གསང་ཆེན་དགའ་བའི་ཐིག་ལེ་ཞེས་བྱ་བ

Sanskrit title (Tibetan script, as in the text) ར་ཧ་སྱ་ཨཱ་ནནྡ་ཏི་ལ་ཀ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 10 · folio 359b

༄༅༅། །རྒྱ་གར་སྐད་དུ། ར་ཧ་སྱ་ཨཱ་ནནྡ་ཏི་ལ་ཀ་ནཱ་མ། བོད་སྐད་དུ། གསང་ཆེན་དགའ་བའི་ཐིག་ལེ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་པདྨ་ལས་བྱུང་བ་ལ་ཕྱག་འཚལ་ལོ། །འགྲོ་བའི་ཉོན་མོངས་སེལ་མཛད་པདྨ་ལས་བྱུང་ལྷ་མོའི་མཆོག་གཉིས་དགའ་བའི་མགོན། །འགྲོ་བའི་

སྡུག་བསྔལ་ཞི་མཛད་ཁྲོ་བོའི་རྒྱལ་པོ་དགའ་བྱེད་ཐུགས་རྗེའི་དགོས། །འགྲོ་བ་བདེ་བ་སྦྱིན་མཛད་ཕོངས་པ་ཐམས་ཅད་སྐྱོབ་པ་ལྷ་ཡི་གཙོ་བོ་མཆོག །སྲིད་གསུམ་སྐྱོབ་འོས་འབྱོར་པ་མ་ལུས་འབྱུང་ལ་རབ་ཏུ་དད་པས་ཕྱག་འཚལ་ལོ། །རྡོ་རྗེ་ཐེག་པ་འདི་ལ་ཞུགས་པའི་རྣལ་འབྱོར་

Vol. 10 · folio 360a

པ་དག །སྐུ་དང་གསུང་དང་ཐུགས་གསང་ཆེན་དག་གིས། །ལྷན་ཅིག་སྐྱེས་པའི་དགའ་བའི་ཐིག་ལེ་ལ་འཇུག་པ་བཤད་པར་བྱའོ། །དེ་ལ་རེ་ཞིག་དང་པོར་སྐུའི་གསང་ཆེན་བརྗོད་པར་བྱ་སྟེ། འདིར་བྱ་བའི་རྒྱུད་ལ་ཞུགས་པ་ལྟར་ཐ་དད་པར་སྣང་བའི་ལྷ་ཡི་དམིགས་པ་ནི་མི་བྱའི། གང་ལ་

བདག་ཏུ་བརྟགས་ཤིང་མི་གསང་བར་བརྟགས་པའི་ལུས་འདི་ཉིད་ཁོ་ན་ལ་ལྷར་དམིགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མྱུར་དུ་ཡོངས་སུ་དག་པར་རྟོགས་པར་འགྱུར་བའི་ཕྱིར་རོ། །ཐ་དད་པ་ནི་དེ་ལས་བཟློག་པའོ། །དེའི་ཕྱིར་གསུངས་པ། རྣལ་འབྱོར་ཡང་དག་མ་ཡིན་སེམས། །ལྷ་

ལ་དམིགས་པར་བྱེད་པ་དག །རྣལ་འབྱོར་གཟུགས་བརྙན་རང་བཞིན་ཏེ། །ལུགས་མ་ལ་སོགས་རྣལ་འབྱོར་སྐྱེ། །ཡང་དག་མཆོག་སེམས་རྣལ་འབྱོར་སྐྱེ། །ལྷ་ལ་དམིགས་པར་བྱེད་པ་དག །རང་གི་དམ་ཚིག་བདག་སྦྱོར་བས། །མི་འགྱུར་དམ་པ་འགྲུབ་པར་བྱེད། །ཅེས་སོ། །ཅིའི་

ཕྱིར་དང་པོའི་དམིགས་པ་དོར་ཞེ་ན། །འདི་ནི་དམ་པའི་བསྒྲུབ་པ་སྟེ། །གང་གསུངས་པ། ཐ་མལ་རྣམ་རྟོག་གཞོམ་པའི་ཕྱིར། །རང་ལ་ལྷ་ཡི་ངར་འཛིན་བྱ། །ཞེས་སོ། །ཡང་གསུངས་པ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོས། བཅོམ་ལྡན་འདས་ཀྱིས་

བདེ་བ་ཆེན་པོ་སོ་སོར་གསུངས་པ་ཐོས་ནས། ཆེད་དུ་བརྗོད་པའི་ཆེད་དུ་བརྗོད་དོ། །ཐ་མལ་རྣམ་རྟོག་གཞོམ་དོན་དུ། །ཡང་དག་བསྒོམ་པ་རབ་གྲགས་ཀྱི། །ཐ་མལ་གནས་སྐབས་ཆོམས་ནས་ནི། །སྒོམ་པའང་བསྒོམ་པར་མི་བྱའོ། །བྱང་ཆུབ་སེམས་དཔའི་ད་ནི་དེ་ལྟའོ། །དེ་དེ་ལྟ་

མོད་ཀྱི་འོན་ཀྱང་མི་གཙང་བའི་ལུས་འདི་སྦྱངས་ལ་སངས་རྒྱས་ཀྱི་སྐུར་རྣམ་པར་བསྒོམ་པར་བྱའོ་ཞེས་སོ། །ཐབས་གང་ཞིག་གིས་འདི་བསྒོམ་པར་བྱ། འདིར་ནི་སྐྱེས་ནས་དྲོད་གཤེར་དང་། མངལ་དང་། སྒོ་ང་དང་། རྫུས་ཏེ་འབྱུང་བ་དག་གིས་བསྒོམ་མོ། །ཇི་ལྟར་འགྲོ་བ་དང་འདྲེན་

པ་ཉིད་དོ། །བརྗོད་པ་མི་འདྲ་བ་ཉིད་ཀྱིས་བསྟན་ཏེ། རྣལ་འབྱོར་རྣམ་གསུམ་ཞེས་བྱ་སྟེ། བྱིན་གྱིས་བརླབས་དང་ཡོངས་བརྟག་དང་། །གཟུགས་ཉིད་ཡོངས་སུ་རྫོགས་པ་དག །རྣལ་འབྱོར་ཡིན་ཞེས་སངས་རྒྱས་གསུང་། །དེ་བཞིན་དུ་དང་པོ་དམ་ཚིག་བྱིན་གྱིས་བརླབ་པའོ། །

Vol. 10 · folio 360b

རྣལ་འབྱོར་སྤྱོད་པ་དག་གིས་བརྟགས། །དབུ་མ་ཡོངས་སུ་རྫོགས་པ་དག །རྣལ་འབྱོར་གྱི་ནི་ཆོ་གར་བཤད། །ཅེས་སོ། །འདི་ནི་རིམ་པ་ལས་མ་འདས་པས་བསྒོམ་སྟེ། གང་གསུངས་པ། དང་པོའི་ལས་ཅན་རྣལ་འབྱོར་པ། །དེ་སྤྲུལ་སྐུ་ལ་གོམས་པར་བྱ། །སྤྲུལ་པའི་སྐུ་ནི་

བརྟན་གྱུར་ནས། །ལོངས་སྤྱོད་རྫོགས་པ་བརྟན་པར་བསྒོམ། །སྤྲུལ་པའི་སྐུ་ནི་གསལ་གྱུར་ཅིག །ལོངས་སྤྱོད་རྫོགས་པ་གསལ་ཙམ་ན། །ཆོས་སྐུ་དམིགས་པ་མེད་པ་སྟེ། །འདི་ནི་མདོར་བསྡུས་སྨོས་པའོ། །ཞེས་སོ། །རིམ་པ་གཉིས་ཀྱང་དེ་བཞིན་ཏེ། ཇི་སྐད་དུ་

སློབ་དཔོན་ཌོམྦི་པས་བཤད་པ། བསྐྱེད་པའི་རིམ་པ་བསྒོམ་པ་བློ་བཟངས་ཀྱིས། །རྟག་ཏུ་དང་པོ་ཉིད་དུ་བྱ་བ་སྟེ། །ཕྱག་རྒྱ་སྔགས་ནི་རྣམ་པར་དག་ཙམ་དང་། །ཆོ་ག་ཐམས་ཅད་བརྗོད་པར་བྱ་བ་མིན། །ཕྱི་ནས་ཁྱད་པར་ལྡན་ཞིང་བདེ་བླག་ཏུ། །ཡུད་ཙམ་རེ་རེས་དེ་ཉིད་སེམས་

གཅིག་ན། །སྲིད་པ་འཇིག་པའི་རྫོགས་རིམ་བསྒོམ་པ་ནི། །ལྷན་ཅིག་སྐྱེས་པ་རྟག་ཏུ་བསམ་པར་བྱ། །ཞེས་སོ། །འདི་ནི་ཐམས་ཅད་དུ་གནས་པ་མ་ཡིན་པ་སྟེ། ཇི་སྐད་གསུངས་པ། ཐ་མལ་རྣམ་པ་གཞོམ་དོན་དུ། །རང་ལ་ལྷ་ཡི་ངར་འཛིན་བྱ། །ངར་འཛིན་དེ་ཡང་

གཞོམ་པའི་ཕྱིར། །དམིགས་པ་མེད་པ་རྣམ་པར་བསྒོམ། །གང་ཚེ་སེམས་ནི་མཉམ་གནས་པ། །དེ་ཚེ་དེ་ཉིད་ཡིན་པར་ངེས། །ཞེས་པ་དང་། ཡང་གསུངས་པ། ཐ་མལ་རྣམ་པ་གཞོམ་དོན་དུ། །ཡང་དག་བསྒོམ་པར་རབ་གྲགས་ཀྱི། །ཐ་མལ་གནས་སྐབས་ཆོམས་ནས་

ནི། །སྒོམ་པའང་བསྒོམ་པར་མི་བྱའོ། །ཞེས་སོ། །ཐོགས་པ་མེད་པས་འདི་གནས་ཏེ། །གང་གསུངས་པ། ཕྱག་ན་རྡོ་རྗེས་ཡང་གསོལ་པ། བཅོམ་ལྡན་འདས་ལུས་དང་ལྡན་པར་བསྒོམ་པ་འདི་ལ་དགོས་པ་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་

བའི་བདག་པོ་དགོས་པ་ཡོད་དོ། །བཅོམ་ལྡན་འདས་མཚན་ཅི་སྐད་ཅེས་བགྱི་བ་མཆིས། །རྡོ་རྗེ་འཛིན་པས་བཀའ་སྩལ་པ། སངས་རྒྱས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བའོ། །སངས་རྒྱས་ཀྱི་དེ་ཁོ་ན་ཉིད་ཅེས་བགྱི་བ་དེ་ཇི་ལྟ་བུ། རྣམ་པ་ཐམས་ཅད་མཁྱེན་པའོ། །དེ་ཅི་ནུས་ཅན་

Vol. 10 · folio 361a

ཞིག་གམ། དེ་ནི་དེ་བཞིན་དུ་བདེན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་འཛིན་གྱིས་བཀའ་སྩལ་པ། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་འདི་ནི་ང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཡུལ་རྣམས་ཀྱིས་རྒྱུས་ང་བསྒྲུབ་པར་བྱ་བ་ཡིན་པས་

ནའོ། །ཕྱག་ན་རྡོ་རྗེས་ཡང་གསོལ་པ། ཅི་བཅོམ་ལྡན་འདས་བེམས་པོའམ། རྡོ་རྗེ་འཛིན་གྱིས་བཀའ་སྩལ་པ། ང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཇི་ལྟ་བུ། རྡོ་རྗེ་འཛིན་གྱིས་བཀའ་སྩལ་པ། དེ་བདེན་པ་ཡང་མ་ཡིན་ཞིང་བརྫུན་པ་ཡང་མ་ཡིན་ལ། བླང་

བར་བྱ་བ་ཡང་མིན་ལ་དོར་བར་བྱ་བ་ཡང་མིན་ནོ། །དེ་བཞིན་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱང་ངའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱང་ངའོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱང་ངའོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱང་ངའོ། །དེ་བས་ན་བྱང་ཆུབ་སེམས་

དཔའ་ཆེན་པོ་བྱང་ཆུབ་འདི། དངོས་པོ་མེད་པ་དེ་སྐད་དུ་མ་སྨྲ་ཤིག །དངོས་པོ་མེད་ཉིད་དངོས་པོ་འང་ང་། །དེ་བཞིན་གཤེགས་པར་གདོད་ནས་གྲོལ། །མཆོག་གི་སྐུ་དང་ལྡན་པ་སྟེ། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཧེ་རུ་ཀ་ངའོ་སེམས་དཔའ་ཆེ། །བདག་མེད་མ་དང་ཐབས་ཅིག་

སྦྱོར། །བདེ་ཆེན་ང་ནི་བེམས་པོ་མིན། །འཇིག་རྟེན་གཞུག་ཕྱིར་བེམས་པོ་ང་ཞེས། །ཡང་གསུངས་པ། གཟུགས་བརྙན་རང་བཞིན་ཇི་ལྟ་བ། །དེ་བཞིན་བསྒོམ་བྱའི་དངོས་གང་ཡང་། །སྟོང་ཞིང་སྣང་མེད་གནས་མཆོག་སྟེ། །དེ་ཚེ་སྡིག་དང་བསོད་ནམས་མེད། །དཔེར་ན་ཆུ་ནང་

ཟླ་བ་ནི། །གྲོགས་དག་བདེན་མིན་བརྫུན་པའང་མིན། །དེ་བཞིན་དཀྱིལ་འཁོར་འཁོར་ལོ་འདི། །དང་ཞིང་གསལ་བའི་ངོ་བོའོ། །ཞེས་སོ། །དེ་བཞིན་དུ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་གསུངས་སོ། །འདི་ནི་མེད་པ་ལས་བརྟགས་པ་ཙམ་མ་ཡིན་པ་སྟེ།

གང་གསུངས་པ། ལྷ་ཡི་སྐུ་ཡི་སྦྱོར་བ་ཡང་། །སྐྱེས་ཙམ་ཉིད་ནས་མངོན་པར་གནས། །ཁ་དོག་ཕྱག་ཞལ་དབྱིབས་འདྲ་ལས། །ཅུང་ཟད་རང་བཞིན་བག་ཆགས་སོ། །ཞེས་པ་དང་། ཡང་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་སངས་

Vol. 10 · folio 361b

རྒྱས་ཡིན་པ་ལ། །ཅུང་ཟད་གློ་བུར་དྲི་མས་བསྒྲིབས། །དེ་བསལ་བ་ནི་སངས་རྒྱས་སོ། །ཞེས་སོ། །འདི་ཡི་བསྒྲུབ་པ་ཉིད་ཅི་གང་གི་ཚེ་མངོན་སུམ་དུ་གྱུར་པ་ཁོ་ནའོ། །འདི་ནི་སྐུའི་གསང་ཆེན་མངོན་པར་བརྗོད་པའོ།། །།ད་ནི་གསུང་གི་གསང་ཆེན་མངོན་པར་བརྗོད་པར་བྱ་སྟེ། སྐུའི་གསང་

ཆེན་ལ་གནས་པ་དེའི་ངག་གི་གནས་སུ་ཡི་གེ་ཧྲཱིཿདམར་པོ་ལས་པདྨ་འདབ་མ་བརྒྱད་པ་བསམས་ལ། ལྕེའི་འདབ་མ་ལ་ཡི་གེ་ཧཱུཾ་དཀར་པོ་ལས་རྡོ་རྗེ་དཀར་པོ་བསམས་ཏེ། ཨོཾ་བཛྲ་ཛི་ཧྭ་ཞེས་པས་བྱིན་གྱིས་བརླབས་ལ། དེ་ཉིད་དུ་དེ་ཐིམ་པས་རྡོ་རྗེའི་རང་བཞིན་དུ་མོས་པ་བསྐྱེད་དེ། ཁྲོ་བོའི་

བརྗོད་པའམ། རྡོ་རྗེའི་བརྗོད་པས་རང་གི་བླ་མའི་གདམས་ངག་དང་མཐུན་པའི་བཟླས་པ་བྱའོ། །དེ་ལ་ཁྲོ་བོའི་བརྗོད་པ་ནི། སྤྲིན་བྱུང་འབྲུག་སྒྲ་ཡི་གེ་ཧཱུཾ། །ཟབ་མོ་རྡོ་རྗེའི་ཚིག་བརྟན་པ། །ཁྲོ་བོ་གསལ་བ་ཁྲོ་ཆེན་པོའོ། །རྡོ་རྗེའི་ཚིག་ཅེས་གྲུབ་པའོ། །ཞེས་པའོ། །རྡོ་རྗེའི་

བརྗོད་པ་ནི། ལྕེ་རྩེ་ཤིན་ཏུ་མི་བསྒུལ་ཞིང་། །སོ་དང་མཆུ་གཉིས་འབྱར་བྱས་པ། །རྟོག་པ་ཀུན་ལ་སྦྱར་བ་སྟེ། །རྡོ་རྗེའི་བརྗོད་པ་སྒྲ་ཡངས་པའོ། །ཞེས་སོ། །དེ་ཡང་ཐུན་མོང་གི་ཡན་ལག་ནི། རྟོག་པ་ཀུན་ལས་བཏུས་པ་ལས་གསུངས་པ། བཟླས་བརྗོད་བྱེད་ཚེ་ཁྲོ་མི་བྱ། །

ཡུལ་གྱི་བདག་ཉིད་དགའ་མི་བྱ། །ཞུམ་དང་མི་དགའ་འཇིགས་པ་དང་། །འཇུངས་དང་ང་རྒྱལ་ཡོངས་སུ་སྤང་། །ཟློས་ཚེ་ཅི་ཡང་མི་བསམ་ཞིང་། །ཡན་ལག་འགྱུར་བར་མི་བྱའོ། །ཀུན་རྟོག་རླུང་གིས་བསྐྱོད་ནས་ནི། །ཅི་ཡང་རུང་བ་མི་བསམ་མོ། །རིག་སྔགས་ལྷ་ནི་མ་

གཏོགས་པ། །སྒོམ་པ་མཆོག་ཏུ་གྱུར་པ་ཡང་། །ཟློས་པས་བཟླས་བརྗོད་བྱེད་པའི་ཚེ། །ཀུན་རྟོག་བཟུང་ནས་མི་བསམ་མོ། །ཞེས་པ་ལ་སོགས་པའོ། །དེ་ལྟར་ཞུགས་པ་དེས་ཅི་ཙམ་གྱི་དངོས་གྲུབ་ཏུ་འགྱུར། ཕྲེང་བ་ལས་ལྟོས་པ་ནི། མཁས་པས་གསང་

སྔགས་ཡི་གེ་ནི། །བཅོ་ལྔ་མན་ཆད་གྲངས་རྣམས་ལ། །ཡི་གེའི་སྡོམ་ནི་དུ་ཡོད་པ། །དེ་སྙེད་འབུམ་ཕྲག་བཟླས་བརྗོད་བྱ། །ཡི་གེ་སུམ་ཅུ་རྩ་གཉིས་ལ། །བཟླས་བརྗོད་སུམ་འབུམ་བྱ་བར་བཤད། །ཡི་གེ་དེ་ལས་ལྷག་པ་ལས། །སྔོན་དུ་བསྙེན་པ་ཁྲི་

Vol. 10 · folio 362a

བྱའོ། །སྔོན་དུ་བསྙེན་པ་མེད་པར་ཡང་། །ལས་རྣམས་ཕལ་ནི་འགྲུབ་པར་འགྱུར། །ཞེས་གསུངས་སོ། །གང་དུ་དུས་ལ་ལྟོས་པ་ནི། །རྫོགས་ལྡན་དུས་སུ་ཡི་གེ་འབུམ་བཟླས་ཏེ། །གཉིས་ལྡན་དུས་ཀྱི་སྔགས་པས་འབུམ་ཕྲག་གཉིས། །གསུམ་

ལྡན་དུས་སུ་དེ་ཉིད་གསུམ་དུ་འགྱུར། །བྱེ་བ་ཕྲག་སུམ་འབུམ་བཞི་རྩོད་དུས་སྦྱར། །ཞེས་གསུངས་སོ། །གཞི་ལ་ལྟོས་པ་ནི། རྒྱུད་ལ་ལར་ནི་ཅི་ནས་སྔགས་བྱེ་བ་བཟླས་པར་གསུངས་སོ། །བསོད་ནམས་འབྲིང་པོ་རྣམས་ཀྱིས་འབུམ་བཟླས་པར་བདག་སྨྲའོ། །བསོད་

ནམས་ཆེ་བས་ཁྲི་བཟླས་པས་ཤིན་ཏུ་མྱུར་བར་འགྲུབ་པོ། །དེ་ལྟར་རྡོ་རྗེ་ཅན་ཆེན་པོ་རྒྱུད་ཀྱི་བདག་པོས་གསུངས་སོ། །བསོད་ནམས་ཆུང་བའི་སེམས་ཅན་རྣམས་ཀྱིས་ནི་བྱེ་བ་བཟླས་པར་གསུངས་སོ། །སེམས་ཅན་འབད་རྩོལ་ཆུང་བ་རྣམས་ཀྱིས་ནི་འབུམ་བཟླས་པར་

བདག་སྨྲའོ། །སེམས་ཅན་བསྒོམ་པ་ལ་གཞོལ་བ་རྣམས་ཀྱིས་ནི་ཁྲི་ཁོ་ན་བཟླས་པར་བྱའོ། །སེམས་ཅན་འདོད་ཆགས་ལ་ཞུགས་པ་རྣམས་ཀྱི་སྔགས་ཀྱི་བཟླས་པ་ཇི་ལྟར་ལགས། བླུན་པ་དང་ལྐུགས་པའི་རིགས་ཅན་རྣམས་ཀྱི་སྔགས་ཀྱི་གྲངས་ཇི་ལྟར་ལགས། །

ཤིན་ཏུ་དམིགས་པའི་སྔགས་ཀྱི་བཟླས་པ་ཇི་ལྟར་ལགས། འདི་ལྟར་ཕན་ཚུན་སྨྲ་བས་བཟླས་ན་དངོས་གྲུབ་གཞན་དུ་འགྱུར་རོ། །གལ་ཏེ་དམན་པའི་སེམས་ཀྱིས་ཉོན་མོངས་བཞིན་པས་བཟླས་ན། བསྐལ་པ་སྐར་མ་ལྟ་བུ་བྱེ་བར་ཡང་དེ་ལ་དངོས་གྲུབ་མེད་དོ་ཞེས་གསུངས་

སོ། །འདིའི་གྲུབ་པ་ཉིད་ཅི། བྱ་བ་ངེས་པ་ཐོབ་པ་ཉིད་དོ། །འདི་ནི་གསུང་གི་གསང་ཆེན་མངོན་པར་བརྗོད་པའོ།། །།ད་ནི་ཐུགས་ཀྱི་གསང་ཆེན་བརྗོད་པར་བྱ་སྟེ། སྔར་བཤད་པའི་སྐུ་དང་གསུང་གསང་བ་ཆེན་པོ་ལ་གནས་པ་དེས། དངོས་པོ་ཐམས་ཅད་དང་

བྲལ་ཞིང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་པ་ཉིད། །རང་སེམས་གཟོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་པ་རྟོགས་པའོ། །འདི་ཡང་གང་རིག་པའི་རྗེས་སུ་

Vol. 10 · folio 362b

འགྲོ་བ་ནི། འཕགས་པ་ནཱ་ག་རྫུ་ནའི་ཞལ་སྔ་ནས་མཛད་པའི་དབུ་མ་ལས་གྲུབ་པའོ། །ཐབས་ཀྱི་རྗེས་སུ་འབྲང་བ་དག་གིས་ནི། རླུང་དང་། རྩ་དང་། ཐིག་ལེ་དང་། ཕྲ་མོ་དང་། རྡོ་རྗེ་ནོར་བུའི་ནང་དང་། རིག་མ་ལ་བརྟེན་པ་དང་། རིལ་པོར་འཛིན་པ་དང་། རྗེས་སུ་འཛིན་

པ་དག་གི་འགྲུབ་པོ། །བགྲང་དང་རྗེས་སུ་འགྲོ་དང་གནས། །མཚན་ཉིད་དེ་ནས་རྣམ་ལྡོག་དང་། །ཡོངས་སུ་དག་པ་ཉིད་དང་དྲུག །འདི་ནི་འོང་བ་གཟུང་བར་དྲན། །འདིར་ཐུན་མོང་མིན་པ་སྦྱར་བ་རླུང་ལས་གྲུབ་པའོ། །ལྟེ་བར་ཙཎྜ་ལཱི་སྦར་བས། །དེ་བཞིན་གཤེགས་པ་ལྔ་

བསྲེག་ཅིང་། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པས་ཧཾ་ལས་ཟླ་བ་འབབ། །རྩ་ལས་གྲུབ་པའོ། །ཇི་སྐད་དུ། ཀམྦ་ལ་ཨཱརྱས་བཤད་པ། ཐིག་ལེ་སྒྲ་ནི་རྣམ་སྤངས་པའོ། །ཞེས་སོ། །ཐིག་ལེ་དང་ཕྲ་མོ་དག་གི་འགྲུབ་པའོ། །ཆུ་བོའམ་ལྟེང་ཀའི་

ཆུ་ནི་དྲི་མེད་དག་ལ་ཟླ་བ་གནས་པ་ལྟར། །དེ་བཞིན་དེ་ལ་རིམ་གྱིས་འཇིག་པ་རྣལ་འབྱོར་པ་ཡིས་རྟག་ཏུ་བསམ། །མེ་ལོང་ལ་ནི་རླུང་དག་རིམ་གྱིས་ཟར་པ་བཞིན་དུའང་བལྟ་བྱ་སྟེ། །རིལ་པོར་འཛིན་པ་ལ་བྱ་བའི་རིམ་པ་འདི་ནི་དེ་བཞིན་རབ་ཏུ་བརྟག་ཅེས་བྱ་བ་ནི། རྡོ་རྗེ་

ནོར་བུའི་ནང་དུ་རྟོགས་པའི་འགྲུབ་པའོ། །རྡོ་རྗེ་ཉི་མ་ནུབ་པ་ན། །བསྒྲུབ་པ་ཀུན་དུ་བརྩམ་པར་བྱ། །སྐྱ་རེངས་འཆར་བའི་དུས་དག་ཏུ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པ་ནི། རིག་མ་ལ་བརྟེན་པས་འགྲུབ་པའོ། །རིལ་པོར་འཛིན་པ་རྗེས་སུ་གཞིག་

པ་ནི། ཆུ་བོའམ་ལྟེང་ཀའི་ཆུ་ནི་ཞེས་བྱ་བ་ལ་སོགས་པ་སྔར་འདས་མ་ཐག་པས་འགྲུབ་པའོ། །འདི་དག་ནི་ཤེས་རབ་ཡེ་ཤེས་ལ་བརྟེན་པས་འགྲུབ་ལ། གསང་བ་གཉིས་ནི་བུམ་པའི་དང་གསང་བའི་དབང་ལས་འབྱུང་བའོ། །ཡོང་ནི་ཐུགས་ཀྱི་གསང་ཆེན་མ་

གྲུབ་པར་ཉོན་མོངས་པ་མི་འགོག་ལ། དེ་ལ་མ་འགགས་ན་སྐུ་དང་གསུང་གི་གསང་ཆེན་མི་འགྲུབ་སྟེ། ཇི་སྐད་དུ། ཡབ་གཅིག་ལྷ་རྣམས་ཐུགས་རྗེ་མེད་དམ་ཅི། །ད་ལྟའི་སེམས་ཅན་ཤིན་ཏུ་འགྲུབ་པར་དཀའ། །བུ་གཅིག་ལྷ་རྣམས་ཐུགས་རྗེའི་

Vol. 10 · folio 363a

རང་བཞིན་ན། །དིང་སང་སེམས་ཅན་ཉོན་མོངས་དྲ་བས་ཁྱབ། །ཅེས་བཤད་དོ། །ཐུགས་ཀྱི་གསང་ཆེན་ཉིད་དུ་སྐུའི་གསང་ཆེན་དང་གསུང་གི་གསང་ཆེན་ཡང་འཇུག་སྟེ། ཇི་སྐད་དུ། ཟླ་འོད་གཞོན་ནུར་གྱུར་པས་འཕགས་པ་ཟླ་བའི་སྒྲོན་མ་ལས་

བཤད་པ། ནམ་མཁའ་འདྲ་ཞིང་རྡུལ་བྲལ་གཟུགས་བཟང་འཆར། །ཤེས་རབ་སྲས་པོ་ལུས་དང་མཚན་མི་མངའ། །ཡོན་ཏན་རྒྱ་མཚོ་རབ་ཟབ་ཐུགས་རྗེ་ཅན། །མཚུངས་མེད་ཕྱག་ནི་བདག་གི་སྤྱི་བོར་ཞོག །ཅེས་པའོ། །དེ་བཞིན་དུ་གཞན་ལས་ཀྱང་། འཇིག་རྟེན་

སྒྲོན་མ་ཁྱོད་ཀྱི་གསུང་། །ཡེ་ཤེས་རྒྱ་མཚོ་དེ་ཐོས་ན། །དེ་དག་དྲི་མེད་བདེ་བ་འཐོབ། །བསམ་གྱིས་མི་ཁྱབ་འོད་ཀྱང་འབྱུང་། །ཞེས་གསུངས་སོ། །ཡང་གསུངས་པ། གསང་སྔགས་བཟླས་བརྗོད་མི་བྱ་སྟེ། །དཀའ་ཐུབ་སྦྱིན་སྲེག་མ་ཡིན་ནོ། །དཀྱིལ་འཁོར་ལྡན་

མེད་དཀྱིལ་འཁོར་མེད། །དེ་ཡི་གསང་སྔགས་བཟླས་པ་དང་། །དེ་ཡི་དཀའ་ཐུབ་སྦྱིན་སྲེག་ནི། །སེམས་ནི་མདོ་རུ་བསྡུས་ཚུལ་ལོ། །ཞེས་སོ། །མཚན་མར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པར་བཞེད། །མཚན་མ་མེད་ལ་གནས་པས་ནི། །མཚན་

པར་བཅས་པ་འགྲུབ་ཏུ་རུང་། །དེ་བས་རྣམ་པ་ཐམས་ཅད་དུ། །མཚན་མ་མེད་ལ་གནས་པར་བྱ། །ཞེས་གསུངས་པས་ན་གྲུབ་པ་གསུམ་ཆར་གྱི་ཐུགས་གསང་བས་འཐོབ་པ་ཡང་ངོ་། །གང་གིས་ཐུགས་གསང་ཆེན་མ་ཤེས་པར་གནས་པ་དེ་ནི། དབུགས་མ་ཕྱིན་པར་གནས་

པ་སྟེ། ཇི་སྐད་དུ་གསུངས་པ། གང་གིས་སྟོང་པ་མ་མཐོང་བ། །དེ་དག་འཁོར་ཞིང་ཉམ་ང་ཞེས་སོ། །ཡང་གསུངས་པ། སྟོང་པའི་ཆོས་ཀྱིས་མི་མཁས་གང་འཇིགས་པ། །དེ་དག་སངས་རྒྱས་བྱང་ཆུབ་རིང་པོ་ཡིན། །སྟོང་ཉིད་ཆོས་ལ་ཐེ་ཚོམ་སུ་མེད་པ། །དེ་དག་

སངས་རྒྱས་བྱང་ཆུབ་འཐོབ་པར་འགྱུར། །ཞེས་སོ། །དེ་བཞིན་དུ་འཕགས་པ་ནཱ་གཱརྫུ་ནས་བཤད་པ། གང་གིས་སྟོང་ཉིད་མི་ཤེས་པ། །དེ་ལ་ཐར་པའི་སྐལ་མེད་དེ། །འགྲོ་དྲུག་སྲིད་པའི་བཙོན་ར་རུ། །རྨོངས་པ་དེ་ནི་འཁྱམ་པར་འགྱུར། །ཞེས་སོ། །དེ་བཞིན་

Vol. 10 · folio 363b

དུ་གང་གིས་ཐུགས་གསང་ཆེན་མ་ཤེས་པ་དེས་ནི། སངས་རྒྱས་མཐོང་བ་མ་ཡིན་ཏེ། དེ་སྐད་དུ་གསུངས་པ། ཇི་ལྟར་མཐོང་བཞིན་སུ་བལྟ་བ། །དེ་དག་འདྲེན་པ་མི་མཐོང་ངོ་། །རྣམ་པར་རྟོག་པ་མི་འཇུག་ཅིང་། །གང་ཚེ་སངས་རྒྱས་མི་མཐོང་ལ། །འཇུག་མེད་སངས་

རྒྱས་ཡིན་པར་ནི། །གལ་ཏེ་མཐོང་ན་དེ་སངས་རྒྱས། །ཞེས་སོ། །ཡང་གསུངས་པ། དེ་ལྟར་སྐྱེ་འཇིག་སྤངས་པ་ཡིས། །ཐུབ་པ་ཞི་བ་སུས་མཐོང་བ། །དེ་དག་འདི་དང་སླད་མར་ཡང་། །ཆགས་མེད་ཉེར་ལེན་མེད་པར་འགྱུར། །ཞེས་སོ། །ཡང་གསུངས་པ།

གང་ཟག་མེད་ཅིང་ཕུང་པོ་མེད། །སངས་རྒྱས་ཡེ་ཤེས་ཟག་མེད་པ། །རྟག་ཏུ་ཞི་བ་རྣམ་བསྒོམས་ཏེ། །དེ་ལ་བདག་ནི་སྐྱབས་སུ་མཆི། །ཞེས་སོ། །ཡང་གསུངས་པ། གང་གིས་ང་ལ་སྒྲར་ཤེས་ཤིང་། །གང་གིས་ང་ལ་གཟུགས་སུ་མཐོང་། །ལོག་པར་སྤོང་བར་ཞུགས་པ་སྟེ། །

སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་སོ། །ཡང་གསུངས་པ། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །

བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་སོ། །ཡང་གསུངས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུ་ཡིན་གྱིས། དགེ་སློང་དག་འཇིག་ཚོགས་ལ་སྐུར་མ་འཛིན་པར། དགེ་སློང་དག་ང་ནི་ཆོས་ཀྱི་སྐུ་ཡོངས་

སུ་རྫོགས་པར་ལྟོས་ཤིག །ཅེས་གསུངས་ཏེ། དེ་བཞིན་གཤེགས་པའི་སྐུ་ནི་ཡང་དག་པའི་མཐའ་རྟོགས་པ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བལྟའོ་ཞེས་སོ། །ཡང་གསུངས་པ། དེ་བཞིན་གཤེགས་པ་ནི་གཟུགས་ཀྱི་སྐུར་མི་བལྟ་སྟེ། དེ་བཞིན་གཤེགས་

པ་ནི་ཆོས་ཀྱི་སྐུའོ། །རིགས་ཀྱི་བུ་ཆོས་ཉིད་ནི་འོང་བ་འམ་འགྲོ་བ་མེད་དེ། རིགས་ཀྱི་བུ་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ལ་བྱོན་པའམ་བཞུད་པ་མེད་དོ་ཞེས་སོ། །ཡང་གསུངས་པ། གང་གིས་སངས་རྒྱས་སྤྱན་དྲངས་ཤིང་། །གང་གིས་གཤེགས་སུ་གསོལ་

Vol. 10 · folio 364a

བ་ཡིན། །རྡོ་རྗེ་སེམས་དཔའ་བྱོན་པ་དང་། །དེ་བཞིན་གཤེགས་པ་བྱོན་པ་རྣམས། །གང་ན་འང་ཡོད་པ་མ་ཡིན་ནོ། །དྲི་མ་མེད་ཅིང་དག་པའི་ལུས། །གང་གིས་སྤྱན་དྲངས་གཤེགས་སུ་གསོལ། །དེ་ཉིད་ཀྱིས་ནི་རྟག་མེད་པར། །དེ་བཞིན་གཤེགས་ལ་

ཕྱག་བྱའོ། །ཞེས་སོ། །འདིའི་གྲུབ་པ་དེ་ཉིད་ཅི། །ཆོས་ཀྱི་སྐུ་ལ་གནས་པ་ཉིད་དང་། གྲུབ་པའི་སྐྱེས་བུར་གྱུར་པ་ནའོ། །འདི་ནི་ཐུགས་ཀྱི་གསང་ཆེན་མངོན་པར་བརྗོད་པའོ། །ད་ནི་གསང་བ་གསུམ་ལས་བྱུང་བའི་འབྲས་བུ་བརྗོད་དེ། ཡང་གསུངས་པ། ཆུ་རྒྱུས་

དྲ་བ་དང་བཅས་ཤིང་། །ཡན་ལག་ཀུན་ལྡན་བུ་ག་ཅན། །ལུས་དེ་མེད་པར་སྣང་གྱུར་པ། །དེ་ཡི་སྐད་ཅིག་དེ་ལ་ནི། །དགྱེས་པའི་རྡོ་རྗེའི་སྐུར་འཛིན་འགྱུར། །ནམ་མཁའ་ཇི་བཞིན་དམིགས་མེད་ཅིང་། །མཚན་མ་མེད་ཅིང་སྐྱེ་བ་མེད། །སྣ་ཚོགས་རྣམ་བྲལ་སྒྲིབ་ལྔ་སྤངས། །སངས་

རྒྱས་དངོས་རྣམས་དང་བྲལ་བ། །མེ་ལོང་གཟུགས་བརྙན་ཇི་བཞིན་དུ། །དེའི་བདག་ཉིད་དུ་རབ་སྣང་བ། །ཧེ་རུ་ཀ་ཡི་དངོས་པོར་གསལ། །འདི་ཉིད་དབང་པོ་ཡུལ་རྣམས་དང་། །ཕུང་པོར་གནས་པ་མཁའ་དང་མཉམ། །བདེན་ཉིད་འདིར་རབ་སྐྱེ་ལུས་ཏེ། །འདུས་བྱས་དོན་གྱིས་

གཞན་མིན་པས། །མིག་གིས་གཟུགས་ནི་འཛིན་མེད་ཅིང་། །རྣ་བ་ཡིས་ནི་སྒྲ་མིན་ནོ། །ལྕེ་ཡིས་ཀྱང་ནི་རོ་མི་ཚོར། །སྣ་ཡིས་ཀྱང་ནི་དྲི་ལ་མིན། །ལུས་ཀྱི་གོང་བུས་རེག་མེད་དེ། །བདེ་བ་ཆེན་པོའི་གཟུགས་ཕྱིར་ནའོ། །བུད་མེད་མཆོག་མཐོང་ལས་བདེ་ཞིང་། །གླུ་ཐོས་ལས་

ཀྱང་ཡང་དག་བདེ། །དྲི་ཞིམ་མ་ལས་བདེ་བ་ཆེ། །སྐྱེ་གནས་རེག་ལས་ཀྱང་བདེ་ཆེ། །རོ་མཆོག་བཏུང་བའི་རབ་སྦྱོར་བའི། །བདེ་བ་དག་ནི་སུ་ཡིས་བཟློག །ཅེས་སོ། །དོན་འདི་ཉིད་ནི་རིམ་པ་ལྔ་པ་ལས་ཀྱང་བཤད་དེ། ཇི་ལྟར་དང་བའི་ཆུ་དག་ལས། །ཉ་ནི་མྱུར་དུ་ལྡང་བ་ལྟར། །དེ་

བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་བཤད། །ཅེས་སོ། །ད་ནི་འདི་ལྟར་གྱུར་པ་དེའི་མཚན་མ་བསྟན་པ་ལུང་ལ་འཇུག་པར་བྱ་སྟེ། །ཇི་སྐད་དུ་དཔལ་ཡང་དག་སྦྱོར་བའི་ཐིག་ལེའི་ཕྲེང་བ་ལས་གསུངས་པ། དེ་ནས་གང་དུ་རིག་མའི་སྐྱེས་བུ་གྲུབ་པ་དེར་

Vol. 10 · folio 364b

འདི་ལྟ་བུའི་ཕུན་སུམ་ཚོགས་པ་འབྱུང་སྟེ། ས་འདི་དགའ་ཞིང་མགུ་ལ་རངས་པས་རྣམ་པ་དྲུག་ཏུ་གཡོས་པ། བདུད་ཀྱི་གནས་སུ་ཆ་ལང་ལྟ་བུའི་སྒྲ་གྲགས་པ་དང་། ཕྱོགས་བཅུར་བསྐལ་པའི་མེ་འབར་བ་ལྟ་བུའི་སྐར་མདའ་ལྟུང་བ་དང་། རྒྱ་མཚོ་ཆེན་པོ་འཁྲུགས་པའི་སྒྲ་དང་། ཐམས་

ཅད་དུ་གནམ་རྡོ་ལྟུང་བ་དང་། དེ་ཉིད་བསྐལ་པའི་མེའི་གཟུགས་ལྟ་བུའི་ཡེ་ཤེས་ཀྱི་སྣང་བ་འབར་བ་དང་། ཕྱག་རྒྱའི་སྐྱེ་གནས་ཀུན་དུ་ཁམས་གསུམ་ཐམས་ཅད་སྣང་བ་དང་། ཚངས་པ་དང་། ཁྱབ་འཇུག་དང་། ཆུ་བདག་དང་བརྒྱ་བྱིན་དང་། དྲག་པོ་དང་མེ་དང་། སྟོབས་བཟངས་དང་།

ཉི་མ་དང་། ཟླ་བ་དང་། གནོད་སྦྱིན་དང་། གྲུབ་པ་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་དང་། ལྷའི་མཆོག་དང་། རིགས་འཛིན་དང་། ཆུ་འབྱུང་བ་ལ་སོགས་པ་གང་ཡིན་པ་དང་། གཞན་ཡང་སུམ་ཅུ་རྩ་གསུམ་དུ་གནས་པའི་ལྷ་རྣམས་དེར་འོངས་ནས་ཡང་དག་

པར་དགའ་བས་མེ་ཏོག་གིས་མཆོད་པར་བྱེད་དོ། །པི་ཝང་དང་། གླིང་བུ་དང་། མུ་ཀུནྡ་དང་། ཏམྦུ་ར་དང་། དུང་དང་། ཟངས་དུང་དང་། བནྟི་དང་། རྔ་པ་ཊ་ཧ་དང་། རྫ་རྔས་ནམ་མཁར་གནས་ཏེ་རྟག་ཏུ་མཆོད་པར་བྱེད་དོ། །ལྷའི་བུ་མོ་དང་། རིགས་འཛིན་གྱི་རྒྱལ་པོའི་བུ་

མོ་ཐམས་ཅད་ཀྱིས་གར་བྱེད་པ་དང་སིལ་སྙན་དུ་མ་བྱེད་པ་དང་། མི་འམ་ཅི་དང་། གནོད་སྦྱིན་གྱིས་གླུ་ལེན་པར་བྱེད་ཅིང་། དེ་ལ་དགའ་བ་དང་བཅས་པས། རྒྱལ་བ་རྒྱལ་བ་ཞེས་བྱ་བའི་སྒྲས་རྟག་ཏུ་རོལ་པ་བྱེད་པ་དང་། གང་གིས་གྲུབ་པ་ལ་ནམ་མཁར་གནས་པའི་ལྷ་རྣམས་

ཀྱིས་ནི་ལེགས་པའི་རྣམ་པ་རབ་ཏུ་གསོལ་བར་བྱེད་དོ། །དགའ་ལྡན་དུ་གནས་པའི་ལྷ་རབ་མཆོག་གང་ཡིན་པ་དང་། ལྷའི་བུ་གང་ཡིན་པ་དང་། རིགས་འཛིན་དང་། འོག་མིན་གྱི་བར་དག་འོངས་ནས་ཕྱག་འཚལ་ཞིང་མེ་ཏོག་སྣ་ཚོགས་ཀྱི་དྲིའི་ཆར་དང་། བདུག་པ་སྣ་ཚོགས་ཀྱི་ཁྱད་པར་གྱིས། གུས་པའི་

ཚུལ་གྱིས་མཆོད་པར་བྱེད་དེ། །གཞན་ཡང་ཁྱོད་ལ་རྒྱས་པར་བཤད་པའི་ཚུལ་གྱིས་ཅི་ཞིག་བྱ་སྟེ། བསྒྲུབ་པར་བྱས་པའི་བསོད་ནམས་ཀྱིས་ཁམས་གསུམ་གྱི་གང་ཞིག་མཆོད་པ་དེ་རྣམས་ཀྱིས་མཆོད་པར་བྱེད་དོ། །དེ་ཡང་གསུངས་པ། རིག་མའི་སྐྱེས་བུ་གྲུབ་པ་ནི། །གང་དུ་མཆིས་

Vol. 10 · folio 365a

ཤིང་གང་དུ་གནས། །གནས་ལ་ཐེ་ཚོམ་འདི་རྣམས་ནི། །བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རིག་མའི་སྐྱེས་བུ་གྲུབ་པ་ནི། །གང་དུ་ཡང་མི་འགྲོ། །གང་དུ་ཡང་མི་གནས་སོ། །ཐེ་ཚོམ་འདི་དག་ནི། ཐོག་མ་དང་། ཐ་མ་དང་།

དབུས་དང་བྲལ་བ། གཉིས་སུ་མེད་པ། གནས་གསུམ་དུ་སྣང་བ། ཐམས་ཅད་དུ་སོན་པ། ཐམས་ཅད་མཁྱེན་པ། ཐམས་ཅད་པ། ཐམས་ཅད་ཀྱི་དོན། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་གནས་པ། སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བ། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པར་

བྱས་པ། ཐམས་ཅད་དང་ལྡན་པ། ཞི་བ་མཉམ་པ་མེད་པ། རྟག་པར་བརྗོད་པ། མགོན་པོ་སྐྱོབ་པ། ཀུན་དུ་རྟོག་པ་སྤངས་པ། དབྱིབས་དང་། ཁ་དོག་དང་བྲལ་བ། རྒྱལ་བའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རྒྱལ་པོ། ཕྱེད་པར་དཀའ་བའི་ཕྱིར་རྡོ་རྗེ། ཉོན་མོངས་པའི་ཉེ་བར་གདུང་བ་

ལས་གྲོལ་བའི་ཕྱིར་ཟླ་བ། འཇིགས་པ་མེད་པའི་ཕྱིར་སེང་གེ །གཏིང་དཔག་དཀའ་བའི་ཕྱིར་ཆུའི་ཕུང་པོའོ། །དེ་ལྟར་དཔེ་སྣ་ཚོགས་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་དཔེར་བྱའོ། །དེ་ཉིད་ནི་གཅིག་པུ་སྟེ། སེམས་ཅན་ཐམས་ཅད་རྣམས་ཀྱི་དོན་བྱེད་པ་དང་། རྣམ་པར་རྟོག་པ་ཐམས་ཅད་

སྤངས་ཀྱང་། བལྟམས་པ་སྟོན་པ་དང་། ཁབ་ནས་མངོན་པར་འབྱུང་བ་དང་། གཞོན་ནུའི་རོལ་རྩེད་མཛད་པ་དང་། རྡོ་རྗེ་གདན་གྱིས་མནན་པ་དང་། བདུད་བཏུལ་བ་མཉམ་པ་མེད་པ་དང་། དམ་པའི་ཆོས་ཀྱི་འཁོར་ལོ་བསྟན་པ་དང་། ལྷ་ལས་བབས་པ་ཉམས་དགའ་བ་དང་། ཤིན་ཏུ་སྣ་ཚོགས་པའི་

ཆོ་འཕྲུལ་དང་། གླང་ཆེན་ནོར་སྐྱོང་བཏུལ་བ་དང་། སྐལ་བ་དང་ལྡན་པའི་སྐྱེ་བོ་དག་གཞུག་པ་དང་། ཕས་ཀྱི་རྒོལ་བ་ཚར་གཅད་པ་དང་། བསོད་སྙོམས་ཀྱི་ལྷུང་བཟེད་ལྟོས་པ་མེད་པ་དང་། འཇིག་རྟེན་གསུམ་གྱི་འཁོར་ལོ་འདུལ་བ་དང་། བྱང་ཆུབ་སེམས་དཔའི་རྒྱལ་ཚབ་ཉིད་དང་། ཡོངས་

སུ་མྱ་ངན་ལས་འདས་པ་དང་། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་ཆེན་པོ་སྟེ། རིགས་ཀྱི་བུ་དེ་ལྟར་འདི་ལྟ་བུའི་ཁྱད་པར་དུ་མ་རྨི་ལམ་ལྟ་བུར་སངས་རྒྱས་ཀྱི་རོལ་པ་མཆོག་སྟོན་པར་མཛད་དོ། །གྲུབ་པ་གང་ཡིན་པ་ནི་སྒྱུ་མའི་ཚུལ་གྱིས་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་དོ། །འདི་ནི་གསང་བ་

Vol. 10 · folio 365b

གསུམ་ལས་བྱུང་བའི་འབྲས་བུ་མངོན་པར་བརྗོད་པའོ། །ཡོང་ཡེ་གང་ཞིག་འཇིག་རྟེན་ལས་མ་ཆགས་པ་དེས་འདི་འགྲུབ་སྟེ། སློབ་དཔོན་འཕགས་པ་ལྷས་ཀྱང་ཐ་ན་རྒྱལ་སྲིད་ཀྱི་བདེ་བ་ལ་ཡང་མི་ཆགས་པར་བྱ་ཞེས་བཤད་ལ། དཔལ་ཤཱཀྱ་ཐུབ་པ་མངོན་པར་བསྐུལ་བ་ལས་ཀྱང་། གང་

ལྷ་རྣམས་ཀྱིས་སྨྲས་པ། ན་ཚོད་ཐོག་མར་གཟུགས་མཆོག་འཛིན་པའི་ཚེ། །ཕོངས་ཤིང་སྡུག་འདོད་འདི་ནི་བྱིས་པའི་སྤྱོད། །རྒ་ན་སྡུག་བསྔལ་གཟི་བརྗིད་ལུས་བཅོམ་ན། །རྣམ་པར་སྤོང་སྟེ་རི་དགས་ཀླུང་སྐམ་བཞིན། །ནོར་འབྲུ་དམ་པ་རྫས་མང་སྟོབས་ལྡན་ཚེ། །ཕོངས་ཤིང་སྡུག་

འདོད་འདི་ནི་བྱིས་པའི་སྤྱོད། ནོར་ཉམས་སྡུག་བསྔལ་བར་ནི་གྱུར་པའི་ཚེ། །རྣམ་པར་སྤོང་སྟེ་མི་ཡིས་འཕྲོག་སྟོང་བཞིན། །ཇི་ལྟར་མེ་ཏོག་ཤིང་དང་འབྲས་བཅས་ཤིང་། །དེ་བཞིན་སྦྱིན་འདོད་མ་ལ་དགའ་བར་བྱེད། །ནོར་ཉམས་སྡུག་བསྔལ་ཉེན་ཅིང་སྤང་པ་ན། །དེ་ཚེ་དགའ་བར་མི་

འགྱུར་བྱ་རྒོད་བཞིན། །རྫས་ལྡན་གཟུགས་མཆོག་ལྡན་ཚེ་དཔོན་པོ་བཞིན། །ཕྲད་ན་སྡུག་ཅིང་དབང་པོ་དགའ་བར་བྱེད། །རྒ་ན་སྡུག་བསྔལ་ཉེན་ཅིང་ནོར་ཟད་ན། །དེ་ཚེ་འདོད་པར་མི་འགྱུར་འཆི་བདག་བཞིན། །རྒ་བས་རྒས་བྱས་ན་ཚོད་ཡལ་འགྱུར་ན། །སྡོང་པོ་གནམ་

ལྕགས་ཀྱིས་ནི་བཅོམ་པ་བཞིན། །རྒ་བས་འཁོགས་ན་འཇིགས་བཅས་ཁང་རུལ་འདྲ། །རྒ་ལས་འབྱུང་བ་ཐུབ་པ་མྱུར་དུ་སྨྲོས། །སྐྱེས་པ་བུད་མེད་ཚོགས་རྣམས་རྒ་བས་སྐེམས། །མ་ལུའི་ཁྲི་ཤིང་སཱ་ལའི་ནགས་སྟུག་བཞིན། །ཞེས་སོ། །ཡང་གསུངས་པ།

སྲིད་གསུམ་མི་བརྟན་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །ཞེས་སོ། །ཡང་གསུངས་པ། ནད་མེད་མི་རྟག་ཚེ་རིང་རྟག་མ་ཡིན། །ལང་ཚོ་མི་རྟག་འབྱོར་པ་

རྟག་མ་ཡིན། །ཞེས་སོ། །འཕགས་པ་ཤཱ་རིའི་བུས་བཤད་པ་ལ་ཡང་། གྲོགས་དག་ཚེ་འདི་མི་རྟག་མྱུར་འགྲོ་སྟེ། །རི་གཟར་ཆུ་དག་མགྱོགས་འདྲ་ན། །བྱིས་པ་སྐྱེ་བོས་མི་ཤེས་ཏེ། །མི་མཁས་གཟུགས་ཀྱི་དྲེགས་པས་མྱོས། །ཞེས་པ་ལ་སོགས་པའོ། །འཕགས་པ་ནཱ་གཱརྫུ་ནས་ཀྱང་། །དེ་

Vol. 10 · folio 366a

ལྟར་འདི་ཀུན་མི་རྟག་བདག་མེད་དེ། །སྐྱབས་མེད་མགོན་མེད་གནས་མེད་དེ་སླད་དུ། །འཁོར་བ་ཆུ་ཤིང་སྙིང་པོ་མེད་པ་ལ། །མི་མཆོག་ཁྱོད་ཀྱི་ཐུགས་ནི་འབྱུང་བར་མཛོད། །ཅེས་བཤད་དོ། །གང་དབང་ཐོབ་པ་ཡང་སྟེ། གསང་བའི་མཛོད་ལས་གསུངས་པ། དབང་བསྐུར་ཡང་དག་སྦྱིན་ལྡན་

ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ལ་ནི། །མ་བསྒྲུབས་པར་ནི་དངོས་གྲུབ་ཐོབ། །གང་ཡང་བསྒོམ་པ་དང་ལྡན་ཞིང་། །གལ་ཏེ་དམ་ཚིག་སྡོམ་ལ་གནས། །སྐྱེ་འདིར་ལས་དབང་གིས་མ་གྲུབ། །སྐྱེ་བ་གཞན་དུ་དངོས་གྲུབ་འཐོབ། །རེ་ཞིག་དམ་ཚིག་ཉམས་པ་ལ། །དངོས་

གྲུབ་ཐོབ་པ་ལྟ་ཞོག་གི །མི་ཡི་སྐྱེ་བའང་རྙེད་པར་དཀའ། །གང་ཡང་བླ་མར་བརྒྱུད་པ་ཡི། །རིམ་འོངས་དེ་ཉིད་རིམ་པ་ཡིས། །སྒྲུབ་པོ་དེ་ཡིས་འགྲུབ་སྙམ་དགོངས། །ཞེས་སོ། །འདི་ནི་གསང་བ་གསུམ་འགྲུབ་པའི་རྒྱུའི་གཙོ་བོ་མངོན་པར་བརྗོད་པའོ། །གང་རབ་ཏུ་དགའ་བའི་ནམ་

མཁའ་ལ། །ཙནྡན་མེ་ཏོག་བུད་མེད་བཟང་། །མཐོང་བ་གང་ཚེ་འཛག་གྱུར་པ། །དེ་ཚེ་དགའ་བར་ཡང་དག་བཤད། །སེམས་ཅན་ཀུན་ལ་རྣམ་པར་གནས། །སེམས་ཅན་དེ་དག་ཀུན་གྱི་སེམས། །དཔག་དཀའ་སྐད་ཅིག་ཉིད་ལས་ཤེས། །ཞེས་གསུངས་པ་ནི་བདག་གིས་མ་བཀག་སྟེ།

ལོངས་སྤྱོད་སྤྱད་པར་མ་གསུངས་ཏེ། །འཇིགས་པའི་གཟུགས་ཀྱིས་སྤྱོད་པ་གསུངས། །ཞེས་གསུངས་ལ། ཡང་པདྨར་ཆགས་པའི་སེམས་སྤངས་ཏེ། ཞེས་རྒྱུད་དག་ལས་བཀག་པ་བསྟན་པ་དང་བཅས་པ་བརྗོད་པའི་ཕྱིར་དང་། རྒྱུད་ལས་གང་གསུངས་ལོངས་སྤྱོད་ནི་

བདག་གིས་ཀྱང་བཀག་པ་མེད་དོ། །དེ་ལྟར་གསང་ཆེན་གསུམ་གྱི་བདག །མངོན་པར་བརྗོད་ལས་བྱུང་བ་ཡི། །དགེ་བ་བདག་ལ་སྐྱེས་གྱུར་ན། །འགྲོ་བ་གསང་ཆེན་གསུམ་འཛེག་ཤོག །གསང་ཆེན་དགའ་བའི་ཐིག་ལེ་ཞེས་བྱ་བ། སློབ་དཔོན་ཡུ་སོ་མ་པུ་རིར་བྱུང་བའི་དགེ་སློང་དཔལ་

ལྡན་བྱང་ཆུབ་བཟང་པོའི་བླ་མ། དཔལ་མ་ཧཱ་མ་ཏིའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་སློབ་དཔོན་ཨཱ་ཙརྱ་དུ་ལོ་པ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words