ཧེ་རུ་ཀ་ཉེ་བར་འབྱུང་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག

Sanskrit title (Tibetan script, as in the text) ཧེ་རུ་ཀོ་པ་ཨུ་དུ་ད་ཡ་མཎྜ་ལ་བི་དྷིཿ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 10 · folio 49b

༄༅༅། །རྒྱ་གར་སྐད་དུ། ཧེ་རུ་ཀོ་པ་ཨུ་དུ་ད་ཡ་མཎྜ་ལ་བི་དྷིཿ། བོད་སྐད་དུ། ཧེ་རུ་ཀ་ཉེ་བར་འབྱུང་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་ཐམས་ཅད་མཁྱེན་ཉིད་རིག་

པར་ལྡན། ལྷན་ཅིག་སྐྱེས་པ་དེ་ལ་སྤྱི་བོས་ཕྱག་འཚལ་ཏེ། །སྐྱོན་རྣམས་ཐམས་ཅད་བྲལ་ཞིང་སྙིང་རྗེའི་རང་བཞིན་ལྡན། །དེ་ཉིད་རྟོགས་ཕྱིར་དཀྱིལ་འཁོར་ཆོ་ག་བསྡུས་ཏེ་བཤད། །དབང་བསྐུར་རབ་གནས་བཟླས་དང་སྒྲུབ་པ་ལ་སོགས་པ། །དཀྱིལ་འཁོར་ཆེན་པོར་མི་ལྡན་གང་ཡང་འགྲུབ་

མི་འགྱུར། །དེ་ཕྱིར་ལས་ཀུན་རྫོགས་ཤིང་དེ་ཉིད་རྟོགས་ཕྱིར་དང་། །ཁྱད་པར་ལམ་ལ་སྨིན་ཕྱིར་དཀྱིལ་འཁོར་ཆོ་ག་བརྩམ། །དཀྱིལ་འཁོར་ཏིང་འཛིན་སྔགས་དང་ཕྱག་རྒྱ་དང་། །གདན་ལྡན་བཟླས་དང་སྦྱིན་སྲེག་ཆོ་ག་དང་། །མཆོད་དང་ལས་ཀྱི་སྦྱོར་ཀ་ཡོངས་སུ་སྡུད་པ་སྟེ། འདི་ནི་དེ་ཉིད་བཅུ་

སྟེ་རིག་པར་བྱ། །སློབ་དཔོན་དེ་ཉིད་བཅུར་ལྡན་ཞིང་། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །བསྟན་བཅོས་ཀུན་གྱི་དོན་རྟོགས་ཤིང་། །དབང་རྣམས་ཐམས་ཅད་རྫོགས་པ་དང་། །དེ་ཉིད་ལྷ་ཡི་སྣང་བ་ཐོབ། །བླ་མ་ཡོན་ཏན་ལྡན་གྱིས་གནང་། །

དམ་ཚིག་སྡོམ་ལྡན་རབ་ཏུ་བརྟན། །ཐེག་པ་གསུམ་གྱི་དེ་ཉིད་རིག །འཇིག་རྟེན་ཆོས་ཀྱིས་མ་གོས་ཤིང་། །སྙིང་རྗེའི་རང་བཞིན་སྙིང་བརྩེར་ལྡན། །རྒྱུན་དུ་བཟླས་བརྗོད་མཐར་ཕྱིན་ཞིང་། །དད་དང་བྱམས་ལ་རྒྱུན་བཞུགས་པ། །ཆོ་ག་ཐམས་ཅད་རྫོགས་པ་དང་། །དཀྱིལ་འཁོར་བྲི་ལ་

བརྩོན་ལྡན་ཡིན། །མཆོག་གི་བསོད་ནམས་ཐོབ་འདོད་དང་། །དེ་ཉིད་རྗེས་སུ་ཡི་རང་ལྡན། །དེ་དག་མི་ལྡན་དཀྱིལ་འཁོར་རྩོམ། །ཆོ་གའི་རང་བཞིན་དམན་པ་དང་། །རློམ་པའི་སེམས་ཀྱིས་བྱས་གྱུར་ན། །ཚེ་འདིར་སྡུག་བསྔལ་ཆེན་པོ་འཐོབ། །ཕ་རོལ་འཇིགས་པ་ཆེན་པོར་འགྱུར། །

དེ་ཕྱིར་མཚན་ཉིད་རྫོགས་པ་དང་། །རྒྱུད་ཀྱི་དོན་རྣམས་ཡོངས་རྟོགས་ཤིང་། །ཆོ་ག་ཐམས་ཅད་མ་ཉམས་པར། །དཀྱིལ་འཁོར་ཆེན་པོ་རྩོམ་པ་ན། །འདི་དང་ཕ་རོལ་ཐམས་ཅད་ཀྱི། །བསོད་ནམས་ཕུན་སུམ་ཚོགས་པ་འཐོབ། །མི་མཉམ་བསོད་ནམས་ཐོབ་པའི་ཕྱིར། །དཀྱིལ་

Vol. 10 · folio 50a

འཁོར་མཆོད་ལ་བརྩོན་པར་བྱ། །དེ་ལ་དང་པོ་ཁོ་ནར་སློབ་མ་སྦྱིན་པར་བྱ་བའི་ཕྱིར། མཎྜ་ལ་སོགས་པ་སྔོན་དུ་འགྲོ་བས་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །བདག་ཉིད་བསྒྲུབ་པར་བྱ་བའི་དཀྱིལ་འཁོར་རམ། །གཞན་སྦྱིན་པར་བྱ་བའི་དོན་ཆེད་དུ་

གཉེར་བས་བསྙེན་པ་ལ་འཇུག་པར་བྱ་སྟེ། དེ་ནས་ཁྱད་པར་གྱི་གནས་སོ་སོའི་སྐྱེ་བོ་མི་འདུ་བ། ཡིད་འཇུག་པ། གནས་ཀྱི་དེ་ཁོ་ན་ཉིད་རིག་པའི་སྟོབས་ཀྱིས་གནས་ཏེ། དགྱེས་པའི་རྡོ་རྗེའི་རྣལ་འབྱོར་མཚན་ཉིད་ཐམས་ཅད་དང་ལྡན་པར་བྱ་སྟེ། ལྷག་པའི་ལྷའམ་འཁོར་ལོས་

སྒྱུར་བའི་སྔགས་ལ་འབུམ་ཕྲག་གི་བཟླས་པ་བྱས་ནས། འཁོར་གྱི་སྔགས་ཀྱང་ཁྲི་ཕྲག་རེ་རེའི་བཟླས་པ་བྱས་པ་འམ། ཡང་ན་ལྷའི་རྗེས་སུ་གནང་བ་ཐོབ་ཅིང་། མཁའ་འགྲོ་མས་ལུང་བསྟན་ནས་དཀྱིལ་འཁོར་རྩོམ་པ་ལ་འཇུག་པར་བྱའོ། །དེ་དག་ནི་བསྙེན་པའི་རིམ་པའོ།། །།

ཤིང་གཅིག་འཇིགས་གནས་ཆུ་འགྲམ་དང་། །དུར་ཁྲོད་དབེན་པའི་ནགས་ཚལ་དང་། །རྒྱ་མཚོའི་འགྲམ་དང་གཡུལ་འགྱེད་སར། །བསྒྲུབས་ན་དངོས་གྲུབ་ཉེ་བར་བཤད། །མཚོ་དང་གྲོང་ཁྱེར་དབུས་དག་དང་། །སྐྱེ་བོ་འདུས་ས་ཕྱུགས་ར་དང་། །རབ་གནས་མ་བྱས་ལྷ་ཁང་དང་། །

མཚན་ཉིད་མི་ལྡན་ས་ཕྱོགས་སུ། །གང་ཞིག་དཀྱིལ་འཁོར་རྩོམ་བྱེད་ན། །དེ་ཡི་དངོས་གྲུབ་ཐམས་ཅད་ནི། །དེ་ཉིད་མཁྱེན་པས་རིང་བར་གསུངས། །གནས་བརྟག་པའི་རིམ་པའོ།། །།དུས་དང་རྒྱུ་སྐར་ཤིས་པ་ལ། །སྔ་དྲོའི་དུས་སུ་ཡང་དག་པར། །དེ་ཉིད་མཁྱེན་པའི་གཙོ་བོ་

ཡིས། །ས་ནི་ལེགས་པར་བརྟག་པར་བྱ། །བྲ་ཤིང་ཡུང་བ་རྣོ་ཤིང་རམས་ཤིང་རྣམས་ནི་སྤངས། །ཉུང་ནག་སྐུར་ཤིང་དོན་གྲུབ་གོ་བི་ད་ར་དང་། །ས་རྩུབ་དག་དང་རི་སུལ་ཚྭ་སྒོ་ཚེར་མ་ཅན། །རུས་སྦལ་རྒྱབ་འདྲའི་ས་གཞི་ཡོངས་སུ་སྤང་། །ཤར་ཕྱོགས་ནིམ་པ་ལ་ཡི་ཐར་ཤིང་ཡོད་པ་དང་། །

ལྷོ་ཕྱོགས་པ་ལ་ཤ་ཡི་ཐང་ཤིང་ཡོད་པ་དང་། །ནུབ་ཕྱོགས་ནྱ་གྲོ་དྷ་ཡི་ཐང་ཤིང་གནས་པ་དང་། །བྱང་ཕྱོགས་བ་ཀུ་ལ་ཡི་ཐང་ཤིང་སྐྱེས་པ་ནི། །ས་ཕྱོགས་དེ་དག་ཡོངས་སུ་སྤང་བར་བྱ། །མེ་ཡི་མཚམས་སུ་ཀ་ཀུ་པ་ཡི་ཤིང་ལྡན་དང་། །སྲིན་པོའི་མཚམས་སུ་བ་ལ་ཤ་ཡི་ཤིང་

Vol. 10 · folio 50b

གནས་སྤང་བར་བྱ། །དེ་བཞིན་རླུང་གི་མཚམས་སུ་པ་ལ་བྷ་ལིའི་ཤིང་། །དབང་ལྡན་མཚམས་སུ་ཨུ་དུམྺཱ་རའི་ཤིང་བཅས་སྤང་། །ཨ་ཤོ་ཀ་ནི་འབྲས་མེད་སྐམ་པོ་སྐམ་ཤིང་ས། །ཏ་མ་ལའི་ཤིང་ཚེར་མ་དུག་ཤིང་སྤང་། །གསལ་ཤིང་ལ་སོགས་གདུག་པའི་ཤིང་རྣམས་ཡོངས་སུ་

སྤང་། །མི་མཉམ་ནག་པོ་གྲུ་བཞི་ཆུ་ཤིང་སྐྱེས་པ་དང་། །ཆུ་ཤོལ་གང་རོལ་འོབས་ཅན་གཏིང་ཁུང་གཉེར་ལྡན་སྤང་། །ལེགས་པར་གྲུ་བཞིར་བརྐོས་ནས་དེ་ཉིད་ས་ཡིས་དགང་། །སྔོན་པས་དམའ་ན་ལེགས་པར་བརྟགས་ཏེ་སྤང་བར་བྱ། །མཉམ་པར་གང་སྟེ་མཐོ་ན་ས་གཞི་བཟང་པོར་

བཤད། །དེ་ནི་ས་བརྟག་པའོ།། །།བྲ་ཤིང་ལ་སོགས་ས་གཞི་ལ། །གང་ཞིག་དཀྱིལ་འཁོར་རྩོམ་བྱེད་ན། །རྩོད་དང་མྱ་ངན་ནོར་ཤོར་དང་། །ཡོན་བདག་གདུང་སྐྱེ་ཐེ་ཚོམ་མེད། །དམའ་འམ་རུས་སྦལ་རྒྱབ་འདྲ་ན། །འཆིའམ་ནད་ཆེན་འབྱུང་བར་འགྱུར། །དེ་ཕྱིར་དེ་འདྲའི་ས་གཞི་ལ། །

དཀྱིལ་འཁོར་མི་བརྩམ་བློ་ལྡན་གྱིས། །ཨ་ཤོ་ཀ་སོགས་ལྡན་པ་ཡི། །ས་གཞི་དཀར་པོ་འཇམ་པ་ཡི། །བྱང་ཤར་གཡས་འབབ་ཆུ་འབབ་ན། །དེར་ནི་བླ་མེད་དངོས་གྲུབ་ཐོབ། །བརྐོས་པས་ས་ཆུས་མ་ཁེངས་ན། །དེས་ནི་དགོངས་པ་ཉམས་པར་འགྱུར། །བརྐོས་པས་ས་ཆུས་གང་

ལྷག་ན། །བསམས་པའི་དགོངས་པ་འགྲུབ་པར་འགྱུར། །ས་གཞིའི་མཚན་ཉིད་བརྟག་པའོ།། །།དེ་ནས་སྔགས་པས་ས་གཞི་ལེགས་པར་བརྟགས་པའི་དབུས་སུ་མཐོ་ཞིང་བདེ་བའི་སྟན་ལ་འདུག་སྟེ། ཁྲུས་བྱས་ཏེ་དྲི་ཞིམ་པོས་བྱུགས་ལ། ན་བཟའ་དང་ཕྱག་རྒྱ་དྲུག་གིས་ལེགས་

པར་བརྒྱན་ལ། དགོས་པ་ཐམས་ཅད་ཡོངས་སུ་ཚོགས་པར་བྱས་ནས་རྒྱུན་དུ་བསྲུང་བའི་སྔགས་བཟླས་ཏེ། སྔགས་པ་མཉམ་པར་གཞག་པ་དང་ལྡན་པས་རྡོ་རྗེ་དང་དྲིལ་བུ་གཟུང་སྟེ། མཆོད་པ་དང་གཏོར་མ་སྔོན་དུ་འགྲོ་བ་བྱས་ནས། དགོངས་ཀའི་དུས་སུ་ཏིང་ངེ་འཛིན་གསུམ་རྫོགས་པར་

བྱས་ལ། ཇི་ལྟར་བཤད་པའི་དྲག་པོའི་སྦྱིན་སྲེག་གིས་བགེགས་བསྐྲད་ནས་ཕུར་བུ་བཏབ་སྟེ། རྡོ་རྗེ་ར་བ་དང་གུར་ལ་སོགས་པ་བསྒོམ་པར་བྱའོ། །དེ་ནས་སློབ་མ་བསྲུང་བའི་དོན་དུ་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་གཏོར་མ་རྒྱ་ཆེན་པོ་ཇི་ལྟ་བའི་གདམས་ངག་གིས་བྱིན་གྱིས་བརླབས་ལ།

Vol. 10 · folio 51a

ཕྱོགས་ཐམས་ཅད་ཀྱི་འཇིག་རྟེན་སྐྱོང་བ་རྣམས་ལ་སྒྲ་ཆེན་པོ་དང་ལྡན་པར་བྱས་ཏེ་སོ་སོ་ལ་གཏོར་མ་སྦྱིན་ནོ། །བྱིན་གྱིས་རློབ་པའི་གསོལ་བ་གདབ་པར་བྱའོ། །དེའི་ནང་པར་སྔ་དྲོའི་དུས་སུ་སྔགས་པ་རྣལ་འབྱོར་དང་ལྡན་པ་ལས་ཐམས་ཅད་པའི་སྔགས་ཀྱིས་ལས་

ཐམས་ཅད་པའི་ཆུ་ལ་བསྔགས་ཏེ། ས་གཞི་ལ་བསང་གཏོར་དུ་བྱས་ནས་རང་གི་འོད་ཟེར་གྱིས་ཇི་ལྟར་བཤད་པའི་སའི་ལྷ་མོ་བཀུག་སྟེ། མདུན་གྱི་ནམ་མཁའི་དབྱིངས་ནས་མཆོད་པ་ལ་སོགས་པས་ཡོངས་སུ་མཆོད་ལ། ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཞེས་པ་ལ་སོགས་པས་གསོལ་

བ་བཏབ་ནས་ཨོཾ་བཛྲོཏྟིཥྛ་ཞེས་བྱ་བའི་སྔགས་ཀྱིས་ནམ་མཁའི་ཕྱོགས་སུ་གཞག་པར་བྱའོ། །ལས་ཀྱི་རྡོ་རྗེས་བརྐོ་བར་བྱ། །ཟབས་སུ་པུས་མོའི་ཚད་ཙམ་བརྐོ། །ལྟོ་འཕྱེ་ཡོངས་སུ་བརྟག་བྱས་ལ། །སྐྱོན་ནི་རྣམ་པར་བརྟག་པར་བྱ། །དགུན་ཟླ་གསུམ་གྱི་བདག་ཉིད་ལ། །ཇི་ལྟར་

ཉི་མ་ཤར་ནས་བརྩམས། །ལྷོ་ཡི་ཕྱོགས་སུ་མགོ་བལྟས་ནས། །གཡོན་གྱི་ལུས་ཀྱིས་ཉལ་བ་ཡིན། །དཔྱིད་ཟླ་གསུམ་གྱི་བདག་ཉིད་ལ། །ལྷོ་ནས་ཉི་མ་ནུབ་ཕྱོགས་སུ། །ལུས་སྟོད་མི་ལུས་ནུབ་ཏུ་བལྟ། །ལུས་སྨད་སྦྲུལ་འདྲ་ཤར་དུ་ཡིན། །དབྱར་ཟླ་གསུམ་གྱི་བདག་ཉིད་ལ། །

བྱང་དུ་ཁ་བལྟས་ནུབ་ཏུ་འཁོར། །སྟོན་ཟླ་གསུམ་གྱི་བདག་ཉིད་ལ། །ཤར་དུ་མགོ་བལྟས་ཤར་བལྟ་ཡིན། །དེ་ཡིས་ལྟོ་ཤེས་བྱས་ནས་བརྐོ། །དེས་མི་འདོད་པའི་དངོས་གྲུབ་ནི། །ཐོབ་པར་འགྱུར་ཏེ་ཐེ་ཚོམ་མེད། །གལ་ཏེ་མགོ་བོར་བརྐོ་བ་ན། །ཕ་དང་མ་དང་སྙིང་གཉེན་དང་། །

བུ་དང་ཚ་བོ་ཉེ་འཁོར་བཅས། །རྟག་ཏུ་བརླག་འགྱུར་ཐེ་ཚོམ་མེད། །གལ་ཏེ་རྒྱབ་ཏུ་བརྐོས་པ་ན། །ཡུལ་འཆོར་ཡང་ན་འཆི་བར་འགྱུར། །གལ་ཏེ་མཇུག་མར་བརྐོས་པ་ན། །བ་ལང་མ་ཧེ་ལ་སོགས་པའི། །སྒོ་ཕྱུགས་མྱུར་དུ་བརླག་པར་འགྱུར། །དེ་ཕྱིར་ལྟོ་འཕྱེ་ཡོངས་བརྟགས་ལ། །

སྐོར་བ་ལན་གསུམ་བྱས་ནས་ནི། །ལྟོ་བའི་ཕྱོགས་སུ་བརྐོ་བར་བྱ། །ལྟོ་འཕྱེ་ཤར་ཕྱོགས་ནས་བརྩམས་ནས། །ཇི་ལྟར་དུས་ཚོད་གསུངས་པ་བཞིན། །ཕྱོགས་མཚམས་ཀུན་དུ་འཁོར་ཞིང་གནས། །ས་བརྐོས་པ་ཡི་ནང་ནས་ནི། །ཕུབ་མ་རྡོ་བ་གསེག་མ་དང་། །སོལ་བ་རོ་དུམ་ལ་

Vol. 10 · folio 51b

སོགས་པ། །དེ་དག་ལེགས་པར་བསལ་བར་བྱ། །བྱུང་ནས་ལེགས་པར་མ་བསལ་ན། །དེ་ལ་ངེས་པར་སྐྱོན་དུ་འགྱུར། །རུས་པ་མ་བསལ་སྐྱོན་གྱིས་ལུས་ནི་འཇིག་པར་འགྱུར། །སོལ་བ་མ་བསལ་སྐྱོན་གྱིས་འཇིག་པ་ཆེན་པོས་ཕོག །ཐལ་བས་ནོར་ཤོར་མི་རུས་ཀྱིས་ནི་འཆི་

བར་འགྱུར། །སྦྲུལ་ལ་སོགས་པའི་སྐྱོན་ནི་ལེགས་པར་སྔགས་ཀྱིས་སྤང་། །མ་སྤངས་སྐྱོན་གྱིས་མཁའ་འགྲོའི་ཆད་པ་འབྱུང་བར་འགྱུར། །རྡོ་དང་རྡུལ་ཕྱེ་བྱེ་མ་སེན་མོ་སྐྲ་དང་གྱོ་མོ་བོང་བ་དང་། །ཤིང་དང་ཕག་བུ་དྲི་མ་ཕུག་མ་ཚེར་མ་རྡོ་ཚིགས་ལ་སོགས་པ། །མ་བསལ་སྐྱོན་

གྱིས་བརྡུང་བརྡེག་རྩོད་དང་རྣམ་པར་འཚེ་བ་ཀུན་དུ་འབྱུང་། །དེ་ཕྱིར་ཤིན་ཏུ་ཕྲ་བའི་སྐྱོན་ཡང་ལེགས་པར་བརྟགས་ཏེ་ཡོངས་སུ་སྤང་། །པུས་མོའི་ཚད་དུ་བརྐོས་པས་ནི། །ས་བརྟག་ལེགས་པར་མ་བྱུང་ན། །རྐེད་པའི་ཚད་དུ་བརྐོ་བར་བྱ། །གསེག་མ་ལ་སོགས་མང་གྱུར་ནས། །དེ་དག་

བསལ་བར་མ་ནུས་ན། །ཆུ་དང་ཡུངས་ཀར་ཤིས་པར་བྱ། །ཆུ་དང་ཡུངས་ཀར་ལག་བཟུང་ནས། །ས་གཞི་ཡོངས་སུ་ཁྱབ་གཏོར་ཏེ། །སྔགས་ནི་འོད་བཅས་དྲག་ཏུ་བརྗོད། །ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། དེ་ནས་ཧཱུྃ་གིས་བྱིན་གྱིས་བརླབས་པའི་ཆུ་དང་ས་ལ་ལས་ཐམས་ཅད་པའི་སྔགས་

ཀྱིས་ལན་དུ་མར་བསྔགས་ཏེ་ས་ལ་ཁྱབ་པར་གཏོར་ནས། རིན་པོ་ཆེ་ལྔ་དང་སྨན་ལྔ་རྒྱལ་བའི་ས་བོན་གྱིས་བྱིན་གྱིས་བརླབས་ཏེ། དཀྱིལ་འཁོར་གྱི་སྙིང་པོར་བཅུག་ནས། ཤིན་ཏུ་མཉམ་པར་ལེགས་པར་བརྡུང་བར་བྱའོ། །བདག་གམ་ལས་ཀྱི་རྡོ་རྗེ་མ་ཡིན་པས་མི་བྱའོ། །རྒྱལ་པོའི་ཕོ་བྲང་

ནང་དང་ནི། །མི་མཉམ་པ་ཡི་ས་ཕྱོགས་དང་། །གླང་ཆེན་བ་གླང་ར་བ་དང་། །ལྷ་ཁང་ནང་དང་ལམ་ཆེན་དང་། །ཆུ་དང་མཚོ་ཡི་འགྲམ་དུ་ནི། །དེ་དག་གནས་སུ་བརྐོ་མི་བྱ། །ས་ནི་ཡོངས་སུ་དག་བྱའི་ཕྱིར། །ལག་པ་བཞག་ནས་གསང་སྔགས་བརྗོད། །ས་ཕྱོགས་ཡོངས་སུ་དག་

པས་ནི། །སེམས་ཀྱི་སྒྲིབ་པ་སྤོང་བར་འགྱུར། །ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ལ་དཀྱིལ་འཁོར་གྲུ་བཞི་པ། སྒོ་བཞི་རྟ་བབས་བཞིས་བརྒྱན་པ། བར་སྣང་ཁྱབ་པར་གནས་པ། བླ་རེ་དང་། རྔ་ཡབ་དང་། བ་དན་དང་། དྲིལ་བུ་གཡེར་ཁ་དང་། དར་དཔྱངས་དང་། མེ་ཏོག་གི་ཆུན་འཕྱང་

Vol. 10 · folio 52a

གིས་སྤྲས་པ། དྲི་ཞིམ་པོའི་མེ་ཏོག་གི་ཆུན་འཕྱང་དང་ཁ་དོག་སྣ་ཚོགས་ཀྱི་རས་ཀྱིས་བརྒྱན་པ། དེ་ལྟ་བུའི་ས་ཕྱོགས་པའི་རྣམ་པ་ལྔས་དག་པ་ལ་བདུད་རྩི་ལྔ་དང་དྲི་ཞིམ་པོས་བྱུགས་ཏེ། གྲྭ་དང་ཕྱོགས་སུ་སྤོས་ཀྱིས་བཀང་བའི་ཕོར་བུ་བཞག་ལ། དེར་སྦྱིན་སྲེག་

ལ་སོགས་པ་བྱའོ། །དེ་ནས་སའི་ལྷ་མོ་བཀུག་སྟེ། ས་ཕྱོགས་དེར་བྱིན་གྱིས་རློབ་པའི་བདག་ཉིད་དུ་དམིགས་པར་བྱའོ། །ཕྱིའི་ས་སྦྱང་བའི་རིམ་པའོ།། །།དེ་ནས་རྡོ་རྗེ་སློབ་དཔོན་གྱིས་བདེ་བའི་སྟན་ལ་འདུག་ལ། མཉམ་པར་གཞག་པས་ལེགས་པར་སྦྱངས་པའི་ས་ལ་མཆོད་

པ་དང་གཏོར་མ་སྔོན་དུ་འགྲོ་བས་ལྷག་པའི་ལྷའི་དཀྱིལ་འཁོར་བསྐྱེད་པར་བྱས་ནས་བགེགས་བསྐྲད་པར་བྱས་ཏེ། ལས་ཐམས་ཅད་པའི་སྔགས་ཀྱིས་ལས་ཐམས་ཅད་པའི་ཆུ་ལ་ལན་བདུན་དུ་བསྔགས་ནས་དཀྱིལ་འཁོར་ལ་བསང་གཏོར་དུ་བྱའོ། །དེ་ལ་ཨོཾ་བྷུ་ཁཾ་གི་སྔགས་ཀྱིས་ནམ་མཁའི་

རང་བཞིན་དུ་བྱས་ནས། ཧཱུྃ་ལཾ་ཧཱུྃ་གི་སྔགས་ཀྱིས་ས་གཞི་རྡོ་རྗེའི་རང་བཞིན་དུ་དམིགས་སོ། །ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུྃ་གི་སྔགས་ཀྱིས་ས་གཞི་དེ་ཉིད་བརླབ་པར་བྱའོ། །ནང་གི་ས་སྦྱང་བའི་རིམ་པའོ།། །།དེ་ནས་སློབ་དཔོན་གྱིས་མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་སིལ་མར་བཀྲམ་པའི་

དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་དྲིལ་བུ་བཟུང་ནས་འདུག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ཏིང་ངེ་འཛིན་གསུམ་དང་ལྡན་པར་བྱས་ལ། ཕྱོགས་གཞིར་གཽ་རཱི་ལ་སོགས་པའི་རྣལ་འབྱོར་དུ་ཞུགས་པའི་སློབ་མས་རྡོ་རྗེ་དང་དྲིལ་བུ་ལག་ཏུ་ཐོགས་ནས། རྡོ་རྗེ་ཚིག་བཞིས་བསྐུལ་

བར་བྱའོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །ཀུན་དུ་བཟང་པོ་སྐུ་ཡི་

མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣལ་འབྱོར་པ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་ཐུགས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་བཟང་

Vol. 10 · folio 52b

ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ལྟར་བསྐུལ་ནས་བསྔགས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ང་རྒྱལ་དུ་བྱས་ནས་འདི་སྐད་བརྗོད་དོ། །ང་ཉིད་སངས་རྒྱས་ཐམས་ཅད་ཉིད། །ང་ཉིད་བྱང་ཆུབ་སེམས་ཀུན་

ཉིད། །ང་ཉིད་རྡོ་རྗེ་ཉི་མ་ཉིད། །ང་ཉིད་རྡོ་རྗེ་དོན་ཡོད་དེ། །ང་ཉིད་རྡོ་རྗེ་ཆོས་ཀུན་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཀུན་གྱི་ཐུགས་མཆོག་ང་ཉིད་ཡིན། །དེ་ནས། ཨོཾ་བཛྲོ་ཏྟིཥྚའི་སྔགས་ཀྱིས་སྔོན་དུ་བཤད་པའི་དཀྱིལ་འཁོར་བཏེག་སྟེ་ནམ་མཁའི་ཁམས་སུ་གཞག་གོ། །

སེམས་ཅན་གྱི་ཁམས་ཐམས་ཅད་ཉོན་མོངས་པའི་མུན་པས་གཏིབས་པ་བསལ་བའི་དོན་དུ་སྙིང་རྗེའི་བདག་ཉིད་བཞེངས་ཏེ། ཊ་ལས་ཟླ་བ་མིག་གཡོན་པ། གཡས་པ་མ་ལས་ཉི་མར་འབར། །འཇིག་རྟེན་ཐམས་ཅད་འབར་བལྟས་ཁྱབ། །རྡོ་རྗེའི་ལྟ་བས་མཉམ་པར་བལྟ། །རྐང་

འོག་རྡོ་རྗེ་འབར་བ་སྟེ། །ཤིན་ཏུ་ཁྲོ་བའི་སྦྱོར་བ་ཡིས། །རྡོ་རྗེ་ཤིན་ཏུ་གསོར་བར་བྱ། །སྣ་ཚོགས་རྡོ་རྗེ་འགྲོས་ཀྱི་གར། །དྲིལ་བུ་གནས་སུ་གསིལ་བྱ་ཞིང་། །ཁྲོ་གཉེར་འཇིགས་བཅས་ཧཱུྃ་སྒྲ་སྒྲོགས། །སྔགས་པ་གཡས་སྐོར་ཁྲོས་སྟངས་ཀྱིས། །འཁོར་ལོའི་ས་ལ་དྲག་པོར་བསྐོར། །

ལྷ་སོགས་བགེགས་ཀྱི་ཚོགས་རྣམས་ཀྱིས། །ལུས་ངག་ཡིད་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ནི་ཐམས་ཅད་ཉོན། །དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཆེན་ཀུན་ཉོན་ཅིག །རྣལ་འབྱོར་བདེ་གཤེགས་ཕོ་བྲང་ངས་བཞེངས་ཀྱིས། །

བགེགས་ཆེན་རིགས་སོགས་གང་ཕྱིར་འབྱེར་བར་གྱིས། །ང་ནི་ཀུན་དངོས་སངས་རྒྱས་རྡོ་རྗེ་ཅན། །བདེ་ཆེན་ལས་བྱུང་རྡོ་རྗེ་སེམས་དཔའ་ཡིན། །ང་ནི་སྙིང་རྗེ་ཆེན་པོ་དཔལ་དང་ལྡན་པ་ཡིན། །སྲུང་བའི་འཁོར་ལོ་ང་ཡིས་རབ་འབྱོར་པ། །རྡོ་རྗེ་འབར་བའི་ཁྲོ་གཟུགས་ཀྱིས། །གསང་

གསུམ་རྡོ་རྗེ་རབ་གསོར་བས། །འཇིགས་པར་འགྱུར་བ་གདོན་མི་ཟ། །གལ་ཏེ་ང་ཡི་བཀའ་འདས་ན། །ཤིན་ཏུ་རྣམ་པར་འཇིག་འགྱུར་ཏེ། །ཕྱེ་མར་གྱུར་པ་གདོན་མི་ཟ། །དེ་ནས་བགེགས་ཚོགས་ཀུན་འབྱེར་ཏེ། །ལྷག་མ་ལུས་པ་ཅུང་ཟད་མེད། །བགེགས་བསྐྲད་ནས་ས་གཟུང་

Vol. 10 · folio 53a

བའི་རིམ་པའོ།། །།དེ་ནས་སྔགས་པས་བགེགས་ཉེ་བར་ཞི་བར་བྱ་བའི་དོན་དུ། བདུད་རྩི་འཁྱིལ་པ་སྨད་རྩེ་གསུམ་ཕུར་བུའི་དབྱིབས་སུ་གནས་པ། སྟོད་ཁྲོ་བོ་ཆེན་པོའི་ཆ་བྱད་ཉི་མ་འབུམ་གྱི་འོད་འབར་བར་བསམས་ནས་དཀྱིལ་འཁོར་གྱི་དབུས་

སུ་བསྒོམ་པར་བྱའོ། །ཨོཾ་གྷ་གྷ། གྷཱ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཥྚཱ་ན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི། སརྦ་བིགྷྣཱཾ། ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། སྔགས་འདི་དག་ཕྱོགས་ཐམས་ཅད་དུ་སྤྲོས་པའི་སྦྱོར་བས་བགེགས་ལ་གདབ་པར་

བྱའོ། །དེ་བགེགས་ལྷག་མ་མེད་པར་གཞོམ་པར་བྱ་བའི་ཕྱིར། ཕྱོགས་སོ་སོ་ནས་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བ་རྣམས། བུ་དང་བུ་མོ་ཆུང་མ་དང་འཁོར་དང་གཡོག་ཏུ་བཅས་པ་གདུག་སེམས་དང་བཅས་པ་རྣམས་དཀྱིལ་འཁོར་གྱི་ཕྱོགས་སུ་དམིགས་ལ། བདུད་

རྩི་འཁྱིལ་པའི་སྦྱོར་བ་དང་སྔགས་ཀྱིས་སོ་སོའི་ལུས་ངག་ཡིད་ལ་གདབ་པར་བྱའོ། །བཏབ་སྟེ་རང་བཞིན་མེད་པར་དམིགས་སོ། །ཕུར་བུ་གདབ་པའི་རིམ་པའོ།། །།དེ་ནས་བགེགས་དང་བྲལ་བར་གྱུར་པ་ལ་རྣོ་བའི་གཟུགས་ཀྱི་འོད་ཟེར་གྱིས་བར་སྣང་ཁྱབ་པར་བྱས་ལ།

ཕྱི་རོལ་གྱི་རྡོ་རྗེ་ར་བ་ལ་སོགས་པ་བྱའོ། །དེ་ལ་རཾ་དམར་པོ་ཡོངས་སུ་གྱུར་པའི་ཉི་མའི་དབུས་སུ་ཧཱུྃ་ནག་པོ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་འོད་ཟེར་ལྔ་དང་ལྡན་པར་རྣམ་པར་བསྒོམ་པར་བྱའོ། །དེའི་འོད་ཟེར་རྡོ་རྗེ་ཕྲ་མོའི་རང་བཞིན་ནམ་མཁའི་ཁམས་ཡོངས་སུ་ཁྱབ་ནས་ཕྱོགས་

བཅུར་འཕྲོས་ཏེ། ཤིན་ཏུ་མཚམས་མེད་པའི་རྡོ་རྗེའི་ར་བས་གཏམས་པར་བྱའོ། །སྟེང་གི་ཕྱོགས་སུ་འཕྲོས་པས་ནི་རྡོ་རྗེའི་གུར་མཚམས་མེད་པར་བྱའོ། །འོག་ཏུ་སྤྲོས་པས་ནི་རྡོ་རྗེའི་ས་གཞི་བརྟན་པར་བྱའོ། །གུར་དང་རྡོ་རྗེ་ར་བ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་སྤྲོས་ཏེ། ཤིན་ཏུ་

མཚམས་མེད་པར་ཕྱོགས་བཅིང་བར་བྱའོ། །ཉི་མ་དང་སྣ་ཚོགས་རྡོ་རྗེའི་འོད་ཟེར་མཉམ་པར་ཤིན་ཏུ་རིང་བར་སྤྲོས་ཏེ། མཚམས་བཅད་པའི་འཁོར་ལོའི་རང་བཞིན་དུ་དམིགས་སོ། །རྡོ་རྗེ་གུར་ལ་སོགས་པའི་བསྲུང་བའི་འཁོར་ལོའི་རིམ་པའོ།། །།དེ་ནས་པཾ་སེར་པོ་ལས་སྐྱེས་པའི་

Vol. 10 · folio 53b

སའི་ལྷ་མོ་སྐུ་མདོག་སེར་མོ་ལུས་ཕྱེད་འཐོན་པ། རིན་པོ་ཆེའི་བུམ་པ་འཛིན་པ། རྒྱན་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ། རང་གི་མདུན་གྱི་ས་ལ་དེ་ལྟར་དམིགས་ཏེ་ཚིག་འདིས་གསོལ་བ་གདབ་པར་བྱའོ། །དགྱེས་པའི་རྡོ་རྗེ་ཁྲོས་མཆོད་པའི། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །རིན་ཆེན་སྣ་

ཚོགས་ཕྱེ་མ་ཡིས། །བདག་གིས་དོན་ཡོད་དཀྱིལ་འཁོར་བྲི། །དེ་ལྟར་ས་ཡི་ལྷ་མོ་ལ། །གསོལ་བ་ལན་གསུམ་བཏབ་ནས་ནི། །བསང་གཏོར་ལ་སོགས་རབ་ཕུལ་ནས། །ཕྱི་ནས་མཆོད་པ་ཀུན་བྱ་སྟེ། །དེ་ཉིད་ས་ལ་ཐིམ་ནས་ནི། །སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི། །ཆོས་

འབྱུང་ངོ་བོ་གནས་པར་འགྱུར། །དེ་ནས་སློབ་དཔོན་ལས་ཀྱི་རྡོ་རྗེ་དང་བཅས་པས་བདུད་རྩི་དྲི་ཞིམ་པོས་དཀྱིལ་འཁོར་བྱུགས་ལ། དེར་མེ་ཏོག་སྣ་ཚོགས་སིལ་མས་བཀྲམ་ལ། དབུས་སུ་བདུད་རྩི་ལྔས་དཀྱིལ་འཁོར་དགུ་བྱས་ཏེ། དེ་ནས་གོང་དུ་ནམ་མཁའི་ཁམས་སུ་

བཞུགས་པའི་དཀྱིལ་འཁོར་སྤྱན་དྲངས་ཏེ། བདུད་རྩི་ལྔའི་དཀྱིལ་འཁོར་ལ་བཞུགས་པར་དམིགས་སོ། །དེ་ནས་ཡང་རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་ར་བ་ལ་སོགས་པ་སྲུང་བའི་འཁོར་ལོ་ཚང་བར་བྱས་ལ། ཕྱི་དང་ནང་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད་དེ། བསྟོད་པ་

དང་བདུད་རྩི་མྱང་བ་བྱའོ། །ས་གཟུང་བ་དང་སྟ་གོན་ལ་སོགས་པ་ལ་མཚན་མོའི་དུས་སུ་སྒྲའི་མཆོད་པ་ནི། ཅང་ཏེའུ་དང་། ཆ་ལང་དང་། རྔ་རིངས་དང་། རྔ་དང་། ཕྱེད་རྔ་དང་། རྔེའུ་ཆུང་དང་། པི་ཝང་དང་། གླིང་བུའི་སྒྲས་ཤིན་ཏུ་དལ་བས་ལེགས་པར་མཆོད་དེ། རྡོ་རྗེའི་གླུ་ཤིན་ཏུ་དལ་བས་

གར་དང་བསྟུན་ལ་ལེགས་པར་བསྒྱུར་བ་དང་། བཀྲ་ཤིས་ཀྱི་ཚིག་སྙན་པར་བརྗོད་པ་དང་གར་མཁན་མ་བརྒྱན་པས་གར་གྱི་འགྱུར་བ་སྣ་ཚོགས་ཀྱིས་དཀྱིལ་འཁོར་གྱི་ཕོ་བྲང་གི་ནང་དུ་མཆོད་པའི་བྱེ་བྲག་གིས་མཆོད་པར་བྱའོ། །དེ་ལྟར་ལེགས་པར་བརྟགས་པའི་དག་པར་གྱུར་པའི་དཀྱིལ་

འཁོར་གྱི་ཤར་དུ་རྣལ་འབྱོར་པ་བདེ་བའི་སྟན་ལ་འདུག་སྟེ། མདུན་གྱི་གཡོན་གྱི་ཆར་མན་འཇི་ལ་སོགས་པའི་སྟེང་དུ་རིན་པོ་ཆེའི་སྣོད་དྲི་ཞིམ་པོའི་ཆུ་དང་མེ་ཏོག་གིས་བཀང་ལ། ལས་ཐམས་ཅད་པའི་སྔགས་ཀྱིས་ལན་བདུན་དུ་བསྔགས་ལ་བསང་གཏོར་ལ་སོགས་པ་གཞག་པར་བྱའོ། །

Vol. 10 · folio 54a

རྣལ་འབྱོར་པའི་ཏིང་ངེ་འཛིན་གསུམ་དང་ལྡན་པས་བུམ་པ་སྟ་གོན་ལ་གནས་པར་བྱའོ། །དེ་ལ་ནག་པོ་ར་རི་མེད་པ། ལྟོ་བ་ཆེ་བ། མཆུ་འཕྱང་བ། མགྲིན་པ་རིང་བ། ཞབས་སྟེགས་མེད་པ་ལེགས་པར་བཀྲུས་ལ་བདུག་པས་བདུགས་ཏེ། ཏིལ་དང་། གྲོ་དང་། སྲན་མ་དང་།

འབྲས་དང་ནས་རྣམས་ནི་འབྲུ་ལྔའོ། །བྲྀ་ཧ་ཏི་དང་། ཀཎྜ་ཀ་རི་དང་། ཤྭེ་ཏ་ཨ་པ་རཱ་ཛི་ཏ་དང་། ས་ཧ་དེ་བ་དང་། དཎྜོཏྤ་ལ་སྟེ་སྨན་ལྔའོ། །གུར་ཀུམ་དང་། ཨ་ཀ་རུ་དང་། གནྡྷི་དང་། ཙནྡན་དང་། སཏྟ་ཨ་གྷ་སྟེ་དྲི་ལྔའོ། །གསེར་དང་། དངུལ་དང་། མུ་ཏིག་དང་། བྱུ་རུ་དང་། རྒྱལ་པོ་རིན་པོ་ཆེ་

ལྔའོ། །དེ་རྣམས་ཡང་དག་པར་བསྡུས་ཏེ། དག་པའི་འབྱོར་པ་དང་ལྡན་པས་བུམ་པར་བླུགས་པར་བྱའོ། །རྟ་དང་། གླང་པོ་ཆེ་དང་། རྔ་མོ་དང་། བ་ལང་ལ་སོགས་པས་མ་བརྙོགས་པ་ཆུ་རིན་པོ་ཆེའི་སྣོད་དུ་དག་པའི་སྐྱེས་བུས་གཞན་དང་དག་མ་འདྲེས་པར་བླངས་ཏེ། ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་

ཏཔྟེ་སྭཱ་ཧཱ། ཞེས་བརྗོད་པས་ལྷའི་ཆུ་དག་པར་གྱུར་ནས་བུམ་པ་ཡོངས་སུ་དགང་བར་བྱའོ། །ཙུ་ཏ་དང་། འཛམ་བུ་དྷ་དང་། ཀ་པིངྠ་དང་། བྷི་ལོ་དང་། མ་དུ་ལུང་ག་དང་། ཤིང་ལྔ་བདུག་པས་བདུགས་ཏེ་ཁ་རྒྱན་དུ་བྱའོ། །རས་སར་པ་མ་ཉམས་པ་དྲི་མ་ལ་སོགས་པའི་སྐྱོན་གྱིས་མ་

གོས་པས་ཅོད་པན་དུ་བྱས་ཏེ། བུམ་པའི་དབུས་སམ་མགྲིན་པར་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་ཆུད་པར་སོ་སོའི་ལྷའི་ཕྱག་མཚན་དྲི་ཞིམ་པོས་ལེགས་པར་བྲིའོ། །དེ་ནས་པཾ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་བུམ་པར་བསམ་མོ། །གདུགས་དང་བ་དན་དང་། མེ་ཏོག་གི་ཆུན་འཕྱང་

གིས་བརྒྱན་པ། དེ་དག་གི་དབུས་སུ་གཙོ་བོ་ལ་སོགས་པ་ཆོ་ག་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། མེ་ཏོག་ཕྲེང་བས་བརྒྱན་པའི་རྡོ་རྗེའི་སྐུད་པ་ལ་རྡོ་རྗེ་དང་ལྡན་པས་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པའི་སྟེང་དུ་བཞག་ལ། ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་སྐུད་པའི་རྩེ་མོ་ལ་

གཟུང་ལ། གཡས་པས་གསང་བའི་ཕྲེང་བ་ཐུགས་ཀར་བཟུང་ནས། ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་དགུག་པ་དང་གཞུག་པ་དང་དབང་བསྐུར་བ་ལ་སོགས་པར་དམིགས་ནས། སོ་སོའི་སྔགས་ཡི་གེ་གསུམ་དང་ལྡན་པས་བཟླས་པ་བརྒྱ་རྩ་བརྒྱད་རྩ་བརྒྱད་བྱའོ། །

Vol. 10 · folio 54b

དེ་ནས་འཁོར་ལོའི་ལྷ་རྣམས་ཀྱི་བུམ་པ་ལ། བཟླས་པ་གཙོ་བོ་བས་ཅུང་ཟད་ཉུང་ཡང་རུང་། ཡང་ན་རྩ་བའི་སྔགས་ཀྱིས་ལན་བདུན་བདུན་བཟླས་པར་བྱའོ། །ཇི་ལྟར་གཙོ་བོ་བྱིན་གྱིས་བརླབས་པ་དེ་བཞིན་དུ་འཁོར་རྣམས་ཀྱང་བྱིན་གྱིས་བརླབ་པོ། །དེ་ནས་བསང་གཏོར་ནས་བརྩམས་

ཏེ་ཕྱི་དང་ནང་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱིས་མཆོད་ནས་རྡོ་རྗེ་དང་དྲིལ་བུ་འཛིན་པས་བསྟོད་པ་བྱའོ། །དེ་ནས་བུམ་པ་གཞན་ཡང་སེམས་ཅན་ཐམས་ཅད་ཀྱི་ཕྲིན་ལས་རྫོགས་པར་བྱ་བའི་ཕྱིར། ཇི་ལྟར་གོང་མ་བཞིན་དུ་ལས་ཐམས་ཅད་པའི་ཁྲོ་བོས་བྱིན་གྱིས་བརླབས་ནས་ལས་ཐམས་

ཅད་པའི་སྔགས་ཡི་གེ་གསུམ་དང་ལྡན་པས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ལ་སློབ་དཔོན་ལ་ལས་ནི་ཤར་ལ་སོགས་པའི་བུམ་པ་བརྒྱད་ནི་འདི་ལྟར་གནས་ཏེ། རྒྱལ་བ་དང་། བཀྲ་ཤིས་དང་། དངོས་གྲུབ་དང་། སྲུང་བ་དང་། ཡང་རྒྱལ་བ་དང་། ཞི་བ་དང་། རྫུ་འཕྲུལ་དང་། དངོས་གྲུབ་

སྟེ། དེའི་ངོ་བོས་གནས་ཏེ། ཨོཾ་སུཾ་ཁུཾ་ཡུཾ་ཧཱུྃ་སྭཱ་ཧཱ། སྔགས་འདིས་ལན་བདུན་དུ་བྱིན་གྱིས་བརླབས་ཏེ། སྟ་གོན་ལ་གནས་པར་བྱའོ་ཞེས་གསུང་ངོ་། །བུམ་པ་སྟ་གོན་ལ་གནས་པའི་ཆོ་གའོ། །དེ་ནས་སྔགས་པས་མེ་ཏོག་དྲི་ཞིམ་པོ་ཐལ་མོས་བཟུང་སྟེ། ལུས་འདུད་པར་བྱས་ནས། ཨོཾ་སརྦ་

ཏ་ཐཱ་ག་ཏ། སུ་ལ་ལི་ཏ། བི་ལཱ་ས་ན་མི་ཏཻ་ར་ན་མཱ་མི་བྷ་ག་བཱནྟཾ་ཛཿཧཱུྃ་བཾ་ཧོཿ པྲ་ཏཱིཙྪ་ཀུ་སུ་མཱཉྫ་ལི་ནཱ་ཐ་ཧོཿཞེས་བརྗོད་ནས་སྙིམ་པའི་མེ་ཏོག་དོར་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པར་བྱའོ། །དེ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལག་པས་དྲི་ཞིམ་པོའི་སྤོས་ཀྱི་སྣོད་

ཐོགས་ལ། ཧཱུྃ་ཤིན་ཏུ་ཕྲ་བ་ལྕེ་ལ་བསམས་ནས། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གསུང་དུ་བསམས་ཏེ། གསོལ་བ་གདབ་པར་བྱའོ། །བཅོམ་ལྡན་ཁྲོ་བོ་རྡོ་རྗེ་ཅན། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་

རྗེའི་བདག་ཉིད་ཅན་རྣམས་ཀྱིས། །དཀྱིལ་འཁོར་བདག་ནི་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །རྗེས་སུ་གནང་བ་མཛད་དུ་གསོལ། །སངས་རྒྱས་འཁོར་བའི་དོན་བྱ་བརྩོན། །བྱང་ཆུབ་སེམས་དཔའ་འབྲས་གནས་དཔལ། །གཞན་ཡང་གསང་སྔགས་ལྷ་རྣམས་

Vol. 10 · folio 55a

དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཅན་དང་། །གཞན་ཡང་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པ་མཛད་དུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །དགྱེས་པའི་རྡོ་རྗེ་

དཔལ་འབྱུང་བའི། །འགྲོ་བ་དག་པར་བྱ་བའི་ཕྱིར། །ཡོ་བྱད་ཅི་འབྱོར་བས་འདྲི་ན། །དེང་བདག་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ལྟར་ལན་གསུམ་གསོལ་བ་

བཏབ་ནས་མཆོད་པ་དང་བསྟོད་པར་བྱའོ། །ལྷ་སྟ་གོན་ལ་གནས་པའི་རིམ་པའོ།། །།དེ་ནས་སྔགས་པ་དཀྱིལ་འཁོར་གྱི་ནང་ནས་ཕྱིར་བྱུང་སྟེ། སྲུང་བའི་འཁོར་ལོ་བྱས་ནས་སློབ་མ་སྟ་གོན་ལ་གནས་པར་བྱའོ། །བླ་མའི་མདུན་དུ་མཎྜལ་ཕུལ། །མེ་ཏོག་ཕྲེང་ཐོགས་རང་

སློབ་མ། །ཡིད་གཞུངས་སྤྲོ་བ་ཆེ་བ་དང་། །བྱས་པ་གཟོ་ཞིང་ང་རྒྱལ་མེད། །རིགས་མཐོ་ཡོན་ཏན་ལྡན་ཞིང་དང་། །གཟུགས་བཟང་ཁ་དོག་ལང་ཚོར་ལྡན། །བདེ་བར་གཤེགས་པའི་གསང་བ་ནི། །སྒྲུབ་པའི་དོན་གཉེར་མངོན་བརྩོན་ནས། །གཟུགས་ངན་ཡོན་ཏན་མེད་པ་དང་། །དམན་

པའང་ལྷག་པར་གནས་པར་བྱ། །དཀྱིལ་འཁོར་གྱི་ནི་ཆོ་ག་ལ། །འཁོར་བཞི་དག་ཀྱང་རྗེས་སུ་གནང་། །རང་གི་བསླབ་དང་ཤིན་ཏུ་ལྡན། །ཐེག་པ་ཆེན་ལ་དགའ་བའི་བདག །ལ་ལར་གསང་སྔགས་སྒྲུབ་དོན་གཉེར། །འདི་ནི་དཀྱིལ་འཁོར་འཇུག་པར་བྱེད། །བསོད་ནམས་འདོད་པ་དེ་ལས་

གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདིའི་འདོད་པར་འགྱུར་བ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །འཇིག་རྟེན་ཕ་

རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །དེ་སྐད་བརྗོད་ནས་སློབ་མ་དེ། །བློ་ཡིས་རང་གི་སྙིང་གར་གཞུག །རྡོ་རྗེའི་ལམ་ནས་ཕྱུང་ནས་ནི། །ཡུམ་གྱི་ཆུ་སྐྱེས་སྟེང་བཀོད་ལ། །ཡང་བསྡུས་དེ་བཞིན་གཤེགས་པ་ཡི། །འོད་ཀྱི་གོང་བུ་བཀུག་ནས་བསྟིམ། །རྡོ་རྗེ་པདྨ་མཉམ་

Vol. 10 · folio 55b

སྦྱོར་བས། །ཡེ་ཤེས་ཐིག་ལེ་ལས་འབྱུང་བའི། །སློབ་མ་དཀྱིལ་འཁོར་སྒོར་བཞག་སྟེ། །ཐལ་སྦྱར་གསོལ་བ་གདབ་པར་བྱ། །ཁྱོད་ནི་གཙོ་བོ་ཆེན་པོ་སྟེ། །བདག་མེད་མ་དང་ཡང་དག་ལྡན། །དཔའ་ཆེན་ཁྱོད་ལ་བདག་སྐྱབས་མཆི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །འཁོར་

བའི་རྒྱ་མཚོ་ལས་གྲོལ་བའི། །ཁྱོད་ནི་བདེ་བ་ཆེན་པོ་སྟེ། །དེ་བཞིན་བདག་ལ་སྩལ་དུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པའི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ནི་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །སངས་རྒྱས་ཆོས་

དང་དགེ་འདུན་དང་། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །གནས་མཆོག་ཆེན་པོའི་ཕོ་བྲང་དུ། །དེ་བཞིན་བདག་ནི་གཞུག་ཏུ་གསོལ། །དེ་ལྟར་ལན་གསུམ་གསོལ་བཏབ་ནས། །སློབ་མ་རྣམས་ཀྱི་མཆོག་གྱུར་པས། །ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་ནས་

འདུད་པར་འདུག །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །སློབ་མའི་གཙོ་བོ་ཡོངས་བཟུང་ནས། །ཚིགས་བཅད་འདི་ནི་བརྗོད་པར་བྱ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་

གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་

ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །འགྲོ་བ་རྣམས་ཀྱི་དེ་ཡི་ཕྱིར། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་པའོ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །

བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ལྟར་རྡོ་རྗེ་སློབ་དཔོན་གྱིས། །དྲིལ་བུའི་སྒྲ་ལྡན་ལན་གསུམ་བརྗོད། །དེ་ནས་གནང་བ་ཐོབ་པ་དང་སློབ་མ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་རྒྱས་པར་བྱའོ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །

Vol. 10 · folio 56a

བླ་ན་མེད་པའི་དཀོན་མཆོག་གསུམ། །དུས་འདི་ནས་ནི་གཟུང་བར་བགྱི། །བསླབ་པ་གསུམ་གྱི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང་། །དེ་བཞིན་བདག་གིས་བརྟན་པོར་གཟུང་། །རྡོ་རྗེ་ཆེན་པོའི་རིགས་དག་

པའི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་

རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་རྣམས་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བླ་ན་མེད་པའི་བྱང་ཆུབ་མཆོག །

སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །བདག་གིས་ཡང་དག་བསྐྱེད་པར་བགྱི། །ཇི་ལྟར་གསུངས་པའི་སྡོམ་པ་རྣམས། །དེ་བཞིན་བདག་གིས་གཟུང་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །དབུགས་མ་ཕྱུང་བ་དབུགས་ཕྱུང་ཞིང་། །

སེམས་ཅན་མྱ་ངན་འདས་ལ་དགོད། །དེ་ལྟར་ལན་གསུམ་བརྗོད་པར་བྱ། །དེ་ལྟར་འཛིན་པར་མ་ནུས་ན། །ཚིགས་བཅད་འདི་ཙམ་བརྗོད་པར་བྱ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །བསོད་ནམས་ཀུན་ལ་རྗེས་ཡི་རང་། །སངས་རྒྱས་

བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་བྱ་བ་ལ་སོགས་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་སྦྱིན་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་རྣམས་ཀྱི་སྙིང་ག་དང་མགྲིན་པ་དང་སྤྱི་བོར་བདག་མེད་མ་དང་ས་སྤྱོད་མ་དང་མཁའ་སྤྱོད་མ་བསྒོམ་པར་བྱའོ། །ཕྱག་གཡས་པའི་

རྡོ་རྗེ་སྙིང་ག་ལ་སོགས་པར་གཏུག་ཅིང་ཡི་གེ་གསུམ་འོད་ཟེར་དང་བཅས་པས་བྱིན་གྱིས་བརླབས་ལ། སྤྱི་བོར་མེ་ཏོག་སྦྱིན། མར་མེ་དང་སྤོས་དང་ལྷ་བཤོས་ནི་མདུན་དུ་སྦྱིན། དྲི་ནི་སྙིང་གར་སྦྱིན། མར་མེ་གསལ་ན་དངོས་གྲུབ་ནི། །ཇི་ལྟར་བསམས་པ་དེ་བཞིན་འགྲུབ། །འབྲིང་གིས་

Vol. 10 · folio 56b

དངོས་གྲུབ་འབྲིང་དུ་བཤད། །མདོག་གཞན་འདར་བར་འབར་བ་དང་། །ཡུད་ཙམ་ཡུད་ཙམ་འབར་བ་ནི། །བགེགས་དང་བར་ཆད་ཡིན་པར་བཤད། །ཤི་ན་དེ་ཉིད་འཆི་བར་འགྱུར། །དེ་ནས་བ་ཊ་དང་། ཨུ་དུམྺཱ་ར་དང་། ཨ་ཤྭདྠ་ལ་སོགས་པ་འོ་མ་ཅན་གྱི་ཤིང་སོར་བཅུ་གཉིས་པའི་ཚད་དུ་

གནས་པ། སྲོག་ཆགས་མེད་པ་མི་གཡོ་བ་བསྐམས་པ་དང་གས་པ་མ་ཡིན་པ་རྩེ་མོའི་ཆ་ལས་བྱུང་བ་དྲི་ཞིམ་པོའི་ཆུས་ལེགས་པར་བཀྲུས་ཏེ། གནས་གསུམ་དུ་མེ་ཏོག་གི་ཕྲེང་བ་དཀྲིས་ནས་སློབ་མའི་ལག་ཏུ་བཞག་ལ། ཨོཾ་ཨཱཿཛི་ཧྭ་སཾ་བརྟ་ནི་ཧཱུྃ་ཕཊ། ཅེས་ལན་གསུམ་དུ་ཡོངས་སུ་

བསྔགས་ཏེ་སྦྱིན་ནོ། །དེ་ནས་སློབ་མ་དེ་ཤར་ཕྱོགས་སམ་དཀྱིལ་འཁོར་ལ་མངོན་པར་ཕྱོགས་ལ། བ་ཀོ་ཙམ་དུ་བ་བྱུང་རྣམ་ལྔས་ལེགས་པར་བྱུགས་པའི་མཎྜལ་ལ། སོ་ཤིང་གིས་བླ་མའི་མན་ངག་བཞིན་དུ་ངག་གི་སྒྲིབ་པ་བཞར་ནས། ལྷག་པའི་ལྷ་ལ་དངོས་གྲུབ་ཀྱི་གསོལ་

བ་འདེབས་པའི་དོན་དུ་སོ་ཤིང་འདོར་བར་བྱའོ། །སོ་ཤིང་དོར་བ་བརྒྱ་ཞིག་ན། །རྩེ་མོ་གྱེན་དུ་བལྟས་ན་ནི། །དེ་ཡིས་དངོས་གྲུབ་མཆོག་ཏུ་འགྱུར། །རྩེ་མོ་ཤར་དུ་བལྟས་པ་དང་། །དེ་བཞིན་བདག་ལ་བལྟས་པ་ནི། །དེ་ནི་དངོས་གྲུབ་འབྲིང་དུ་བཤད། །ལྷོ་དང་མཚམས་སུ་རྩེ་བལྟས་ན། །

འཇིག་རྟེན་པ་ཡི་དངོས་གྲུབ་ཐོབ། །སོ་ཤིང་འདོར་བ་བརྒྱ་ཞིག་ལ། །གལ་ཏེ་འོག་ཏུ་རྩེ་བལྟས་ན། །ས་འོག་གི་ནི་དངོས་གྲུབ་སྟེ། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །རྡོ་རྗེ་ཕྲེང་བའི་ཕྱི་རོལ་དུ། །ཕོག་ན་དེ་ལ་དངོས་གྲུབ་མེད། །དེ་ནས་སློབ་མ་བདུན་བཀུག་ནས། །ཨོཾ་ཧྲཱིཿབི་ཤུདྡྷ། དྷརྨཱ་

པཱ་པ་ནི་ཙཱ་སྱ་བི་ཤོ་དྷ་ཡ། སརྦ་བི་ཀལྤ་ཨ་པ་ན་ཡ་ཧཱུྃ། སྔགས་འདིས་བསྔགས་ཏེ། ཡིད་ཀྱི་སྒྲིབ་པ་དག་པའི་ཕྱིར། །ལན་གསུམ་དུ་སྐྱོར་ཆུ་བླུད་པར་བྱའོ། །དེ་ནས་ལས་ཐམས་ཅད་པའི་སྔགས་ཡོངས་སུ་བཟླས་ནས་སྲུང་སྐུད་ལ་མདུད་པ་གསུམ་བྱས་པ། སློབ་མ་སྨིན་པར་མ་གྱུར་

གྱི་ཚེ་དཔུང་པ་གཡས་པ་ལ་གདགས་པར་བྱའོ། །དེ་ནས་ལུས་ཀྱི་སྒྲིབ་པ་དག་པ་དང་རྟགས་ཉེ་བར་སྟོན་པའི་དོན་དུ་ལས་ཐམས་ཅད་པའི་སྔགས་ལན་བདུན་བདུན་དུ་བསྔགས་ལ། ཀུ་ཤ་གཅིག་སྔས་སུ་སྦྱིན། གཞན་དག་སྟན་ལ་སོགས་པར་བྱིན་ནོ། །དེ་ནས་སེམས་ཀྱི་གཟེངས་བསྟོད་

Vol. 10 · folio 57a

པར་བྱ་བའི་ཕྱིར་ཆོས་བཤད་པར་བྱ་སྟེ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །འབྱུང་འགྱུར་ཡང་ན་མི་འབྱུང་ངོ་། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ལ་ནི་རེས་འགའ་ཞིག །ཤིན་ཏུ་དཀོན་པར་འབྱུང་བ་སྟེ། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་

ཀྱང་ནི་དཀོན་པ་སྟེ། །གང་ཞིག་སེམས་ཅན་མི་མཉམ་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་འདག་པར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །

ཚུལ་ལ་གནས་པ་སྨོས་ཅི་འཚལ། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པའི་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་ཐམས་ཅད་གཅོད། །བདག་ཉིད་ཆེན་པོ་དེ་

རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་གཟུང་སྟེ་སྐྱེ་བཞིན་པ། །དེ་བཞིན་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་

འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་འགྲོ་བས་ན། །རང་འབྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཡོད་མེད་དག་ལས་རྣམ་པར་འདས། །ནམ་མཁའ་ལྟ་བུར་དྲི་མ་

མེད། །ཆོས་རྣམས་ཀུན་ལས་ཟབ་འགྱུར་ཞིང་། །སྤྲོས་པ་ཐམས་ཅད་སྤངས་པ་ཡིན། །སྤྲོས་པ་རྣམས་ཀྱིས་རབ་ཏུ་སྤྲོས། །ཐེག་པོ་ཆེན་པོ་ལ་གནས་ན། །འདི་ཉིད་ཆོས་ནི་ཐོབ་པར་འགྱུར། །དེ་ནས་སློབ་མའི་ཚོགས་དགའ་བའི་སེམས་ཀྱིས་ལངས་ཏེ། ད་ནི་སོ་སོར་ཉལ་བར་

གྱིས་ཤིག །ནང་པར་དཀྱིལ་འཁོར་མཐོང་བར་འགྱུར་བས་ཇི་སྲིད་མཐོང་བའི་རྨི་ལམ་ལེགས་པར་ཟློས་ཤིག་ཅེས་བསྒོས་ནས། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པའི་སྔགས་སམ། ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་ཀུ་ཤའི་གདན་ལ་ཉལ་བར་

Vol. 10 · folio 57b

བྱའོ། །སློབ་མ་སྟ་གོན་ལ་གནས་པའི་རིམ་པའོ།། །།དེ་ནས་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་བསྡུས་ནས་ཇི་སྲིད་ནུས་ཀྱི་བར་དུ་ལས་ཐམས་ཅད་པའི་སྔགས་བཟླས་པར་བྱ་སྟེ། སེང་གེའི་ཉལ་སྟངས་ཀྱིས་ཉལ་བར་བྱའོ། །ནང་པར་ལངས་པའི་དུས་སུ་ནི། །ཁྲུས་བྱས་

མཚན་མོའི་རྨི་ལམ་དྲི། །ལེགས་པར་བསམས་ཏེ་ཟློས་ལ་མཉན། །དགེ་དང་མི་དགེ་བརྟག་པར་བྱ། །སངས་རྒྱས་ཕྲད་དང་སྐུ་གཟུགས་མཆོད་རྟེན་མཆོད། །ཆོས་ལ་འཇུག་ཅིང་དགེ་སློང་དགེ་འདུན་ཕྲད། །གཙུག་ལག་ཁང་དང་སངས་རྒྱས་སྲས་བཅས་དགེ་སློང་མ། །མེ་ཏོག་

ར་བ་རི་དང་དགོན་པར་གནས་བཅས་དང་། །འབབ་ཆུ་ཆུ་ཀླུང་རྫིང་དང་རྒྱ་མཚོ་སྒྲོལ་བ་དང་། །རི་དགས་དབང་ཕྱུག་ཨེ་ནེ་ཡ་དང་བ་གླང་ཕྲད། །འཁོར་ལོས་མཚན་པ་ལ་སོགས་གནོད་སྦྱིན་བཟང་པོ་མཐོང་། །སྐྱེས་བུ་དམ་པའི་སྒོམ་བ་རྨི་ལམ་ཕྲད་མཐོང་དང་། །གྱེན་ལ་འགྲོ་དང་

གླང་ཆེན་ཞོན་དང་རི་བཟངས་འཛེག །བླ་རེ་བཟང་དང་ཁང་བཟངས་དཔག་བསམ་བརྟེན་པ་དང་། །དགེ་བསྙེན་རྒྱལ་པོ་དགེ་སློང་སྐྱབས་སྦྱིན་མཐོང་བ་དང་། །སྔགས་ཀྱིས་དབང་ཕྱུག་ཁྱད་པར་རིག་མ་བསྟེན་མཐོང་དང་། །ཕ་དང་མ་དང་ནམ་མཁར་འགྲོ་དང་སློབ་དཔོན་ཕྲད། །ལྷ་ཡི་

བུ་མོ་གསང་དག་རིག་མ་བསྟེན་པ་དང་། །དམ་པའི་སྒྲུབ་ཐབས་ཡོན་ཏན་ལྡན་པ་བྲམ་ཟེ་མཐོང་། །མཆོད་པ་ཆེན་པོ་རྩོམ་དང་གཞལ་ཡས་ཁང་མཐོང་དང་། །རྒྱན་དང་གོས་དང་འབྲུ་ཡི་ཕུང་པོ་མཚོན་ཆ་འཛིན། །སྦྱིན་སྲེག་བྱེད་དང་འབྲས་བུ་མེ་ཏོག་ལེགས་ཐོབ་མཐོང་། །རྒྱལ་པོ་

དབང་བསྐུར་འབྲུ་ཚོགས་རིན་ཆེན་རྙེད་པ་དང་། །གཡུལ་དུ་རྒྱལ་ཞིང་དགྲ་དཔུང་བཅིངས་དང་བརྩོན་བཟུང་མཐོང་། །རྒྱ་མཚོ་ཆེན་པོ་བསྒྲལ་ཞིང་ཁྲུས་བྱེད་མཐོང་བ་དང་། །ལམ་རྩུབ་བགྲོད་དཀའ་འཕུར་ཞིང་བསྒྲལ་བར་མཐོང་བ་དང་། །དེ་ལྟར་མཐོང་བའི་རྨི་ལམ་ནི་དགེ་བའི་རྟགས་ཏེ་རྗེས་

སུ་ཡི་རང་ཞིང་བརྟེན་པའི་ཆོ་ག་བྱའོ། །དེ་ལས་གཞན་པ་ནི་མི་དགེ་བའི་རྨི་ལམ་དུ་བཤད་དོ། །དགེ་བ་ལས་ནི་དངོས་པོ་གྲུབ་ཏུ་འགྱུར་ཞིང་། མི་དགེ་བ་ལས་ནི་མ་ཡིན་ནོ། །དེ་ལྟར་མི་དགེ་བའི་རྟགས་མཐོང་ན་སྔགས་པས་ལས་ཐམས་ཅད་པའི་སྔགས་ཀྱིས་ཤིས་པའི་ཆོ་ག་བྱས་ཏེ། རྨི་

Vol. 10 · folio 58a

ལམ་གྱི་བདག་ཉིད་རང་བཞིན་མེད་ཅིང་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ཁོ་ན་ཉིད་དུ་མོས་པར་བྱའོ། །དེ་ནས་རྨི་ལམ་གྱི་རྟགས་ཞི་བ་དང་དངོས་གྲུབ་ཀྱི་རྒྱུར་འགྱུར་རོ། །དེ་ནས་རྣལ་འབྱོར་པས་དགྱེས་པའི་རྡོ་རྗེའི་ཏིང་ངེ་འཛིན་གསུམ་དང་ལྡན་པར་བྱས་ལ་སྟ་གོན་ལ་

གནས་པ་དང་སྔོན་དུ་སྤྱན་དྲངས་པའི་དཀྱིལ་འཁོར་ནམ་མཁའི་ཕྱོགས་སུ་གཤེགས་སུ་གསོལ་ནས། དུར་ཁྲོད་ལས་བྱུང་བའམ་ཤེས་རབ་མ་མཚན་དང་ལྡན་པས་ཆོ་ག་བྱས་ཏེ། རས་བལ་ལས་བཀལ་བའི་སྐུད་པ་ཁ་དོག་དཀར་བ་དང་། སེར་བ་དང་། དམར་བ་དང་། ལྗང་བ་དང་།

ནག་པོ་དུར་ཁྲོད་ཀྱི་ཚོན་གྱིས་བསྒྱུར་ཏེ། དོན་གྲུབ་ཀྱི་ཕྱེ་མས་ཀྱང་བསྲེ་བར་བྱའོ། །ཕྱོགས་ཕྱོགས་སུ་བཞག་ལ། བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུྃ་དེ་དག་གིས་བསྐྱེད་པའི་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པའི་རང་བཞིན་དུ་

བསྐྱེད་དེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱིས་ཉི་ཤུ་རྩ་ལྔར་རྣམ་པར་ཕྱེ་བའི་རིམ་པས་བསྐྱེད་དེ་གཞག་པར་བྱའོ། །དེ་ནས་ཕྱོགས་སོ་སོ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རིགས་ལྔའི་བདག་ཉིད་དུ་དམིགས་ཏེ། དེ་དག་གི་སྙིང་

གར་བྷྲཱུཾ་ལ་སོགས་པའི་ཡི་གེ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་ཐིག་སྐུད་འོད་ཟེར་དང་བཅས་པ་དམིགས་སོ། །ཨོཾ་ཨཱཿཤ་ཤྭ་ཏ་བཛྲ། སུ་ཙ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ། སུ་ཏྲཱ་ན་ཡ་ཧཱུྃ་ཞེས་པས་རྣམ་པར་སྣང་མཛད་ལ་གསོལ་བ་གདབ་པར་བྱའོ། །དེ་བཞིན་རིན་ཆེན་འབྱུང་ལྡན་ལ་

སོགས་པ་ཡང་སྔགས་ཀྱི་གནས་སུ་མིང་གི་ཡི་གེ་ཤེས་པས་གསོལ་བ་གདབ་པར་གསུངས་སོ། །དེ་ནས་སློབ་དཔོན་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་ཛ་ལས་ཟླ་བ་ལས་དང་། མ་ལས་ཉི་མའི་མིག་བསམ་པར་བྱའོ། །འབར་བའི་ལྟ་བས་ཕྱོགས་རྣམས་ཁྱབ་པར་བལྟས་ལ།

མིག་གི་ལྕགས་ཀྱུས་ཡེ་ཤེས་ཀྱི་ཐིག་སྐུད་དགུག་པར་བྱ་སྟེ། བཅོམ་ལྡན་འདས་སུ་བྱིན་གྱིས་བརླབ་པར་བྱའོ། །སོ་སོའི་ཁྱད་པར་གྱི་ཐིག་སྐུད་ནི་གཅིག་ཏུ་བསྡུས་ཏེ། གྷསྨ་རཱིའི་རྣལ་འབྱོར་དང་ལྡན་པའི་སློབ་མས་བསྒྲིལ་བར་བྱའོ། །ཨོཾ་ཨ་ནྱོ་ནྱ་ག་ཏ་སརྦ་དྷརྨཿཔར་སྤ་ར་ཨ་ནུ་ག་ཏཱ།

Vol. 10 · folio 58b

སརྦ་དྷརྨཱ་ཨ་ནནྟ། ཨ་ནུ་པྲ་བེ་ཤ་སརྦ་དྷརྨཱཿཧཱུྃ་ཞེས་བརྗོད་ཅིང་ཐིག་སྐུད་བཀལ་བར་བྱའོ། །དེ་ནས་འདི་ལྟར་བསྒོམ་པར་བྱ་སྟེ། གཅིག་ཏུ་བསྒྲིལ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ཐ་མི་དད་པར་བྱས་ནས་རིང་ཐུང་དཀྱིལ་འཁོར་གྱི་ཉིས་འགྱུར་ཚད་དུ་བྱས་ཏེ། སྦོམ་ཕྲ་སྒོའི་ཉི་ཤུ་ཆར་བྱའོ། །

དེ་ནས་སྔགས་པས་གསེར་ལ་སོགས་པའི་སྣོད་དུ་བདུད་རྩི་ལྔ་དང་དྲི་བཟངས་ཀྱིས་སྤངས་ཏེ། ཡི་གེ་གསུམ་གྱིས་མཚན་ནས། མཆོད་པ་རྣམ་པ་ལྔ་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་ཧཱུྃ་མང་དུ་བརྗོད་པས་བསྲུང་བར་བྱ་སྟེ། དེ་ནས་ཡང་སྔགས་པས་དཀྱིལ་འཁོར་བདུད་རྩི་ལྔ་དང་

དྲི་ཞིམ་པོས་ཆག་ཆག་བཏབ་ལ། མེ་ཏོག་གིས་སིལ་མ་བཀྲམ་ཞིང་ཐུགས་ཀའི་འོད་ཟེར་གྱིས་ནམ་མཁར་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་གསལ་བར་བྱས་ལ། བསང་གཏོར་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་པའི་ཁྱད་པར་བྱའོ། །དེ་ནས་དགྱེས་པའི་རྡོ་རྗེའི་རྣལ་

འབྱོར་དང་ལྡན་པས་ཐིག་སྐུད་ཀྱི་རྩེ་མོ། གྷསྨ་རཱིའི་རྣལ་འབྱོར་དང་ལྡན་པའི་སློབ་མ་ལ་གཏད་དེ། མིག་གཉིས་ཛ་ལས་གྱུར་པའི་ཟླ་བ་དང་ཉི་མ་ཁ་དོག་སེར་པོ་དམིགས་ཏེ། དེ་ནས་སྔགས་པས་ནུབ་ནས་ཤར་དུ་མངོན་པར་དམིགས་ཏེ། ཐིག་སྐུད་ཀྱི་རྩེ་མོ་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བའི་

གནས་སུ་གཟུང་སྟེ་སློབ་མ་ལ་གཏད་ནས། ཛ་ཛ་ཛ་ཞེས་བརྗོད་དེ་བཀའ་བསྒོ་བར་བྱའོ། །བློ་དང་ལྡན་པས་ཀྱང་ཛ་ཛ་ཛ་ཞེས་བརྗོད་དེ་ཐིག་སྐུད་ཀྱི་རྩེ་མོ་བླངས་ཏེ་གཟུང་བར་བྱའོ། །སློབ་དཔོན་ཤར་དུ་མངོན་པར་ཕྱོགས་ཤིང་སློབ་མ་ནུབ་ཏུ་བལྟས་ཏེ། རྡོ་རྗེ་མཐེ་བོང་དང་མཛུབ་མོའི་སྦྱོར་བས་

ནམ་མཁའི་དཀྱིལ་འཁོར་ལ་ཐིག་གདབ་པར་བྱའོ། །དེ་བཞིན་དུ་འོག་ཏུ་ཡང་གདབ་པོ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུྃ། དེ་དག་བརྗོད་ཅིང་གཡས་སུ་རྡོ་རྗེ་གཟུང་བའི་མཐེ་བོང་དང་མཛུབ་མོས་ཐིག་གདབ་པར་བྱའོ། །ལྟེ་བའམ་སྙིང་གར་གཟུང་སྟེ་ནམ་མཁར་བལྟས་ལ། ཕྱོགས་

ཐམས་ཅད་དུ་མཉམ་པར་ཚངས་ཐིག་གདབ་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་བསྒྲལ་བའི་དོན་དུ་ཐིག་གི་སྒྲས་ནམ་མཁའ་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ཏེ། དེ་ནས་བསྐོར་ཏེ་སློབ་དཔོན་བྱང་དུ་མངོན་པར་ཕྱོགས་ལ། སློབ་མ་ལྷོར་བལྟས་ཏེ། ཚངས་

Vol. 10 · folio 59a

ཐིག་གདབ་པར་བྱའོ། །དེ་ནས་སློབ་དཔོན་བྱང་དུ་བལྟས་ལ་སློབ་མ་ལྷོར་བལྟས་ཏེ་ཤར་དུ་གདབ་པར་བྱའོ། །དེ་ནས་བསྐོར་ཏེ་ལྷོ་དང་བྱང་ཕྱོགས་སུ་བལྟས་ལ་ནུབ་ཀྱི་ཆ་ལ་གདབ་པར་བྱའོ། །ཡང་བསྐོར་ཏེ་རླུང་མཚམས་ནས་ཤར་དུ་བལྟས་ཏེ། དབང་ལྡན་གྱི་མཚམས་ནས་ནུབ་ཏུ་

བལྟས་ཏེ་བྱང་གི་ཆ་ལ་གདབ་པར་བྱའོ། །མེའི་མཚམས་ནས་ནུབ་ཏུ་ཁ་བལྟས་ཏེ། སྲིན་པོའི་མཚམས་ནས་ཤར་དུ་བལྟས་ལ་ལྷོའི་ཆ་ལ་གདབ་པར་བྱའོ། །དེ་ཉིད་ནས་རླུང་གི་ཕྱོགས་སུ་བལྟས་ཏེ་ཟུར་ཐིག་གདབ་པར་བྱའོ། །བདེན་བྲལ་གྱི་ཕྱོགས་ནས་དབང་ལྡན་གྱི་ཕྱོགས་སུ་བལྟས་

ལ་ཟུར་ཐིག་གདབ་པོ། །དེ་ནས་ཚངས་ཐིག་ནས་འཁོར་ལོ་བརྒྱད་ཀྱི་ཆར་སྒོའི་ཐིག་གདབ་པོ། །རྩ་བའི་ཐིག་ནས་བརྩམས་ཏེ་གྲུ་བཞིའི་ཆར་སྒོའི་ཚོན་གྱི་སྣམ་བུའི་ཐིག་གདབ་པོ། །དེའི་ཕྱི་རོལ་དུ་སྒོའི་ཆའི་ཕྱེད་དུ་འདོད་ཡོན་གྱི་སྣམ་བུའི་ཐིག་གདབ་པོ། །དེའི་ཕྱི་རོལ་དུ་ཚོན་རྩིའི་ཆ་

དང་མཉམ་པའི་རིན་པོ་ཆེའི་རྩིག་པའི་ཐིག་གདབ་པོ། །དེའི་ཕྱི་རོལ་དུ་འདོད་ཡོན་གྱི་སྣམ་བུ་དང་མཉམ་པའི་དྲ་བ་ཕྱེད་པ་དང་རྡོ་རྗེ་ཟླ་ཚེས་དང་བཅས་པའི་ཐིག་གདབ་པོ། །དེའི་ཕྱི་རོལ་དུ་ཚོན་གྱི་ཆ་དང་མཉམ་པའི་ཐིག་གདབ་པོ། །དེ་ནས་སྒོ་བཞིའི་འགྲམ་དུ་ཚོན་གྱི་ཆ་དང་མཉམ་པའི་ལྷའི་

སྣམ་བུའི་ཐིག་གདབ་པོ། །དེ་ནས་སྒོའི་ཆ་དང་མཉམ་པའི་ཀ་བའི་ཐིག་གདབ་པོ། །དེ་ནས་སྒོའི་ཆ་སུམ་འགྱུར་རྟ་བབས་སྒོའི་སྟེང་དུ་ཇི་ལྟར་མཛེས་པའི་ཐིག་གདབ་པར་བྱའོ། །དེ་ནས་ཐིག་སྐུད་ཉིས་ཁུག་ཏུ་བྱས་ལ་དབུས་སུ་སེང་ལྡེང་གི་ཕུར་བུ་བརྟན་པར་བཙུགས་ཏེ། བྱང་ཤར་

ནས་མཚམས་ལ་གཡས་སྐོར་དུ་བསྐོར་ལ། དཀྱིལ་འཁོར་གྱི་ཕྱི་རོལ་ར་བ་གསུམ་གྱི་ཐིག་དྲང་ངོ་། །ཐིག་སྐུད་དེ་ཉིས་ཁུག་ཏུ་བྱས་ལ་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་ར་བས་བསྐོར་བའི་ཐིག་དྲང་ངོ་། །དེ་ནས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་གྲྭ་ཐིག་རྡོ་རྗེའི་ལྕགས་རིའི་ནང་དུ་ཆུད་པར་དུར་

ཁྲོད་བརྒྱད་ཀྱི་ཐིག་གདབ་པར་བྱའོ། །བདག་མེད་མའི་དཀྱིལ་འཁོར་ལ་ནི་ཕོ་བྲང་ཉིས་རིམ་གྱི་ཐིག་གདབ་སྟེ། ཀ་བ་བརྒྱད་ལ་སོགས་པའི་ཐིག་ནི་དེ་དང་མཚུངས་པར་གདབ་པོ། །ཤར་ཕྱོགས་ཀྱི་འཁོར་ལོ་ནི་ལྷོ་ནས་བྱང་དུ་མངོན་པར་ཕྱོགས་ལ་ཀ་བའི་ཆར་ཐིག་གདབ་པོ། །ནུབ་

Vol. 10 · folio 59b

ཀྱི་པདྨ་ནི་བྱང་ནས་ལྷོར་མངོན་པར་ཕྱོགས་ལ་ཀ་བའི་ཆར་ཐིག་གདབ་པོ། །བྱང་གི་རལ་གྲི་ནི་ནུབ་ནས་ཤར་དུ་ཕྱོགས་ཏེ་ཀ་བའི་ཆར་ཐིག་གདབ་པོ། །ལྷོའི་རིན་པོ་ཆེ་ནི་ཤར་ནས་ནུབ་ཏུ་ཕྱོགས་ཏེ་ཀ་བའི་ཆར་ཐིག་གདབ་པོ། །དེ་ནས་རྣལ་འབྱོར་པ་གང་ཞིག་ཐིག་འདེབས་པར་བརྩོན་པར་

འདོད་པས་སློབ་མ་དང་མི་ལྡན་ན་ཕུར་བུ་ལ་བཏགས་ཏེ་གདབ་པར་བྱའོ། །ཐིག་གི་དུས་སུ་ལྟས་བརྟག་པར་བྱ་སྟེ། སྲད་བུ་ཆད་ན་སློབ་དཔོན་འཆི། །རིང་ཐུང་ཁྱེར་ན་ན་བར་འགྱུར། །ཕྱོགས་འཁྲུལ་སློབ་མ་མྱོས་པར་འགྱུར། །དེའི་རྟགས་ནི་ཚངས་ཐིག་འདེབས་པའི་དུས་སུ་བརྟག་པར་

བྱའོ། །ཡང་ན་ཚངས་ཐིག་དང་ཟུར་ཐིག་གི་དུས་སུ་བརྟག་པར་བྱའོ། །ཡང་ན་ཚངས་པ་ལ་སོགས་པའི་ཐིག་ཐམས་ཅད་ཀྱི་དབུས་སུ་བརྟག་པར་བྱའོ། །དེ་ནས་སོ་སོའི་སྒོའི་ཚངས་ཐིག་དེ་དབྱི་བར་བྱའོ། །གཞན་ཡང་མཚོན་གནས་སྐབས་སུ་བྱུང་བའི་ཐིག་ཐམས་ཅད་ཀྱང་དབྱི་

བར་བྱའོ། །གཞན་སྒོ་འགྲམ་སོ་སོའི་ལྷ་སྣམ་ལ་སོགས་པའི་ཐིག་རྐང་ཚད་ཙམ་དུ་དབྱི་བར་བྱའོ། །དེ་ནས་དྲ་བ་དང་དྲ་བ་ཕྱེད་པའི་མཚམས་སུ་ཡང་ཐིག་རྐང་ཚད་ཙམ་དུ་དབྱི་བར་བྱའོ། །རིན་པོ་ཆེའི་རྩིག་པའི་མཚམས་སུ་ཡང་ཐིག་རྐང་ཚད་ཙམ་དུ་དབྱི་བར་བྱའོ། །དེའི་

སྒོའི་ཕུགས་ཀྱི་ཐིག་རྐང་བདུན་ཡང་རྐང་ཚད་ཙམ་དུ་དབྱི་བར་བྱའོ། །དེ་ལྟར་ཐིག་བཏབ་པའི་དཀྱིལ་འཁོར་ཤིན་ཏུ་མཉམ་པར་ལེགས་པར་བྲིའོ། །དཀྱིལ་འཁོར་གྱི་ཕོ་བྲང་ཤིན་ཏུ་གཟབས་པར་བྲིའོ། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་མཛེས། །

ཐིག་བཞི་དང་ནི་ཡང་དག་ལྡན། །དར་དཔྱངས་མེ་ཏོག་ཕྲེང་བས་བརྒྱན། །ཁ་དོག་ལྔ་ཡིས་རྣམ་པར་མཛེས། །དཀྱིལ་འཁོར་དམ་པ་ཁྲུ་གསུམ་པ། །ཚོན་གསུམ་གྱིས་ནི་ལྷག་པར་གནས། །གྲུ་ཡི་ཕྱོགས་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་ཕྱོགས་རྣམས་སུ། །རྡོ་རྗེ་རིན་ཆེན་

ལེགས་སྤྲས་པས། །བདག་མེད་མ་ཡི་དཀྱིལ་འཁོར་ནི། །ཕྱི་ཡི་མཚན་ཉིད་དེ་དང་མཚུངས། །ཕྱི་ཡི་དཀྱིལ་འཁོར་ཕྱེད་ཀྱི་ཚད། །དབུས་སུ་མཉམ་པར་བལྟ་བར་བྱ། །འཁོར་ལོའི་ཀ་བ་ལ་སོགས་པའི། །རྡོ་རྗེ་ཕྲེང་བས་ལེགས་པར་བསྐོར། །རླུང་ཡབ་མེ་ལོང་གིས་བརྒྱན་བྱ། །

Vol. 10 · folio 60a

གདུགས་དང་བ་དན་རྒྱན་རྣམས་ཀྱིས། །འཁོར་ལོའི་ནང་དུ་བཀོད་པར་བྱ། །དེ་ལྟར་ཆོས་ཀྱི་སྐུའི་རང་བཞིན་གྱི་དཀྱིལ་འཁོར་ལ་ཐིག་གདབ་པར་རྣམ་པར་ཕྱེ་ནས་ཁ་དོག་དང་ལྡན་པའི་ཐིག་སྐུད་དེ་ཡི་གེ་གསུམ་གྱི་མཐར་མུཿདང་ལྡན་པས་གཤེགས་སུ་གསོལ་ལ་

དག་པའི་སྣོད་དུ་གཞག་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། གཡས་དང་གཡོན་པའི་མིག་ཧི་ལས་ཟླ་བ་དང་ཉི་མའི་བདག་ཉིད་དུ་བལྟའོ། །ཁྲོ་བོའི་ལྟ་བས་ཕྱོགས་ཐམས་ཅད་དུ་མཉམ་པར་བལྟས་ལ། ཡིད་ཀྱིས་སྒོ་བཞི་ཕྱེ་བར་བསམ་

ལ་ཕྱིར་བྱུང་ངོ་། །ཐིག་གདབ་པའི་རིམ་པའོ།། །།དེ་ནས་རིན་པོ་ཆེའི་རིགས་ལས་བྱུང་བ་དང་། རིན་པོ་ཆེའི་རིགས་སུ་གཏོགས་པའི་ཚོན་དང་། འབྲས་བུ་ལས་ཁ་དོག་ཏུ་བསྒྱུར་བ་དང་། དུར་ཁྲོད་ཀྱི་ཕ་གུ་དང་། སོལ་བ་དང་། རུས་པ་དང་། རྐུན་མའི་ལོ་མ་དང་དེ་རྣམས་ལས་

བྱ་སྟེ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནག་པོ་རྣམས་སོ། །དེ་དག་ཞིབ་པར་བཏགས་ཏེ་རས་ཚགས་ལ་བཙགས་ལ་སྤོས་ཀྱིས་ལེགས་པར་བདུགས་ལ། དག་པའི་སྣོད་དུ་བླུགས་ཏེ་སོ་སོའི་ཕྱོགས་སུ་གཞག་པར་བྱའོ། །དེ་ནས་ཐུགས་ཀའི་འོད་ཟེར་

གྱིས་རང་བཞིན་མེད་པར་བྱས་ལ། བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུྃ་ཡོངས་སུ་བསྐྱེད་པར་བྱའོ། །དེ་ལྟར་མདུན་དུ་དམིགས་སོ། །ཇི་ལྟར་སྔོན་དུ་གསུངས་པ་བཞིན་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འོད་ཟེར་གྱི་འབར་བའི་ལྟ་བས་ལྕགས་ཀྱུའི་

སྦྱོར་བས་བཀུག་སྟེ་ས་བོན་དང་གཅིག་ཏུ་གྱུར་པ་ལས། འོད་ཟེར་འབར་བ་ཡེ་ཤེས་ཀྱི་རང་བཞིན་དུ་བལྟས་ལ་གསང་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་བེ་ག་ཞེས་སྔགས་འདི་བརྗོད་ལ་ཡེ་ཤེས་ཀྱི་ཐིག་སྐུད་ཡིད་ཀྱིས་བསལ་ནས་དཀྱིལ་

འཁོར་གྱི་ནང་དུ་ཞུགས་ཏེ། དཀྱིལ་འཁོར་གྱི་ལྟེ་བའི་ཕུར་བུ་ཧཱུྃ་ཞེས་བརྗོད་ལ་ཕྱུང་ནས་ཕྱག་གི་རྡོ་རྗེ་ལ་ཐིམ་པར་བསམ་མོ། །ཚོན་སྣ་ལྔས་ཁུང་བུ་ཡོངས་སུ་བཀང་ལ་རྟགས་མ་ཡིན་པ་སྲིད་ན་བསལ་བར་བྱ་བའི་དོན་དུ་དྲིལ་བུའི་སྒྲ་དང་ལྡན་པས་རྡོ་རྗེའི་གླུ་བླང་བར་བྱའོ། །འདི་

Vol. 10 · folio 60b

ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་བྱེད་པ། །དགྱེས་རྡོར་རྒྱལ་པོ་རང་ཉིད་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །འཁོར་ལོ་ནང་ནས་ཡང་དག་གནས། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་བདག །གཡོན་

གྱི་ཁུ་ཚུར་གྱིས་གཟུང་སྟེ། །དབང་ལྡན་གྱི་ནི་མཚམས་ནས་བརྩམས། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནག་པོའི་ཚོན་རྣམས་ནི་ཕྱི་རོལ་ནས་ནང་གི་རིམ་པས་གཡས་སྐོར་དུ་མཉམ་པར་རྒྱུན་མི་འཆད་པར་དྲང་བར་བྱའོ། །འདི་ལྟར་གསུངས་ཏེ། དཀར་

པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར་ལ་དམིགས་པ་སྟེ། །པདྨ་རཱ་གའི་རང་བཞིན་ཏེ། །དེ་བཞིན་གཞན་དག་མརྒད་འདྲ། །ནག་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །འདི་ལྟར་སྤྱན་དྲང་བར་བྱ་སྟེ། མཉམ་པ་དང་། མི་གཡོ་བ་དང་། མ་ཆད་པ་དང་། སྒོའི་

ཉི་ཤུ་ཆར་གནས་པ་དང་། ནས་ཀྱི་ཚད་ཙམ་དུ་བར་མ་འདྲེས་པར་སོ་སོར་དྲང་བར་བྱའོ། །དེ་ནས་སྔགས་པ་མཉམ་པར་གཞག་པས་ལྟས་བལྟ་བར་བྱ་སྟེ། སྦོམ་པོར་བཀྱེ་ན་ནད་ཀྱིས་འདེབས། །ཕྲ་མོས་ནོར་ནི་རྣམ་པར་འཇིག །ཡོན་པོས་རྣམ་པར་འཆད་པ་ཡི། །བླ་མ་དང་ནི་

སློབ་མ་འཆི། །གཡས་སྐོར་མིན་པར་བཀྱེ་བ་ཡིས། །ཚོན་གྱི་ཕུར་བུས་བཏབ་འགྱུར་དང་། །སློབ་དཔོན་སློབ་མ་གཉིས་ཀ་ལ། །ཤིན་ཏུ་སེམས་ཁྲལ་འབྱུང་བར་འགྱུར། །དེ་ནས་དབུས་ཀྱི་ཕོ་བྲང་གི་ཐིག་ཚད་ནས་གཟུང་སྟེ། སྒོ་རྣམས་ཀྱི་ཆ་ལ་ཤར་ཕྱོགས་སུ་དཀར་པོ་

དགོད་པར་བྱའོ། །ལྷོའི་ཆ་ལ་སེར་པོ་དགོད་པར་བྱའོ། །ནུབ་ཀྱི་ཆ་ལ་དམར་པོ་དགོད་པར་བྱའོ། །བྱང་ཕྱོགས་སུ་ལྗང་གུ་དགོད་པར་བྱའོ། །དབུས་སུ་ནག་པོ་དགོད་པར་བྱའོ། །དེ་ནས་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ་གསེར་དང་བཅས་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར་

དགོད་དོ། །དེའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཐོད་པ་དཀར་པོ་ནང་དམར་པོ་སྣ་ཚོགས་རྡོ་རྗེས་མཚན་པར་བྱའོ། །ཞལ་གཅིག་ཕྱག་གཉིས་པའམ། ཕྱག་དྲུག་པའི་དགྱེས་པའི་རྡོ་རྗེ་ལ་ནི་རང་གི་རིགས་ཀྱི་བདག་པོ་ཁ་དོག་ནག་པོ་འབར་བ་བྲི་སྟེ། ཤར་ལ་སོགས་པའི་འདབ་མ་ལ་

Vol. 10 · folio 61a

ནི་སྣ་ཚོགས་རྡོ་རྗེ་སྤངས་པའི་ཐོད་དཀར་པོ་རིམ་པ་བཞིན་བྲི་བར་བྱའོ། །ཡང་ན་ཤར་སྒོར་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་གྲི་གུག་ནག་པོ་བྲི་བའོ། །ལྷོའི་སྒོར་ཅང་ཏེའུ་དམར་པོ་བྲིའོ། །ནུབ་ཀྱི་སྒོར་རུས་སྦལ་སེར་པོ་བྲིའོ། །བྱང་གི་སྒོར་སྦྲུལ་མ་རྒད་ལྟ་བུ་བྲིའོ། །

བྱང་ཤར་མཚམས་སུ་ཤ་ར་བྷ་ཨིནྡྲ་ནཱི་ལ་ལྟ་བུ་བྲིའོ། །མེའི་མཚམས་སུ་ཟླ་བའི་ནོར་བུ་ལྟ་བུའི་དགེ་སློང་བྲིའོ། །བདེན་བྲལ་གྱི་མཚམས་སུ་འཁོར་ལོ་ནམ་མཁའི་མདོག་ཅན་བྲིའོ། །རླུང་གི་མཚམས་སུ་རྡོ་རྗེ་སྣ་ཚོགས་ཀྱི་མདོག་ཅན་བྲིའོ། །དེ་དག་ཀྱང་པདྨ་དམར་པོ་འདབ་མ་བརྒྱད་

པའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྲི་བར་བྱའོ། །དེ་དག་ལ་ཡང་ཚངས་པ་ལ་སོགས་པའི་བདུད་བཞི་གདན་དང་ལྡན་པའམ། ཡང་ན་མི་ལྡན་ཡང་རུང་སྟེ། དེ་ནས་གཞན་ཡང་བདག་མེད་མའི་དཀྱིལ་འཁོར་བྲི་བར་འདོད་པས། དབུས་ཀྱི་ལྟེ་བ་ལ་པདྨ་དམར་པོ་འདབ་མ་

བརྒྱད་པ་བྲི་བར་བྱའོ། །དེའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གྲི་གུག་ནག་པོ་བྲི་བར་བྱའོ། །ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མ་ལ་གྲི་གུག་བཞི་བྲི་བར་བྱའོ། །དེའི་ཕྱི་རོལ་གྱི་འདབ་མ་ལ་བྱང་ཤར་ལ་སོགས་པའི་མཚམས་སུ་ཟླ་བའི་སྟེང་དུ་གྲི་གུག་བཞི་བྲིའོ། །

ཤར་ལ་སོགས་པའི་སྒོར་ཟླ་བ་དང་པདྨ་ལ་གྲི་གུག་བཞི་བྲིའོ། །ཤར་དང་ནུབ་ཀྱི་སྒོ་འགྲམ་དུ་པདྨ་དང་ཟླ་བའི་སྟེང་དུ་གྲི་གུག་གཉིས་བྲིའོ། །དཀྱིལ་འཁོར་གྱི་ཚོན་བཀྱེ་བའི་དུས་སུ་ཞུགས་པ་དང་། འབྱུང་བ་དང་། རྡོ་རྗེའི་ཐིག་ཡིད་ཀྱིས་ནམ་མཁའ་ལ་བཏེག་སྟེ། བཛྲ་བེ་གའི་

སྔགས་བརྗོད་པ་དང་། ལྷའི་རྣམ་པ་དང་མི་བྲལ་བར་དགོད་པར་བྱའོ། །དེ་ལྟར་མ་ཡིན་ན་དམ་ཚིག་ཉམས་པར་བཤད་དོ། །དེ་ཉིད་འདུས་པ་ལས་འདི་ལྟར་གསུངས་ཏེ། དཀྱིལ་འཁོར་འབྱུང་དང་འཇུག་པ་ལ། །རྡོ་རྗེའི་ཐིག་དང་ཚོན་རྣམས་ནི། །སེམས་ཀྱིས་བཏེག་ནས་སྤྱོད་བྱས་ན། །

དམ་ཚིག་ཉམས་པས་གོས་མི་འགྱུར། །དེ་ནས་དཀྱིལ་འཁོར་ཕྱི་རིམ་དུ་གཡས་དང་གཡོན་སྐོར་གྱི་རིམ་པས་ཕྱོགས་དང་མཚམས་སུ་རོ་སྐྱེས་དང་རོ་ལངས་འཇིགས་གཟུགས་དང་། འབྱུང་པོ་ལ་སོགས་དུར་ཁྲོད་བརྒྱད་ཀྱི་བདག་ཉིད་བྲིའོ། །དེ་ལ་ཤར་ཕྱོགས་སུ་ཚ་བའི་རིགས་

Vol. 10 · folio 61b

དྲག་ལ་གཏུམ་པ་ཞེས་བྱ་བའི་དུར་ཁྲོད་བྲིའོ། །ལྷོ་ཕྱོགས་སུ་དུམ་བུའི་རིགས་འཇིགས་སུ་རུང་བ་ཞེས་བྱ་བའི་དུར་ཁྲོད་བྲིའོ། །ནུབ་ཕྱོགས་སུ་འདོད་པའི་རིགས་ཀེང་རུས་འབར་བ་ཞེས་བྱ་བའི་དུར་ཁྲོད་བྲིའོ། །བྱང་ཕྱོགས་སུ་གསལ་ཤིང་ལ་བཙུགས་པར་བྱ་བའི་རིགས་འུར་འུར་འབར་

བས་ཁྱབ་པ་ཞེས་བྱ་བའི་དུར་ཁྲོད་དུ་བྲིའོ། །བྱང་ཤར་མཚམས་སུ་ཤིང་ལ་དཔྱངས་པའི་རིགས་ཧ་ཧར་དགོད་པ་ཞེས་བྱ་བའི་དུར་ཁྲོད་བྲིའོ། །མེའི་མཚམས་སུ་ཕྱེད་ཚ་བའི་རིགས་ནགས་ཚལ་ཕུན་སུམ་ཚོགས་པ་བྲིའོ། །བདེན་བྲལ་གྱི་མཚམས་སུ་ཕྱེད་དུམ་བུའི་རིགས་མུན་པ་

མི་བཟད་པ་ཞེས་བྱ་བའི་དུར་ཁྲོད་དུ་བྲིའོ། །རླུང་གི་མཚམས་སུ་ས་འོག་ཏུ་སྦས་པའི་རིགས་ཀཱི་ལི་ཀཱི་ལིའི་སྒྲ་སྒྲོག་པ་བྲིའོ། །དེ་དག་ཀྱང་རིམ་པ་ཇི་ལྟ་བ་བཞིན་དུ་ཤིང་རྣམས་བྲིའོ། །ཤི་རི་ཤ་དང་། ཙུ་ཏ་དང་། ཀང་ཀེ་ལི། ཨ་ཤྭདྠ། བྷ་ཐ། ཀ་རཉྫ། ལ་ཏ་ཊ། པྲ་ཀ་རི། ས་ལས་སྐྱེས་

པ་ཤར་ལ་སོགས་པའི་རིམ་པས་བྲིའོ། །ཤིང་རྣམས་ཀྱི་ནང་དུ་ཤིང་གི་བདག་པོ་གྲི་གུག་དང་། ཐོད་པ་འཛིན་པ་འཁོར་དང་བཅས་པ་བྲིའོ། །དེ་ལ་གླང་པོ་ཆེའི་གདོང་པ་ཅན་ནི་གླང་པོ་ཆེའི་ཚོགས་ཀྱིས་བསྐོར་བའོ། །མ་ཧེའི་གདོང་པ་ཅན་ནི་མ་ཧེའི་ཚོགས་ཀྱིས་བསྐོར་བའོ། །ཆུ་སྲིན་གྱི་གདོང་

པ་ཅན་ནི་ཉའི་ཚོགས་ཀྱིས་བསྐོར་བའོ། །གནོད་སྦྱིན་གྱི་གདོང་པ་ཅན་ནི་མིའི་ཚོགས་ཀྱིས་བསྐོར་བའོ། །བ་གླང་གི་གདོང་པ་ཅན་ནི་ཁྱུ་མཆོག་གི་ཚོགས་ཀྱིས་བསྐོར་བའོ། །རའི་གདོང་པ་ཅན་ནི་རའི་ཚོགས་ཀྱིས་བསྐོར་བའོ། །སྲིན་པོའི་གདོང་པ་ཅན་ནི་ཡི་དགས་ཀྱི་ཚོགས་ཀྱིས་བསྐོར་བའོ། །ཤ་

ར་བྷའི་གདོང་པ་ཅན་ནི་ཤ་ར་བྷའི་ཚོགས་ཀྱིས་བསྐོར་བའོ། །ཤིང་དེ་དག་གི་རྩར་ནི་ཕྱོགས་སྐྱོང་བ་རྣམས་ཇི་ལྟར་གསུངས་པ་བཞིན་འཁོར་དང་བཅས་པ་རང་གི་རིག་མ་ལ་འཁྱུད་པར་བཞུགས་སོ། །དེ་ལ་དབང་པོ་ནི་སྐུ་མདོག་སེར་པོ་རིན་པོ་ཆེའི་དབུ་རྒྱན་ཅན་སྣ་ཚོགས་པའི་རྒྱན་གྱིས་

བརྒྱན་པ། ཕྱག་ན་རྡོ་རྗེ་འཛིན་ཞིང་གླང་པོ་དཀར་པོ་ལ་འགྱིང་བག་གི་ཚུལ་གྱིས་བཞུགས་པ་བྲིའོ། །གཤིན་རྗེ་ནི་སྐུ་མདོག་ནག་པོ་སྤྱན་མེ་མདག་གི་ཕུང་པོ་འདྲ་བ། སྨིན་མ་དང་དཔྲལ་བར་ཁྲོ་གཉེར་བསྡུས་པ་སྐྲ་སེར་པོ་གྱེན་དུ་འབར་བ། ཕྱག་ན་དབྱུག་པ་དང་རྩེ་གསུམ་

Vol. 10 · folio 62a

འཛིན་ཅིང་མ་ཧེ་ལ་ཁྲོས་པའི་ཚུལ་གྱིས་བཞུགས་པ་བྲིའོ། །ཆུ་བདག་ནི་སྐུ་མདོག་དཀར་པོ་གདེངས་ཀ་བདུན་དང་ལྡན་པ། སྦྲུལ་གྱི་ཞགས་པ་དང་དུང་འཛིན་པ་ཆུ་སྲིན་ལ་བཞུགས་པའོ། །ནོར་བདག་ནི་སྐུ་མདོག་སེར་པོ་གསེར་གྱི་མདོག་ཅན་རིན་པོ་ཆེའི་དབུ་རྒྱན་

ཅན་ལྕགས་ཀྱུ་དང་དབྱུག་པ་འཛིན་པ་གནོད་སྦྱིན་ལ་བཞུགས་པའོ། །དབང་ལྡན་ནི་སྐུ་མདོག་དཀར་པོ་རལ་པའི་ཐོར་ཚུགས་ཅན་ཟླ་བའི་དབུ་རྒྱན། སྤྱན་གསུམ་པ་ཐོད་པའི་ཕྲེང་བ་ཅན། ཕྱག་བཞི་པ། ཅང་ཏེའུ་དང་། ཐོད་པ་དང་། ཏྲི་ཤཱུ་ལ། ཁ་ཊྭཱཾ་ག་འཛིན་པ་ཁྱུ་མཆོག་གི་སྟེང་དུ་

བཞུགས་པའོ། །མེ་ལྷ་ནི་སྐུ་མདོག་དམར་པོ་རལ་པ་ཐོར་ཚུགས་སུ་བྱས་པ། ཚངས་པའི་ཐེ་གུ་ཅན། ཕྱག་བཞི་པ། བགྲང་ཕྲེང་དང་སྐྱབས་སྦྱིན་དང་གུནྡྷེ་དང་། དབྱུག་པ་འཛིན་པ་རའི་སྟེང་ན་བཞུགས་པའོ། །བདེན་བྲལ་ནི་སྐུ་མདོག་སྔོན་པོ་དབུ་སྐྲ་དམར་པོ་གྱེན་དུ་འབར་བ།

ཐོད་པའི་ཕྲེང་བ་ཅན་གྲི་གུག་དང་ཐོད་པ་འཛིན་པ་རོའི་སྟེང་ན་བཞུགས་པའོ། །རླུང་ནི་དུ་བའི་མདོག་ཅན་རླུང་གི་རས་འཛིན་པ། རིན་པོ་ཆེའི་དབུ་རྒྱན་ཅན་ཤ་བའི་སྟེང་ན་བཞུགས་པ་བྲིའོ། །དེ་དག་གི་གནས་སུ་ཡང་ལྷ་དང་ཡི་དགས་དང་ཀླུ་དང་གནོད་སྦྱིན་དང་འབྱུང་པོ་དང་ཐུབ་པ་དང་།

སྲིན་པོ་དང་རླུང་བདག་དང་དེ་དག་གི་ཚོགས་ཀྱིས་བསྐོར་བ་བྲིའོ། །དེའི་གཡོན་དུ་ཀླུ་ཆེན་པོ་བརྒྱད་གདེངས་ཀ་དང་བཅས་པར་བྲིའོ། །ནོར་རྒྱས་ནི་ཟླ་བའི་མདོག་ཅན་སྤྱི་བོར་ཨུཏྤལ་སྔོན་པོས་མཚན་པ་གདེངས་ཀ་དང་བཅས་པ། པདྨ་ནི་དུང་གི་མདོག་ཅན་དཔལ་བེའུས་མཚན་པའི་

གདེངས་ཀ་ཅན། སྟོབས་ཀྱི་རྒྱུ་ནི་དཱུར་བ་ལྟ་བུར་མདོག་སྔོ་བ་རིན་པོ་ཆེ་གསུམ་གྱིས་མགྲིན་པར་མཚན་པའོ། །འཇོག་པོ་ནི་ཉེར་ལྡན་གྱི་མེ་ཏོག་ལྟ་བུའི་མདོག་ཅན་ནོར་བུ་འབར་བས་མཚན་པ། པདྨ་ཆེན་པོའི་མདོག་ཀུནྡ་ལྟ་བུར་མཚུངས་པ་རྩེ་གསུམ་གྱིས་མཚན་པ། ཧུ་ལུ་ཧུ་ལུ་ནི་

ཤིན་ཏུ་གནག་པ་སྤྱི་བོ་མཚན་མས་མཚན་པ། རིགས་ལྡན་ནི་དུ་བའི་མདོག་ཅན་ཟླ་བའི་ནོར་བུས་མགྲིན་པ་མཚན་པ། དུང་སྐྱོང་ནི་གསེར་གྱི་མདོག་ཅན་མགྲིན་པ་ཟླ་བའི་དཀྱིལ་འཁོར་གྱིས་མཚན་པ་བྲིའོ། །དེ་དག་གི་རྒྱབ་ཚོགས་སུ་སྤྲིན་རྣམས་བྲི་སྟེ་སྒྲ་གྲག་པ་ནི་མདོག་

Vol. 10 · folio 62b

ནག་པོ། འཁྱིལ་པ་ནི་མདོག་སྔོན་པོ། རྨུགས་པ་ནི་གུར་གུམ་གྱི་མདོག་ཅན། མུན་པ་ནི་སྣ་ཚོགས་པའི་མདོག་ཅན། གང་བ་ནི་དམར་སེར། འབབ་པ་ནི་སྔོན་དམར། དྲག་པོ་ནི་སྣག་ཚའི་མདོག་ཅན། འཁྲིགས་པ་ནི་དཀར་པོ། གཞན་ཡང་དཀྱིལ་འཁོར་གྱི་རྒྱན་དུ་གྱུར་

པ་ཐམས་ཅད་ཀྱིས་ལེགས་པར་སྤྲས་ཏེ་བརྒྱན་པར་བྱའོ། །ཚོན་དགྱེ་བའི་རིམ་པའོ།། །།དེ་ལ་དཀྱིལ་འཁོར་བྲི་བའི་དུས་སུ་གང་ཞིག་གིས་བགེགས་བརྩམ་པ་དང་། རང་བཞིན་གྱིས་བར་ཆད་དུ་འགྱུར་བ་སྤང་བའི་ཕྱིར། སྔོན་གྱི་རིམ་པ་བཞིན་དབང་པོ་ལ་སོགས་པའི་ཕྱོགས་

སྐྱོང་བ་རྣམས་ལ་རིམ་པ་བཞིན་དུ་ཕུར་བུས་གདབ་པ་ལ་སོགས་པ་བྱའོ། །གལ་ཏེ་དཀྱིལ་འཁོར་གྱི་གནས་སུ་ཆར་དབབ་པར་གྱུར་ན། དགྱེས་པའི་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་དུར་ཁྲོད་ཀྱི་རས་ཀྱི་སྟེང་དུ་འདུག་སྟེ། གདུག་པའི་སེམས་ཀྱིས་སྔགས་འདི་བཟླས་སོ། །ཨོཾ་ཨཱརྱ་

ཨཱརྱ་སྨ་ཤ་ན། པྲི་ཡཱ་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། འབར་བའི་ལྟ་བས་གྱེན་དུ་བལྟས་ནས་ཐུགས་ཀ་ནས་ཁྲོ་བོ་འབར་བའི་ཚོགས་ཀྱིས་ནམ་མཁའི་ཁམས་ཡོངས་སུ་ཁྱབ་སྟེ། དེའི་འོད་ཟེར་ཡེ་ཤེས་ཀྱི་མེ་ལྟ་བུས་སྤྲིན་གྱི་ཚོགས་ཡོངས་སུ་གཏོར་བའི་བསམ་པ་དང་ལྡན་པར་བྱའོ། །

གལ་ཏེ་མེའི་དགྲ་བྱུང་བར་གྱུར་ན། མེའི་སྟེང་དུ་བཾ་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་ཁ་དོག་དཀར་པོ། དེའི་སྟེང་དུ་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ། བྷྲཱུཾ་ཡོངས་སུ་གྱུར་པའི་འཁོར་ལོ་རྩིབས་བརྒྱད་པ་བསམ། དེའི་ལྟེ་བ་ལ་བྷྲཱུཾ་ལས་གྱུར་པའི་སྟོན་ཀའི་རི་བོང་ཅན་གྱི་དབུས་

སུ་བྷྲཱུཾ་གྱིས་བྱིན་གྱིས་བརླབས་པའི་དབུས་སུ་རྒྱ་མཚོ་བཞི་ཆུ་བོ་ཆེན་པོ་བཞི་མ་དྲོས་པའི་ཆུ་ལྟ་བུའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་སྤྲིན་གྱི་ཚོགས་ལྟ་བུ་བྱུང་སྟེ་ནམ་མཁའི་ཁམས་མ་ལུས་པ་ཁྱབ་པར་བྱས་ནས་ཆུའི་རྒྱུན་འབབ་པས་ཕྱོགས་བཅུར་ཡོངས་སུ་འགེངས་པར་འགྱུར་རོ། །

བདག་ཉིད་རྣམ་པར་སྣང་མཛད་དུ་བསམ་མོ། །གལ་ཏེ་རླུང་གིས་བར་ཆད་དུ་གྱུར་ན་དེ་ཞི་བར་བྱ་བའི་ཕྱིར་བདག་ཉིད་ལྷག་པའི་ལྷའམ་རྡོ་རྗེ་ཧཱུྃ་མཛད་ཀྱི་རྣལ་འབྱོར་དུ་ཞུགས་ཏེ། ཧཱུྃ་གི་སྔགས་འབུམ་ཕྲག་ཏུ་བཟླས་པ་བྱས་ལ་ས་ལ་མ་ལྷུང་བའི་རྣམ་ལྔའམ། གྲོག་མཁར་གྱི་ས་ལས་

Vol. 10 · folio 63a

རླུང་ལྷའི་གཟུགས་བྱས་ནས་ནམ་མཁར་ཡཾ་ལས་བྱུང་བའི་རླུང་ལྷའི་གཟུགས་བསམས་ཏེ། དེ་ཉིད་བཀུག་ལ་རྫས་ཀྱི་གཟུགས་ལ་བསྟིམ་པར་བྱའོ། །བཅིངས་ལ་ནི་རཾ་ཤུའི་ཕུར་བུ་སོར་བཞི་ས་ལ་ལན་བརྒྱ་རྩ་བརྒྱད་དུ་བཟླས་ཏེ་གདབ་པར་བྱའོ། །དེ་བཞིན་དུ་

ཆུའི་གནོད་པ་བསལ་བར་བྱ་བའི་ཕྱིར་ཆུ་ལྷ་ལ་ཕུར་བུས་གདབ་པར་བྱའོ། །ཡང་སྔོན་བཞིན་དུ་རྡོ་རྗེ་ར་བ་ལ་སོགས་པ་རྡོ་རྗེ་ས་གཞིའི་བར་དུ་རིམ་པས་བསྒོམ་པ་ལ་ཁྲོ་བོའི་ལྟ་བས་ཕྱོགས་ཐམས་ཅད་དུ་བལྟས་ལ། རྩ་བའི་སྔགས་བརྗོད་པར་བྱའོ། །ཨོཾ་ཨཥྚཱ་ན་ནཱ་ཡ། པིངྒོརྡྷྭ་ཀེ་ཤ་

བརྟྨ་ནེ་ཙ་ཏུརྦིཾ་ཤ་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ་ཀྲྀཥྞ་ཛི་མཱུ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནེ་ཀཾ་དྷཱ་རི་ཎེ་ཨཱདྡྨ་ཀྲཱུ་ར་ཙིཏྟཱ་ཡ། ཨརྡྷན་དུ་དཾཥྚྲྀ་ཎེ་ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫ་ཡ་གརྫ་ཡ། ཏརྫ་ཡ་ཏརྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱན། བནྡྷ་བནྡྷ་ནཱ་གཱཥྚི་ཀཱན། གྲྀཧྞ་གྲྀཧྞ།

སརྦ་ཤ་ཏྲཱུཾ། ཧ་ཧཱ། ཧི་ཧཱི། ཧུ་ཧཱུ། ཧེ་ཧཻ། ཧོ་ཧཽ། ཧཾ་ཧཿཕཊ་སྭཱ་ཧཱ། ཡང་ན་བར་ཆད་ཞི་བར་བྱ་བའི་ཕྱིར། ཨརྒའི་ལོ་མ་དང་། སྐེ་ཚེ་དང་། བཙན་དུག་དང་། ཙི་ཏྲ་ཀའི་ཁུ་བ་རྣམས་ཀྱིས་བགེགས་ཀྱི་མིང་བྲིས་ཏེ། ཨོཾ་ཧེ་བཛྲ་ཛྭ་ར་ཛྭ་ར་ཤ་ཏྲཱུཾ་ནན་བྷྲཱུཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྔགས་འདི་ཁྲི་ཕྲག་ཏུ་

བཟླས་ཏེ། ཤིན་ཏུ་ཁྲོས་ནས་འབྲས་ཕུབ་ཀྱི་ཕྱེ་ལ་སྦྱིན་སྲེག་བྱའོ། །དེས་ཀྱང་བར་ཆད་ཞི་བར་མ་གྱུར་ན་དེ་ལ་དུག་དང་། ཚ་བ་དང་། སྐྱེ་ཚེ་དང་། ཚྭ་དང་། རོ་བསྲེགས་པའི་ཐལ་བ་དང་། སོལ་བ་དང་། མི་རུས་ཕྱེ་མ་དང་འདི་དག་ནི་སྨྱོ་བྱེད་ཀྱི་ཁུ་བས་སྦྲུས་ཏེ། བགེགས་ཀྱི་གཟུགས་

བྱས་ལ་རྔ་མོ་དང་བོང་བུ་ལ་སོགས་པའི་རིལ་མ་ལ་དུར་ཁྲོད་ལས་བྱུང་བའི་མེ་སྦར་ཏེ། མཚོན་རྣོན་པོས་གཟུགས་གཏུབས་ཤིང་། ཨོཾ་སརྦ་བིགྷྣན་མཱ་ར་ཡ་གྷུཿསྭཱ་ཧཱ། ཞེས་པའི་སྔགས་ཀྱིས་འབར་བའི་མིག་དང་། ཕྱེད་ཀྲུང་གི་གར་གྱིས་སྔར་བཞིན་སྦྱིན་སྲེག་བྱའོ། །དེ་ཡང་ཆོས་ཐམས་

ཅད་རྣམ་པར་རྟོག་པ་ཙམ་ཡིན་ལ། བགེགས་ཀྱང་རྣམ་པར་རྟོག་པ་ལས་བྱུང་བའི་ཕྱིར། བདག་མེད་པའི་མེས་འཇོམས་པར་འགྱུར་རོ། །བར་ཆོད་བསལ་བའི་རིམ་པའོ།། །།དེ་ནས་བར་ཆད་མེད་པར་དཀྱིལ་འཁོར་བྲི་བ་རྫོགས་པ་དང་། སློབ་དཔོན་ཁྲུས་བྱས་ཏེ་དྲི་ཞིམ་པོས་

Vol. 10 · folio 63b

བྱུགས་ལ། སྣ་ཚོགས་པའི་ན་བཟའ་གྱོན་ཞིང་མེ་ཏོག་གི་ཕྲེང་བས་ཅོད་པན་བྱས་ཏེ། དཀྱིལ་འཁོར་གྱི་ཕོ་བྲང་དུ་ཞུགས་ལ་སྟན་མཐོ་ཞིང་འཇམ་པ་ལ་འདུག་ལ་རང་ལྷའི་རྣལ་འབྱོར་དང་ལྡན་པས་ཚོན་གྱི་ལྷག་མ་རྣམས་ཡི་གེ་གསུམ་གྱི་མཐར་མུཿདང་ལྡན་པས་གཤེགས་སུ་

གསོལ་ལ་ཚོན་གྱི་སྣོད་རྣམས་ནི་དབེན་པར་གཞག་གོ། །དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ས་རྣམས་ནི་བའི་རྣམ་ལྔ་ལ་སོགས་པས་བྱུགས་ནས། མེ་ཏོག་གི་ཚོམ་བུ་བཀོད་ལ་མར་མེའི་ཕྲེང་བས་བསྐོར་ཏེ། ཁནྡྷ་བིནྡྷ་ལ་སོགས་པའི་སྤོས་ཕྱོགས་ཐམས་ཅད་གཏམས་ཏེ།

དེ་ནས་དཀྱིལ་འཁོར་གྱི་ཕྱི་རོལ་དབུས་སམ་ཕོ་བྲང་དུ་རོལ་མོའི་ཚོགས་ཀྱི་བུམ་པ་སྤྱན་དྲངས་ཏེ། བསྐོར་བ་གསུམ་བྱས་ལ་རྣམ་པར་རྒྱལ་བའི་བུམ་པ་དབུས་སུ་བཞུགས་སུ་གསོལ་བར་བྱའོ། །གཽ་རཱི་ལ་སོགས་པའི་བུམ་པ་བཞི་ཤར་ལ་སོགས་པའི་ཕྱོགས་བཞིར་ཕོ་བྲང་གི་

ཕྱི་རོལ་དུ་བཞུགས་པར་བྱས་ལ། པུཀྐ་སཱི་ལ་སོགས་པའི་བུམ་པ་ནི་གཡོན་སྐོར་དུ་མཚམས་བཞིར་གཞག་པར་བྱའོ། །གང་བའི་བུམ་པ་བཞི་ཡང་ཕྱོགས་བཞིར་མཆོད་པའི་དོན་དུ་གཞག་པར་བྱའོ། །ལས་ཐམས་ཅད་པའི་བུམ་པས་བགེགས་བསྐྲད་དོ། །ཤར་སྒོའི་ལྷོ་

ཕྱོགས་སུ་གཞུག་པར་བྱའོ། །ཡང་ན་མཆོད་པའི་དོན་དུ་གང་བའི་བུམ་པ་བརྒྱད་མཆོད་པའི་ཕྱག་མཚན་འཛིན་པར་བྱིན་གྱིས་བརླབས་ལ། ཤར་ལ་སོགས་པའི་ཕྱོགས་དང་མཚམས་སུ་དགོད་པར་བྱའོ། །དེ་ལྟར་ལྷའི་བུམ་པ་རྣམས་ཀྱི་ཆུ་བདུད་རྩི་ལྔ་དང་ལྡན་པའི་པདྨའི་སྣོད་

དུ་ཉུང་ངུ་ཉུང་ངུ་བླུགས་ཏེ་བདག་ཉིད་ཀྱི་མདུན་དུ་གཞག་གོ། །བུམ་པ་དགོད་པའི་རིམ་པའོ།། །།དེ་ནས་སྔགས་པས་དཀྱིལ་འཁོར་ལ་མངོན་པར་ཕྱོགས་ཏེ། དཀྱིལ་འཁོར་གྱི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། དཀྱིལ་འཁོར་གྱི་མཆོད་པ་བྱས་ཏེ། དེ་ཡང་ཤིན་ཏུ་

དག་པའི་སེམས་ཀྱིས་དཀྱིལ་འཁོར་གྱི་ཆོ་ག་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ཡང་རིམ་པ་འདི་ལྟར་འབྱུང་སྟེ། ཕྱིའི་རིག་མ་ལོ་བཅུ་གསུམ་ལོན་པའམ། ཡང་ན་ནང་གི་རིག་མ་དང་བཅས་པས་ཏིང་ངེ་འཛིན་གསུམ་དང་ལྡན་པར་བྱས་ལ། རྡོ་རྗེ་དང་པདྨ་བསྐྱེད་པའི་སྒྲས་

Vol. 10 · folio 64a

དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ། ཐུགས་ཀར་བཅུག་སྟེ་འོད་དུ་ཞུ་ནས་རྡོ་རྗེའི་ལམ་དུ་ཕྱུང་སྟེ། ཡུམ་གྱི་པདྨའི་གནས་སུ་ཕབ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དུ་ཕྱོགས་བཅུར་སྤྲོས་ནས་སེམས་ཅན་གྱི་དོན་མ་ལུས་པར་བྱ་སྟེ། བློ་དང་

ལྡན་པས་དེ་ཉིད་ཚུར་བཀུག་སྟེ། དཀྱིལ་འཁོར་གྱི་འགྲམ་གྱི་ནམ་མཁའ་ལ་བཞུགས་པ་ལ། དེ་དང་མཚུངས་པར་ཕྱིན་པའི་བགེགས། ཨཥྚཱ་ན་ནཱའམ་ཧཱུྃ་གི་སྒྲས་ཡོངས་སུ་བསྐྲད་དེ་དཀྱིལ་འཁོར་བསྲུང་བར་བྱའོ། །དེ་ནས་བསང་གཏོར་ལ་སོགས་པ་བྱིན་ཏེ། ཛཿཧཱུཾ་བཾ་ཧོཿ། འདིས་

རིམ་པ་ཇི་ལྟ་བ་བཞིན་བཀུག་ལ། དཀྱིལ་འཁོར་གྱི་ཕྱག་མཚན་ལ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དགྱེས་པ་བསྐྱེད་པར་བྱའོ། །དེ་ནས་སྤྱན་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པར་བྱའོ། །ཡང་བསང་གཏོར་ལ་སོགས་པ་སྔོན་དུ་འགྲོ་བས་རང་གི་སྙིང་གའི་ས་

བོན་ལས་ལྷ་མོ་བརྒྱད་སྤྲོས་ཏེ། ཕྱི་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད་དོ། །རས་ཡུག་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པ་ལྷའི་གྲངས་སུ་དཀྱིལ་འཁོར་ལ་མཆོད་པར་བྱའོ། །འཁོར་ལོ་ལ་བསྟོད་པར་བྱའོ། །ཁྱོད་ནི་རྣལ་འབྱོར་མ་རྣམས་ཡོངས་སུ་བསྐོར། །ཉིད་

ཀྱི་ཐུགས་ཀྱི་དགོས་པ་འགྲུབ་པ་སྟེ། །རྒྱུ་དང་མི་རྒྱུ་འཁོར་བ་ཀུན་སྒྲུབ་ཁྱོད། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་བྱང་ཆུབ་མཛད། །ཀུན་རྫོབ་སྒྱུ་མས་འབྲས་བུ་བསྒྲུབ་པའི་ཡིད། །ཧེ་རུ་ཀ་དཔལ་དགྱེས་རྡོར་ཐུགས་ལ་བསྟོད། །དེ་ནས་པདྨའི་སྣོད་དུ་བདུད་རྩི་རྣམ་པ་ལྔ་ལ་མན་

ངག་ཇི་ལྟ་བ་བཞིན་བྱིན་གྱིས་བརླབས་ལ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་མཆོད་པར་བྱའོ། །དཀྱིལ་འཁོར་དང་དཀྱིལ་འཁོར་གྱི་བདག་ཉིད་བདུད་རྩི་དེས་ཚིམ་པར་གྱུར་ནས་བདེ་བ་ཆེན་པོའི་བདག་ཉིད་དུ་གནས་པར་བྱའོ། །རིམ་པ་སོ་སོར་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་

གྱི་བདག་པོས་ལྷ་ཐམས་ཅད་ཀྱི་གསང་སྔགས་བཟླས་པ་ལ་འཇུག་པར་བྱའོ། །དེ་ནས་སྔགས་པ་ཇི་ལྟར་འབྱུང་བའི་ལས་ཀྱི་རྡོ་རྗེ་མ་ཡིན་པ་དཀྱིལ་འཁོར་གྱི་ཕོ་བྲང་ནས་བསྐྲད་ལ་སློབ་དཔོན་གདུགས་དཀར་པོ་དང་། བ་དན་དང་། རླུང་ཡབ་དང་། རྒྱལ་མཚན་དང་། གླུ་དང་།

Vol. 10 · folio 64b

གར་དང་། སྒྲའི་ཚོགས་ལ་སོགས་པའི་རོལ་མོས་ཡོངས་སུ་བསྐོར་བ་ལ་ཕྱིར་བྱུང་ནས། བདེ་བའི་སྟན་ལ་འདུག་སྟེ། རང་གི་བདུན་དུ་ཟངས་པོ་ཆེའམ། སྨྱུག་མ་ལ་སོགས་པ་ལས་བྱས་པའི་སྣོད་དུ་ཉ་དང་ཤ་དང་ཟན་དང་ཞོ་དང་འོ་མ་དང་སྦྲང་རྩི་དང་། ཆང་དང་ཆུ་དང་ཆན་དང་འབྲས་

རྔོས་པ་དང་། ཏིལ་དང་རི་ལུ་དང་ཁུ་བ་ལ་སོགས་པའི་སྣ་ཚོགས་པའི་བཟའ་བ་དང་བཅས་པ་དང་། སྟོན་མོའི་བྱེ་བྲག་བཏུང་བའི་རྣམ་པ་དང་། ལྡག་པ་དང་། འཇིབ་པའི་རྣམ་པ་དང་། དེ་དག་གི་རྫས་ཀྱིས་ཡོངས་སུ་བཀང་ལ། མར་མེ་ལྔ་དང་བདུད་རྩི་དང་། གདུགས་དང་རྒྱལ་

མཚན་དང་། མེ་ཏོག་གི་ཕྲེང་བ་ལ་སོགས་པའི་རྒྱན་གྱིས་བརྒྱན་པ་ཡང་བྱའོ། །གཞན་ཡང་ཁ་ཟས་ཀྱི་ཚོགས་ཅི་འབྱོར་པ་ཚོགས་པར་བྱས་ལ། གལ་ཏེ་མ་འབྱོར་ན་ཆུ་དང་ཟན་ཙམ་ལས་བྱ་སྟེ། ཐམས་ཅད་ཚོགས་པར་དམིགས་སོ། །དེ་ལྟར་བལྟས་ནས་འབར་བ་ལ་སོགས་པའི་ཡེ་

ཤེས་ལྔའི་བདག་ཉིད་ཀྱི་རིམ་པས་དག་པར་བྱའོ། །དེའི་རིམ་པ་ནི་འདི་ལྟར་འབྱུང་ངོ་། །མདུན་གྱི་ནམ་མཁའ་ལ་ཧཱུྃ་སྔོན་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་བསམ་པར་བྱའོ། །དེའི་འོག་ཏུ་ཨཱཿདམར་པོ་ཡོངས་སུ་གྱུར་པའི་ཐོད་པ་ནང་དམར་པོ་གནས་པ་བསམ་པར་བྱའོ། །

དེའི་དབུས་སུ་ཨོཾ་དཀར་པོས་བྱིན་གྱིས་བརླབས་པའི་བདུད་རྩི་ལྔའི་བདག་ཉིད་བསམ་པར་བྱས་ནས། དེ་ནས་རྡོ་རྗེ་པདྨོའི་སྦྱོར་བས་མེ་སྦར་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེས་རྫས་རྣམས་སྤྲོས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །དྲོས་ཏེ་ཁུ་བར་གྱུར་ནས་

འོད་ཟེར་དང་ལྡན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ཉིད་ཡེ་ཤེས་ཀྱི་ཉི་མའི་དཀྱིལ་འཁོར་ལྟ་བུར་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེའི་འོད་ཟེར་ཕྱོགས་བཅུར་སྤྲོས་པས་དེ་བཞིན་གཤེགས་པ་མ་ལུས་པའི་གཟུགས་སུ་གྱུར་ཏེ། དེ་དག་གི་ཐུགས་ཀའི་ཡེ་ཤེས་ཀྱི་ས་

བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ལ་བསྟིམ་ནས་གཉིས་སུ་མེད་པར་བྱས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་བརླབས་པ་ནི་མཆོག་གི་བདུད་རྩིར་གྱུར་ཏེ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱའོ། །

Vol. 10 · folio 65a

དེ་ནས་རང་གི་མདུན་གྱི་ནམ་མཁའ་ལ་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ་བསམ་མོ། །དེ་ལ་ཤར་གྱི་འདབ་མ་ལ་སོགས་པ་བཞི་ལ་དབང་པོ་དང་། གཤིན་རྗེ་དང་། ཆུ་བདག་དང་། ནོར་བདག་གོ། །བྱང་ཤར་ལ་སོགས་པའི་འདབ་མ་ལ།

དབང་ལྡན་དང་། མེ་ལྷ་དང་། བདེན་བྲལ་དང་། རླུང་ལྷ་རྣམས་ཧཱུྃ་ལས་སྐྱེས་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་ལྡན་པས་རང་གི་རིག་མ་ལ་འཁྱུད་པ། ཕྱག་རྒྱ་དྲུག་དང་ལྡན་པ། བརྐྱང་བསྐུམ་གྱི་གར་གྱིས་བཞུགས་པ་མི་བསྐྱོད་པས་

དབུ་བརྒྱན་པའི་བདག་ཉིད་དུ་བསྒོམ་པར་བྱའོ། །དེའི་སྟེང་དུ་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཆུད་པར་ཟླ་བ་དང་ཉི་མ་དང་ཚངས་པ་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞི་དང་། སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་

རྣམས་འདོད་པའི་ལྷའོ། །ཚངས་རིགས་དང་ཚངས་པ་མདུན་ན་འདོན་དང་ཚངས་པ་ཆེན་པོ་སྟེ་བསམ་གཏན་དང་པོའོ། །འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་བ་ནི་བསམ་གཏན་གཉིས་པའོ། །དགེ་ཆུང་དང་ཚད་མེད་དགེ་དང་། དགེ་རྒྱས་ནི་བསམ་གཏན་གསུམ་

པའོ། །སྤྲིན་མེད་དང་བསོད་ནམས་སྐྱེས་དང་འབྲས་བུ་ཆེ་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོན་སྣང་བ་དང་། ཤིན་ཏུ་མཐོང་དང་། འོག་མིན་གྱི་གནས་ཏེ་བསམ་གཏན་བཞི་པའོ། །བདེ་བ་ཅན་གྱི་འཇིག་རྟེན་གྱིས་ཁམས་ན་གནས་པ་དང་། འོད་ཟེར་གྱིས་འཇིག་རྟེན་

གྱི་ཁམས་ན་གནས་པ་ཐམས་ཅད་བཀུག་ནས་ལྷན་ཅིག་དུ་ཞུ་སྟེ། ཨོཾ་ལས་སྐྱེས་པ་སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་དང་ལྡན་པའི་ཕྱག་རྒྱ་རང་གི་རིག་མ་ལ་འཁྱུད་པ་ཕྱག་རྒྱ་དྲུག་དང་ལྡན་ཞིང་བརྐྱང་བསྐུམ་གྱིས་བཞུགས་པ། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པའོ། །ཆོས་ཀྱི་

འབྱུང་གནས་ཀྱི་པདྨའི་རྩ་བར་ནོར་རྒྱས་དང་། འཇོག་པོ་དང་། སྟོབས་ཀྱི་རྒྱུ་དང་། པདྨ་དང་། པདྨ་ཆེན་པོ་དང་། རིགས་ལྡན་དང་། དུང་སྐྱོང་ལ་སོགས་པ་དང་། ཐགས་བཟངས་རིས་དང་། འཐོར་བྱེད་དང་། རྣམ་པར་སྣང་བྱེད་ལ་སོགས་པའི་ལྷ་མ་ཡིན་ཆེན་པོ་རྣམས་དང་། སའི་

Vol. 10 · folio 65b

ལྷ་མོ་འཁོར་དང་བཅས་པ་དང་། ཉི་ཚེ་བ་དང་། ཐིག་ནག་དང་། འགྲོགས་པ་དང་། འཇིགས་པ་དང་། འཇིགས་པ་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་སྟེ་ཚ་བའི་དམྱལ་བ་ལ་གནས་པ་རྣམས་སོ། །ཆུ་བུར་ཅན་དང་། རབ་ཏུ་ཆུ་བུར་ཅན་དང་། སོ་ཐམས་དང་།

ཧ་ཧ་དང་། ཧུ་ཧུ་དང་། ཨུཏྤལ་ལྟ་བུ་དང་། པདྨ་དང་། པདྨ་ཆེན་པོ་སྟེ་གྲང་བའི་དམྱལ་བ་རྣམས་སོ། །ཆུ་ལ་གནས་པ་དང་། སྐམ་ལ་གནས་པ་དང་། རིགས་ལ་གནས་པ་ལ་སོགས་པའི་དམྱལ་བའི་བྱེ་བྲག་ཇི་སྙེད་ཡོད་པ་དང་། ཡི་དགས་དང་དུད་འགྲོར་བཅས་པ་བཀུག་སྟེ།

རྣམ་པར་བྱང་བའི་ཆོ་ག་བྱས་ལ། ཨཱཿདམར་པོ་ལས་གྱུར་པའི་ཀླུ་རྣམས་ནི་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་ལྡན་པ་རང་གི་རིག་མ་ལ་འཁྱུད་པ། བརྐྱང་བསྐུམ་གྱིས་བཞུགས་ཤིང་ཕྱག་རྒྱ་དྲུག་དང་ལྡན་པ། སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་བསྒོམ་པར་

བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་སྣ་ཚོགས་པའི་གོས་དང་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་ནས། མེ་ཏོག་གི་ཕྲེང་བས་ཅོད་པན་བྱས་པ། རྣ་བ་ལ་ཨུཏྤལ་ལ་དང་། འཁོར་ལོ་དང་། དཔུང་རྒྱན་དང་། ཕྱག་གདུབ་དང་། མགུར་ཆུ་དང་། གསེར་དངུལ་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་

རབ་ཏུ་བརྒྱན་པར་བྱའོ། །དེ་ནས་ས་ཕྱོགས་སུ་དྲི་དང་བའི་རྣམ་ལྔས་བྱུགས་ལ། པདྨ་འདབ་མ་བརྒྱད་པ་མུ་ཁྱུད་དང་བཅས་པ་ཆོས་འབྱུང་གི་གནས་སུ་ཆུད་པར་བྱའོ། །ཤར་དང་བྱང་ཤར་གྱི་མཚམས་སུ་ཆོས་འབྱུང་གི་གྱེན་དུ་ལྟ་སྟེ་ལྷ་རྣམས་བཀོད་པའི་གནས་སོ། །ནུབ་དང་

ལྷོ་ནུབ་ཏུ་ནི་ཆོས་འབྱུང་གི་ཞབས་སུ་སྟེ། ཀླུ་རྣམས་བཀོད་པའི་གནས་སོ། །ནུབ་ཀྱི་ཆར་ནི་ཕྱོགས་སྐྱོང་གི་བདག་ཉིད་བལྟ་བར་བྱས་ལ། དེ་ནས་གཽ་རཱི་ལ་སོགས་པའི་སྦྱོར་བས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་སྟེ། བསང་གཏོར་ལ་སོགས་པ་སྔོན་དུ་འགྲོ་

བས་གཏོར་མའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་དབུལ་བར་བྱའོ། །རྡོ་རྗེ་ཁ་དབྱེ་བའི་ཕྱག་རྒྱ་དང་ལྡན་པས་སྔགས་ཀྱིས་དབུལ། ཨོཾ་ཨིནྡ། ཛ་མ། ཛ་ལ། ཛཀྑ། དྷཱུ་ཏ། བཧྣི། བཱ་ཨུ། རཀྑ། ཙནྡ། སུཛྫ། མཱ་ད། པཔྤ། ཏ་ལ་པཱ་ཏཱ་ལེ། ཨཊྚ་སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ། བྷུཉྫ། ཛི་གྷ། ཕུལླ། དྷཱུ་པ།

Vol. 10 · folio 66a

མཱཾ་ས། བི་གྷཾ། ཨཾ་བྷ་ཀཛྫ། སཱ་དྷ། ཁནྟི། ཁུ་ཎ། ཕེ་ཌ། ག་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤ་ནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། དེ་དག་གི་ལྗགས་ལ་ཧཱུྃ་དཀར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་སྦུ་གུས་བདུད་རྩི་འདྲེན་པའི་རླུང་གི་བདག་ཉིད་དུ་བལྟའོ། །དེ་ནས་ཟངས་དུང་ལ་

སོགས་པའི་སྒྲ་དང་ལྡན་པས་མངོན་པར་ཕྱོགས་ཏེ། གཏོར་མ་ལས་ཁྱོར་བ་གསུམ་བླངས་ཏེ། ས་དེ་ཉིད་དུ་བཞག་ལ་ལྷ་ལ་སོགས་པ་མཆོག་གི་བདུད་རྩི་ཐོབ་པས་ཤིན་ཏུ་ཚིམ་པར་འགྱུར་ཏེ། བདེ་བ་ཆེན་པོའི་བདག་ཉིད་དུ་བལྟས་ཏེ། གཏོར་མ་དེ་ཤིང་རྟའམ་ཁུར་བའམ།

ཇི་ལྟ་བའི་སྦྱོར་བས་གཤེགས་སུ་གསོལ་ལོ། །སྐབས་དེ་ཉིད་དུ་ཕྱོགས་སྐྱོང་བ་ལ་སོགས་པ་རྣམས་གཏོར་མས་དགྱེས་ཤིང་ཚིམ་པར་གྱུར་ནས། སྒྲུབ་པ་པོས་ཇི་ལྟར་འདོད་པའི་དངོས་གྲུབ་བྱིན་པར་བསམས་ལ་བསང་གཏོར་ལ་སོགས་པའི་མཆོད་པས་མཆོད་དེ། ཐོད་པའི་

བདུད་རྩི་ལྔས་བསང་གཏོར་བྱས་ལ་ཚིག་འདི་བརྗོད་པར་བྱའོ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །དམ་ཚིག་ཕྱག་རྒྱ་མི་སྤོང་བར། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་

ཨཱཿཧཱུྃ་བཛྲ་མུཿཞེས་པས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་དགའ་བའི་སེམས་ཀྱིས་འབྲས་བུ་ཐོབ་ནས་རང་རང་གི་གནས་སུ་འགྲོ་བར་བལྟའོ། །གཏོར་མའི་རིམ་པའོ།། །།དེ་ནས་རྡོ་རྗེ་སློབ་དཔོན་རྡོ་རྗེ་དྲིལ་བུ་དང་ལྡན་པས་དགྱེས་པའི་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་

པའི་རྣལ་འབྱོར་དང་ལྡན་པས་བརྐྱང་བསྐུམ་གྱི་གར་གྱིས་གནས་ལ། མེ་ཏོག་སྔོན་པོའི་ཕྲེང་བ་ཐོགས་ལ། ཧཱུྃ་ཧཱུྃ་ཞེས་པའི་སྒྲ་སྒྲོག་ཅིང་། ཧི་ཧི་ཞེས་འཇིགས་པར་བྱས་ནས་རོལ་པའི་འགྲོས་ཀྱི་གར་གྱིས་བཛྲ་བེ་ག་བརྗོད་ནས་དཀྱིལ་འཁོར་དུ་ཞུགས་ལ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་བསྐོར་

བ་གསུམ་བྱས་ཏེ། དམན་པ་དང་ལྷག་པའི་སྐྱོན་དང་བྲལ་བར་བལྟས་ལ། མེ་ཏོག་སྔོན་པོའི་ཕྲེང་བ་དེ་གཙོ་བོའི་ཐུགས་ཀར་གསོལ་བ་འདེབས་པའི་དོན་དུ་དོར་བར་བྱའོ། །དེ་ནས་མེ་ཏོག་དེ་ལྷ་རྣམས་ཀྱིས་གནང་བ་སྦྱིན་པའི་ཚུལ་དུ་བླངས་ལ་རང་གི་སྤྱི་བོར་གདགས་ཏེ། དཀྱིལ་འཁོར་

Vol. 10 · folio 66b

ཆེན་པོ་དེ་ལ་མཆོད་པའི་ཁྱད་པར་གྱིས་ཡང་དག་པར་མཆོད་པར་བྱའོ། །འདི་ནི་འཁོར་ལོ་མཆོད་པ་དག །ཡང་དག་རྫོགས་པར་བྱ་ཆེད་དུ། །རྒྱལ་བས་ཇི་ལྟར་གསུངས་པ་ཡི། །སྤོས་ནི་སོ་སོར་རབ་ཏུ་དབུལ། །ཙནྡན་དང་ནི་གུར་གུམ་ཉིད། །ཤེལ་པདྐ་དང་ཀ་ལ་ལོ་དྷ་པ་བྷི། །

རྫས་འདི་དག་ནི་སྤོས་ཆེན་པོ། །ཧེ་རུ་ཀ་ལ་རབ་ཏུ་དབུལ། །ཀ་ཙོ་ར་དང་ཙོ་རི་ཀ །གསུམ་པ་ཛཱ་ཏི་གྷོ་ཥེ་སྟེ། །དངོས་གྲུབ་སྐྱེད་པའི་སྤོས་འདི་དག །རྟག་པ་ལ་ནི་ངེས་པར་དབུལ། །ཀུན་དུ་རུ་དང་བོ་ལ་ཀཾ །རི་དགས་ལྟེ་བར་འཛིན་དེ་བཞིན། །དངོས་གྲུབ་ཐམས་ཅད་སྒྲུབ་པ་

ཡི། །སྤོས་ནི་རིན་ཆེན་དབང་ལ་དབུལ། །ས་འདི་དྲི་དང་ས་འདི་ཉིད། །ས་ལི་ཛ་དང་སི་ཧ་ཀ །འཇིག་རྟེན་མགོན་པོའི་སྤོས་ཡིན་པས། །སྤོས་ནི་འཇིག་རྟེན་མགོན་ལ་དབུལ། །ཙནྡན་གཉིས་དང་གླ་རྩི་དང་། །ག་པུར་སི་ལ་གི་ན་དང་། །གཡོན་གྱི་ཕྱོགས་སུ་རབ་བཞག་སྟེ། །

དོན་ཡོད་རྡོ་རྗེ་ཉིད་ལ་དབུལ། །བོ་ལ་ས་དྷ་ར་ས་རི་དགས་བཅུད། །གུར་གུམ་མེ་ཏོག་གེ་སར་ལས་བྱུང་བའི། །དྲི་ཞིམ་མར་གྱི་མར་མེ་ནི། །གྲྭ་རྣམས་སུ་ནི་གཞག་པར་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོའི་ཡོ་བྱད་ཚོགས་ནས། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་གཙང་མར་བྱས་

པའི་ས་གཞི་ལ། མཆོད་པ་དང་བསྙེན་བཀུར་སྔོན་དུ་འགྲོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདོན་པར་བྱའོ། །ལྷོ་ཕྱོགས་སུ་རིན་པོ་ཆེ་ཏོག་གདོན། ནུབ་ཕྱོགས་སུ་སྡོང་པོ་བཀོད་པའི་མདོ་གདོན། །བྱང་ཕྱོགས་སུ་ཟླ་བའི་སྒྲོན་མའི་མདོ་གདོན། གྲྭ་ལ་སོགས་པ་རོལ་མོའི་ཆ་བྱད་ཀྱིས་

ཀྱང་དཀྱིལ་འཁོར་ཕྱོགས་བཞི་ནས་མཆོད་པར་བྱའོ། །དེ་ནས་གཞན་ཡང་མེ་ཏོག་སྣ་ཚོགས་བཅོམ་ལྡན་འདས་ལ་ཕུལ་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། སྔགས་དག་གིས་བཅོམ་ལྡན་འདས་ལ་དབུལ་བར་བྱའོ། །ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ལྷན་ཅིག་འབྱུང་བ་སྤོས་ཀྱིའོ། །ཨོཾ་བཛྲ་དཱི་པཾ་

ཨཱཿཧཱུྃ། མར་མེའིའོ། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། དྲི་ཞིམ་པོའིའོ། །ཨོཾ་བཛྲ་ནཻ་བི་དྱེ་ཨཱཿཧཱུྃ། ལྷ་བཤོས་ཀྱིའོ། །གཞན་ཡང་མཆོད་པའི་ཁྱད་པར་ཅི་ཚོགས་པ་ཧཱུྃ་གིས་བྱིན་གྱིས་བརླབས་ལ་ཡི་གེ་གསུམ་དང་ལྡན་པས་དབུལ་ལོ། །དེ་ནས་བསྟོད་པ་བྱས་ལ། བདུད་རྩི་མྱང་བའོ། །

Vol. 10 · folio 67a

དེ་ནས་དམན་པ་དང་ལྷག་པའི་ལས་ཀྱི་ཁ་བསྐང་བའི་ཕྱིར། ལྷག་པར་མོས་པའི་དཀྱིལ་འཁོར་ལ་ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྔ་དྲོའི་དུས་སུ་རང་གང་ལ་མོས་པའམ། ལས་ཐམས་ཅད་པའི་ཐབ་ཁུང་དུ་རྒྱས་པའི་སྦྱིན་སྲེག་བརྩམ་པར་བྱའོ། །དེ་ཡང་

དཀྱིལ་འཁོར་གྱི་ལྷོ་ཕྱོགས་སམ་ཤར་དུ་བྱའོ། །ཁ་དོག་སེར་པོའི་ས་ལ་ཐབ་ཁུང་གང་གི་ཚད་དུ་ཟླུམ་པོར་བརྐོས་ལ། ཟབས་སུ་སོར་བཅུ་གཉིས་པའི་ཚད་དུ་བྱས་ཏེ། རྡོ་རྗེ་ཕྲེང་བའི་ནང་དུ་ལྷའི་ཕྱག་མཚན་བཀོད་ལ། དེ་ལ་གཙོ་བོའི་ཕྱག་མཚན་ནི་རང་གི་སྐུ་མདོག་དང་མཐུན་

པ་སོར་བརྒྱད་པ་དབུས་སུ་བལྟའོ། །དེ་ནས་སོར་བཞི་དོར་བ་ལས་གྱེན་དུ་སོར་བཞིའི་ཚད་དུ་བྱའོ། །དེའི་ཕྱི་རོལ་དུ་པདྨ་ཁ་བྱེ་བའི་དབྱིབས་སུ་བྱས་ནས་ཕྱོགས་རྣམས་སུ་ནི་རྡོ་རྗེ་རྩེ་ལྔ་པ་བཀོད་ལ་མཚམས་རྣམས་སུ་ནི་རྩེ་གསུམ་པའོ། །ཁ་ཁྱེར་ལ་འཁོར་ལོ་བཀོད་

པའོ། །ཀུན་ནས་ཟླུམ་པོར་བྱའོ། །ཐབ་ཁུང་དེ་ཡང་བའི་རྣམ་ལྔས་ཡོངས་སུ་བྱུགས་ལ། དེའི་སྟེང་དུ་ཁ་དོག་སེར་པོ་དྲི་དང་བདུད་རྩི་དང་ལྡན་པས་ལེགས་པར་བྱུགས་ཏེ། ཁ་དོག་དང་དྲི་ཁྱད་པར་ཅན་གྱི་མེ་ཏོག་སྣ་ཚོགས་པ་བཀྲམ་པའམ། ཡང་ན་མེ་ཏོག་སེར་པོའི་

སིལ་མས་དུས་གསུམ་དུ་གཏོར་བར་བྱས་ནས། ཐབ་ཁུང་ཡང་འབྲས་བུ་སེར་པོ་དྲི་དང་ལྡན་པའི་ཡལ་གའམ། ཨུཏྤ་ལའི་ཡལ་གའམ། ཆུ་ཤིང་གི་ལོ་མའམ། ཁ་དོག་སེར་པོའི་གོས་དྲི་དང་ལྡན་པས་མཉམ་པར་ཞལ་ཁབ་ཏུ་བྱས་ཏེ། དེ་དག་ཀྱང་བདག་ཉིད་ཏིང་ངེ་

འཛིན་མ་རྫོགས་ཀྱི་བར་དུ་བྱའོ། །དེ་ནས་ཁྲུས་བྱས་ལ་དྲི་ཞིམ་པོས་ཡན་ལག་ལེགས་པར་བྱུགས་ལ། སྣ་ཚོགས་པའི་གོས་དང་རྒྱན་དང་མེ་ཏོག་གི་ཕྲེང་བས་ཡོངས་སུ་བརྒྱན་ཏེ། ཁ་དོག་སེར་པོའི་རས་ཀྱིས་ཅོད་པན་བྱས་ནས། རབ་ཏུ་དགའ་བའི་སྦྱོར་བས་སྔགས་ཀྱིས་

བསྲུང་བར་བྱའོ། །སྒེག་པའི་སྦྱོར་བས་བྱང་ཕྱོགས་སམ་ཤར་ཕྱོགས་སུ་མངོན་པར་ཕྱོགས་ཏེ། བཟང་པོའི་འདུག་སྟངས་ཀྱིས་རྒྱས་པའི་ཕྲིན་ལས་མ་རྫོགས་ཀྱི་བར་དུ་སྔགས་པས་རྩེ་གཅིག་ཏུ་སྦྱིན་སྲེག་བྱའོ། །དེ་ནས་བདུད་རྩི་ལྔ་དང་ལྡན་པའི་ཆུས་མདུན་དུ་མཎྜལ་བྱས་

Vol. 10 · folio 67b

ལ། དེ་ལ་མེ་ཏོག་གི་ཚོམ་བུ་བཀོད་ནས་དེའི་གཡོན་གྱི་ཆར་མན་འཇི་ལ་སོགས་པའི་སྟེང་དུ་གསེར་དང་། དངུལ་དང་ཟངས་དང་རིན་པོ་ཆེའི་རྡོ་དང་ཁ་དོག་མཐུན་པའི་ཤིང་དང་། ས་ལས་བྱས་པའམ་དུང་ཆོས་སམ་ཉ་ཕྱིས་སམ། ཤིང་ལོ་ལ་ལེགས་པར་བྱས་པའི་སྣོད་

ལེགས་པར་བཀྲུས་ཏེ། བདུག་པ་བྱས་ལ་དེ་ལྟ་བུའི་སྣོད་གསུམ་ཡོངས་སུ་གཞག་གོ། །དེ་ནས་ཞོ་དང་ཏིལ་དང་ཁ་དོག་སེར་པོའི་དྲི་བཟང་ལ་འབྲས་སྤངས་པའི་ཆུ་དང་ལྡན་པས་ལེགས་པར་དགང་བར་བྱའོ། །དང་པོའི་སྣོད་ཀྱི་ཆུ་དེ་ལས་ཐམས་ཅད་པའི་སྔགས་སམ། ཨོཾ་

གྱིས་ལན་བདུན་དུ་བསྔགས་སོ། །སྣོད་གཉིས་པའི་ཆུ་ཡང་ཡི་གེ་གསུམ་དང་ལྡན་པའི་རང་གི་ལྷའི་སྔགས་ཀྱིས་ལན་བདུན་དུ་བསྔགས་སོ། །ཡང་ན་ཨོཾ་བདུན་གྱིས་སོ། །དེ་ནས་རང་གི་མདུན་དུ་མན་འཇིའི་སྟེང་དུ་ཁ་དོག་སེར་པོའི་མཆོད་ཡོན་སྔ་མ་བཞིན་དུ་བཞག་ལ། དེ་

ནས་གཡས་སུ་ས་ཕྱོགས་གཙང་མ་བྱས་པའི་སྟེང་དུ། ཤིང་དང་མངར་གསུམ་དང་ལྡན་པའི་ཟན་དང་། ཞོ་དང་མར་དང་སྦྲང་རྩི་དང་བསྲེས་པའི་ཏིལ་ནག་པོ་དང་། ཞོ་ཟན་དང་། མར་དང་ལྡན་པའི་ཁྱད་པར་གྱི་མཆོད་པ་དང་། འབེ་ལ་དང་། འབྲས་སཱ་ལུ་མ་གྲུགས་པ་དང་།

འབྲས་སོ་བ་དང་། ནས་དང་། གྲོ་དང་། རྒྱལ་པོ་གྲེའུ་དང་། པདྨ་དང་། ན་ག་ཀོ་སར་དང་། ཀརྞི་ཀའི་མེ་ཏོག་ལ་སོགས་པ་ནི་སྲེག་རྫས་སོ། །ལས་ཐམས་ཅད་པའི་ཆུས་བསང་གཏོར་བྱས་ཏེ་གཞག་པར་བྱའོ། །དེ་ནས་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་བར་ཆད་ཐམས་ཅད་ཞི་

བར་བྱ་བའི་ཕྱིར་གཏོར་མ་སྦྱིན་པར་བྱའོ། །བུད་ཤིང་ནི་ཁྱད་པར་གྱི་རིགས་ཀྱི་ཤིང་རྩེ་མོའི་ཆ་ལས་བྱུང་བ། སྲོག་ཆགས་མེད་པ། ཐབ་ཀྱི་ཚད་དང་མཉམ་པ་གཡས་སྐོར་དུ་བཞག་ལ་དགེ་འདུན་གྱི་ཚང་མང་དང་། རིན་པོ་ཆེ་ལས་བྱུང་བའམ། རྒྱལ་པོའི་ཕོ་བྲང་ནས་གཙང་སྦྲས་མེ་

བླངས་ཏེ། ས་ཕྱོགས་མེའི་མཚམས་སུ་བའི་རྣམ་ལྔས་མེའི་དབྱིབས་དང་ལྡན་པའི་དཀྱིལ་འཁོར་བྱས་ནས་སྟེང་དུ་བཞག་ལ། འོ་མ་ཅན་གྱི་ཤིང་སྐམ་པོའི་སྦར་ཤིང་ལ་མེ་སྦར་ཏེ། ཡི་གེ་གསུམ་གྱི་སྔགས་ཀྱིས་ལས་ཐམས་ཅད་པའི་ཆུ་ལ་བསྔགས་ཏེ། ཀུ་ཤའི་ཆུན་པོས་

Vol. 10 · folio 68a

བསང་གཏོར་བྱས་ནས་ལས་ཀྱི་རྡོ་རྗེ་གཙང་སྦྲ་དང་ལྡན་པས་བསྐོར་བ་གསུམ་བྱས་ལ། མེ་ཐབ་ཀྱི་དབུས་སུ་བཞག་ལ། ཤིང་སྐམ་པོ་ཀུ་ཤ་སྐམ་པོ་དང་ལྡན་པས་མེ་སྦར་ལ། དེ་ནས་ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ་ཞེས་བརྗོད་ལ་རླུང་གི་ས་བོན་ལས་བྱུང་བའི་རླུང་ཡབ་ཀྱིས་མེ་

སྦར་བར་བྱའོ། །རང་གི་ལྷག་པའི་ལྷའི་སྔགས་ལན་བདུན་བཟླས་ལ། མར་གྱི་བླུགས་གཟར་གྱིས་མེའི་གཟི་བྱིན་བསྐྱེད་པར་བྱའོ། །དེ་ནས་ཨོཾ་ཨི་མེ་ཀུ་ཤ་ཤུ་བྷཾ་དི་བྱ། བུ་ར་བྲཧྨ་པ་བི་ཏྲེ་ཎ། བུདྡྷ་དྷརྨ་སཾ་གྷ་རཱ་ག་པ། པྲྀ་ཐྭཱི་པྲ་སཉྫ་ཏན་གརྦྷ། ཨ་བིགྷྣཱཾ་མ་མ་ཤཱནྟིཾ་ཀུརྦནྟུ། བཛྲ་ས་

ཏྭ་ཨཱཿསྔགས་འདི་ལན་བདུན་དུ་ཀུ་ཤ་ལ་ཡོངས་སུ་བསྔགས་ནས་དགྲམ་པར་བྱའོ། །ཀུ་ཤ་དེ་ཡང་རྩ་བ་དང་བཅས་པ། སར་པ་དྲི་མ་མེད་པ། རྩེ་མོ་མ་ཉམས་པ། གཞན་དང་མ་འདྲེས་པ། སྲོག་ཆགས་མེད་པ། ཁྲུ་གང་དང་སོར་བཅུ་གཉིས་ཀྱི་ཚད་དང་ལྡན་པ། དང་པོ་

དབུས་ནས་ཤར་དུ་རྩེ་མོ་བསྟན། །ཤར་ནས་ལྷོ་རུ་རྩེ་མོ་བསྟན། །ལྷོ་ནས་ནུབ་ཏུ་དེ་བཞིན་ནོ། །ནུབ་ནས་བྱང་དུའང་དེ་བཞིན་ནོ། །བྱང་ནས་དེ་བཞིན་ཤར་དུ་སྟེ། །རིམ་པས་ལེགས་པར་དགྲམ་པར་བྱའོ། །དེ་ནས་རང་གི་ལྷའི་ས་བོན་གྱིས་ཐབ་ཁུང་ཡོངས་སུ་བསྐྱེད་ལ། དེའི་ནང་

དུ་མེ་འབར་བའི་དབུས་སུ། རེ་ཕ་ལས་བྱུང་བའི་མེའི་དཀྱིལ་འཁོར་ཟུར་གསུམ་པ་རེ་ཕས་མཚན་པའི་སྟེང་དུ་མཆོག་གི་སྙིང་པོའི་གཟུགས་ལས་བྱུང་བའི་པདྨའོ། །དེའི་སྟེང་དུ་རཾ་སེར་པོ་ལས་སྐྱེས་པ་སྐུ་མདོག་སེར་པོ་རལ་པའི་དབུ་རྒྱན་ཅན། ཞལ་གཅིག་པ་ཕྱག་རྒྱ་བཞི་

པ། གཡས་ན་བགྲང་ཕྲེང་དང་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་ལྡན་པ། ཕྱག་གཡོན་ན་གུནྡྷེ་དང་བེ་ཅོན་འཛིན་པའོ། །གསུས་པ་ཆེན་པོའོ། །རས་སེར་པོའི་གོས་དང་རྒྱན་སེར་པོས་བརྒྱན་པ། ཚངས་པའི་ཐག་པ་སེ་རལ་ཁར་ཐོགས་པ། གདན་སེར་པོའི་སྟེང་ན་འོད་སེར་པོ་

འཕྲོ་བ། སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པ། དེ་ལྟ་བུའི་མེ་ལྷ་བསྒོམ་པར་བྱའོ། །ནམ་མཁར་ཡེ་ཤེས་སེམས་དཔའ་དགུག་པར་བྱའོ། །ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛཿ། སརྦ་ཀརྨ། པྲ་སཱ་དྷ་ཀ །ཀཱ་རུ་ཎྱ་ཀྲྀ་ཏྭ་སཏྭཱརྠན། ཨ་སྨིནྶ་ནྣི་ཧི་ཏྭ་བྷ་ཝཱ། སྔགས་འདིས་

Vol. 10 · folio 68b

ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲང་བར་བྱའོ། །དེ་ཁོ་ན་ཉིད་གསུམ་གྱི་བར་དུ་ཊཀྐིའི་སྔགས་བཅུག་སྟེ་ཡོངས་སུ་བརྗོད་ནས་མདུན་གྱི་པདྨའི་གདན་ལ་བཞུགས་པར་དམིགས་སོ། །དེ་ནས་ཧཱུྃ་དྲག་ཏུ་བརྗོད་པའི་སྔགས་ཀྱིས་དེ་དང་མཚུངས་པར་ཕྱིན་པའི་བགེགས་ཡོངས་སུ་བསྐྲད་པར་

བྱའོ། །དེ་ལ་དང་པོའི་སྣོད་ཀྱི་མཆོད་ཡོན་གྱི་ཆུ་ཀུ་ཤའི་ཆུན་པོས་བླངས་ལ། ལན་གསུམ་གྱི་བར་དུ་དེ་ཉིད་གསུམ་གྱིས་བསང་གཏོར་བྱའོ། །དེ་ནས་མཐེ་བོང་མཛུབ་མོས་སྣོད་གཉིས་པ་ནས་མེ་ཏོག་དང་ལྡན་པའི་ཆུས་ལན་གསུམ་དུ་ཡོངས་སུ་བྱིན་ལ་དེ་ནས། ཨོཾ་ཛཿཧཱུྃ་བཾ་ཧོཿ

ཁཾ་རཾ། པྲ་བ་ར་སཏྐ་ར། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སྔགས་འདི་བརྗོད་ནས་རྡོ་རྗེ་ཁ་དབྱེ་བའི་ཕྱག་རྒྱས་སྣོད་གསུམ་པ་ནས་ཆུ་བླངས་ལ། སྣོད་གཉིས་པར་ལན་གསུམ་དུ་ཨརྒྷ་སྦྱིན་པར་བྱའོ། །དེ་ནས་ཨོཾ་ནི་རི་ཏི་ཧཱུྃ་ཁཾ་པྲ་བ་ར་སཏྐ་ར་པཱ་ཏྱཾ་པྲ་ཏཱིཙྪ་སྭཱ་ཧཱ། སྔགས་དེ་ཡོངས་སུ་བརྗོད་ནས་

མཐེ་བོང་དང་མཛུབ་མོས་མེ་ཏོག་ཆུ་དང་ལྡན་པ་བླངས་ཏེ། ཡོངས་སུ་བསྐོར་ནས་སྣོད་དེ་ཉིད་དུ་སྦྱིན་པར་བྱས་ལ། ཨོཾ་ཨགྣ་ཡེ་ཨཱ་དི་བྱཱ་དི་པྱ་ཨཱ་བི་ཥ་ཨ་བི་ཥ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་སྭཱ་ཧཱ། སྔགས་འདིས་དམ་ཚིག་སེམས་དཔའ་ལ་ཡེ་ཤེས་སེམས་དཔའ་དགུག་པ་དང་།

གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ་ཡོངས་སུ་བསྲུང་བ་བྱས་ལ། དེ་ལ་སྤྱན་དང་སྐུ་ལ་སོགས་པ་སྦྱིན་པར་བྱས་ལ་དབང་བསྐུར་བར་བྱའོ། །དེ་ནས་ཡང་གཏོར་མ་ལ་སོགས་པའི་རིམ་པ་སྔོན་བཞིན་དུ་བྱས་ནས། མཆོད་པ་རྣམ་པ་ལྔས་ཡོངས་སུ་མཆོད་དེ། དེ་ལྟ་

བུའི་མེ་ལྷ་ལ་སྲིད་པ་རང་བཞིན་གྱི་ཚིག་གིས་ཡོངས་སུ་བསྟོད་དོ། །དེ་ནས་གསེར་དང་ཟངས་དང་བྱང་ཆུབ་ཀྱི་ཤིང་ལ་སོགས་པ་ལས་དགང་གཟར་དང་བླུགས་གཟར་ལེགས་པར་བྱས་ཏེ། དེ་ཡང་སྐྱེས་བུ་ཚད་མའི་མཐེབ་སོར་ཉི་ཤུ་རྩ་བཞིའི་ཚད་དང་ལྡན་པ་རྡོ་རྗེ་རྩེ་ལྔ་པ་ཡུ་བར་

བྱས་ལ། བླུགས་གཟར་ནི་སོར་བཞི་པ་གྲུ་བཞི་པ། ཟབས་སུ་སོར་གཉིས་པ། ཁ་ཁྱར་དང་ཞབས་རྡོ་རྗེས་མཚན་པ། རྡོ་རྗེ་ལས་བྱུང་བའི་སྦུ་གུ་བཅུད་འཛག་པ་དེའི་རྩེ་མོར་པདྨ་ལྟ་བུ་སོར་བཞི་པ་དབུས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའི་གྲུ་བཞི་པ། དབུས་སུ་

Vol. 10 · folio 69a

པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ་གོང་གི་རྡོ་རྗེ་བལྟའོ། །ཡུ་བའི་མཚམས་སུ་རྡོ་རྗེ་རིན་ཆེན་སོར་དྲུག་པས་བརྒྱན་པའི་དགང་གཟར་རོ། །དེ་ནས་དེ་ལྟ་བུའི་ཡུ་བ་རྡོ་རྗེ་རིན་ཆེན་གྱིས་མཚན་པ་པདྨའི་ལོ་མའི་དབྱིབས་ཅན་ཞེང་དུ་སོར་གཉིས་པ། ཟབས་སུ་སོར་

གཅིག་པ། དབུས་སུ་གཙོ་བོའི་རྡོ་རྗེས་མཚན་པ་དེའི་རྩེ་མོར་རང་གི་ལྷའི་ས་བོན་བཀོད་ལ། མེའི་ལྕེ་ལ་ཡང་ཡི་གེ་རཾ་གྱིས་མཚན་པའོ། །དགང་གཟར་དང་བླུགས་གཟར་གཟུང་བའི་ལག་པ་པུས་མོའི་བར་དུ་ཡོངས་སུ་གཞག་སྟེ། བླུགས་གཟར་གྱི་བཅུད་ཀྱིས་ཡོངས་སུ་

བཀང་ལ། ཁ་སྦྱར་དུ་གཟུང་སྟེ་བཀོད་པའི་ས་བོན་དང་། མཚན་མ་ལས་འབྱུང་བའི་བཅུད་མེ་ལྷའི་ཞལ་དུ་ལེགས་པར་བྱའོ། །ཨོཾ་ཨགྣ་ཡེ་ཨ་མུ་ཀ་སྱ། པུཥྚིཾ་ཀུ་རུ་ཨོཾ་ཞེས་བྱ་བའི་སྔགས་ཀྱིས་ལན་གསུམ་དུ་དབུལ། དེ་ནས་དགང་གཟར་གྱིས་མེ་ལྷའི་ཞལ་རབ་ཏུ་ཕྱེ་

ནས། ཡང་དགང་བླུགས་གོང་མ་བཞིན་དུ་ཁ་སྦྱར་ལ་གཟུང་སྟེ་ལན་གསུམ་དུ་ཡོངས་སུ་བསྐོར་བར་བྱས་ནས་དབུལ་ལོ། །ཨོཾ་ན་མཿསམནྟ་བུདྡྷཱ་ནཱཾ་ཨགྣ་ཡེ་ཨོཾ་ཨ་མུ་ཀཾ་སྱ། པུཥྚིཾ་ཀུ་རུ་ཨོཾ། སྔགས་འདི་ཡོངས་སུ་བཟླས་ནས་དགང་བླུགས་སྦྱིན་པར་བྱའོ། །དེ་ནས་མཉམ་

པར་གཞག་པའི་སྔགས་པས་མེ་འབར་བའི་དབྱིབས་དང་། ཁ་དོག་དང་། དྲི་དང་། སྒྲ་དང་། དེའི་རྣམ་པས་དགེ་བ་དང་། མི་དགེ་བའི་རྟགས་བརྟག་པར་བྱའོ། །མེ་ནི་རྩེ་གཅིག་ལེགས་པར་འབར། །ལས་རྣམས་ཐམས་ཅད་འགྲུབ་པར་གྱུར། །མི་གཡོའི་རྩེ་མོ་གཉིས་སུ་འབར། །

དེ་ཡིས་དངོས་གྲུབ་འབྲིང་ཞེས་བཤད། །གང་ཞིག་རྩེ་མོ་བཞིར་འབར་དང་། །གཡོ་བ་མེད་པར་ལེགས་མཐོང་ན། །གླིང་བཞིའི་བདག་བྱེད་རྒྱལ་པོར་འགྱུར། །ཀུནྡ་ཟླ་བ་ལྟར་དཀར་དང་། །དངུལ་འདྲ་བཻ་ཌཱུརྱ་ལྟར་རྩེ། །དུ་བ་ཆུང་ཞིང་དྲི་མེད་གསལ། །ནད་མེད་འབྱོར་པ་འཕེལ་བར་

འགྱུར། །ཟླ་བའི་འོད་དང་རིན་ཆེན་འབར། །གངས་ཀྱི་མདོག་ལྟར་ཤིན་ཏུ་དཀར། །ཡང་ན་མེ་ཏོག་ཕྲེང་ལྟར་འབར། །སྡིག་པ་ཀུན་སྲེག་དངོས་གྲུབ་སྟེར། །ཡང་ན་དབང་པོའི་གཞུ་འདྲ་དང་། །མེ་ཏོག་དམར་པོ་ཁ་བྱེ་འདྲ། །ཡང་ན་གསེར་བསྲེགས་མདོག་དང་ནི། །ཉི་མ་

Vol. 10 · folio 69b

ཤར་བའི་མདོག་འདྲ་བ། །ཨིནྡྲ་ནཱི་ལའི་མདོག་འདྲ་བ། །རྒྱལ་པོའི་ལོངས་སྤྱོད་ལ་སོགས་འཐོབ། །ཙམ་པ་ཀ་ཡི་དྲི་དང་འདྲ། །པདྨ་ཨུཏྤལ་ལྟ་བུའི་དྲི། །མ་ལི་ཨུ་པིའི་དྲི་ལྟ་བུ། །ཤིན་ཏུ་དྲི་ཞིམ་བསིལ་བར་འབྱུང་། །ག་པུར་གུར་གུམ་དྲི་སོགས་ཀྱིས། །རིག་

པའི་གནས་མཆོག་འགྲུབ་པར་འགྱུར། །གང་ཞིག་གླང་ཆེན་སྐད་འདྲ་དང་། །རྟ་དང་བ་ལང་ཚེ་ཡི་སྐད། །བཞད་དང་རྨ་བྱའི་སྐད་བྱུང་ན། །གཞན་གྱི་དམག་དཔུང་བདག་གིར་འགྱུར། །པི་ཝང་གླིང་བུའི་སྒྲ་འདྲ་དང་། །དལ་བའི་འབྲུག་སྒྲ་ལྟ་བུ་དང་། །དུང་དང་ཟངས་དུང་སྒྲ་

སྙན་བྱུང་། །ཡོན་ཏན་ཀུན་ལྡན་དངོས་གྲུབ་ཉེ། །བདེ་བ་ཕུན་སུམ་ཚོགས་པ་ཐོབ། །དཔལ་བེའུ་དམ་པའི་གདུགས་འདྲ་དང་། །དུང་དང་པདྨ་ལྟ་བུ་དང་། །རྩེ་གསུམ་པ་དང་བུང་བ་འདྲ། །རྒྱལ་མཚན་རླུང་ཡབ་ལྟ་བུ་དང་། །དམ་པའི་རྡོ་རྗེ་ལྟ་བུ་དང་། །རིན་ཆེན་ནོར་འདྲ་གཡས་

འཁྱིལ་དང་། །རྟ་དང་གླང་པོ་འདྲ་བ་དང་། །དགང་གཟར་ལྟ་བུའི་དབྱིབས་མཐོང་དང་། །བཟང་པོའི་འདུག་སྟངས་འདྲ་བ་དང་། །ཉ་ལྟ་བུ་ཡི་དབྱིབས་སུ་འབར། །སྒྲ་མེད་གཡས་སུ་འཁྱིལ་པ་འབར། །དེས་ནི་འདོད་དོན་དངོས་གྲུབ་ཐོབ། །དེ་དག་ནི་བཟང་པོའི་རྟགས་སོ།། །།

ཕྱོགས་རྣམས་གཡོ་ཞིང་མེ་ཕྱོགས་འབར། །རྩེ་གསུམ་དུ་བ་ཆེ་བ་དང་། །མེ་ལྕེ་ཕྱོགས་བཞིར་འཁོར་བ་དང་། །ཤིན་ཏུ་རྩེག་ཅིང་མེ་སྟག་འཕྲོ། །སྦྲུལ་གྱི་ལྕེ་བཞིན་མེ་འབྱུང་ན། །དེས་ནི་ནད་དང་གདུང་བ་སྐྱེད། །མེ་ལྕེ་སྔགས་པ་ལ་འཕྲོ་དང་། །ལག་པ་བརྐྱང་ལྟར་མེ་

འབར་དང་། །མེ་མདོག་ཉམས་འབར་འབར་འཕྲོ་ཆད། །དེས་ནི་འཆི་བའི་ལྟས་སུ་བཤད། །མེ་ལྕེ་ཡུད་ཙམ་འདར་བ་དང་། །རྒོད་དང་སྦུར་བའི་སྒྲ་འབྱུང་དང་། །ཡུད་ཙམ་གཡོན་སྐོར་བྱེད་པ་དང་། །ས་གཞི་ལ་སྙོག་རྩེ་མོ་མེད། །མེ་དབུས་ནག་པོའི་ཐིག་ལེ་ཅན། །མེ་

ལྕེ་གདུག་པའི་གཏམ་སྒྲ་སྨྲ། །དེ་ནི་ཚེ་ཐུང་བརླག་འགྱུར་ཞིང་། །ཡང་ན་འགྲོ་བ་འཆི་བར་འགྱུར། །སྔགས་པ་མི་མཐུན་ཚིག་ཐོས་ན། །གཞན་དང་རྩོད་པ་འབྱུང་བར་འགྱུར། །མདོག་ནག་དུ་བ་འཚུབ་པ་དང་། །མེ་ལྕེ་སྔོ་ཞིང་སྣ་ཚོགས་མདོག ། གཟི་བརྗིད་མེད་

Vol. 10 · folio 70a

པར་འབར་བ་དང་། །པ་ལ་ཤ་ཡི་འབྲུ་མར་གྱིས། །ཕོག་པའི་མདོག་འདྲ་མེ་འབར་ན། །འདོད་པའི་དོན་རྣམས་ཉམས་པར་འགྱུར། །རོ་དང་རུལ་པའི་དྲི་འབྱུང་དང་། །དྲི་མི་ཞིམ་པའི་རྣམ་པ་དང་། །ཆུ་ལ་གནས་པའི་སྲོག་ཆགས་དྲི། །བསེ་དྲི་བྱི་ལའི་

དྲི་འདྲ་དང་། །མ་ཧེ་ཁྱི་ཡི་དྲི་དང་མཚུངས། །མེ་ཏོག་རུལ་པའི་དྲི་བྱུང་དང་། །ཁྭ་དང་སྦྲུལ་གྱི་དྲི་བྱུང་ན། །དེ་ལྟ་བུ་ཡི་སྣ་ཚོགས་དྲི། །ཤིན་ཏུ་མི་ཞིམ་བྱུང་འགྱུར་ན། །སློབ་དཔོན་ན་ཡང་སློབ་མའི་གཙོ། །འཆི་བར་འགྱུར་ཏེ་ཐེ་ཚོམ་མེད། །རྩེག་དང་ཤིང་དུ་འཚེག་པའི་སྒྲ། །འུར་

སྒྲ་རླུང་གིས་བརྡབས་འདྲ་དང་། །ཆུས་བཏབ་མེ་འདྲ་སིམ་སིམ་སྒྲ། །རྡོ་རྗེ་ཐོག་གི་སྒྲ་བྱུང་ན། །འདོད་པའི་དོན་རྣམས་ཉམས་པར་འགྱུར། །རལ་གྲི་གཞུ་དང་མདའ་འདྲ་དང་། །གསལ་ཤིང་དང་ནི་ཕུར་པ་འདྲ། །རྔ་མོ་བ་གླང་མགོ་འདྲ་དང་། །དེ་དག་འཇིགས་པའི་

གཟུགས་སུ་བཤད། །དེ་དག་ནི་མེ་ངན་པའི་རྟགས་སོ། །དེ་ལྟར་མེ་ལྟས་ལེགས་པར་བལྟས་ནས། མི་མཐུན་པའི་ལྟས་མཐོང་ན་ལས་ཐམས་ཅད་པའི་སྔགས། ལས་ཐམས་ཅད་པའི་ཆུ་ལ་ལན་བདུན་དུ་ཡོངས་སུ་བསྔགས་ཏེ་བསང་གཏོར་བྱའོ། །དེ་ལྟར་ཡོངས་

སུ་དག་པའི་མེ་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་སྔོན་བཞིན་དུ་མར་གྱི་དགང་བླུགས་ལན་བདུན་དུ་བྱིན་ནས། དེ་ནས་ཡང་སྔོན་བཞིན་དུ་ལས་ཐམས་ཅད་པའི་སྔགས་ཀྱིས་ལན་བདུན་དུ་ཤིན་ཏུ་དག་པའོ། །དེ་ལྟར་ཤིན་ཏུ་རྣམ་པར་དག་

པ་ཉེས་པ་མེད་པའི་མེ་ལ། དགང་གཟར་དང་བླུགས་གཟར་གྱི་སྦྱོར་བ་སྔོན་བཞིན་དུ་ལྡན་པས་མར་གྱི་དགང་བླུགས་གཅིག་གམ་གསུམ་མམ། བདུན་ནམ་ཡང་ན་ཅི་འབྱོར་དབུལ་བར་བྱའོ། །ཨོཾ་ན་མ་ཞེས་བྱ་བ་ལ་སོགས་པ་སྔགས་ཀྱིས་སོ། །དེ་ནས་གོང་གི་མེའི་

སྔགས་འབའ་ཞིག་གིས། མར་བླུགས་གཟར་གཅིག་གམ། གསུམ་མམ། བདུན་གྱི་བར་དུ་སྦྱིན་པར་བྱའོ། །པ་ལ་ཤ་དང་། ཨུ་དུམྺཱ་ར་དང་། ཨ་མྲ་དང་། ཀ་དམྤ་དང་། ཨ་ཤྭདྠ་དང་། པླག་ཤ་དང་། ས་མྱི་དང་། ནྱ་གྲོ་དྷ་ལ་སོགས་པ་འོ་མ་ཅན་གྱི་ཤིང་རློན་པ་ལོ་མ་

Vol. 10 · folio 70b

གཉིས་པའི་ཤིང་མཉམ་པོར་བཅད་པ་རྩེ་མོའི་ཆ་ལས་བྱུང་བ། དྲང་ཞིང་སྲོག་ཆགས་མེད་པ་བདུད་རྩི་དྲི་ཞིམ་པོས་ཁ་དོག་སེར་པོར་སྦངས་པ་གཉིས་གཉིས་སྲིན་ལག་དང་མཐེ་བོང་གིས་མཉམ་པར་བཟུང་ལ། མར་དང་ཞོ་དང་འོ་མར་རྩེ་མོ་གཉིས་བསྙུགས་ལ་དབུལ་བར་

བྱའོ། །ཡང་ཁ་རྡི་ར་དང་། ཨརྐ་དང་། ཨ་བ་མརྒ་དང་། ནིམ་པ་དང་། བྷེ་ཀངྐ་ལ་སོགས་པའི་ཁ་དོག་སེར་པོའི་ཤིང་ལོ་མ་དང་། མེ་ཏོག་དང་བཅས་པ་བཅད་ལ། སར་པ་སྲོག་ཆགས་མེད་པ། འགོངས་པ་ལ་སོགས་པའི་ཉེས་པས་མ་ཕོག་པ་དེ། སོ་སོའི་སྔགས་

ཀྱིས་གོང་བཞིན་དུ་དབུལ་བར་བྱའོ། །དེ་ཡང་ཤིང་གི་དབྱིབས་འཁྱོགས་པ་དང་། དྲི་མི་ཞིམ་པ་དང་ཁོང་སྟོང་དང་རུལ་བ་དང་ཤིན་ཏུ་རིང་བ་དང་། ཤུན་པ་མེད་པ་དང་ཐུང་བ་དང་སྐམས་པ་དང་ཆག་པ་དང་རྩེ་མོའི་ཆ་གྱེས་པ་དང་། རྙིངས་པ་དང་འབུས་ཟོས་པའི་རྗེས་

ཡོད་པ་ལ་སོགས་པ་སྤང་བར་བྱའོ། །དེ་ནས་ཡམ་ཤིང་གིས་མེའི་གཟི་བརྗིད་རྒྱས་པར་འགྱུར་བ་ལ། མར་དང་ཏིལ་དང་འབྲས་མ་གྲུགས་པ་དང་ཞོ་དང་ཟས་མཆོག་དང་། ཀུ་ཤ་དང་། དཱུར་བ་ལ་སོགས་པ་གཞན་ཡང་སོ་སོའི་སྔགས་ཀྱིས་སྦྱིན་པར་བྱའོ། །སྔགས་

སོ་སོའི་མཐར། ཨོཾ་ཨ་མུ་ཀཾ་སྱ་པུཥྚིཾ་ཀུ་རུ་ཨོཾ་ཞེས་པས་བསྐུལ་ལ་དབུལ་བར་བྱའོ། །དེ་ནས་སྔགས་ཀྱི་རིམ་པ་ནི་ཨོཾ་བཛྲ་ཡ་ཛྙཱ་ཡ་སྭཱ་ཧཱ། ཨུ་དུམྺཱ་རའིའོ། །ཨོཾ་བཛྲ་བོ་དྷི་བྲྀ་ཀྵཱ་ཡ་སྭཱ་ཧཱ། ཨ་ཤྭདྠའིའོ། །ཨོཾ་བཛྲ་ལ་ཏཱ་ཡ་སྭཱ་ཧཱ། པླག་ཤའིའོ། །ཨོཾ་བཛྲ་ཀུ་བེ་རཱ་ཡ་

སྭཱ་ཧཱ། ནྱ་གྲོ་དྷ་ལ་སོགས་པ་འོ་མ་ཅན་གྱིའོ། །ཨོཾ་བཛྲ་ས་ཧ་ཀཱ་རཱ་ཡ་སྭཱ་ཧཱ། ཨ་མྲའིའོ། །གཞན་ཡང་དེ་ལྟར་ཤེས་པར་བྱའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲེ་ཡེ་སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་གྲུགས་པའི་འོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་ཟན་དང་ཟས་

མཆོག་གིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའི་འོ། །ཨོཾ་ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ། ཀུ་ཤའི་འོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། འབྲས་སོ་བའི་འོ། །ཨོཾ་བཛྲ་མ་ཧཱ་བ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ། སྲན་མའི་འོ། །ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ། གྲོའི་འོ། །དེ་

Vol. 10 · folio 71a

ཉིད་གསུམ་དང་ལྡན་པའི་ཧཱུྃ་ལས་སྐྱེས་པའི་རྫས་དང་བཅུད་ཐམས་ཅད་གོ་རིམས་བཞིན་དུ་མེ་ལྷའི་ཞལ་དུ་དབུལ་བར་བྱའོ། །ཡམ་ཤིང་དང་ཀུ་ཤ་ལ་སོགས་པ་ནི་འབར་བའི་འོད་ལ་དབུལ་བར་བྱའོ། །ཞལ་བསིལ་དང་ཟན་ལ་སོགས་པ་ནི་ཕྱག་ཏུ་དབུལ་བར་

བྱའོ། །མེ་ཏོག་ནི་དབུ་ལ་དབུལ་བར་བྱའོ། །སྤོས་ནི་འབར་བའི་འོད་ལ་དབུལ་བར་བྱའོ། །དྲི་ནི་ཐུགས་ཀར་དབུལ་ལོ། །བསང་གཏོར་ནི་སྐུ་ལ་ཁྱབ་པར་དབུལ་ལོ། །ཞབས་བསིལ་ནི་མེ་ཏོག་གི་ཞབས་ཀྱི་གདན་ལ་དབུལ་ལོ། །ཡོན་ཆབ་དང་མར་མེ་དང་ལྷ་བཤོས་

ནི་མདུན་དུ་དབུལ་ལོ། །གལ་ཏེ་དགང་གཟར་དང་བླུགས་གཟར་གྱི་དམིགས་པས་མཐེ་བོང་དང་སྲིན་ལག་གིས་སྲེག་རྫས་ཕྲ་བ་རྣམས་སྦྱིན་པར་བྱའོ། །དེ་ནས་སོར་མོ་ལྔའི་ཁྱོར་བའི་ཡི་གེ་ལྔས་བྱིན་གྱིས་བརླབས་ཏེ་དགང་བླུགས་སྦྱིན་པར་བྱའོ། །གུང་མོ་དང་སྲིན་ལག་

དང་མཐེ་བོང་སྦྱོར་བས་སྲེག་རྫས་རགས་པ་རྣམས་སྦྱིན་པར་བྱའོ། །དེ་ནས་མེ་ལྷ་ལ་ཞབས་བསིལ་དང་བསང་གཏོར་ལ་སོགས་པའི་རིམ་པ་རྫོགས་པར་བྱས་ལ། མེ་ལྷ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་

ཡིན་པས་ཤིན་ཏུ་ཟབ་མོའི་ཤེས་རབ་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་དང་། དེ་ཉིད་ཀྱི་ཁྱད་པར་གྱི་ལས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེའི་ཐུགས་ཀར་འཇིག་རྟེན་ལས་འདས་པའི་མེ་ལྷ་བསྒོམ་པར་བྱ་སྟེ། དེ་ཡང་སྣ་ཚོགས་པདྨའི་སྟེང་དུ་ཉི་མའི་གདན་ལ་བདུད་

བཞི་ལ་སོགས་པ་སོ་སོའི་གདན་རྣམས་བསམས་ལ། དེའི་སྟེང་དུ་སོ་སོའི་ལྷའི་ས་བོན་ལས་ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། དཔལ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ཡོངས་སུ་

རྫོགས་པར་བཞེངས་ཏེ། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་པར་བྱ་སྟེ། སྙིང་གའི་འོད་ཟེར་ལྕགས་ཀྱུའི་སྦྱོར་བས་མདུན་གྱི་ནམ་མཁར་དམིགས་ཏེ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན། ཨི་ཧ་བྷ་ག་ཏྱ་ས་མ་ཡེ་ན་ཛ། ཨརྒྷཾ་དྷི་ཀན་ཚ། པྲ་ཏཱིཙྪེ་ད། པུ་ཙན་ཙརྱ་པྲ་སི་དྷ་མེ། སྔགས་འདིས་

Vol. 10 · folio 71b

བགེགས་བསྐྲད་པ་དང་། བསང་གཏོར་དང་ཞབས་བསིལ་ལ་སོགས་པ་ཀུན་བྱས་ལ། ཛཿཧཱུཾ་བཾ་ཧོཿའི་སྔགས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་དབང་དུ་བྱས་ཏེ། ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའ་ཐ་མི་དད་པ་ཆུ་དང་འོ་

མ་འདྲེས་པ་ལྟ་བུར་གྱུར་ཏོ། །དེ་ནས་སྤྱན་ལ་སོགས་པའི་རྣམ་པར་དག་པ་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་ལ་སོགས་པ་བྱས་ནས་དེ་ནས་གཞན་ཡང་བསང་གཏོར་དང་ཞབས་བསིལ་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་པ་དང་། བསྟོད་པ་

ལ་སོགས་པའི་རིམ་པས་ཡོངས་སུ་རྫོགས་པར་བྱས་ནས། དཀྱིལ་འཁོར་གྱི་ལྷའི་ལྕེ་ལ་ཧཱུྃ་ཡོངས་སུ་གྱུར་པའི་རྡོ་རྗེ་རྩེ་ལྔ་དམིགས་ལ། ལྷ་སོ་སོའི་སྔགས་ཀྱིས་དགང་བླུགས་དང་སྲེག་རྫས་རྣམས་སྔོན་བཞིན་དུ་རིམ་པས་དབུལ་བར་བྱའོ། །དེ་ནས་ཡང་

འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྨོན་ལམ་མཆོད་པའི་དང་པོ་དང་ཐ་མར་གདབ་པར་བྱའོ། །སྲེག་རྫས་རྣམས་ལ་ནི་བསང་གཏོར་བྱས་ཏེ་སྙིང་གའི་ས་བོན་ལས། ལས་དང་མཐུན་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་ལས་དང་མཐུན་པའི་ཁ་དོག་ཏུ་

དམིགས་ལ་དབུལ་བར་བྱ་བ་ནི་གཅིག་གམ། གསུམ་མམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱའམ། བརྒྱ་རྩ་བརྒྱད་དང་། སྟོང་ངམ་སྟོང་རྩ་བརྒྱད་དམ་སྟོང་ཕྲག་བརྒྱའམ། ཅི་འབྱོར་པའི་སྦྱིན་སྲེག་སྔོན་བཞིན་དུ་མཆོད་པར་བྱའོ། །བསྒྲུབ་པར་བྱ་

བ་ལ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་འབའ་ཞིག་ལ་ནང་གི་ཁྱད་པར་གྱི་རྫས་ལ་རྩ་བའི་སྔགས་ཀྱིས་ཡོངས་སུ་མཆོད་དེ་བསྒྲུབ་པར་བྱའོ། །དེས་ནི་ལས་བཞི་ལ་སོགས་པ་ཁྱད་པར་དུ་ཡོངས་སུ་བསྒྲུབ་པར་འགྱུར་རོ། །དེ་ལ་སྲེག་རྫས་ཕུལ་བ་རྣམས་སོ་སོའི་དཀྱིལ་འཁོར་

གྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཐིམ་པས་ཐམས་ཅད་བདེ་བ་ཆེན་པོའི་བདག་ཉིད་དུ་བསམ་མོ། །དབང་གི་དུས་སུ་ཡོན་གྱི་མཆོག་སྦྱིན་པའི་སློབ་མ་དེའི་ལུས་ངག་ཡིད་ཀྱི་སྒྲིབ་པ་གཉིས་བསྲེག་པ་དང་ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། སློབ་མའི་སྲིན་ལག་

Vol. 10 · folio 72a

གཡོན་པ་ནས་བཟུང་ལ་ལག་པ་གཡོན་པས་དགང་བླུགས་གསུམ་མམ། བདུན་གྱི་བར་དུ་བྱིན་པར་བྱའོ། །ཡང་ན་ལས་ཀྱི་རྡོ་རྗེས་བྱའོ། །གཞན་ཡང་རྒྱལ་ཁམས་ཀྱི་བདག་པོ་དང་། དགེ་འདུན་ལ་སོགས་པ་དང་། ཕྱོགས་སྐྱོང་ལ་སོགས་པ་དང་བདག་ཉིད་

བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་པར་བྱ་བའི་ཕྱིར། དགང་བླུགས་གྲངས་སྔོན་བཞིན་དུ་དབུལ་བར་བྱའོ། །དེ་ལྟར་ཇི་ལྟར་ཚོགས་པའི་རྫས་ཀྱི་སྦྱིན་སྲེག་བྱས་ནས་སྙིང་གའི་ས་བོན་གྱིས་བྱིན་གྱིས་བརླབས་པའི་མར་ལ་བླུགས་གཟར་བདུན་ནམ་ཉི་ཤུ་རྩ་གཅིག་སྦྱིན་པར་

བྱའོ། །དེ་ནས་སྲེག་པའི་མཆོད་པ་རྫོགས་པ་དང་བསང་གཏོར་དང་ཞབས་བསིལ་ལ་སོགས་པ་སྔོན་དུ་འགྲོ་བས་ཕྱི་དང་ནང་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱས་ནས། གཞན་ཡང་ཕྱེ་མ་སྤངས་པའི་སོ་རྩི་དང་། རས་ལ་སོགས་པའི་ན་བཟའ་དང་། རྒྱན་གྱི་ཚོགས་

ཅི་འབྱོར་པས་མཆོད་དེ་བསྟོད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཉི་མ་དང་ཟླ་བས་ཚིམ་པར་གྱུར་པ་དང་མར་ལ་སོགས་པའི་སྲེག་རྫས་ཀྱིས་ཚིམ་ནས་ཤིན་ཏུ་དགྱེས་པར་གྱུར་པའི་ལྷ་རྣམས་ཀྱི་སྙིང་གའི་འོད་ཟེར་གྱིས་ནམ་མཁའི་ཁམས་ཡོངས་སུ་ཁྱབ་པའི་སྐུ་

དམིགས་པ་དེ་དག་གིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བཟུང་ནས་སྒྲུབ་པ་པོ་ལ་སོགས་པ་ལ་དངོས་གྲུབ་ཀྱི་ཆེད་དུ་དབང་བསྐུར་བར་དམིགས་སོ། །སྒྲུབ་པ་པོ་རྣམས་རྡོ་རྗེ་སྐུའི་རང་བཞིན་དུ་བྱས་ནས་སྒྲུབ་པ་པོའི་ཕོ་བྲང་ཡང་སྣ་ཚོགས་ཀྱིས་བཀང་བར་

དམིགས་པ་དང་། རལ་གྲི་ལ་སོགས་དངོས་གྲུབ་ཀྱང་རྫོགས་པར་བྱས་སོ། །དེ་ལྟ་བུའི་སྐུའི་ཚོགས་ལྷའི་དཀྱིལ་འཁོར་གྱི་ཐུགས་ཀར་བསྡུ་བར་བྱའོ། །དེ་ནས་མཉམ་པར་གཞག་པའི་སྔགས་པས་སྙིམ་པ་མེ་ཏོག་གིས་ཡོངས་སུ་བཀང་ལ། ལུས་ངག་ཡིད་ཤིན་ཏུ་འདུད་

པར་བྱས་ཏེ་དམན་པ་དང་ལྡན་པའི་ལྷག་པའི་ནོར་བའི་སྐྱོན་ཞི་བར་བྱས་པ་དང་། མངོན་པར་འདོད་པའི་དངོས་གྲུབ་རྫོགས་པར་བྱ་བའི་ཕྱིར་བཟོད་པར་གསོལ་བ་དང་སྨོན་ལམ་གདབ་པར་བྱའོ། །ཇི་ལྟར་ཚོགས་པར་མ་གྱུར་དང་། །དམན་པའི་དབང་གིས་མ་འཚལ་བ། །བཀའ་ཡི་

Vol. 10 · folio 72b

དོན་བཞིན་མ་ནུས་དང་། །དམན་དང་ལྷག་པར་གྱུར་པ་ནི། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །བཟོད་པ་ཆེན་པོ་མཛད་དུ་གསོལ། །དེ་ནས་བཛྲ་སཏྭ་ལ་སོགས་པ་ལན་གསུམ་དུ་བཟླས་ནས་བསྐོར་བར་བྱའོ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་

མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །དམ་ཚིག་ཕྱག་རྒྱ་མི་སྤོང་བས། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུྃ། བཛྲ་མུཿའི་སྔགས་ཀྱིས་ལྷག་པའི་ལྷའི་དཀྱིལ་འཁོར་གཤེགས་སུ་གསོལ་བར་བྱའོ། །དེ་ནས་མེ་ཐབ་ཀྱི་

བདག་ཉིད་སྔོན་གྱི་མེ་ལྷ་ལ་བསང་གཏོར་དང་ཞབས་བསིལ་དང་མཆོད་པ་སྔོན་བཞིན་དུ་བྱའོ། །དེ་ནས་དགང་བླུགས་དང་སྲེག་རྫས་ཀྱང་སྔོན་གྱི་རིམ་པས་ལྷག་མའི་མཆོད་པ་སྦྱིན་པར་བྱའོ། །དེ་ནས་ཡང་དགང་བླུགས་ལ་འཇིག་རྟེན་པའི་སྨོན་ལམ་བཏབ་ནས་དབུལ་བར་

བྱའོ། །ཞབས་བསིལ་དང་མཆོད་པ་བྱས་ནས་སོ་རྩི་དང་རས་ལ་སོགས་པ་བྱིན་ལ་རྡོ་རྗེ་དྲིལ་བུ་འཛིན་པས་བསྟོད་པར་བྱའོ། །དེ་ནས་རང་གི་འདོད་པའི་སྨོན་ལམ་བཏབ་པ་དང་བཟོད་པར་གསོལ་བ་བྱས་ནས། ཨོཾ་སཏྭ་ལ་སོགས་པ་ལན་གསུམ་དུ་ཡོངས་སུ་བསྐུལ་ནས། སྭཿ

ཨརྠན་ཙཱ་བཱ་པ་རཱརྠ་ཙཱ་སཱ་དྷི་ཏཾ་གཙྪ་ཧ་བྱ་བྷུ་ཀ །ཨཱ་ག་མིཥྱཱ་པི་ཡ་ཐཱ་ཀཱ་ལེ་སརྦ་སིདྡྷི་ཀུ་རུ་ཥ་མེ། སྔགས་འདིས་མེ་ལྷ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་མདུན་གྱི་མེ་ལ་སྣོད་ལེགས་པར་བཀྲུས་པའི་ནང་དཀྱིལ་འཁོར་གྱི་ལྷའི་དགང་བླུགས་ཀྱི་ལྷག་མ་དང་། མར་དང་འོ་མ་དང་།

སྦྲང་དང་ཁ་ར་དང་ཟས་མཆོག་ལ་སོགས་པ་ཡོངས་སུ་ལྡན་པར་བྱས་ལ། ལྷའི་འཁོར་ལོའི་སྦྱོར་བས་ལེགས་པར་བསྒྲུབས་ནས་བདག་ཉིད་རྩ་བའི་དཀྱིལ་འཁོར་ལ་གསང་བའི་མཆོད་པའི་ཚུལ་གྱིས་ཡོངས་སུ་མཆོད་དེ། དེ་ནས་གཞན་ཡང་ལྷའི་སྦྱོར་བ་དང་ལྡན་པ་ལ་ཉུང་ངུན་

ཉུང་ངུན་སྦྱིན་པར་བྱའོ། །དེ་ནས་ཕུན་སུམ་ཚོགས་པ་ལ་སོགས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ལ། ཡི་གེ་བརྒྱ་པ་ལན་གསུམ་དུ་བཟླས་ལ་དགེ་བའི་རྩ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །དེ་ནས་ལངས་ཏེ་ཡི་གེ་བརྒྱ་པ་བརྗོད་

Vol. 10 · folio 73a

ཅིང་བསྐོར་བར་བྱའོ། །དེ་ལ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷིཾ་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་བཱ་ན། སརྦ་ཏ་ཐཱ་ག་

ཏ་བཛྲ་མཱ་མེ་མུཉྫ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ རང་ཞི་བའི་སྦྱིན་སྲེག་བྱེད་ན། དེ་ལས་ནད་དང་རྣམ་པར་འཚེ་བ་དང་བར་དུ་གཅོད་པ་དང་བགེགས་དང་ཉོན་མོངས་པ་ལ་སོགས་པ་བདུད་ཀྱི་སྡེ་བདག་དང་གཞན་གྱི་དོན་དུ་ཞི་བར་བྱ་བ་དང་། མངོན་པར་ཤེས་པ་དང་། མཆོག་

གི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་ཞི་བའི་སྦྱིན་སྲེག་བརྩམ་པར་བྱའོ། །དེ་ནས་དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་སུ་ཁ་དོག་དཀར་པོའི་རས་ལ་ཁྲུ་གང་གི་ཚད་དུ་ཟླུམ་པོར་བསྐོར་བའོ། །ཟབས་སུ་སོར་བཅུ་གཉིས་པའི་ཚད་དུ་བརྐོའོ། །དེའི་དབུས་སུ་སོར་བཅུ་དྲུག་པའི་པདྨ་

འདབ་མ་བརྒྱད་པ་དབུས་སུ་བརྐོས་ལ། དེའི་སྟེང་དུ་ལྷའི་མཚན་མ་བཀོད་ལ། དེའི་དབུས་ཀྱི་ཁ་ཁྱེར་ནས་སོར་བཞི་ཕྱིར་བསྐྱེད་པ་དང་། སོར་བཞིའི་ཁ་ཁྱེར་འཕང་དུ་བརྩིག་པར་བྱའོ། །དེ་ལ་རྡོ་རྗེ་རྩེ་ལྔ་པ་སོར་བརྒྱད་པའི་ར་བས་ཡོངས་སུ་བསྐོར་བར་བྱའོ། །དེའི་ཕྱི་རོལ་དུ་

ཁ་དོག་དཀར་པོའི་ས་གཞི་ལ་སོགས་པའི་ཞི་བའི་མཆོད་པས་ཡོངས་སུ་བསྐོར་བར་བྱའོ། །དེ་ལ་ཁ་དོག་དཀར་པོས་ལེགས་པར་བྱུགས་ལ། དེའི་སྟེང་དུ་བའི་རྣམ་ལྔས་བྱུག་པར་བྱའོ། །དེའི་སྟེང་དུ་ཙནྡན་དཀར་པོ་ལ་སོགས་པའི་དཀར་པོའི་དྲི་ཞིམ་པོ་དང་བདུད་རྩི་ལྔས་ཞལ་

ཁབ་བྱའོ། །མེ་ཏོག་དཀར་པོ་དྲི་ཞིམ་པོ་དང་ལྡན་པའི་སིལ་མས་ཐབ་ཁུང་ཡོངས་སུ་དགྲམ་པར་བྱའོ། །ཡང་ན་འཐས་པར་བཅགས་པའི་དཀྱིལ་འཁོར་ལ་རྡུལ་ཚོན་གྱིས་བྲི་བར་བྱའོ། །དེ་ནས་སེར་པོ་ལ་སོགས་པའི་སྣོད་དུ་ཁ་དོག་དཀར་པོའི་དྲི་དང་། འོ་མ་དང་ནས་བླུགས་

པའི་ཆུས་ལེགས་པར་བཀང་ལ། སྭཱ་ཧཱའི་མཐའ་དང་ལྡན་པའི་སྔགས་ཀྱིས་སྔོན་བཞིན་དུ་བསྔགས་ཏེ་གཞག་པར་བྱའོ། །འོ་མ་ཅན་གྱི་ཤིང་དང་ཁ་དོག་དཀར་པོའི་རིགས་ཀྱི་ལྕི་བའི་མེ་ཤིང་དང་། ཞོ་དང་མར་དང་སྦྲང་དང་། འོ་མ་དང་། ནས་དང་། འབྲས་རྔོས་པ་དང་། པྲི་ཡང་ཀུ་དང་།

Vol. 10 · folio 73b

ཙནྡན་དང་། སཱ་ལའི་ཟས་མཆོག་དང་། ཀུ་ཤ་སར་པ་དང་། དཱུར་བ་དང་། མེ་ཏོག་དཀར་པོ་དང་། གེ་སར་དང་། ཙུ་ཏའི་ལོ་མ་དང་། ཤིང་གི་བཅུད་དཀར་པོ་དྲི་ཞིམ་པོ་ལ་སོགས་པས་སྦྱིན་སྲེག་བྱའོ། །པ་ལ་ཤ་ལ་སོགས་པའི་ཤིང་ལ་ཡམ་ཤིང་སོར་བཅུ་གཉིས་པ་མཐེའུ་ཆུང་

གི་ཚད་ཙམ་དུ་སྦོམ་ལ། རྩེ་མོའི་ཆ་ལས་བྱུང་བ་སྲོག་ཆགས་མེད་ཅིང་སར་པ། བདུད་རྩི་ལྔ་དང་དྲི་ཞིམ་པོའི་ཆུ་ལ་སྦགས་ནས་སྦྲང་དང་འོ་མ་ལ་རྩེ་མོ་གཉིས་བསྙུགས་ལ། སྔོན་བཞིན་གྱི་ཚོགས་དབུལ་བར་བྱའོ། །བྱང་ཆུབ་ཀྱི་ཤིང་གིས་གཙུབས་པ་དང་གཙུབ་ཤིང་ལས་བྱུང་བའི་

མེ་དང་། ཡང་ན་བྲམ་ཟེའི་ཁྱིམ་ནས་བྱུང་བའི་མེ་ལ། སྔོན་བཞིན་དུ་སྨོས་པའི་ཆོ་གས་སྦར་བར་བྱའོ། །མེ་ལྷ་ནི་ཁ་དོག་དཀར་པོར་བྱའོ། །རྒྱན་དང་ན་བཟའ་དཀར་བ་མཚན་ཉིད་ཐམས་ཅད་གོང་དང་མཚུངས་པས། སྔགས་པ་ནི་གོས་དང་རྒྱན་དཀར་བས་བརྒྱན་པ། དབུ་སྐྲ་

གྱེན་དུ་བརྫེས་པ་ལ་མེ་ཏོག་དང་རས་དཀར་པོས་ཅོད་པན་བྱས་པ། བྱམས་པ་དང་སྙིང་རྗེ་དང་ལྡན་པ། པདྨའི་གདན་ལ་བཟང་པོའི་འདུག་སྟངས་ཀྱིས་ཁ་ཤར་ཕྱོགས་སུ་མངོན་པར་ཕྱོགས་ལ་འདུག་ནས། ཞི་བའི་སེམས་ཀྱིས་དཀར་པོའི་ཚེས་གཅིག་ལ་བརྩམ་པར་བྱའོ། །སྔགས་

ཐམས་ཅད་ཀྱི་མཐར་སྭཱ་ཧཱ་དང་ཆེ་གེ་མོ་ཞེས་བྱ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བསྐུལ་བའི་ཚིག་དང་ལྡན་པའི་སྔགས་ཀྱིས་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་མར་དང་བདུད་རྩི་ལ་སོགས་པས་ཚིམ་པར་གྱུར་པའི་ལྷ་རྣམས་དགྱེས་པར་གྱུར་ཏེ། སོ་སོའི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའི་

དཀྱིལ་འཁོར་ནམ་མཁའི་ཁམས་སུ་སྐུ་མདོག་དཀར་པོ་རང་བཞིན་དུ་སྤྲོས་ནས་ལྷ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ནས། སྒྲུབ་པ་པོ་ལ་སོགས་པ་དང་ཡོན་བདག་འཁོར་དང་བཅས་པ་ལ་དབང་བསྐུར་བར་དམིགས་ཏེ། ནད་ལ་

སོགས་པའི་གནོད་པ་ཐམས་ཅད་བསལ་ནས། རང་གི་འདོད་པའི་དངོས་གྲུབ་སྔོན་བཞིན་དུ་རྫོགས་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་བསྡུས་ཏེ་ཐུགས་ཀར་བསྟིམ་པར་བྱའོ། །དེ་ལྟ་བུ་ལ་ཞུགས་པ་ཐམས་ཅད་བདེ་བ་དང་ལྡན་པར་བསམ་མོ། །ཞི་བའི་

Vol. 10 · folio 74a

སྦྱིན་སྲེག་གི་རིམ་པའོ།། །།དེ་ནས་གཞན་ཡང་རལ་གྲི་དང་འཁོར་ལོ་དང་མདའ་དང་། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་གཏེར་ཆེན་པོ་སྒྲུབ་པ་དང་། བཅུད་ཀྱིས་ལེན་པ་དང་། ཁྱད་པར་གྱི་བཅུད་ཀྱིས་ལེན་པ་དང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཡོན་ཏན་ཐོབ་

པར་བྱ་བའི་ཕྱིར། བདག་གམ་གཞན་གྱི་དོན་དུ་ཚེས་བཅོ་ལྔའི་དུས་སུ་རྒྱས་པའི་སྦྱིན་སྲེག་བརྩམ་པར་བྱའོ། །དེ་ལ་དཀྱིལ་འཁོར་ཆེན་པོའི་ལྷོ་ཕྱོགས་སུ་ཁ་དོག་སེར་པོའི་ས་ལ་རྒྱར་ཁྲུ་དོའི་ཚད་ཟབས་སུ་ཁྲུ་གང་གི་ཚད་བརྐོ་བར་བྱའོ། །སོར་བརྒྱད་ཕྱིར་གྱེས་པ་ལས་སོར་བརྒྱད་ཡར་

བརྩིག་པར་བྱས་ནས། དེའི་དབུས་ཀྱི་ལྟེ་བ་འཁོར་ལོ་རྩིབས་བརྒྱད་པའི་སྟེང་དུ་ལྷའི་མཚན་མ་བཀོད་ལ། དེར་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་ཡང་དགོད་པར་བྱའོ། །ཁ་ཁྱེར་ལ་རིན་པོ་ཆེ་སོར་དྲུག་པ་འབར་བས་ཀུན་ནས་བསྐོར་ནས་ཐབ་ཁུང་གི་ཁ་དོག་སེར་པོ་གྲུ་བཞི་པ་སྟེ།

ཡང་ན་ཟུར་བརྒྱད་རིན་པོ་ཆེ་འབར་བའི་དབྱིབས་སུ་བྱའོ། །ཁ་དོག་སེར་པོའི་སས་བྱུགས་ལ། དེའི་སྟེང་དུ་བདུད་རྩི་ལྔ་དང་དྲི་སེར་པོས་ལེགས་པར་བྱུག་གོ། །དེའི་སྟེང་དུ་མེ་ཏོག་སེར་པོ་དྲི་ཞིམ་པོའམ། སྣ་ཚོགས་པའི་མེ་ཏོག་གི་སིལ་མས་ཡོངས་སུ་དགྲམ་པར་བྱའོ། །རི་

དགས་ཀྱི་ལྕི་བ་སྦངས་པའི་སྔོན་དུ་སྨོས་པའི་ཤིང་འབྲས་བུ་དང་བཅས་པ་རྣམས་ལས་བྱའོ། །ཡམ་ཤིང་ནི་པ་ལ་ཤ་ལ་སོགས་པ་དབུས་ཀྱི་ཆ་ལས་བྱུང་བ་སྦོམས་སུ་ཆག་གང་བ། ཆུ་རུ་ཁྲུ་གང་གི་ཚད་དང་ལྡན་པ། རྩེ་མོ་གྲུ་བཞི་པར་བྱས་པའོ། །ལྷག་མ་རྣམས་ནི་ལས་ཐམས་

ཅད་པའི་སྦྱིན་སྲེག་ཏུ་ཤེས་པར་བྱའོ། །རྒྱས་པའི་སྦྱིན་སྲེག་གི་རིམ་པའོ།། །།དེ་ནས་གསད་པ་དང་། སྐེམ་པ་དང་། བསྐྲད་པ་དང་། དབྱེ་བ་དང་། རེངས་པ་དང་རྨོངས་པར་བྱ་བ་དང་། ལུས་དུམ་བུར་གཅོད་པ་ལ་སོགས་པའི་ལས་བསྒྲུབ་པར་བྱ་བའི་ཕྱིར། མངོན་སྤྱོད་

ཀྱི་སྦྱིན་སྲེག་བརྩམ་པར་བྱའོ། །དེ་ལ་དཀྱིལ་འཁོར་ཆེན་པོའི་བྱང་ཕྱོགས་སུ་ཤིན་ཏུ་རྩུབ་པ་མྱུ་གུ་མི་སྐྱེད་པ་ཆུ་ཤེལ་ལམ་ཆར་སྤྲིན་ལྟར་གནག་པའི་ས་ལ་སོར་ཉི་ཤུའི་ཚད་དང་ལྡན་པ། ཟབས་སུ་སོར་བཅུ་བརྐོས་པ་དབུས་སུ་ཁྲོ་བོའི་རྡོ་རྗེ་སོར་བརྒྱད་པ་བྱས་ལ། དེ་ནས་སོར་

Vol. 10 · folio 74b

གསུམ་ཕྱིར་དོར་བ་དང་། སོར་གསུམ་འཕང་དུ་བརྩིག་པར་བྱས་ནས་སོར་གསུམ་པས་ཀུན་ནས་བསྐོར་བར་བྱའོ། །རྩེ་མོ་ལྷོར་བསྟན་ནོ། །ཐབ་ཁུང་ཁ་དོག་ནག་པོར་བྱས་ལ། ས་ནག་པོ་དང་དུར་ཁྲོད་ཀྱི་རུས་ཕྱེ་དང་། བོང་བུ་དང་རྔ་མོའི་རིལ་མ་ལ་སོགས་པ་དང་། དུག་ཇི་སྙེད་

པས་ཐབ་ཁུང་བྱུག་པར་བྱའོ། །དབུས་སུ་ལྷའི་མཚན་དང་ལྡན་པར་བཀོད་དེ་ཁ་ཁྱེར་རལ་གྲིའམ་རྡོ་རྗེ་རྩེ་གསུམ་པས་ཡོངས་སུ་བསྐོར་ལ། འབྲས་ཕུབ་དང་ཁ་དོག་ནག་པོའི་མེ་ཏོག་གིས་ཐབ་ཁུང་ལ་གཅལ་དུ་དགྲམ་པར་བྱའོ། །དེ་ལས་སྔོན་དུ་བསྟན་པའི་སྣོད་དུ། ཁྲ་དང་།

མི་དང་། བ་གླང་དང་། བོང་བུ་དང་། རྔ་མོའི་ཆུ་དང་། ཁྲག་གིས་ཡོངས་སུ་བཀང་སྟེ། ཕཊ་ཅེས་སྔོན་བཞིན་ཡོངས་སུ་བཟླས་ལ། གཡས་སུ་མེའི་དཀྱིལ་འཁོར་གྱི་སྟེང་དུ་གཞག་པར་བྱའོ། །ཡུངས་ཀར་དང་། ཚ་བའི་མར་དང་། ཁྲག་དང་། ཚྭ་དང་། སྐེ་ཚེ་དང་། མིའི་རུས་

ཕྱེ་དང་། རྐང་རྗེས་ཀྱི་ས་དང་། ནིམ་པའི་ཤུན་པ་དང་། བོང་བུ་དང་། རྔ་མོ་ལ་སོགས་པའི་རིལ་མ་དང་སྐྲ་དང་དེ་རྣམས་གཅིག་ཏུ་བརྡུངས་ལ་གཟུགས་བྱའོ། །བྱ་རོག་ལ་སོགས་པའི་སྒྲོ་དང་། དྲི་ཆེན་དང་དྲི་ཆུ་དང་། ཚེར་མ་དང་། གྱོ་མོ་དང་། རུས་ཕྱེ་དང་། ཚིལ་ཆེན་དང་། ཤ་

ཆེན་ལ་སོགས་པ་དང་། ཁྲག་དང་། དུག་དང་། སྐེ་ཚེ་དང་། སྨྱོ་བྱེད་ཀྱི་ཁུ་བས་ལེགས་པར་བྱུག་པར་བྱའོ། །དེ་ནས་ལས་ཐམས་ཅད་པའི་ཆུ་ལ་བསྔགས་ཏེ། བསང་གཏོར་བྱས་ནས་དེ་དག་ཐམས་ཅད་ཀྱང་བསྒྲུབ་བྱར་དམིགས་ལ། དེ་ལུས་ཀྱི་གནས་སུ་དུག་དང་སྐེ་ཚེ་ལ་

སོགས་པས་ཁྱབ་པར་བྱུགས་ཏེ། སྦྱིན་སྲེག་ཏུ་བྱའོ། །མར་ནག་ཆེན་པོའི་མར་མེ་གཡོན་ཕྱོགས་སུ་གཞག་པར་བྱའོ། །ཚ་བའི་ཤིང་ཚེར་མ་ཅན་དང་། ཁ་བ་དང་དྲི་མི་ཞིམ་པ་དང་། དུར་ཁྲོད་ལས་བྱུང་བའི་ཤིང་དང་བོང་བུ་དང་རྔ་མོ་ལ་སོགས་པའི་རིལ་མ་སྐམ་པོ་བུད་ཤིང་དུ་

བྱའོ། །དེ་ནས་ནིམ་པ་དང་། སེང་ལྡེང་དང་། ཀོ་བི་དར་དང་། བསེ་ཤིང་དང་། མ་ད་ནི་ཤིང་དང་། ཚ་བའི་ཤིང་དང་། ཚེར་མ་ཅན་གྱི་ཤིང་དང་། ཁ་བའི་ཤིང་དང་། ཡང་ན་རོ་བསྲེགས་པའི་ཤིང་དང་། དེ་དག་ཚད་མའི་ཆ་ལས་བྱུང་བ་སོར་བཅུའི་ཚད་དང་ལྡན་པ་རྩེ་མོ་ཟུར་གསུམ་

Vol. 10 · folio 75a

པར་བྱས་ལ། དུག་དང་སྐེ་ཚེ་དང་ཁྲག་གིས་ལེགས་པར་བྱུགས་ལ་ཡམ་ཤིང་བྱའོ། །དེ་ནས་དུར་ཁྲོད་ལས་བྱུང་བའི་མེ་དང་། དུར་ཁྲོད་ཀྱི་རུས་པ་ལས་བྱུང་བའི་མེ་དང་། རོ་བསྲེགས་པའི་ཤིང་ལས་གཙུབ་སྟན་དང་གཙུབ་ཤིང་ལས་བྱུང་བའི་མེ་དང་། རྡོ་ལས་བྱུང་

བའི་མེ་དང་། གཏུམ་པའི་ཁྱིམ་ནས་བླངས་པའི་མེ་དང་མེ་དེ་དག་སྦར་བར་བྱའོ། །དེ་ལ་མེ་ལྷའི་སྐུ་མདོག་ནག་པོ་དབུ་སྐྲ་གྱེན་དུ་འབར་བ་སྤྱན་མེ་མདག་གི་ཕུང་པོ་འདྲ་བ། ཞལ་གདངས་ནས་མཆེ་བ་གཙིགས་པ་རྔམ་པའི་ཞལ་ཁྲོ་གཉེར་དང་བཅས་པ། ཤིན་ཏུ་གཏུམ་པ།

འཇིགས་པ་ཆེན་པོའི་གཟུགས་ཅན་གསུས་པ་ཆེ་པ། ཡན་ལག་ཐུང་ཞིང་སྦོམ་པ། རས་ནག་པོ་སེ་རལ་ཁར་ཐོགས་པ། རྒྱན་ནག་པོས་ཀུན་ནས་བརྒྱན་པ། འཇིག་པའི་དུས་ཀྱི་མེ་ལྟར་འབར་བ། ཞལ་ཐབ་ཁུང་དང་མཚུངས་པའོ། །དེ་ནས་སྔགས་པ་ནི་ཐུགས་ཤིན་

ཏུ་གཏུམ་པ་དུར་ཁྲོད་ཀྱི་རས་ནག་པོས་སྟོད་གཡོགས་བྱས་པ། ཁ་དོག་སྔོན་པོའི་རྒྱན་གྱིས་བརྒྱན་པ། མེ་ཏོག་སྔོན་པོའི་ཕྲེང་བ་སེ་རལ་ཁར་ཐོགས་པ། དུར་ཁྲོད་ཀྱི་ཁྲག་གིས་བྱུགས་པའི་རས་ཀྱིས་སྨད་དཀྲིས་བྱས་པ་སྤྱན་ཤིན་ཏུ་འབར་ཞིང་ཞལ་ཤིན་ཏུ་ཁྲོ་བ། རྐང་པ་གཡོན་

པས་གཡས་པ་མནན་པའི་ཚུལ་གྱིས་འདུག་ནས་སོ་འཆའ་ཞིང་བསྒྲུབ་བྱའི་གཟུགས་ཀྱི་སྟེང་དུ་གཏུམ་པའི་སེམས་ཀྱིས་འདུག་པར་བྱའོ། །ཡང་ན་དུར་ཁྲོད་ཀྱི་ཕ་གུ་ནག་པོའི་སྟེང་དུ་བསྒྲུབ་བྱ་མནན་པའི་སྙིང་གར་སྔོན་གྱི་ཚུལ་གྱིས་འདུག་པར་བྱའོ། །བསྒྲུབ་བྱ་ནི་མདོག་ཉམས་

པ། བཞིན་གྱུར་པ། ཤིན་ཏུ་རྒུད་པའི་ཚུལ་དུ་དམིགས་སོ། །ཡང་ན་བསྒྲུབ་བྱའི་སྙིང་གར་བརྐྱང་བསྐུམ་གྱི་གར་གྱིས་སྒྲུབ་པའི་ཕྱོགས་སུ་མངོན་པར་ཕྱོགས་ལ། དཀོན་མཆོག་གསུམ་ལ་སྐུ་དགྲ་བྱེད་པ་དང་། སློབ་དཔོན་སྨོད་ཅིང་སྔགས་རྒྱུད་ལ་དབྱེ་བ་དང་། སེམས་ཅན་ཐམས་

ཅད་ལ་གདུག་པར་བྱེད་པ་དེ་ནི་སྙིང་རྗེ་ཆེན་པོ་ཁྲོས་པའི་སེམས་ཀྱིས་མངོན་སྤྱོད་དུ་བྱའོ། །ཡང་སྒྲུབ་པ་པོའི་ཆེད་འབའ་ཞིག་ཏུ་གསུངས་སོ། །དེ་ལ་ནག་པོའི་ཚེས་གང་ཡང་རུང་བའི་ཉི་མ་ཕྱེད་དམ་ནམ་ཕྱེད་ན་དྲག་པོའི་ལས་བརྩམ་པར་བྱའོ། །བདག་ཉིད་ཀྱི་ཐུགས་ཀ་ལས་

Vol. 10 · folio 75b

བྱུང་བའི་ཁྲོ་བོའི་ཚོགས་མཚོན་ཆ་རྣམ་པ་སྣ་ཚོགས་ཐོགས་པས་བསྒྲུབ་བྱ་ཡོངས་སུ་གཏུབ་ཅིང་ཟ་བ་ལ་སོགས་པའི་སྦྱོར་བས་དམིགས་སོ། །ལག་པ་གཡོན་པའི་སྡིགས་མཛུབ་དང་། ཁྱད་པར་དུ་མིག་གཡོན་པ་འབར་བས་བལྟ་བར་བྱ་ལ། ཕཊ་ཨ་མུ་ཀ་སྱ་ཨ་བྷི་ཙརྱ་ཀུ་རུ་ཕཊ་

ཅེས་བརྗོད་ཅིང་མངོན་སྤྱོད་ཀྱི་སྦྱིན་སྲེག་བྱའོ། །དེ་ལ་ལས་ཀྱི་བྱེ་བྲག་ནི་བསྐུལ་བའི་སྦྱོར་བ་དང་། སྔགས་ཀྱི་སྦྱོར་བས་སོ། །དབྱེ་བ་ལ་ནི། ཨོཾ་ཛི་སྭཱ་ཧཱ། ཧཱུྃ་ཨ་མུ་ཀཾ་བི་དྭེ་ཥ་ཡ་ཧཱུྃ། བསྐྲད་པ་ལ་ནི། ཨོཾ་ཁཾ་སྭཱ་ཧཱ། ཧཱུྃ་ཨ་མུ་ཀཾ་ཨུཙྪ་ཊ་ཡ་ཧཱུྃ། རེངས་པ་དང་རྨོངས་པ་ལ་ནི། ཨོཾ་ཧཱུྃ་

སྭཱ་ཧཱ། བོ་ཥཏྟ་ཨ་མུ་ཀཾ་སྟཾ་བྷ་ཡ། མོ་ཧ་ཡ་བི་ཤོ་དྷ། གསད་པ་ལ་ནི། ཨོཾ་གྷུཿསྭཱ་ཧཱ་ཕཊ་ཨ་མུ་ཀཾ་མ་ར་ཡ་ཕཊ། གཞན་དུ་ཡང་དེ་ལྟར་ཤེས་པར་བྱའོ། །དེ་ལ་སྦྱིན་སྲེག་གིས་ཚིམ་པར་གྱུར་པའི་ལྷ་རྣམས་ཀྱི་ཐུགས་ཀ་ནས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ། ཁྲོ་བོ་དེ་

དག་གིས་བསྒྲུབ་པར་བྱ་བའི་ལུས་ལ་རྡོ་རྗེའི་ཐོག་གིས་རྒྱུན་མི་འཆད་པར་འབེབས་པ་དང་། མཚོན་ཆ་རྣམ་པ་སྣ་ཚོགས་པ་བསྒྲུབ་བྱའི་ལུས་ལ་འབེབས་པར་བྱེད་དོ། །བསྒྲུབ་བྱ་དེ་ཉིད་མྱུར་བར་བསྒྲལ་ནས་ཡི་གེ་གསུམ་གྱི་སྦྱོར་བས་བདེ་བ་ཅན་གྱི་ཞིང་ཁམས་སུ་བསྐྱལ་བར་

བྱའོ། །སྤྲོས་པའི་ཁྲོ་བོ་རྣམས་ཐུགས་ཀར་དེ་ཉིད་དུ་བསྡུའོ། །སྒྲུབ་པ་འབའ་ཞིག་ལ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་རྩ་བའི་སྔགས་ཀྱིས་བསྙེན་པར་བྱའོ། །དྲག་པོའི་སྦྱིན་སྲེག་གི་རིམ་པའོ།། །།ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ནམ་མཁའ་ལྡིང་དང་། ལྷ་མ་

ཡིན་དང་། མིའམ་ཅི་ལ་སོགས་པ་དེ་དག་གི་རིག་མ་དང་། རྒྱལ་པོའི་འཁོར་དང་བཅས་པ་དང་། གང་ལ་བྱ་བའི་ཡུལ་དབང་དུ་བྱ་བའམ། དགུག་པར་བྱ་བའི་ཕྱིར་དབང་ངམ་དགུག་པའི་སྦྱིན་སྲེག་བརྩམ་པར་བྱའོ། །དེ་ལ་དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་སམ་ནུབ་ཕྱོགས་སུ་

དགུག་པའི་ཐབ་ཁུང་བྱ་སྟེ། དེ་ཡང་ཁ་དོག་དམར་པོའི་ས་ལ་བྷ་གའི་གཟུགས་སམ། ཟླ་བ་ཕྱེད་པ་ལྟ་བུ་བྱས་ནས་དབུས་སུ་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབས་པ། པདྨའི་ཕྲེང་བས་ཁ་ཁྱེར་བསྐོར་བ། དབུས་སུ་ལྷའི་མཚན་མ་ཙནྡན་དམར་པོས་དགོད་དོ། །དགུག་པ་ལ་ནི་རྡོ་རྗེ་རྩེ་གཅིག་

Vol. 10 · folio 76a

དང་རྡོ་རྗེ་ལྕགས་ཀྱུས་དབུས་སུ་མཚན་པ། ཁ་ཁྱེར་ལྕགས་ཀྱུས་ཡོངས་སུ་བསྐོར་བ། ཐབ་དེའི་ཁ་ཁྱེར་དང་ཟབས་ལ་སོགས་པ་ནི་ཞི་བའི་ཐབ་དང་མཉམ་པའོ། །ཐབ་ཁུང་དེ་ལྟར་བྱས་ལ། ཁ་དོག་དམར་པོའི་སས་ཞལ་བ་བྱས་ཏེ། དེའི་སྟེང་དུ་ཁ་དོག་དམར་

པོའི་དྲིས་ལེགས་པར་བྱུགས་ལ། དེར་མེ་ཏོག་དམར་པོའི་སིལ་མས་དགྲམ་པར་བྱའོ། །ཆུ་ཤིང་ལ་སོགས་པའི་ཡལ་གས་ལེགས་པར་ཞལ་བ་བྱས་ནས། དེ་ལ་སྔོན་དུ་བཤད་པའི་སྣོད་དུ་ཁ་དོག་དམར་པོའི་དྲི་མེ་ཏོག་དམར་པོ་དང་བཅས་པའི་ཆུས་ལེགས་པར་བཀང་སྟེ། ཧོའི་

མཐའ་ཅན་གྱི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། དགུག་པ་ལ་གཡས་སུ་སྟེ། དབང་དུ་བྱ་བ་ལ་གཡོན་དུ་གཞག་པར་བྱའོ། །པྲི་ཡང་ཀུ་དང་། ཙམ་པ་ཀ་དང་། པུ་ན་ག་དང་། ནཱ་ག་གེ་སར་དང་། ལ་གུ་ཅ་དང་། ཨ་ཤོ་ཀ་ཛ་དང་། ནགས་ཀྱི་དབུས་ན་གནས་པའི་ཤིང་གཅིག་དང་།

མེ་ཏོག་དང་། འབྲས་བུ་དམར་པོ་ཡོད་པ་དང་། ནུབ་ཕྱོགས་ཀྱི་ཡན་ལག་ལས་ཡམ་ཤིང་སོར་ལྔ་པའི་ཚད་དུ་བྱས་ནས་དེ་ཡང་གོང་དུ་བསྟན་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་སྐྱོན་གྱིས་མ་གོས་པ། ཡང་ན་རོ་སྐྱུར་བ་ཁ་དོག་དམར་པོ་མེ་ཏོག་དང་འབྲས་བུ་དམར་པོ་སྐྱེ་བའི་ཤིང་

ལོ་ལས་བྱའོ། །དབང་ལ་ནི་གཡས་ཀྱི་ཕྱོགས་སུ་ཟླ་བ་ཕྱེད་པའི་ས་ཕྱོགས་ཀྱི་སྟེང་དུ་གཞག་གོ། །དགུག་པ་ལ་ནི་གཡོན་ཕྱོགས་སུ་ལྕགས་ཀྱུའི་ས་གཞི་ལ་ལྕགས་ཀྱུ་ལྟ་བུ་ཚེར་མའི་ཤིང་གཞག་པར་བྱའོ། །ནིམ་པ་དང་། སྐྱུ་རུའི་ཤིང་དང་། རོ་སྐྱུར་བ་དང་། མེ་ཏོག་དམར་

པོ་འབྲས་བུ་དང་བཅས་པའི་ཤིང་ལ་བུད་ཤིང་བྱའོ། །དེ་ཡང་ཐབ་ཀྱི་ཚད་དང་མཉམ་པའོ། །དགུག་པ་ལ་ནི་ཚེར་མ་དང་བཅས་པའི་ཤིང་གིས་སོ། །མེ་ནི་སྨད་འཚོང་མའི་ཁྱིམ་དང་ཚོས་མཁན་མའི་ཁྱིམ་ནས་བླང་བར་བྱའོ། །དགུག་པ་ལ་ནི་མར་མཁན་གྱི་ཁྱིམ་མམ་ཚོང་པའི་མགྲོན་

ལམ་ནས་བླང་བར་བྱའོ། །མེ་ལྷའི་སྐུ་མདོག་དམར་པོ་སྟོད་གཡོགས་དང་། སྨད་དཀྲིས་དང་རྒྱན་དམར་པོ་ཐམས་ཅད་ཀྱིས་བརྒྱན་ཅིང་མེ་ཏོག་དམར་པོའི་ཕྲེང་བ་སེར་རལ་ཁར་ཐོགས་པ་པདྨ་དམར་པོའི་སྟན་ལ་འདུག་པ་སྟེ། མཚན་ཉིད་གཞན་དང་མཚུངས་པ་ཆོ་ག་གོང་དུ་བསྟན་པ་

Vol. 10 · folio 76b

བཞིན་ནོ། །དེ་ལ་སྔགས་པ་ནི་གོས་དམར་པོ་གྱོན་པ་མེ་ཏོག་དམར་པོའི་ཕྲེང་བ་དང་རས་དམར་པོས་ཅོད་པན་བྱས་པ། གུར་ཀུམ་དང་ཙནྡན་ལ་སོགས་པའི་དྲི་དམར་པོས་ལུས་ལ་བྱུགས་ལ། ཁྲོ་བ་དང་ང་རྒྱལ་གྱི་སེམས་སྤང་ཞིང་སྐུ་མདོག་དམར་པོ་དབང་གི་སྦྱོར་བ་དང་ལྡན་པ་སྨད་འཚོང་

མའི་རང་བྱུང་གིས་བདག་ཉིད་ཀྱི་ཐུགས་ཀར་ཆོས་འབྱུང་གི་གཟུགས་བྱས་ནས་ནུབ་ཕྱོགས་སུ་མངོན་པར་ཕྱོགས་ཏེ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་པར་བྱའོ། །དགུག་པ་ལ་ནི་ཅུང་ཟད་གྱེན་དུ་བལྟ་བར་བྱའོ། །དེ་ལ་དབང་དུ་བྱ་བའི་སྔགས་ནི། ཨོཾ་ཨཱ་སྭཱ་ཧཱ་ཧོཿཨ་མུ་ཀཾ་བ་ཤཾ་ཀུ་རུ་ཧོཿདགུག་པ་

ལ་ནི། ཨོཾ་ཧཱུྃ་སྭཱ་ཧཱ། ཛཿཨ་མུ་ཀཾ་ཨཱ་ཀཪྵ་ཡ་ཛཿསྔགས་འདི་དག་ཡོངས་སུ་བརྗོད་ཅིང་ནམ་གྱི་ཕྱེད་ན་དབང་དུ་བྱ་བ་འམ་དགུག་པའི་སྦྱིན་སྲེག་བྱའོ། །སྦྱིན་སྲེག་གིས་ཚིམ་ཞིང་དགྱེས་པའི་ལྷ་རྣམས་ཀྱི་ཐུགས་ཀ་ནས་ལྷའི་ཚོགས་ཁ་དོག་ལས་དང་མཐུན་པ་དཔག་ཏུ་མེད་པ་སྤྲོས་ནས། མེ་

ཏོག་དམར་པོའི་ཕྲེང་བའི་གཞུ་དང་། ཨུཏྤ་ལ་དམར་པོའི་ཡལ་གའི་མདའ་ཐོགས་ནས་སྣ་གཡས་པའི་ཚད་དུ་ཤིན་ཏུ་བཀང་ནས་གང་ཞིག་དབང་དུ་བྱེད་པའི་སྙིང་གར་བརྒྱབ་སྟེ་བཀུག་ནས་དབང་དུ་བྱའོ། །དགུག་པ་ནི་ཨུཏྤ་ལ་དམར་པོའི་ཡལ་གའི་ཞགས་པས་གང་ཞིག་དགུག་པར་

འདོད་པའི་སྐེ་ནས་བཅིངས་ཏེ། མེ་ཏོག་དམར་པོའི་ལྕགས་ཀྱུས་སྙིང་ག་ནས་བཟུང་ནས་མྱུར་དུ་བཀུག་ལ་སྒྲུབ་པ་པོའི་རྐང་པའི་འོག་ཏུ་གཞུག་པར་བྱའོ། །སྤྲོས་པའི་ལྷ་རྣམས་ཚུར་བསྡུས་ཏེ། བདག་ཉིད་ཀྱི་ཐུགས་ཀར་ཐིམ་པར་སྒོམ་མོ། །དབང་དུ་བྱ་བ་དང་དགུག་པའི་སྦྱིན་

སྲེག་གི་བྱ་བའི་རིམ་པའོ།། །།ཇི་ལྟར་སྔོན་དུ་གསུངས་པའི་ལས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ལས་ཐམས་ཅད་པའི་སྦྱིན་སྲེག་ཏུ་གྲགས་པ་བཞིན་དུ་ལས་སོ་སོའི་སྦྱིན་སྲེག་བྱའོ། །ཅིའི་ཕྱིར་ཞེ་ན། ལྷ་མཉེས་པར་བྱ་བ་དང་ཚེ་སྲིང་བའི་ཕྱིར་མར་དུ་བསྙུགས་

པའི་དཱུར་བ་སྦྱིན་པར་བྱའོ། །གཞན་ཡང་བསྲུང་བའི་དོན་དུ་ཀུ་ཤ་མར་དུ་སྦགས་ལ་ལྷག་པའི་ལྷ་ལ་མཆོད་པར་བྱའོ། །དེ་ཡང་སྔགས་ཀྱི་མཐར་ནི་ཇི་ལྟར་བསྐུལ་བའི་ཡི་གེ་དང་རྫས་དང་དམིགས་པ་དང་སྔགས་དང་བསྐྱེད་པའི་ས་བོན་གྱི་ཁྱད་པར་ཇི་ལྟ་བ་བཞིན་དུ་བསྟན་

Vol. 10 · folio 77a

པའི་རིམ་པ་ཤེས་པས་སྦྱིན་སྲེག་བྱའོ། །ཇི་ལྟར་ཁྱད་པར་གྱི་ཉིན་དང་དུས་དང་གནས་སྐབས་ཀྱི་ཞི་བ་ལ་སོགས་པ་སྔོན་དུ་འགྲོ་བའི་བསམ་པས་ལས་བཞིའི་སྦྱིན་སྲེག་བརྩམ་པར་བྱའོ། །གཞན་ཡང་འདི་ལྟར་འབྱུང་སྟེ། དགའ་བས་རྒྱས་པའི་སྦྱིན་སྲེག་བྱའོ། །

ཐམས་ཅད་རྫོགས་ནས་ཞི་བར་བྱ། །གདུག་པ་གསོད་ཕྱིར་གསད་པར་བྱ། །དབང་སོགས་དོན་གྱི་གསོལ་གདབ་བྱ། །ཇི་ལྟར་ཕྱི་རོལ་གྱི་སྦྱིན་སྲེག་བྱེད་པའི་སྔགས་པས་གདན་དང་རྫས་ཐམས་ཅད་རྣམ་པར་དག་པའི་ཕྱིར། ལྷའི་རྣལ་འབྱོར་དང་ལྡན་པས་བྱམས་པ་ནས་

གཟུང་སྟེ། སྟོང་པ་ཉིད་ཀྱི་བར་དུ་དམིགས་པར་བྱའོ། །དེ་ལ་དོན་དམ་པའི་བདེན་པ་དང་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་པས། རྫས་དང་ལྷའི་རྣམ་པས་བདེན་པ་གཉིས་ཀྱི་བདག་ཉིད་དུ་ཤེས་པར་བྱའོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ཐེག་པ་ཆེན་པོའི་

ལམ་ཡོངས་སུ་རྫོགས་པར་བྱ་བའི་བསམ་པ་སྔོན་དུ་འགྲོ་བས་དམན་པ་དང་འབྲིང་དང་མཆོག་ཏུ་གྱུར་པའི་གང་ཟག་གིས་ཤིན་ཏུ་ཐར་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། འབྲས་བུའི་ལམ་འདི་ལ་བཙུད་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཙུད་དོ། །དེ་ལ་འདི་ལྟར་

འབྱུང་སྟེ། མཚན་ཉིད་གསུམ་ལྡན་སྦྱིན་སྲེག་སྟེ། གནས་སྐབས་རྣམ་པ་གསུམ་དང་ལྡན། །ལས་ཀྱི་བྱ་བ་གསུམ་ལྡན་ན། །དེ་བཞིན་གཤེགས་པ་སྦྱིན་སྲེག་ཡིན། །མཚན་ཉིད་མི་ལྡན་རྩོམ་བྱེད་དང་། །གནས་སྐབས་མི་ཤེས་སྦྱིན་སྲེག་བྱེད། །སྔགས་དང་ཡེ་ཤེས་

སྤངས་པའི་ཕྱིར། །རྨོངས་ཆེན་དེ་ལ་འབྲས་བུ་མེད། །ཇི་ལྟར་གོང་དུ་བསྟན་པའི་མཚན་ཉིད་ཐམས་ཅད་དང་ལྡན་པས་ལས་རྩོམ་པར་བྱེད་ན་དེའི་དངོས་གྲུབ་ཐམས་ཅད་མྱུར་བར་འགྱུར་རོ། །གཞན་ཡང་དངོས་གྲུབ་ཤིན་ཏུ་མྱུར་བར་བྱ་བའི་ཕྱིར། འདི་ལྟར་སོ་སོའི་སྦྱིན་སྲེག་མ་

རྫོགས་ཀྱི་བར་དུ་རྩེ་གཅིག་ཏུ་བསམ་པར་བྱའོ། །ཐབ་ཁུང་དང་ཀུ་ཤ་དང་མེ་ཏོག་དང་ཡོན་ཆབ་ལ་སོགས་པ་དང་། དགང་གཟར་དང་བླུགས་གཟར་དང་། ཤིང་དང་མེ་ལྷ་དང་དཀྱིལ་འཁོར་གྱི་ལྷ་དང་མཆོད་པ་ལ་སོགས་པ་དང་། བདག་ཉིད་དང་ཇི་ལྟར་འབྱུང་བ་ཐམས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words