པ་དྲུག་གོམས་པ་རྒྱས་པས་བྱང་ཆུབ་འཐོབ་པས་སོ། །གལ་ཏེ་ཡང་དེ་བདེ་བ་ཆེན་པོའི་རང་བཞིན་ཡིན་ན་དེ་ཡང་རབ་ཏུ་དགའ་བའི་ས་ནས་རྩོམ་མོ་ཞེ་ན་

གསུངས་པ། ཅི་ཞེས་པ་ལ་སོགས་པའོ། །ཁྱོད་ལ་སྟེ་རྡོ་རྗེ་སྙིང་པོ་ཤེས་རབ་རྣོན་པོ་ལའོ། །རྒྱས་པས་ཅི་ཞིག་སྟེ་རྒྱ་ཆེ་བས་སོ། །ཤེས་རབ་རྣོ་བས་ནི་འདི་ལས་ཏེ་བྱང་ཆུབ་ཀྱི་སེམས་ལས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ནི་འདིར་བསྡུའོ་ཞེས་པའམ། བསྡུས་པའི་ངོ་བོ་ནི་བསྡུས་པ་ཡིན་ཞིང་

Vol. 7 · folio 45b

དེ་ལས་འཐོབ་སྟེ། བྱང་ཆུབ་སེམས་ཀྱི་ནང་དུ་འདུས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རྣམས་བསྒོམ་པས་ཡོངས་སུ་རྫོགས་པ་ལས་སོ། །དེ་ལས་ནི་གཞན་གྱི་དོན་བྱ་བ་ལྷུན་གྱིས་གྲུབ་པ་ཁོ་ནའོ། །སངས་རྒྱས་ཉིད་ནི་ས་བཅུའི་དབང་ཕྱུག་ཉིད་དོ། །རྣམ་སངས་རྒྱས་ཉིད་ནི་ཁྱད་པར་

གྱི་ལམ་འཐོབ་པ་ཉིད་དོ། །རྡོ་རྗེ་འཛིན་པ་ཉིད་ནི་ས་བཅུ་གཅིག་གི་དབང་ཕྱུག་ཉིད་དོ། །འཁོར་ལོས་སྒྱུར་བ་ཉིད་ནི་དཀྱིལ་འཁོར་གྱི་འཁོར་ལོ་དཔག་ཏུ་མེད་པ་སྤྲུལ་པའི་གཙོ་བོ་ཉིད་དོ། །བསྐལ་པ་ཁོ་ན་གྲངས་མེད་པ་རྣམས་དང་བྱེ་བ་རྣམས་ཏེ་དེ་རྣམས་ཀྱིས་སོ། །བསྐལ་པ་

ནི་འདིར་བསྐལ་པ་ཆེན་པོའོ། །དེ་ལྟར་ནི་ཇི་ཙམ་པའི་དུས་ཀྱི་ཚེ་ལོ་བཅུ་པའི་མི་རྣམས་འཕེལ་བར་སོན་པས་ཚེ་ལོ་སྟོང་ཕྲག་བརྒྱད་ཅུ་བར་འགྱུར་ཞིང་། དེ་ལས་འགྲིབ་པར་གྱུར་པ་ཚེ་ལོ་བཅུ་པར་ཏེ་དེ་ཙམ་པའི་འཕེལ་བ་དང་འགྲིབ་པའི་དུས་ནི་བར་གྱི་བསྐལ་པའོ། །བར་གྱི་བསྐལ་པ་

བརྒྱད་ཅུ་ནི་བསྐལ་པ་ཆེན་པོའོ། །དེ་བཞིན་དུ་བསྐལ་པ་ཆེན་པོ་གནས་གཞན་དྲུག་ཅུར་སོན་པའི་གྲངས་རྗེས་སུ་ཐོབ་པ་རྣམས་ནི་གྲངས་མེད་པ་ཞེས་བརྗོད་དོ། །གྲངས་མེད་པ་ཁོ་ན་བཟླས་ནས་སླར་ཡང་བགྲངས་པ་ནི་གྲངས་མེད་པ་གསུམ་རྣམས་ཏེ། དེ་རྣམས་ཀྱིས་ཐོབ་བྱ་མིན་པ་

ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་གནས་པ་རྣམས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་རྣམས་ཀྱིས་དེ་འཐོབ་པའི་ཕྱིར་རོ། །དེ་ལ་བསྐལ་པ་གྲངས་མེད་པ་དང་པོས་ཚོགས་ཀྱི་ས་ནས་བརྩམས་ནས་ཇི་སྲིད་ས་དང་པོའི་བར་རྫོགས་པར་བྱེད་ཅིང་། གཉིས་པས་ནི་དྲི་མ་མེད་པ་ལ་སོགས་

པ་ས་དྲུག་རྣམས་ཏེ། གསུམ་པས་ས་མི་གཡོ་བ་ནས་བརྩམས་ཏེ་སངས་རྒྱས་ཀྱིས་ཇི་སྲིད་པའོ། །བསྐལ་པ་བྱེ་བ་རྣམས་ཀྱིས་ཀྱང་ཐོབ་བྱ་མིན་པ་ནི། བརྩོན་འགྲུས་ཆེན་པོ་དང་ལྡན་པ་རྣམས་ཀྱང་བསྐལ་པ་གྲངས་མེད་པ་གཉིས་པ་ཁོ་ན་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་

ཕྱིར་རོ། །ཁྱོད་ཅེས་པ་ཇི་ལྟར་ཞེས་ཉེ་བར་བྱེད་པ་སྟེ། ཇི་ལྟར་ཁྱོད་སྐྱེ་བ་འདི་ཁོ་ན་ལ་སངས་རྒྱས་ཉིད་ལ་སོགས་པ་འཐོབ་པ་དེ་ལྟར་དུ་ཞེས་པའི་དོན་ཏོ། །འདི་སྐད་བཤད་དེ། ཇི་ལྟར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཅན་གྱི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོས་འབད་བཞིན་པའི་

Vol. 7 · folio 46a

བསྐལ་པ་མང་པོ་རྣམས་ལྡོག་པ་སྟེ། དཔེར་ན་བདག་ཅག་གི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔར་གྱུར་པའི་སངས་རྒྱས་སྐར་རྒྱལ་མཉེས་པར་བྱས་པས་བསྐལ་པ་དགུ་རྣམས་ལོག་པ་ལྟ་བུ་དང་། དེ་བཞིན་དུ་ཤིན་ཏུ་ཆེ་བའི་བརྩོན་འགྲུས་ཀྱིས་

འབད་བཞིན་པའི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་རྣམས་ཀྱང་ལྡོག་པར་འགྱུར་བ་དེ་ལྟར་ཕུལ་དུ་དབྱུང་དུ་མེད་ཅིང་ཤིན་ཏུ་ཆེ་བའི་བརྩོན་འགྲུས་ཀྱིས་དང་ཐབས་ཀྱི་ཁྱད་པར་གྱིས་འབད་བཞིན་པ་རྣམས་ཀྱིས་བསྐལ་པ་གྲངས་མེད་པ་གཉིས་ཀྱང་ལྡོག་པར་འགྱུར་ཞིང་། ཇི་སྲིད་

དུ་བསྐལ་པ་གཅིག་ལ་དང་། སྐྱེ་བ་ཅུང་ཟད་རྣམས་ཀྱིས་དང་ཇི་སྲིད་དུ་སྐྱེ་བ་འདི་ཁོ་ན་ལ་མངོན་པར་རྫོགས་པར་བྱང་ཆུབ་པའོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གང་གིས་ཞེས་པ་སྟེ། ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་ཐབས་ལས་སྐྱེས་པས་ཞེས་དགོངས་པའོ། །བདེ་བ་

དམ་པ་ནི་ཟག་པ་མེད་པ་བདེ་བ་ཆེན་པོ་སྟེ་དེས་སོ། །དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོའི་ངོ་བོ་རྡོ་རྗེ་འཛིན་པའི་ས་འདི་ཁོ་ནར་རྟོགས་པར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་སྔགས་ཀྱི་ཚུལ་ཁྱད་པར་དུ་འཕགས་པའོ་ཞེས་རྒྱ་ཆེར་བཤད་ཟིན་ཏོ། །འོ་ན་འདིར་བདེ་བ་ཆེན་པོ་ནི་ཕྱག་རྒྱའི་རྣལ་

འབྱོར་ཁོ་ན་གསུངས་ཤིང་། དེ་ཡང་འདོད་ཆགས་ལ་སོགས་པའི་དབང་ལས་གྱུར་ཏེ། དེ་ལས་ཀྱང་འདོད་ཆགས་ལ་སོགས་པ་རྣམས་འགྱུར་ཞིང་། དེ་རྣམས་གལ་ཏེ་འཆིང་བའི་རྒྱུ་མ་ཡིན་ན་དེ་ལྟ་ན་སྲོག་ཆགས་རྣམས་ཐམས་ཅད་གྲོལ་བར་འགྱུར་རོ་ཞེ་ན། དེ་ལྟར་མ་ཡིན་ཞེས་གསུངས་པ།

གཏི་མུག་ཅེས་པ་ལ་སོགས་པ་སྟེ། ཆོས་གང་དང་ལྡན་པ་ལས་བདེན་པའི་དོན་མི་མཐོང་ཞིང་། དངོས་པོ་རྣམས་ལ་ཡང་ཡོད་པ་མ་ཡིན་པའི་རང་བཞིན་གང་ཟག་དང་ཆོས་སམ་དངོས་པོ་མེད་པར་སྒྲོ་འདོགས་པ་དེ་མ་རིག་པ་གཏི་མུག་སྟེ་མ་རིག་པའི་མི་མཐུན་པའི་ཕྱོགས་བདེན་པ་གཉིས་

ཡོངས་སུ་མི་ཤེས་པའོ། །རིག་པ་ནི་ཆོས་ཀྱི་རང་བཞིན་གྱི་ཡུལ་ཅན་ཟག་པ་མེད་པའི་ཡེ་ཤེས་སོ། །ཞེ་སྡང་ནི་ཁོང་ཁྲོ་གནོད་སེམས་ཏེ། སེམས་ཅན་གྱི་ཡུལ་ལ་ཀུན་ནས་མནར་སེམས་པ་ཞེས་པའི་དོན་ཏོ། །འདོད་ཆགས་ནི་རྗེས་སུ་ཆགས་པ་དང་སྲེད་པ་དང་ཞེན་པ་དང་ཆགས་

Vol. 7 · folio 46b

པའོ། །བདག་ཉིད་གཞན་ལས་ཡང་དག་པའམ། ཡང་དག་པ་མ་ཡིན་པས་ཁྱད་པར་དུ་འཕགས་པར་རྟོག་ཅིང་རློམ་བཞིན་པའི་གང་སེམས་ཀྱི་རང་བཞིན་གྱི་རྣམ་འགྱུར་ལྟུང་བའི་རྒྱུ་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་འདི་ང་རྒྱལ་ལོ། །ཕྲག་དོག་ནི་གཞན་གྱི་ཡོན་ཏན་རྣམས་

ཀྱིས་གདུང་བའོ། །སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་བྱེད་པས་ཀུན་ནས་ཉོན་མོངས་པ་རྣམས་སོ། །རང་ལུས་གནས་པས་ཞེས་པ་རིགས་ལ་གཅིག་གི་ཚིག་གོ། །གང་རྣམས་ཀྱིས་གང་རྣམས་ཤིན་ཏུ་བཅིངས་པ་དེ་རྣམས་གདུང་བར་བྱེད་དེ་རང་གི་ཡན་ལག་རྣམས་ཀྱིས་

སོ། །དེ་རྣམས་ཀྱང་མ་རིག་པ་དང་མ་རིག་པའི་རྐྱེན་གྱིས་མི་དགེ་བ་འདོད་པ་ན་སྤྱོད་པ་ཁོ་ན་དང་དགེ་བ་ཟག་པ་དང་བཅས་པ་ཁམས་གསུམ་པའི་ལས་འདུ་བྱེད་རྣམས་སོ། །འདུ་བྱེད་ཀྱི་རྐྱེན་གྱིས་མའི་མངལ་དུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་ལ་སེམས་སམ་ཕུང་པོ་ལྔ་ནི་རྣམ་པར་ཤེས་

པའོ། །རྣམ་པར་ཤེས་པའི་རྐྱེན་ཅན་མིང་དང་གཟུགས་ཏེ། དེ་ལ་ཉིང་མཚམས་སྦྱོར་བའི་གནས་སྐབས་སུ་མའི་མངལ་དུ་གཟུགས་ཅན་མ་ཡིན་པའི་ཕུང་པོ་ཚོར་བ་ལ་སོགས་པ་བཞི་པོ་རྣམས་དང་འབྱུང་བ་དང་རྒྱུར་བྱས་པའི་གཟུགས་ཇི་ལྟར་སྲིད་པ་སྟེ། དེ་ཁོ་ན་ནུར་ནུར་པོ་ཞེས་བརྗོད་

དོ། །རིམ་གྱིས་མེར་མེར་པོ་དང་ནར་ནར་པོ་དང་གོར་གོར་པོ་དང་ཡན་ལག་འགྱུས་པ་ལ་སོགས་པའི་གནས་སྐབས་སོ། །མིང་དང་གཟུགས་འཕེལ་བར་སོན་པ་ནི་མིག་ལ་སོགས་པ་སྐྱེ་མཆེད་དྲུག་གི་རྐྱེན་དུ་འགྱུར་རོ། །སྐྱེ་མཆེད་དྲུག་རྣམས་ཡོངས་སུ་སྨིན་པ་ལས་དང་ཡུལ་མངོན་པར་ཕྱོགས་

པར་གྱུར་པ་ལས་རེག་པ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་འདུས་པའི་བདག་ཉིད་ཡང་དག་པར་སྐྱེའོ། །དེ་ལས་ཚོར་བ་རེག་པ་དང་རྗེས་སུ་མཐུན་པ་བདེ་བ་དང་སྡུག་བསྔལ་བ་དང་བཏང་སྙོམས་ཉམས་སུ་མྱོང་བའི་ངོ་བོའོ། །དེ་ལས་སྲེད་པ་སྟེ་གང་བདེ་བའི་ཚོར་བ་ལ་མི་འབྲལ་བར་

མངོན་པར་འདོད་ཅིང་། སྡུག་བསྔལ་ལ་འབྲལ་བར་འདོད་ལ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ལ་རྣམ་གྲངས་ཀྱིས་གཉིས་ཀར་མངོན་པར་འདོད་པའོ། །སྲེད་པ་ལས་ལེན་པ་སྟེ་གང་འདོད་པ་ལ་སོགས་པའི་ཡུལ་རྣམས་ལ་འདུན་པ་དང་འདོད་ཆགས་སོ། །སྲེད་པ་དང་ལེན་

Vol. 7 · folio 47a

པ་དག་གི་ཁྱད་པར་ཅི་ཞེ་ན། ཁྱད་པར་མེད་པར་ཡང་སྲིད་ལ་མངོན་པར་དགའ་བ་ནི་སྲེད་པ་སྟེ། ཁྱད་པར་གྱིས་ནི་ལེན་པའོ། །ཡང་ན་རིང་བའི་རྒྱུ་སྲེད་པ་དང་ཉེ་བའི་རྒྱུ་ལེན་པའོ། །དེ་ལས་དེ་ལྟར་འདུ་བྱེད་ཀྱི་ས་བོན་སྲེད་པ་དང་ལེན་པས་མངོན་པར་བརླན་པ་འབྲས་བུ་བསྐྱེད་པ་

ལ་མངོན་དུ་ཕྱོགས་པའི་ལས་ནི་སྲིད་པར་བརྗོད་དོ། །སྲིད་པ་ལས་སྐྱེས་པ་ནི་མིང་དང་གཟུགས་ཀྱི་རིམ་པས་ཚོར་བ་ཇི་སྲིད་པའོ། །སྐྱེ་བ་ནི་རྒ་ཤི་ལ་སོགས་པ་རྣམས་སུ་འགྱུར་རོ་ཞེས་པ་ཡན་ལག་བཅུ་གཉིས་རྣམས་འཁོར་བའོ། །གང་ཞིག་གནས་སྐབས་ཀྱི་བར་འདི་རྣམས་ལ་རེག་པ་ཡིན་

གྱི། གང་བར་སྐབས་ཁོ་ནར་ཤི་བ་ལ་མ་ཡིན་ཞིང་། གང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཡང་མ་ཡིན་ནོ། །དེ་ལ་མ་རིག་པ་དང་། འདུ་བྱེད་རྣམས་འདས་པའི་སྐྱེ་བ་སྟེ། རྣམ་པར་ཤེས་པ་ནས་སྲིད་པའི་བར་ད་ལྟར་བ་དང་། སྐྱེ་བ་དང་རྒ་ཤི་མ་འོངས་པའོ། །རྟེན་ཅིང་འབྲེལ་བར་

འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་ཡང་ལམ་གསུམ་དུ་རིག་པར་བྱ་སྟེ་མ་རིག་པ་དང་སྲིད་པ་དང་ལེན་པ་རྣམས་ཉོན་མོངས་པའི་ལམ་མོ། །འདུ་བྱེད་དང་སྲིད་པ་ལས་ཀྱི་ལམ་མོ། །ཡན་ལག་ལྷག་མ་རྣམས་རྣམ་པར་སྨིན་པའི་ལམ་མོ། །དེ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ།

འཁོར་བའི་འཁོར་ལོ་ལམ་གསུམ་པ། །ཐོག་མ་དབུས་དང་མཐའ་མེད་པ། །མགལ་མེའི་འཁོར་ལོ་བཞིན་དུ་ནི། །ཕན་ཚུན་རྒྱུ་ཅན་འཁོར་བར་བྱེད། །ཅེས་སོ། །འདིར་ཉོན་མོངས་པ་གཙོ་བོ་སྟེ། ཉོན་མོངས་པའི་དབང་གིས་ལས་དང་སྐྱེ་བ་འཕེན་པ་སྟེ། བདེན་པ་མཐོང་

བ་ལ་ལས་ཡོད་ན་ཡང་ཡང་སྲིད་པ་མི་འཕེན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། འཇམ་དཔལ་གྱི་རྒྱུད་དུ་གསུངས་པ། གཞན་ཡང་ལྷའི་ཚོགས་རྣམས་སྔགས་ཀུན་རིག་པ་རྣམས་ཀྱིས་ཆོས་རྣམས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དུ་རབ་ཏུ་ཤེས་སོ། །དེ་རྣམས་འདི་སྙམ་

དུ་འགྱུར་ཏེ་ཆོས་འདི་རྣམས་འདི་ལྟར་སྟོང་པ་སྒྱུ་མ་ལྟ་བུར་གཡོ་བ་རྣམས་སོ་ནས་ཇི་སྲིད་དུ་འདི་རྣམས་ཀྱི་སྐྱེ་བ་ཡང་རབ་ཏུ་ཤེས་ཤིང་གནས་པ་དང་འཇིག་པ་ཡང་སྟེ། མ་རིག་པའི་རྐྱེན་ཅན་འདུ་བྱེད་འདི་རྣམས་སྐྱེ་བ་ནས། ཇི་སྲིད་དུ་འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་འདི་འབྱུང་བར་

Vol. 7 · folio 47b

འགྱུར་རོ། །དེའི་ཕྱིར་མཁས་པའི་རིགས་ཅན་གྱིས་མ་རིག་པ་སྤང་བའི་ཆེད་དུ་འབད་པར་བྱའོ། །མ་རིག་པ་འགགས་པ་ལས་མི་ཤེས་པ་ལ་བརྟེན་པའི་ཆོས་འདི་རྣམས་འགག་པར་འགྱུར་རོ། །མི་ཤེས་པ་སྤངས་པ་ལས་ཉོན་མོངས་པ་རྣམས་ཀུན་དུ་མི་རྒྱུ། འགྲོ་བ་རྣམས་མི་

འཇུག་འཁོར་བའི་རྒྱུ་རྣམས་འགག་པར་འགྱུར། མྱ་ངན་ལས་འདས་པ་ཉེ་བར་གྱུར་པར་འགྱུར་རོ། །འཁོར་བའི་རང་བཞིན་རྟོགས་པའི་སྐྱེ་བ་དང་འཆི་བ་བསྟན་པས་རྩོལ་བ་མེད་པ་ཁོ་ནར་སྔགས་རྣམས་ཐམས་ཅད་འགྲུབ་པ་རྗེས་སུ་འཇུག་གོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་

གསུངས་པ། ཉོན་མོངས་རྣམས་ཀྱིས་མ་རྨོངས་པ། །ཞེས་པའོ། །གང་གི་ཕྱིར་འཆིང་བའི་རྒྱུ་ཡིན་པ་དེའི་ཕྱིར་ཉོན་མོངས་པ་འདི་རྣམས་བསལ་བར་བྱའོ་ཞེས་གསུངས་པ། དེའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། སྦྱོར་བ་ནི་རྣལ་འབྱོར་ཏེ་ཐབས་དང་ཤེས་རབ་སྙོམས་པར་

འཇུག་པའི་བྱང་ཆུབ་ཀྱི་སེམས་སོ་ཞེས་པའི་བར་རོ། །སྡུག་བསྔལ་འབྲལ་བ་ཞེས་པ་སྡུག་བསྔལ་དང་དགའ་བ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དོན་བྲལ་བའོ་ཞེས་ཀུན་བསྡུས་པའོ། །ཅི་ལྟར་སྦྱོར་བས་ཉོན་མོངས་པ་རྣམས་གཞོམ་པ་ཡིན་ཞེ་ན་གསུངས་པ།

རྐྱེན་དུ་གྱུར་པ་ཞེས་པ་ལ་སོགས་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོས་སྦྱངས་པའི་འདོད་ཆགས་ལ་སོགས་པ་རྣམས་ནི་འདོད་ཆགས་ལ་སོགས་པ་ཉིད་གཏོང་ཞིང་། སླར་ལ་འབྲས་བུའི་ལྷན་ཅིག་བྱེད་པའི་རྒྱུར་འགྱུར་ལ། བྱང་ཆུབ་ཀྱི་སེམས་ཀྱང་རྒྱུ་སྟེ་ཉེ་བར་ལེན་པའི་རྒྱུའོ། །དེ་

ལྟར་ན་འདོད་ཆགས་ལ་སོགས་པས་ཕྱག་རྒྱའི་རྣལ་འབྱོར་ལ་སོགས་པ་མ་ཡིན་ཞིང་། དེ་ལས་འདོད་ཆགས་ལ་སོགས་པ་ཡང་མ་ཡིན་ནོ་ཞེས་གསུང་བར་འགྱུར་རོ། །འོ་ན་དེ་ལྟར་ན་ཡང་ཕྱག་རྒྱའི་རྣལ་འབྱོར་ལ་སོགས་པ་ཅི་ལྟར་མཆོག་དང་རྗེས་སུ་འབྲེལ་ཏེ་སྒྲོ་བཏགས་པའི་ཁྱད་པར་གྱི་ཕྱིར་

རོ་ཞེ་ན། སྒྲོ་བཏགས་པ་ནི་རྣམ་པ་གཉིས་ཏེ། དེ་ཁོ་ན་ཉིད་ཀྱི་ངོ་བོ་དང་དེ་ཁོ་ན་ཉིད་མ་ཡིན་པའི་ངོ་བོའོ། །དེ་ལ་དེ་ཁོ་ན་ཉིད་ཀྱི་ངོ་བོའི་སྒྲོ་བཏགས་པ་ནི་མ་ལ་སོགས་པར་སྒྲོ་བཏགས་པ་བཞིན་དུ་བརྒྱུད་པས་བྱང་ཆུབ་སྒྲུབ་པར་བྱེད་པའི་ཕྱིར་སྐྱོན་མེད་དོ། །འོ་ན་འགའ་ཞིག་གི་ཡང་

Vol. 7 · folio 48a

བུད་མེད་ཀྱི་གཟུགས་ཉམས་སུ་མྱོང་བ་ཡང་བཀག་པའི་ཕྱིར་འགལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ལས་ནི་རྣམ་པ་གཉིས་ཏེ། ཀུན་ནས་བསླང་བར་བྱ་བ་དང་ཀུན་ནས་སློང་བར་བྱེད་བའི་དབྱེ་བས་སོ། །དེ་ལ་ལུས་དང་ངག་གི་ལས་ཐམས་ཅད་ནི་ཀུན་ནས་བསླང་བར་བྱ་བ་སྟེ། ཡིད་

ཀྱི་ནི་ཀུན་ནས་སློང་བར་བྱེད་པའོ། །དེ་ཡང་རྣམ་པ་གཉིས་ཏེ། མ་ཆགས་པ་ལ་སོགས་པའི་ངོ་བོ་དང་དེ་ལས་ཅིག་ཤོས་སོ། །དེ་ལ་ཆགས་པ་ལ་སོགས་པས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་ཐམས་ཅད་ནི་མི་དགེ་བ་སྟེ་དེ་ཡང་བཀག་པའོ། །མ་ཆགས་པ་ལ་སོགས་པ་ཀུན་ནས་

བསླང་བ་ཐམས་ཅད་ནི་དགེ་བ་ཁོ་ནའོ། །ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་རྣལ་འབྱོར་པ་ནི་མཐའ་དག་པ་མ་ཆགས་པ་ལ་སོགས་པའི་བདག་ཉིད་ཅན་འགྲོ་བ་ལ་ལྟ་སྟེ། དེའི་ཕྱིར་འདི་སྤྱོད་ལམ་ཐམས་ཅད་དང་ལྡན་ཡང་མི་དགེ་བ་མི་དམིགས་པའི་ངོ་བོ་ཅན་ཉིད་ཀྱི་ཕྱིར་དགེ་བའི་བདག་ཉིད་

ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་ཟླ་གསང་ཐིག་ལེ་ལ་སོགས་པའི་རྒྱུད་རྣམས་སུ་གསུངས་པ། ཤེས་རབ་ཐབས་ཀྱི་སེམས་ཀྱིས་ནི། མི་བྱ་ཅུང་ཟད་ཡོད་མ་ཡིན། །དགོས་པ་མེད་པར་རྟག་གྱུར་ནས། །ཁྱོད་ཀྱིས་འདོད་པ་ལྔ་ལ་སྤྱོད། །གང་གིས་བྱང་ཆུབ་སེམས་བརྟན་ཅིང་། །ཆགས་པ་

མེད་པའི་བློར་འགྱུར་ན། །ཐེ་ཚོམ་ཟ་བར་མི་བྱ་སྟེ། །དེ་ཡིས་འདི་ནི་ངེས་པར་འགྲུབ། །དེ་ཉིད་ཤེས་ནས་འབད་པ་ཡིས། །གང་ཞིག་མོས་པས་སྟེན་བྱེད་པ། །དེ་ཡིས་འགྲུབ་སྟེ་གཞན་དུ་ན། །དེ་ནི་དམྱལ་བ་ཆེན་པོར་ལྷུང་། །ཞེས་སོ། །དཀོན་མཆོག་བརྩེགས་པའི་

མདོར་ཡང་གསུངས་པ། འོད་སྲུངས་འདི་ལྟ་སྟེ་འབྲས་སཱ་ལུའི་ཞིང་རྣམས་ལ་ལུད་ཀྱི་ཕུང་པོ་ཕན་པར་བྱེད་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་རྣམས་ཀྱང་ཕན་པ་བྱེད་པར་འགྱུར་རོ། །འོད་སྲུངས་འདི་ལྟ་སྟེ་སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་

ལྟུང་བར་མི་བྱེད་དོ། །དེ་བཞིན་དུ་ཤེས་རབ་དང་ཐབས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་རྣམས་ཀྱིས་མི་ལྟུང་ངོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་རེག་པ་ལས་སྐྱེས་པའི་བདེ་བ་ཡོངས་སུ་གྱུར་པ་ནི་བླ་ན་མེད་པའི་འབྲས་བུའི་རྒྱུར་གསུངས་སོ། །དེ་སྐད་དུ་ཡང་རྡོ་རྗེ་མཁའ་

Vol. 7 · folio 48b

འགྲོའི་རྒྱུད་དུ་གསུངས་པ། དེ་ལྟར་ཡང་དེ་ལྟར་གྱུར་པའི་སྒྱུ་མ་ལྟ་བུའི་དངོས་པོ་རྣམས་ཀྱིས་ཀྱང་ཁྱད་པར་ཅན་གྱི་ལོངས་སྤྱོད་པ་ལས་སྐྱེས་པའི་བདེ་བ་ཡོངས་སུ་སྨིན་པས་གལ་ཏེ་འདི་རྣམས་ཁྱད་པར་ཅན་གྱི་སྒོམ་པ་གོམས་པའི་སྟོབས་ལས་ཁྱད་པར་ཅན་གྱི་ཡིད་བདེ་བ་ལ་སོགས་པའི་འབྲས་བུ་བསྐྱེད་

ནས་བླ་ན་མེད་པའི་འབྲས་བུ་ཐོབ་པ་ན། རྒྱུའི་དངོས་པོ་རྟོགས་པར་བྱེད་པ་དེའི་ཚེ་བཅོམ་ལྡན་ལྷ་མོ་སྐྱོན་ཅི་ཡང་མེད་དོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་སྦྱིན་པ་གཞན་ལས་འདོད་པའི་སྦྱིན་པ་འབྲས་བུ་ཆེན་པོར་རྒྱུད་གཞན་རྣམས་སུ་གསུངས་སོ། །ཇི་སྐད་དུ་མཆོག་གི་དང་པོའི་རྒྱུད་དུ་གསུངས་

པ། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཇི་ལྟར་འདོད་པར་སྤྱོད་བཞིན་པས། །རང་ལྷག་ལྷ་ཡི་རྣལ་འབྱོར་གྱིས། །རང་དང་གཞན་ལ་མཆོད་པར་གྱིས། །འཕྲོད་པ་མིན་ཡང་སྦྱིན་བྱ་བ། །འདོད་པའི་བདེ་བ་ཐམས་ཅད་ནི། །བདག་ཉིད་དང་ནི་གཞན་རྣམས་ཀྱི་འང་། །

བསམ་པ་ཐམས་ཅད་ཡོངས་རྫོགས་བྱེད། །ཅེས་སོ། །འཕགས་པས་ཀྱང་གསུངས་པ། ཕན་མིན་པར་ཡང་གང་མཐོང་བར། །མཁས་པས་ལ་ལར་དེ་ཕན་ཏེ། །ནད་ཀྱི་དབང་ལས་ཐམས་ཅད་ནི། །སྨན་ཞེས་བྱ་བར་སྐྱེ་མིན་ནམ། །ཞེས་སོ། །དེ་ཉིད་ཀྱི་ཕྱིར་བཅོམ་

ལྡན་འདས་ཀྱིས་གསུངས་པ། སྒྱུ་མ་ལྟ་བུའི་ཆོས་ལ་མོས་པ་ལ་ཉེ་བར་ལོངས་སྤྱོད་པ་ཐམས་ཅད་སྦྱར་བར་བྱའོ་ཞེས་སོ། །ལྷ་ཐམས་ཅད་ཡང་དག་པར་འདུས་པའི་རྒྱུད་དུ་ཡང་གསུངས་པ། གང་གིས་རྨོངས་པ་འཆིང་འགྱུར་བ། །དེ་ཡིས་མཁས་པ་འདིར་རྩེན་བྱེད། །སེམས་དཔའ་

ཡོངས་རྫོགས་སྦྱོར་བ་ཡིས། །གཞན་དུ་མར་མེ་ལྟ་བུར་འགྲོ། །དོགས་པ་མེད་པའི་སེམས་དཔའ་ཡིས། །རྟག་ཏུ་གནས་སྐབས་ཀུན་དུ་ཡང་། །སྤྱོད་པ་ཀུན་ལ་རབ་ཞུགས་ཀྱང་། །འཆིང་བར་འགྱུར་བ་མ་ཡིན་ཏེ། །སྟོང་པའི་དངོས་པོ་ཐམས་ཅད་འདི། །སྟོང་པའི་རྣམ་

པ་ཅན་མིག་གིས། །མཐོང་བ་རྣམ་པར་རྟོག་མེད་པའི། །དམ་པ་དོགས་མེད་འགྱུར་བ་ཡིན། །ཞེས་སོ། །ཐབས་ཆེན་ལྡན་པ་རྣམས་ཀྱིས་ནི། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བའང་ཞི་བའི་བདག་ཉིད་དུའོ། །དེའི་ཕྱིར་རྒྱལ་སྲས་བསམ་མི་

Vol. 7 · folio 49a

ཁྱབ། །ཅེས་སོ། །དེའི་ཕྱིར་ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་ཟིན་པའི་གཟུགས་ལ་སོགས་པའི་ཡུལ་རྣམས་ཡོངས་སུ་ལོངས་སྤྱོད་པ་རྣམས་ཁྱད་པར་འཕགས་པའི་འབྲས་བུ་ཐོབ་པར་བྱེད་པ་རྣམས་སུ་འགྱུར་རོ་ཞེས་པ་གནས་པའོ། །ཁྱད་པར་

འཕགས་པའི་འབྲས་བུ་དེ་ཅི་ཞེ་ན་གསུངས་པ། འབྲས་བུར་གྱུར་ཞེས་པ་ལ་སོགས་པ་སྟེ། འདི་ནི་སྟེ་རྒྱུ་ཁོ་ན་བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་སེམས་ཀྱི་བདག་ཉིད་འདིའི་མངོན་སུམ་དུ་རབ་ཀྱི་མཐར་ཐུག་པར་འཇུག་པ་ནི། མཚོན་པར་བྱ་བས་མཚོན་བྱ་སྟེ། དྲི་མ་མེད་པ་

ནི་དཔག་ཏུ་མེད་པའི་དངོས་པོ་མཐོང་བའོ། །འདིས་ནི་ཉེ་བར་འཁོར་བའི་ཐམས་ཅད་མཁྱེན་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་འབྲས་བུར་གསུངས་སོ། །འོ་ན་རྒྱུད་གཞན་རྣམས་དང་འདིར་ཡང་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་གཏི་མུག་ལ་སོགས་པ་རྣམས་ཞི་བ་རབ་ཏུ་

གསལ་བར་བྱས་ན་ཤེས་རབ་དང་ཐབས་ཀྱིས་ཅི་བརྗོད་ཅེ་ན། གསུངས་པ་གང་དང་གང་གིས་ཞེས་པ་སྟེ་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོས་སོ། །འབྱུང་པོ་སེམས་ཅན་རྣམས་ཉོན་མོངས་པ་ལྡོག་པས་སྦྱར་བར་བྱ་བའི་རྣམ་པར་སྣང་མཛད་ལ་སོགས་པ་དེ་རྣམས་བྱང་ཆུབ་སེམས་རྡོ་རྗེ་

བཅོམ་ལྡན་དེ་ཁོ་ནའི་ངོ་བོ་འཛིན་པ་རྣམས་ཏེ། དཔེར་ན་ལྷའི་མེ་དང་ཁྱིམ་བདག་གི་དང་སྦྱིན་སྲེག་ལ་སོགས་པའི་མེ་རྣམས་ཐ་དད་ཀྱང་བུད་ཤིང་རྣམས་དང་རྡོ་དྲེག་གི་གོས་ལ་སོགས་པའི་དྲི་མ་སྲེག་པ་ནི་མེའི་རང་བཞིན་ཐམས་ཅད་ཡིན་པ་བཞིན་ནོ། །གདུལ་བྱའི་བསམ་པའི་དབང་ལས་ནི། །

རྒྱལ་བ་བདེ་བ་ཆེན་པོའི་མགོན་པོ་ཁོ་ནའི་གར་འདི་སྟེ་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོའོ། །གང་གསུང་བར་འགྱུར་བ། གང་དུ་བདེ་ཆེན་མགོན་པོ་གར་མཛད་ཅིང་། །གཅིག་པུ་དུ་མའི་ཉམས་ཀྱིས་གར་བྱེད་དོ། །ཞེས་སོ། །ཉམས་དགའ་ནི་དེ་ལ་མོས་པ་རྣམས་ཀྱི་མངོན་པར་

དགའ་བའི་གནས་ཉིད་ཀྱི་ཕྱིར་རོ། །བཟང་པོ་ནི་རྣམ་པར་དག་པའི་ཐབས་ཅན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་ཉིད་དེ་མགོན་པོ་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་གཉིས་སྤངས་པའི་ཕྱིར་དག་པ་ཡང་ངོ་། །གཟུགས་ཀྱི་ཕུང་པོ་ལ་སོགས་པ་གང་རྣམས་རྣམ་པར་སྣང་མཛད་ལ་

Vol. 7 · folio 49b

སོགས་པའི་ངོ་བོར་ལྷག་པར་མོས་པར་བྱ་བ་དེ་རྣམས་ཀྱང་འདི་ཁོ་ན་སྟེ། འདི་ཁོ་ན་ནི་ནུས་པ་སྟེ་གཏི་མུག་ལ་སོགས་པའི་དགྲ་དེ་འཇོམས་སོ། །རྣམ་པར་སྣང་མཛད་ལ་སོགས་པའི་རང་གི་ངོ་བོས་ཀྱང་ཞེས་གསུངས་པ། གཏི་མུག་ཅེས་པ་ལ་སོགས་པ་སྟེ། གཏི་མུག་འཇོམས་སོ་ཞེས་སྦྲེལ་

ལོ། །གཏི་མུག་རྣམ་པར་དག་པ་ནི་རྣམ་པར་སྣང་མཛད་དོ། །ཞེ་སྡང་དག་པ་ནི་མི་བསྐྱོད་པའོ། །འདོད་ཆགས་དག་པ་ནི་འོད་དཔག་མེད་དོ། །ང་རྒྱལ་དག་པ་ནི་རིན་ཆེན་འབྱུང་ལྡན་ནོ། །ཕྲག་དོག་དག་པ་ནི་དོན་ཡོད་གྲུབ་པའོ། །རྡོ་རྗེ་འཛིན་ཞེས་པ་འདི་ལ་འདུས་པ་ཕྱི་མར་ནི། ལྔ་སྤངས་

པ་དང་རྟོགས་པ་ཡིས། །རྡོ་རྗེ་ཞེས་པར་མངོན་པར་བརྗོད། །འཛིན་པ་འཆང་ཞེས་བརྗོད་པ་སྟེ། །རྣམ་ཤེས་རྡོ་རྗེ་འཛིན་ཡིད་དོ། །ཞེས་སོ། །སྤངས་པ་ནི་བཅོམ་པ་སྟེ་སྟོང་པ་ཉིད་དོ། །རྟོགས་པ་ནི་རིག་པ་སྟེ་ཡེ་ཤེས་སོ། །སྟོང་པ་ཉིད་ཀྱི་ངོ་བོའི་ཡེ་ཤེས་ལྔ་རྣམས་ནི་རྡོ་རྗེའོ་ཞེས་པའི་

དོན་ཏོ། །དེ་ཉིད་ཀྱི་ཕྱིར་དེ་གསལ་བར་བྱེད་པ་ནི་གཉིས་ཀར་རྩེ་མོ་ལྔ་པའི་རྡོ་རྗེའོ། །འཆང་ཞིང་འཛིན་པ་པོ་རྣམ་པར་ཤེས་པ་ནི་འཛིན་ཞེས་པར་བརྗོད་དོ། །དེའི་ཕྱིར་ན་རྡོ་རྗེ་འཛིན་ཡིད་དོ་སྟེ་བྱང་ཆུབ་ཀྱི་སེམས་སུ་བརྗོད་པར་བྱ་སྟེ་རྫོགས་པའི་རིམ་པ་ལའོ། །དེ་སྐད་དུ་ཡང་གསུངས་པ། དག་

པའི་བློ་ནི་ཟླ་དང་འདྲ། །རྡོ་རྗེ་ཞེས་པར་མངོན་པར་བརྗོད། །ཅེས་སོ། །མི་ཕྱེད་སོ་སོར་འབིགས་བྱེད་པ། །གདུག་པ་ཐམས་ཅད་འཇོམས་པའི་ཕྱིར། །བདག་ནི་རྡོ་རྗེ་སངས་རྒྱས་ཀུན། །བདག་ནི་བྱང་ཆུབ་སེམས་བརྟན་པའོ། །ཞེས་ཀྱང་ངོ་། །བསྐྱེད་པའི་རིམ་པ་ལ་ཡང་གསལ་

བར་བྱེད་པའི་རྡོ་རྗེ་འཛིན་པའི་ཕྱིར་རྡོ་རྗེ་འཛིན་པའོ། །ཅི་ལྟར་གཏི་མུག་ལ་སོགས་པ་རྣམ་པར་དག་པ་རྡོ་རྗེ་སེམས་དཔའ་གང་ཡིན་ཞེ་ན། གང་གི་ཕྱིར། དེ་ཡི་ངོ་བོ་རྣམ་དག་པས། །ཞེས་པ་ལ་སོགས་པ་སྟེ། དེ་ཉིད་ཀྱི་ཕྱིར་འདི་རྣམས་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔ་རྣམས་

ཏེ་རྡོ་རྗེ་འཛིན་པ་ཁོ་ན་མི་བསྐྱོད་པ་ལ་སོགས་པའི་རྣམ་པས་སྤྲོ་བའི་ཕྱིར་རོ། །དེ་འདུས་པ་ཕྱི་མར་གསུངས་པ། རིགས་ནི་རྗེས་འགྲོར་བཤད་པ་སྟེ། །རྒྱུད་ཅན་གདོད་མར་བརྗོད་པར་བྱ། །འཇིག་པ་མེད་ཅིང་སྐྱེ་བ་མེད། །གང་དེ་མགོན་པོར་རབ་བརྗོད་དོ། །ཞེས་སོ། །གདོད་མར་གྱུར་

Vol. 7 · folio 50a

པ་གང་ཞིག་རྗེས་སུ་འགྲོ་ཞིང་རྗེས་སུ་འཇུག་པ་ནི་རིགས་ཏེ། དེ་ཉིད་ཀྱི་ཕྱིར་གསུངས་པ། རྒྱུད་ཅན་གདོད་མར་བརྗོད་པར་བྱ། །ཞེས་སོ། །ཡང་འདི་ཅི་ཞེ་ན་གསུངས་པ། འཇིག་པ་མེད་ཅེས་པ་ལ་སོགས་པའོ། །ཡང་ཅི་ལྟར་རྣམ་པར་ཤེས་པ་ལ་སོགས་པའི་

ཕུང་པོ་རྣམ་པར་དག་པའི་ངོ་བོ་མི་བསྐྱོད་པ་ལ་སོགས་པ་རྣམས་ཞེ་སྡང་ལ་སོགས་པའི་རིགས་ཡིན་ཞེ་ན། འདི་ལ་ལན་འདུས་པ་ཕྱི་མར། སྡང་རྣམས་འཇོམས་རྟོགས་གཉིས་རྣམས་ཀྱིས། །རྣམ་ཤེས་ཞེ་སྡང་ཡིན་པར་བརྗོད། །གཟུགས་ནི་གཏི་མུག་ཅེས་བཤད་དེ། །བེམས་དང་

འཆིང་བའི་རང་བཞིན་ལས། །ང་རུ་བྱེད་པའི་རང་བཞིན་ལས། །ཚོར་བ་རྒྱགས་པ་ང་རྒྱལ་བཤད། །འདུ་ཤེས་ཡང་དག་ཆགས་བདག་ཉིད། །དངོས་ལ་ཞེན་པའི་མཚན་ཉིད་ཅན། །བརྟེན་ནས་བསྐུལ་བའི་བདག་ཉིད་ཀྱིས། །འདུ་བྱེད་རྟག་ཏུ་ཕྲག་དོག་གོ། །རང་བཞིན་གྱུར་

པའི་བྱང་ཆུབ་སེམས། །ཀུན་ལ་འབྱུང་ཞིང་ཡང་དག་འབྱུང་། །ཞེས་སོ། །འཇོམས་རྟོགས་གཉིས་རྩེ་མོ་ལྔ་པའི་ངོ་བོ་རྣམ་པར་ཤེས་པའོ། །སྡང་རྣམས་ཀྱི་སྟེ་མི་མཐུན་པའི་ཕྱོགས་སྒྲིབ་པ་རྣམས་ཀྱི་གཉེན་པོའི་ངོ་བོ་ཞེ་སྡང་ངོ་། །གཟུགས་ནི་བླུན་པའི་རང་བཞིན་ཉིད་ཀྱི་ཕྱིར་དང་

འཆིང་བའི་རང་བཞིན་ཉིད་ཀྱི་ཕྱིར་གཏི་མུག་གོ། །འཆིང་བའི་རང་བཞིན་ཉིད་ཀྱང་གཟུགས་ནི་མངོན་པར་ཞེན་པའི་ཡུལ་ཉིད་ཀྱི་ཕྱིར་རོ། །ཚོར་བ་ནི་ང་རྒྱལ་གྱི་རང་བཞིན་ཏེ། བདེ་བ་ལ་སོགས་པ་མྱོང་བ་ནི་ང་བདེའོ་ཞེས་པ་ལ་སོགས་པ་ངའོ་སྙམ་པའི་ང་རྒྱལ་ཀུན་དུ་སྤྱོད་པའི་ཕྱིར་རོ། །འདུ་

ཤེས་ཀུན་ནས་ཆགས་བདག་ཉིད། །ཅེས་པ་ཀུན་ནས་ཆགས་པའི་བདག་ཉིད་འདུ་ཤེས་ཏེ། གང་ལས་དངོས་པོ་ལ་ཀུན་དུ་ཞེན་པའི་མཚན་ཉིད་ཅན་ཡིན་པའོ། །དངོས་པོ་ཀུན་ནས་ཞེན་པའི་མཚན་ཉིད་ཅན་ནི་དངོས་པོའི་མཚན་ཉིད་འཛིན་པའི་ཕྱིར་རོ། །འདུ་བྱེད་ནི་ཕྲག་དོག་གི་རང་བཞིན་ཏེ།

བརྟེན་ནས་བསྐུལ་བའི་བདག་ཉིད་ཀྱིས་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱིས་བསྐུལ་བའི་ངོ་བོ་ཉིད་ཀྱིས་སོ། །རྒྱུ་དང་རྐྱེན་རྣམས་ཀྱིས་འདུས་བྱས་པའོ་ཞེས་པས་འདུ་བྱེད་རྣམས་ཏེ། རྒྱུས་བསྐུལ་ནས་འཇུག་པ་རྣམས་སུ་བརྗོད་པར་བྱ་ཞིང་། ཕྲག་དོག་ཀྱང་སྐུལ་བར་བྱེད་པའི་ངོ་བོ་ཁོ་

Vol. 7 · folio 50b

ནའོ་ཞེས་པས་འདུ་བྱེད་རྣམས་ཕྲག་དོག་གི་ངོ་བོའོ། །རྡོ་རྗེ་འཛིན་པ་དེ་རྣམས་ཀྱི་རིགས་ཉིད་དུ་བསྒྲུབས་ཟིན་གྱི་དེའི་རང་བཞིན་ཉིད་ནི་མ་ཡིན་ནོ་ཞེས་པ་སྟེ་གསུངས་པ། རང་བཞིན་ཞེས་པའོ། །དེ་ཅི་དྲི་མ་མེད་པ་ཉིད་དེ་ཁོ་ན་ཡིན་ནམ་ཞེ་ན་གསུངས་པ། ཀུན་ལ་འབྱུང་ཞིང་ཡང་དག་འབྱུང་

ཞེས་པ། འཁོར་བ་ཐམས་ཅད་ལས་མ་སྤངས་པ་ནི་འདི་རྣམས་ཀྱི་དེའི་ངོ་བོར་འབྱུང་ངོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་དེ་ཉིད་དུ་གསུངས་པ། འདོད་པ་སེམས་ཞེས་རབ་ཏུ་བཤད། །འདོད་ཆགས་ཞེ་སྡང་མུན་པར་ལྡན། །དམ་ཚིག་སྣ་ཚོགས་འདྲ་བ་ཡི། །མངོན་ཕྱོགས་ལས་

ལས་སྐྱེས་འབྲས་བུ། །ཞེས་སོ། །དམ་ཚིག་སྣ་ཚོགས་འདྲ་བ་ཡི། །ཞེས་པ་འདོད་ཆགས་རྡོ་རྗེ་ལ་སོགས་པ་རྣམས་དང་ཇི་ལྟར་རིགས་པར་འདུས་བཞིན་པ་སྣ་ཚོགས་སུ་སོ་སོར་སྣང་བའི་སེམས་གང་འདིར་ལས་ལས་སྐྱེས་པའི་འབྲས་བུ་མངོན་དུ་ཕྱོགས་ཤིང་ཉེ་བར་འདུད་པ་དེ་

འདོད་པའོ་ཞེས་བརྗོད་དེ། ལས་ཀྱི་དབང་ཁོ་ན་ལས་དེ་དང་དེའི་རྣམ་པ་ཅན་འདོད་ཆགས་ལ་སོགས་པ་དང་རྗེས་སུ་མཐུན་པའི་སེམས་སྐྱེ་བས་སོ། །དེ་ཐམས་ཅད་ཀྱང་རྣལ་འབྱོར་པ་རྣམས་ཀྱི་འདོད་པ་སྟེ་འདོད་ཆགས་རྡོ་རྗེ་ལ་སོགས་པ་དང་། རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །

དེ་ཉིད་ཀྱི་ཕྱིར་ཞེ་སྡང་རྡོ་རྗེ་ལ་སོགས་པ་རྣམས་ཕྱག་རྒྱ་ཆེན་པོ་དང་ཡང་དག་པར་སྦྱོར་བ་མཆོག་གི་གོ་འཕང་རྣམས་སུ་བརྗོད་པར་བྱ་སྟེ། ཞེ་སྡང་རྡོ་རྗེ་ལ་སོགས་པ་འདི་རྣམས་ཀྱང་བདེ་བ་ཆེན་པོའི་རང་བཞིན་རང་ཉིད་ལས་དོགས་པ་མེད་པའི་རྣལ་འབྱོར་པས་སྤྲོས་པ་རྣམས་གཞན་གྱི་དོན་རྣམས་

སུ་འགྱུར་རོ། །འདིར་ཞེ་སྡང་ལ་སོགས་པའི་འབྲས་བུ་སྐུ་རྣམས་ཁོ་ན་དེ་ལྟར་ཀུན་ནས་སློང་བ་ནི་མ་ཡིན་ཞིང་ཡོངས་སུ་དག་པའི་ཞེ་སྡང་ལ་སོགས་པ་རྣམས་མ་ཡིན་ནོ། །གང་འགའ་ཞིག་ཏུ་བརྗོད་པ། ནང་དུ་ཁ་བ་ལྟ་བུར་བསིལ་ཞིང་ཕྱི་རོལ་ཁོ་ནར་རྩུབ་པ་ཞེས་པ་ལ་སོགས་པ་དེ་ནི་རྣམ་

པར་མ་དག་པའི་ཞེ་སྡང་ལ་སོགས་པའི་ངོ་བོར་རོ། །གང་ཡང་ཞེ་སྡང་ལ་སོགས་པ་ཟད་པའི་ཆེད་དུ་ཞེ་སྡང་ལ་སོགས་པ་རྣམས་བསྟན་པ་དེ་ཡང་འདི་རྣམས་ཀྱི་རྣམ་པར་དག་པའི་ངོ་བོ་ལ་དམིགས་པ་ན་མ་དག་པའི་ངོ་བོ་མེད་པའི་དབང་དུ་བྱས་ནས་སོ། །གང་ཡང་ཞེ་སྡང་ལ་སོགས་པའི་

Vol. 7 · folio 51a

རིགས་ཅན་གྱི་སེམས་ཅན་རྣམས་གདུལ་བའི་དོན་དུ་གསུངས་པ་དེ་ཡང་འདི་རྣམས་དེའི་ངོ་བོར་སྤྲོས་ནས་ལས་དང་པོ་པ་རྣམས་ཀྱི་ངོར་དེ་ལྟར་རྗེས་སུ་གནས་པར་བྱེད་པའི་ཕྱིར་ཏེ། རང་ཉིད་དེ་ལྟར་གནས་པ་རྣམས་ཀྱིས་གཞན་རྣམས་དེ་ལྟར་གནས་པར་བྱེད་པའི་

ཕྱིར་རོ། །གལ་ཏེ་རིགས་ལྔ་པོ་འདི་རྣམས་ཡིན་ན་འོ་ན་ཅི་ལྟར་བྱམས་པ་ལ་སོགས་པ་རྣམས་འདིར་ནང་དུ་འདུ་བར་འགྱུར་རོ་ཞེ་ན། དགེ་བའི་རང་བཞིན་ཉིད་ཀྱི་ཕྱིར་ཏེ། དེ་ལྟར་ནི་སེམས་ཅན་རྣམས་ལ་བདེ་བ་ཉེ་བར་སྡུད་པར་འདོད་པའམ་མཉེན་པའི་སེམས་ནི་བྱམས་པའོ། །སྡུག་

བསྔལ་བསལ་བར་འདོད་པའམ་ཕན་པའི་སེམས་ནི་སྙིང་རྗེའོ། །གཞན་ཕུན་སུམ་ཚོགས་པར་རྗེས་སུ་ཆགས་པའི་རྣམ་པའམ་བདེ་བ་དང་མི་འབྲལ་བར་འདོད་པ་ནི་དགའ་བའོ། །ཆོས་རྣམས་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་བཏང་སྙོམས་སུ་བྱེད་པའམ་སེམས་མི་བསྐྱོད་པ་ནི་བཏང་སྙོམས་

སོ། །རང་བཞིན་མེད་པ་ཉིད་ཁོ་ནའི་ཕྱིར་འཇིག་རྟེན་གྱི་ཆོས་བརྒྱད་ལ་བཏང་སྙོམས་པ་ཡང་བཏང་སྙོམས་ཀྱི་མཚན་ཉིད་ཡོངས་སུ་དག་པར་འགྱུར་རོ། །དེ་ལྟར་འདི་རྣམས་གཏི་མུག་ལ་སོགས་པའི་ངོ་བོར་གསལ་བ་ཁོ་ན་སྟེ། དེ་ཉིད་ཀྱི་ཕྱིར་ཡང་བྱམས་པ་ལ་སོགས་པའི་རང་བཞིན་

སྤྱན་མ་ལ་སོགས་པ་རྣམས་གཏི་མུག་དགའ་མ་ལ་སོགས་པའི་ཚིག་རྣམས་ཀྱིས་འདུས་པ་ལ་སོགས་པ་རྣམས་སུ་གསུངས་ཤིང་ཞེ་སྡང་ལ་སོགས་པ་རྣམས་ཀྱང་ཇི་སྐད་བཤད་པའི་རིགས་པ་ལས་དགེ་བ་ཉིད་དུ་རིག་པར་བྱ་བ་ཁོ་ན་སྟེ། དེའི་ཕྱིར་དགེ་བ་འདི་རྣམས་ཀྱིས་དགེ་བའི་རང་བཞིན་

བྱམས་པ་ལ་སོགས་པ་སྤྲོས་པ་ན། དེ་རྣམས་སུ་བྱམས་པ་ལ་སོགས་པ་ནང་དུ་འདུའོ། །ཡེ་ཤེས་ལྔ་རྣམས་ཞེས་པ་སྟེ། དེ་ལ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་གང་བག་ཆགས་དང་བཅས་པའི་སྒྲིབ་པ་གཉིས་ལས་གྲོལ་བ་སྙིང་རྗེ་དང་ཤེས་རབ་གཉིས་སུ་མེད་པ། ཆོས་ཀྱི་

དབྱིངས་རྟོགས་པ་རྫོགས་པ་སྤངས་པ་དང་རྟོགས་པ་ཕུན་སུམ་ཚོགས་པ་ཡང་དག་པའི་དོན་སྒོམ་པ་རབ་ཀྱི་མཐར་ཐུག་པ་ལས་སྐྱེས་པ་གསལ་བར་སྣང་བ་སྟེ། ཡང་དག་པའི་དོན་ཅན་ཉིད་ཀྱིས་ན་མི་སླུ་བའི་ཕྱིར་ཚད་མ་ཡིན་ཞིང་། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ཉིད་ཀྱིས་ན་མངོན་སུམ་སྟེ་

Vol. 7 · folio 51b

ཉེ་བར་མཁོ་བའི་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་གང་ལ་རྡུལ་ཕྲ་རབ་སོ་སོ་བར་མཚམས་མེད་པའི་ཁམས་གསུམ་པའི་སེམས་དང་ཅིག་ཤོས་ཀྱི་དངོས་པོ་ཐམས་ཅད་ཇི་ལྟར་རིང་བ་དང་ཅིག་ཤོས་ཀྱི་ཡུལ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་

བའི་དུས་བཞིན་གནས་སྐབས་སོ་སོ་བ་མེ་ལོང་ལ་གཟུགས་བརྙན་བཞིན་དུ་སོ་སོར་སྣང་བའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་གང་གིས་དེ་ལྟར་གཟུགས་བརྙན་དུ་གྱུར་པའི་འགྲོ་བ་ཆོས་ཀྱི་བདག་མེད་པར་མཉམ་པ་ཉིད་རྟོགས་ནས་སེམས་ཅན་རྣམས་ཐམས་ཅད་ལ་རྟག་ཏུ་བདག་དང་མཉམ་པའི་སེམས་ཉིད་

ཐོབ་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་གང་གིས་དེ་ལྟར་མཉམ་པར་གཞག་པ་ཁོ་ནའི་བཅོམ་ལྡན་འདས་རྣམ་པར་རྟོག་པ་མེད་ཀྱང་སྔོན་གྱི་སྨོན་ལམ་དང་སེམས་ཅན་གྱི་བསོད་ནམས་ཀྱི་དབང་ལས་སེམས་ཅན་རྣམས་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམས་སོ་སོར་རྟོག་པའོ། །བྱ་བ་

གྲུབ་པའི་ཡེ་ཤེས་ནི་གང་གིས་དེ་ལྟར་སོ་སོར་བརྟགས་པའི་འགྲོ་བའི་བྱ་བ་རྗེས་སུ་བསྒྲུབ་པར་མཛད་པའོ། །ཡེ་ཤེས་བཞི་པོ་འདི་ཡང་རྟོགས་པ་ཕུན་སུམ་ཚོགས་པ་སྟེ། དེ་ཁོ་ནར་མངོན་སུམ་པ་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་སོ། །ཡེ་ཤེས་ལྔ་པོ་བཅོམ་ལྡན་

འདས་རྡོ་རྗེ་འཛིན་པའི་ཀུན་རྫོབ་ཏུ་སོ་སོར་རང་གིས་རིག་པར་བྱ་བ་རྒྱུན་ཡིན་བཞིན་པ་འདི་རྣམས་ཀྱང་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོས་ན་གཟུགས་དང་རོ་དང་དྲི་དང་རེག་བྱའི་རྡུལ་ཕྲ་རབ་ཀྱི་རྒྱུན་རྣམས་ལ་བུམ་པ་གཅིག་ཏུ་གདགས་པ་བཞིན་དུ་ཚོགས་པ་གཅིག་ལ་རག་ལས་པའི་

འབྲེལ་པ་ལས་དབྱེར་མེད་པར་འཇུག་པ་ཉིད་ཀྱིས་སེམས་ཅན་གཅིག་ཏུ་གདགས་པའི་ཡུལ་ཉིད་ཁོ་ནའོ། །དེ་བཞིན་དུ་ཡེ་ཤེས་ལྔའི་རབ་ཏུ་དབྱེ་བ་དཔག་ཏུ་མེད་ཅིང་མཐའ་ཡས་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ་སོ་སོར་རང་ཉིད་ཐ་དད་

པར་ཅིག་ཅར་རྒྱུན་ཡིན་བཞིན་པ་རྣམས་ཀྱང་ངོ་། །སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ་ཞེས་པ་ནི་སེམས་ཅན་གཅིག་ལ་རྣམ་པར་རྟོག་པ་གཉིས་ཅིག་ཅར་མ་ཡིན་ནོ་ཞེས་པས་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུན་གཅིག་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་འདི་

Vol. 7 · folio 52a

རྣམས་ཀྱང་ཡེ་ཤེས་ལྔ་རོ་གཅིག་པར་ཐུབ་པའི་དགོངས་པའི་རྒྱན་དུ་བཤད་ཟིན་ཏོ། །དེ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་དང་དེའི་རྟེན་ཅན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་པ་གཉིས་ཚུལ་གཅིག་པ་སྟེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དམིགས་པ་ཉིད་ཀྱི་ཕྱིར་རོ། །

དེ་ལས་ཅིག་ཤོས་ཀྱི་ཡེ་ཤེས་གཉིས་ཀྱང་རོ་གཅིག་པ་སྟེ། གཞན་ལ་ཕན་པ་བྱེད་པར་རྒྱུད་གཅིག་པ་ཉིད་ཀྱི་ཕྱིར་དང་། དེ་བཞིན་ཉིད་ལ་དམིགས་པ་ཉིད་ཀྱི་ཕྱིར་ཡང་ངོ་། །དེའི་ཕྱིར་གཉིས་དང་གཉིས་དང་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་རྣམས་རང་གི་ཚུལ་ཐ་མི་དད་

པ་སྟེ། དེའི་བདག་ཉིད་ཀྱི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ལ་དམིགས་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ་སངས་རྒྱས་ཀྱི་སའི་མདོར་གསུངས་པ། ཆོས་ཀྱི་དབྱིངས་རྣམ་པར་དག་པས་འདྲེས་ཤིང་ཉེ་བར་འདྲེས་པས་འབྲས་བུ་རོ་གཅིག་པ་ཡེ་ཤེས་ལ་རྫོགས་པར་ལོངས་སྤྱོད་པའོ་

ཞེས་སོ། །དོན་དམ་པར་ནི་ཡེ་ཤེས་ལྔ་རྣམས་ཐ་དད་པ་དང་ཐ་མི་དད་པ་ལ་སོགས་པའི་སྤྲོས་པ་མཐའ་དག་གིས་སྟོང་པ་ཉིད་ཁོ་ནའོ། །དེ་ལ་རྣམ་པར་མི་རྟོག་པ་ཀུན་གྱིས་བསྐྱོད་བྱ་མ་ཡིན་པའོ་ཞེས་པ་མི་བསྐྱོད་པ་རྣམ་པར་ཤེས་པ་རྣམ་པར་དག་པའི་ངོ་བོ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་

ཡེ་ཤེས་ཀྱི་བདག་ཉིད་དོ། །དྲི་མ་ཐམས་ཅད་དང་བྲལ་བ་ལས་རྣམ་པར་སྣང་ཞིང་གསལ་ལོ་ཞེས་པ་རྣམ་པར་སྣང་མཛད་གཟུགས་རྣམ་པར་དག་པའི་ངོ་བོ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་དོ། །བླ་ན་མེད་པའི་དགའ་བ་རྒྱས་པར་བྱེད་ཅེས་པས་རིན་ཆེན་ཚོང་པ་རྣམ་པར་དག་པའི་ངོ་བོ་ནི་

མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་བདག་ཉིད་ནི་རིན་ཆེན་འབྱུང་ལྡན་ཏེ། རིན་པོ་ཆེའི་བདག་ཉིད་དུ་འབྱུང་ངོ་ཞེས་བྱས་ནས་སོ། །དཔག་ཏུ་མེད་པའི་ཤེས་བྱ་སོ་སོར་རྟོག་པའི་བདག་ཉིད་ཀྱིས་ན་འདིའི་འོད་དཔག་ཏུ་མེད་པ་འདུ་ཤེས་རྣམ་པར་དག་པའི་ངོ་བོ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་

ཉིད་དོ། །འགྲོ་བ་ཐམས་ཅད་ལ་ཕན་པ་སྒྲུབ་པར་བྱེད་པའི་རྒྱུ་ཉིད་ཀྱིས་ན་དོན་ཡོད་དེ་འབྲས་བུ་མེད་པ་མ་ཡིན་པ་འདི་ལ་གྲུབ་པའོ་ཞེས་པ་དོན་ཡོད་གྲུབ་པ་འདུ་བྱེད་རྣམ་པར་དག་པའི་ངོ་བོ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །དེ་ལྟར་ཕུང་པོ་རྣམ་པར་དག་པའི་ངོ་བོ་སངས་རྒྱས་ལྔ་རྣམས་

Vol. 7 · folio 52b

ཏེ། འདི་རྣམས་ཀྱང་སྟོང་པ་ཉིད་ཁོ་ན་དེ་ཁོ་ན་ཉིད་དོ་ཞེས་པས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཉིད་ཀྱིས་ན་དྲུག་པ་རྡོ་རྗེ་སེམས་དཔའི་རང་གི་ངོ་བོ་ཉིད་ཁོ་ནའོ། །གང་ཡང་དེ་བཞིན་གཤེགས་པ་ལྔ་རྣམས་ལས་སྐྱེས་པ་རྣམས་ནི་སེམས་པ་ཞེས་པ་རང་རང་གི་རིགས་ཅན་གྱི་བྱང་ཆུབ་སེམས་

དཔའ་སའི་སྙིང་པོ་ལ་སོགས་པ། མིག་ནི་གཏི་མུག་རྡོ་རྗེའོ་ཞེས་པ་ལ་སོགས་པས་ནང་གི་བདག་ཉིད་ཀྱི་སྐྱེ་མཆེད་རྣམ་པར་དག་པའི་རང་བཞིན་དུ་འཆད་པར་འགྱུར་བ་རྣམས་དང་གཟུགས་རྡོ་རྗེ་ལ་སོགས་པ་ཕྱིའི་སྐྱེ་མཆེད་གཟུགས་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་རྣམས་དང་། ས་

ལ་སོགས་པའི་ཁམས་རྣམ་པར་དག་པའི་རང་བཞིན་སྤྱན་མ་ལ་སོགས་པ་རྣམས་སོ། །ཁྲོ་བོ་རྣམས་ཀྱང་གཤིན་རྗེ་གཤེད་ལ་སོགས་པ་དད་པ་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་རྣམས་སོ། །དེ་རྣམས་ཀྱང་དེ་ཁོ་ནར་རྡོ་རྗེ་སེམས་དཔའི་རང་གི་ངོ་བོ་ཉིད་དེ། རླབས་རྣམས་ཆུའི་རང་

བཞིན་ཉིད་ཡིན་པ་བཞིན་ནོ། །དེ་བཞིན་གཤེགས་པ་ལ་སོགས་པ་འདི་རྣམས་ཀྱང་དཔག་ཏུ་མེད་པའི་དབྱེ་བས་ཐ་དད་པའི་ཕུང་པོ་ལ་སོགས་པར་མངོན་པར་ཞན་པའི་དཔག་ཏུ་མེད་པའི་སེམས་ཅན་གྱི་བསམ་པའི་དབང་གིས་དཔག་ཏུ་མེད་པའི་གཟུགས་རྣམས་སུ་འབྱུང་བའི་ཕྱིར་མཐའ་

ཡས་པ་ཉིད་དུ་རིག་པར་བྱའོ། །དྲི་མ་མེད་པ་ཉིད་ཀྱི་སྐབས་ལ་གནས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཁོ་ན་ཡང་མ་ཡིན་གྱི། ཁམས་གསུམ་ཡང་སྟེ། རྡོ་རྗེ་འཛིན་པའོ་ཞེས་ཐམས་ཅད་ལ་སྦྲེལ་བར་བྱའོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་གསུམ་རྣམས་འདི་ལའོ་ཞེས་

པ་ཁམས་གསུམ་པ་སྟེ། སེམས་ཅན་གྱི་ཕུང་པོ་ཡང་དེ་བཞིན་ཁོ་ནར་རྒྱུའི་རྒྱུད་ཀྱི་རྡོ་རྗེ་འཛིན་པའི་རང་བཞིན་ཁོ་ནའོ། །གསུངས་པ་ཡང་། ཀུན་ལ་འབྱུང་ཞིང་ཡང་དག་འབྱུང་། །ཞེས་སོ། །རྡོ་རྗེ་འཛིན་པ་འདི་ཁོ་ན་བདག་ཉིད་ལ་དབྱེ་བར་བྱའོ་ཞེས་པས་དགའ་བ་ལ་སོགས་པའི་དབྱེ་བ་ཐ་

དད་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ངོ་བོ་ནི། གསལ་བར་བླ་མ་ལས་རྟོགས་པར་བྱ་སྟེ། སློབ་མས་ནི་བླ་མའི་མན་ངག་ལས་ཏེ། ཤེས་རབ་སྦྱོར་བས་དཔལ་ལྡན་ནི། །དེ་ཁོ་ན་ཉིད་མཚོན་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་གནས་ལྟ་བས། །

Vol. 7 · folio 53a

གང་གི་ཕྱིར་འདི་ལྟར་ཡིན་པ་དེའི་ཕྱིར་ཟུར་གསུམ་འདིར་ཏེ། སངས་རྒྱས་བདེ་བ་ཆེན་པོའི་ངོ་བོ་རྣམས་ཀྱིས་བསྟེན་པའོ། །སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱི་ཕྱིར་དག་པའོ། །ཨེ་ཡིག་གི་དབྱིབས་ཅན་ཉིད་དུ་སྟེ་གྲུ་གསུམ་ཉིད་ཀྱི་ཕྱིར་རོ། །ཉམས་དགའ་བའི་

ཞེས་པ་ཉམས་དགའ་བར་ཏེ་མངོན་པར་དགའ་བའི་གནས་ཉིད་ཀྱི་ཕྱིར་རོ། །ཨེའི་སྒྲའི་བརྗོད་བྱར་ཏེ་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འདིས་ནི་ལྟེ་བའི་པད་མ་ལ་སོགས་པ་ཡང་གསུངས་སོ། །དབུས་སུ་སྟེ་ཟེ་འབྲུ་ལ་ཝཾ་རྡོ་རྗེ་དང་ཐབས་ཀྱི་བདག་ཉིད་ཀྱིས་ཁྱད་པར་དུ་བྱས་པར། ཇི་

ལྟར་དུ་ནང་གི་དབྱེ་བར་འགྱུར་བ་དེ་ལྟར་བླ་མའི་ཞལ་ལས་ཐོབ་པར་བྱ་ཞེས་སྦྲེལ་ལོ། །གསུངས་པ་ཡང་། ཨེ་ཡིག་དབྱིབས་ཅན་བཟང་པོ་གང་། །དབུས་སུ་ཝཾ་ཡིག་གིས་བརྒྱན་པ། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་ཏེ། འདིར་རོལ་

བར་བྱེད་དོ་ཞེས་པ་བཟང་པོའོ། །ཉེ་བར་སྡུད་དེ། གྲུ་གསུམ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ནི་བོལླ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །དེའི་རོལ་བ་ནི་དགའ་སྟོན་ཏེ་བདེ་བ་ཆེན་པོའི་བདག་ཉིད་རྡོ་རྗེ་སེམས་དཔའོ། །རི་གཱི་ཨ་རལླིའི་རྒྱུད་དུ་གསུངས་པ། རི་གཱི་ལྷ་མོ་རོལ་

པ་ནི། རྡོ་རྗེ་འཛིན་པའོ་ཞེས་སོ། །རྡོ་རྗེ་རོལ་བའི་རྒྱུད་དུ་ཡང་། རྡོ་རྗེ་རོལ་བ་ནི་རྡོ་རྗེ་སེམས་དཔའོ་ཞེས་སོ། །སཱུ་ཏ་ཀཱ་རུ་ནི་རོལ་བ་ནི་རྩེ་བའོ་ཞེས་སོ། །དེ་ལྟར་རྡོ་རྗེ་རོལ་བྲའི་བརྟེན་པར་བྱའོ་ཞེས་པས་རྟེན་ཏེ་གཞི་གྲུ་གསུམ་པའོ། །དེ་ཉིད་ཀྱི་ཕྱིར་དེའི་ཆོས་བདེ་བ་ཆེན་པོ་དང་དཀྱིལ་འཁོར་

ཆོས་ཐམས་ཅད་ཀྱི་བདག་ཉིད་འདིར་འབྱུང་བའོ་ཞེས་པ་ཆོས་འབྱུང་སྟེ་སྐྱེ་གནས་ཞེས་འདི་དང་རྒྱུད་གཞན་དུ་གྲགས་པའོ། །ངེས་པའི་དོན་ནི་ཆོས་རྡོ་རྗེ་གསུམ་པོ་རྣམས་ཀྱི་བདེ་བ་ཆེན་པོའི་རྡོ་རྗེ་འཛིན་པའི་བདག་ཉིད་དུ་འབྱུང་སྟེ། འདིར་མཆོག་ཏུ་འབྱུང་བའོ་ཞེས་ཆོས་འབྱུང་ཆོས་ཀྱི་སྐུ་རྡོ་རྗེ་འཛིན་

པའི་གཙོ་བོའི་སྐུ་སྟེ་ཆོས་རྣམས་ཀྱང་དེའི་བདག་ཉིད་ཀྱིས་ན་ཆོས་འབྱུང་དང་ཆོས་ཀྱི་སྐུའོ། །བདེ་བ་ཆེན་པོ་འདིར་རྟེན་ནོ་ཞེས་པ་བྷ་གའོ། །འདི་བདེ་བ་ཆེན་པོ་འབྱུང་བའི་གནས་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ངག་གི་རང་བཞིན་ཐམས་ཅད་ཀྱི་ཡང་ངོ་ཞེས་སྐབས་སུ་བབ་པ་བརྗོད་པ་གསུངས་པ་

Vol. 7 · folio 53b

དེའི་ཞེས་པ་ལ་སོགས་པ་སྟེ། པདྨ་ནི་འདིར་སྐྱེས་པ་དང་བུད་མེད་དག་གིའོ། །འདབ་མ་བརྒྱད་པ་ནི་དཀྱིལ་འཁོར་གཉིས་པ་རྩ་བརྒྱད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དགུ་པ་ནི་མཁའ་འགྲོ་གདོང་གི་རྩའོ། །ལྟེ་བ་ནི་ཨ་ཝ་དྷཱུ་ཏཱིའོ། །པདྨ་དེར་ཨའི་ཕྲེང་བ་སྟེ་བསྒྲིགས་པ་ནི་ཨཱ་ལི་སྟེ་དབྱངས་བཅུ་དྲུག་

རྣམས་སོ། །གཙོ་བོའི་རྗེས་སུ་འགྲོ་བ་ནི་འབྲེལ་བ་ལ་སོགས་པའི་ཐ་སྙད་དོ། །ཀའི་ཕྲེང་བ་ནི་ཀཱ་ལི་སྟེ་གསལ་བྱེད་སུམ་ཅུ་རྩ་བཞི་རྣམས་སོ། །རྣམ་གནས་ཞེས་པ་ནི་མི་གསལ་བའི་ངོ་བོས་སོ། །བརྗོད་པའི་དུས་སུ་ནི་བྷ་གའི་པད་མར་རླུང་གི་སྐྱེ་གནས་ཅན་རྣམས་མི་གསལ་བའི་རང་བཞིན་དུ་

སྐྱེས་ནས་རྐན་ལ་སོགས་པ་བྱེད་པ་རྣམས་ལས་གསལ་བར་སྐྱེ་སྟེ། གང་གསུང་བར་འགྱུར་བ། སྒྲ་ནི་སྔགས་སོ་ཞེས་སོ། །བསྐྱེད་པའི་རིམ་པ་ལ་ནི་བྲིས་པའི་གཟུགས་ཀྱིས་རྣམ་གནས་པའོ། །ལས་རྣམས་ནི་ཞི་བ་ལ་སོགས་པ་རྣམས་སོ། །ཅུང་ཟད་ཅེས་པ་ཡི་གེའོ། །སྡེ་ཚན་བརྒྱད་

རྣམས་གསུངས་པ། ཨ་ཀ་ཞེས་པ་ལ་སོགས་པའོ། །ཨ་སྡེ་ནི་ཨཱ་ལིའོ། །ཡ་ར་ལ་ཝ་རྣམས་ཡའི་སྡེའོ། །བསྐྱེད་པའི་རིམ་པ་ལ་འགའ་ཞིག་ཏུ་སྔགས་བཏུ་བ་ལ་སོགས་པའི་དོན་དུ་ཤ་ཥ་ས་ཧ་རྣམས་ཁོ་ན་ཤའི་སྡེ་ཚན་དུ་གསུངས་སོ། །ཀྵ་ཡིག་ནི་ཀ་དང་ཥ་ཡིག་དག་བརྩེགས་པའོ་ཞེས་

པ་ལོགས་སུ་མ་བསྟན་ཏོ། །འདིར་ནི་ཤ་ཥ་ས་ཧ་ཀྵ་རྣམས་ཤའི་སྡེ་ཚན་ནོ། །ཀ་ལ་སོགས་པའི་སྡེ་པ་རྣམས་ནི་སོ་སོར་ཡི་གེ་ལྔ་རྣམས་སོ། །དགའ་བ་ནི་སྡེ་པ་རྣམས་ལ་ཆགས་པ་རྣམས་ཏེ་འབྲེལ་པ་རྣམས་སོ། །མཉམ་པ་ནི་བྱ་བ་མཉམ་པ་རྣམས་སོ། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པའི་ནི་

གང་ཅུང་ཟད་ཡི་གེ་གཅིག་གིས་ཀྱང་མངོན་པར་འདོད་པ་འགྲུབ་པར་བྱེད་དེ། དེ་སྐད་དུ་ཡང་བརྟག་པ་གཉིས་པར་གསུངས་པ། མཉམ་པར་བྱེད་པ་མཚུངས་པ་རྣམས། །རོ་མཉམ་དེ་ཉིད་བསྒོམ་རྣམས་ཀྱིས། །མཉམ་པ་མཚུངས་པ་ཞེས་པར་བརྗོད། །དེའི་རོ་འཁོར་ལོར་ཞེས་པར་

བཤད། །ཅེས་སོ། །མཉམ་པ་དེའི་རོ་སྟེ་རོའི་ངོ་བོ་ཉིད་ནི་འཁོར་ལོ་སྟེ་བདེ་བ་ཆེན་པོར་བརྗོད་དེ། དེའི་བདེ་བ་འཁོར་ལོ་ཞེས་དེ་ལྟ་ཁོ་ནར་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྡོ་རྗེ་རོལ་པ་ཞེས་པ་སྟེ་བདེ་བ་ཆེན་པོའི་དགའ་སྟོན་འབྱུང་བ་ན་མཉམ་པ་རྣམས་ཡིན་

Vol. 7 · folio 54a

གྱི། གཞན་གྱི་ཚེ་ནི་མ་ཡིན་ནོ་ཞེས་དགོངས་པའོ། །འདབ་མ་སོ་སོར་ཞེས་པ་རྩ་གཅིག་ཏུ་ཡང་ཡི་གེ་ལྔ་བཅུ་རྣམས་ཀྱང་འབྱུང་བའི་ཕྱིར་རོ། །བྲིས་པ་སྒོམ་པ་པོའི་ཡང་ཡི་གེ་རྣམས་སམ་སྡེ་ཚན་རྣམས་ཀྱི་ཕྱོགས་ཀྱི་འདབ་མ་ངེས་པ་མེད་དེ། གདུལ་བྱའི་

ངོར་རྒྱུད་ལ་སོགས་པ་འགའ་ཞིག་དང་ཁ་ཅིག་ཏུ་རྣམ་པ་གཞན་དུ་གསུངས་པའི་ཕྱིར་རོ། །མཆོག་གི་དབང་ཕྱུག་ཅེས་པ་གདོད་མ་ནས་མ་སྐྱེས་པར་ཆོས་ཐམས་ཅད་སྒོམ་པ་ལས་མཆོག་གི་དབང་ཕྱུག་རྡོ་རྗེ་སེམས་དཔའ་རྫོགས་པ་གསལ་བར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཉིས་སུ་མེད་

པའི་ཡེ་ཤེས་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བརྗོད་པའི་ཕྱིར་ཨ་ཡིག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བརྗོད་དོ། །གང་ཕྱིར་ཨ་ཡིག་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་གསལ་བར་བྱེད་པ་སྟེ། སྐྱེ་བ་མེད་པ་ཁོ་ན་དོན་དམ་པ་དངོས་པོ་རྣམས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད།

རང་གི་མཚན་ཉིད་སྟོང་པ་ཉིད་རང་བཞིན་མེད་པ་ཉིད་ཕ་རོལ་ཏུ་ཕྱིན་པ་ཡེ་ཤེས་དག་པའོ། །བསྐྱེད་པའི་རིམ་པ་ལ་རྡོ་རྗེ་སེམས་དཔའ་ནི་འགའ་ཞིག་ཏུ་ཨ་ཡིག་འགྱུར་མེད་ལས་རྫོགས་པའི་ཕྱིར་རོ། །ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་མཆོག་ཀྱང་འདི་ཡིན་ལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་

ཀྱི་ཕྱིར་མི་འགྱུར་བ་ཡང་འདི་ཡིན་པ་ནི་མཆོག་མི་འགྱུར་བ་ཆོས་ཀྱི་སྐུ་སྟེ། དེ་གསལ་བར་བྱེད་པ་ཨ་ཡིག་ཀྱང་མཆོག་མི་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་ཡི་གེ་ཀུན་གྱི་ཐུ་བོ་འམ་ཡི་གེ་རྣམས་ལ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་ཡིག་འབྲུ་ཀུན་གྱི་མཆོག་གོ། །གང་གསུང་བར་འགྱུར་བ་དེའི་བདག་

ཉིད་ཅན་ཉིད་ཀྱི་ཕྱིར་ཞེས་སོ། །མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་སོ། །རིམ་པ་ལྔ་པར། ཐུང་ངུ་མ་ལུས་ངག་ཏུ་འགྱུར། །དུ་མ་མ་ཡིན་གཅིག་པ་མིན། །ཞེས་ཏེ། ཨ་ཡིག་དང་ལྡན་པར་བརྗོད་པའི་ཕྱིར་གཅིག་མིན་མ་

ཡིན་པའོ། །སོ་སོར་ཐ་དད་པའི་ཕྱིར་གཅིག་མ་ཡིན་པའོ། །དོན་དམ་པར་ནི་གཅིག་དང་གཅིག་མིན་གྱི་རང་བཞིན་དང་བྲལ་བའོ། །ཆོས་ཀྱི་སྐུའི་དབང་ཁོ་ན་ལས་སེམས་ཅན་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པའི་ཕྱིར་འདི་ལས་དོན་ཆེན་པོའོ་ཞེས་པས་དོན་ཆེན་ནོ། །དེ་སྐད་དུ་རྣམ་

Vol. 7 · folio 54b

པར་སྣང་མཛད་མངོན་པར་བྱང་ཆུབ་པར་གསུངས་པ། གསང་བ་པའི་བདག་པོ་ཅི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་སྔགས་ཀྱི་ཚུལ་དང་སྔགས་ཀྱི་ཆོ་ག་བྲིས་པའི་ཡི་གེ་རྣམས་ཀྱིས་བྱིན་གྱིས་བརླབས། གསང་བ་པའི་བདག་པོ་དེ་ལ་གང་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐལ་བ་སྟོང་

ཕྲག་དུ་མར་བསྒྲུབས་པའི་བདེན་པའི་ངག་སྟེ། དེ་ལ་གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔས་ཨ་ཡིག་ལ་གནས་པས་བྱ་བ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་སོ། །དེ་སྐད་དུ་ཡང་མི་གཡོ་བའི་རྟོག་པར། བྱང་ཆུབ་སེམས་ནི་བརྟན་བྱས་ནས། །སྔགས་ཀྱི་དངོས་གྲུབ་གསུངས་པ་

སྟེ། །གཞན་དུ་སྔགས་གྲུབ་ཆོ་ག་ཡི། །བྱ་བ་ཐམས་ཅད་འབྲས་བུ་མེད། །དངོས་པོ་ཐམས་ཅད་མདོར་བསྡུས་པས། །རང་བཞིན་མེད་ཉིད་བསམ་པ་ལས། །བྱང་ཆུབ་སེམས་ནི་ངེས་པར་འཐོབ། །གཞན་དུ་འབའ་ཞིག་འགྱུར་བ་མིན། །ཞེས་གསུངས་སོ། །འཕགས་པ་

འཇམ་དཔལ་གྱི་རྒྱུད་དུ་ཡང་། ཀྱེ་ལྷའི་ཚོགས་ཆོས་སྣང་བའི་སྒོ་བཅུ་རྣམས་དང་ཡང་དག་པར་ལྡན་པ་རྣམས་ནི་སྔགས་ཐམས་ཅད་ངེས་པར་ཟློས་ཤིང་སྔགས་ཀྱི་སྤྱོད་པ་ཐམས་ཅད་ལ་རྗེས་སུ་ཞུགས་པར་འགྱུར། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་

སངས་རྒྱ་བ་དང་། སྔགས་ཀྱི་དངོས་གྲུབ་རྣམས་ཐམས་ཅད་ཀྱང་མངོན་དུ་འགྱུར་ཏེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུ་ཅན་ཏེ་ཆོས་ལ་མཆོད་ན་དེ་བཞིན་གཤེགས་པ་ཐམས་ཅད་དང་རང་སངས་རྒྱས་དང་འཕགས་པ་ཉན་ཐོས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་

ཐམས་ཅད་དང་སྔགས་ཐམས་ཅད་མཆོད་པར་ཤིན་ཏུ་ཉེ་བར་གནས་པར་འགྱུར་གྱི་ཟང་ཟིང་གི་མཆོད་པས་ནི་མ་ཡིན་པས་ན་ཆོས་མཆོད་པས་དང་། སྒྲུབ་པའི་མཆོད་པས་དང་། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་བྱེད་པས་དང་། སེམས་ཅན་གྱི་དོན་ལ་འཇུག་པ་ཉིད་ཀྱིས་དང་

ཡང་དག་པར་བླངས་པ་མི་གཏོང་བ་ཉིད་ཀྱིས་དང་། སྔགས་ཀྱི་སྤྱོད་པ་དང་ལས་མི་གཏོང་བ་ཉིད་ཀྱིས་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་ཉིད་ཀྱིས་དང་། ཤེས་རབ་རྣོ་བ་ཉིད་ཀྱིས་དང་། ཡིད་ཡོངས་སུ་མི་སྐྱོ་བ་ཉིད་ཀྱིས་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་ཉིད་ཀྱིས་དེ་

Vol. 7 · folio 55a

བཞིན་གཤེགས་པ་རྣམས་མཉེས་པའོ་ནས་ཇི་སྲིད་དུ་ཟང་ཟིང་གི་སྦྱིན་པས་ནི་མ་ཡིན་ནོ་ཞེས་པའི་བར་རོ། །ཡང་ན་འགྱུར་བ་མེད་མཆོག་ནི་རྣམ་པར་སྣང་མཛད་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་ཉིད་ཀྱིས་ན་འགྱུར་བ་མེད་དོ་ཞེས་བྱས་ནས་སོ། །ཨ་

ཡིག་ནི་སྣང་བ་མཐའ་ཡས་སོ། །དཀར་པོ་དང་ལྗང་གུ་ལ་སོགས་པ་ཁ་དོག་ཐམས་ཅད་ཀྱི་མཆོག་སྟེ་སྣ་ཚོགས་པའི་གཟུགས་ཉིད་ཀྱི་ཕྱིར་ཡིག་འབྲུ་ཀུན་གྱི་མཆོག་དོན་ཡོད་གྲུབ་པའོ། །སེམས་ཅན་རྣམས་ཐམས་ཅད་ཀྱི་དོན་ཆེན་པོ་ནི་ཡིད་བཞིན་གྱི་ནོར་བུ་འཛིན་པའི་རིན་ཆེན་འབྱུང་ལྡན་

འདི་ལས་སོ་ཞེས་པས་དོན་ཆེན་ནི་རིན་ཆེན་འབྱུང་ལྡན་ནོ། །རྣམ་པར་སྣང་མཛད་ལ་སོགས་པ་སྡེ་ཚན་གྱི་བདག་པོ་ཉིད་ཀྱི་ཕྱིར་སྡེ་ཚན་གྱི་གཙོ་བོ་ནི་མི་བསྐྱོད་པའོ་ཞེས་པ་སངས་རྒྱས་ལྔའི་བདག་ཉིད་མཆོག་གི་དབང་ཕྱུག་དྲུག་པ་སྟེ་དེ་གསལ་བར་བྱེད་པའི་ཨ་ཡིག་ཀྱང་དེ་ལྟར་རོ། །དེ་ཡང་ཟེ་

འབྲུའི་བུ་གར་སྐྱེས་ནས་འདབ་མ་རྣམས་སུ་འཕོ་སྟེ། དེའི་ཕྱིར་འདབ་མ་རྣམས་སུ་ཡང་བཤད་དོ། །ཡི་གེ་གཞན་རྣམས་ཀྱང་དེ་ལྟར་རོ། །དེ་ཉིད་ཀྱི་ཕྱིར་བསྐྱེད་པའི་རིམ་པ་ལ་དེ་རྣམས་ཀྱང་བྲིས་པའི་ངོ་བོའི་བུ་གར་རེ་རེ་ཡང་བསྒོམ་པར་བྱ་བ་ཉིད་དུ་ཁ་ཅིག་ཏུ་གསུངས་ཤིང་

ཨ་ཡིག་ནི་དེ་རྣམས་ཀྱི་མཆོག་ཏུ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཨ་ཡིག་ཁོ་ན་ལས་དང་སྔགས་རྣམས་དང་སྔགས་ཀྱིས་བསྒྲུབ་པར་བྱ་བ་རྣམས་འགྲུབ་པར་འགྱུར་རོ། །ཅིའི་ཕྱིར་འདི་ལྟར་ཡིན་ཞེ་ན་གང་ཞེས་པ་ལ་སོགས་པའོ། །ཐམས་ཅད་ཅེས་པ་རྫོགས་པའི་རིམ་པའི་

རྣལ་འབྱོར་པ་རྣམས་ཁོ་ནའི་འོ། །སྒྲ་ཙམ་མི་གསལ་བའི་སྒྲ་ནི་ནཱ་ད་སྟེ། དངོས་ནི་ཨ་ཡིག་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་གྱེན་དུ་རི་མོའི་རྣམ་པར་བྲིས་པ་ནི་ནཱ་ད་རུ་བརྗོད་དོ། །སྣ་ཚོགས་རྣམས་ཀྱི་སྟེ་སེམས་ཅན་རྣམས་ཀྱི་སྐྱེ་བའི་གནས་ཉིད་ཀྱི་ཕྱིར་སྣ་ཚོགས་མདུད་པའོ། །དེ་ཉིད་ཀྱི་ཕྱིར་དེ་

ནི་གནས་ཆེན་ཏེ་མང་པོ་རྣམས་ཀྱི་གོ་འབྱེད་པའི་ཕྱིར་རོ། །འདིར་ཆོས་བདེ་བ་ཆེན་པོའི་སྒེག་པའོ་ཞེས་པ་ཆོས་ཀྱི་རོལ་པ་སྟེ་སྐྱེ་གནས་སོ། །ཅི་ལྟར་ངག་རབ་འབྱམ་ཐམས་ཅད་སྔགས་ཡིན་ཞེ་ན། མེད་ཅེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་མ་སྐྱེས་པའི་རང་བཞིན་ནི་ཤིན་ཏུ་བརྟན་

Vol. 7 · folio 55b

པར་མི་སྐྱེ་བར་མོས་པ་ལ་ཐམས་ཅད་སྔགས་ཁོ་ནའོ་ཞེས་པ་དགོངས་པའོ། །ད་ནི་ཨེ་ཡིག་ལ་སོགས་པ་རྣམས་ཀྱི་དོན་ཆེན་པོ་ཉིད་གསུངས་པ་ལ་ཉེ་བར་འཇུག་སྟེ། དེ་ནས་ཞེས་པ་ལ་སོགས་པའོ། །ཡང་དག་སྦྱོར་ལས་བྱུང་མཚན་ཉིད། །ཅེས་པ་ཤེས་རབ་དང་ཐབས་དག་གི་སྐྱེ་བ་གང་གིས་མཚོན་

པར་བྱ་བ་དེའོ། །ཐབས་ཆེན་པོ་ཞེས་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་གི་ངོ་བོའོ། །སྣ་ཚོགས་གཟུགས་ནི་སྤྲུལ་པ་སྣ་ཚོགས་ཀྱིས་སྤྲོ་བའི་ཕྱིར་རོ། །སྣ་ཚོགས་སྤྱོད་ཡུལ་ནི་སྐལ་པ་དང་ལྡན་པའི་སེམས་ཅན་རྣམས་ཁོ་ནས་མང་པོ་རྣམས་ཀྱིས་མཐོང་བར་བྱ་བ་ཉིད་ཀྱིས་ན། དེ་རྣམས་ཀྱི་

བསོད་ནམས་ཀྱི་དབང་ལས་དང་། རང་གི་སྨོན་ལམ་གྱི་འཕེན་པ་ལས་དེ་རྣམས་ཀྱི་ཡུལ་ཉིད་ཀྱི་ཕྱིར་རོ། །སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་སྐྱེ་བའི་གནས་ཉིད་ཀྱི་ཕྱིར་སྣ་ཚོགས་འདམ་སྐྱེས་ཏེ་སྐྱེ་གནས་སོ། །འདིར་ནི་བུད་མེད་དང་སྐྱེས་པ་དག་གི་ལྟེ་བའི་འོག་གི་གནས་ནི་སྐྱེ་གནས་ཏེ།

དེ་ཉིད་ནི་སྣ་ཚོགས་མདུད་པ་ཞེས་པ་ལ་སོགས་པས་གསུངས་ཟིན་ཏོ། །སྐྱེས་པའི་ཡང་རྣལ་འབྱོར་པ་དཔག་ཏུ་མེད་པའི་སེམས་ཅན་གྱི་དོན་བྱེད་པའི་སྤྲུལ་པའི་སྐུའི་གཟུགས་རྣམས་སེམས་ཅན་རྣམས་ཀྱི་སྐྱེ་གནས་ལས་སྐྱེའོ་ཞེས་བཤད་པར་བྱའོ། །སྨོན་ལམ་ངོ་བོ་ཞེས་པ་སྨོན་ལམ་གྱི་

ཕ་རོལ་ཏུ་ཕྱིན་པའི་རང་གི་ངོ་བོའོ། །རྡོ་རྗེའི་རིགས་ཅན་ཞེས་པ་རྡོ་རྗེ་སྟེ་མི་བསྐྱོད་པ་འདིའི་རིགས་སོ་ཞེས་བྱས་ནས་ཏེ་གཙོ་བོའོ། །ཕལ་པ་ནི་རིན་ཆེན་འབྱུང་ལྡན་གྱི་འང་ཤེས་རབ་འདིའོ་ཞེས་པས་རིན་ཆེན་འབྱུང་ལྡན་གྱི་རིགས་ཅན་ནོ། །སྟོབས་ཞེས་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་

པའོ། །གཙོ་བོ་ཞེས་པ་སྟེ། རྡོ་རྗེ་སྒྲོལ་མའི་གཟུགས་ལ་རིན་ཆེན་འབྱུང་ལྡན་གྱིས་རྒྱས་བཏབ་པའི་ཕྱིར་ན་ཕལ་བ་ནི་རིན་པོ་ཆེའི་རིགས་ཅན་ཡང་ངོ་། །འཆི་བ་སླུ་བའི་སྒྲོལ་མའི་གཟུགས་ལ་རྣམ་པར་སྣང་མཛད་ཀྱིས་རྒྱས་འདེབས་པས་རྣམ་པར་སྣང་མཛད་ཀྱི་རིགས་ཅན་མའོ། །ཀུ་རུ་

ཀུ་ལླེའི་གཟུགས་ལ་འོད་དཔག་མེད་ཀྱིས་རྒྱས་འདེབས་པའི་ཕྱིར་འོད་དཔག་མེད་ཀྱི་རིགས་ཅན་མ་ཡང་ངོ་། །རལ་གཅིག་མའི་གཟུགས་ལ་མི་བསྐྱོད་པས་རྒྱས་འདེབས་པའི་ཕྱིར་མི་བསྐྱོད་པའི་རིགས་ཅན་མ་ཡང་ངོ་། །ཡེ་ཤེས་ཞེས་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་

Vol. 7 · folio 56a

འདི་རྣམས་ཁམས་དང་ཕྱག་རྒྱ་དང་ཚད་མེད་པ་དང་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ངོ་བོ་རྣམས་ཏེ། སྟོང་པ་ཉིད་དང་སྙིང་རྗེའི་ངོ་བོ་ཉིད་ཀྱིས་ན་ཤེས་རབ་དང་ཐབས་ཀྱི་རང་བཞིན་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་སྤྲུལ་པ་ལ་སོགས་པའི་འཁོར་ལོ་རྣམས་ལ་

མོས་པར་བྱའོ། །ཨེ་ཝཾ་མཱ་ཡཱ་ཡི་གེའི་བརྗོད་པར་བྱ་བའོ་ཞེས་པ་བརྗོད་པར་བྱ་བ་དང་རྗོད་བྱེད་དག་དབྱེར་མེད་པར་མོས་པས་བསྐྱེད་པའི་རིམ་པ་ལ་ཁ་ཅིག་ཏུ་ཨེ་ཝཾ་མཱ་ཡའི་ཡི་གེའི་རང་གི་ངོ་བོ་རྣམས་དང་། ཁ་ཅིག་ཏུ་ཕྱག་ལ་སོགས་པའི་ངོ་བོ་ཅན་རྣམས་ཀྱང་བསྒོམ་པར་བྱའོ་ཞེས་

གསུངས་པར་འགྱུར་རོ། །ཨེ་ཝཾ་གྱི་ཡི་གེའི་བརྗོད་པར་བྱ་བ་གཞན་གསུངས་པ། ཨེ་ཡིག་གིས་ནི་ཞེས་པ་ལ་སོགས་པའོ། །གྱེན་དུ་ལྟ་བའི་ལྟེ་བའི་ཆུ་སྐྱེས་དང་འོག་ཏུ་ཕྱོགས་པའི་སྤྱི་བོའི་མཚོ་སྐྱེས་ནི་ཨེ་ཡིག་སྟེ་ཨེ་ཡིག་གི་དབྱིབས་ཅན་གྲུ་གསུམ་ཤེས་རབ་ཀྱི་རང་བཞིན་དུ་མོས་

པར་བྱའོ། །ཐུར་དུ་བལྟས་པའི་སྙིང་གའི་ཆུ་སྐྱེས་དང་གྱེན་དུ་བལྟས་པའི་མགྲིན་པའི་ཆུ་སྐྱེས་ནི་ཝཾ་ཡིག་སྟེ་ཝཾ་ཡིག་གི་དབྱིབས་ཅན་ཟླུམ་པོ་ཐབས་ཀྱི་རང་བཞིན་དུའོ། །གང་གསུང་བར་འགྱུར་བ། སྤྱི་བོ་ལྟེ་བར་སོན་འཁོར་ལོ། །ཨེ་ཡིག་རྣམ་པར་ཡང་དག་གནས། །སྙིང་ག་

མགྲིན་པར་ཡང་དག་གནས། །ཝཾ་གྱི་ཡི་གེ་འདྲ་བར་འདོད། །ཅེས་སོ། །ལྟེ་བ་དང་སྙིང་གའི་ཆུ་སྐྱེས་དག་དང་མགྲིན་པ་དང་སྤྱི་བོའི་མཚོ་སྐྱེས་དག་གི་དང་དེའི་རྗེས་སུ་ཟུང་གཉིས་ཀྱི་ཡང་གཏུམ་མོ་འགྲོ་བ་དང་འོང་བའི་དུས་སུ་བདེ་བར་རོ་གཅིག་པ་ཉིད་ཀྱིས་སྙོམས་པར་འཇུག་པས་མཛེས་

སོ། །དེ་ལྟར་ན་ཨེ་ཡིག་ཀྱང་ཤེས་རབ་དང་ཐབས་ཀྱི་ངོ་བོ་སྟེ་ཝཾ་ཡིག་ཀྱང་ངོ་། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཨེ་ཡིག་ཅེས་པ་ལ་སོགས་པའོ། །གཞན་ཡང་ཤེས་རབ་ཆོས་ཀྱི་འབྱུང་གནས་དང་ཐབས་རྡོ་རྗེའོ། །མཛེས་ཏེ་སྙོམས་པར་འཇུག་པས་བདེ་བ་ཆེན་པོ་འབྱུང་བའི་ཕྱིར་རོ། །

དེ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱིས་ན་སོ་སོར་ཤེས་རབ་དང་ཐབས་ཀྱི་རང་གི་ངོ་བོའོ་ཞེས་བཟླས་ཏེ་བཤད་པ་འདིའོ། །སླར་ཡང་བརྗོད་པར་བྱ་བ་གཞན་རྟོགས་པའི་ཆེད་དུ་དང་པོའི་ངག་འཆད་དེ། འདི་སྐད་ཅེས་པ་ལ་སོགས་པས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words