དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་རབ་ཏུ་གསལ་བ་ཞེས་བྱ་བ
Sanskrit title (Tibetan script, as in the text) པྲཱ་ཀཱ་ཤཾ་ནཱ་མ་ཤྲཱི་ཧེ་བཛྲ་སཱ་དྷ་ནཾ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 9 · folio 123b
ཉིད་དོ། །བརྟགས་པའི་དངོས་པོ་མེད་པ་སྟེ། །གཞན་གྱི་དབང་ནི་ཡོད་པ་ཡིན། །ཞེས་པ་སྟེ་དེ་ལ་སོགས་པའི་སྒྲས་གཞན་གྱི་དབང་བཟུང་ངོ་། །རྒྱུ་གཞན་ལ་བརྟེན་པས་ན་གཞན་གྱི་དབང་དང་གྲུབ་པ་ཡིན་ནོ། །གཞན་གྱི་དབང་ནི་འགྲོ་བའི་བདག་བྱིན་གྱིས་བརླབ་པའི་མཚན་ཉིད་དོ། །
དེ་དག་གི་དངོས་པོ་མེད་པ་ནི་ཡོངས་སུ་གྲུབ་པའི་གཟུགས་ལྷན་ཅིག་སྐྱེས་པར་བཤད་པ་མྱ་ངན་ལས་འདས་པར་ཡང་གསུངས་ཏེ་ཐམས་ཅད་ཀྱི་ཐམས་ཅད་དུ་ཐམས་ཅད་སྟོང་པ་ནི་མུ་སྟེགས་པ་རྣམས་ཀྱི་ཆ་ཤས་ཡིན་ནོ། །དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་པར་མཛད་མའོ་
ཞེས་པ་རྣམ་པར་དག་པ་སྟེ་རིམ་པ་བཞི་པའོ།། །།ད་ནི་རྣམ་པར་དག་པ་ལས་ལྡང་བའི་རིམ་པ་རབ་ཏུ་བསྟན་པར་བྱའོ། །དེ་ལ་སྨྲས་པ། ལྡང་བ་ནི་བདག་བྱིན་གྱིས་བརླབ་པའི་མཚན་ཉིད་ཀྱི་དགའ་བ་གསུམ་གྱི་བདག་ཉིད་མེད་པ་ཡིན་པའི་ཕྱིར་ཅི་ལྟ་བ་དེ་ནི་སུ་ཞིག་གི་ཡིན་པར་
འགྱུར་ཞེ་ན་བརྗོད་པར་བྱ་སྟེ། བདག་བྱིན་གྱིས་བརླབ་པའི་མཚན་ཉིད་མེད་པ་ནི་སྐྱེས་པ་མ་ཡིན་གྱི་གང་ཞིག་བག་ཆགས་དང་བཅས་པའི་སྒྱུ་མ་ལྟ་བུའི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པའི་དགའ་བ་བསྒོམས་པ་ལས་ཇི་སྲིད་འགོག་པ་མངོན་སུམ་དུ་མི་བྱེད་པ་དེ་སྲིད་དུ་ལྡང་བ་སྟེ་སྐྱེད་པར་ནི་
མི་འགྱུར་རོ། །འདིར་ཡང་གསུངས་པ། ཕྱི་ནས་དེ་ཉིད་ཡང་དག་བཤད། །རྣམ་དག་ཡེ་ཤེས་རང་བཞིན་ཅན། །ཞེས་པའོ། །ཕྱི་ནས་ཞེས་པ་ནི་བདག་བྱིན་གྱིས་བརླབ་པའི་དེ་མ་ཐག་ཏུ་རང་རིག་པ་ལས་སྐྱེས་པ་ནི་དངོས་གྲུབ་པོ། །ཇི་སྐད་དུ་གསུངས་པ། རང་རིག་ལས་ནི་དངོས་གྲུབ་
འགྱུར། །རང་རིག་ཕྱིར་ན་བསྒོམ་པའོ། །ཞེས་པའོ། །སླར་ཡང་གསུངས་པ། ཕྱག་རྒྱ་རྒྱུ་དང་སྦྱོར་བྲལ་ལས། །རྣལ་འབྱོར་སྙིང་རྗེ་ཐབས་སུ་འགྱུར། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་སུ་བརྗོད་པ་ཡིན། །འདི་ཉིད་བཅོམ་ལྡན་འདས་ཀྱིས་ཟུང་དུ་འཇུག་པ་ནི་ལམ་དང་
ཟུང་དུ་འཇུག་པ་ནི་འབྲས་བུར་གསུངས་པ་ཡིན་ནོ། །དེ་གསུངས་པ། རང་རིག་ཡེ་ཤེས་དེ་ཉིད་འགྱུར། །རང་གཞན་ཡང་དག་རིག་པ་སྤངས། །མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །དངོས་དང་དངོས་མེད་བདག་ཉིད་མཆོག །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །ཆགས་དང་ཆགས་
Vol. 9 · folio 124a
བྲལ་རྣམ་པར་འདྲེས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་བ་མ་ཡིན། །དེ་ཉིད་ཐམས་ཅད་བྱ་བ་པོ། །ལུས་ཀུན་ལ་ནི་རྣམ་པར་གནས། །ཞེས་སོ། །འདི་ཉིད་དུ་གསུངས་པ། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །དེ་བཞིན་སླར་
ཡང་བྱོན་པ་ཉིད། །འདིས་ནི་ཤེས་རབ་རིགས་པ་ཡིས། །དེ་བཞིན་གཤེགས་པར་མངོན་བརྗོད་བྱ། །དེ་ལ་རྡོ་རྗེ་སྙིང་པོས་གསོལ་བ། ཐབས་གང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་འཁོར་འཁོར་ལོ་སོགས་
ཐབས་དང་། །བདག་བྱིན་བརླབ་པའི་རིམ་པས་ཀྱང་། །ཀུན་རྫོབ་དོན་དམ་གཟུགས་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཀུན་རྫོབ་ཀུནྡ་ལྟ་བུ་སྟེ། །དོན་དམ་བདེ་བའི་གཟུགས་ཅན་ནོ། །བུད་མེད་ཀྐོ་ལ་བདེ་བ་ཅན། །ཨེ་ཝཾ་ཡི་གེའི་རང་བཞིན་དུ། །བདེ་བ་སྲུང་བ་ཉིད་
ཀྱི་ཕྱིར། །བདེ་བ་ཅན་ཞེས་བརྗོད་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྡོ་རྗེ་འཛིན་པ་རྣམས་ཀྱི་གནས། །འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོག་མི་འགྱུར། །འཁོར་བ་གཟུགས་
དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམས་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་པ། །འདི་རྣམས་ཆོས་ནི་མྱ་ངན་འདས། །རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པས་ནི། །འཁོར་བ་མྱ་ངན་འདའ་བར་
འགྱུར། །འདིས་ཆོས་འདི་རྣམས་ཀྱི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ཡོངས་སུ་མཁྱེན་པ་ལས་རྒྱལ་བ་མཆོག་རྣམས་ཀྱིས་བདག་ཉིད་ཀྱི་སྐྱེ་བ་གསུངས་པ་ཡིན་ནོ། །གལ་ཏེ་གཞན་རྣམས་ཀྱིས་བླ་མ་བརྒྱུད་པའི་རིམ་པས་རང་བཞིན་ཡོངས་སུ་ཤེས་པར་འགྱུར་ཞིང་སོ་སོའི་སྐྱེ་བོ་རྣམས་
ཀྱི་ཡིན་པ་དེའི་ཚེ་དེ་རྣམས་ཀྱི་བདག་ཉིད་འབའ་ཞིག་པ་ཡང་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། མ་ལུས་པ་ཡི་སེམས་ཅན་གྱི། །སྐྱེ་བ་གང་ལ་བརྗོད་བྱ་བ། །གང་ཕྱིར་སྤྲུལ་པ་གནས་བརྟན་ཕྱིར། །དེ་ལ་སྤྲུལ་པའི་སྐུ་ཉིད་ཡིན། །ཞེས་པ་ལ་སོགས་པ་རྒྱས་
Vol. 9 · folio 124b
པར་ཏེ། །སྡེ་པ་སྡེ་མ་ཞེས་བཤད་པ། །ལྟོ་བ་གནས་སུ་བརྗོད་པར་བྱ། །སྐྱེ་གནས་འདོད་ཆགས་བྲལ་བར་འགྱུར། །མངལ་གྱི་ཁྲུ་མ་ཆོས་གོས་ཡིན། །དེ་བཞིན་མ་ནི་མཁན་པོའོ། །མགོ་བོར་ཐལ་མོ་སྦྱར་བ་ཕྱག །འགྲོ་བའི་བྱ་བ་བསླབ་པའི་གནས། །དེ་བཞིན་སྔགས་བཟླས་
ཨ་དང་ཧཾ། །སྐྱེ་གནས་འཁོར་ལོའི་ཡི་གེ་ཨ། །བདེ་ཆེན་གྱི་ཡང་ཡི་གེ་ཧཾ། །གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །སྔགས་བཟླས་ཀྱང་ནི་དགེ་སློང་སྐྱེས། །ཚོགས་པ་འདི་རྣམས་ཀྱིས་སེམས་ཅན། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བ་བཅུ་ཡང་ས་རྣམས་ཡིན། །སེམས་ཅན་ས་
བཅུའི་དབང་ཕྱུག་གོ། །འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །ལུས་ཀུན་ལ་ནི་རྣམ་པར་གནས། །གཉིས་དང་གཉིས་སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་ནས་གནས། །སྒྱུ་མའི་གཟུགས་ཅན་ཉིད་དུ་སྣང་། །དཀྱིལ་འཁོར་འཁོར་ལོ་
སོགས་ཐབས་ཀྱིས། །རྟག་ཏུ་ངེས་པར་འགྲུབ་པར་འགྱུར། །ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །དངོས་པོ་ཀུན་ལ་ཁྱབ་བྱེད་པ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །དེའི་ཕྱིར་བདག་བྱིན་གྱིས་བརླབ་པའི་དེ་བཞིན་ཉིད་ལ་རབ་ཏུ་ཞུགས་
པའི་དེ་མ་ཐག་ཏུ་སྐྱེས་པའི་རིམ་པ་ཤེས་པར་བྱ་སྟེ་རྣམ་པ་གཞན་དུ་ན་འཁོར་བ་ཟད་པ་ཙམ་ཁོ་ནར་འགྱུར་རོ། །འཁོར་བར་གནས་པའི་བར་དུ་ཡང་དམ་པའི་དོན་ཡང་དག་པར་རྟོགས་པའི་ཐབས་དང་། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་མཆོག་
ཏུ་བདེ་བ་ཆེན་པོའི་མཚན་ཉིད་ཀྱི་འབྲས་བུ་རང་བཞིན་གྱིས་ཐོབ་པར་འགྱུར་བ་མ་ཡིན་ནོ། །དེ་གསུངས་པ། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱི། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱ། །སྒྱུ་མ་ཇི་བཞིན་རྨི་ལམ་ནི། །ཇི་ལྟར་བར་མའི་སྲིད་ཇི་
བཞིན། །རྟག་ཏུ་གོམས་པའི་སྐྱོང་བ་ལས། །དེ་ལྟ་བུ་ཉིད་དཀྱིལ་འཁོར་སྣང་། །ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །འདི་ཉིད་དེ་མྱོང་བ་ལས་ཏེ། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། །དེ་ལྟར་ཡང་། ཕུང་པོ་རྣམས་ཉིད་དྲི་མ་མེད་པའི་
Vol. 9 · folio 125a
དཀྱིལ་འཁོར་ཏེ། །ཐམས་ཅད་ལྷ་མོ་མང་པོར་རྣམ་པར་ངེས་ཤིང་རྟོགས། །དཔའ་བོ་ཧེ་རུ་ཀ་ཡང་ཡིན་པ་སྟེ། །འཛག་མེད་སྐུ་སྟེ་དེ་བཞིན་ཉིད་ཀྱི་རོ་ཡིན་ནོ། །ཀྱེ་རྡོ་རྗེའི་རྒྱུད་དུ་ཡང་གསུངས་པ། །བདེ་བ་ནག་པོ་བདེ་བ་སེར། །བདེ་བ་དམར་པོ་བདེ་བ་
དཀར། །བདེ་བ་སྔོན་པོ་བདེ་བ་ལྗང་། །བདེ་བ་ནག་པོ་རྒྱུ་མི་རྒྱུ། །བདེ་བ་ཤེས་རབ་བདེ་བ་ཐབས། །དེ་བཞིན་ཀུན་དུ་རུ་སྐྱེས་བདེ། །བདེ་བ་དངོས་དང་དངོས་མེད་པ། །རྡོ་རྗེ་སེམས་དཔའ་བདེ་བར་བརྗོད། །རྡོ་རྗེ་སྙིང་པོས་གསོལ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་འདི། །
དེ་ཡི་བདེ་བ་བདེ་ཆེན་འདོད། །རྫོགས་པ་བསྒོམ་པ་མེད་པ་ཡི། །བསྐྱེད་པས་དགོས་པ་ཅི་ཞིག་ཡོད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཨེ་མ་བྱང་ཆུབ་སེམས་ཆེན་འདི། །དད་པའི་ཤུགས་ཀྱིས་རབ་ཏུ་ཉོན། །ལུས་ནི་དངོས་མེད་གང་ལས་བདེ། །བདེ་བར་སྨྲ་བར་མི་ནུས་སོ། །
ཁྱབ་བྱ་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་ཡིན། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་མེད་ཕྱིར་ཤེས་མི་འགྱུར། །དེ་བཞིན་གཟུགས་ལ་སོགས་མེད་པས། །བདེ་བ་དམིགས་པ་ཉིད་མི་འགྱུར། །དངོས་ང་དངོས་པོ་མེད་པ་ང་། །དངོས་པོ་རྟོགས་ཕྱིར་སངས་རྒྱས་ང་། །
གང་ཞིག་ལེ་ལོས་ཉེར་འཚེ་དང་། །རྨོངས་པ་གང་གིས་བདག་མི་ཤེས། །རྗེ་བཙུན་ལྷ་མོའི་བྷ་གར་ནི། །ཨེ་ཡི་རྣམ་པའི་ཆ་བྱད་གཟུགས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བདེ་བ་ཅན་དུ་རྟག་ཏུ་རྒྱུ། །འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །བསྒྲུབ་བྱ་འགྲོ་བའི་
སྟོན་པ་ང་། །འཇིག་རྟེན་འཇིག་རྟེན་པ་ཡང་ང་། །ལྷན་ཅིག་སྐྱེས་དགའི་རང་བཞིན་ང་། །མཆོག་མཐའ་དགའ་བྲལ་དང་པོ་ཅན། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །བཙུན་མོའི་བྷ་ག་བདེ་ཅན་དུ། །ཁུ་བའི་མིང་གིས་རྣམ་
པར་གནས། །གསུངས་པའི་རིམ་པ་འདི་གཉིས་ཀྱིས། །སྔགས་རྒྱུད་སོགས་དང་རྣལ་འབྱོར་ལ། །གང་གིས་ཧེ་རུ་ཀ་མི་ཤེས། །དེ་ཡིས་ལོག་པར་ངལ་བའོ། །དེ་མེད་པས་ན་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །ནུས་མེད་ཉིད་ཕྱིར་ལྟོས་བཅས་ཏེ། །ལྷ་ཡི་རྣལ་འབྱོར་ལས་
Vol. 9 · folio 125b
བདེའོ། །གང་ཕྱིར་ལུས་ལས་བྱུང་བས་ན། །ལྷ་ཞེས་བརྗོད་པར་བྱ་བ་ཡིན། །དེ་ཕྱིར་སངས་རྒྱས་དངོས་འགྱུར་མིན། །དངོས་མེད་ཚུལ་དུའང་འགྱུར་ཉིད་མིན། །ཞལ་ཕྱག་རྣམ་པ་གཟུགས་ཅན་ཏེ། །མཆོག་ཏུ་བདེ་བས་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །རང་བཞིན་ལྷན་
ཅིག་སྐྱེས་བརྗོད་བྱ། །རྣམ་པར་དག་པའི་སེམས་ཀྱིས་ནི། །རང་བཞིན་ཉིད་ནི་མྱ་ངན་འདས། །བཞིན་ལག་ཁ་དོག་དབྱིབས་ལས་ནི། །ལྷ་ཡི་རྣམ་པའི་གཟུགས་སུ་ནི། །སྐྱེ་བ་ཙམ་གྱིས་རྣམ་པར་གནས། །འོན་ཀྱང་ཐ་མལ་བག་ཆགས་ལས། །དེའི་ཕྱིར་ལོངས་སྤྱོད་རྫོགས་པའི་ལུས་མེད་
པས་གྲོལ་བ་མ་ཡིན་ཏེ། དེ་ནི་གང་དུ་ཡང་འདོད་པར་བྱ་བ་མ་ཡིན་ནོ། །ཐམས་ཅད་དུ་སྟོང་པ་ཉིད་ལས་ལྷན་ཅིག་སྐྱེས་པ་བཤད་པ་དངོས་པོས་གྲོལ་བ་དེ་ཡང་མ་ཡིན་ནོ། །དེའི་ཕྱིར་ཡང་དེ་དག་གི་རྣམ་པར་གྲོལ་བ་ནི་སྟོང་པ་ཉིད་དང་། སྙིང་རྗེ་དབྱེར་མེད་པའི་མཐར་ཐུག་པའི་གཟུགས་
བྱང་ཆུབ་ཀྱི་སེམས་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །དེ་ལྟར་ཡང་ཀླུ་སྒྲུབ་ཞབས་ཀྱིས། །དངོས་པོ་ཉིད་ཀྱིས་རྣམ་གྲོལ་བྱ། །དངོས་པོ་མེད་པས་འགྱུར་བ་མིན། །དངོས་པོའི་བདག་ཉིད་རྣམ་གྲོལ་ཏེ། །དངོས་དང་དངོས་མེད་ཡོངས་ཤེས་པས། །བཅོམ་ལྡན་འདས་ཀྱིས་
ཡང་རྒྱུད་དུ་གསུངས་པ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང་། །དངོས་པོའི་འཆིང་བས་འཆིང་བར་འགྱུར། །དེ་ཡོངས་ཤེས་པས་གྲོལ་བ་ཡིན། །དངོས་པོ་མེད་པའང་ཡོངས་ཤེས་པས། །དངོས་པོ་བསྒོམ་འགྱུར་ཤེས་རབ་ཅན། །དངོས་པོ་མེད་པའང་ཡོངས་ཤེས་
པས། །ཧེ་རུ་ཀ་དཔལ་དེ་ལྟར་བསྒོམ། །ཡང་གསུངས་པ། ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། །དེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ཡིག་བཀོད་པ་དང་བྲལ་བ། །ཀ་ནི་གང་དུའང་མི་གནས་པའོ། །དེ་ལྟར་ཤེས་ནས་རྣལ་འབྱོར་པ། །གང་ཞིག་མཉམ་གཞག་སྒོམ་བྱེད་པ། །བསོད་ནམས་ཞན་
པའི་མི་ཡིས་ཀྱང་། །ཐེ་ཚོམ་མེད་པར་དེ་འགྲུབ་པོ། །མཉམ་པར་གཞག་པའི་རྣལ་འབྱོར་ཡང་རྣལ་འབྱོར་ཐ་མའི་འོ། །བཟའ་དང་བཏུང་དང་ཁྲུས་བྱེད་དང་། །སད་དམ་ཉམས་ཡང་བསམ་པར་བྱ། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །དེ་ལས་རྟག་ཏུ་འགྲོ་བར་འགྱུར། །ཞེས་པ་མཉམ་
Vol. 9 · folio 126a
པར་གཞག་པ་འདི་ནི་རྣལ་འབྱོར་མ་འབྲིང་པོའི་ཡིན་ནོ། །ཆེན་པོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས། །བཟའ་བཏུང་ཇི་ལྟར་རྙེད་པ་དང་། །བགྲོད་དང་བགྲོད་མིན་མི་སྤང་ཞིང་། །ཁྲུས་དང་གཙང་སྦྲ་མི་བྱ་སྟེ། །གྲོང་གི་ཆོས་ནི་སྤང་མི་བྱ། །བློ་ལྡན་སྔགས་བཟླ་བ་ཉིད་མིན། །
བསམ་གཏན་དམིགས་པར་བྱ་ཉིད་མིན། །གཉིད་ནི་སྤང་བར་མི་བྱ་སྟེ། །དབང་པོ་རྣམས་ནི་མི་དགག་གོ། །བ་ལ་ཐམས་ཅད་བཟའ་བར་བྱ། །རིགས་རྣམས་ལ་ནི་མཉམ་པར་སྤྱད། །དོགས་པ་མེད་པའི་སེམས་ཀྱིས་ནི། །བཙུན་མོ་ཐམས་ཅད་དགའ་བར་བྱ། །གྲོགས་ལ་དགའ་བར་མི་བྱ་
ཞིང་། །དེ་བཞིན་གདུག་ལ་ཞེ་སྡང་མིན། །རྡོ་ཤིང་ས་ལས་བྱུང་བ་ཡི། །ལྷ་འདི་རྣམས་ལ་ཕྱག་མི་བྱ། །ཞེས་པ་ལ་སོགས་པ་རྒྱས་པར་རོ། །དེ་ལྟར་ཡང་། སྔགས་ཀྱི་བཟླས་མེད་དཀའ་ཐུབ་མེད་ཅིང་སྦྱིན་སྲེག་མེད། །དཀྱིལ་འཁོར་བ་མེད་དཀྱིལ་འཁོར་ཡང་ནི་མེད་པ་སྟེ། །དེ་ནི་
སྔགས་བཟླས་དཀའ་ཐུབ་དེ་ཡིན་སྦྱིན་སྲེག་དེ། །དེ་ནི་དཀྱིལ་འཁོར་པ་སྟེ་དཀྱིལ་འཁོར་ཡང་ནི་དེ། །མདོར་བསྡུས་ནས་ནི་སེམས་སུ་འདུས་པའི་གཟུགས་ཅན་ནོ། །གཞན་དུ་ཡང་གསུངས་པ། ཇི་ལྟར་དཔའ་བོ་རྟོག་མེད་པས། །འཇིག་རྟེན་པ་ཡི་གནས་བཅོམ་ནས། །སྤྱོད་པ་ཐམས་
ཅད་སྤྱད་པར་བྱ། །དེ་ཚེ་དེ་ཡིས་སངས་རྒྱས་མཐོང་། །ཞེས་པའོ། །དཔལ་ལྡན་ཧེ་རུ་ཀ་ཡིས་རྒྱུད་ཀྱི་རྒྱལ་པོར་གསུངས་པའི་བླ་མེད་རིམ་པ་ལྔ། །དཔལ་ལྡན་ཛཱ་ལན་དྷ་རི་བཟང་པོའི་ཞབས་ཀྱིས་བཀོད་དང་བླ་མའི་གསང་བའི་བཞེད། །དེ་ཐོབ་སྐལ་བ་བཟང་ལ་ཡང་དག་གཞུང་བྱས་
བསོད་ནམས་མཆོག་གང་ཐོབ་དེ་ལ། །མ་ལུས་སེམས་ཅན་ཕུང་པོའི་འགྲོ་བས་བླ་མེད་རིམ་ལྔ་ངེས་པར་ཐོབ་པར་ཤོག །དཔལ་ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་རབ་ཏུ་གསལ་བ་ཞེས་བྱ་བ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་དཔལ་སྒྲ་གཅན་གསང་བའི་ཞབས་ཀྱིས་མཛད་པ་རྫོགས་
སོ།། །།འདི་ནི་ཚད་མེད་པའི་བསོད་ནམས་ཀྱི་དཔལ་ལ་བརྟེན་ནས་ཛམ་བུས་མཚན་པའི་གླིང་གི་བྱང་ཕྱོགས་ཀྱི་རྒྱུད་ཀྱི་རྒྱལ་པོའི་སྲིད་ལ་མངའ་བསྒྱུར་ཞིང་། བསྟན་པ་རིན་པོ་ཆེ་ལ་སྲི་ཞུ་དང་། བྱ་བ་ལྷག་པར་བསྒྲུབ་པའི་ཁུར་གྱིས་མི་ངལ་བའི་ཆོས་ཀྱི་རྒྱལ་པོ་ཆེན་པོ། །
Vol. 9 · folio 126b
གྲགས་པ་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོས་ལུང་སྩལ་ཞིང་། བདག་རྐྱེན་མཛད་ནས། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣ་ཞབས་ཀྱི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་འགོས་གཞོན་ནུ་དཔལ་གྱིས་ཕྱོགས་ལས་རྣམ་པར་རྒྱལ་པའི་ཕོ་བྲང་ཆེན་པོ་སྣེ་གདོང་
རྩེའི་གཙུག་ལག་ཁང་དུ་བསྒྱུར་བའོ།།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words