རིན་པོ་ཆེའི་འོད་ཅེས་བྱ་བ
Sanskrit title (Tibetan script, as in the text) རཏྣ་པྲ་བྷ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 10 · folio 350b
༄༅༅། །རྒྱ་གར་སྐད་དུ། རཏྣ་པྲ་བྷ་ནཱ་མ། བོད་སྐད་དུ། རིན་པོ་ཆེའི་འོད་ཅེས་བྱ་བ། རང་སྣང་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གསུམ་གསལ་ཐུགས་རྗེ་རིག་པའི་དཔལ། །སྐུ་གསུམ་རིག་པ་ཉིད་ལྡན་ལ། །དང་བའི་ཚུལ་གྱིས་འདུད་ཕྱག་འཚལ། །ཐུགས་རྗེ་བྱིན་
རླབས་རྣ་བརྒྱུད་ལ། །འཕགས་པའི་གསུང་དང་བྱིན་རླབས་ཀྱིས། །རང་སྣང་ཉི་མ་ལྟ་བུར་གསལ། །གསལ་བྱེད་རིན་ཆེན་སྣང་བ་འདི། །མཐའ་ཡས་འགྲོ་བ་ཐམས་ཅད་ལ། །དབྱེར་མེད་ཚུལ་དུ་ལྡན་གྱིས་ཀྱང་། །བདག་འཛིན་ལོག་པའི་སེམས་ཀྱིས་དཀྲུགས། །ས་འོག་
བུམ་པ་ཇི་བཞིན་པས། །རིན་ཆེན་སྣང་བ་རང་འབར་ཡིན། །འགྲོ་བའི་བླ་མ་འདས་གྱུར་ཀྱང་། །འགྲོ་བ་མུན་པ་ལ་གནས་ནས། །མོས་པའི་རྣལ་འབྱོར་མིག་མེད་ལ། །སྙིང་པོ་འོད་ཀྱི་དོན་དུ་བཤད། །གཏིང་ལྟར་མི་གསལ་རིན་པོ་ཆེ། །སྐལ་ལྡན་རྣལ་འབྱོར་མོས་འཇུག་གིས། །རྟོག་
Vol. 10 · folio 351a
མེད་མཐོང་བའི་ལམ་རྟོགས་དང་། །བགྲོད་མེད་འབྲས་བུ་རང་སྣང་ཡིན། །པདྨ་གསུམ་གྱི་དཀྱིལ་འཁོར་ནས། །བདེ་གཤེགས་གསུམ་གྱི་སྐུ་ལྡན་པ། །རྣམ་གྲོལ་འབྲས་བུ་རང་གཞག་ཡིན། །གཞི་ནས་མ་གཡོས་རང་བཞིན་འགྲུབ། །ཆོས་ཉིད་སྐུ་ལ་འགྱུར་བ་མེད། །རང་
རིག་བདེ་བ་ཆེན་པོ་ཉིད། །རྒྱུ་ལ་མི་གནས་མཐར་ཐུག་པ། །ཐེག་ཆེན་རྫོགས་པའི་འབྲས་བུ་ཡིན། །རིན་ཆེན་གསུང་གིས་ཤེས་འགྱུར་ཏེ། །བསམ་མེད་བརྗོད་བྱ་སྙིང་པོའི་དོན། །ཀུན་གྱི་བརྗོད་པ་སེམས་ཀྱི་དབྱིངས། །རང་རང་མོས་པའི་ཤེས་པ་རྟོགས། །ལམ་གྱི་རྩོལ་བས་འབྲས་བུ་ཚོལ། །
རང་མོས་བསམ་པའི་ས་ལ་གནས། །སྨན་པའི་འདོད་པས་རེ་བ་འཇོག །སྙིང་པོ་ལམ་ལ་འདོད་པ་བྲལ། །ཡིད་ལ་མི་བྱེད་རང་བཞིན་གནས། །རིག་པའི་གཟེར་གྱིས་འདའ་བ་མེད། །སྒོམ་པ་མེད་ལ་བྱ་བ་བྲལ། །ལྟ་བ་མེད་པའི་སྙིང་པོ་ནི། །རང་གཞག་སེམས་ཀྱི་རིག་པས་ཤེས། །ཆར་
ཡང་དང་ནི་ཐིག་ལེ་ཚུལ། །ཚུལ་ཙམ་མཆོག་དང་གཞན་མཆོག་དོན། །ཤེས་རབ་གསང་བས་ན་རོ་ལ། །སྙན་ཁུང་བརྒྱུད་པ་བཞི་ཡི་གནས། །རྡོ་རྗེ་བཀའ་ནི་རྟོགས་པའི་ལམ། །བྱེད་པའི་སྒྲ་ལ་གཉེར་བའི་སེམས། །ཚུལ་བཟང་རྩོལ་ལ་གང་གནས་པ། །བྱེད་པའི་དོན་དང་ཕྲད་གྱུར་
ནས། །བྱ་བའི་རང་བཞིན་ཤེས་པར་བྱ། །རྒྱལ་བའི་དགོངས་པ་རིག་པ་ཉིད། །གསུམ་གྱི་བྱེད་པའི་འོད་ཀྱིས་མཐོང་། །གསུམ་གྱི་འོད་གསལ་གཞི་ཡི་ལམ། །བྱེད་དང་བྲལ་བ་ཉིད་ལ་གནས། །ལམ་གྱིས་ལམ་གྱི་འབྲས་བུ་མཐོང་། །འབྲས་བུ་དགོངས་པ་རྒྱལ་བའི་ཐུགས། །
བསམ་མེད་རང་གཞག་རིག་པའི་ངང་། །བདེ་ཆེན་མི་རྟོག་རྒྱུ་བ་བྲལ། །ཡིད་ལ་མི་བྱེད་སྣང་བ་དག །རིམ་པ་མ་འགགས་ཡེ་ཤེས་གསལ། །དབང་པོ་པདྨ་རྒྱས་པའི་སེམས། །འགྲོ་བ་ཀུན་ལ་རང་བཞིན་གནས། །མཐོང་བ་ལོག་པ་གཞན་ཡོད་ཀྱང་། །སྤྲུལ་སྐུ་དང་པོ་གཞན་ལས་
མིན། །ཀུན་བཟང་རྒྱལ་བའི་དགོངས་པ་ཉིད། །སྣང་བའི་དུས་མ་བཟུང་བྱས་ལ། །དྲན་པའི་ཚུལ་གྱིས་ཉམས་སུ་བླངས། །འཕེན་པ་དང་པོའི་དུས་ནའོ། །རིན་ཆེན་གསུང་གིས་བརྟགས་པ་ལས། །ཐབས་ཀྱི་བྱེ་བྲག་ཤེས་འགྱུར་ན། །ཐོག་མ་པདྨ་ཇི་བཞིན་ནོ། །དཀྱིལ་འཁོར་
Vol. 10 · folio 351b
ལྔ་ཡི་ཡེ་ཤེས་འཕྲོ། །དེ་ལྡན་རྒྱལ་བའི་གྲལ་དུ་གནས། །ཐུགས་རྗེས་ཀུན་ལྡན་རྙོག་པས་བསླད། །དངས་མ་དུས་གསུམ་འགྱུར་བ་མེད། །གསང་བའི་པདྨ་སྔགས་ཀྱི་སེམས། །སྤྱོད་པ་བྲལ་བའི་དུས་ན་ཤེས། །བཏང་གཞག་རང་བཞིན་མ་ཚ་བྲལ། །འཁོར་བ་རྣམ་པར་མི་སེམས་ཏེ། །མྱ་
ངན་འདས་པའི་རྒྱུ་བ་བྲལ། །རྫོགས་པའི་དགོངས་པ་བྱ་བ་མེད། །དུས་གསུམ་མ་ཡེངས་སྲོག་ཏུ་སེམས། །བླང་དོར་མི་མངའ་ལྟ་བ་མེད། །རང་བཞིན་རྒྱལ་བའི་ལྟ་བ་ཡིན། །མི་རྩོལ་དབུ་མ་དང་པོ་ལམ། །གང་གིས་མ་བཅོས་ཐུགས་ཀྱི་ལམ། །སྙིང་ག་པདྨ་རིན་ཆེན་འོད། །འོད་
གསལ་རིག་པའི་དཀྱིལ་འཁོར་ལྔ། །ཆགས་པ་ལ་སོགས་ཉོན་མོངས་ལྔ། །མཐར་ཐུག་ཐ་མ་དུས་ན་མཐོང་། །གང་སྐྱེས་དུས་ན་ཡུལ་མི་དཔྱད། །མི་འགག་ངོ་བོ་ཉིད་ལ་གཞག །གསང་བའི་པདྨ་ཆོས་ཀྱི་སྐུ། །མ་བཅོས་རང་གསལ་གཟུང་འཛིན་བྲལ། །རྫོགས་པའི་ལོངས་སྤྱོད་
བདེ་བའི་སྐུ། །སྤྲུལ་སྐུ་གང་ལ་ངོས་གཟུང་མེད། །དབྱེར་མེད་རིག་པ་གཅིག་ལ་གནས། །འཛིན་དང་བྲལ་བའི་མངོན་སུམ་པ། །ཆགས་དང་བྲལ་བའི་བདེ་བ་ཆེ། །ཐ་སྙད་བྲལ་བའི་ཐབས་ཀྱིས་མཚོན། །རྩོད་དང་བྲལ་བའི་སྤྱོད་པས་བླང་། །སྤྲོ་བསྡུ་མེད་པའི་དགོངས་པར་གནས། །སྣང་
བ་རྒྱ་མཚོ་ཆེན་པོ་བཞིན། །རང་བཞིན་རིག་པ་དེ་བཞིན་ནོ། །ཡོན་ཏན་སྣ་ཚོགས་ནམ་མཁའ་བཞིན། །དུས་གསུམ་འགྱུར་མེད་ཀུན་དུ་བཟང་། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །འཁོར་བ་ཉིད་ན་རང་བཞིན་དག །རིན་ཆེན་དག་པ་ཇི་བཞིན་ནོ། །ཇི་ལྟར་བཅོས་ཀྱང་འགྱུར་བ་
མེད། །རང་བཞིན་ཆོས་ཉིད་ངོ་བོ་ལ། །སྒྲོ་སྐུར་སྤྲོས་པ་དང་གིས་མེད། །འཛིན་པའི་སྤྱོད་པ་ལོག་པས་བསླད། །རང་འབྱུང་རིག་པའི་དོན་མ་རྟོགས། །རང་འབྱུང་ཀུན་མཁྱེན་རིག་པའི་ཐུགས། །འགྱུར་མེད་འགྲོ་བ་ཀུན་ལ་གནས། །མཁའ་འདྲ་ཡེ་ཤེས་ལྷུན་གྱིས་གྲུབ། །སྒྲུབ་
མེད་དངོས་གྲུབ་ཆེན་པོ་ལ། །བསྲུང་མེད་དམ་ཚིག་རང་གཞག་སྟེ། །མཐའ་མེད་དབུས་མེད་རིག་པར་གསལ། །རྒྱལ་བ་ཀུན་གྱི་ངོ་བོ་ལ། །སེམས་ཅན་ཀུན་གྱི་རང་བཞིན་ཡིན། །ཡེ་ཤེས་རིག་པ་རྟོགས་གྱུར་ནས། །ཐུགས་རྗེ་མཛད་པའི་ལམ་ཡང་སྟོན། །སེམས་ཀྱི་འབྲས་བུ་རང་
Vol. 10 · folio 352a
གཞག་ལ། །འདོད་པའི་རྩོལ་བས་སྒྲུབ་མི་བྱེད། །བྱང་ཆུབ་སེམས་ཀྱི་ལམ་ཆེན་ནི། །རྣམ་དག་ཡེ་ཤེས་དགོངས་པའི་ལམ། །ཐུན་མོང་འགྲོ་བ་ཡོངས་ལ་གནས། །དུས་གསུམ་སངས་རྒྱས་ལས་བྱུང་བ། །བགྲོད་མེད་རང་རིག་ཡེ་ཤེས་ལམ། །རང་འདོད་བལྟས་
པས་གྲུབ་པ་མེད། །རྫོགས་པའི་ལམ་ལ་གང་གནས་པ། །བསམ་གྱིས་མི་ཁྱབ་རང་གཞག་ལ། །ཡིད་ལ་མི་བྱེད་ཡེངས་པ་མེད། །རྣལ་འབྱོར་རྫོགས་པ་བཅོས་མེད་ལ། །འདོད་རྩོལ་ཐིག་ལེ་སྤྲོ་བསྡུ་མེད། །ཡེ་ནས་རྫོགས་པའི་རྣམ་དག་ལ། །བསམ་གཏན་ཡན་ལག་ཀུན་
དང་ལྡན། །རླུང་གི་འཇུག་པ་རང་བཞིན་ཞི། །ཡེ་ཤེས་བརྩལ་མེད་བདེ་བ་ལ། །དགའ་བ་བཞི་ཡི་བདེ་བ་གནས། །གང་སྤྱོད་ཐབས་ལ་མ་བརྟེན་ཡང་། །རིན་ཆེན་སྣང་བའི་ཐབས་ཀྱིས་ཤེས། །བརྡ་སྤྲོད་ཚིག་ལ་གནས་འགྱུར་ཡང་། །ཐིག་ལེ་རང་བྱུང་ཉིད་ལ་འཆང་། །རྟོག་དཔྱོད་ཡན་
ལག་ཐེ་ཚོམ་བྲལ། །སེམས་ཀྱི་དགའ་བདེ་རྩོལ་བ་མེད། །གནས་པ་རྩེ་གཅིག་ཡེངས་པ་མེད། །བདེ་བ་མཚན་ཉིད་ཆོས་སྐུར་གནས། །ཡེ་ཤེས་གསང་བ་ཐབས་ཆེན་གྱིས། །སེམས་ཀྱི་བག་ཆགས་ཐབས་ཆེན་གྱི། །གྱུར་པ་གསུམ་ལ་དེ་བཞིན་འགྱུར། །སེམས་ཀྱི་ཡེ་ཤེས་གཏེར་
ཁ་དབྱེ། །རང་འབྱུང་ཡེ་ཤེས་འོད་གསལ་ལ། །རྒྱུ་མེད་རིག་པ་གདོད་ནས་གནས། །ཡེ་ཤེས་རང་གནས་བདེ་བ་ཆེ། །ཀུན་མཁྱེན་མེ་ལོང་ལྟ་བུ་ཉིད། །མ་ལུས་སྣང་བའི་རང་བཞིན་དག །སེམས་ཀྱི་ཆོས་ཉིད་བདེ་བ་ཤེས། །ཀུན་བཟང་ཉམས་ཅིག་ཅིར་མ་མཐོང་། །མཐོང་མེད་གསལ་བའི་
མེ་ལོང་ཉིད། །དངོས་པོ་མེད་པའི་རིག་པ་ཡིན། །འདྲའམ་མི་འདྲ་རྒྱུ་གང་ཉིད། །བདག་གམ་གཞན་ནམ་དེ་ཉིད་གང་། །གྲུབ་བམ་མ་གྲུབ་ཇི་ལྟར་བསྐྱེད། །དེ་ལྟར་གྲུབ་ན་ཐུག་པ་མེད། །དེ་ལྟར་མིན་ན་གང་ཞིག་ནི། །གཉིས་ཀ་དེ་མེད་རི་བོང་རྭ། །གང་གཞན་རྒྱུ་ལས་གྲུབ་པ་ནི། །གཅིག་དང་དུ་
མ་གང་དུ་འགྲུབ། །འཇིག་རྟེན་རྒྱུ་འབྲས་ཆོས་བཞིན་ན། །ཡང་དག་ཡེ་ཤེས་བརྫུན་ནམ་ཅི། །དེ་ལྟར་བདག་ལྟ་ལོག་པ་བཞིན། །སྤང་བྱ་ཉིད་འགྱུར་ཡང་དག་མིན། །མི་མཐུན་གནས་པའི་ཆོས་ཡིན་ན། །ཞེན་པ་ཉིད་འགྱུར་དེ་ཉིད་རིག །དེ་ལྟ་མིན་ན་གང་ཞིག་འཐད། །བསྐྱེད་པའི་རིམ་པ་གང་
Vol. 10 · folio 352b
གནས་པར། །རྫོགས་པའི་རིམ་པ་གང་འཇུག་པ། །གང་གིས་གང་ཞིག་ཇི་ལྟར་གནས། །རྩོལ་བའི་བསྐྱེད་པ་དེ་ཉིད་དམ། །ཡེ་ཤེས་རིག་པའི་དོན་ལ་འཇུག །དེ་ཉིད་ཡིན་ན་དེ་ལྟ་མོད། །དེ་ལྟ་མིན་ན་གང་ཞིག་འཐད། །ཐམས་ཅད་ཐམས་ཅད་གྲུབ་པའམ། །མ་ཡིན་དེ་ལ་འཐད་པ་གང་། །རྗེས་
མཐུན་རྒྱུ་ཡིས་མི་གནས་ན། །དེ་བཞིན་རྗེས་མཐུན་ཉིད་དུ་འགྱུར། །དེས་ན་སེང་གེ་ཕྲུ་གུ་བཞིན། །སྐུ་གསུམ་ལྷུན་གྲུབ་བདེ་བའི་ལམ། །རྩོལ་བའི་འབྲས་བུ་མཐར་ཕྱུང་ནས། །འཇིག་རྟེན་ཆོས་ལའང་དེ་བཞིན་ནོ། །སྦྱང་བྱ་འབྲས་བུ་ཡིན་པ་ན། །ཁྱོད་ལ་དག་པའི་ཡེ་ཤེས་གང་། །དེ་ལྟ་ཉིད་ན་
རྟག་པར་འགྱུར། །དེས་ན་རང་འབྱུང་རྫོགས་པའི་ལམ། །རྒྱུ་ལ་མི་གནས་རྩོལ་བ་མེད། །རང་གནས་ཡེ་ཤེས་གདོད་ནས་གྲུབ། །གྲུབ་པའི་རང་བཞིན་བསྐྱེད་མི་དགོས། །ཡེ་གསལ་ནམ་མཁའི་རང་བཞིན་པས། །གསལ་བྱེད་རྣམ་པ་ཇི་བཞིན་ནོ། །ཟླ་བ་གཟུགས་འདྲ་གང་གིས་འབྱུང་། །
དབྱིངས་ཀྱི་འབྲས་བུ་བསམ་མི་ཁྱབ། །མི་རྟོག་འབར་བའི་དཀྱིལ་འཁོར་ནས། །ཆེ་བའི་སྐུ་གསུམ་མུ་མཐའ་མེད། །ཡེ་ཤེས་རིག་པ་ཐུག་ཕྲད་དུ། །རིན་ཆེན་སྣང་བས་གཞག་པར་བྱ། །བརྗོད་བྲལ་རིག་པ་ཐོག་བབས་ཉིད། །མ་བརྩལ་རང་འབྱུང་བདེ་བ་ཉིད། །ཡི་གེ་མེད་པའི་གསུམ་མཆོག་
སྟེ། །ཀུན་བཟང་རྒྱལ་བའི་དགོངས་པ་སྟོན། །མི་རྟོག་དོན་མཇལ་གོམས་ཤིང་རྟོགས། །ཡི་གེ་མེད་དང་རིག་པའི་གསུང་། །དོན་གྱི་ཆོས་ཉིད་མཇལ་བར་སྟོན། །གསང་སྔགས་གཏེར་གྱི་མཛོད་འཛིན་ཅིང་། །རྒྱལ་བའི་གྲག་སྔགས་ཐ་སྙད་བྲལ། །སྔགས་ཚིག་བྲལ་བའི་ནུས་མཐུ་ལྡན། །
ལས་གཞི་མེད་པའི་དོན་གྱིས་འགྲུབ། །རྒྱུ་མེད་འབྲས་བུ་མཐར་ཐུག་ཡིན། །རིག་པ་མཐའ་བྲལ་དཀྱིལ་འཁོར་འདིར། །ཞེན་མེད་ཚུལ་གྱིས་འཇུག་ན་བདེ། །དང་པོ་རང་སེམས་ཚུལ་ལ་བརྟག །རིག་པ་བླ་མའི་གདམས་པ་བཞིན། །དྲོད་དང་ལྡན་ན་བརྡ་དོན་སྤྲད། །དཀྱིལ་འཁོར་དྲུག་
གི་ཡེ་ཤེས་ལ། །སྒྲ་ཡིས་མཐའ་ལ་གཞག་པར་བྱ། །མྱོང་བ་མེད་པའི་རྣམ་པ་ཡིན། །ཚོར་བ་བྲལ་བའི་རེག་བྱས་གོ། །ཕྱི་རོལ་ཚུལ་བཞིན་ངེས་པར་འགྱུར། །ཐ་མར་དྲན་བསམས་རྒྱུ་བ་བྲལ། །དཔའ་རྟུལ་ཟ་བྱེད་སེམས་ལྟ་བུ། །ཤེས་པ་དང་བཞག་མ་བརྟུལ་བ། །སྟག་མོ་
Vol. 10 · folio 353a
ལྟ་བུ་སེམས་ལ་ནི། །ཡེ་ཤེས་རོལ་པ་མི་འགག་པས། །རྩོལ་མེད་ཡེ་ཤེས་རིག་པའི་ངང་། །དེས་ན་རང་བཞིན་ཅོག་འཇོག་གོ། །དངོས་པོ་ཇི་ལྟར་སྣང་བ་ཡང་། །རང་གི་ཤེས་པ་ཉིད་དུ་མཐོང་། །དུས་གསུམ་སངས་རྒྱས་མ་ལུས་པའི། །ཐུགས་ལ་འཇོག་པའི་མན་ངག་
བཅུད། །རིན་ཆེན་ཤར་བས་རང་ལ་རྫོགས། །རྩོལ་བྲལ་རིག་པ་མི་རྟོག་པ། །མ་བཅོས་རང་སྣང་བདེ་བའི་ཀློང་། །ཡེ་ཤེས་ལྷུན་གྲུབ་ཀློང་དུ་ཤར། །རང་འབྱུང་ནམ་མཁའ་ལྟ་བུར་ཁྱབ། །རང་གསལ་རིག་པའི་དང་ལ་གནས། །སྤྲོས་བྲལ་ཡེ་ཤེས་ཐིག་ལེ་ཆེ། །རྣམ་རྟོག་བྲལ་བའི་
རིག་པ་གསལ། །རང་གི་ཅིར་ཡང་མི་རྟོག་པ། །ཡེ་ཤེས་རང་གནས་སེམས་སུ་གསལ། །ཅི་ཡང་མི་རྟོག་སེམས་སུ་སྨིན། །ཅི་ཡང་མ་ཡིན་དམིགས་སུ་མེད། །རྣམ་རྟོག་སེམས་ཀྱི་རྒྱུ་བ་བྲལ། །རིག་པའི་ཡེ་ཤེས་འཛིན་པ་བྲལ། །རང་སྣང་རོལ་པ་བྱང་ཆུབ་སེམས། །སྒྱུ་མའི་
ཡེ་ཤེས་བདེ་བའི་ཀློང་། །རང་རིག་ཡེ་ཤེས་འཛིན་པ་ཡིན། །རང་འབྱུང་སྒྱུ་མར་མངོན་སུམ་གསལ། །ལྷུན་གྲུབ་ཡེ་ཤེས་མ་བཅོས་པ། །བདེ་བའི་སྒྱུ་མ་རང་རིག་ཉིད། །ཐམས་ཅད་ཡེ་ཤེས་སེམས་སུ་འཆར། །རིག་པའི་ཡེ་ཤེས་དོན་གསལ་བ། །ཐམས་ཅད་ཡེ་ཤེས་ཉིད་
དུ་མཐོང་། །ཡེ་ཤེས་མ་ཡིན་གང་ཡང་མེད། །ཁམས་གསུམ་དངས་མ་ཡེ་ཤེས་ཉིད། །ཡེ་ཤེས་རིག་པའི་ཐབས་ཀྱིས་ཤེས། །འཁྲུལ་པའི་ས་ནས་བརྡ་བཀྲོལ་ཏེ། །ཡེ་ཤེས་རྒྱལ་བའི་གྲལ་དུ་གཞག །མ་བཅོས་སྐུ་གསུང་ཐུགས་སུ་གནས། །རང་རིག་སེམས་ཀྱི་འབར་བ་
ཉིད། །ཡེ་ཤེས་སེམས་ཀྱི་ཕུར་པ་ཐེབས། །རྣམ་རྟོག་བཞོན་པ་རླུང་དང་བྲལ། །དངོས་གྲུབ་བདེ་བའི་རང་བྱུང་ཉིད། །ཐར་པའི་ལམ་མཆོག་བྱང་ཆུབ་སེམས། །འབྲས་བུ་མཐར་ཕྱིན་རིག་པ་ཉིད། །རང་བྱུང་སེམས་ཀྱི་ཇི་བཞིན་ལ། །རྣམ་པའི་རིག་པ་ཐབས་ཀྱིས་གནས། །བཅོས་
མེད་དགོངས་པ་བདེ་ཆེན་འདི། །མངོན་སུམ་མཐོང་ལ་ངོས་གཟུང་མེད། །རང་ཤར་དངོས་པོར་གྲུབ་པ་མེད། །བདེ་ཆེན་རིག་པ་མ་མཐོང་སྟེ། །འདི་དང་བྲལ་ན་རྟོག་པ་ཉིད། །བཀའ་ཡི་དམ་དང་དེ་མི་ལྡན། །དམུས་ལོང་མདུན་དུ་གཟུགས་སྣང་བཞིན། །འབྲས་བུ་མཐར་ཕྱིན་ཡོད་
Vol. 10 · folio 353b
མ་ཡིན། །ཀུན་བཟང་རྒྱལ་བའི་དོན་དང་འགལ། །རང་གསལ་དགོངས་པའི་ཐུགས་མ་རིག །འཛིན་པའི་ཆ་ལ་གང་གནས་ཀྱང་། །འཁོར་བའི་འབྲས་བུ་ཉིད་དུ་འགྱུར། །རང་འདོད་དོན་གྱི་མཐར་མ་ཕྱིན། །ཡེ་ཤེས་གསང་བ་བདེ་བའི་ས། །འདོད་པས་མི་འགྲུབ་ཐོབ་པ་མེད། །འདོད་མེད་རང་
བཞིན་ཉིད་ལས་བྱུང་། །ཤེས་པ་རང་ལུགས་སོ་མ་ཉིད། །ཀུན་བཟང་རྒྱལ་བའི་དགོངས་པའོ། །ཐ་མལ་ཤེས་པ་འདི་ཉིད་ལ། །བསམས་པའི་སེམས་མེད་རང་གཞག་ཡིན། །ངེས་པའི་གཞི་ནི་དོན་ལ་གནས། །ཡིད་ཆེས་བླ་མ་ཉིད་ལ་གུས། །རིན་ཆེན་གདམས་ངག་གཏེར་དུ་འཆང་། །ལུང་གི་
དགོངས་པའི་དོན་གསལ་ཏེ། །རིག་པ་རང་གསལ་གཏན་ལ་ཕེབས། །མི་འགྱུར་རྡོ་རྗེ་སེམས་དཔའ་འཆང་། །སྟོན་པ་རང་རིག་ཉིད་ཡིན་པས། །དྲང་བའི་དོན་ལ་སེམས་མི་འཇུག །ཕྱི་རོལ་འདོད་རྩོལ་སེམས་དང་བྲལ། །རྫོགས་པའི་བཀའ་ལ་ཡིད་མི་འགྱུར། །བླ་མ་རིན་ཆེན་སྲོག་ཏུ་
འཛིན། །མོས་པ་རང་གི་འདོད་པ་གཏོང་། །རིན་ཆེན་གཏེར་གྱི་ངོ་བོ་འདི། །སྲོག་དང་བྲལ་བའི་ཁ་བཞིན་བསྡམ། །རང་སེམས་བྱང་ཆུབ་སེམས་འདི་ལ། །ཡེ་ཤེས་མ་རིག་ཐ་དད་མེད། །འཁྲུལ་དང་མ་འཁྲུལ་རིག་པར་གཅིག །ཞེན་རྟོག་བརྟགས་པ་སྣ་ཚོགས་དང་། །ཡེ་ཤེས་འོད་
གསལ་ངོ་བོ་ཉིད། །འོད་གསལ་རང་འབྱུང་སེམས་སུ་གཅིག །བྱང་ཆུབ་སེམས་ལ་ངོ་བོ་བྲལ། །དོན་ལྡན་ཡེ་ཤེས་ཉིད་དུ་མཐོང་། །བསམ་པས་བརྟགས་པ་སྣ་ཚོགས་པ། །བག་ཆགས་ལོག་པའི་རྐྱེན་གྱིས་མཐོང་། །རང་རིག་ཡེ་ཤེས་འཇུག་པ་དང་། །རྟོག་པའི་བག་ཆགས་དང་པོ་
ནི། །སྒྲིབ་པ་མ་ལུས་བཞིན་གྲུབ་ཅིང་། །བྱང་ཆུབ་སེམས་ཀྱི་མཚན་ཉིད་ལ། །ཐོག་མ་དང་བྲལ་ཐ་མ་མེད། །ཐོག་མེད་འཁོར་བའི་རང་བཞིན་འདི། །བྱང་ཆུབ་སེམས་ལ་ཡེ་ནས་དག །སེམས་ཉིད་ནམ་མཁའ་ལྟ་བུ་ལ། །བློ་བུར་གཟུགས་བརྙན་སྤྲིན་གྱིས་བསྒྲིབས། །ངོ་བོ་མ་ཡིན་རྐྱེན་གྱིས་
སྣང་། །མེ་དང་ལྕགས་ཀྱི་རང་བཞིན་འདྲ། །རང་བཞིན་བྲལ་བ་མ་ཡིན་ཏེ། །དུས་གསུམ་མ་ཡིན་ནམ་མཁའ་བཞིན། །ཆོས་སྐུ་རང་བཞིན་ཡེ་ནས་དག །ལོངས་སྤྱོད་རང་གི་བདེ་བ་ཉིད། །སྤྲུལ་པ་ཆུ་ཟླ་ལྟ་བུར་སྣང་། །དབྱེར་མེད་རིག་པ་གཅིག་གི་དང་། བླང་དོར་གཉིས་བྲལ་མཉམ་པ་
Vol. 10 · folio 354a
ཉིད། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་ལ། །སྙིང་པོ་མཉམ་ཉིད་ཡེ་སངས་རྒྱས། །སྙིང་པོ་དོན་ལ་རྩོལ་བ་མེད། །དོན་གྱི་རང་འབྱུང་གཉིས་སུ་མེད། །སེམས་ཀྱི་རང་རིག་རྟོག་པ་ཉིད། །རྣམ་རྟོག་ཡེ་ཤེས་ཉིད་དུ་འབར། །བརྩལ་མེད་འབྲས་བུ་མཐར་ཐུག་ཉིད། །བཀའ་
ཡི་བཅུད་འདུས་སྙིང་པོ་འདི། །རྒྱ་མཚོ་བཞིན་དུ་བདུད་རྩི་འདུས། །སྙིང་པོའི་དོན་འདི་གསང་བའི་བཅུད། །གསལ་བའི་སྒྲོན་མ་སྙིང་པོ་འདི། །མ་ལུས་འདུས་པའི་འཁོར་ལོ་ཡིན། །སྙིང་པོ་གསུང་གིས་རྟོགས་བྱ་བ། །སེམས་ཉིད་རང་འབྱུང་སྙིང་པོ་ཉིད། །ཕྱི་ནང་གསང་བའི་
དཀྱིལ་འཁོར་འདུས། །འབྱུང་འཇུག་མི་མངའ་སྙིང་པོར་གསལ། །རང་འབྱུང་རྫོགས་པའི་དགོངས་པར་གནས། །ཡེ་ཤེས་སྙིང་པོ་མཁའ་འདྲ་བ། །མཐའ་དབུས་མི་མངའ་བླང་དོར་མེད། །མི་ལེན་སྙིང་པོ་བདག་མེད་གསལ། །བཀའ་ཡི་བཅུད་འདུས་སྙིང་པོ་འདི། །རང་བཞིན་སྙིང་
པོ་སྨན་ཆེན་རྟོགས། །འཁོར་བའི་ཟུག་རྔུ་འབྱིན་པའི་མཆོག །བྱང་ཆུབ་སེམས་ཀྱི་སྨན་མེད་ན། །རྩོལ་བའི་འཇུག་པ་མཐོ་རིས་རྒྱུ། །སྨན་ཆེན་རང་ལ་གནས་བཞིན་དུ། །མི་རྟོག་གཞན་ནས་ཚོལ་བར་བྱེད། །རྙེད་པས་རང་སེམས་སྨན་དུ་མཐོང་། །རྟོགས་པས་གཞན་ནས་མ་འོངས་ཏེ། །རང་
འབྱུང་སྙིང་པོ་ཐོག་མ་མེད། །སྤྲོས་བྲལ་ནམ་མཁའ་ལྟ་བུར་གནས། །རྒྱལ་བའི་སྐུ་དང་རང་བཞིན་ལྡན། །གཟུང་འཛིན་བྲལ་བའི་ངང་ལ་བཞུགས། །བདེ་བའི་དོན་ལ་མ་ཆགས་རོལ། །སྣང་བ་ཡེ་ཤེས་རིག་པར་གནས། །བྱང་ཆུབ་སེམས་ཀྱི་སྨན་ཆེན་འདི། །ཡེ་ཤེས་རྒྱལ་བའི་དགོངས་
པ་སྟེ། །དུས་གསུམ་སངས་རྒྱས་ལམ་དུ་བདེ། །བསམ་གྱིས་མི་ཁྱབ་དགོངས་པ་ནི། །ཤེས་པ་རང་གཞག་སོ་མ་ཉིད། །སྙིང་པོ་དོན་རྟོགས་བྱ་བ་བྲལ། །རང་གསལ་རིག་པའི་ངང་ལ་བཞུགས། །བཅོས་མེད་འཛིན་བྲལ་འཕྲོ་འདུ་མེད། །བྱང་ཆུབ་རྒྱུ་བ་སྙིང་པོ་བྲལ། །ཀུན་འབྱུང་རིག་པ་
འཕོ་འགྱུར་མེད། །ཐུགས་རྗེ་རང་འབྱུང་ཡེ་ཤེས་ཉིད། །རྩོལ་བྲལ་རང་སྣང་བྱིན་རླབས་འབྱུང་། །ཕྱོགས་རིས་མི་མངའ་ཀུན་ལ་ཁྱབ། །སྙིང་པོ་ཉིད་དུ་ཀུན་སྒྲོལ་མཛད། །བྱམས་པ་ཆོས་ཉིད་ངང་དུ་སྐྱབས། །དགའ་བ་རང་རིག་མི་འབྲལ་བ། །བླང་དོར་གཉིས་མེད་བཏོང་སྙོམས་ཆེ། །
Vol. 10 · folio 354b
རང་འབྱུང་སྙིང་པོ་འཁོར་ལོ་ལ། །རྟོགས་བྲལ་འཁོར་བ་རང་བཞིན་དག །ཐུགས་རྗེས་སེམས་ཅན་དོན་མི་མཛད། །དངོས་པོ་མི་མངའ་རང་འབྱུང་སེམས། །འོད་གསལ་སྙིང་པོ་རྫོགས་པ་འདི། །རིན་ཆེན་གསུང་གིས་བརྟགས་པས་ཤེས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །རང་
གནས་ཡེ་ཤེས་ཉིད་ལྡན་པ། །བརྟག་པ་གསུམ་གྱིས་ཤེས་པར་འགྱུར། །མིང་དང་སེམས་ལ་ཡེ་ཤེས་ཚོལ། །དངོས་པོ་གང་ཡང་རུང་བ་ལ། །བརྟགས་པས་རང་ལོག་ཤེས་པར་འབྱུང་། །ཡིད་བཞིན་རིན་ཆེན་ནོར་བུ་བཞིན། །འགྱུར་བ་མེད་པའི་གནས་ལུགས་དང་། །ཐུན་མོང་དམ་
ཚིག་གསུམ་ལྡན་པའོ། །ལྕེ་མནན་ནང་ཡིག་སྒྲ་ལ་སོགས། །དེ་བཞིན་གནས་སྐབས་གཞན་དུ་ཡང་། །སྙིང་པོ་ཡེ་ཤེས་གཟུང་བར་བྱ། །སྙིང་པོ་གསུང་འདི་དོན་དང་འབྲེལ། །སྐལ་ལྡན་རིན་ཆེན་ལྟ་བུ་ཡིས། །གྲུབ་མཐའ་ངན་ལ་གནས་དུས་སུ། །འདི་ཡིས་དོན་ཀུན་རིག་པར་
གྱིས། །འདི་ཡིས་རང་སེམས་མ་རིག་ན། །སྒྲའམ་ཚད་མ་གང་གིས་ཀྱང་། །རིག་པའི་ཡེ་ཤེས་རྙེད་མི་འགྱུར། །གཞི་ཉིད་རང་འབྱུང་འགྱུར་པ་མེད། །རྟོག་པ་རང་འབྱུང་སེམས་ཀྱི་ལམ། །མ་ཡེངས་བྱང་ཆུབ་སེམས་སུ་གསལ། །རང་འབྱུང་འབྲས་བུ་མཐར་ཕྱིན་པ། །འགྲོ་དོན་མཛད་
ལ་རྟོག་པ་གྲོལ། །འོད་གསལ་དབྱེར་མེད་གཅིག་གི་ངང་། །བྱང་ཆུབ་སེམས་ཀྱི་རང་རིག་འདི། །བག་ཆགས་འཁྲུལ་པའི་དབང་གིས་ན། །བརྟགས་པས་སྣ་ཚོགས་མེད་བཞིན་གྲུབ། །སེམས་ཀྱི་བག་ཆགས་ཕྱིར་སྣང་ཡང་། །རིག་པ་འོད་གསལ་འགྱུར་བ་མེད། །སྣ་ཚོགས་སྣང་
བའི་རང་བཞིན་འདི། །སྙིང་པོ་གསུང་གིས་བརྗོད་བྱ་སྟེ། །འཁྲུལ་པ་མ་ཡིན་ལོག་སྣང་བས། །རང་རིག་བྱང་ཆུབ་སེམས་སུ་བརྗོད། །རྟོག་པའི་རྩ་བ་བྱང་ཆུབ་སེམས། །རང་རིག་སེམས་ལ་རྟོག་པར་འཁྲུལ། །ཐོག་མ་མེད་དུས་བག་ཆགས་དང་། །རིན་ཆེན་གདམས་ངག་རྐྱེན་མེད་པས། །རྟོག་
མེད་སྙིང་པོ་སེམས་མ་གོམས། །ཐག་པ་སྦྲུལ་མིན་སྣང་བ་བཞིན། །ལུས་ངག་སེམས་དབྱེན་སྒྱུ་མའི་ལུས། །སྣ་ཚོགས་སྣང་བའི་རང་བཞིན་འདི། །ཆོས་ཉིད་ཡིན་པར་དབྱེར་མེད་པས། །ཟུང་དུ་འཇུག་པ་གང་དགོངས་པ། །གསལ་བའི་སེམས་དེ་ཉིད་ལ་ནི། །ཆོས་ཉིད་མ་ཡིན་བག་མི་
Vol. 10 · folio 355a
སྣང་། །ཐམས་ཅད་སྣང་བའི་ངོ་བོ་འདི། །ཡེ་ཤེས་སྙིང་པོ་ཉིད་དུ་མཐོང་། །ངོ་བོ་ཉིད་ལ་བརྗོད་པ་བྲལ། །རང་བཞིན་རྣམ་དག་རིག་པ་ལ། །བརྗོད་མེད་དོན་དུ་མ་བརྗོད་ན། །རིག་པའི་དོན་ལ་མཇལ་བ་མེད། །བརྗོད་པའི་སྒྲ་ལ་སེམས་དྲངས་པས། །མ་བཅོས་རང་འབྱུང་ཆོས་
ཉིད་མཐོང་། །རང་རིག་སེམས་ལ་དོན་རྟོགས་ནས། །འཇུག་ཐབས་མི་གཉིས་ཚུལ་གྱིས་གནས། །ཅིག་ཅར་རྫོགས་པ་བདེ་བ་ཆེ། །ཕྱོགས་སུ་མ་ལྷུང་གཟུང་བའི་སེམས། །རྫོགས་པའི་ཡེ་ཤེས་སྙིང་པོ་ལ། །རིམ་པའི་ལམ་མེད་མཐར་ཕྱིན་ས། །རང་འབྱུང་རྟོགས་པའི་འཇུག་པ་ལ། །
དེ་ཉིད་སྙིང་པོ་དོན་ལྡན་པས། །འདོད་པའི་ཚོགས་ལ་ཡིད་མི་འཇུག །དེ་བཞིན་ཕ་རོལ་ཕྱིན་པ་དྲུག །རང་འབྱུང་རྫོགས་པའི་སེམས་ལ་གནས། །བསམ་བྲལ་མི་རྟོག་དགོངས་པ་ལ། །དེ་ཉིད་ཕ་རོལ་ཕྱིན་དྲུག་ལྡན། །མི་རྟོག་འཛིན་མེད་ཚུལ་ལ་གནས། །མ་ཡེངས་རིག་པ་རྒྱུན་མི་འཆད། །
དམིགས་མེད་ཤེས་པ་ཕ་རོལ་ཕྱིན། །སེམས་ཉིད་སྟོང་པའི་དངོས་མེད་ལ། །ཆོས་དང་ཆོས་ཅན་མི་གནས་པས། །དབྱེར་མེད་བདེན་པ་བཞི་པོ་དོན། །དངོས་པོ་ཡེ་ཤེས་འགགས་མ་ཡིན། །བདེན་བརྫུན་ཉིད་ཀྱི་མཐར་མི་འཛིན། །སྙིང་པོའི་དོན་ལ་འདོད་པ་བྲལ། །ཀུན་བཟང་ཡེ་ཤེས་
འོད་གསལ་ལ། །བསམ་བྲལ་ཡེ་ཤེས་ནམ་མཁའ་འདྲ། །རྫོགས་པ་ཡེ་ཤེས་མ་བཅོས་པ། །མི་འགྱུར་ཆོས་ཉིད་དབྱིངས་ཀྱི་ཐུགས། །མི་འགག་ཡེ་ཤེས་རིག་པའི་གསུང་། །དབྱེར་མེད་ཆོས་སྐུ་གཟུང་འཛིན་བྲལ། །སྐུ་གསུང་ཐུགས་བྲལ་སྐུ་གསུང་ཐུགས། །ཕྱི་ནང་མི་མངའ་
རང་གསལ་ཉིད། །འབྱུང་འཇུག་མི་མངའ་རང་བཞིན་གནས། །དབང་པོ་ངོ་ལ་སྣང་བའི་རྣམས། །ཆོས་ཉིད་བྱང་ཆུབ་སེམས་སུ་མཐོང་། །ཉོན་མོངས་ལྔ་པོ་ཡེ་ཤེས་ལམ། །ཐམས་ཅད་བྱང་ཆུབ་སེམས་ཀྱི་གཞི། །སངས་རྒྱས་ཉིད་ལས་གཞན་མ་ཡིན། །དག་པའི་སེམས་ལ་བརྩལ་
མེད་དེ། །བརྩལ་བའི་ཀུན་རྫོབ་གྲུབ་མ་ཡིན། །དམ་པའི་དོན་ལ་གང་འཇུག་པས། །གསང་བ་རྫོགས་པའི་དོན་ཉིད་ལ། །ཆོས་ཉིད་གསང་བ་འདི་དམིགས་ན། །ངེས་པའི་གདམས་ངག་ཟབ་མོ་ཡིས། །བརྩལ་མེད་རང་གཞག་བརྩལ་བ་དང་། །མི་བསྒོམ་རང་ལུགས་བསྒོམ་པ་
Vol. 10 · folio 355b
དང་། །མི་གནས་ཚུལ་ལ་འདུག་པ་དང་། །གཞག་མེད་མཉམ་གཞག་རང་འབྱུང་བདེ། །མི་རྟོག་དོན་ལ་གྱི་ན་བ། །དགེ་མི་དགེ་ཡི་རྣམ་རྟོག་བྲལ། །བྱང་ཆུབ་སེམས་ཀྱི་མཚན་ཉིད་དོ། །རང་འབྱུང་བྱང་ཆུབ་བརྩལ་བ་མིན། །བྱང་ཆུབ་འདོད་ལ་བྱང་ཆུབ་སེམས། །ཡང་དག་དོན་གྱི་སྙིང་པོ་
འདི། །བཙལ་བས་རྙེད་པར་མི་འགྱུར་ཏེ། །ཞེན་སེམས་ཉིད་ལ་འབྱུང་མི་འགྱུར། །ཉལ་བའི་བསམ་གཏན་འཁོར་ལོ་བདེ། །མ་ལུས་བྱང་ཆུབ་སེམས་ཀྱི་ངང་། །ཆོས་ཉིད་བྱང་ཆུབ་མཉམ་གཞག་ན། །དངོས་མེད་བྱང་ཆུབ་རང་འབྱུང་དང་། །འདུས་མ་བྱས་པས་བདེ་བའི་ཀློང་། །
སེམས་ཉིད་བསམ་མེད་བརྗོད་ལས་འདས། །ཡེ་ནས་རྣམ་དག་བསམ་དུ་མེད། །རྫོགས་པའི་རྣལ་འབྱོར་རིག་པ་ཡིས། །དེ་ལ་མ་བརྩལ་གནས་ན་བསྒོམས། །རིག་པ་དབྱིངས་ལ་ཡན་བཞག་ན། །བརྩལ་བའི་ནད་བྲལ་བསྒོམ་པ་ཡིན། །བདེ་བས་སྙིང་པོ་དྲི་མ་མེད། །རིག་པ་
འོད་གསལ་ཉིད་དུ་བསྒོམ། །འོད་གསལ་སེམས་ལ་གནས་གྱུར་ན། །རྣམ་རྟོག་མཚན་མ་རང་བཞིན་ཞི། །སྐྱེ་བ་མེད་པའི་ཕྱག་རྒྱ་ཡིས། །རང་སྣང་ཀུན་བཟང་རོལ་པ་འགྲུབ། །དངོས་མེད་དངོས་ལ་མི་དམིགས་ཤིང་། །དབུ་མའི་སེམས་བྲལ་རྒྱུ་བ་བྲལ། །སེམས་ཀྱི་རྒྱུ་བ་མེད་པས་
ན། །ཐམས་ཅད་རང་འབྱུང་སྟོང་པ་ཉིད། །སེམས་ཉིད་རིག་པ་རང་འབྱུང་བ། །འགྱུར་མེད་སྐྱོད་མེད་གསལ་བས་ན། །ཡི་གེ་མེད་པའི་སྙིང་པོ་གསུང་། །དམ་པ་བྱང་ཆུབ་སེམས་ལ་གནས། །རྒྱལ་པོའི་དམ་ཚིག་མ་བཅོས་པ། །བསྲུང་བ་མེད་པའི་ཚུལ་གྱིས་བསྲུང་། །འགྱུར་བ་
མེད་པའི་ཕྱག་རྒྱ་ལ། །འགྱུར་བ་མེད་པའི་དོན་གྱིས་འདེབས། །མཐའ་དབུས་མེད་པའི་དཀྱིལ་འཁོར་ལ། །ཡེ་ཤེས་འཕྲོ་འདུ་མེད་པར་གསལ། །བསམ་བྲལ་རང་བཞིན་རྒྱལ་བའི་ཐུགས། །བྱང་ཆུབ་སེམས་ལ་འདའ་བ་མེད། །ས་འཛིན་རྣམ་པའི་སེམས་བཞིན་དུ། །གཞན་
ནས་རྙེད་པར་མི་འགྱུར་ཏེ། །བརྟགས་ན་རང་སེམས་ཉིད་ལ་ཐུག །གཞི་ལ་རང་གཞག་གཞན་འདོད་བྲལ། །རང་སེམས་རིག་པ་འགྱུར་བ་མེད། །ཇི་བཞིན་མི་རྟོག་ཆོས་ཀྱི་སྐུ། །བྱ་བྲལ་ལྷུན་གྲུབ་ཇི་བཞིན་གནས། །རང་འབྱུང་འོད་གསལ་ཡེ་ནས་དག །ཅིར་ཡང་མི་དགོངས་
Vol. 10 · folio 356a
བསམ་མི་ཁྱབ། །ཤེས་རབ་སྙིང་རྗེ་ལྡན་པས་འགྲུབ། །སྙིང་པོ་བྱང་ཆུབ་རང་བཞིན་ལ། །བསམ་མེད་རང་གཞག་ཐུགས་སུ་བདེ། །འཁོར་ལོའམ་རིག་པ་བདེ་བ་ཡིས། །རང་གནས་རིག་པ་ཚོལ་བ་ཉིད། །རྣམ་རྟོག་ཡིན་ཏེ་དོན་ལ་མེད། །བློན་རིགས་གསུམ་ལས་
དམངས་ཀྱི་ཡང་། །ཆགས་པའི་འདུ་ཤེས་དྲང་བའི་དོན། །ངེས་པར་སྤྲོས་བྲལ་རང་འབྱུང་སེམས། །ཆགས་པའི་ལམ་གྱིས་ཤེས་མི་འགྱུར། །བླང་དོར་མེད་པའི་བརྟུལ་ཞུགས་ཀྱང་། །ངེས་པར་བརྟགས་ན་བླང་དོར་ཉིད། །རང་རིག་བསམ་བྲལ་གཞག་པ་སྟེ། །དོན་དངོས་འཛིན་པ་
ཞེན་པར་གནས། །རང་འབྱུང་འོད་གསལ་སྙིང་པོ་འདི། །མཚན་མ་མེད་པའི་རང་བཞིན་པས། །ཤེས་རབ་ཐབས་ཀྱི་ཆགས་པ་བྲལ། །ཐིག་ལེ་འདོད་རྩོལ་སྤྲོ་བསྡུ་མེད། །རང་རིག་རྩོལ་བྲལ་བདེ་བའི་གནས། །ཤེས་རབ་ཐབས་ལ་སྙོམས་འཇུག་པས། །བདེ་བའི་བསམ་གཏན་ཆེན་པོ་ཡིན། །
སྒྱུ་མའི་རོ་ལ་མ་ཆགས་པས། །ཆགས་མེད་ཡེ་ཤེས་རྫོགས་པའི་ལམ། །བྱང་ཆུབ་སེམས་ཀྱི་རང་གསལ་འདི། །དངོས་མེད་ཤེས་རབ་ཐབས་ཀྱིས་འགྲུབ། །སྣང་གསལ་འཁོར་ལོ་རིག་པ་འདི། །ངོ་བོ་མ་གྲུབ་མེ་ཤེལ་འདྲ། །དངོས་མེད་ཡེ་ཤེས་མཐོང་བ་གྲོལ། །གཟུགས་སོགས་
སྣང་བ་བརྟགས་པ་ཡིན། །དངོས་པོ་རང་བཞིན་ཐམས་ཅད་ནི། །ཆོས་ཉིད་དབྱིངས་ཀྱི་ཐིག་ལེ་ཡིན། །དེ་ཉིད་སྒྲུབ་པའི་ཐབས་སུ་ནི། །སྙིང་པོ་རིག་པ་ཉིད་ཤར་བས། །མཐའ་ཡི་མུན་པ་ངང་གིས་དག །སྒྲུབ་མེད་རང་འབྱུང་སྒྲུབ་པ་འདིས། །ཁམས་གསུམ་འོད་གསལ་ཐུགས་སུ་སྒྲུབ། །རང་
སེམས་རིག་པའི་སྤྱོད་པ་བདེ། །ཡེ་ཤེས་སྤྱོད་པ་རང་གཞག་ཉིད། །བསལ་ནས་འདོད་པའི་མཐའ་མི་འགེགས། །ཐུགས་རྗེ་ཚོགས་ཀྱི་བསོད་ནམས་འདིར། །རང་འབྱུང་རིག་པ་རྟོགས་གྱུར་ནས། །འགྲོ་བ་དྲང་ཕྱིར་རྒྱུན་མི་བཅད། །སྙིང་པོ་སེམས་ཀྱི་དོན་རིག་ན། །ཡེ་ཤེས་མཐར་ཕྱིན་
འབྲས་བུར་གནས། །མཚན་དང་དཔེ་བྱད་རང་བཞིན་གྲུབ། །སྤྲུལ་པ་རང་འདོད་ཅིར་ཡང་འབྱུང་། །ཆུ་གསལ་རི་བོང་ཅན་བཞིན་ནོ། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །མེ་ཤེལ་གཟུགས་ལྟར་འགྲོ་བ་སྒྲོལ། །ཡེ་ཤེས་རང་བྱུང་དེ་བཞིན་གཤེགས། །ཡན་ལག་མི་མདའ་རྩིས་ལས་
Vol. 10 · folio 356b
འདས། །མཐར་ཕྱིན་དགའ་བ་རིག་པར་གསལ། །དགོངས་པ་རང་གཞག་ཡེ་སངས་རྒྱས། །རིག་པ་རང་གསལ་ཆོས་རྣམས་ལ། །གང་ཡང་བསམ་དུ་མེད་པར་གནས། །དེ་ལྟར་བྱང་ཆུབ་སེམས་ཉིད་ལ། །མ་རིག་མེད་པས་འཁོར་བ་མེད། །སེམས་ཅན་སྐྱེ་བའི་རྒྱུ་མ་གནས། །རང་འབྱུང་
སེམས་ལ་རྟག་པར་གཞུག །སྲིད་པའི་ཆོས་ལ་རྒྱུ་མེད་པས། །མྱ་ངན་འདས་པའི་ལམ་དང་བྲལ། །མ་སྐྱེས་པ་ཡི་ཆོས་རྣམས་ལ། །ནམ་ཡང་སྐྱེ་བར་མི་འགྱུར་ཏེ། །སངས་རྒྱས་སེམས་ཅན་རང་བཞིན་གཅིག །སེམས་ཀྱི་ཡེ་ཤེས་གསང་བ་འདི། །སྙིང་པོ་དོན་ལས་རྨད་དུ་བྱུང་། །རང་
འབྱུང་ཆེ་བ་བདག་ཉིད་སྐུ། །རང་རིག་བདེ་བ་རྫོགས་པ་ཆེ། །ཐུགས་རྗེ་སྣང་བ་སྤྲུལ་པའི་སྐུ། །ངོ་བོ་མ་གྲུབ་གསང་བའི་སེམས། །སྣང་དང་མི་སྣང་དབྱེར་མེད་དོ། །ཡོད་དང་མེད་པ་བྱང་ཆུབ་སེམས། །སྣང་བ་རང་རིག་ཐ་དད་པ། །དོན་དང་རྟགས་ལ་སོགས་པའི་རྣམས། །རྣམ་པ་
ཐ་དད་བག་ཆགས་སྣང་། །ཡང་དག་མ་ཡིན་འཁྲུལ་བའི་སེམས། །བསམ་པའི་དབང་གིས་དེར་འགྱུར་རོ། །བདེ་གཤེགས་ཡེ་ཤེས་གསང་བ་དེ། །མ་མཐོང་རྣམ་རྟོག་སྤྲོས་འཆལ་པས། །སྟོང་ཉིད་རིག་པའི་མན་ངག་ཡིན། །དྲན་རྟོག་རླུང་གི་རྒྱུ་བ་བྲལ། །མཐའ་རུ་མ་སྐྱེས་
བསམ་གཏན་བྱ། །ཆོས་དང་ཆོས་ཉིད་གང་ཡང་མིན། །ནམ་མཁའ་ལྟ་བུ་བདག་མེད་པ། །ཡེ་ཤེས་སྟོང་པའི་ངོ་བོའོ། །རང་བཞིན་སྟོང་པ་མཚན་མ་མེད། །རྣམ་ཐར་གསུམ་ལྡན་བདེ་བ་ཆེ། །ཆགས་མེད་གཞི་ཡི་ལམ་ནས་འཇུག །མཚན་མེད་ངང་ལ་གནས་པ་ན། །རང་
འབྱུང་འབྲས་བུ་ངང་གིས་འཆར། །ཡོན་ཏན་ནམ་མཁའ་མཐའ་དང་མཉམ། །རང་གི་ཡེ་ཤེས་སྣང་བ་ལ། །འབར་བའི་དཀྱིལ་འཁོར་རང་བཞིན་གསལ། །རྒྱུན་གྱི་འཁོར་ལོ་སྐུ་ཡི་དང་། །ཆགས་བྲལ་དག་པ་རིག་པའི་རྒྱན། །རང་རིག་གསལ་བ་ཏིང་འཛིན་ཉིད། །མི་ཟད་
འཁོར་ལོ་བསམ་དུ་མེད། །སྒྲོ་བྲལ་སྟོང་ཉིད་ཞི་གནས་ལ། །འདུ་ཤེས་འཇུག་མེད་མཉམ་གཞག་ལ། །མཚན་མེད་ཞི་གནས་ལྷག་མཐོང་འབྲེལ། །མོས་འཇུག་ལམ་ལ་གང་གནས་ནས། །མི་རྟོག་གསལ་བའི་དོན་གྱིས་གོ། །བསམ་དང་བྲལ་བའི་ཡེ་ཤེས་ནི། །སྙིང་པོ་དོན་ལ་
Vol. 10 · folio 357a
རྟོག་པས་འཇུག །ཐབས་བྲལ་རིག་པ་རྩོལ་བས་ཚོལ། །ར་གན་གསེར་འདོད་དེ་བཞིན་ནོ། །འདོད་པའི་སེམས་དང་མ་བྲལ་ན། །སྙིང་པོ་དོན་ལ་བདག་འཛིན་བྱེད། །བདེ་བའི་སེམས་ལ་རེ་བ་ན། །རྟོག་པའི་རྗེས་འཇུག་ཞི་གནས་ཡིན། །རང་ལུས་སེམས་སུ་མ་
རྟོགས་པར། །འདྲ་འབག་ལྷ་ཡི་རྣམ་པ་གཟུང་། །ལུས་ཀྱི་དབེན་པས་ཆོས་ཉིད་ཚོལ། །རང་ལུས་སེམས་སུ་ཤེས་པས་ན། །གང་ན་གནས་ཀྱང་སེམས་ཉིད་དབེན། །སྣང་སྲིད་སེམས་སུ་ཤེས་པས་ན། །དབང་པོ་ཡན་ལག་ཡེ་ཤེས་གསལ། །སྙིང་པོ་དོན་གྱི་རང་བཞིན་ལ། །ཅི་ཡང་
མི་བསྒོམ་གང་ཡང་མིན། །ཁྱུ་མཆོག་སེམས་ལྟར་མ་བཅོས་པ། །རང་གཞག་རིག་པའི་འཁོར་ལོ་ཉིད། །དུས་གསུམ་དུ་ཡང་བཏང་གཞག་མེད། །གང་ཡང་མི་འཛིན་དགག་པ་མེད། །སྙིང་པོ་དོན་གྱི་རང་བཞིན་ལ། །སྐྱོན་དང་ཡོན་ཏན་གཉིས་མེད་པས། །རྫོགས་པའི་ལྟ་བ་
བླང་དོར་མེད། །འཇུག་མེད་ཏིང་འཛིན་མ་ཡེངས་པ། །འོད་གསལ་རྒྱལ་བའི་སེམས་ཉིད་ཡིན། །རང་འབྱུང་ཐུགས་ཀྱིས་མ་བཅོས་པ། །རྣམ་དག་རྒྱལ་བའི་སྐུ་གསུང་ཐུགས། །བརྩལ་མེད་སྙིང་པོ་དོན་ལས་འབྱུང་། །བྱང་ཆུབ་སེམས་ཀྱི་དོན་ཉིད་ལ། །ངེས་པའི་ཐེག་གཅིག་
སྙིང་པོའི་དོན། །ཕྱག་རྒྱ་རིམ་བཞི་སྦྱོར་བ་དྲུག །བསམ་པའི་ཐེག་པ་སྣ་ཚོགས་པ། །དྲང་བ་ཉིད་འགྱུར་ངེས་པ་མིན། །ངོ་བོ་ཉིད་ལ་མཐོན་དམན་མེད། །མོས་འཇུག་བསམ་པའི་རྟོག་པར་ཟད། །སེམས་ཉིད་ཉག་གཅིག་ཕྱོགས་བྲལ་བ། །དུ་མའི་འབྲས་མེད་ལམ་དུ་མིན། །མ་བཅོས་
རྣལ་འབྱོར་རྫོགས་པའི་ལམ། །མི་གནས་རང་བཞིན་སེམས་སུ་གཅིག །མ་བགྲོད་མཐར་ཕྱིན་འབྲས་བུའམ། །རྒྱུ་རྐྱེན་བྲལ་བ་སྐྱེ་འཇིག་མེད། །གདོད་ནས་རང་འབྱུང་སྙིང་པོར་གསལ། །རིག་དྲུག་ཇི་ལྟར་སྣང་བ་དང་། །མྱ་ངན་འདས་པའི་རང་བཞིན་ལ། །དབྱེར་མེད་
རང་འབྱུང་སེམས་སུ་གཅིག །རིས་དྲུག་སེམས་ཀྱི་རྟོག་པ་དང་། །ཡེ་ཤེས་རང་གསལ་རིག་པ་ཉིད། །ཁྱད་པར་མེད་དེ་སྙིང་པོར་གཅིག །ཁམས་གསུམ་འཁོར་བ་སྣང་བ་དང་། །མྱ་ངན་འདས་པའི་ཡེ་ཤེས་ཉིད། །རྟོགས་མ་རྟོགས་ཀྱིས་གཉིས་སུ་བྱུང་། །རྟོགས་པས་
Vol. 10 · folio 357b
རང་སེམས་ཉིད་ལ་ཐུགས། །གཞན་འདོད་རེ་བ་རྩོལ་བ་བྲལ། །རང་སེམས་རྣམ་དག་ཡེ་སངས་རྒྱས། །ཀུན་བཟང་རྒྱལ་བའི་སེམས་ཉིད་བདེ། །མཐའ་ཡས་འགྲོ་བ་ཐམས་ཅད་ལ། །རྒྱལ་བའི་ཡེ་ཤེས་རང་ཆས་ལྡན། །བསམ་བྲལ་རང་ལུགས་ཅིར་མི་དགོངས། །ཡེ་ཤེས་ནམ་མཁའི་
མཁའ་དང་མཉམ། །ཡིད་ལ་མི་བྱེད་བྱ་བ་བཏང་། །འཁོར་བ་མྱ་ངན་འདས་པ་ཡི། །རྣམ་པ་ཕྲ་རགས་ཅིར་སྣང་ཡང་། །རང་གཞག་བསམ་བྲལ་ཉིད་དུ་བདེ། །ཆུ་ཡི་སྣང་བ་དེ་བཞིན་དུ། །ཕྲ་རགས་རྣམ་རྟོག་ཡེ་ཤེས་ཉིད། །རང་རིག་གཉུག་མ་པདྨ་ལྟར། །འཁོར་བར་གནས་ཀྱང་གདོད་
ནས་དག །མཚན་མའི་རྣམ་པ་ཅི་འབྱུང་ཡང་། །ཆུ་ཤིང་ལྟ་བུར་སྙིང་པོ་མེད། །མ་རིག་འཐིབས་པའི་འཁོར་བ་ན། །རིག་པ་མར་མེ་ལྟ་བུར་གསལ། །རྣམ་པར་རྟོག་པ་ཅིར་འགྱུར་ཡང་། །རང་རིག་གཉུག་མའི་རྒྱུན་མི་བཅད། །ནམ་ལངས་སེམས་དང་ནུབ་ཁ་བཞིན། །ཡེ་ཤེས་དོན་
གསལ་དེ་བཞིན་ནོ། །མ་བསྒྲུབས་རང་གསལ་ངང་གིས་འབྱུང་། །སྐལ་ལྡན་མ་བཅོས་རྣལ་འབྱོར་པས། །སེམས་ཉིད་སྟེང་ཁ་ལྟར་གནས་ན། །ལུས་ངག་རྩོལ་བ་ངང་གིས་ཞི། །བདེ་བའི་ཡེ་ཤེས་མི་རྟོག་པ། །ཤེས་རབ་གསལ་བའི་སྙིང་པོར་ཕྱིན། །མཐར་ཕྱིན་རང་འབྱུང་མི་རྟོག་པ། །དྲི་མེད་རྒྱལ་
བའི་ཡེ་ཤེས་གསལ། །རང་གནས་འགྲོ་བ་ཡོངས་ལ་ཁྱབ། །ནམ་མཁའ་ལྟ་བུར་དབྱེར་མེད་པ། །འགྲོ་བའི་སེམས་ལས་གཞན་ལ་མེད། །རྟོག་མེད་ངང་ལ་རང་ཤར་བའི། །རིག་པ་བདེ་བའི་མཚན་ཉིད་ཅན། །འཛིན་པ་དག་བྱེད་ཡེ་ཤེས་ནི། །མ་བཅོས་ངང་གིས་རང་རིག་གསལ། །ཡེ་ཤེས་
ཐིག་ལེའི་དོན་འདི་ནི། །ཤེས་རབ་གསལ་བས་བདག་ལ་བསྟན། །བདེ་བའི་རང་རིག་རྟོག་པ་བྲལ། །རང་གནས་ཡེ་ཤེས་འོད་གསལ་སེམས། །མཐོང་བས་ཐེ་ཚོམ་རྒྱུ་བ་བྲལ། །ཡེ་ཤེས་ངང་གནས་སྒྲིབ་པ་མེད། །ཐམས་ཅད་ཡེ་ཤེས་གསལ་མཐོང་བས། །སྙིང་པོ་དོན་ལ་གོས་པ་མེད། །རྣམ་
དག་རིག་པའི་འཁོར་ལོ་འདི། །རྩོལ་བྲལ་རང་འབྱུང་ཡེ་ཤེས་ཡིན། །རང་འབྱུང་ཡེ་ཤེས་ཀུན་གྱི་བདག །ལུས་དང་བྲལ་བ་ཡན་ལག་མེད། །སྒྲོ་སྐུར་བྲལ་བའི་དངོས་གཞི་ཅན། །སྙིང་པོ་ཀུན་བྲལ་ཀུན་གྱི་བདག །མ་བཅོས་རིག་པའི་ཏིང་འཛིན་གསལ། །བྱ་བ་མེད་བཞིན་དོན་ཀུན་རྫོགས། །
Vol. 10 · folio 358a
རང་འབྱུང་གཉུག་མ་ཀུན་གྱི་གཞི། །བགྲོད་མེད་རྣལ་འབྱོར་ལྷུན་གྲུབ་ལམ། །ཇི་བཞིན་ཀུན་རྫོགས་འབྲས་བུ་ཉིད། །ཐིག་ལེ་དབྱེར་མེད་གཅིག་གི་ངང་། །སེམས་ཉིད་བྱ་བྲལ་རྫོགས་པའི་གཏེར། །བདེ་བའི་ཡེ་ཤེས་མི་རྟོག་ཐུགས། །སྐལ་ལྡན་དང་པོ་ཉིད་ནས་རྫོགས། །འགྲོ་དྲུག་
འཁོར་བའི་རྟོག་པ་དང་། །རྒྱལ་བའི་ཡེ་ཤེས་མྱ་ངན་འདས། །བདེ་ཆེན་རིག་པ་གཅིག་གི་ངང་། །རང་འབྱུང་ཇི་བཞིན་མ་བཅོས་པ། །ལྷུན་རྫོགས་སྤྲོས་པ་མེད་པའི་ངང་། །བསམ་དུ་མེད་པའི་ཡེ་ཤེས་འདི། །རྣམ་པར་རྟོག་པའི་རྒྱུ་བ་བྲལ། །དུས་གསུམ་མི་མངའ་རྒྱུན་མི་འཆད། །སེམས་
ཉིད་གྲུབ་པའི་ལམ་མཆོག་འདི། །དབྱེར་མེད་ཀུན་ལ་ལྡན་བཞིན་དུ། །སྣང་བའི་ལམ་མེད་འཁོར་བར་འཁྱམ། །སྡུག་བསྔལ་རྩོལ་བའི་ནད་ཀྱིས་གདུངས། །དེས་ན་སྙིང་པོ་སྒྲོན་མ་འདི། །ཕྱི་རབས་རྣལ་འབྱོར་རྣམས་དོན་དུ། །བླ་མ་འཕགས་པའི་བྱིན་རླབས་དང་། །མོས་པའི་མཐུ་ལྡན་
བདག་གིས་རྟོགས། །སྙིང་རྗེས་ཀུན་བསླང་ཡོངས་ལ་བསྔོ། །སྙིང་པོ་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས། ཡང་དག་པའི་ས་ལ་གནས་པ། སློབ་དཔོན་ན་རོ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་བཛྲ་གུ་ན་བྷ་དྲ་དང་ལོ་ཙཱ་བ་རིན་ཆེན་རྒྱལ་མཚན་གྱིས་བསྒྱུར་རོ།། །།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words