རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས
Sanskrit title (Tibetan script, as in the text) བཛྲ་ཏཱ་ར་སཱ་དྷ་ནཾ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 10 · folio 265b
༄༅༅། །རྒྱ་གར་སྐད་དུ། བཛྲ་
ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ། །ཕུན་སུམ་ཚོགས་པ་ཀུན་སྤེལ་མ། །སྒྲོལ་མ་ལ་ནི་གུས་ཕྱག་འཚལ། །དེ་ཡི་སྒྲུབ་ཐབས་མན་ངག་བཞིན། །མདོར་བསྡུས་ནས་ནི་བྲི་བར་བྱ། །དང་པོར་རེ་ཞིག་
རྣལ་འབྱོར་པས་མེ་ཏོག་དྲི་ཞིམ་པ་ལ་སོགས་པས་ཉམས་དགའ་བའི་བསམ་གཏན་གྱི་ཁང་པ་ལ་སོགས་པར་ཞུགས་ཏེ། སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ནས་རང་གི་སྙིང་གར་ཨཾ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཏཱཾ་ཡིག་སེར་པོ་ལས་བྱུང་བའི་
རྡོ་རྗེའོ། །རྡོ་རྗེ་ལ་ཏཱཾ་ཡིག་གི་ས་བོན་གནས་པའོ། །དེའི་འོད་ཟེར་གྱིས་བཀུག་པའི་བཅོམ་ལྡན་འདས་མའི་འཁོར་ལོ་ནམ་མཁའི་ཕྱོགས་སུ་མངོན་པར་བལྟས་ཏེ། རང་གི་སྙིང་གའི་ས་བོན་ལས་འཐོན་པའི་མེ་ཏོག་མ་ལ་སོགས་པའི་ལྷ་མོ་རྣམས་སྤྲོས་ལ། མེ་ཏོག་ལ་སོགས་
Vol. 10 · folio 266a
པ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་མའི་འཁོར་ལོ་དེ་ཉིད་ཀྱི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། བདག་གི་སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་པར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་དང་སོ་སོ་སྐྱེ་
བོ་ཐམས་ཅད་ཀྱི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །བདག་གི་དགེ་བ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །འདི་ནས་བདག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞི་བའི་
མཆོག་ཐེག་པ་ཆེན་པོའི་ཆོས་ལ་སྐྱབས་སུ་མཆིའོ། །ཕྱིར་མི་ལྡོག་པའི་ཚོགས་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཨེ་མའོ་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། ཇི་སྲིད་མཐར་ཐུག་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སངས་རྒྱས་ཀྱི་
བྱང་ཆུབ་ལ་རབ་ཏུ་གཞག་པའི་ཕྱིར། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བགྱིའོ། །དེ་ནས་བདག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ལ་བརྟེན་པར་བགྱིའོ། །དེ་ནས་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་
བཀླག་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ལ་བདེ་བ་ཉེ་བར་སྡུད་པའི་རྣམ་པ་ནི་བྱམས་པའོ། །སྡུག་བསྔལ་ཐམས་ཅད་སེལ་བའི་རྣམ་པ་ནི་སྙིང་རྗེའོ། །ལྷའི་བདེ་བ་དང་མི་འབྲལ་བའི་རྣམ་པ་ནི་དགའ་བའོ། །ཉོན་མོངས་པའི་གཉེན་པོ་ལ་ཉེ་བར་སྡུད་པའི་རྣམ་པ་བཏང་སྙོམས་
བསྒོམ་པར་བྱའོ། །དེ་ནས་ཆོས་ཐམས་ཅད་ཡིད་ལ་དམིགས་ནས་རྣམ་པར་དཔྱད་པར་བྱ་སྟེ། འདི་དག་ནི་སེམས་ཉིད་དེ། དེས་ན་དེའི་རྣམ་པ་ནི་འཁྲུལ་སྣང་ངོ་། །རྨི་ལམ་ཇི་བཞིན་ཏེ། སེམས་ལས་ཕྱི་རོལ་ན་མེད་དོ། །སེམས་ལས་ཕྱི་རོལ་གྱི་གཟུང་བའི་དངོས་པོར་མེད་ཅིང་སེམས་
འཛིན་པར་མི་འགྱུར་རོ། །དེའི་ཕྱིར་ཆོས་ཐམས་ཅད་ཀྱི་ལུས་ནི་སེམས་སོ། །གཟུང་བ་དང་འཛིན་པ་དེ་རྣམས་དོན་དམ་པར་ནི་སྟོང་པ་ཉིད་དོ། །དེ་ལྟར་གཅིག་ཏུ་ངེས་པར་ཆོས་ཐམས་ཅད་ཀྱི་རྣམ་པ་ནི་འཁྲུལ་པས་བསྐྱེད་པ་འཁྲུལ་པའི་མཚན་མའོ། །དེ་རྣམས་ཀྱི་རང་བཞིན་ཉིད་ནི་གཉིས་
Vol. 10 · folio 266b
སུ་མེད་པའི་རྣམ་པར་རིག་བྱེད་ཀྱི་ངོ་བོ་འབའ་ཞིག་པ་རྣམས་སོ། །དག་པའི་ཤེལ་ལྟ་བུ་དང་། སྟོན་ཀའི་ཉི་མ་གུང་གི་དྲི་མ་མེད་པའི་ནམ་མཁའ་ལྟ་བུ་མཐའ་ཡས་པར་བལྟ་བར་བྱའོ། །འདི་བརྗོད་དེ་འཇིག་རྟེན་ལས་འདས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་སྤྲོས་མེད་རྣམ་རྟོག་མེད་པའོ། །དེ་ནས་དེའི་སྔགས་
ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ཉིད་ནི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །དེ་ཉིད་ནི་མཆོག་གི་བསྲུང་བའོ། །དེ་ནས་དེའི་རྒྱུ་མཐུན་དུ་གྱུར་པའི་རྣམ་པ་དང་ལྡན་པའི་བསྲུང་བ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་རང་བཞིན་
བསྒོམ་པར་བྱ་སྟེ། དེ་ལ་རཾ་ལས་ཉི་མ། ཉི་མ་དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའོ། །རྡོ་རྗེ་དེ་ཉིད་ལས་རྡོ་རྗེའི་ར་བ་དང་། གུར་བཅིངས་པར་བསྒོམ་མོ། །ཡང་སྣ་ཚོགས་རྡོ་རྗེའི་འོད་ཟེར་འཇིག་པའི་དུས་ཀྱི་མེ་ལྟ་བུ་བཟོད་པར་དཀའ་བ་ཕྱོགས་ཐམས་ཅད་དུ་ཚན་ཆེར་སྤྲོས་པས། ཐད་
ཀར་ནི་རྡོ་རྗེ་ར་བ་གྲུ་བཞི་འབར་བས་གཏམས། སྟེང་དུ་ནི་རྡོ་རྗེའི་གུར། འོག་ཏུ་ནི་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། འོག་ཐམས་ཅད་གཏམས་པར་བལྟའོ། །དེ་ནས་ཉི་མ་དང་སྣ་ཚོགས་རྡོ་རྗེའི་འོད་ཀྱིས་ཡང་ཕྱོགས་མཚམས་སུ་ཐུག་པར་སྤྲོས་པས། ཡང་ཕྱིའི་སྒོའི་མཚམས་བཅིང་
བར་བྱའོ་ཞེས་པ་ནི་ཚིགས་བཅད་ཀྱི་དོན་ཏོ། །དེའི་དབུས་སུ་འབྱུང་བ་ཆེན་པོ་ནམ་མཁའི་རང་བཞིན་ཆོས་ཀྱི་འབྱུང་གནས་ཞེས་པ། རྡོ་རྗེ་འཆང་ཆེན་པོའི་རང་བཞིན་སྟོན་ཀའི་རི་བོང་འཛིན་ལྟར་དཀར་བ། འོག་ཕྲ་བ། སྟེང་ཡངས་པ། ཟུར་གསུམ་པ། ནང་ནམ་མཁའི་རང་བཞིན་ནོ། །དེའི་དབུས་
སུ་སྣ་ཚོགས་པདྨའི་འདབ་མའི་ལྟེ་བ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་ཡངས་པའོ། །དེའི་གཞི་མ་ལ་འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་གྱི་རྣམ་པ་བཞི་པོ་ལྷ་མོ་བཞིའི་རང་བཞིན་རྣམས་སྟེང་ནས་སྟེང་དུ་བལྟའོ། །དེ་ལ་དང་པོ་ཡཾ་གི་ཡི་གེ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་ནག་
པོ་དུ་བའི་མདོག་ཅན། རྩེ་ཟུར་གཉིས་སུ་གཡོ་བའི་བ་དན་གྱིས་མཚན་པའོ། །དེའི་སྟེང་དུ་རཾ་ཡིག་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་དམར་པོ་ཟུར་དུ་རཾ་གྱིས་མཚན་པའོ། །དེའི་སྟེང་དུ་བཾ་ཡིག་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་བུམ་པས་མཚན་པའོ། །དེའི་སྟེང་དུ་ལཾ་ཡིག་
Vol. 10 · folio 267a
ལས་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་སེར་པོ་ཟུར་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །དེའི་སྟེང་དུ་བྷྲཱུཾ་ཡིག་ལས་སྐྱེས་པའི་འཁོར་ལོའོ། །ད་ནི་སྒོམ་པ་པོ་དེ་ཉིད་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁྱབ་པ་པོ་ཉིད་དུ་གནས་ཏེ། དེ་ནས་སྣ་ཚོགས་རྡོ་རྗེའི་གཞིའི་
དབུས་ཀྱི་འབྱུང་བ་ཆེན་པོ་བཞི་ཡོངས་སུ་གྱུར་པ་ལས་སྐྱེས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བསྡུས་པའི་གཟུགས་ཐར་པ་ཆེན་པོའི་གྲོང་རྣམ་པར་སྣང་མཛད་ཀྱི་རང་བཞིན་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་གྱི་ཁང་པ་བརྩེགས་པ། གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་
མཛེས། །སྟེགས་བུ་བཞི་ཡིས་ཡོངས་སུ་བསྐོར། །རྟ་བབས་བཞི་ཡིས་བརྒྱན་པ་སྟེ། །དྲ་བ་དྲ་ཕྱེད་མེ་ལོང་དང་། །དར་དང་མེ་ཏོག་བླ་བྲེས་དང་། །རྔ་ཡབ་རྡོ་རྗེའི་སྲད་བུས་མཛེས། །སངས་རྒྱས་འོད་ཚོགས་འཕྲོ་བ་སྟེ། །བ་དན་སྣ་ཚོགས་གཡོ་བའི་རྩེར། །དྲིལ་བུའི་སྒྲ་ནི་
ཕྱོགས་སུ་སྒྲོགས། །མཆོག་ཏུ་གྱུར་པའི་འདོད་པ་ལྔ། །ཉེ་བར་སྤྱོད་པས་དགྱེས་པའོ། །རིམ་གཉིས་གཅིག་ལ་པདྨ་བསྒོམ། །གཉིས་པ་གྲུ་གསུམ་དག་ཏུ་ཤེས། །དེའི་དབུས་སུ་ཨཱ་ལི་ཉིས་འགྱུར་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཏཱཾ་ཡིག་
ཡོངས་སུ་གྱུར་པ་ལས་རྡོ་རྗེ། དེའི་ལྟེ་བ་ལ་ཏཱཾ་ཡིག་གོ། །དེ་ནས་ཡང་ཌ་ཌྷ་ད་དྷ་ཉིས་འགྱུར་དང་ལྡན་པའི་ཀཱ་ལི་ཉིས་འགྱུར་ཡོངས་སུ་གྱུར་པ་ལས་ཉི་མའོ། །གཉིས་ཀ་འདུས་པ་བདེ་བ་ཆེན་པོ་མཆོག་ཏུ་དགའ་བ་དང་ལྡན་པ་ཟླ་བའོ། །ཟླ་བ་མེ་ལོང་ཡེ་ཤེས་ལྡན། །རྟ་བདུན་པ་ནི་
མཉམ་ཉིད་ལྡན། །རང་ལྷའི་ས་བོན་མཚན་མ་དག་གོ། །སོ་སོར་རྟོག་པར་བརྗོད་པའོ། །ཐམས་ཅད་གཅིག་གྱུར་བྱ་ནན་ཏན། །རྫོགས་པ་ཆོས་ཉིད་དག་པའོ། །འདི་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའོ། །དེ་ནས་ས་བོན་གྱི་འོད་ཟེར་གྱིས་སེམས་ཅན་རྣམས་རང་གི་ཡི་
དམ་ལྷའི་འཁོར་ལོའི་རྣམ་པར་བཀུག་སྟེ་དེ་ཉིད་ལ་ཞུགས་པ་དང་། མཚན་མ་དང་ས་བོན་ཡོངས་སུ་གྱུར་པ་ལས་རྣལ་འབྱོར་པས་ལྷ་མོ་སྒྲོལ་མ་བསྒོམ་པར་བྱ་སྟེ། ཕྱག་བརྒྱད་མ་ལ་ཞལ་བཞི་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །གཞོན་ནུ་མ་ཡི་མཚན་གྱིས་འབར། །
Vol. 10 · folio 267b
ཁ་དོག་གསེར་དང་མཚུངས་པར་བསྒོམ། །དབང་བསྐུར་རྡོ་རྗེ་ཉི་མ་འཁྲུངས། །སངས་རྒྱས་བཞི་ཡི་དབུ་རྒྱན་ཆེ། །ལང་ཚོ་གཞོན་ལ་བབ་པའི་དུས། །གསེར་གྱི་རྣ་ཆ་གཡོ་བག་ཅན། །སྣ་ཚོགས་པདྨའི་གདན་ལ་བཞུགས། །འོད་ཟེར་དམར་པོས་རྣམ་པར་བརྒྱན། །རྡོ་རྗེ་དེ་བཞིན་
ཞགས་པ་དང་། །དུང་དང་མདའ་ནི་གཡས་ན་འཛིན། །རྡོ་རྗེ་ལྕགས་ཀྱུ་ཨུཏྤ་ལ། །གཞུ་དང་སྡིགས་མཛུབ་གཡོན་ན་འཛིན། །རྡོ་རྗེ་སྒྲོལ་མའི་རྣལ་འབྱོར་དག །སེམས་ཅན་དོན་ཀུན་ཕ་རོལ་ཕྱིན། །རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །པདྨའི་
ཕྱོགས་བཞིའི་འདབ་མ་ལ། །ཤར་དུ་མེ་ཏོག་སྒྲོལ་མ་སྟེ། །ཁ་དོག་དཀར་པོ་ཡིད་འོང་མ། །ཨོཾ་ཡིག་ཡེ་ཤེས་ལས་རྫོགས་མ། །ཕྱག་ན་མེ་ཏོག་ཕྲེང་བ་འཛིན། །ཞལ་གཅིག་ཕྱག་ནི་གཉིས་མ་སྟེ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ལྷོར་ནི་སྤོས་ཀྱི་སྒྲོལ་མ་སྟེ། །མདོག་
ནག་མོ་ལ་གཟུགས་མཛེས་མ། །བདུག་སྤོས་སྣོད་ཀྱིས་ཕྱག་བྲེལ་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ནུབ་ཏུ་མར་མེའི་སྒྲོལ་མ་སྟེ། །ཕྱག་ན་མར་མེའི་ཀོང་བུ་འཛིན། །ཁ་དོག་སེར་ཞིང་ཆེར་བརྒྱན་མ། །གསེར་གྱི་རྣ་ཆ་གཡོ་བག་ཅན། །བྱང་དུ་དྲི་ཡི་སྒྲོལ་མ་སྟེ། །དྲི་
ཡི་དུང་ཕོར་ཕྱག་ན་བསྣམས། །ལྷ་མོ་ཁ་དོག་འོད་དམར་མཚུངས། །སྙིང་པོའི་དཀྱིལ་འཁོར་དུ་བསྒོམ་བྱ། །དེ་ནས་སྒོ་སྐྱོང་མ་རྣམས་བསམ། །ལྕགས་ཀྱུ་སོགས་ཀྱིས་རབ་ཕྱེ་བའོ། །གཡས་པའི་ཕྱག་ན་ལྕགས་ཀྱུ་སྟེ། །གཡོན་པས་སྡང་ལ་སྡིགས་མཛུབ་མཛད། །
ཉི་མའི་དཀྱིལ་འཁོར་དབུས་སུ་བཞུགས། །ཁ་དོག་དཀར་མོ་ཡིད་འོང་མ། །ལྕགས་ཀྱུ་མའོ། །གཡས་ཀྱི་ཕྱག་ན་ཞགས་པ་སྟེ། །གཡོན་གྱིས་སྡང་ལ་སྡིགས་མཛུབ་མཛད། །དཀྱིལ་འཁོར་དམར་པོའི་དབུས་སུ་བཞུགས། །གཟུགས་ནི་དཀར་སྐྱ་ཡིད་འོང་མ། །ཞགས་
པ་མའོ། །གཡས་ཀྱི་ཕྱག་ན་ལྕགས་སྒྲོག་སྟེ། །གཡོན་གྱིས་སྡང་ལ་སྡིགས་མཛུབ་མཛད། །རྡོ་རྗེ་དཀྱིལ་འཁོར་དབུས་སུ་བཞུགས། །ཁ་དོག་དམར་པོར་བསྒོམ་པར་བྱ། །རྡོ་རྗེ་ལྕགས་སྒྲོག་གོ། །རྡོ་རྗེ་དྲིལ་བུས་ཕྱག་བྲེལ་ཞིང་། །གཡོན་གྱིས་སྡང་ལ་སྡིགས་མཛུབ་མཛད། །
Vol. 10 · folio 268a
འོད་ཀྱི་དཀྱིལ་འཁོར་དབུས་སུ་བཞུགས། །མ་རྒད་དང་ནི་ཨུཏྤལ་མཚུངས། །རྡོ་རྗེ་དྲིལ་བུ་མའོ། །ཆོ་གའི་སྦྱོར་བས་མཚམས་རྣམས་ཀྱི། །ཆར་ནི་མཚན་མ་བཞི་རྣམས་ཏེ། །བྱང་སེམས་སྣོད་དང་རི་རབ་དང་། །མེ་ཐབ་དང་ནི་རྒྱལ་མཚན་ཆེ། །སྟེང་དུ་གཙུག་
ཏོར་རྣམ་རྒྱལ་ཏེ། །ཁ་དོག་དཀར་ལ་གཟུགས་མཛེས་མ། །གཡས་ཀྱི་ཕྱག་ན་འཁོར་ལོ་སྟེ། །གཡོན་གྱིས་སྡང་ལ་སྡིགས་མཛུབ་མཛད། །འོག་ཏུ་གནོད་མཛེས་རྣམ་བསྒོམ་བྱ། །གཡས་ཀྱི་ཕྱག་ན་སྦྲུལ་ཞགས་ཏེ། །གཡོན་གྱིས་གདུག་ལ་སྡིགས་མཛུབ་མཛད། །མདོག་ནག་དྲག་
ཤུལ་ཆེ་བའོ། །དེ་ལྟར་བསམས་ཏེ་སྔགས་སྤྲོ་ཞིང་བཟླས་པར་བྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། །ཕ་རོལ་ཕྱིན་པ་བཅུ་ཡི་གནས། །ཡི་གེ་བཅུས་ནི་ལྷ་མོ་བཅུར། །འབད་པ་ཡིས་ནི་བསྒོམས་གྱུར་ན། །ལས་ཀུན་རབ་ཏུ་སྒྲུབ་པར་བྱེད། །མིག་ལ་གཏི་མུག་རྡོ་རྗེ་དགོད། །རྣ་བར་
ཞེ་སྡང་རྡོ་རྗེ་སྟེ། །དེ་བཞིན་ཕྲག་དོག་རྡོ་རྗེ་སྣར། །ཁ་ལ་འདོད་ཆགས་རྡོ་རྗེའོ། །རེག་ལ་སེར་སྣ་རྡོ་རྗེ་སྟེ། །སྙིང་གར་བདག་མེད་རྣལ་འབྱོར་མའོ། །སྐྱེ་མཆེད་རྣམས་སུ་ཤེས་བྱ་སྟེ། །ཉོན་མོངས་མུན་པ་ཀུན་སེལ་བའོ། །འདི་ནི་མིག་སོགས་བྱིན་བརླབས་ཏེ། །ཞལ་གཅིག་
ཕྱག་ནི་གཉིས་པར་ཤེས། །སྣ་ཚོགས་གཟུགས་ལྡན་བཙུན་མོ་ནི། །གྲི་གུག་ཐོད་པས་ཕྱག་རྣམས་བྲེལ། །སྲོག་སོང་སྟེང་ན་ཡང་དག་བཞུགས། །དེ་ནས་ལུས་ངག་ཡིད་བྱིན་བརླབ། །ཨོཾ་ཡིག་སྐུ་ཡི་རྡོ་རྗེ་སྟེ། །རྒྱལ་པོ་ཆེན་པོས་རྣམ་པར་བརྒྱན། །ཧཱུཾ་ཡིག་ཐུགས་ཀྱི་རྡོ་རྗེ་
སྟེ། །རྒྱལ་ཆེན་རྡོ་རྗེ་སེམས་དཔའ་བཞུགས། །ཨཱཿཡིག་དེ་ཉིད་དམ་པ་སྟེ། །ངག་ལམ་གསལ་བར་བྱེད་པར་འདོད། །མ་མོ་འདི་ཀུན་ཉིད་ཀྱི་ནི། །སྙིང་གར་ཡེ་ཤེས་རང་བཞིན་དགོད། །ཡེ་ཤེས་སེམས་དཔའི་སྦྱོར་བ་ཡིས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །རང་
སྔགས་ཡི་གེ་ལས་བྱུང་བའི། །ཕྱག་རྒྱ་མཚན་མ་ཡོངས་སུ་བརྟག །སྤྲོ་དང་བསྡུ་བ་བྱས་པ་ཡིས། །དཀྱིལ་འཁོར་པ་ཡི་རྣམ་པར་བྱུང་། །ནམ་མཁའི་དབྱིངས་ཀྱི་དབུས་བཞུགས་པ། །ཡེ་ཤེས་དཀྱིལ་འཁོར་བསྒོམ་པར་བྱ། །ཀུན་ནས་སྣ་ཚོགས་གཟུགས་སུ་ནི། །ཡེ་ཤེས་ལྔ་
Vol. 10 · folio 268b
ཡི་ཡོན་ཏན་བཀོད། །མཆོད་པ་ཆེན་པོས་མཆོད་བྱ་ཞིང་། །བསྙེན་བཀུར་ཆེན་པོས་བཀུར་སྟི་བྱ། །སྒོ་སྐྱོང་མ་ཡི་སྦྱོར་བ་ཡིས། །ཡེ་ཤེས་རྒྱ་མཚོ་བསྒྲུབ་བྱ་སྟེ། །ཡེ་ཤེས་འཁོར་ལོ་ལ་མཉམ་གཞུག །རྣལ་འབྱོར་སངས་རྒྱས་ཀུན་མཉམ་པར། །སྐད་ཅིག་གིས་ནི་གཉིས་མེད་འགྱུར། །
ཨོཾ་བཛྲ་ཨཾ་ཀུ་ཤཱི་ཨཱ་ཀཪྵ་ཡ་ཛཿཨོཾ་བཛྲ་པཱ་ཤཱི་པྲ་བེ་ཤ་ཡ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བནྡྷ་ཡ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་བ་ཤིཾ་ཀུ་རུ་ཧོཿརང་གི་སྙིང་གའི་ས་བོན་ལས་འཐོན་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་རྣམས་ཀྱིས་ཁམས་གསུམ་ན་བཞུགས་པའི་སངས་རྒྱས་རྣམས་སྤྱན་དྲངས་ཏེ་མ་མོ་བརྒྱད་རྣམས་
ཀྱིས་ཡང་དག་པར་མཆོད་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྦྱིན་པ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའ་རྡོ་རྗེ་དེང་བདག་སྩོལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་དབང་བསྐུར་ཞུ་བས། དབང་
བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་འདོན་ཅིང་སངས་རྒྱས་ཧེ་རུ་ཀའི་གཟུགས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་བདུད་རྩི་ལྔ་འཛིན་པའི་བུམ་པ་ལྔས་དབང་
བསྐུར་རོ། །དབང་བསྐུར་བ་ན་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔ་བོ་ཆེའི་སྒྲ་སྒྲོགས་སོ། །གུར་གུམ་གྱི་ཆར་འབེབས་སོ། །གཟུགས་རྡོ་རྗེ་མ་ལ་སོགས་པས་མཆོད་པར་བྱེད་དོ། །སྤྱན་མ་ལ་སོགས་པས་རྡོ་རྗེའི་གླུས་སྟོད་པར་བྱེད་དོ། །དབང་བསྐུར་བས་སྤྱི་བོར་རྡོ་རྗེ་ཉི་མ་
བསྐྱེད་དོ། །དབུ་རྒྱན་གྱི་ཕྱོགས་བཞིར་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་སོ། །རིམ་པ་དབུས་མའི་ལྷ་མོ་བཞི་དང་། སྒོ་སྐྱོང་མ་རྣམས་ཀྱི་དབུ་རྒྱན་ལ་ཡང་རིམ་པ་བཞིན་ནོ། །གཙུག་ཏོར་ལ་ནི་རིན་ཆེན་
དབང་ཕྱུག་གོ། །གནོད་མཛེས་ཀྱི་དབུ་རྒྱན་ལ་ནི་མི་བསྐྱོད་པའོ། །ཞེ་སྡང་རྡོ་རྗེ་ཕྱག་འཚལ་འདུད། །གཏི་མུག་རྡོ་རྗེ་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེས་བདག་ལ་སྐྱོབས། །འདོད་ཆགས་རྡོ་རྗེ་བདག་ལ་སྩོལ། །ང་རྒྱལ་ཆེ་དང་ཕྲག་དོག་ཆེ། །མགོན་པོ་དམ་ཚིག་རྡོ་རྗེ་ཀུན། །
Vol. 10 · folio 269a
ལས་ཀུན་རབ་ཏུ་སྒྲུབ་པ་པོ། །རྡོ་རྗེ་ཅན་ཀུན་བདག་དགྱེས་མཛོད། །བསྟོད་པའོ། །གཙང་ཞིང་གཙང་མ་ལས་བྱུང་བའི། །ལྷ་རྫས་དགེ་བའི་མེ་ཏོག་འདི། །བདག་ནི་གུས་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །མེ་ཏོག་གོ། །ནགས་ཚལ་
བཅུད་འདི་ཡིད་འོང་བ། །གང་ཞིག་དྲི་བཟང་བདུག་སྤོས་མཆོག །བདག་ནི་གུས་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བདུག་སྤོས་སོ། །སྲིན་པོ་འཇོམས་ཤིང་དག་བྱེད་ལ། །དགེ་ཞིང་མུན་པ་རྣམ་སེལ་བ། །བདག་ནི་གུས་པས་འབུལ་ལགས་
ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །མར་མེའོ། །གཙང་ཞིང་སྐྱེ་གནས་གཙང་ལས་བྱུང་། །ལྷ་རྫས་དགེ་བའི་དྲི་བཟང་འདི། །བདག་ནི་གུས་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །དྲི་བཟང་ངོ་། །དེའི་རྗེས་སུ་ཡཾ་ཡིག་སྔོན་པོ་
ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་བ་དན་གྱིས་མཚན་པའོ། །ས་བོན་རཾ་དམར་པོ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་པའོ། །སྟེང་དུ་ཨཿཡིག་དམར་པོ་ལས་བྱུང་བའི་པདྨའི་སྣོད་དོ། །ས་བོན་བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུཾ་རྣམས་ཡོངས་སུ་གྱུར་པ་ལས། དྲི་དང་ཉི་
མ་དང་ཟླ་བ་དང་སྨན་དང་ཆུའི་མཚན་ཉིད་ཅན་ས་བོན་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་གྲངས་ཇི་བཞིན་དུ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་བདུད་རྩི་ལྔའོ། །ས་བོན་གོ་ཀུ་ད་ཧ་ན་ཞེས་པ་ལྔ་ཡང་བསམ་མོ། །དེའི་སྟེང་མཐོ་གང་ཙམ་འཕགས་པར་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་ལས་
བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ཆེན་པོ་དཀར་བ་བསམ། དེའི་འོག་མ་ཨོཾ་ཡིག་རྣམ་པར་བསམ་མོ། །རླུང་གིས་བསྐུལ་བས་མེའི་དཀྱིལ་འཁོར་གྱི་མེའི་སྟེང་གི་རྡོ་རྗེའི་མེས་དེ་དག་ཐམས་ཅད་བསྐོལ་བར་བསམས་ཏེ། དེའི་རླངས་པས་ཨོཾ་དང་རྡོ་རྗེ་ཞུ་བས་དེ་ཉིད་དུ་བདུད་རྩི་མར་ཁུ་ལྟ་བུར་རོ་མཉམ་
པར་གྱུར་པར་བསམས་ནས། དེའི་སྟེང་དུ་ཨོཾ་ཡིག་དཀར་པོ་བསམས་པའི་འོད་ཀྱིས་འཇིག་རྟེན་གསུམ་གྱི་ཁོངས་ན་གནས་པའི་བདུད་རྩི་ཐམས་ཅད་བཀུག་སྟེ་དེའི་ནང་དུ་ཆུད་པར་བསྒོམ། ཆོས་ཀྱི་དབྱིངས་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་
Vol. 10 · folio 269b
གནས་པའི་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ། དེ་ཉིད་དང་ལྷན་ཅིག་ཏུ་བྱས་ནས། དེའི་སྟེང་དེ་ཉིད་གསུམ་བསམ་ཞིང་དེ་ཉིད་ཀྱིས་མངོན་པར་བསྔགས་ཏེ། དཀྱིལ་འཁོར་པ་ཐམས་ཅད་ཀྱི་ཐུགས་ཀར་དཀྱིལ་འཁོར་གྱི་འཁོར་ལོ་བསམས་ནས། དེ་དག་གི་ལྗགས་ལ་ཤིན་ཏུ་དཀར་བའི་ཧཱུཾ་
ལས་སྐྱེས་པའི་རྡོ་རྗེ་དཀར་པོ་ནས་འབྲུའི་ཚད་ཙམ་པ་བསམས་ཏེ། བདུད་རྩི་ལྔ་པོ་དེས་དཀྱིལ་འཁོར་པ་རྣམས་དང་བདག་ཉིད་མཆོད་པར་བྱའོ། །དེས་དཀྱིལ་འཁོར་རྫོགས་པའོ། །ཐུན་མཚམས་གསུམ་དུ་བསྒོམ་ཞིང་ལྡང་བར་བྱ་སྟེ། རྟག་ཏུ་ལྷའི་སྐུར་གནས་པར་བྱའོ། །དེ་ལ་
འདི་ནི་བཟླས་པའི་སྔགས་སོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྔགས་འདི་མཆོག་དང་གཙོ་བོ་སྟེ། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །བཀླགས་པས་འགྲུབ་བྱེད་དྲག་པོ་སྟེ། །རྡོ་རྗེ་གུར་གྱིས་གསུངས་པའོ། །དེ་ནས་གཞན་ཡང་གཟུངས་སྔགས་ནི། །ན་མཿཨཱརྱཱ་བ་ལོ་ཀི་
ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚ་པྲ་དུཥྚ། ན་མ་ཀྲྀ་ཏེ་ཛཾ་བྷ་ཡ། སྟཾ་བྷ་ཡ། མོ་ཧ་ཡ། བནྡྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སརྦ་དུཥྚ་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། སྔགས་འདིས་བླ་གོས་ཀྱི་གྲྭ་ཟུར་ལ་ལན་བདུན་མངོན་པར་
བསྔགས་ཏེ་མདུད་པ་བཅིངས་ནས་འབྲོག་དགོན་པར་སོང་ཡང་གང་གིས་ཀྱང་བག་ཚ་བར་མི་འགྱུར་ཏེ། སྟག་དང་ཆོམ་རྐུན་དང་། ཆུ་སྲིན་དང་སྦྲུལ་དང་། གླང་པོ་ཆེ་དང་། མ་ཧེ་དང་། དོམ་དང་། བ་མེན་ལ་སོགས་པ་རྣམས་མཚན་དྲན་པ་ཙམ་གྱིས་རླག་པ་དང་ཞུམ་པར་བྱེད་
དོ། །སྔགས་འདིས་ཨུཏྤ་ལའི་སྦྱིན་སྲེག་ཇི་སྲིད་ལན་བརྒྱ་རྩ་བརྒྱད་དུ་བྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཾ་མེ་བ་ཤ་མཱ་ན་ཡ་སྭཱ་ཧཱ། ཡང་སྔགས་དེ་ཉིད་ཀྱིས་ཁྲའི་སྒྲོ་ལ་ལན་སུམ་ཅུ་རྩ་གཉིས་སུ་བཟླས་ཏེ། དགྲའི་ཁྱིམ་དུ་སྦས་ན་ཉི་མ་བདུན་གྱིས་སྐྲོད་པར་བྱེད་དོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་
ཏུ་རེ་ཙ་ལ་པྲ་ཙ་ལ་སཱི་གྷྲ་གཱ་མི་ནི་དེ་བ་ཏངྟ་ཨུཙྪཱ་ཊ་ཡ་ཧཱུཾ་ཕཊ། དེ་ནས་གཞན་ཡང་སྦྱོར་བ་འབྱུང་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱ་བྷི་དྷཱ་ནཾ་ཀུ་མཱ་རེ་མ་ཧཱ་མུད་བ་བཱི་ཧེ་ན་སྱཿཔྲ་ཏི་པྲ་ཡཙྪ་ཏུ་སྭཱ་ཧཱ། མྱོས་བྱེད་གཏུམ་པོའི་ས་བོན་དང་། །སྨྱོ་བར་བྱེད་པ་ཉིད་དང་ནི། །ཨ་ཤོ་ཀ་ཡི་ལོ་མ་
Vol. 10 · folio 270a
དང་། །མེ་ཏོག་སྟོང་ཕྲག་ལྔར་བསྲེག་པའམ། །སྦྲང་རྩི་བུ་རམ་མར་བཅས་པའི། །སྦྱིན་སྲེག་བུ་མོ་འགྲུབ་པར་བསྔགས། །ཞག་བདུན་ཚེ་ན་རྣལ་འབྱོར་པས། །རང་འདོད་པ་ཡི་བུ་མོ་ཐོབ། །དེ་ནས་གཞན་ཡང་སྦྱོར་བ་འབྱུང་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱ་བྷི་དྷཱ་ནཾ་
སྭ་སྭཱ་ན་དཱ་ཀཪྵ་ཡ་མཱ་ན་ཀེ་ཛཿསྔགས་འདིས་རྒྱ་ཤུག་གི་ཚེར་མ་རང་བྱུང་གི་མེ་ཏོག་ཏུ་སྦགས་ཏེ་སྟོང་ཕྲག་ལྔ་སྦྱིན་སྲེག་བྱས་ན། མིའི་བདག་པོའི་བུ་མོ་ཡང་འགུགས་པར་འགྱུར་རོ། །དེ་ནས་གཞན་ཡང་སྦྱོར་བ་འབྱུང་སྟེ། ཟླ་མཚན་གྱིས་གོས་པའི་རས་ལ། བཅོམ་ལྡན་འདས་མ་ཞལ་
གཅིག་ཕྱག་གཉིས་མ་ལྕགས་ཀྱུ་དང་ཨུཏྤ་ལ་དང་ཞགས་པ་ཕྱག་ན་བསྣམས་པའི་རྣམ་པར་བྲིས་ཏེ། དེའི་མདུན་དུ། ལྷ་རྫས་དགེ་བའི་མེ་ཏོག་འདི། །ཞེས་པ་ལ་སོགས་པས་མཆོད་པར་བྱའོ། །ཕྱི་ནས་བསྒོམ་པ་དང་ལྡན་པར་སྔགས་བཟླས་པར་བྱ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱཾ་ཀ་ནྱཾ་མ་མེ་
པི་ས་ཏཾ་སྭ་པ་ནཱཾ་ཀ་ཐ་ཡ་ཧཱུཾ་ཕཊ། སྟོང་ཕྲག་ལྔས་འོང་བར་འགྱུར་རོ། །ཞགས་པ་ཡིས་ནི་མགུལ་བཅིངས་ཏེ། །ལྕགས་ཀྱུ་ཡིས་ནི་རྣམ་དྲངས་ནས། །བསྒྲུབ་བྱ་རྐང་འོག་ཏུ་བསམས་ནས། །བྲན་མོའི་ཚུལ་དུ་སྤྱོད་པར་བྱེད། །དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་འབྱུང་སྟེ། སྒྲོལ་
མའི་གཟུངས་ཀྱིས་ལན་བདུན་མངོན་པར་བསྔགས་པ་བྱས་ནས། བདག་གི་མིག་གཉིས་ལ་མིག་སྨན་བཞིན་དུ་བྱུགས་ཏེ། རྒྱལ་པོའི་ཁྱིམ་དུ་ཞུགས་ན་རྒྱལ་པོ་དེས་སློབ་མ་བཞིན་དུ་བསྙེན་བཀུར་བྱེད་པར་འགྱུར་རོ། །འགལ་བ་མི་སྨྲ་ཞིང་བཀའ་དྲིན་སྩོལ་བར་འགྱུར་རོ། །སྙན་
པར་སྨྲ་བར་བྱེད་ཅིང་བྲན་བཞིན་དུ་ཉེ་བར་འགྲོ་སྟེ། ཁྲོས་པ་ཡང་དབང་དུ་འགྱུར་རོ། །འདི་ནི་མངོན་སུམ་དུ་མཐོང་བ་ངོ་མཚར་དང་བཅས་པའོ། །དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་འབྱུང་སྟེ། སྒྲོལ་མའི་གཟུངས་ལན་བརྒྱར་བརྗོད་ནས། སྦྲུལ་ཁ་གཉིས་པའི་སོ་དུག་ཐལ་བར་བྱ་སྟེ།
བ་དམར་མོའི་མར་ཁུར་ཨརྐའི་ཤིང་བལ་གྱི་སྡོང་བུ་བྱས་ནས་རབ་ཏུ་སྦར་ཞིང་མིག་སྨན་དབབ་པར་བྱའོ། །མིག་སྨན་རྡོ་རྗེ་ཉི་མ་དང་། རྡོ་རྗེ་ཆོས་དག་དང་མཉེས་ལ་རྟ་མཆོག་གི་ཤ་ཆེན་གྱིས་བདུག་པར་བྱའོ། །ཐལ་བ་དང་ལྷན་ཅིག་མིག་ལ་བསྐུས་ཏེ། རྡོ་རྗེའི་མིག་གིས་
Vol. 10 · folio 270b
གང་ལ་བལྟས་པ་དེ། གལ་ཏེ་པདྨ་གར་གྱི་དབང་ཕྱུག་མི་འབབ་ན་དེའི་ཚེ་བདག་སྒྲོལ་མ་མ་ཡིན་ཞིང་། བདག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བཀྲོངས་པར་འགྱུར་བ་ལགས་སོ། །དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་འབྱུང་སྟེ། བྱིས་པ་སོ་མ་སྐྱེས་པའི་ལྕེ་བླངས་ལ། སྒྲོལ་མའི་
གཟུངས་ལན་བདུན་མངོན་པར་བསྔགས་པ་བྱས་ནས། ཤིང་བྷྲྀངྒ་ར་ཛའི་རྩ་བ་གི་ཝང་དང་ལྷན་ཅིག་ཏུ་བྱས་ནས། དཔྲལ་བར་ཐིག་ལེ་ཡོངས་སུ་བྱས་ན། གང་དང་གང་ལ་བལྟས་པ་དེ་དང་དེ་དབང་དུ་བྱེད་དོ། །དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་འབྱུང་སྟེ། ལྟོ་བའི་སྲིན་བུ་ལ་
གཟུངས་ལན་བདུན་མངོན་པར་བསྔགས་པ་བྱས་ནས། རྡོ་རྗེ་ཆོས་དང་ལྷན་ཅིག་གོ་ལ་ལྡན་པར་བུ་མོ་གང་ལ་བྱིན་ན་སྦྱིན་པ་མཆོག་འདི་ཟོས་པ་ཙམ་གྱིས་མི་སྤོང་བ་དང་། གཞན་ལ་མི་དགའ་བ་དང་། གཞན་དུ་མི་འགྲོ་བ་དང་། སྐྱེས་པ་གཞན་མི་འདོད་པ་དང་། རང་གི་བདག་
པོ་ཡང་སྤོང་ངོ་། །དེ་ནས་གཞན་ཡང་སྦྱོར་བ་འབྱུང་སྟེ། མར་ཁུ་ཆེན་པོས་བདག་ཉིད་ལ་བྱུགས་ཏེ། འོད་དཔག་མེད་བསྒོམས་ནས་སྒྲོལ་མའི་གཟུངས་བཟླས་པར་བྱའོ། །བཟླས་པའི་མཐར་འབྲས་སཱ་ལུ་བཏགས་པས་བསྐུས་ཏེ། དྲིལ་ཕྱིས་བྱས་པའི་དྲི་མ་ལ་སྣུམ་ཁུར་
བྱས་ནས་གང་ལ་བྱིན་པ་དེ་འཚོ་ཆས་ལྔ་དང་བྲལ་ཡང་མི་སྤོང་ངོ་། །དེ་ནས་གཞན་ཡང་སྦྱོར་བར་འགྱུར་ཏེ། ཟླ་བ་གཟས་གཟུང་བའི་དུས་སུ་སྒྲོལ་མའི་གཟུངས་བཟླས་པ་བྱེད་ཅིང་བསྙེན་པར་བྱས་ཏེ། དེ་ལས་བྱུང་བའི་འཇིག་རྟེན་དབང་ཕྱུག་བླངས་ལ། དུང་གི་ཕྱེ་མ་དང་བསྣོལ་
ཏེ་རབ་ཏུ་མྱོས་མ་གང་ཞིག་ལ་བྱིན་ན། ཇི་སྲིད་ལྔ་དང་བྲལ་ཡང་དེ་རྗེས་འབྲང་ངོ་། །དེ་ནས་གཞན་ཡང་སྦྱོར་བ་འབྱུང་སྟེ། སྒྲོལ་མའི་གཟུངས་སྔགས་ཀྱིས་མ་ད་ནའི་འབྲས་བུ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ལ། མྱོས་བྱེད་ཀྱི་འབྲས་བུ་དེ་དང་རྟ་མགྲིན་ལྷན་ཅིག་བྱས་ཏེ་
གང་ལ་བསྐུས་པ་དེ་དབང་དུ་འགྱུར་རོ། །དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་འབྱུང་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་སྱ་བནྡྷ་ན་མུག་ཏིཾ་ཀུ་རུ་མུཿསྭཱ་ཧཱ་ཞེས་བྱ་བའི་སྔགས་འདིས། ཤིང་ཨརྐའི་ལོ་མ་ལ་བསྒྲུབ་བྱའི་མིང་ནང་དུ་ཆུད་པར་བྲིས་ལ། ཉ་ཁྱི་བའི་ཁྱིམ་དུ་སྦས་ན་དེ་
Vol. 10 · folio 271a
བཅིངས་པ་ལས་ངེས་པར་གྲོལ་བར་འགྱུར་རོ། །རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་འདི། །བྲིས་པས་བསོད་ནམས་གང་བསགས་པ། །དེ་ཡིས་འཇིག་རྟེན་འདི་རྣམས་ནི། །བདེ་གཤེགས་ཉིད་དུ་འགྲོ་བར་ཤོག །འདི་ནི་དཔལ་རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱིས་
མཛད་པའོ། །པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ན་དང་། པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ལ་ཞུས་ཤིང་མཉན་ནས། ཡུལ་དབུས་ཀྱི་སྒྲ་བསྒྱུར་བ་ཆག་ལོ་ཙཱ་བ་དགེ་སློང་དགྲ་བཅོམ་གྱིས་བསྒྱུར་བའོ།།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words