བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད
Sanskrit title (Tibetan script, as in the text) བི་མ་ལ་པྲ་བྷཱ་ནཱ་མ་མཱུ་ལ་ཏནྟྲཱ་ནུ་སཱ་རི་ཎཱི་དྭཱ་ད་ཤ་སཱ་ཧ་སྲི་ཀཱ་ལ་གྷུ་ཀཱ་ལ་ཙཀྲ་ཏནྟྲ་རཱ་ཛ་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 11 · folio 135b
འཕགས་པའི་ཡུལ་འདིར་སྒྲ་སྨྲ་བ་པོ་མུ་སྟེགས་པ་མཁས་པའི་མངོན་པའི་ང་རྒྱལ་དང་ལྡན་པ་རྣམས་མཐོང་ནས། ཇི་ལྟར་བྲམ་ཟེ་དང་ཁྱབ་འཇུག་པ་དང་ཞི་བ་པ་ལ་སོགས་པ་རྣམས་ཀྱི་འདོད་པའི་ལྷ་ཚངས་པ་དང་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ལེགས་པར་སྦྱར་བ་སྨྲ་
བ་པོ་ཡིན་པ་དེ་བཞིན་དུ་བདག་ཅག་གི་འདོད་པའི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལེགས་པར་སྦྱར་བ་སྨྲ་བ་པོ་ཡིན་ནོ་ཞེས་པ་ནི་སངས་རྒྱས་པ་བྱིས་པའི་བློ་ཅན་རྣམས་ཀྱི་བསམ་པ་སྟེ། འདིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་མཁྱེན་པའི་
སྐད་མེད་པར་ལེགས་པར་སྦྱར་བའི་སྐད་ཉི་ཚེ་བ་འདིས་མ་ཡིན་ཏེ་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་སྟོན་པར་བྱེད་པ་པོ་དང་ཡང་དག་པར་སྡུད་པར་བྱེད་པ་པོ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ལྷའི་སྐྱེ་བ་དང་འབྲེལ་པ་ཉི་ཚེ་བས་མ་ཡིན་ཏེ་
སེམས་ཅན་སྣ་ཚོགས་ཀྱི་སྐད་ཀྱིས་ཆོས་སྟོན་པ་པོ་ཡིན་པའི་ཕྱིར་རོ། །སྔགས་ཀྱི་ཚུལ་འདི་ལ་ཨེ་ཝཾ་ཉིད་མིང་མ་ཡིན་ཏེ་དངོས་པོ་གཅིག་ལ་ཡང་མིང་དུ་མའོ། །མིང་མང་པོ་ཉིད་ཀྱི་ཕྱིར་མིང་གཅིག་ཁོ་ན་གཙོ་བོ་མ་ཡིན་ཏེ་མིང་ཐམས་ཅད་ཀྱིས་དངོས་པོ་གཅིག་གོ་བར་བྱེད་པའི་
ཕྱིར་རོ། །དཔེར་ན་བུད་མེད་དང་མི་མོ་དང་ན་ཆུང་མ་རྣམས་ལས་བུད་མེད་གཅིག་པུ་གཙོ་བོའི་མིང་མ་ཡིན་ཏེ་ཐམས་ཅད་ཀྱིས་ནུ་མ་དང་སྐྲར་ལྡན་པའི་དངོས་པོ་གོ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཨེ་ཡིག་དང་གསང་བ་དང་པདྨ་དང་ཆོས་འབྱུང་དང་ནམ་མཁའི་ཁམས་དང་། བདེ་
བ་ཆེན་པོའི་གནས་དང་། སེང་གེའི་ཁྲི་དང་། བྷ་ག་དང་། གསང་བའི་མིང་རྣམས་ཀྱི་ནང་ནས་ཨེ་ཡིག་གཅིག་པུ་གཙོ་བོའི་མིང་མ་ཡིན་ཏེ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་གོ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཝཾ་ཡིག་དང་། བདེ་བ་ཆེན་པོ་དང་ཆགས་
པ་ཆེན་པོ་དང་ལྷན་ཅིག་སྐྱེས་པ་དང་མཆོག་ཏུ་མི་འགྱུར་བ་དང་། ཐིག་ལེ་དང་དེ་ཉིད་དང་ཡེ་ཤེས་དང་། རྣམ་པར་དག་པའི་སེམས་ཀྱི་མིང་རྣམས་ཀྱི་ནང་ནས་ཝཾ་ཡིག་གཅིག་པུ་གཙོ་བོའི་མིང་མ་ཡིན་ཏེ་ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ་འགྱུར་བ་མེད་པའི་
Vol. 11 · folio 136a
བདེ་བ་གོ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཨེ་ཡིག་དང་ཝྃ་ཡིག་དག་གིས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་ཆོས་ཐམས་ཅད་ལ་དམིགས་པ་མེད་པའི་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་དངོས་པོ་གོ་བར་བྱེད་པའི་ཕྱིར། ཨེ་ཝྃ་གི་
ཡི་གེ་དང་། རྡོ་རྗེ་སེམས་དཔའ་དང་། བྱང་ཆུབ་ཀྱི་སེམས་དང་། དུས་ཀྱི་འཁོར་ལོ་དང་། དང་པོའི་སངས་རྒྱས་དང་། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དང་། རྣལ་འབྱོར་དང་། ཤེས་པ་དང་ཤེས་བྱའི་བདག་ཉིད་དང་། གཉིས་སུ་མེད་པ་དང་། ཐོག་མ་དང་ཐ་མ་
མེད་པ་དང་། ཞི་བ་དང་། འདུས་པ་དང་། སྡོམ་པ་སྟེ། དེ་ལྟ་བུ་ལ་སོགས་པའི་མིང་དུ་མ་རྣམས་ཀྱིས་རྣལ་འབྱོར་པས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་གཉིས་སུ་མེད་པའི་རྣལ་འབྱོར་རིགས་མེད་པ་རྟོགས་པར་བྱའོ། །འདིར་འདུས་པ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་
པོ་ལ་རྒྱུད་ཀྱི་དང་པོར་ཨེ་ཡིག་དང་ཝྃ་ཡིག་བཅོམ་ལྡན་འདས་ཀྱིས་ངེས་པའི་ཚིག་གི་ཚུལ་གྱིས་ངེས་པར་བསྟན་ཞིང་སྡུད་པར་བྱེད་པ་པོ་རྣམས་ཀྱིས་ཀྱང་རྒྱུད་ཀྱི་དང་པོར་བྲིས་པ་གང་ཡིན་པ་དེ་ནི་ལྷ་རྣམས་ལྷའི་སྐད་ཀྱིས་ཡོངས་སུ་སྨིན་པར་བྱ་བའི་སླད་དུའོ། །དེའི་ཕྱིར་འདུས་པ་ལ་
སོགས་པའི་རྒྱུད་ཀྱི་རྒྱལ་པོ་ལ་ཡི་གེ་གཉིས་པོ་འདི་དབྱི་བར་མི་འདོད་དེ་ཡི་གེ་གཉིས་པོ་འདི་བཅོམ་ལྡན་འདས་ཀྱིས་རྐན་ལ་སོགས་པས་མ་གསུངས་པ་ཡང་མ་ཡིན་ལ་སྡུད་པར་བྱེད་པ་པོ་རྣམས་ཀྱིས་མ་ཐོས་པར་བྲིས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ཡི་གེ་གཉིས་པོ་འདིའི་ངེས་པའི་
དོན་བརྗོད་པར་བྱ་སྟེ་དང་པོར་ཨ་ཡིག་ནམ་མཁའི་ཁམས་དང་གསང་བའི་པདྨའོ། །དེའི་འོག་ཏུ་རྣམ་པར་བཅད་པ་ཉི་མ་དང་རྡུལ་ལོ། །དེའི་འོག་ཏུ་ཨ་ཡིག་སྒྲ་གཅན་དང་རྣམ་པར་ཤེས་པ་བདེ་བས་བྱིན་གྱིས་བརླབས་པའོ། །དེའི་འོག་ཏུ་རྗེས་སུ་ང་རོ་ཟླ་བ་དང་ཁུ་བའོ། །
ཨ་ཡིག་ནམ་མཁའི་ཁམས་དང་སྒྲ་གཅན་རྣམ་ཤེས་འདི་གཉིས་ཀྱི་བར་དུ་རྣམ་པར་བཅད་པ་ཉི་མ་དང་རྡུལ་ནི་ཨུ་ཉིད་འཐོབ་སྟེ། དེའི་ཕྱིར་རྣམ་པར་བཅད་པ་ཉི་མ་དང་རྡུལ་ཨུ་ཉིད་ཐོབ་པར་གྱུར་པ་ན་དོན་དམ་པའི་བདེན་པ་ལས་ཡོན་ཏན་མེད་དོ། །ཡོན་ཏན་མེད་པའི་ཕྱིར་ཡ་ཎར་
Vol. 11 · folio 136b
བསྒྱུར་བར་འགྱུར་ཏེ་ཕྱི་མའི་ཨ་ཡིག་སྒྲ་གཅན་དང་རྣམ་པར་ཤེས་པ་དང་ལྷན་ཅིག་ཝ་ཉིད་དོ། །རྗེས་སུ་ང་རོ་ཟླ་བ་དང་ཁུ་བ་དང་ཡང་དག་པར་སྦྱར་ཏེ་དེའི་ཕྱིར་ཝྃ་ཡིག་གོ། །དེ་བཞིན་དུ་དང་པོའི་ཨ་ཡིག་ནམ་མཁའི་ཁམས་དང་གསང་བའི་པདྨ་ནི་བདུན་པའི་མཐའ་ཅན་ཏེ། ཨ་
ཡིག་ཕ་རོལ་གྱི་ཨི་ཡིག་དང་ལྷན་ཅིག་ཡོན་ཏན་དང་ལྡན་པར་འགྱུར་ཏེ། དེའི་ཕྱིར་ཨེ་ཡིག་གོ། །ཨེ་ཡིག་ནམ་མཁའི་ཁམས་རྟེན་འདིའི་དབུས་སུ་ཝྃ་ཡིག་རྣམ་པར་བཅད་པ་དང་། ཨ་ཡིག་དང་རྗེས་སུ་ང་རོ་དང་ཉི་མ་དང་སྒྲ་གཅན་དང་ཟླ་བ་དང་རྡུལ་དང་ཀུན་གཞིའི་རྣམ་
པར་ཤེས་པ་དང་ཁུ་བའི་བདག་ཉིད་རྟེན་པ་ཡིན་པར་ཕྱི་དང་ལུས་དང་གཞན་ལ་ཡང་རྟོགས་པར་བྱའོ། །འདིར་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཨེ་ཡིག་མཁའ་ཁམས་དབུས་སུ་ནི། །སངས་རྒྱས་ཀུན་གྱི་བདེ་བ་ལེན། །ཝྃ་ཞིག་རྡོ་རྗེ་སེམས་དཔའ་
འདི། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ལས། །ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་རྡུལ་ཉི་གསུང་། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་གྱིས། །སྐུ་གསུང་ཐུགས་ཀྱི་
དཀྱིལ་འཁོར་ལ། །སྐུ་གསུང་ཐུགས་དང་ཆགས་པ་ཡིས། །སྲིད་གསུམ་བདག་ཉིད་དག་ལ་གནས། །ཞེས་སོ། །རྒྱུ་འདིས་ལྷ་རྣམས་ཡོངས་སུ་སྨིན་པར་བྱ་བ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཐོབ་པར་བྱ་བའི་སླད་དུ་དེ་བཞིན་གཤེགས་པས་འདུས་
པ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོ་རྣམས་ལ་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་བཞུགས་པའི་གནས་ངེས་པར་བསྟན་པ་གསུངས་སོ། །དངོས་པོ་གང་ཞིག་དཔལ་འདུས་པ་ལ་སོགས་པར་ཨེ་བྃ་ཞེས་པའི་མིང་འདིས་བརྗོད་པའི་དངོས་པོ་དེ་ཉིད་མངོན་པར་བརྗོད་པ་འབུམ་
པ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོ་རྣམས་སུ་གསང་བ་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པས་བསྟན་ཏོ། །དེ་ཡང་བླ་མའི་མན་ངག་ལས་རྒྱུད་དང་རྒྱུད་གཞན་དུ་དགོངས་པའི་སྐད་ཀྱིས་རྟོགས་པར་བྱའོ། །འདིར་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་
Vol. 11 · folio 137a
པ། དགོངས་པའི་སྐད་དང་དེ་བཞིན་མིན། །ཇི་བཞིན་སྒྲ་དང་དེ་བཞིན་མིན། །དྲང་བའི་དོན་དང་ངེས་དོན་ཏེ། །རྒྱུད་ནི་མཐའ་དྲུག་མཚན་ཉིད་དོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་མིང་གཅིག་ནི་གཙོ་བོ་མ་ཡིན་ནོ། །སྔགས་ཀྱི་ཐེག་པ་འདི་ལ་
ཡིད་ཆེས་པ་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དང་པོར་རེ་ཞིག་རྒྱུད་ལས་ཡིད་ཆེས་པ་དང་། དེ་ནས་བླ་མ་ལས་ཡིད་ཆེས་པ་དང་། དེ་ནས་བདག་ཉིད་ལས་ཡིད་ཆེས་པ་སྟེ། ཡིད་ཆེས་པ་འདི་གསུམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡོངས་
སུ་དག་པར་འགྱུར་རོ། །རྣམ་པ་གཞན་དུ་ཡིད་ཆེས་པ་གསུམ་མེད་པར་ལམ་གང་བླ་མས་སློབ་མ་ལ་བསྟན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བར་བྱེད་པ་པོར་མི་འགྱུར་ཏེ་སློབ་མའི་དད་པ་དམན་པ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཀྱི་བདེན་པས་འཇིག་རྟེན་པའི་འབྲས་
བུར་འགྱུར་རོ། །འདིར་རྒྱུད་དང་རྒྱུད་གཞན་དུ་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་མཛད་དེ་རྣམ་པར་རྟོག་པ་དང་བྲལ་བའི་སེམས་སུ་བྱས་ནས་ཉི་མ་གཅིག་མཚན་མ་ཡོངས་སུ་བརྟག་པར་བྱའོ། །གལ་ཏེ་རྒྱུད་ལས་གསུངས་པའི་ཆོ་ག་དང་བླ་མའི་མན་ངག་གིས་སློབ་མ་ཡིད་
ཆེས་པར་མ་གྱུར་པ་དེ་ལྟ་ན་བཅོམ་ལྡན་འདས་བརྫུན་གསུང་བར་འགྱུར་རོ། །ཅི་སྟེ་བླ་མ་རྒྱུད་ནས་གསུངས་པའི་ཆོ་གས་སློབ་མ་ལ་ལམ་སྟེར་བ་པོར་མ་གྱུར་པ་དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་བརྫུན་དུ་མི་འགྱུར་ཏེ་བླ་མས་ལམ་ཡོངས་སུ་མི་ཤེས་པའི་ཕྱིར་དང་
ཕྱིན་ཅི་ལོག་དང་རྣམ་པར་མ་དག་པའི་ལམ་བསྒོམ་པ་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདིར་དུ་བ་ལ་སོགས་པའི་མཚན་མ་བོར་ནས་གཞན་དཀྱིལ་འཁོར་གྱི་འཁོར་ལོ་སྒྲུབ་པའི་མཚན་མ་ཉི་མ་གཅིག་ཡོངས་སུ་བརྟག་པར་བྱ་བ་མ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་
སོ། །འདིར་རིགས་གསུམ་གྱི་བདག་ཉིད་ཀྱི་རྒྱུད་ཀྱི་རྒྱལ་པོ་ལ་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་ཞལ་གསུམ་པ་བརྗོད་པར་བྱ་བའོ། །རིགས་བཞིའི་བདག་ཉིད་ལ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་ཞལ་བཞི་པ་བརྗོད་པར་བྱ་བའོ། །རང་
Vol. 11 · folio 137b
བཞིན་གྱི་རིགས་གཅིག་དང་ལྷན་ཅིག་རིགས་བཞིའི་བདག་ཉིད་ཅན་གྱི་རྒྱུད་དང་བརྗོད་པར་བྱ་བར་འགྱུར་རོ། །དེ་བཞིན་དུ་རིགས་ལྔའི་བདག་ཉིད་རང་བཞིན་གྱི་གཅིག་དང་ལྷན་ཅིག་རིགས་དྲུག་གི་བདག་ཉིད་དུ་འགྱུར་རོ། །འདིར་རིགས་བཞིའི་བདག་ཉིད་ཀྱི་རྒྱུད་ལ་རིགས་བཞིའི་
བདག་ཉིད་བརྗོད་པར་བྱ་བ་སྟེ་ཉི་མ་དང་ཟླ་བ་དང་སྒྲ་གཅན་དང་མེ་དང་རྡུལ་དང་ཁུ་བ་དང་སེམས་དང་ཡེ་ཤེས་གཅིག་ཏུ་སྦྱོར་བའོ། །འདིར་མཚན་ཡང་དག་པར་བརྗོད་པའི་སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པ་ལས་ཚིགས་སུ་བཅད་པ་སུམ་ཅུ་རྩ་གསུམ་པ་ལ་སོགས་པ་
གསུམ་གྱིས་རྡོ་རྗེའི་རྣལ་འབྱོར་གསལ་བར་དེ་བཞིན་གཤེགས་པས་གསུངས་པ་འདི་ལྟ་སྟེ། རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །
སངས་རྒྱས་བརྗོད་པའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིགས་སྔགས་འཛིན། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །འགྱུར་མེད་མཆོག་སྟེ་རྣམ་པར་
དག །ཅེས་སོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་རིགས་བཞིའི་བདག་ཉིད་བརྗོད་པར་བྱ་བ་སྟེ་རྡོ་རྗེ་སེམས་དཔའ་རྣམ་པར་དག་པ་དང་ཆོས་དང་སྔགས་དང་དབྱིབས་ཀྱི་བདག་ཉིད་ཅན་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའོ། །དེ་ལྟར་ཕུང་པོ་དང་ཁམས་ཀྱི་དབྱེ་བས་རིགས་
ལྔའི་བདག་ཉིད་དེ། དེ་བཞིན་དུ་སྒྱུ་འཕྲུལ་དྲ་བ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། གདོང་ལྔ་ཟུར་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་འཆང་། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །ཅེས་སོ། །
དེ་བཞིན་དུ་ཕུང་པོ་དང་། ཁམས་ཀྱི་དབྱེ་བས་རིགས་དྲུག་གི་བདག་ཉིད་ཀྱི་བརྗོད་པར་བྱ་བ་དང་། དེ་བཞིན་དུ་ཞལ་གྱི་དབྱེ་བས་རིགས་བརྒྱའི་བདག་ཉིད་ཀྱང་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཐའི་ཚིགས་སུ་བཅད་པའི་རྐང་པ་དང་ལྷན་ཅིག་མེ་ལོང་ལྟ་
Vol. 11 · folio 138a
བུའི་ཡེ་ཤེས་ལ་བསྟོད་པའི་ཚིགས་སུ་བཅད་པ་དང་པོས་གསུངས་པ་འདི་ལྟ་སྟེ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཧ་ལཱ་ཧ་
ལ་གདོང་བརྒྱ་པ། །ཞེས་སོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར། རྒྱུད་དང་རྒྱུད་གཞན་དག་ཏུ་བརྗོད་པར་བྱ་བ་ནི་ཞལ་གསུམ་པ་དང་། ཞལ་བཞི་པ་དང་། ཞལ་ལྔ་པ་དང་། ཞལ་དྲུག་པ་དང་། ཞལ་བརྒྱ་པར་རྟོགས་པར་བྱའོ། །འདིར་འདུས་པ་ལ་
སོགས་པར་གནས་གང་ཞིག་བཅོམ་ལྡན་འདས་ཀྱིས་ཨེ་ཡིག་གིས་གསུངས་པའི་གནས་དེ་ཉིད་མངོན་པར་བརྗོད་པ་འབུམ་པ་ལ་སོགས་པར་གསང་བ་ལ་སོགས་པའི་སྒྲས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །བརྗོད་པར་བྱ་བ་རྡོ་རྗེ་སེམས་དཔའ་གང་ཞིག་ཝྃ་ཡིག་གིས་
གསུངས་པ་དེ་ཉིད་བདེ་བ་ཆེན་པོའི་སྒྲས་གསུངས་སོ། །དེ་ལྟར་གསུངས་པའི་རིམ་པས་རིགས་བཞིའི་བདག་ཉིད་དང་རིགས་དྲུག་གི་བདག་ཉིད་ཅན་མཆོག་གི་དང་པོའི་སངས་རྒྱས་ལ་རིག་བཞིའི་བདག་ཉིད་དང་རིགས་དྲུག་གི་བདག་ཉིད་བརྗོད་པར་བྱ་བ་ཡིན་ནོ། །ཐམས་
ཅད་མཁྱེན་པ་ཞེས་པ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་གསུམ་གྱིས་བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་བདེ་བ་ཆེན་པོའོ། །འདིར་སེང་གེའི་ཁྲིའི་སྒྲས་ནམ་མཁའི་ཁམས་རྣམ་པ་ཐམས་ཅད་པ་སྟེ་སེང་གེའི་ཁྲི་དེ་ལ་
བཞུགས་པའོ། །སངས་རྒྱས་ཞེས་པ་ནི་རྡོ་རྗེ་སེམས་དཔའོ། །རྣལ་འབྱོར་ཞེས་པ་ནི་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བའོ། །རྣལ་འབྱོར་འདི་མཚན་ཡང་དག་པར་བརྗོད་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་བསྟོད་པ་ལས་ཚིགས་སུ་བཅད་པ་བཅུ་བཞིས་
ཡང་དག་པར་བརྗོད་པ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །སྲོག་ཆེན་པོ་ནི་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་
Vol. 11 · folio 138b
ཀྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པ་ལ་སོགས་པ་ནས། མགོན་པོ་རིགས་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པའི་མཐར་ཐུག་
པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལ་བརྗོད་པར་བྱ་བ་འདི་ཆུང་ངུ་དང་འབྲིང་དང་ཆེན་པོའི་སེམས་ཅན་གྱི་བསམ་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བརྗོད་དོ། །དེ་བཞིན་དུ་སྟོང་པ་ཡེ་ཤེས་ཞེས་པ་ལ་སོགས་པ་ཡི་གེ་བཅུ་བཞིས་རིགས་དྲུག་གི་བདག་ཉིད་བརྗོད་པར་བྱ་བ་
དེ་ཉིད་མཚན་ཡང་དག་པར་བརྗོད་པའི་བྱ་བ་གྲུབ་པའི་ཡེ་ཤེས་ལ་བསྟོད་པ་ལས་ཀྱང་ཚིགས་སུ་བཅད་པ་གཉིས་པས་ཡང་དག་པར་བསྡུས་ཏེ་གསུངས་པ་འདི་ལྟ་སྟེ། གསང་སྔགས་དོན་ཀུན་བསྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་
སྟོང་པ་ཡི་གེ་དྲུག །ཅེས་སོ། །དེས་ན་མིང་མཐའ་ཡས་པ་དག་གིས་ཆོས་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་འདི་དེ་བཞིན་གཤེགས་པས་གསུངས་པ་ཡིན་ལ། གསང་བ་ཞེས་པ་ལ་སོགས་པ་དང་
ཐམས་ཅད་མཁྱེན་པ་ཞེས་པ་ལ་སོགས་པས་བསྟན་པ་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ་ཞེས་བྱ་བ་སངས་རྒྱས་པ་རྣམས་ཀྱིས་བརྗོད་པར་མི་བྱ་སྟེ། རང་གི་གྲུབ་པའི་མཐའ་དང་གཞན་གྱི་གྲུབ་པའི་མཐའ་ལ་སྐྱོན་འཛིན་ན་རྩ་བའི་ལྟུང་བ་དྲུག་པར་འགྱུར་རོ། །
དེའི་ཕྱིར་རྒྱུད་གཞན་ལ་སྔ་མ་དང་ཕྱི་མར་འབྲེལ་པ་ཤེས་ནས་ཡོན་ཏན་དང་སྐྱོན་རྟོགས་པར་བྱ་བའོ། །རྣམ་པ་གཞན་དུ་ན་གདུག་པའི་སློབ་དཔོན་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱི་རོལ་དུ་གྱུར་པ་ཡུལ་དང་དབང་པོའི་ཉེ་བར་ལོངས་སྤྱོད་པ་ལ་ཆགས་ཤིང་བརྫུན་དུ་སྨྲ་བ་རྣམས་
མ་མཐོང་བའི་སྐྱོན་བཟུང་བ་ལས་མནར་མེད་པར་འགྲོ་བར་འགྱུར་རོ། །དེ་ལྟར་བརྗོད་པའི་རིམ་པ་ལུང་དང་རིགས་པ་དམ་པས་སྔ་མ་དང་ཕྱི་མ་མི་འགལ་བར་ཐམས་ཅད་མཁྱེན་པ་ཞེས་པ་ལ་སོགས་པས་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་
Vol. 11 · folio 139a
ཡང་དག་པར་བསྟན་ཏོ། །འདིར་འགའ་ཞིག་ལ་ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་ཉིད་སངས་རྒྱས་བཅོམ་ལྡན་འདས་མ་ཡིན་ནམ། མིང་གཉིས་ཀྱིས་དངོས་པོ་གཅིག་གོ་བར་བྱེད་པའི་ཕྱིར་རོ། །སངས་རྒྱས་ཞེས་པ་ཟློས་པའི་ཚིག་འདི་བཅོམ་ལྡན་
འདས་ཀྱིས་ཅིའི་དོན་དུ་གསུངས་ཞེས་པའི་བསམ་པ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱའོ། །འདིར་ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་ཉིད་སངས་རྒྱས་བཅོམ་ལྡན་འདས་ཞེས་པའི་ཚིག་འདི་ནི་བདེན་ཏེ། འོན་ཀྱང་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་གཞན་
ཡང་བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བརྟགས་པས་དེ་དག་གི་ཐམས་ཅད་མཁྱེན་པ་ཉིད་གསལ་བར་བྱ་བའི་སླད་དུ་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་གསུངས་ཏེ། ཁམས་གསུམ་པོ་འདི་ན་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ཀྱི་
ནང་ན་གང་ཞིག་ཆོས་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་སྟོན་པར་བྱེད་པ་པོ་ཐམས་ཅད་མཁྱེན་པ་གཞན་ནི་མེད་དོ། །འདིར་དེ་དག་གི་ནང་ན་ཆོས་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་སྟོན་པར་བྱེད་པ་པོའི་ཐམས་ཅད་མཁྱེན་པ་ཅིའི་ཕྱིར་མེད་ཅེ་ན། བརྗོད་པར་བྱ་སྟེ། ཁྱབ་
འཇུག་དང་དྲག་པོ་ལ་སོགས་པ་རྣམས་འགྲོ་བ་དྲུག་གི་འཁོར་བ་འདིར་ལྷའི་སྐྱེ་བར་སྐྱེས་པ་ཉིད་ཀྱི་ཕྱིར་དང་། སངས་རྒྱས་བཅོམ་ལྡན་འདས་འཁོར་བའི་ཕ་རོལ་གྱི་མཐར་རྣམ་པར་གནས་པ་ཉིད་ཀྱི་ཕྱིར་རོ། །འདིར་དེ་བཞིན་གཤེགས་པས་མཚན་ཡང་དག་པར་བརྗོད་པའི་
ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ལ་བསྟོད་པ་ལས་ཚིགས་སུ་བཅད་པ་བཅུ་གསུམ་པས་གསུངས་པ་འདི་ལྟ་སྟེ། འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པ་སྐམ་སར་གནས། །ཤེས་པ་འབའ་ཞིག་ངེས་གསལ་བ། །ཤེས་རབ་མཚོན་ཆས་རྣམ་
འཇོམས་པ། །ཞེས་སོ་དེའི་ཕྱིར་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་ཏེ་སངས་རྒྱས་ཞེས་པ་ཟློས་པའི་ཚིག་ཏུ་མི་འགྱུར་རོ། །ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་ཉིད་ཡེ་ཤེས་སྐུ་མ་ཡིན་ནམ། བཅོམ་ལྡན་འདས་ཀྱིས་ཡེ་ཤེས་སྐུ་ཞེས་ཟློས་པ་ཅིའི་དོན་དུ་
Vol. 11 · folio 139b
གསུངས་ཤེ་ན། དེ་ཉིད་བརྗོད་པར་བྱ་སྟེ། འདིར་ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་ཉིད་ཡེ་ཤེས་སྐུ་ཞེས་པ་དེ་ནི་བདེན་ཏེ། འོན་ཀྱང་སངས་རྒྱས་གཞན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡང་ཡོད་པས་དེ་དག་གི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་བསལ་བར་བྱ་བའི་སླད་
དུ་ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ་ཞེས་བཅོམ་ལྡན་འདས་ཀྱིས་ཟློས་པ་གསུངས་སོ། །འདིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནང་ན་ཡེ་ཤེས་སྐུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པ་ནི་
འགའ་ཡང་མེད་དོ། །འདིར་ཅིའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནང་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པ་འགའ་ཡང་མེད་ཅེ་ན། བརྗོད་པར་བྱ་སྟེ། འདིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་
གནས་པའི་ཕྱིར་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ལྷག་མ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པའི་སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པ་ལས་ཚིགས་སུ་བཅད་པ་བཅུ་གཅིག་པས་
གསུངས་པ་འདི་ལྟ་སྟེ། ལྷག་མ་ཀུན་ལས་རྣམ་གྲོལ་ཞིང་། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །ཅེས་སོ། །དེའི་ཕྱིར་ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་ཡང་དག་པར་རྫོགས་པའི་
སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ་ཞེས་བཅོམ་ལྡན་འདས་ཀྱིས་ཟློས་པ་གསུངས་སོ། །གང་ཡེ་ཤེས་སྐུ་ཡིན་པ་དེ་ཉིད་མི་ཤེས་པའི་མུན་པ་འཇོམས་པར་བྱེད་པའི་ཕྱིར་ཉིན་མོར་བྱེད་པའི་སྐུ་མ་ཡིན་ནམ། བཅོམ་ལྡན་འདས་ཀྱིས་ཉིན་མོར་བྱེད་པའི་སྐུ་ཞེས་ཟློས་
པ་ཅིའི་དོན་དུ་གསུངས་ཞེས་འགའ་ཞིག་སྨྲ་བར་འགྱུར་བ་དེའི་ཕྱིར་བརྗོད་པར་བྱ་སྟེ། འདིར་གང་ཡེ་ཤེས་སྐུ་ཡིན་པ་དེ་ཉིད་མི་ཤེས་པའི་མུན་པ་འཇོམས་པར་བྱེད་པའི་ཕྱིར་ཉིན་མོར་བྱེད་པའི་སྐུའོ་ཞེས་པའི་ཚིག་འདི་ནི་བདེན་ཏེ། འོན་ཀྱང་སངས་རྒྱས་པ་གཞན་རྣམ་པར་
Vol. 11 · folio 140a
ཤེས་པར་སྨྲ་བ་ཡང་ཡོད་པས་དེ་དག་གི་རྣམ་པར་ཤེས་པའི་ཆོས་ཉིད་བསལ་བར་བྱ་བའི་སླད་དུ་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་ཉིན་མོར་བྱེད་པའི་སྐུ་ཟློས་པ་གསུངས་སོ། །
འདིར་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱི་ནང་ན་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པ་ནི་འགའ་ཡང་མེད་དོ། །འདིར་ཅིའི་ཕྱིར་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱི་ནང་ན་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ་ཡང་དག་པར་རྫོགས་པའི་སངས་
རྒྱས་སུ་གྱུར་པ་འགའ་ཡང་མེད་ཅེ་ན། བརྗོད་པར་བྱ་སྟེ། འདིར་རྣམ་པར་ཤེས་པར་སྨྲ་བ་རྣམས་རྣམ་པར་ཤེས་པའི་ཆོས་ལ་གནས་པའི་ཕྱིར་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའི་ཕྱིར་རོ། །དེ་ལྟར་ཡང་དེ་བཞིན་
གཤེགས་པས་མཚན་ཡང་དག་པར་བརྗོད་པའི་སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པ་ལས་ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་པས་གསུངས་པ་འདི་ལྟ་སྟེ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་
གྲུབ། །དུས་གསུམ་སངས་རྒྱས་སྐུ་འཆང་བ། །ཞེས་སོ། །དེའི་ཕྱིར་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བཅོམ་ལྡན་འདས་ཀྱིས་ཟློས་པ་གསུངས་སོ། །འདིར་འགའ་ཞིག་ལ་རྒྱུད་ཀྱི་བརྗོད་པར་བྱ་བ་ཡེ་ཤེས་ཀྱི་སྐུ་གང་
ཡིན་པ་དེ་ནི་གཟུགས་ཅན་མ་ཡིན་པ་ཡིན་ལ་པདྨའི་འདབ་མ་རྒྱས་པའི་སྤྱན་གང་ཡིན་པ་དེ་ནི་གཟུགས་ཅན་མ་ཡིན་ནམ། ཅིའི་དོན་དུ་པདྨའི་འདབ་མ་རྒྱས་པའི་སྤྱན་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་པའི་བསམ་པ་འབྱུང་བར་འགྱུར་བ་དེའི་ཕྱིར་བརྗོད་པར་བྱ་སྟེ།
འདིར་བྱིས་པའི་སྐྱེ་བོ་དག་གིས་པདྨའི་འདབ་མ་རྒྱས་པའི་སྤྱན་རྒྱུད་ཀྱི་བརྗོད་པར་བྱ་བ་གཟུགས་ཅན་དུ་བརྗོད་པ་གང་ཡིན་པ་དེ་ནི་མ་ཡིན་ཏེ། འདིར་ངེས་པའི་དོན་དུ་པདྨའི་སྒྲས་ནམ་མཁའི་ཁམས་བརྗོད་དོ། །པདྨ་ནམ་མཁའི་ཁམས་དེ་ལ་པདྨའི་འདབ་མ་རྣམས་
Vol. 11 · folio 140b
བཞིན་དུ་རིགས་བརྒྱ་རིང་བའི་ངོ་བོ་ཉིད་ཀྱིས་གནས་པའི་སེམས་ཅན་རྣམས་སོ། །པདྨའི་འདབ་མ་དེ་དག་གི་མཐའ་ཇི་སྲིད་པར་བཅོམ་ལྡན་འདས་གང་གི་སྤྱན་བརྒྱ་རྒྱས་པ་དེ་ནི་པདྨའི་འདབ་མ་རྒྱས་པའི་སྤྱན་ནོ། །འདིར་བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་
པའི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པ་ལས་ཚིགས་སུ་བཅད་པ་དྲུག་པས་གསུངས་པ་འདི་ལྟ་སྟེ། རྡོ་རྗེ་འབར་བ་མིག་མི་བཟད། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ཅེས་སོ། །བཅོམ་ལྡན་
འདས་ཀྱི་གསུང་འདིའི་ཕྱིར་པདྨའི་འདབ་མ་རྒྱས་པའི་སྤྱན་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནི་གཟུགས་དང་བྲལ་བ་ཡིན་ནོ། །སངས་རྒྱས་དེ་སེང་གེའི་ཁྲི་ལ་བཞུགས་པ་སྟེ་སེང་གེའི་ཁྲི་ནི་མཁའ་ཁམས་ཡིན་ལ་གཞན་ཡང་སེང་གེའི་ཁྲི་ནི་ཟླ་བ་དང་ཉི་མ་
དང་མེའི་དཀྱིལ་འཁོར་ཏེ་དེ་ལ་བཞུགས་པ་ནི་སེང་གེའི་ཁྲི་ལ་བཞུགས་པའོ། །འདིར་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཨེ་གསང་མཁའ་ཁམས་བྷ་ག་འམ། །ཆོས་འབྱུང་ཆུ་སྐྱེས་སེང་གེའི་ཁྲིར། །བཞུགས་པའི་རྡོ་རྗེ་ཅན་ཝྃ་དང་། །རྡོ་
རྗེ་ཅན་དང་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །ཧེ་རུ་ཀ་དང་དུས་འཁོར་དང་། །དང་པོའི་སངས་རྒྱས་ལ་སོགས་མཚན། །སྣ་ཚོགས་ཡུལ་གྱི་མིང་རྣམས་ཀྱིས། །རྒྱུད་གཞན་དག་ཏུ་བདག་གིས་བརྗོད། །སྣ་ཚོགས་སེམས་ཅན་བསམ་
པས་ཀྱང་། །རྟེན་གྱི་མཚན་ཉིད་གནས་དང་ནི། །རྟེན་པ་དག་ཀྱང་བདག་གིས་བརྗོད། །ཀུན་མཁྱེན་སྟོན་པ་རྡོ་རྗེ་འཛིན། །སངས་རྒྱས་སེང་གེའི་ཁྲི་ལ་བཞུགས། །ཟླ་བཟང་ཁྱོད་ཀྱིས་གསོལ་བཏབ་པ། །དུས་ཀྱི་འཁོར་ལོའི་སྟོན་པ་པོ། །ཞེས་སོ། །
དེའི་ཕྱིར་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པ་པོ་ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱི་སྟོན་པ་མཆོག་གི་ཐུགས་རྗེ་ཅན་རྒྱུ་མེད་པར་མཉེས་གཤིན་པ་སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བའོ། །དེས་ན་
Vol. 11 · folio 141a
ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ཀྱི་ཡང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་རྣམས་ལ་མཐའ་ཡས་པ་མཐའ་ཡས་པའི་
སྐད་ཀྱིས་ཅིག་ཅར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པ་པོ་གཞན་ནི་འགའ་ཡང་མེད་དོ། གང་གི་ཕྱིར་ལྷའི་སྐྱེ་བ་གཅིག་པུ་ཉི་ཚེ་བར་སྐྱེས་པའི་ཕྱིར་དང་ལེགས་པར་སྦྱར་བ་གཅིག་པུ་ཉི་ཚེ་བ་སྨྲ་བའི་ཕྱིར་དེ་དག་ནི་ཐམས་ཅད་མཁྱེན་པའི་སྐད་དེས་མོས་པ་སྣ་
ཚོགས་པའི་སེམས་ཅན་རྣམས་ལ་རང་རང་གི་སྐད་ཐ་དད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པར་བྱེད་པ་པོ་མ་ཡིན་ནོ། །མིའི་འཇིག་རྟེན་འདིར་དེ་དག་གིས་ལེགས་པར་སྦྱར་བའི་སྐད་ཀྱིས་བསྟན་པ་གླུ་དང་གྲུབ་པའི་མཐའ་དང་སྔོན་རབས་ཀྱི་ཆོས་ཐམས་ཅད་
ཉི་ཚེ་བར་མངོན་སུམ་དུ་མཐོང་ངོ་། །རིག་བྱེད་བཞི་པོ་རྣམས་ཀྱང་སྟེ་གང་གི་ཕྱིར་བྲམ་ཟེ་དང་རྒྱལ་རིགས་རིག་བྱེད་ཀློག་པར་བྱེད་པའི་ཕྱིར་རོ། །འདིར་བྲམ་ཟེ་དང་རྒྱལ་རིགས་དག་གིས་རིག་བྱེད་བཀླག་པར་བྱའི། རྗེའུ་རིགས་དང་དམངས་རིགས་ལ་སོགས་པ་རྣམས་ཀྱིས་
མ་ཡིན་ནོ་ཞེས་དང་། དེ་བཞིན་དུ་གླུ་ངང་གྲུབ་པའི་མཐའ་དང་སྔོན་གྱི་རབས་ཀྱི་ཆོས་རྣམས་བྲམ་ཟེའི་ཁ་ལས་བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ་རིགས་དང་དམངས་རིགས་ཏེ་རིགས་བཞི་རྣམས་ཀྱིས་མཉན་པར་བྱའི། རབ་ཏུ་བྱུང་བ་འཛིན་པ་མེད་པས་ན་ཉ་པ་ལ་སོགས་པ་རྣམས་
ཀྱིས་ནི་མ་ཡིན་ནོ་ཞེས་ཏེ། ཆོས་དགག་པའི་ཚིག་འདིའི་ཕྱིར་དེ་དག་གིས་བསྟན་པའི་ཆོས་རྣམས་ནི་ཉི་ཚེ་བ་སྟེ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ་མ་ཡིན་ནོ། །མིའི་ཡུལ་འདིར་ལེགས་པར་སྦྱར་བའི་སྐད་ཉི་ཚེ་བ་ཡིན་པའི་རྒྱུ་གང་གིས་མོས་པ་སྣ་ཚོགས་པའི་སེམས་
ཅན་རྣམས་ལ་སྣ་ཚོགས་པའི་སྐད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་བསྟན་པར་བྱ་བར་མི་ནུས་པ་དེས་ན་མིའི་ཡུལ་འདིར་རྗེའུ་རིགས་དང་དམངས་རིགས་ལ་སོགས་པ་སྐྱེ་གནས་དམན་པར་སྐྱེས་པ་རྣམས་ཀྱིས་རིག་བྱེད་བཀླག་པ་དང་རབ་ཏུ་བྱུང་བ་དབྱིག་པ་འཛིན་པ་
Vol. 11 · folio 141b
ཡང་མི་བྱའོ་ཞེས་རྗེའུ་རིགས་དང་དམངས་རིགས་ལ་སོགས་པ་དགག་པ་བྱས་སོ། །སྒྲ་གཅིག་པུ་ལེགས་པར་རབ་ཏུ་སྦྱར་བས་མཐོ་རིས་སུ་འདོད་པ་འཇོའོ་ཞེས་པ་ནི་ལོག་པའི་ང་རྒྱལ་གྱིས་ཟིལ་གྱིས་ནོན་པ་རྣམས་ཀྱི་བསམ་པ་སྟེ་ཐམས་ཅད་མཁྱེན་པའི་སྐད་མེད་པའི་ཕྱིར་རོ། །མིའི་
འཇིག་རྟེན་འདིར་གལ་ཏེ་དམངས་རིགས་ལ་སོགས་པའི་མི་ཐམས་ཅད་ཀྱིས་རིག་བྱེད་དང་གླུ་དང་གྲུབ་པའི་མཐའ་དང་རྟོག་གེ་དང་བསྟན་བཅོས་ལ་སོགས་པ་རིག་པར་གྱུར་པ་དེ་ལྟ་ན་བྲམ་ཟེ་རྣམས་ལ་སུ་ཞིག་གུས་པར་བྱེད་པར་འགྱུར་ཏེ། རིག་པ་དང་ཆོས་དང་ཡེ་ཤེས་ཐུན་མོང་བར་
ཡོངས་སུ་ཤེས་པའི་ཕྱིར་དང་ཁྱིམ་པ་འཁོར་བའི་ལོངས་སྤྱོད་ལ་ཆགས་པ་ཐམས་ཅད་དང་བྲམ་ཟེ་རྣམས་ཡོན་ཏན་ཁྱད་པར་མེད་པའི་ཕྱིར་རོ། །ཞེས་བྱ་བར་ཤེས་ནས། རྫས་ལ་ཆགས་པའི་དྲང་སྲོང་གདུག་པ་རྣམས་ཀྱིས་གླུ་དང་གྲུབ་པའི་མཐའ་དང་སྔོན་གྱི་རབས་ལ་སོགས་པའི་
ཆོས་རྣམས་ལེགས་པར་སྦྱར་བའི་སྐད་ཀྱིས་གླེགས་བམ་ལ་བྲིས་ཤིང་རིག་བྱེད་ཀྱང་ཁ་ཐོན་གྱིས་བཀླག་པར་བྱའོ་ཞེས་པའི་ངེས་པ་བྱས་པ་ནི་ཐམས་ཅད་ཤེས་པར་མི་སྟོན་པའི་བསམ་པས་བྱིས་པའི་སྐྱེ་བོ་རྣམས་རྨོངས་པ་ཆེན་པོ་སྐྱེད་པར་བྱེད་པ་སྟེ། འདིར་སྔོན་གྱི་དུས་ན་རིག་བྱེད་
དང་གླུ་དང་གྲུབ་པའི་མཐའ་དང་སྔོན་གྱི་རབས་ཀྱི་ཆོས་རྣམས་གླེགས་བམ་ལ་བྲིས་པར་མ་གྱུར་པ་ན་སྡོམ་བརྩོན་རྣམས་ཀྱི་ཁ་ལ་གནས་སོ། །དེ་ནས་སྙིགས་མ་ལྔའི་དུས་ཀྱི་དབང་གིས་ཤེས་རབ་དམན་པ་ཉིད་ཀྱི་ཕྱིར་སྡོམ་བརྩོན་རྣམས་ཀྱིས་གླེགས་བམ་ལ་བྲིས་སོ་ཞེས་སོ། །
འདིར་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ཀྱིས་བསྟན་པའི་ཆོས་ཉི་ཚེ་བ་སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་བྲལ་བ། འཁོར་བའི་སྡུག་བསྔལ་སྟེར་བར་བྱེད་པ་ལོག་པའི་ང་རྒྱལ་སྐྱེད་པར་བྱེད་པ་རིགས་སུ་སྨྲ་བ་མངོན་པར་ཁེངས་པར་བྱེད་པ་དག་ལ་སངས་རྒྱས་པ་རྣམས་
ཀྱིས་རྗེས་སུ་ཡི་རང་བར་མི་བྱའོ། །ཁམས་གསུམ་པོ་འདིར་ཐམས་ཅད་མཁྱེན་པས་ཐམས་ཅད་མཁྱེན་པའི་སྐད་ཀྱིས་བསྟན་པའི་ཆོས་གང་ཡིན་པ་སྡུད་པར་བྱེད་པ་པོ་དག་གིས་སེམས་ཅན་སྣ་ཚོགས་པའི་སྐད་ཀྱིས་གླེགས་བམ་ལ་བྲིས་པ། རིག་བྱེད་ལ་སོགས་པ་འཇིག་
Vol. 11 · folio 142a
རྟེན་པའི་དོན་སྟོན་པར་བྱེད་པ། ཐེག་པ་གསུམ་གྱི་དོན་སྟོན་པར་བྱེད་པ། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པས་བསྟན་པ་ནི་སེམས་ཅན་ཐམས་ཅད་ཀྱིས་མཉན་པ་དང་བརྗོད་པའི་སླད་དུ་ཡང་སྟེ། དེ་ལ་མོས་པའི་སེམས་
ཅན་རྣམས་ཀྱིས་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་སྟོན་པར་བྱེད་པ་དེ་དག་ཉན་པར་བྱེད་ཀློག་པར་བྱེད། འདོན་པར་བྱེད་འཆང་བར་བྱེད་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་
བྱེད་རབ་ཏུ་གནས་པར་བྱེད། མེ་ཏོག་སྣ་ཚོགས་དང་། སྤོས་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། ཕྱེ་མ་སྣ་ཚོགས་དང་། གོས་སྣ་ཚོགས་དང་། མེ་ལོང་སྣ་ཚོགས་དང་། དྲིལ་བུ་སྣ་ཚོགས་དང་། བ་དན་སྣ་ཚོགས་དང་། རྔ་ཡབ་སྣ་ཚོགས་དང་། གདུགས་སྣ་
ཚོགས་དང་། བླ་རེ་སྣ་ཚོགས་དང་། མུ་ཏིག་གི་དོ་ཤལ་སྣ་ཚོགས་དང་། མར་མེ་སྣ་ཚོགས་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཆོད་པ་བྱེད་དེ། མཆོད་པ་བྱས་ནས་དེ་དག་ལ་ཡན་ལག་ལྔས་ཕྱག་འཚལ་བར་བྱེད་དོ། །དེ་ལྟར་ཐམས་ཅད་མཁྱེན་པས་བསྟན་པའི་
ཆོས་གཞན་ལ་ཕན་པར་བྱེད་པ་དེ་དག་ནི་མོས་པའི་དབང་གིས་གཞན་ལ་ཕན་པར་བྱེད་པའི་སླད་དུ་དེ་དག་དེ་བཞིན་གཤེགས་པས་རིགས་དང་རིགས་མ་ཡིན་པའི་དབང་གིས་འགའ་ཞིག་ལ་ཡང་བསྒྲུབས་པ་དང་བཀག་པ་མེད་དེ་ད་ལྟ་ཡང་ནུབ་པར་མ་གྱུར་ཏོ། །རེ་ཞིག་ཡུལ་གྱི་ཁྱད་
པར་གཞན་ལྟ་ཞོག་གི་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པ་འཕགས་པའི་ཡུལ་འདིར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ན་སྡུད་པར་བྱེད་པ་པོ་དག་གིས་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ། དེ་བཞིན་གཤེགས་པའི་ངེས་པས་སྡེ་
སྣོད་གསུམ་མ་ག་དྷཱའི་སྐད་ཀྱིས་བྲིས་སོ། །མདོ་སྡེ་ནི་སིནྡྷུའི་སྐད་ཀྱིས་སོ། །ཕ་རོལ་དུ་ཕྱིན་པའི་ཚུལ་དང་སྔགས་ཀྱི་ཚུལ་ནི་ལེགས་པར་སྦྱར་བའི་སྐད་ཀྱིས་སོ། །རྒྱུད་དང་རྒྱུད་གཞན་དག་ནི་ལེགས་པར་སྦྱར་པའི་སྐད་དང་ཐ་མལ་བའི་སྐད་དང་ཟུར་ཆག་གི་སྐད་དང་ལེགས་པར་སྦྱར་བ་
Vol. 11 · folio 142b
མ་ཡིན་པར་རི་ཁྲོད་པ་ལ་སོགས་པ་ཀླ་ཀློའི་སྐད་ཀྱིས་ཏེ། དེ་ལྟ་བུ་ལ་སོགས་པ་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་རྣམས་སྡུད་པར་བྱེད་པ་པོ་དག་གིས་བྲིས་སོ། །དེ་བཞིན་དུ་བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་ཀྱི་སྐད་གྱིས་བྲིས་ཏེ། རྒྱ་ནག་ཏུ་རྒྱ་ནག་གི་སྐད་ཀྱིས་སོ། །
རྒྱ་ནག་ཆེན་པོར་རྒྱ་ནག་ཆེན་པོའི་སྐད་ཀྱིས་སོ། །པཱར་སི་ཀའི་ཡུལ་དུ་པཱར་སི་ཀའི་སྐད་ཀྱིས་སོ། །ཆུ་བོ་ཤཱི་ཏའི་བྱང་དུ་ཙམ་པ་ཀའི་ཡུལ་གྱི་སྐད་དང་། སྤྲེའུའི་ཡུལ་གྱི་སྐད་དང་། གསེར་ཞེས་བྱ་བའི་ཡུལ་གྱི་སྐད་ཀྱིས་སོ། །དེ་བཞིན་དུ་ཆུ་བོ་སྔོན་པོའི་བྱད་དུ་རུག་མ་ཞེས་བྱ་
བའི་ཡུལ་གྱི་སྐད་དང་། སུ་རཾ་མའི་ཡུལ་གྱི་སྐད་ཀྱིས་སོ། །དེ་ལྟར་གྲོང་བྱེ་བ་བྱེ་བའི་བདག་ཉིད་ཡུལ་དགུ་བཅུ་རྩ་དྲུག་རྣམས་སུ་ལུས་དགུ་བཅུ་རྩ་དྲུག་གི་སྐད་ཀྱིས་བྲིས་སོ། །དེ་བཞིན་དུ་དུམ་བུ་བཅུ་གཉིས་དང་མཐོ་རིས་དང་མི་ཡུལ་དང་ས་འོག་རྣམས་སུ་སེམས་ཅན་སྣ་ཚོགས་ཀྱི་
སྐད་ཀྱིས་སྡུད་པར་བྱེད་པ་པོ་དག་གིས་ཐེག་པ་གསུམ་བྲིས་ཏེ། ཉན་ཐོས་རྣམས་ཀྱིས་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་རྣམས་ཀྱིས་རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དང་། ཐེག་པ་ཆེན་པོ་གསང་
སྔགས་རྒྱུ་དང་འབྲས་བུའི་བདག་ཉིད་དེ། སྡུད་པར་བྱེད་པ་པོ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་གདུལ་བར་བྱ་བའི་དོན་དུའོ། །སྡུད་པར་བྱེད་པ་སྣ་ཚོགས་ཀྱིས་ཡུལ་སྣ་ཚོགས་ཀྱི་སྐད་ཀྱིས་བྲིས་པའི་ལུང་དང་རིགས་པ་འདིས་རྣམ་པར་དཔྱད་པ་ན་སངས་རྒྱས་བཅོམ་ལྡན་
འདས་ཐམས་ཅད་མཁྱེན་པ་ཐམས་ཅད་མཁྱེན་པའི་སྐད་ཀྱིས་ཆོས་སྟོན་པ་པོ་ཡིན་གྱི་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་གཞན་ནི་མ་ཡིན་ནོ། །ཅི་སྟེ་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ཀྱི་ནང་ན་ཡོན་ཏན་འདི་དག་ཡོངས་སུ་རྫོགས་པ་འགའ་ཞིག་ཡོད་ན་དེ་ཡང་བདག་ཅག་
གིས་རྣམ་པ་ཐམས་ཅད་དུ་ཕྱག་བྱ་བ་དང་མཆོད་པར་བྱ་བ་དང་བཀུར་བར་བྱ་བ་ཡིན་ནོ། །མཁས་རྣམས་ཡོན་ཏན་ལ་གུས་ཏེ། །སངས་རྒྱས་དབང་ཕྱུག་སོགས་ལ་མིན། །ཡོན་ཏན་མེད་ལའང་གུས་པ་གང་། །དེ་བླུན་མི་དགེའི་ལས་ལས་སྐྱེས། །སེམས་ཅན་རྣམས་ལ་
Vol. 11 · folio 143a
ཕན་པའི་ཆོས། །ཐ་མལ་རྣམས་ཀྱང་སྟོན་པར་བྱེད། །མཁས་པས་བདག་གི་དགའ་མི་དགའས། །སེམས་ཅན་རྣམས་ལ་འཚེ་བ་སྟོན། །མ་ཡང་སྲིན་མོའི་འཇིག་རྟེན་ན། །རང་གི་བུ་ལ་བཟའ་བར་སེམས། །གང་ཞིག་བུ་ལ་བརྩེ་མེད་པ། །དེ་ལ་
སྐྱེ་བོ་གཞན་ལྟ་ཅི། །མཆོད་སྦྱིན་ལ་སོགས་ཆོས་ཀྱི་རྒྱུ། །གང་ལ་ཕ་མ་གསོད་པར་ནི། །རང་དོན་ལྷུར་ལེན་བྲམ་ཟེས་བརྗོད། །དེ་ལ་གཞན་དོན་ཅི་ཞིག་གཏམ། །དེའི་ཕྱིར་མཆོག་གི་དང་པོའི་སངས་རྒྱས་ལ་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་
ཐམས་ཅད་ལ་ཐུགས་བརྩེ་བ་ཅན་ཐམས་ཅད་མཁྱེན་པ་སྐད་ཐམས་ཅད་ཀྱིས་ཆོས་སྟོན་པ་པོ་ཡིན་ལ། དེ་བཞིན་དུ་ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོ་ནི་གསོལ་བ་འདེབས་པ་པོ་དང་སྡུད་པ་པོ་ཡིན་པར་རབ་ཏུ་གྲགས་སོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་
ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་ཐམས་ཅད་མཁྱེན་པ་ཞེས་པ་ལ་སོགས་པས་རྒྱུད་ཀྱི་རྒྱལ་པོ་སྟོན་པ་པོ་དང་གསོལ་བ་འདེབས་པ་པོ་བསྒྲུབ་པའི་མདོར་བསྡུས་ཏེ་བཞི་པའོ།། །།ད་ནི་རྡོ་རྗེའི་རྣལ་འབྱོར་
བསྡུ་བ་བརྗོད་པ་རྣལ་འབྱོར་དཔལ་ལྡན་དུས་འཁོར་ཞེས་པ་ལ་སོགས་པ་སྟེ་སྔགས་ཀྱི་ཚུལ་འདི་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་ཡང་དག་པར་བརྟེན་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུད་དང་རྒྱུད་གཞན་དག་ཏུ་དོན་རྣམ་པ་གཉིས་ངེས་པར་བསྟན་ཏེ།
གཅིག་ནི་འཇིག་རྟེན་ཀུན་རྫོབ་ཀྱིས་ཡིན་ལ་གཉིས་པ་ནི་དོན་དམ་པས་སོ། །དེ་ལ་གང་འཇིག་རྟེན་ཀུན་རྫོབ་ཀྱིས་བསྟན་པ་དེ་ནི་དྲང་བའི་དོན་ཡིན་ལ་གང་དོན་དམ་པས་བསྟན་པ་དེ་ནི་ངེས་པའི་དོན་ཏོ། །དོན་རྣམ་པ་གཉིས་པོ་འདི་སློབ་མ་རྣམས་ཀྱིས་བླ་མའི་མན་ངག་ལས་
ཁོང་དུ་ཆུད་པར་བྱ་བའོ། །དེ་བཞིན་དུ་རྒྱུད་དང་རྒྱུད་གཞན་ཐམས་ཅད་ལ་བརྗོད་པར་བྱ་བ་རྣམ་པ་གཉིས་ཏེ་གཅིག་ནི་འཇིག་རྟེན་ཀུན་རྫོབ་ཀྱིས་ཡིན་ལ་གཉིས་པ་ནི་དོན་དམ་པས་སོ། །གང་འཇིག་རྟེན་ཀུན་རྫོབ་ཀྱིས་ཡིན་པ་དེ་ནི་ཁ་དོག་དང་ཕྱག་དང་མཚན་མ་དང་དབྱིབས་ཀྱི་
Vol. 11 · folio 143b
མཚན་ཉིད་ཅན་ནོ། །གང་དོན་དམ་པའི་བདེན་པས་ཡིན་པ་དེ་ནི་ཁ་དོག་དང་ཕྱག་དང་མཚན་མ་དང་དབྱིབས་དང་བྲལ་བའོ། །འདི་དག་ལས་གང་འཇིག་རྟེན་པའི་ཀུན་རྫོབ་ཀྱིས་བསྟན་པ་དེ་ནི་ཕྱི་དང་ནང་ལ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་སླད་དུ་རང་གི་སེམས་ཀྱིས་ཡོངས་
སུ་བརྟགས་པའི་ཆོས། འཇིག་རྟེན་པའི་དངོས་གྲུབ་ཀྱི་འབྲས་བུ་སྟེར་བར་བྱེད་པའོ། །གང་དོན་དམ་པའི་བདེན་པས་བསྟན་པ་དེ་ནི་འཇིག་རྟེན་ལས་འདས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་སླད་དུ་རང་གི་སེམས་ཀྱིས་ཡོངས་སུ་
བརྟགས་པའི་ཆོས་དང་བྲལ་བ་གཞོན་ནུ་མ་རྣམས་ཀྱིས། མེ་ལོང་ལ་སོགས་པ་ལ་པྲ་ཕབ་པ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་རང་གི་སེམས་ཀྱི་འོད་གསལ་མངོན་སུམ་དུ་ནམ་མཁའ་ལ་སྣང་བ་འདོད་པའི་དོན་གྱི་འབྲས་བུ་སྟེར་བ་སྟེ་འབྲས་བུ་ནི་འགྱུར་བ་མེད་པའི་བདེ་བའི་ཡེ་ཤེས་ཀྱི་སེམས་
སོ་སེམས་འདི་གཉིས་གཅིག་པ་ཉིད་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་དང་པོའི་སངས་རྒྱས་རིགས་མེད་པ་དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་རྒྱུད་གཞན་ཐམས་ཅད་དུ་རབ་ཏུ་གྲགས་སོ། །བཅོམ་ལྡན་འདས་དེ་ཉིད་
རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་སོ། །དེ་བཞིན་དུ་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས་མཛད་པ་དང་བཞིར་ངེས་པར་བྱམས་པས་གསུངས་པ། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །
དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་སོ། །བཅོམ་ལྡན་འདས་དེ་ཉིད་འབྲས་བུའི་མཚན་ཉིད་སྔགས་ཀྱི་ཚུལ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་སྐུ་ཞེས་གསུངས་ཏེ་
གཟུང་བ་དང་འཛིན་པ་སྤངས་པ་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པ་སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ། སངས་རྒྱས་རྣམས་ཀྱི་འདུས་པ་དང་། ལྷ་མོ་རྣམས་ཀྱི་སྡོམ་པ་ཡང་ཡེ་ཤེས་ཀྱི་སྐུ་འདི་དང་ལྷན་ཅིག་རོ་མཉམ་པ་ཉིད་དོ་ཞེས་པ་ངེས་པའི་དོན་
Vol. 11 · folio 144a
ཏོ། །འདིར་རྣལ་འབྱོར་པ་རྣམས་ཀྱི་ཕྱོགས་སུ་འཛིན་པ་ཐམས་ཅད་ཉམས་པར་བྱ་བའི་སླད་དུ་རྡོ་རྗེའི་རྣལ་འབྱོར་རིགས་མེད་པ་རྟག་པ་དང་ཆད་པ་སྤངས་པ། འཇིག་རྟེན་པའི་དཔེ་ལས་འདས་པ། ཡོད་པ་དང་མེད་པའི་བློ་ཡོངས་སུ་སྤངས་པ། གཞོན་ནུ་
མའི་མེ་ལོང་ལ་པྲ་ཕབ་པ་བཞིན་རང་གི་སེམས་ཀྱིས་མ་བརྟགས་པ་མངོན་སུམ་དུ་མཐོང་བ། ཡིད་ཆེས་པའི་དོན་ཅན་རྣམ་པ་ཐམས་ཅད་པ། ནམ་མཁའ་ལས་བྱུང་བ། ཀུན་དུ་བཟང་པོ། དབང་པོ་ཐམས་ཅད་པ། སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ། ལྷན་
ཅིག་སྐྱེས་པའི་དགའ་བ། གཏན་ཚིགས་དང་དཔེ་སྤངས་པ་འདིའི་དཔེར་དངོས་པོ་དང་དངོས་པོ་མེད་པ་གཅིག་པ་ཉིད་འགྱུར་ཏེ་ཆོས་མི་མཐུན་པའི་ཕྱིར་རོ། །དཔེར་ན་འཇིག་རྟེན་པའི་དཔེ་བུམ་པ་དང་ཆོས་མི་མཐུན་པའི་ཕྱིར་ནམ་མཁའི་མེ་ཏོག་ནི་མེད་པ་ཐམས་ཅད་ཀྱིས་མེད་དོ། །
དེ་བཞིན་དུ་ནམ་མཁའི་མེ་ཏོག་དང་ཆོས་མི་མཐུན་པའི་ཕྱིར་བུམ་པ་ནི་དངོས་པོ་ཐམས་ཅད་ཀྱིས་ཡོད་དོ་ཞེས་འདི་གཉིས་ཕན་ཚུན་ཆོས་མི་མཐུན་པའི་ཕྱིར་དཔེར་འགྱུར་རོ། །དེ་བཞིན་དུ་ཆད་པ་དང་། ཆོས་མི་མཐུན་པའི་ཕྱིར་སྲིད་པ་ནི་དངོས་པོ་ཐམས་ཅད་ཀྱིས་ཡོད་དོ། །སྲིད་པ་
དང་ཆོས་མི་མཐུན་པའི་ཕྱིར་ཆད་པ་ནི་མེད་པ་ཐམས་ཅད་ཀྱིས་མེད་དོ། །ཆད་པའི་སྒྲས་ནི་མྱ་ངན་ལས་འདས་པ་དངོས་པོ་མེད་པའི་མཚན་ཉིད་དོ། །དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་དཔེར་བུམ་པ་དང་ནམ་མཁའི་མེ་ཏོག་འདི་གཉིས་གཅིག་པ་ཉིད་འགྱུར་ཏེ་ཆོས་མི་
མཐུན་པའི་ཕྱིར་རོ། །བུམ་པ་དང་ནམ་མཁའི་མེ་ཏོག་འདི་དག་འཇིག་རྟེན་པའི་ཀུན་རྫོབ་ཏུ་གཅིག་པ་ཉིད་མེད་དེ་ཕན་ཚུན་འགལ་བའི་ཕྱིར་རོ། །གང་གིས་གང་ཡོད་པ་དེ་ནི་མེད་པར་མི་འགྱུར་ཞིང་གང་མེད་པ་དེ་ནི་ཡོད་པར་མི་འགྱུར་ཏེ་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ལས་
སོ། །གང་གིས་ཡོད་པའི་མཚན་ཉིད་ཀྱི་སེམས་སུ་འགྱུར་བ་དེས་མེད་པའི་མཚན་ཉིད་དུ་མི་འགྱུར་རོ། །གང་གིས་མེད་པའི་མཚན་ཉིད་ཀྱི་སེམས་སུ་འགྱུར་བ་དེས་ཡོད་པའི་མཚན་ཉིད་དུ་མི་འགྱུར་ཏེ་འགལ་བའི་ཕྱིར་རོ། །འདིར་ཡང་སྟོང་པ་ཉིད་དང་སྙིང་རྗེའི་བདག་
Vol. 11 · folio 144b
ཉིད་ཀྱི་གཟུགས་རྣམ་པར་དག་པའི་སེམས་གཞོན་ནུ་མའི་པྲ་ཕབ་པ་ལྟ་བུ་ནི་གཟུགས་ཀྱི་མཚན་ཉིད་མ་ཡིན་ཏེ་རྡུལ་ཕྲ་རབ་མེད་པའི་ཕྱིར་རོ། །གཟུགས་མེད་པའི་མཚན་ཉིད་མ་ཡིན་ཏེ་སྟོང་པ་ལ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་སྟོང་པ་ཉིད་ཀྱི་གཟུགས་ཅན་དང་སྟོང་པ་
ཉིད་ཀུན་རྫོབ་ཀྱི་གཟུགས་ཅན་ཏེ། འཇིག་རྟེན་པའི་དཔེ་ལས་འདས་པ་ཉིད་ཀྱི་ཕྱིར་སེམས་གང་ཡོད་པའི་སེམས་དེ་ནི་སེམས་མེད་པ། རྟག་པ་དང་ཆད་པའི་ཆོས་ཀྱིས་མཚན་ཉིད་དང་བྲལ་བ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །དོན་དམ་པའི་བདེན་པས་གཉིས་ཀའི་
སེམས་དག་ཆོས་མི་མཐུན་པའི་ཕྱིར་ཡོད་པ་དང་མེད་པ་ལས་འདས་པ། དངོས་པོ་དང་དངོས་པོ་མེད་པ་ཟད་པ། རྡོ་རྗེའི་རྣལ་འབྱོར་གཉིས་སུ་མེད་པ་སྟེ་དེ་བཞིན་གཤེགས་པའི་གསུང་རིགས་མེད་པ་ཉིད་ཀྱི་ཕྱིར་རོ། །འདིར་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་
གསུངས་པ། ཡོད་དང་མེད་ལས་རྣམ་པར་འདས། །གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་
ལས་རྣམ་པར་གྲོལ། །རྡོ་རྗེའི་རྣལ་འབྱོར་རིགས་མེད་པ། །ཞེས་སོ། །དེ་བཞིན་དུ་རྒྱུད་གཞན་དག་ཏུ་ཡང་དེ་བཞིན་གཤེགས་པས་རྡོ་རྗེའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པ་པོ་གསུངས་སོ། །རྡོ་རྗེའི་རྣལ་འབྱོར་རྣམ་པར་དག་པ་སྐད་ཅིག་གཅིག་
གིས་མངོན་པར་རྫོགས་པར་སངས་རྒྱས་པ། དམ་པའི་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་ལྷན་ཅིག་སྐྱེས་པའི་དགའ་བ་འདི་ནི། འདོད་པའི་སྲིད་པ་ལ་མི་གནས། གཟུགས་ཀྱི་སྲིད་པ་ལ་མི་གནས། གཟུགས་མེད་པའི་སྲིད་པ་ལ་མི་གནས། འདོད་པའི་མྱ་ངན་
ལས་འདས་པ་ལ་མི་གནས། གཟུགས་ཀྱི་མྱ་ངན་ལས་འདས་པ་ལ་མི་གནས། གཟུགས་མེད་པའི་མྱ་ངན་ལས་འདས་པ་ལ་མི་གནས་ཏེ་སྲིད་པ་དང་། མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་ཀྱི་ཕྱིར་རོ། །གཉིས་ཀ་ལ་ཡང་མི་གནས་ཏེ་ཕན་ཚུན་འགལ་བའི་
Vol. 11 · folio 145a
ཕྱིར་རོ། །སྲིད་པ་དང་མྱ་ངན་ལས་འདས་པ་ནི་གཅིག་པ་ཉིད་མ་ཡིན་ཏེ་གྲིབ་མ་དང་ཉི་མ་བཞིན་ནོ། །དཔེར་ན་མེ་ནི་གཙུབ་སྟན་ལ་མི་གནས། གཙུབ་ཤིང་ལ་མི་གནས། སྐྱེས་བུའི་ལག་པའི་རྩོལ་བ་ལ་མི་གནས་པ་དེ་བཞིན་དུ་རྡོ་རྗེའི་
རྣལ་འབྱོར་ཡང་ཕྱི་དང་ནང་དང་གཞན་ཐམས་ཅད་ལ་རྣལ་འབྱོར་པས་རྟོགས་པར་བྱའོ། །འདིར་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་སྟེ་སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་སངས་རྒྱས་
པ་འདི་ནི་དབུགས་ཀྱི་གྲངས་གྱི་མཐའ་ཇི་སྲིད་པར་སྐད་ཅིག་ཐམས་ཅད་རྣམ་པར་སྒོམ་པ་པོ་ཡིན་ནོ། །དེ་ནས་རྫོགས་པའི་སྐད་ཅིག་དེ་ལ་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །འདིར་རྫོགས་པའི་སྐད་ཅིག་གང་ལ་དེ་བཞིན་
གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་སྐད་ཅིག་དེ་ནས་ཆོས་ཐམས་ཅད་སྐྱེ་བ་མེད་པ་གནས་པ་མེད་པ་འཇིག་པ་མེད་པ་སྟེ་རིགས་མེད་པའི་ཕྱིར་རོ། །འདིར་སྐད་ཅིག་གང་ལ་ཆོས་རྣམས་སྐྱེ་བར་འགྱུར་བའི་སྐད་ཅིག་དེ་ལ་གནས་པ་དང་འཇིག་པ་མེད་
དོ། །འདིར་སྐད་ཅིག་གང་ལ་གནས་པར་འགྱུར་བའི་སྐད་ཅིག་དེ་ལ་འཇིག་པ་དང་སྐྱེ་བ་མེད་དོ། །འདིར་སྐད་ཅིག་གང་ལ་ཆོས་ཐམས་ཅད་འཇིག་པར་འགྱུར་བའི་སྐད་ཅིག་དེ་ལ་སྐྱེ་བ་དང་གནས་པ་མེད་དོ། །དེ་ལྟར་ན་རིམ་པ་ཇི་ལྟ་བ་བཞིན་ཆོས་ཐམས་ཅད་སྐད་ཅིག་སྐྱེ་བ་དང་
སྐད་ཅིག་གནས་པ་དང་སྐད་ཅིག་འཇིག་པར་མི་འགྱུར་རོ། །ཅིག་ཅར་ཡང་མི་སྲིད་དེ་ཆོས་ཐམས་ཅད་དུས་གཅིག་ཏུ་ཡོད་པ་ལ་སྐྱེ་བ་དང་གནས་པ་དང་འཇིག་པའི་སྐད་ཅིག་རྣམས་གཅིག་པ་ཉིད་མ་ཡིན་ནོ། །ཅི་སྟེ་རིམ་པ་ཇི་ལྟ་བར་སྐྱེ་བའི་སྐད་ཅིག་ལས་གནས་པའི་སྐད་
ཅིག་དང་གནས་པའི་སྐད་ཅིག་ལས་འཇིག་པའི་སྐད་ཅིག་དང་འཇིག་པའི་སྐད་ཅིག་ལས་སྐྱེ་བའི་སྐད་ཅིག་འབྱུང་ངོ་ཞེ་ན། འདི་ཉིད་དོན་དམ་པའི་རིགས་པས་མི་འཐད་དེ། འདིར་སྐད་ཅིག་སྔ་མ་མ་འགགས་པ་ལས་སྐད་ཅིག་གཞན་མི་འབྱུང་ཞིང་དེ་བཞིན་དུ་འགགས་པ་ལས་
Vol. 11 · folio 145b
ཀྱང་མི་འབྱུང་ངོ་། །དཔེར་ན་ས་བོན་མ་ཉམས་པ་ལས་མྱུ་གུ་མི་འབྱུང་ཞིང་ཉམས་པ་ལས་ཀྱང་མི་འབྱུང་བ་བཞིན་ནོ། །དེ་ལྟར་ན་དོན་དམ་པར་ཡོད་པའི་དངོས་པོ་མེད་པའི་ཕྱིར་སྐད་ཅིག་གཅིག་མེད་དེ་གཅིག་དང་དུ་མ་འགལ་བའི་ཕྱིར་རོ། །འདིར་སྐད་ཅིག་ཐམས་ཅད་
རྣམ་པར་སྒོམ་པ་པོ་སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་སངས་རྒྱས་ཞེས་པ་གང་ཡིན་པ་དེ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་སྒོམ་པ་པོ་དང་པོར་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་གིས་མངོན་པར་རྫོགས་
པར་སངས་རྒྱས་ཏེ། དེའི་རྗེས་ལ་སངས་རྒྱས་རྣམས་ཀྱི་རྣལ་འབྱོར་སྐད་ཅིག་ཐམས་ཅད་མེད་པ་གཅིག་དང་དུ་མ་དང་བྲལ་བ་མཆོག་གི་གཉིས་སུ་མེད་པ་སྟེ། དོན་དམ་པར་ཡོད་པ་དང་མེད་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །ཇི་སྲིད་དུ་འཇིག་རྟེན་པའི་སེམས་ཡོད་པ་དེ་
སྲིད་དུ་ཆོས་རྣམས་གཅིག་དང་དུ་མས་རྣམ་པར་དཔྱོད་དེ་སྐད་ཅིག་མའི་སེམས་སྣང་བའི་ཕྱིར་རོ། །གང་གི་ཚེ་སེམས་སྐད་ཅིག་གིས་ཆོས་དང་བྲལ་བ་དེའི་ཚེ་རང་བཞིན་མེད་པ་ཞེས་བརྗོད་དོ། །དེའི་ཕྱིར་རང་བཞིན་མེད་པའི་ཕྱོགས་ནི་བཅོམ་ལྡན་འདས་ཀྱིས་ཕྱོགས་མེད་པར་
གསུངས་སོ། །ཕྱོགས་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་དང་། ཡོད་པ་དང་མེད་པ་དང་། ཡིན་པ་དང་མ་ཡིན་པ་དང་། གཅིག་དང་གཅིག་མ་ཡིན་པ་དང་། རྟག་པ་དང་ཆད་པ་དང་། སྲིད་པ་དང་མྱ་ངན་ལས་འདས་པ་དང་། གཟུགས་དང་གཟུགས་མ་
ཡིན་པ་དང་། སྒྲ་དང་སྒྲ་མ་ཡིན་པ་དང་། སྐད་ཅིག་དང་སྐད་ཅིག་མ་ཡིན་པ་དང་། ཆགས་པ་དང་ཆགས་པ་མ་ཡིན་པ་དང་། ཞེ་སྡང་དང་ཞེ་སྡང་མ་ཡིན་པ་དང་། གཏི་མུག་དང་གཏི་མུག་མ་ཡིན་པ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་ནི་ཕྱོགས་ཏེ་ཕན་ཚུན་ལྟོས་པ་དང་
བཅས་པ་ཉིད་ཀྱི་ཕྱིར་རོ། །ཕྱོགས་འདི་དང་བྲལ་བ་ནི་སངས་རྒྱས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་རང་བཞིན་མེད་པ་སྟེ། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ཅེས་གསུངས་སོ། །དེ་ཉིད་སེམས་ཅན་རྣམས་
Vol. 11 · folio 146a
ཀྱི་རང་གི་སེམས་ཀྱི་བསམ་པའི་དབང་གིས་རྣམ་པ་བཞི་དང་རྣམ་པ་བཅུ་དྲུག་ཏུ་ཡང་སོ་སོར་སྣང་སྟེ། དགའ་བ་དང་མཆོག་དགའ་དང་ཁྱད་པར་གྱི་དགའ་བ་དང་ལྷན་ཅིག་སྐྱེས་པའི་དབྱེ་བས་རྣམ་པ་བཞི་སྟེ། དེ་ནས་སྐུའི་དགའ་བ་དང་གསུང་གི་དགའ་བ་དང་
ཐུགས་ཀྱི་དགའ་བ་དང་ཡེ་ཤེས་ཀྱི་དགའ་བ་དང་། དེ་བཞིན་དུ་སྐུའི་མཆོག་གི་དགའ་བ་དང་། གསུང་གི་མཆོག་གི་དགའ་བ་དང་། ཐུགས་ཀྱི་མཆོག་གི་དགའ་བ་དང་། ཡེ་ཤེས་ཀྱི་མཆོག་གི་དགའ་བ་དང་། དེ་བཞིན་དུ་སྐུའི་ཁྱད་པར་གྱི་དགའ་བ་དང་། གསུང་གི་
ཁྱད་པར་གྱི་དགའ་བ་དང་། ཐུགས་ཀྱི་ཁྱད་པར་གྱི་དགའ་བ་དང་། ཡེ་ཤེས་ཀྱི་ཁྱད་པར་གྱི་དགའ་བ་དང་། དེ་བཞིན་དུ་སྐུའི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། གསུང་གི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། ཐུགས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། ཡེ་ཤེས་ཀྱི་
ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། དེ་ལྟ་བུའི་དེ་ཉིད་རྣམ་པ་བཅུ་དྲུག་གང་གི་ཚེ་རྣལ་འབྱོར་པས་རིག་པ་དེའི་ཚེ། དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ཉིད་དེ་ཁོ་ན་ལ་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བརྗོད་དེ། དེའི་འོག་ཏུ་ཆོས་ཀྱི་སྐུ་
དང་།དེའི་འོག་ཏུ་ལོངས་སྤྱོད་རྫོགས་པའི་སྐུ་དང་། དེའི་འོག་ཏུ་སྤྲུལ་པའི་སྐུའོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་གསུང་དང་། ལྷན་ཅིག་སྐྱེས་པའི་ཐུགས་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། དེ་བཞིན་དུ་ཆོས་ཀྱི་གསུང་དང་། ཆོས་ཀྱི་ཐུགས་དང་། ཆོས་ཀྱི་ཡེ་
ཤེས་དང་། ལོངས་སྤྱོད་རྫོགས་པའི་གསུང་དང་། ལོངས་སྤྱོད་རྫོགས་པའི་ཐུགས་དང་། ལོངས་སྤྱོད་རྫོགས་པའི་ཡེ་ཤེས་དང་། སྤྲུལ་པའི་གསུང་དང་། སྤྲུལ་པའི་ཐུགས་དང་། སྤྲུལ་པའི་ཡེ་ཤེས་ཏེ། དེ་ལྟར་དེ་ཉིད་རྣམ་པ་བཅུ་དྲུག་ཏུ་སེམས་ཅན་ཐམས་ཅད་ཀྱི་
སེམས་ཀྱི་ལྷག་པར་མོས་པའི་དབང་གིས་རབ་ཏུ་སྣང་སྟེ། དེ་ཉིད་ལྷན་ཅིག་སྐྱེས་པའི་སྐུ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་རྣམ་པར་དག་པ། ཡེ་ཤེས་རྡོ་རྗེ་ཐམས་ཅད་མཁྱེན་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྣམ་པར་དག་པའི་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཉིད་ཆོས་ཀྱི་
Vol. 11 · folio 146b
སྐུ་མཚན་མ་མེད་པའི་རྣམ་པར་དག་པ་ཐུགས་རྡོ་རྗེ་ཡེ་ཤེས་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཆོས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་སྨོན་པ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ། གསུང་རྡོ་རྗེ་ཉིན་མོར་བྱེད་པའི་སྐུ་ཤེས་
རབ་དང་ཐབས་ཀྱི་བདག་ཉིད་སྔགས་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཉིད་སྤྲུལ་པའི་སྐུ་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པས་རྣམ་པར་དག་པ། སྐུ་རྡོ་རྗེ་པདྨའི་འདབ་མ་རྒྱས་པའི་སྤྱན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དབྱིབས་ཀྱི་རྣལ་འབྱོར་ཞེས་བརྗོད་དེ། དེ་ལྟ་
བུའི་རྡོ་རྗེའི་རྣལ་འབྱོར་རྣམ་པ་བཞི་པོ་འདི་སངས་རྒྱས་ལ་ཕྱག་ན་རྡོ་རྗེས་ཞུས་སོ། །སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་རྣམ་པར་དག་པ། ཡེ་ཤེས་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལྷན་ཅིག་སྐྱེས་པའི་སྐུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི་ཐམས་ཅད་མཁྱེན་པ་སྟེ་ཐམས་
ཅད་གཟིགས་པ་ཉིད་ཀྱི་ཕྱིར་རོ། །མཚན་མ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ། ཐུགས་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད། ཆོས་ཀྱི་སྐུ་ལམ་གྱི་རྣམ་པ་མཁྱེན་པ་ཉིད་ཐོབ་པ་ནི་ཡེ་ཤེས་སྐུ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བས་གནས་པ་ཉིད་ཀྱི་ཕྱིར་
རོ། །སྨོན་པ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ། གསུང་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད། ལོངས་སྤྱོད་རྫོགས་པའི་སྐུ་ལམ་མཁྱེན་པ་ཉིད་ཐོབ་པ་ནི་ཉིན་མོར་བྱེད་པའི་སྐུ་སྟེ་མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་གྱི་སྐད་ཀྱིས་ཅིག་ཅར་འཇིག་རྟེན་དང་
འཇིག་རྟེན་ལས་འདས་པའི་ཆོས་སྟོན་པ་པོ་ཉིད་ཡིན་པའི་ཕྱིར་རོ། །མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པས་རྣམ་པར་དག་པ། སྐུ་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད། སྤྲུལ་པའི་སྐུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི་པདྨའི་འདབ་མ་རྒྱས་
པའི་སྤྱན་ཏེ་མཐའ་ཡས་པ་མཐའ་ཡས་པའི་སྤྲུལ་པའི་སྐུ་དག་གིས་ཅིག་ཅར་རྣམ་པ་ཐམས་ཅད་པའི་སྐུའི་བཀོད་པའི་རྫུ་འཕྲུལ་སྤྲོ་བའི་ཕྱིར་རོ། །དེ་བཞིན་དུ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ཡེ་ཤེས་རྡོ་རྗེ་སྟེ་དོན་ཐམས་ཅད་གཟིགས་པའོ། །
Vol. 11 · folio 147a
རྣམ་པ་ལྔས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ཐུགས་རྡོ་རྗེ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བའོ། །རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་གསུང་རྡོ་རྗེ་སྟེ། བདེན་པའི་དོན་རྣམ་པ་བཅུ་གཉིས་པ་སེམས་ཅན་ཐམས་ཅད་ཀྱི་སྐད་
ཀྱིས་ཆོས་སྟོན་པ་པོའོ། །སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་སྐུ་རྡོ་རྗེ་སྟེ། དེ་ཉིད་རྣམ་པ་བཅུ་དྲུག་རིག་པ་མཐའ་ཡས་པའི་སྒྱུ་འཕྲུལ་དྲ་བ་དག་གིས་སྤྲོས་པའི་སྐུའོ། །འདིར་སེམས་ཀྱི་རྡོ་རྗེ་རྣམ་པ་བཞི་རྣམ་པར་དག་པ་ནི་སྐུ་བཞིའི་མཚན་
ཉིད་དུ་འགྱུར་ཏེ། བཟློག་པར་དཀའ་བའི་འདོད་ཆགས་ཀྱི་དྲི་མས་ཀུན་ནས་བསྒོས་པ་བྷ་ག་དང་དབང་པོའི་བདག་ཉིད་བཞི་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །མུན་པས་ཟིལ་གྱིས་མནན་པ་ཤིན་ཏུ་གཉིད་ལོག་
པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ཆོས་ཀྱི་སྐུ་སྟེ། ཡེ་ཤེས་སྐུ་ཞེས་པའོ། །སྲོག་གིས་བསྐྱེད་པ་ཡོད་པ་དང་མེད་པའི་རྨི་ལམ་གྱི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་ཉིན་མོར་བྱེད་པའི་སྐུ་ཞེས་པའོ། །རྣམ་པར་རྟོག་པ་དུ་
མའི་དངོས་པོའི་འདུ་ཤེས་སད་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་སྤྲུལ་པའི་སྐུ་སྟེ། པདྨའི་འདབ་མ་རྒྱས་པའི་སྤྱན་ཞེས་པའོ། །རྡོ་རྗེའི་རྣལ་འབྱོར་འདི་ཡེ་ཤེས་ཀྱི་ལེའུར་རྒྱ་ཆེར་བརྗོད་པར་བྱ་སྟེ། འཇིག་རྟེན་ཁམས་ཀྱི་ལེའུ་འདིར་ནི་མདོར་བསྟན་པ་
ཙམ་ཞིག་བསྟན་ཏོ། །དེ་ལྟར་ཡེ་ཤེས་དང་ཐུགས་དང་གསུང་དང་སྐུའི་བདག་ཉིད་ཀྱི་རྣལ་འབྱོར་ཞུས་ཏེ་དཔལ་ལྡན་དུས་འཁོར་རྒྱུད་ཀྱི་རྒྱལ་པོ་ལའོ། །ཇི་ལྟར་གྱུར་པ་ལ་ཞེ་ན། ཀ་ཕྲེང་ལྡན་པའི་ཨ་འདུས་ལ་སྟེ་ཀ་ཕྲེང་ལྡན་པའི་ཨ་འདུས་ཞེས་པ་ཀའི་ཕྲེང་བ་ནི་
ཀ་ཕྲེང་སྟེ། ཀ་ཡིག་ལ་སོགས་པ་གསལ་བྱེད་ཀྱི་ཕྲེང་བའོ། །ཀ་ཡིག་གསལ་བྱེད་ཐམས་ཅད་ཀྱི་གཙོ་བོར་རིག་པར་བྱ་སྟེ། དང་པོར་བསྟན་པའམ་རྡུལ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཨའི་འདུས་པ་ནི་ཨ་འདུས་ཏེ་དབྱངས་ཀྱི་ཚོགས་པ་ཞེས་
Vol. 11 · folio 147b
བརྗོད་དོ། །འདིར་ཀའི་ཕྲེང་བ་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་ན། ཏ་ཐ་ད་དྷ་ན། ས་ྉྤ་ཥ་ཤ་ྈྐ་ཞེས་པ་ནི་ཀའི་ཕྲེང་བ་སྟེ་གསལ་བྱེད་ཀྱི་ཕྲེང་བའོ། །འདིར་ཨའི་འདུས་པ་ནི་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿཨེ་ཨེ་ཨར་
ཨཱར་ཨོ་ཨཽ་ཨལ་ཨཱལ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཞེས་པ་ནི་ཨའི་འདུས་པ་སྟེ་དབྱངས་ཀྱི་ཚོགས་སོ། །ཨ་འདུས་འདི་ལ་ཀ་ཕྲེང་དང་ལྡན་པའི་ཕྱིར་ཀ་ཕྲེང་ལྡན་པ་སྟེ། ཀ་ཕྲེང་ལྡན་པའི་ཨ་འདུས་དུས་ཀྱི་འཁོར་ལོའི་རྗོད་པར་བྱེད་པ་ཨ་ལ་སོགས་པ་དང་། ཀ་ལ་
སོགས་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྣལ་འབྱོར་གྱི་རྒྱུད་དང་པོའི་སངས་རྒྱས་རིགས་མེད་པ་དེ་ལ་དུས་ཀྱི་འཁོར་ལོའི་བརྗོད་པར་བྱ་བ་རྡོ་རྗེའི་རྣལ་འབྱོར་རྒྱུད་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང་པོའི་སངས་རྒྱས་ནི་ཟླ་བ་བཟང་པོས་ཞུས་ཞེས་པ་ཆོས་བསྟན་པ་བསྡུས་
པའོ། །ད་ནི་དགོས་པ་དང་དགོས་པའི་དགོས་པ་བསྡུས་པ་བརྗོད་པ། མི་རྣམས་དགྲོལ་བའི་དོན་དུའོ། །ཞེས་པ་སྟེ། མི་རྣམས་དགྲོལ་བའི་དོན་ནི་དང་པོར་རེ་ཞིག་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པ་ནི་དགོས་པ་སྟེ། བསོད་
རྣམས་ཀྱི་ཚོགས་དང་དཀྱིལ་འཁོར་གྱི་འཁོར་ལོའི་གཟུགས་བསྒོམ་པའི་སྟོབས་དང་། བྱིན་གྱིས་བརླབ་པ་བསྒོམ་པའི་སྟོབས་དང་། དཔའ་བོའི་རིམ་པ་དང་བྱིན་གྱིས་བརླབ་པའི་རིམ་པས་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་ཡང་དགོས་པའོ། །དེ་ནས་གོང་ནས་གོང་
དུ་དགོས་པའི་ཡང་དགོས་པ་ནི་དགོས་པའི་དགོས་པ་སྟེ། འདིར་ནམ་མཁའི་ཁམས་ལ་རྣམ་པར་རྟོག་པ་མེད་པའི་སེམས་དང་དུ་བ་ལ་སོགས་པའི་མཚན་མས་ཕྱག་རྒྱ་ཆེན་པོ་རྣམ་པ་ཀུན་སྣ་ཚོགས་པའི་ངོ་བོ་ཉིད་ཀྱིས་བསྒོམ་པ་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྒྲུབ་ཐབས་
དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་གིས་མི་རྣམས་ཀྱི་སྐྱེ་བ་འདི་ལ་སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་དེ་དགོས་པ་དང་། དགོས་པའི་དགོས་པ་བསྡུས་པའོ། །མཆོག་གི་དང་པོའི་སངས་རྒྱས་ཀྱི་རྣལ་འབྱོར་འདི་ནི་འདས་པའི་སངས་རྒྱས་རྣམས་
Vol. 11 · folio 148a
ཀྱིས་བསྟན་ཏོ། །ད་ལྟར་བྱུང་བ་རྣམས་ཀྱིས་སྟོན་ཏོ། །མ་འོངས་པ་རྣམས་ཀྱིས་ཀྱང་སྟོན་པར་འགྱུར་ཏེ། འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དང་། འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པའི་ཚེའི་འཁོར་རྣམས་ཀྱིས་སོ། །
མཐའ་ཡས་པ་མཐའ་ཡས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་རྣམས་ལ་མཐའ་ཡས་པ་མཐའ་ཡས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སངས་རྒྱས་ཉིད་ཀྱི་སླད་དུ་ཡང་དག་པར་བསྟན་ཏོ། །སྟོན་ཏོ། །སྟོན་པར་འགྱུར་
རོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་སྟོན་པ་པོ་ལ་སོགས་པ་བསྡུས་པའི་མདོར་བསྡུས་ཏེ་ལྔ་པའོ།། །།ད་ནི་ཉི་མའི་ཤིང་རྟས་གསོལ་བ་
བཏབ་པར་གྱུར་པ་བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྲུལ་པའི་སྐུ་མིའི་དབང་པོ་གྲགས་པས། མཆོག་གི་དང་པོའི་སངས་རྒྱས་ལས་དེ་བཞིན་གཤེགས་པས་ལུང་བསྟན་པ་ཟླ་བ་བཟང་པོས་གསོལ་བ་འདེབས་པ་ཚིགས་སུ་བཅད་པ་གཉིས་པས་གསུངས་པ།
སྟོང་པ་ཡེ་ཤེས་ཀྱང་སྟེ་ཐིག་ལེ་མཆོག་མཆོག་རྡོ་རྗེ་འཛིན་པ་སངས་རྒྱས་ལྷ་དང་ལྷ་མིན་ཡང་། །ཕྱི་དང་ལུས་དང་གཞན་ལ་ཡང་སྟེ་རང་བཞིན་རྣམས་ལ་སྐྱེས་བུ་ཉི་ཤུ་ལྔ་པའི་བདག་ཉིད་དང་། །ལུས་ལ་སྣ་ཚོགས་ཚད་དང་སྲིད་པ་གསུམ་གྱི་བཀོད་པ་ལྷ་དང་ལྷ་
མིན་རྣམས་ཀྱི་ལོངས་སྤྱོད་དང་། །དཀྱིལ་འཁོར་དང་ནི་དབང་སྟེ་འདི་དག་སྐབས་གསུམ་པ་དང་མི་ཡི་བླ་མ་ཡང་དག་བཤད་དུ་གསོལ། །འདིར་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་ནི་སྟོང་པ་ཆེན་པོ་ཡི་གེ་ལྔ་དང་ཐིག་ལེ་སྟོང་པ་ཡི་གེ་དྲུག་དང་། རིགས་
དྲུག་ལ་སོགས་པའི་དོན་བསྡུས་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་དེའི་ཕྱིར་འདི་བདག་གིས་དགྲོལ་བར་བྱའོ། །འདིར་དང་པོར་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་སྟོང་པ་ཞེས་པ་ལ་སོགས་པས་རྒྱུད་ཀྱི་སྦས་པའི་དོན་རབ་ཏུ་གསལ་བར་བྱས་ན་འཆད་
Vol. 11 · folio 148b
པར་འགྱུར་བ་བྱིས་པའི་བློ་ཅན་རྣམས་ཀྱིས་རྟོགས་སླ་བར་འགྱུར་རོ། །དེས་ན་དང་པོར་འགྲེལ་བཤད་ལས་མདོར་བསྡུས་པས་བརྗོད་པར་བྱའོ། །འདིར་སྟོང་པ་ཞེས་པ་ལ་སོགས་པའི་མིང་རྣམས་ཀྱིས་མ་མཐོང་བ་དང་མཐོང་བའི་དངོས་པོ་ཉི་ཚེ་བའི་དབང་པོའི་སྤྱོད་
ཡུལ་མ་ཡིན་པ་དང་། ཉི་ཚེ་བའི་དབང་པོའི་སྤྱོད་ཡུལ་རྣམས་རབ་ཏུ་སྟོན་ཏོ། །མེད་པ་དང་ཡོད་པ་དང་དངོས་པོ་མ་ཡིན་པ་དང་དངོས་པོ་ཡིན་པ་ཐམས་ཅད་ལ་ཡང་མིང་སྔོན་དུ་འགྲོ་བས་ཐ་སྙད་བྱེད་དེ་ནམ་མཁའི་མེ་ཏོག་ལ་སོགས་པ་དང་བུམ་པ་ལ་སོགས་པ་བཞིན་ནོ། །
འདིར་ནམ་མཁའི་མེ་ཏོག་གིས་མིང་གིས་བསྟན་པའི་དངོས་པོ་མེད་པ་ནི་དངོས་པོ་མ་ཡིན་ནོ། །དེ་བཞིན་དུ་བུམ་པའི་མིང་གིས་བསྟན་པའི་དངོས་པོ་ནི་དངོས་པོ་མེད་པའི་མཚན་ཉིད་མ་ཡིན་ཏེ་རང་གི་མིང་གིས་བརྗོད་པའི་ཕྱིར་རོ། །དེ་བཞིན་དུ་རྒྱུད་དང་རྒྱུད་གཞན་རྣམས་
སུ་བསྟན་བཅོས་ཀྱི་མིང་དང་ཡུལ་གྱི་མིང་དང་སྔགས་ཀྱི་ཡི་གེའི་མིང་དང་ཡི་གེ་རེ་རེའི་མིང་རྣམས་ཀྱིས་དངོས་པོ་གང་དག་དེ་བཞིན་གཤེགས་པས་ངེས་པར་བསྟན་ཅིང་སྡུད་པར་བྱེད་པ་པོ་རྣམས་ཀྱིས་ཀྱང་བྲིས་པ་དེ་དག་ཐམས་ཅད་རྣལ་འབྱོར་པ་རྣམས་ཀྱིས་དྲང་བའི་དོན་
དང་ངེས་པའི་དོན་གྱིས་རྟོགས་པར་བྱའོ། །འདིར་གཅིག་དང་དངོས་པོ་མེད་པ་ལ་ཡང་མིང་སྣ་ཚོགས་སྟེ་དེའི་ཕྱིར་དངོས་པོ་གཅིག་ལ་ཡང་མིང་སྣ་ཚོགས་ཀྱིས་བསྟན་པ་ལ་རྣལ་འབྱོར་པ་རྣམས་ཀྱིས་མིང་གི་རྣམ་པར་རྟོག་པ་མི་བྱ་སྟེ་བླ་མ་དམ་པས་ཉེ་བར་བསྟན་པ་
གསེར་བཞིན་ཡོངས་སུ་བརྟགས་པ་ནི་དོན་ལ་རྟོན་པ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །འདིར་སྟོང་པ་ཡེ་ཤེས་ཀྱང་སྟེ་ཐིག་ལེ་མཆོག་མཆོག་རྡོ་རྗེ་འཛིན་པ། ཞེས་པའི་ཡི་གེ་བཅུ་བཞི་པོ་འདིས་སྟོང་པ་ཞེས་པ་ལ་སོགས་པའི་མིང་རྣམས་ཀྱིས་ཁམས་དྲུག་གི་སྐྱེས་བུ་ཆེན་པོའི་
གང་ཟག་འདི་བསྡུས་པ་འདི་ལྟ་སྟེ། ཡེ་ཤེས་ཀྱི་ཕུང་པོ་དང་རྣམ་པར་ཤེས་པའི་ཕུང་པོ་དང་ཡེ་ཤེས་ཀྱི་ཁམས་དང་ནམ་མཁའི་ཁམས་དང་། ཡིད་དང་རྣ་བ་དང་སྒྲ་དང་ཆོས་ཀྱི་དབྱིངས་དང་མཆོག་གི་དབང་པོ་དང་སྟག་དང་དྲི་ཆུ་འཛག་པ་དང་ཁུ་བ་འཕོ་བ་སྟེ། འདི་
Vol. 11 · folio 149a
རྣམས་སྒྲིབ་པ་དང་བྲལ་བ་ཉིད་དང་རོ་མཉམ་པ་ཉིད་དང་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ལ་སྟོང་པ་ཞེས་བརྗོད་དོ། །ཐམས་ཅད་དངོས་པོ་མེད་པ་ནི་མ་ཡིན་ཏེ་རྣལ་འབྱོར་པས་རང་རིག་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ནི་རྒྱལ་བ་རྣམས་ཀྱིས་གཞོམ་དུ་མེད་
པར་གསུངས་ཏེ་གཞོམ་དུ་མེད་པ་འདིའི་མིང་གི་མཚན་མ་ནི་ལྷོ་དང་བྱང་དང་ཤར་དང་ནུབ་ཀྱི་དབུས་སུ་གྲི་གུག་གི་རྣམ་པར་རི་མོ་ཙམ་བརྗོད་དུ་མེད་པ་སྟེ་སྟོང་པ་ཆེན་པོའི་ཡི་གེ་དང་པོའོ། །དེའི་འོག་ཏུ་ཡེ་ཤེས་ཀྱང་ཞེས་པ་སྟེ་འདིར་ཀྱང་ཡིག་ནི་སྡུད་པའི་དོན་དུ་བསྟན་ཏེ་
སྡུད་པའི་དོན་གོ་བར་བྱེད་པའི་ཕྱིར་རོ། །ཡེ་ཤེས་ཞེས་པའི་མིང་འདིས་སྟོང་པ་གསུམ་པ་ཞེས་པ་རྟོགས་པར་བྱ་བ་འདི་ལྟ་སྟེ། ཚོར་བའི་ཕུང་པོ་དང་མེའི་ཁམས་དང་མིག་དང་རོ་དང་ལག་པ་དང་འགྲོ་བ་སྟེ། འདི་རྣམས་སྒྲིབ་པ་མེད་པ་ཉིད་དང་རོ་མཉམ་པ་ཉིད་དང་
གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ནི་ཡེ་ཤེས་ཏེ་སྟོང་པ་ཆེན་པོ་ཡི་གེ་གསུམ་པའོ། །འདིའི་མིང་གི་མཚན་མ་ནི་དབུས་མ་གཞོམ་དུ་མེད་པའི་མཚན་མའི་ལྷོ་རུ་ཐིག་ལེ་གཉིས་ཏེ་བརྗོད་དུ་མེད་པའོ། །ཐིག་ལེ་ཞེས་པའི་མིང་འདིས་སྟོང་པ་བཞི་པ་རྟོགས་པར་བྱ་སྟེ་སྔ་མའི་ཀྱང་
ཡིག་གི་ཕྱིར་རོ། །འདི་ལྟ་སྟེ། འདུ་ཤེས་ཀྱི་ཕུང་པོ་དང་ཆུའི་ཁམས་དང་། ལྕེ་དང་གཟུགས་དང་རྐང་པ་དང་ལེན་པ་སྟེ། འདི་རྣམས་སྒྲིབ་པ་མེད་པ་ཉིད་དང་རོ་མཉམ་པ་ཉིད་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ནི་ཐིག་ལེ་སྟེ། སྟོང་པ་ཆེན་པོ་ཡི་གེ་བཞི་པའོ། །
འདིའི་མིང་གི་མཚན་མ་ནི་དབུས་ཀྱི་མཚན་མའི་བྱང་དུ་ཐིག་ལེ་གཅིག་སྟེ་བརྗོད་དུ་མེད་པའོ། །མཆོག་མཆོག་རྡོ་རྗེ་འཛིན་པ། ཞེས་པ་ནི་མཆོག་དང་མཆོག་དང་རྡོ་རྗེ་འཛིན་པ་ནི་མཆོག་མཆོག་རྡོ་རྗེ་འཛིན་པ་སྟེ་གཅིག་ཟླས་དབྱེ་བའི་ཕྱིར་རོ། །སྔར་གྱི་ཀྱང་ཡིག་
ལས་གསུམ་པོ་འདི་སྟོང་པའི་མིང་ཅན་དུ་འགྱུར་རོ། །མཆོག་དང་པོའི་མིང་གིས་སྟོང་པ་གཉིས་པ་ཞེས་བརྗོད་པ་འདི་ལྟ་སྟེ། འདུ་བྱེད་ཀྱི་ཕུང་པོ་དང་རླུང་གི་ཁམས་དང་། སྣ་དང་རེག་བྱ་དང་ངག་གི་དབང་པོ་དང་བཤང་བ་འཛག་པ་སྟེ། འདི་རྣམས་སྒྲིབ་པ་དང་
Vol. 11 · folio 149b
བྲལ་བ་ཉིད་དང་རོ་མཉམ་པ་ཉིད་དང་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ནི་མཆོག་སྟེ་སྟོང་པ་ཆེན་པོ་ཡི་གེ་གཉིས་པའོ། །འདིའི་མིང་གི་མཚན་མ་ནི་དབུས་མ་གཞོམ་དུ་མེད་པའི་ཤར་དུ་དབྱིག་པའི་རྣམ་པ་རི་མོ་ཙམ་བརྗོད་དུ་མེད་པའོ། །མཆོག་གཉིས་པའི་མིང་གིས་སྟོང་པ་
ལྔ་པ་ཞེས་བརྗོད་པ་འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་དང་སའི་ཁམས་དང་ལུས་ཀྱི་དབང་པོ་དང་དྲི་དང་བཤང་ལམ་དང་བརྗོད་པ་སྟེ། འདི་རྣམས་སྒྲིབ་པ་མེད་པ་ཉིད་དང་རོ་མཉམ་པ་ཉིད་དང་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ནི་མཆོག་སྟེ་སྟོང་པ་ཡི་གེ་ལྔ་པའོ། །འདིའི་མིང་
གི་མཚན་མ་ནི་དབུས་མ་གཞོམ་དུ་མེད་པའི་ནུབ་ཏུ་ཐོད་པའི་རྣམ་པ་བརྗོད་དུ་མེད་པའོ། །དེ་ལྟར་བརྗོད་པའི་རིམ་པས་གཅིག་ཏུ་འདྲེས་པར་གྱུར་པ་ལྔ་ནི་སྟོང་པ་ཆེན་པོ་ཡི་གེ་ལྔ་པ་ཝྃ་ཡིག་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་རྡོ་རྗེར་བརྗོད་དོ། །འདིར་དབྱངས་ཀྱི་མིང་ཅན་
བརྗོད་དུ་མེད་པའི་ཡི་གེ་ལྔ་ནི་འདི་ལྟ་སྟེ། དབུས་སུ་ཨ་ཡིག་སྟོང་པ་གྲི་གུག་གི་རྣམ་པའོ། །ལྷོར་རི་ཡིག་སྟོང་པ་ཐིག་ལེ་གཉིས་སོ། །བྱང་དུ་ཨུ་ཡིག་སྟོང་པ་ཐིག་ལེ་གཅིག་གོ། །ཤར་དུ་ཨི་ཡིག་སྟོང་པ་དབྱུག་པའི་རྣམ་པའོ། །ནུབ་ཏུ་ལི་ཡིག་
སྟོང་པ་ཐོད་པའི་རྣམ་པ་སྟེ། དེ་བཞིན་དུ་ཡོན་ཏན་དང་འཕེལ་བ་དང་ཡ་ཎར་བསྒྱུར་བའི་རྣམ་པར་འགྱུར་བ་རྣམས་ཤེས་པར་བྱའོ། །དེ་ལྟར་ཝྃ་ཡིག་ནི་སྟོང་པ་ཆེན་པོ་ཡི་གེ་ལྔ་པ་དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་པྲ་
ཕབ་པའི་རང་བཞིན་དང་མཚུངས་པ་རྣལ་འབྱོར་པས་རྟོགས་པར་བྱ་བའོ། །འདིར་ཡེ་ཤེས་དང་རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པའི་དབྱངས་རྣམས་ནི་འདི་ལྟ་སྟེ། ཡེ་ཤེས་ཀྱི་ཕུང་པོ་ཨྃ། རྣམ་པར་ཤེས་པའི་ཕུང་པོ་ཨ། ཡེ་ཤེས་ཀྱི་ཁམས་ཨཿ། ནམ་
མཁའི་ཁམས་ཨཱ། ཡིད་ཀྱི་དབང་པོ་ཨྃ། རྣ་བའི་དབང་པོ་ཨ། སྒྲ་ཨཿ། ཆོས་ཀྱི་དབྱིངས་ཨཱ། བྷ་ག་ཧ། དྲི་ཆུ་འཛག་པ་ཧཿ། མཆོག་གི་དབང་པོ་ཧྃ། ཁུ་བ་འཕོ་བ་ཧཱ། འདི་དག་ནི་དབུས་མ་གཞོམ་དུ་མེད་པའི་སྒྲིབ་པ་དང་བྲལ་བ་སྟེ་གྲི་གུག་གི་རྣམ་པའི་མིང་
Vol. 11 · folio 150a
གི་མཚན་མས་རྟོགས་པར་བྱའོ། །འདུ་བྱེད་ཀྱི་ཕུང་པོ་ཨི། རླུང་གི་ཁམས་ཨཱི། སྣའི་དབང་པོ་ཨེ། རེག་བྱ་ཨཻ། ངག་གི་དབང་པོ་ཡ། བཤང་བ་འཛག་པ་ཡཱ། འདི་དག་སྒྲིབ་པ་དང་བྲལ་བ་ཤར་དུ་དབྱུག་པའི་རྣམ་པའི་མཚན་མས་རྟོགས་
པར་བྱའོ། །ཚོར་བའི་ཕུང་པོ་རྀ། མེའི་ཁམས་རཱྀ། མིག་གི་དབང་པོ་ཨར། རོ་ཨཱར། ལག་པའི་དབང་པོ་ར། འགྲོ་བ་རཱ། འདི་དག་སྒྲིབ་པ་དང་བྲལ་བ་ལྷོར་ཐིག་ལེ་གཉིས་ཀྱི་མཚན་མས་རྟོགས་པར་བྱའོ། །འདུ་ཤེས་ཀྱི་ཕུང་པོ་ཨུ། ཆུའི་ཁམས་ཨཱུ། ལྕེའི་དབང་པོ་ཨོ།
ཡུལ་གཟུགས་ཨཽ། རྐང་པའི་དབང་པོ་ཝ། ལེན་པ་ཝཱ། འདི་དག་སྒྲིབ་པ་དང་བྲལ་བ་དབུས་ཀྱི་མཚན་མའི་བྱང་དུ་ཐིག་ལེའི་མཚན་མས་རྟོགས་པར་བྱའོ། །གཟུགས་ཀྱི་ཕུང་པོ་ལྀ། སའི་ཁམས་ལཱྀ། ལུས་ཀྱི་དབང་པོ་ཨལ། ཡུལ་དྲི་ཨཱལ། བཤང་ལམ་གྱི་དབང་པོ་ལ། བརྗོད་པ་ལཱ། འདི་དག་
སྒྲིབ་པ་དང་བྲལ་བ་ནུབ་ཏུ་ཐོད་པའི་རྣམ་པའི་མཚན་མས་རྟོགས་པར་བྱའོ། །འདི་དག་ནི་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཐ་དད་པ་དབྱངས་དང་ཡོན་ཏན་དང་འཕེལ་བ་དང་ཡ་ཎར་བསྒྱུར་བའི་རྣམ་པར་འགྱུར་བའོ། །གང་དུ་ཕུང་པོ་རྣམས་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཐ་དད་པར་གྱུར་པ་དེར་ཕུང་པོའི་གནས་སུ་རོ་དྲུག་གཟུང་
བར་བྱ་སྟེ། སྐྱུར་བ་དང་བསྐ་བ་དང་ཁ་བ་དང་ཚ་བ་དང་མངར་བ་དང་ལན་ཚྭ་རྣམས་སོ། །ཨཾ་ཨ་ཨི་རྀ་ཨུ་ལྀ་ཞེས་པ་རོ་དྲུག་སྟེ་ལྷག་མ་ནི་བརྗོད་པའི་ཚོགས་སོ། །སྟོང་པ་ཆེན་པོ་ཡི་གེ་ལྔ་སུམ་ཅུ་རྩ་དྲུག་གི་བདག་ཉིད་དེ་ཉིད་རྒྱལ་བ་རྣམས་ཀྱིས་རྡོ་རྗེར་བརྗོད་དེ་དེ་འཛིན་པའི་ཕྱིར་རྡོ་རྗེ་འཛིན་པའོ། །
ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་ཨེ་ཡིག་ཆོས་འབྱུང་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་སོ། །འདི་ལྟ་སྟེ་རྣམ་པར་ཤེས་པའི་ཕུང་པོ་དང་ནམ་མཁའི་ཁམས་དང་རྣ་བ་དང་ཆོས་ཀྱི་དབྱིངས་དང་བྷ་ག་དང་ཁུ་བ་འཕོ་བ་སྟེ་འདི་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་
སྟོང་པ་ཉིད་དོ། །དབུས་མ་གཞོམ་དུ་མེད་པའི་སྟེང་དུ་འདིའི་མིང་གི་མཚན་མ་ཀ་སྡེའི་བདག་ཉིད་ཀ་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་དང་པོའོ། །འདུ་བྱེད་ཀྱི་ཕུང་པོ་དང་རླུང་གི་ཁམས་དང་སྣ་དང་རེག་བྱ་དང་དག་དང་བཤང་བ་འཛག་པ་སྟེ་འདི་རྣམས་སྒྲིབ་
Vol. 11 · folio 150b
པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །ཤར་གྱི་མཚན་མའི་ཤར་དུ་འདིའི་མིང་གི་མཚན་མ་ཙ་སྡེའི་བདག་ཉིད་ཙ་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་གཉིས་པའོ། །ཚོར་བའི་ཕུང་པོ་དང་མེའི་ཁམས་དང་མིག་དང་རོ་དང་ལག་པ་དང་འགྲོ་བ་སྟེ་
འདི་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །ལྷོའི་མཚན་མའི་ལྷོར་འདིའི་མིང་གི་མཚན་མ་ཊ་སྡེའི་བདག་ཉིད་ཊ་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་གསུམ་པའོ། །འདུ་ཤེས་ཀྱི་ཕུང་པོ་དང་ཆུའི་ཁམས་དང་ལྕེ་དང་གཟུགས་དང་
རྐང་པའི་དབང་པོ་དང་ལེན་པ་སྟེ་འདི་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །བྱང་གི་མཚན་མའི་བྱང་དུ་འདིའི་མིང་གི་མཚན་མ་པ་སྡེའི་བདག་ཉིད་པ་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་བཞི་པའོ། །གཟུགས་ཀྱི་ཕུང་པོ་དང་སའི་ཁམས་
དང་ལུས་ཀྱི་དབང་པོ་དང་དྲི་དང་བཤང་ལམ་དང་བརྗོད་པ་སྟེ་འདི་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །ནུབ་ཀྱི་མཚན་མའི་ནུབ་ཏུ་འདིའི་མིང་གི་མཚན་མ་ཏ་སྡེའི་བདག་ཉིད་ཏ་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་ལྔ་པའོ། །ཡེ་ཤེས་
ཀྱི་ཕུང་པོ་དང་ཡེ་ཤེས་ཀྱི་ཁམས་དང་ཡིད་དང་སྒྲ་དང་མཆོག་གི་དབང་པོ་དང་དྲི་ཆུ་འཛག་པ་སྟེ་འདི་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །དབུས་མ་གཞོམ་དུ་མེད་པའི་མཚན་མའི་འོག་ཏུ་འདིའི་མིང་གི་མཚན་མ་ས་སྡེའི་བདག་ཉིད་ས་ཡིག་གསལ་བྱེད་
བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་དྲུག་པའོ། །དེ་ལྟར་ན་ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་ཆོས་འབྱུང་རྡོ་རྗེ་འཛིན་པ་ཨེ་ཡིག་སྟེ་སྟོང་པ་ཉིད་དམིགས་པ་དང་བཅས་པ་པྲ་ཕབ་པའི་རང་བཞིན་ཅན་ནོ། །འདིར་ཕུང་པོ་དང་ཁམས་ལ་སོགས་པའི་གསལ་བྱེད་རྣམས་ནི། ཀ་ཁ་ག་གྷ་ང་།
ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཏ་ཐ་ད་དྷ་ན། ས་ྉྤ་ཥ་ཤ་ྈྐ། ཧ་ཡ་ར་ཝ་ལ་ཀྵ། ཞེས་པ་སྟེ། དབྱངས་དང་གསལ་བྱེད་འདི་དག་གི་ཡང་ཐུང་ངུ་དང་རིང་པོའི་དབྱེ་བས་ཕུང་པོ་དང་། ཁམས་ལ་སོགས་པའི་དབྱེ་བ་ཤེས་པར་བྱའོ། །ལུས་ཀྱི་
Vol. 11 · folio 151a
དབྱེ་བས་ཕུང་པོ་དང་དབང་པོ་ནི་དབྱངས་དང་གསལ་བྱེད་ཐུང་ངུའི་ཆོས་རྣམས་ཡིན་ལ་ཁམས་དང་ཡུལ་ནི་དབྱངས་དང་གསལ་བྱེད་རིང་པོའི་ཆོས་རྣམས་སོ། །རོ་དྲུག་དང་ཁམས་ཀྱི་རྣམ་པར་འགྱུར་བའི་དབྱེ་བས་ཁམས་སུམ་ཅུ་རྩ་དྲུག་ཏུ་འགྱུར་བ་དང་། ཕུང་པོ་
དྲུག་དབང་པོ་དྲུག་གི་དབྱེ་བས་ཕུང་པོ་སུམ་ཅུ་རྩ་དྲུག་ཏུ་འགྱུར་བ་འདི་ལྟ་སྟེ། རོ་དྲུག་དང་ཁམས་དྲུག་དང་དབང་པོ་དྲུག་དང་ཡུལ་དྲུག་དང་ལས་ཀྱི་དབང་པོ་དྲུག་དང་ལས་ཀྱི་དབང་པོའི་ཡུལ་དྲུག་ནི་རོ་དྲུག་དང་ཁམས་ཀྱི་རྣམ་པར་འགྱུར་བའོ། །རྣ་བའི་རྣམ་པར་ཤེས་པ་ལ་སོགས་
པ་རྣམ་པར་ཤེས་པ་དྲུག་དང་། དེ་བཞིན་དུ་འདུ་བྱེད་དྲུག་དང་ཚོར་བ་དྲུག་དང་། འདུ་ཤེས་དྲུག་དང་གཟུགས་ཀྱི་ཕུང་པོ་དྲུག་དང་། ཡེ་ཤེས་ཀྱི་ཕུང་པོ་དྲུག་ནི་ཕུང་པོའི་རྣམ་པར་འགྱུར་བའོ། །འཆད་པར་འགྱུར་བར་རྒྱ་ཆེར་བརྗོད་པར་བྱ་སྟེ་ལེའུ་དང་པོ་འདིར་ནི་མདོར་
བསྡུས་པ་ཙམ་ཞིག་ཉེ་བར་བསྟན་ཏོ། །འདིར་སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་དབྱངས་ཀྱི་ཚོགས་ཏེ་ཁུ་བ་དང་ཟླ་བ་ཞེས་བརྗོད་དོ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་གསལ་བྱེད་ཀྱི་ཚོགས་ཏེ་རྡུལ་དང་ཉི་མ་ཞེས་བརྗོད་དོ། །འདིར་ཁུ་བ་དང་ཟླ་བ་ནི་ཝཾ་ཡིག་སྟེ་རྡོ་རྗེའོ། །རྡུལ་དང་ཉི་མ་ནི་ཨེ་
ཡིག་སྟེ་པདྨའོ། །རྡོ་རྗེ་དང་པདྨ་འདི་གཉིས་གཅིག་པ་ཉིད་ནི་རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་ནི་མཆོག་གི་བདེ་བ་དང་ཡེ་ཤེས་དང་ཁུ་བའོ། །སེམས་དཔའ་ནི་རྣམ་པ་ཐམས་ཅད་པ་དང་ཤེས་རབ་ཀྱི་གཟུགས་དང་ཤེས་བྱ་དང་ཉི་མ་དང་ཡེ་ཤེས་དང་རྣམ་པར་ཤེས་པས་བྱིན་གྱིས་བརླབས་པ་དང་།
སྒྲིབ་པ་དང་བྲལ་བ་དང་གཅིག་ཏུ་འདྲེས་པར་གྱུར་པ་དང་། དེ་ཉིད་དང་འགྲོ་བའི་དོན་བྱེད་པ་པོ་ཡིན་ནོ། །སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་གཅིག་ཏུ་སྦྱོར་བ་འདི་ཉིད་ཞལ་བཞིའི་རྒྱུར་འགྱུར་ཏེ། ཡེ་ཤེས་ནི་ནུབ་ཀྱི་ཞལ་སེར་པོའོ། །རྣམ་པར་ཤེས་པ་ནི་ཤར་གྱི་ཞལ་ནག་
པོའོ། །ཟླ་བ་དང་སྐུ་ནི་བྱང་གི་ཞལ་དཀར་པོའོ། །ཉི་མ་དང་གསུང་ནི་ལྷོའི་ཞལ་དམར་པོའོ། །ཟླ་བ་དང་ཉི་མ་འདི་དག་ནི་གཙོ་བོ་དང་ཕལ་པའི་དབྱེ་བས་ཁམས་དྲུག་དྲུག་ཏུ་རྟོགས་པར་བྱ་སྟེ། དེ་དག་ཀྱང་ས་དང་ཆུ་དང་མེ་དང་རླུང་དང་རོ་དང་རོ་ཆེན་པོའི་ཆ་ཤས་སོ། །འདི་
Vol. 11 · folio 151b
རྣམས་ལ་ཁུ་བ་ལས་བྱུང་བ་གསུམ་དང་། བྱུང་བ་མ་ཡིན་པ་གསུམ་སྟེ། ཆུའི་ཁམས་དང་རླུང་གི་ཁམས་དང་རོའི་ཁམས་ཏེ། ཁམས་འདི་དག་ནི་ཁུ་བ་ལས་བྱུང་བའོ། །རོའི་ཁམས་ནི་ནམ་མཁའི་ཁམས་ཀྱི་མིང་ངོ་། །རྡུལ་ལས་བྱུང་བ་གསུམ་དང་བྱུང་བ་མ་ཡིན་པར་
གསུམ་སྟེ། སའི་ཁམས་དང་མེའི་ཁམས་དང་རོ་ཆེན་པོའི་ཁམས་ཏེ། ཁམས་འདི་དག་ནི་རྡུལ་ལས་བྱུང་བའོ། །འདིར་རོ་ཆེན་པོ་ནི་ཡེ་ཤེས་ཀྱི་ཁམས་ཀྱི་མིང་ངོ་། །ཁམས་ལྷག་མ་དག་ནི་ཁུ་བ་དང་རྡུལ་ལས་བྱུང་བའོ། །དེ་ལྟར་ཟླ་བ་དང་ཉི་མ་དག་ལས་
བྱུང་བའི་ཁམས་གསུམ་པོ་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་མངལ་ནས་སྐྱེས་པ་རྣམས་ཀྱི་ལུས་དང་ངག་དང་སེམས་སུ་འགྱུར་ཏེ། ཟླ་བའི་ཁམས་རྣམས་ཐབས་ཀྱི་ལུས་དང་ངག་དང་སེམས་དང་། ཉི་མའི་ཁམས་རྣམས་ཤེས་རབ་ཀྱི་ལུས་དང་ངག་དང་སེམས་ཏེ་ཁུ་བ་དང་རྡུལ་
ལས་བྱུང་བའི་རྒྱུའི་ཕྱིར་རོ། །ཁམས་འདི་དག་ནི་དབང་པོ་དྲུག་ལ་སོགས་པ་རྣམས་ཀྱི་རིགས་དྲུག་གོ། །དེ་བཞིན་དུ་སྐུ་དང་གསུང་དང་ཐུགས་ཀྱི་རིགས་ནི་ངོ་བོ་ཉིད་ཀྱི་རིགས་དང་ལྷན་ཅིག་རིགས་བཞིར་འགྱུར་རོ། །སྐུ་གསུམ་སྐུ་བཞིར་འགྱུར་རོ། །གནས་སྐབས་
གསུམ་གནས་སྐབས་བཞིར་འགྱུར་རོ། །དེ་བཞིན་དུ་ཁམས་ལྔའི་རིགས་ནི་ཡེ་ཤེས་ཀྱི་ཁམས་དང་ལྷན་ཅིག་རིགས་དྲུག་ཏུ་འགྱུར་རོ། །དེ་བཞིན་དུ་མངལ་ནས་སྐྱེས་པ་རྣམས་ཀྱི་ཕུང་པོ་ལྔའི་རིགས་ནི་ཡེ་ཤེས་ཀྱི་ཕུང་པོ་དང་ལྷན་ཅིག་རིགས་དྲུག་ཏུ་འགྱུར་རོ། །བུ་མོ་ལ་ལོ་བཅུ་
གཉིས་དང་། སྐྱེས་པ་ལ་ལོ་བཅུ་དྲུག་གིས་ཏེ། བུ་མོ་ལ་རྡུལ་གྱི་དུས་ཇི་སྲིད་པར་རིགས་གསུམ་དང་རིགས་ལྔར་རིག་པར་བྱའོ། །སྐྱེས་པ་ལ་ཁུ་བ་འཕོ་བའི་དུས་ཇི་སྲིད་པར་རིགས་གསུམ་དང་རིགས་ལྔར་རིག་པར་བྱའོ། །ཡེ་ཤེས་ཀྱི་ཁམས་བྱུང་བའི་དུས་ནས་འཆི་བའི་
བར་དུ་གཉིས་ཀ་ལ་རིགས་བཞི་དང་རིགས་དྲུག་གོ། །དེ་བཞིན་དུ་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། རིགས་གསུམ་དང་ནི་རིགས་ལྔ་ཉིད། །རང་བཞིན་གཅིག་དང་རིགས་བརྒྱའོ། །ཞེས་སོ། །ད་ནི་རིགས་ཀྱི་རིགས་ཅན་བརྗོད་པ་སངས་རྒྱས་
Vol. 11 · folio 152a
ཞེས་པ་ལ་སོགས་པའོ། །འདིར་སངས་རྒྱས་ནི་ཡེ་ཤེས་དང་རྣམ་པར་ཤེས་པ་ལ་སོགས་པ་ཕུང་པོ་དྲུག་གོ། །ལྷ་དང་ལྷ་མིན་ཡང་ཞེས་པའི་ཡང་ཡིག་གིས་བྱང་ཆུབ་སེམས་དཔའ་ཡིད་ཀྱི་དབང་པོ་ལ་སོགས་པ་དྲུག་དང་དེ་བཞིན་དུ་ཁམས་དྲུག་དང་ཡུལ་དྲུག་དང་། དེ་བཞིན་
དུ་ཁྲོ་བོ་དྲུག་ལས་ཀྱི་དབང་པོ་དྲུག་དང་། ཁྲོ་བོའི་ལྷ་མོ་དྲུག་ལས་ཀྱི་དབང་པོའི་བྱ་བ་དྲུག་གོ། །ལྷ་ནི་ལག་པ་དང་རྐང་པའི་ཚིགས་བཅུ་གཉིས་ལ་འཆད་པར་འགྱུར་བ་རྣམས་ཏེ། དེ་བཞིན་དུ་རྣལ་འབྱོར་མ་ཙཪྩི་ཀཱ་ལ་སོགས་པ་བརྒྱད་དོ། །ལྷ་མིན་ནི་ཀླུའི་རྒྱལ་པོ་
རྣམས་དང་ལྷ་མོ་ཁྱི་གདོང་མ་ལ་སོགས་པ་རྣམས་སོ། །ད་ནི་མུ་སྟེགས་པ་རྣམས་འཇུག་པར་བྱ་བའི་ཕྱིར་རང་བཞིན་དང་སྐྱེས་བུ་བརྗོད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་རྒྱུད་གཞན་ལས་གསུངས་པ། སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ། །འབྱུང་དང་སྡུད་པར་བྱེད་
པ་མོ། །རང་ཉིད་བྱེད་པོ་རང་འཕྲོག་པོ། །རང་ཉིད་རྒྱལ་པོ་རང་གཙོ་བོ། །ཞེས་པ་བརྫུན་པ་སྟེ། དོན་དམ་པར་བྱེད་པ་པོ་དང་འཕྲོག་པ་པོ་མེད་དོ། །མུ་སྟེགས་བྱེད་རྣམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་རང་བཞིན་དང་སྐྱེས་བུ་ལ་སོགས་པ་གཞན་ཡང་ངོ་། །
འདིར་མུ་སྟེགས་པ་རྣམས་ཀྱི་རང་བཞིན་ཉི་ཤུ་རྩ་བཞིའི་བདག་ཉིད་དང་སྐྱེས་བུ་ཉི་ཤུ་རྩ་ལྔ་པའོ། །དེ་ལ་རྩ་བའི་རང་བཞིན་རྣམ་པར་འགྱུར་བ་མ་ཡིན་ཏེ། སེམས་ཅན་རྣམས་ཀྱི་བཞི་པའི་གནས་སྐབས་སྐྱེད་པར་བྱེད་པ་ནམ་མཁའི་ཁམས་སོ། །ཆེན་པོ་ལ་སོགས་པ་བདུན་
ནི་རང་བཞིན་དང་རྣམ་པར་འགྱུར་བ་སྟེ་ས་དང་ཆུ་དང་མེ་དང་རླུང་དང་ཡིད་དང་བློ་དང་ང་རྒྱལ་ལོ། །རྣམ་པ་བཅུ་དྲུག་ནི་རྣམ་པར་འགྱུར་བ་སྟེ། དབང་པོ་ལྔ་དང་ཡུལ་ལྔ་དང་ལས་ཀྱི་དབང་པོ་ལྔ་དང་མཆོག་གི་དབང་པོ་སྟེ། རང་བཞིན་དང་རྣམ་པར་འགྱུར་བ་ཉི་ཤུ་རྩ་བཞིའོ། །
འདིར་སྐྱེས་བུ་ནི་ཁྱབ་བྱེད་ཉིད་ཡིན་པའི་ཕྱིར་རང་བཞིན་ཡང་མ་ཡིན་རྣམ་པར་འགྱུར་བ་ཡང་མ་ཡིན་ཏེ་ངོ་བོ་ཉིད་དང་བྲལ་བའོ། །ཕྱི་དང་ལུས་དང་གཞན་ལ་ཡང་ཉི་ཤུ་རྩ་ལྔའི་བདག་ཉིད་གྲུབ་སྟེ། ཕྱི་རོལ་དུ་ཁམས་ལྔ་དང་སྒྲ་གཅན་དང་ཉི་མ་དང་ཟླ་བ་ཞེས་པ་ནི་རང་བཞིན་བརྒྱད་
Vol. 11 · folio 152b
དོ། །བཀྲ་ཤིས་ལ་སོགས་པ་གཟའ་ལྔ་ནི་དབང་པོ་ལྔ་དང་ཡུལ་ལྔ་དང་། ས་ལ་སོགས་པ་རྣམས་ཀྱི་རོ་དྲུག་ནི་རྣམ་པར་འགྱུར་བ་བཅུ་དྲུག་སྟེ། ཁ་ཅིག་ནི་དབང་པོ་ལ་སོགས་པ་རྣམས་དང་འཚོ་བའི་ལུས་དྲུག་ཅེས་སོ། །དེ་བཞིན་དུ་ལུས་ལ་སྣ་ཚོགས་ཚད་ནི་ནང་གི་
ལེའུར་བརྗོད་པར་བྱའོ། །སྲིད་པ་གསུམ་གྱི་བཀོད་པ་ཞེས་པ་ལ། འདིར་ཕྱི་རོལ་དུ་སྲིད་པ་གསུམ་ནི་འཇིག་རྟེན་གྱི་ཁམས་ཡིན་ལ་ནང་དུ་ནི་མིའི་ལུས་ཀྱི་ཁམས་སོ། །དེའི་བཀོད་པ་འཆད་པར་འགྱུར་བའི་རིམ་པས་བཤད་དུ་གསོལ་ཞེས་པ་བྱ་བའི་ངེས་པའོ། །ལྷ་དང་
ལྷ་མིན་རྣམས་ཀྱི་ལོངས་སྤྱོད་དང་ཞེས་པ་ནི་འདིར་ལྷ་རྣམས་ཉིན་མོ་ལོངས་སྤྱོད་ཅིང་ལྷ་མ་ཡིན་རྣམས་མཚན་མོ་ལོངས་སྤྱོད་དེ་དེ་བཞིན་དུ་བྱང་དུ་བགྲོད་པ་དང་ལྷོར་བགྲོད་པའོ། །དཀྱིལ་འཁོར་དང་ནི་དབང་སྟེ་སྐབས་གསུམ་པ་དང་མིའི་བླ་མས་འདི་དག་ཡང་དག་བཤད་དུ་གསོལ་ཞེས་
པ་ལ། འདིར་འཇིག་རྟེན་གྱི་བདེན་པས་ཚོན་དང་ཐིག་གདབ་པས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། དོན་དམ་པའི་བདེན་པས་ནམ་མཁའི་ཁམས་ལ་ཐིག་གདབ་པ་དང་བྲལ་ཞིང་། ཚོན་དགྱེ་བ་དང་བྲལ་བ་ཁ་དོག་དང་ཕྱག་དང་དབྱིབས་ཀྱི་གཟུགས་ཀྱི་ལྷ་རྣམ་པར་རྟོག་
པས་བསྒོམས་པའི་སེམས་དང་བྲལ་བ། རྣམ་པ་ཐམས་ཅད་པ་མེ་ལོང་གི་པྲ་ཕབ་པ་ལྟ་བུ་བཤད་དུ་གསོལ་ཞེས་པའོ། །དེ་བཞིན་དུ་འཇིག་རྟེན་པའི་དབང་ནི་ཆུ་དང་ཅོད་པན་དང་དར་དཔྱངས་དང་རྡོ་རྗེ་དྲིལ་བུ་དང་བརྟུལ་ཞུགས་ཆེན་པོ་དང་མིང་དང་རྗེས་སུ་གནང་བ་སྟེ་བདུན་ནོ། །དེ་
བཞིན་དུ་གོང་མ་ནི་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་སོ། །འཇིག་རྟེན་ལས་འདས་པའི་དབང་བཅུ་གཅིག་པ་ནི་བཞི་པ་སྟེ་ཐམས་ཅད་ཡང་དག་པར་བཤད་དུ་གསོལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འཕགས་པའི་ཡུལ་འདིར་མ་འོངས་པའི་དུས་ན་རྡོ་རྗེ་སློབ་དཔོན་
རྫས་ལ་བརྐམ་པ་དག་འབྱུང་བར་འགྱུར་ཏེ། ཕྱུག་པོ་རྫས་ཀྱིས་མངོན་པར་ཁེངས་པ་རྣམས་ཀྱི་ཁྱིམ་དུ་སོང་ནས་རྫས་ཀྱི་དོན་དུ་ཆོས་འཚོང་བར་བྱེད་པར་འགྱུར་བ་དང་། རྫས་ལ་ཆགས་པས་སྐལ་བ་དང་མི་ལྡན་པ་རྣམས་ལ་འཇིག་རྟེན་ལས་འདས་པའི་དབང་སྟེར་བར་འགྱུར་བ་དང་།
Vol. 11 · folio 153a
༄༅། །དང་པོ་རྒྱལ་པོ་ལ་སོགས་པའི་མངག་གཞུག་པ་ཕྱི་ནས་བླ་མར་འགྱུར་བ་དང་། རྫས་ཀྱིས་དམན་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་བཏང་ཞིང་སེམས་ཅན་སྐལ་བ་དང་ལྡན་པར་གྱུར་པ་གཞན་རྣམས་ལ་ཡང་འཇིག་རྟེན་ལས་འདས་པའི་དབང་མི་སྟེར་བར་
འགྱུར་བ་དང་། དེ་དག་རྣམས་ལ་ཉོན་མོངས་པ་སྐྱེད་པར་འགྱུར་བ་དང་། རྫས་ཀྱི་དབང་གིས་གདུག་པའི་སེམས་ཅན་རྣམས་ལ་རྡོ་རྗེའི་ཚིག་རབ་ཏུ་གསལ་བར་བྱེད་པར་འགྱུར་བ་དང་། གཞན་ཡང་རྡོ་རྗེའི་ཚིག་མི་ཤེས་པ་ཕན་ཚུན་རྩོད་པ་བྱེད་པར་འགྱུར་བ་དང་། མཁས་
པའི་མངོན་པའི་ང་རྒྱལ་གྱིས་རྒྱུད་ཀྱི་དོན་མི་ཤེས་པ་རྣམས་ཀྱང་རྒྱུད་ཀྱི་འགྲེལ་བཤད་བྱེད་པར་འགྱུར་བ་དང་། བདུད་ཀྱི་རིས་རྣམས་སེམས་ཅན་རྣམས་ཀྱི་བླ་མར་གྱུར་ནས་རྡོ་རྗེའི་ཚིག་ཕྱིན་ཅི་ལོག་ཏུ་སྟོན་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་དབང་པོ་གཉིས་ལས་སྐྱེས་
པའི་བདེ་བར་བྱིས་པའི་བློ་ཅན་རྣམས་ལ་སྟོན་པར་འགྱུར་བ་དང་། གསུམ་པ་ཤེས་རབ་ཡེ་ཤེས་དེ་ཉིད་བཞི་པ་སྟེ། དེ་ཡང་དེ་བཞིན་ནོ་ཞེས་པའི་སྒྲ་རྒྱུ་དང་འབྲས་བུ་དབྱེ་བ་མེད་པས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་གསུམ་པའི་ཡེ་ཤེས་སངས་རྒྱས་ཀྱི་ཡེ་ཤེས་སུ་སྨྲ་
བར་འགྱུར་བ་དང་། འཕགས་པའི་ཡུལ་གང་དུ་མཁས་པའི་མངོན་པའི་ང་རྒྱལ་གྱིས། གླེགས་བམ་མཐོང་ནས་དབང་བསྐུར་མེད་པར་རྡོ་རྗེ་ཐེག་པ་སྟོན་པ་པོ་བྱེད་པར་འགྱུར་བ་དེའི་ཕྱིར། དེ་ལྟར་མ་འོངས་པའི་དུས་ཀྱི་གདུག་པའི་སློབ་དཔོན་རྣམས་ཀྱི་
འཇུག་པ་གཟིགས་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུད་དང་། རྒྱུད་གཞན་ཐམས་ཅད་དུ་བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གསལ་པོར་མ་མཛད་དེ། རྩ་བའི་རྒྱུད་དང་། བསྡུས་པའི་རྒྱུད་རྣམས་སུ་བཞི་པ་ཤེས་རབ་ཡེ་ཤེས་དང་། ཕྱག་
རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་སོགས་པའི་ལམ་ཤིན་ཏུ་སྦས་ཤིང་། རྩ་བའི་རྒྱུད་འགའ་ཞིག་ལ་རབ་ཏུ་གསལ་ལོ། །རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་འདི་དང་། བསྡུས་པའི་རྒྱུད་ལ་ཡང་བཞི་པ་ཤེས་རབ་ཡེ་ཤེས་རབ་ཏུ་གསལ་ཞིང་ཕྱག་
Vol. 11 · folio 153b
རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་སོགས་པའི་ལམ་ཡང་རབ་ཏུ་གསལ་བ། རྡོ་རྗེ་སློབ་དཔོན་བརྒྱུད་པའི་རིམ་པས་འོངས་པ་མ་ཡིན་པ་སྟེ། དཔེར་ན་སྔགས་ཀྱི་ལྷ་དང་། ཕྱི་རོལ་གྱི་དངོས་གྲུབ་སྒྲུབ་པའི་ཐབས་དང་། དཔའ་བོའི་རིམ་པ་དང་། རང་
བྱིན་གྱིས་བརླབས་པའི་རིམ་པ་ཡང་། བླ་མ་བརྒྱུད་པའི་རིམ་པས་འོངས་པ་མ་ཡིན་པ་བཞིན་ནོ། །རྣམ་པར་དག་པའི་རིམ་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པ་པོ་འདི། མཆོག་གི་དང་པོའི་སངས་རྒྱས་ལ་རབ་ཏུ་གསལ་བར་གླེགས་བམ་དུ་བྲིས་
ཏེ། ཆུ་བོ་ཤཱི་ཏའི་བྱང་དུ་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ཀྱི་སེམས་ཀྱི་ལྷག་པར་མོས་པ་མཁྱེན་ནས། བཅོམ་ལྡན་འདས་ཀྱིས་བསྟན་ཅིང་། ཕྱག་ན་རྡོ་རྗེས་གླེགས་བམ་ལ་བྲིས་པའོ། །མཚན་ཡང་དག་པར་བརྗོད་པ་ཚད་མར་བྱས་ནས། སེམས་
ཅན་རྣམས་ཐེ་ཚོམ་མེད་པར་འགྱུར་བ་གང་ཡིན་པ་དེས་ན། སྔགས་ཀྱི་ཐེག་པའི་ཚུལ་ཐམས་ཅད་ཀྱི་ངེས་པའི་དོན། མཚན་ཡང་དག་པར་བརྗོད་པ་ལས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་ཡང་དག་པར་བསྟན་ཏོ། །དེའི་ཕྱིར་གང་གིས་མཆོག་གི་དང་པོའི་སངས་
རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་
སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་དག་ཐམས་ཅད་ནི་འཁོར་བ་པ་སྟེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །དེ་ལྟ་བས་ན་མཆོག་གི་དང་པོའི་སངས་རྒྱས་ནི་བླ་མ་དམ་པ་རྣམས་ཀྱིས་བསྟན་པར་བྱ་ཞིང་། ཐར་པ་དོན་དུ་གཉེར་པའི་སློབ་མ་དམ་པ་རྣམས་ཀྱིས་མཉན་
པར་བྱའོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས། དཀྱིལ་འཁོར་དང་དབང་ལ་སོགས་པ་བསྡུས་པའི་མདོར་བསྡུས་ཏེ་དྲུག་པའོ།། །།
Vol. 11 · folio 154a
ད་ནི་སྡུད་པར་བྱེད་པ་པོ་འཇམ་དཔལ་གྱིས་ཟླ་བ་བཟང་པོ་ཁྱོད་ལ་བདག་མགུ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་པས་མཆོག་གི་དང་པོའི་སངས་རྒྱས་ལས་བཅོམ་ལྡན་འདས་ཀྱི་ལན་གྱི་ཚིག་ཡང་དག་པར་བསྡུས་པ་དེ་ཉིད་བདག་གིས་དགྲོལ་བར་བྱའོ། །
ཟླ་བ་བཟང་པོ་ཁྱོད་ལ་བདག་མགུ་ཞེས་པ་ལ་ཟླ་བ་བཟང་པོ་ནི་བོད་པ་སྟེ་ཀྱེ་ཟླ་བ་བཟང་པོ་ཁྱོད་ལ་བདག་མགུའོ། །གང་ལས་ཅིའི་ཕྱིར་ཞེ་ན། གང་ཞིག་ཁྱོད་ཀྱིས་དྲིས་པ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་འདི་ནི་རབ་མཆོག་ལྷ་དང་མི་ལ་སོགས་པ་རྣམས་ཀྱིས་ཤེས་པ་མ་ཡིན་པས་དེའི་ཕྱིར་བདག་
མགུའོ། །འདིར་རབ་མཆོག་ལྷ་རྣམས་ནི་རྒྱལ་ཆེན་བཞིའི་རིས་ལ་སོགས་པ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་མཐར་ཉེ་བར་སོན་པ་རྣམས་སོ། །མི་ནི་འཁོར་ལོས་སྒྱུར་བ་ལ་སོགས་པའོ། །སྲིན་པོ་ནི་བདེན་བྲལ་ལ་སོགས་པའོ། །ལྷ་མིན་ནི་གཞན་གྱིས་མི་ཐུབ་པ་ལ་སོགས་
པའོ། །ཀླུ་ནི་མཐའ་ཡས་ལ་སོགས་པའོ། །ཆགས་བྲལ་ནི་འཕགས་པ་ཀུན་དགའ་བོ་ལ་སོགས་པའོ། །ཐུབ་མཆོག་ནི་དྲང་སྲོང་མི་སྦྱིན་ལ་སོགས་པ་སྟེ་འདི་དག་གི་རིགས་རྣམས་ཀྱིས་སོ། །རབ་མཆོག་ལྷ་དང་མི་ལ་སོགས་པ་འདི་རྣམས་ཀྱིས་ཤེས་པ་མ་ཡིན་པ་དུས་ཀྱི་འཁོར་ལོའི་
རྣལ་འབྱོར་མྱ་ངན་ལས་འདས་པ་ལ་སོགས་འཛིན་མའི་མཐར་ཐུག་ཅེས་པ་གང་གི་དང་པོ་མྱ་ངན་ལས་འདས་པ་ཡེ་ཤེས་ཀྱི་ཁམས་དང་མཐའ་འཛིན་མས་སྟེ་དབུས་སུ་མ་བརྗོད་པ་ཉིད་ལས་ནམ་མཁའ་དང་རླུང་དང་མེ་དང་ཆུའི་ཁམས་སོ། །ནམ་མཁའ་ལ་སོགས་པའི་ཁམས་འདི་དག་ནི་
ཁྱབ་པར་བྱ་བ་སྟེ། ཁྱབ་པར་བྱེད་པ་ནི་ཡེ་ཤེས་ཀྱི་ཁམས་སོ། །དེ་ལྟར་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་འབྲེལ་པས་རྣལ་འབྱོར་ཏེ། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། །ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ནམ་མཁའི་ཁམས་དང་ནི། །རྣམ་ཤེས་ཁམས་
དྲུག་པར་བརྗོད་པ། །སྐྱེས་བུ་ཆེན་པོའི་གང་ཟག་གོ། །ཞེས་སོ། །ཚིག་གི་བགྲོད་པ་དང་བཅས་ཞེས་པ་ལ་ཚིག་ནི་རྣམ་པ་གཉིས་ཏེ་ཨཱ་ལི་ཀཱ་ལིའི་བདག་ཉིད་ཅན་ནོ། །དེ་དག་གི་བགྲོད་པ་ནི་ཚིག་གི་བགྲོད་པ་སྟེ་མགྲིན་པ་དང་རྐན་དང་སྤྱི་བོ་དང་མཆུ་དང་སོའི་གནས་རྣམས་ལས་དབྱངས་
Vol. 11 · folio 154b
དང་གསལ་བྱེད་རྣམས་བརྗོད་པའོ། །བགྲོད་པ་དེ་དང་བཅས་པ་ནི་སྔགས་ཀྱི་བརྡས་རབ་ཏུ་བརྗོད་པའོ། །འདིར་སྔགས་ཀྱི་བརྡ་ནི་རྣམ་པ་གཉིས་ཏེ་གཅིག་ནི་སྔགས་ཀྱི་བརྡ་ཡིན་ལ་གཉིས་པ་ནི་དེ་ཁོ་ན་ཉིད་ཀྱི་བརྡའོ། །དེ་ལ་སྔགས་ཀྱི་བརྡ་ནི་རབ་ཏུ་བརྗོད་པ་སྟེ་འཇིག་རྟེན་པའོ། །དེ་
ཁོ་ན་ཉིད་ནི་དམ་པའི་དོན་ཅན་ཚིག་ཏུ་བརྗོད་པ་སྤངས་པའོ། །གང་དུ་རབ་ཏུ་བརྗོད་པའི་བརྡ་ཡིན་པ་དེར་ཨོཾ་ཨཱཿཧཱུྃ་ཞེས་པ་ལ་སོགས་པ་སྔགས་ཀྱི་མིང་ངོ་། །གང་དུ་དེ་ཁོ་ན་ཉིད་ཀྱི་བརྡ་ཡིན་པ་དེར་ཨ་ཡིག་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ་གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ་ཞེས་དང་། དེ་བཞིན་
དུ་སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཚིག་ཏུ་བརྗོད་
པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་དང་། ཡང་དེ་ཉིད་ཀྱི་ཏིང་ངེ་འཛིན་དྲ་བའི་ལེའུ་ལས། གསང་སྔགས་སྐྱེ་གནས་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་
དྲུག །ཅེས་སོ། །དེ་ཁོ་ན་ཉིད་དམ་པའི་དོན་ཅན་གྱི་བརྡ་སྔགས་ཀྱི་ཐེག་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། འདི་ལྟར་མྱ་ངན་ལས་འདས་པ་ཡེ་ཤེས་ཀྱི་ཁམས་གཞོམ་དུ་མེད་ཅིང་བརྗོད་དུ་མེད་པ་སྟེ། བརྗོད་དུ་མེད་པའི་དབྱངས་དང་གསལ་བྱེད་ཀྱི་མཚན་ཉིད་ཅན་ནོ་ཞེས་སོ། །
ནམ་མཁའི་ཁམས་ལ་སོགས་པའི་སྔགས་ཀྱི་བརྡ་རབ་ཏུ་བརྗོད་པའི་མཚན་ཉིད་ཅན་མགྲིན་པ་ལ་སོགས་པ་ནས་བརྗོད་པའི་ཆོས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདིར་ཨ་ཀུ་ཧ་རྣམ་པར་བཅད་པ་ནི་མགྲིན་པ་ལས་སོ། །ཨི་ཙུ་ཡ་ཤ་ནི་རྐན་ལས་སོ། །རྀ་ཊུ་ར་ཥ་ནི་སྤྱི་བོ་ལས་སོ། །
ཨུ་པུ་ཝ་ྉྤ་ནི་མཆུ་ལས་སོ། །ལྀ་ཏུ་ལ་ས་ནི་སོ་ལས་སོ། །དེ་བཞིན་དུ་གནས་གཉིས་པ་དང་གནས་གསུམ་པ་དང་། གནས་བཞི་པ་དང་གནས་ལྔ་པའི་སྔགས་ཏེ་བརྩེགས་པའི་སྔགས་རྣམས་ཀྱང་རབ་ཏུ་བརྗོད་པའི་བརྡས་རིག་པར་བྱའོ། །མིང་གི་རང་བཞིན་ཅན་དེ་དག་ཐམས་ཅད་ཀྱང་
Vol. 11 · folio 155a
འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་སླད་དུ་མིང་ཅན་གྱི་དངོས་པོ་རྣམས་གོ་བར་བྱེད་པའོ། །དེ་ཁོ་ན་ཉིད་ཀྱི་བརྡ་ཚིག་ཏུ་བརྗོད་པ་སྤངས་པ་དམ་པའི་དོན་ཅན་ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་སྤངས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་
སླད་དུ་བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་ངེས་པར་བསྟན་ཏོ། །སྦྱོར་བ་འདི་མཐའ་དག་ནི་ལུས་དབུས་སུ་སྟེ། དཀྱིལ་འཁོར་དག་དང་དབང་ནི་འཆད་པར་འགྱུར་བའི་རིམ་པས་སེམས་ཅན་ཐམས་ཅད་ཀྱིས་སྒྲིབ་པ་མེད་པའི་གནས་ཐོབ་པར་བྱ་བའི་སླད་དུ་བདག་གིས་
བཤད་པར་བྱ་ཡིས་མིའི་བདག་པོ་བཟང་པོ་ཁྱོད་ཉོན་ཅིག་ཅེས་པ་སྟེ། བཅོམ་ལྡན་འདས་ཀྱི་ལན་གྱི་ཚིག་བསྡུས་པའི་མདོར་བསྟན་པའོ། །ད་ནི་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་བསྡུས་པ་སྡུད་པར་བྱེད་པ་པོ་འཇམ་དཔལ་གྱིས་མཆོག་གི་དང་པོའི་སངས་རྒྱས་ལས་དུས་ཀྱི་སྟོང་པ་
རྣམས་ལས་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་བཞི་པས་བསྟན་པ་བདག་གིས་དགྲོལ་བར་བྱའོ། །སྔགས་ཀྱི་ཚུལ་འདི་ལ་བསྔགས་པ་ནི། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། གང་ཐེག་པ་
གསུམ་གྱི་དགོངས་པ་མི་ཤེས་པ་དེ་ནི་དུས་ལས་ཐམས་ཅད་མཁྱེན་པའི་ལམ་ལས་ཉམས་པར་འགྱུར་རོ། །སྔགས་ཀྱི་ཐེག་པ་ལ་ལྡེམ་པོར་དགོངས་པའི་སྐད་གཞན་མི་ཤེས་པས་སྲོག་གཅོད་པ་ལ་སོགས་པ་དང་། ཚོགས་ཁང་དང་གཙུག་ལག་ཁང་གི་རྫས་ལ་ཉེ་བར་ལོངས་སྤྱོད་པ་
བྱས་པ་དང་། རྟག་པ་དང་ཆད་པའི་ཕྱོགས་གཟུང་བས་ཕྱི་རོལ་གྱི་ཡུལ་ཉེ་བར་ལོངས་སྤྱོད་པ་ལ་ཆགས་པར་གྱུར་ན། སློབ་དཔོན་གྱི་ཆས་ཀྱིས་དཀོན་མཆོག་གསུམ་ལ་ཅོ་དྲིས་ནས་དམྱལ་བར་འགྲོ་བར་འགྱུར་རོ། །འདིར་འཇིག་རྟེན་ཕ་རོལ་དང་འཇིག་རྟེན་འདིའི་དོན་དུ་སེམས་ཅན་རྣམས་
ཀྱིས་མཉེས་པར་བྱ་བའི་རྒན་པ་བཞི་སྟེ། དེ་དག་ལས་ཡེ་ཤེས་ཀྱི་རྒན་པ་ནི་མངོན་པར་ཤེས་པ་ཐོབ་པ་དང་། རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པའི་རྡོ་རྗེ་སློབ་དཔོན་དགེ་སློང་ངམ། ཁྱིམ་པ་མཆོད་པར་འོས་པ་དགེ་སློང་བཅུ་དང་མཉམ་པར་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དེ་
Vol. 11 · folio 155b
མེད་ན་དཀའ་ཐུབ་ཀྱིས་རྒན་པ་ནི་ངུར་སྨྲིག་འཛིན་པ་སྟེ། ངུར་སྨྲིག་འཛིན་པ་རྣམས་ལས་ལོ་དང་། སྔགས་པ་རྣམས་དབང་གིས་རྒན་པ་ཁྱིམ་པའི་སློབ་དཔོན་རྣམས་ཀྱིས་ཐམས་ཅད་དུ་ཕྱག་བྱ་སྟེ། དཀའ་ཐུབ་ཀྱིས་རྒན་པའི་ཕྱིར་དང་། ཁྱིམ་པ་རྣམས་ལ་མངོན་པར་ཤེས་པ་མེད་པའི་ཕྱིར་
རོ། །ཐོས་པས་རྒན་པ་ནི་མཁས་པ་མཆོད་པར་འོས་པ། བསྟན་པ་གསལ་བར་བྱེད་པ་ཕས་ཀྱི་རྒོལ་བ་བདུད་ཀྱི་རིགས་རྣམས་འདུལ་བར་བྱེད་པ་སྟེ། འདི་དག་ནི་འཇིག་རྟེན་ཕ་རོལ་གྱི་དོན་དུ་སེམས་ཅན་རྣམས་ཀྱིས་མཉེས་པར་བྱ་བའོ། །ནོར་གྱིས་རྒན་པ་ནི་རྒྱལ་པོ་སྟེ་འཇིག་རྟེན་འདིའི་
ལོངས་སྤྱོད་དོན་དུ་གཉེར་བ་རྣམས་ཀྱིས་མཉེས་པར་བྱ་བའོ། །དེ་ལྟར་རྒན་པོ་བཞི་ནི་སེམས་ཅན་རྣམས་ཀྱིས་མཉེས་པར་བྱ་བའོ། །དེའི་ཕྱིར་ཐེག་པ་གསུམ་ཤེས་པ་པོ་ནི་དཀའ་ཐུབ་ཀྱིས་རྒན་པ་སྟེ། ཁྱིམ་པ་ལ་ནི་ཇི་སྲིད་དཀའ་ཐུབ་པར་མ་གྱུར་པར་ཉན་ཐོས་ཀྱི་ཐེག་པ་ལས་སོ་སོར་
ཐར་པ་མཉན་པའི་སྐབས་མེད་དོ།། །།དེའི་ཕྱིར་ཁྱིམ་པ་ནི་མངོན་ཤེས་དང་ལྡན་པ་མ་གཏོགས་པར་རྒན་པོར་མི་འགྱུར་ཞིང་ཁྱིམ་པ་རབ་ཏུ་བྱུང་བ་དང་བྲལ་བ་རྣམས་ཚོགས་ཁང་དང་གཙུག་ལག་ཁང་ལ་ཉེ་བར་ལོངས་སྤྱོད་པ་ཡང་བཅོམ་ལྡན་འདས་ཀྱིས་ཐེག་པ་གང་དུ་ཡང་མ་
གསུངས་སོ། །དེ་བས་ན་ཐེག་པ་གསུམ་ཡོངས་སུ་ཤེས་པར་བྱ་བའི་སླད་དུ་དང་པོར་བྱེ་བྲག་ཏུ་སྨྲ་བའི་གཞུང་ལ་བརྟེན་ནས་རྡུལ་ཕྲ་རབ་འདུས་པའི་བདག་ཉིད་ཀྱི་འཇིག་རྟེན་གྱི་ཁམས་ཡོད་ཅིང་དེ་བཞིན་དུ་ཁུར་ཁུར་བའི་གང་ཟག་ཡོད་དེ་རྟག་པའམ་མི་རྟག་པར་བདག་མི་སྨྲའོ་ཞེས་བཅོམ་ལྡན་
འདས་ཀྱིས་གསུངས་པའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་འབྱུང་བ་དང་། འགག་པ་དང་། ཆགས་པ་དང་འཇིག་པའི་དུས་ཀྱང་རིག་པར་བྱའོ། །དེས་ན་ཆགས་པ་ནི་འབྱུང་བའི་དུས་ཀྱི་དབང་གི་སྟོང་པ་རྣམས་ལས་ཞེས་པ་ལ་སྟོང་པ་རྣམས་ནི་འཇིག་རྟེན་པའི་ཐ་སྙད་ཀྱིས་མིག་ལ་སོགས་པའི་
དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་རྡུལ་ཕྲ་རབ་ཀྱི་ངོ་བོས་རྣམ་པར་གནས་པ་ས་དང་ཆུ་དང་མེ་དང་རླུང་དང་རོའི་རྫས་ཡོན་ཏན་ལྔ་དང་བཞི་དང་གསུམ་དང་གཉིས་དང་གཅིག་གི་རང་བཞིན་རྣམས་དང་། ཡོན་ཏན་དྲུག་པ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པར་བྱེད་པ་ནི་སྟོང་པ་རྣམས་སོ། །
Vol. 11 · folio 156a
སྟོང་པ་རྡུལ་ཕྲ་རབ་དེ་རྣམས་ལས་འབྱུང་བའི་དུས་ཀྱི་དབང་གིས་རླུང་ཞེས་བྱ་བ་ནི་རྡུལ་ཕྲ་རབ་དེ་རྣམས་ཀྱི་ནང་ནས་དང་པོར་རེ་ཞིག་རླུང་གི་རྡུལ་ཕྲ་རབ་རྣམས་ཕན་ཚུན་འབྱར་བར་འགྱུར་རོ། །འབྱར་བ་དེ་ལས་ཡང་ཞིང་གཡོ་བ་ཉིད་དུ་བགྲོད་པ་ནི་རླུང་ཞེས་བརྗོད་དོ། །དེ་བཞིན་དུ་མེའི་རྡུལ་ཕྲ་
རབ་རྣམས་ཀུན་དུ་འབྱར་བར་གྱུར་པ་རླུང་དང་ལྡན་པའི་གློག་ནི་མེ་ཞེས་བརྗོད་དོ། །དེ་བཞིན་དུ་ཆུའི་རྡུལ་ཕྲ་རབ་རྣམས་འདུས་པ་ཀུན་དུ་འབྱར་བར་གྱུར་པ་རླུང་དང་མེ་དང་ལྡན་པའི་ཆར་ནི་ཆུ་ཞེས་བརྗོད་དོ། །དེ་བཞིན་དུ་སའི་རྡུལ་ཕྲ་རབ་ཀུན་དུ་འབྱར་བ་ནམ་མཁའ་ལ་དབང་པོའི་གཞུར་སྣང་བ་ནི་
འཛིན་མ་ཞེས་བརྗོད་དོ། །རོའི་རྡུལ་ཕྲ་རབ་རྣམས་ནི་ཐམས་ཅད་དུ་ཁྱབ་པར་བྱེད་པ་སྟེ། དེ་ལྟར་སྟོང་པ་ལྔ་རྣམས་ལས་རླུང་དང་འབར་བྱེད་ཆུ་དང་འཛིན་མ་རྣམས་སུ་འགྱུར་རོ། །ཡང་དག་པར་འཛིན་པ་དང་སྲུབ་པ་དང་དབྱིབས་ཀྱི་རླུང་གི་མཐུ་ལས་གླིང་དང་རི་བོ་རྒྱ་མཚོ་དང་ཞེས་པ་ལ་གླིང་ནི་བདུན་
ནོ། །རི་བོ་ནི་བདུན་ནོ། །རྒྱ་མཚོ་ནི་བདུན་ནོ། །རྒྱུ་སྐར་དང་ནི་ཉི་ཟླ་སྐར་མ་གཟའ་ཡི་ཚོགས་དང་དྲང་སྲོང་ཞེས་པ་ལ་རྒྱུ་སྐར་ནི་ཉི་ཤུ་རྩ་བདུན་དང་དེའི་འབྲེལ་པ་མཐའ་ཡས་པའོ། །ཉི་ཟླ་ནི་ཟླུམ་པོའི་རྣམ་པའོ། །སྐར་མ་གཟའ་ཡི་ཚོགས་ཞེས་པ་ནི་དེ་བཞིན་ཉིད་དུ་སྐར་མའི་རྣམ་པ་ཅན་བཀྲ་
ཤིས་ལ་སོགས་པ་རྣམས་སོ། །དྲང་སྲོང་ནི་སྐར་མ་བདུན་ནོ། །ལྷ་དང་འབྱུང་པོ་ཀླུ་རྣམས་དང་། །ཞེས་པ་ལ་ལྷ་ནི་རྒྱལ་ཆེན་བཞིའི་རིས་ལ་སོགས་པའོ། །འབྱུང་པོ་ནི་གཞན་གྱིས་མི་ཐུབ་པ་དང་ཡི་དགས་ལ་སོགས་པའོ། །ཀླུ་ནི་མཐའ་ཡས་ལ་སོགས་པའོ། །དུད་འགྲོ་སྐྱེ་གནས་རྣམ་
པ་བཞི་དང་ཞེས་པ་ལ་སྒོ་ང་ལས་སྐྱེས་པ་ནི་ནམ་མཁའ་ལྡིང་ལ་སོགས་པ་སྟེ་རླུང་གི་སྐྱེ་གནས་སོ། །མངལ་ནས་སྐྱེས་པ་ནི་གླང་པོའི་དབང་པོ་ལ་སོགས་པ་སྟེ་མེའི་སྐྱེ་གནས་སོ། །དྲོད་གཤེར་ལས་སྐྱེས་པ་ནི་སྲིན་བུ་དང་ཕྱེ་མ་ལེབ་དང་གྲོག་སྤུར་ལ་སོགས་པ་སྟེ་ཆུའི་སྐྱེ་གནས་སོ། །རྫུས་
ཏེ་སྐྱེས་པ་ནི་ལྗོན་པ་ལ་སོགས་པ་སྟེ་སའི་སྐྱེ་གནས་སོ། །དེ་བཞིན་དུ་རྫུས་ཏེ་སྐྱེས་པ་ཆེན་པོ་ནི་རོའི་སྐྱེ་གནས་སོ། །སྣ་ཚོགས་ས་དང་འོག་ཏུ་ཞེས་པ་ལས་ཞེས་པ་ནི་ལུང་གི་ཚིག་གོ། །སྣ་ཚོགས་ཀྱང་དེ་ཡིན་ལ་ས་ཡང་ཡིན་པའི་ཕྱིར་སྣ་ཚོགས་ས་སྟེ། གླིང་བདུན་གྱི་རང་བཞིན་དང་དུམ་བུ་
Vol. 11 · folio 156b
བཅུ་གཉིས་ཀྱི་རང་བཞིན་ནོ། །དེའི་འོག་ནི་སྣ་ཚོགས་སའི་འོག་སྟེ་ཀླུའི་སྲིད་པ་དང་དམྱལ་བའི་སྲིད་པ་བདུན་ནོ། །སྣ་ཚོགས་ས་དེ་ལ་མི་རྣམས་དང་འོག་དམྱལ་བའི་སྲིད་པར་དམྱལ་བ་རྣམས་ཏེ་ཡང་ཡིག་ནི་བསྡུ་བའི་དོན་ཏོ། །སྟོང་པའི་དབུས་སུ་ཡང་དག་འབྱུང་སྟེ། ཆུ་ལ་ལན་ཚྭ་དང་ནི་
སྒོ་ངའི་དབུས་སུ་སྒོང་སྐྱེས་བཞིན་ཞེས་པ་ནི་འདིར་བརྟན་པ་རྣམས་སྐྱེད་པ་ལ་ལན་ཚྭ་དང་གཡོ་བ་རྣམས་སྐྱེད་པ་ལ་སྒོ་ང་དཔེར་འགྱུར་ཏེ། དང་ཞེས་པ་ནི་སྡུད་པའོ། །དཔེར་ན་ཉི་མའི་འོད་ཀྱི་སྦྱོར་བ་ལས་ལན་ཚྭ་ཆུའི་རྡུལ་ཕྲ་རབ་རྣམས་ལན་ཚྭ་སྲ་བ་ཉིད་དུ་འགྱུར་བ་དེ་བཞིན་དུ་ལྷུན་པོ་ལ་སོགས་
པ་བརྟན་པ་རྣམས་སོ། །དཔེར་ན་ཁུ་བཞུ་བའི་རྡུལ་ཕྲ་རབ་རྣམས་སྒོ་ངའི་དབུས་སུ་གདོང་བའི་ལུས་ལ་སོགས་པའི་ཆ་ཤས་ཉིད་དུ་འགྱུར་བ་དེ་བཞིན་དུ་གཡོ་བ་སེམས་ཅན་རྣམས་རིག་པར་བྱའོ། །འཇིག་རྟེན་གྱི་ཁམས་འདིའི་འབྱུང་བ་ནི་ལེའུ་ལྔ་པར་རྒྱས་པར་བརྗོད་པར་བྱའོ། །འཇིག་
རྟེན་གྱི་ཁམས་བསྡུས་པའི་མདོར་བསྡུས་ཆེན་པོའོ། །ད་ནི་འཇམ་དཔལ་གྱིས་ལུས་དང་ཞེས་པ་ལ་སོགས་པ་སྔ་མའི་རིམ་པས་བསྟན་པ་རྡོ་རྗེའི་ལུས་བསྡུས་པའི་ཚིགས་སུ་བཅད་པ་ལྔ་པ་བདག་གིས་དགྲོལ་བར་བྱ་སྟེ། ལུས་ཞེས་པ་ནི་ཟླ་བ་སྒྲིབ་པ་དང་བྲལ་བའོ། །ཡེ་ཤེས་ཞེས་པ་ནི་
ཉི་མ་སྒྲིབ་པ་དང་བྲལ་བའོ། །ནམ་མཁའ་ཞེས་པ་ནི་ནམ་མཁའི་ཁམས་སྒྲིབ་པ་དང་བྲལ་བ་སྟེ་དེ་བཞིན་དུ་རླུང་གི་ཁམས་དང་མེའི་ཁམས་དང་ཆུའི་ཁམས་དང་སའི་ཁམས་སོ། །བརྟན་པ་ཞེས་པ་ནི་ཁམས་ལྔའི་བདག་ཉིད་བརྟན་པའི་ཁམས་སྒྲིབ་པ་དང་བྲལ་བའོ། །གཡོ་བ་ཞེས་
པ་ནི་ཁམས་དྲུག་གི་བདག་ཉིད་ཀྱི་གང་ཟག་གི་ཁམས་སྒྲིབ་པ་དང་བྲལ་བའོ། །ལྷ་ནི་མཐོང་བ་སྐྱེད་མིན་དག་དང་ཞེས་པ་ནི་ལྷ་ཡང་དེ་ཡིན་ལ་མཐོང་བ་སྐྱེད་མིན་ཡང་ཡིན་པ་དེ་ནི་ལྷ་ནི་མཐོང་བ་སྐྱེད་མིན་ཏེ། གཟུགས་མེད་པའི་སྲིད་པ་རྣམ་པར་ཤེས་པའི་ང་རྒྱལ་ཙམ་དང་ལྡན་པ་ནམ་མཁའ་
མཐའ་ཡས་སྐྱེ་མཆེད་ལ་སོགས་པ་རྣམ་པ་བཞིའོ། །དེ་ལྟར་ལུས་ལ་སོགས་པ་རྡོ་རྗེ་ཡེ་ཤེས་ཀྱི་རྟེན་སྲིད་པ་རྣམ་པ་བཅུར་དེ་བཞིན་གཤེགས་པས་གསུངས་པ་རྡོ་རྗེའི་ལུས་ལས་སྔགས་ཀྱི་སྐྱེ་གནས་ཐིག་ལེ་ལ་སོགས་པ་འབྱུང་བར་འགྱུར་རོ། །མིའི་བདག་པོ་ནི་བོད་པའོ། །འདིར་སྔགས་
Vol. 11 · folio 157a
ཀྱི་སྐྱེ་གནས་ནི་ཟླ་བ་ལས་ཐིག་ལེ་དང་། ཉི་མ་ལས་རྣམ་པར་བཅད་པ་དང་། ནམ་མཁའི་ཁམས་ལས་ཨ་དང་རླུང་གི་ཁམས་ལས་ཨི་དང་མེའི་ཁམས་ལས་རྀ་དང་ཆུའི་ཁམས་ལས་ཨུ་དང་སའི་ཁམས་ལས་ལྀ་དང་བརྟན་པའི་ཁམས་ལས་གསལ་བྱེད་མ་དང་གཡོ་བའི་
ཁམས་ལས་གསལ་བྱེད་ཀྵ་དང་གཟུགས་མེད་པའི་ཁམས་ལས་གསལ་བྱེད་ཧ་ཡིག་སྟེ། སྔགས་ཀྱི་ཚིག་འདི་དག་གཡོན་སྐོར་གྱིས་དགོད་པར་བྱའོ། །དེ་ལྟར་གསལ་བྱེད་སྔ་མ་གསལ་བྱེད་ཕྱི་མའི་སྟེང་དུ་འགྲོའོ། །ལྀ་ཡིག་ལ་སོགས་པ་རྣམས་ནི་ཨི་ཀ་ནི་ཨ་ཙ་ལ་ཡ་ཎའོ་ཞེས་པས་
ཡ་ཎར་བསྒྱུར་ཏེ་མཐའི་ཨ་ཡིག་གིས་ཡང་དག་པར་སྦྱར་རོ། །རྣམ་པར་བཅད་པ་ཟླ་བ་ཕྱེད་པའི་རྣམ་པའོ། །ཐིག་ལེ་ཟླུམ་པོའོ། །ཡེ་ཤེས་རྩེ་མོའི་རྣམ་པའོ། །ཡོན་ཏན་དང་འཕེལ་བ་ལ་སོགས་པའི་སྔགས་རྣམས་ཀྱི་སྔགས་ཀྱི་སྐྱེ་གནས་ནི་འདི་ལྟ་སྟེ། ཧ་ཀྵ་མ་ལྀ་ཨུ་རྀ་ཨི་ཨཿཧྐྵྨླྺྼྻཾ
ཞེས་པ་ནི་འཇིག་རྟེན་གྱི་ཁམས་ཀྱི་ཚོགས་དང་རྡོ་རྗེའི་ལུས་ཏེ་ནམ་མཁའི་ཁམས་ལ་ཡ་ཡིག་རླུང་གི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ར་ཡིག་མེའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཝ་ཡིག་ཆུའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ལ་ཡིག་སའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་མ་ཡིག་
ལྷུན་པོ་རྣམ་པ་ལྔ་པའོ། །དེའི་སྟེང་དུ་ཀྵ་ཡིག་པདྨའི་ཚུལ་གྱིས་གཡོ་བའི་ཚོགས་སོ། །དེའི་སྟེང་དུ་གཟུགས་མེད་པའི་ཚོགས་ཧ་ཡིག་གོ། །ཧ་ཡིག་ལས་རྣམ་པར་བཅད་པ་ཉི་མ་དང་ཐིག་ལེ་ཟླ་བ་དང་ནཱ་ད་རྡོ་རྗེའི་མཚན་མ་རྩེ་གཅིག་པ་སྟེ། དེ་ལྟར་རྡོ་རྗེའི་ལུས་དང་འཇིག་
རྟེན་གྱི་ཁམས་དང་དཀྱིལ་འཁོར་གྱི་རྣམ་པ་ནི་འཆད་པར་འགྱུར་བས་བཤད་པར་བྱའོ། །དེ་ལྟར་སྔགས་ཀྱི་སྐྱེ་གནས་འབྱུང་བར་འགྱུར་ཞིང་སླར་ཡང་འདི་ཉིད་དུ་གྲོལ་ཏེ་ཞེས་པ་ནི་སླར་ཡང་སྡུད་པའི་དུས་སུ་འདི་ཉིད་ལ་གྲོལ་བ་སྟེ་ཐིམ་པར་འགྱུར་ཞེས་པའོ། །དེ་ལྟར་གང་གིས་ཡང་
དག་རིག་པ་ཞེས་པ་ནི་དེ་ལྟར་བརྗོད་པའི་རིམ་པས་སྒྲིབ་པ་དང་བྲལ་བ་འདིས་རྡོ་རྗེའི་ལུས་གང་སུ་ཞིག་གིས་རིག་པའོ། །དེ་ནི་ཕྱུགས་མིན་ཞེས་པ་ཕྱུགས་དེ་མི་ཤེས་པའོ། །སེམས་ཀྱི་ཀུན་དུ་རྟོག་པ་དག་ལས་གྲོལ་ཞེས་པ་ལ་ཀུན་དུ་རྟོག་པ་ནི་དཀྱིལ་འཁོར་དུ་བརྟགས་པའི་ཆོས་ཏེ་དེ་ལས་
Vol. 11 · folio 157b
གྲོལ་བ་ནི་སེམས་ཀྱི་ཀུན་དུ་རྟོག་པ་དག་ལས་གྲོལ་བའོ། །རྣམ་པ་བཅུ་པོ་འདི་མདོར་བསྡུས་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ལ་བསྟོད་པ་ལས་དེ་བཞིན་གཤེགས་པས་གསུངས་པ་འདི་ལྟ་སྟེ། རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །
ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །གཉིས་མེད་གཉིས་སུ་མེད་པར་གསུང་། །ཡང་དག་མཐའ་ལ་རྣམ་པར་གནས། །
བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དགས་ངན་འཇིགས་བྱེད། །ཅེས་སོ། །རྡོ་རྗེའི་ལུས་བསྡུས་པའི་མདོར་བསྡུས་སོ། །ད་ནི་སྒྲ་གཅན་ལ་སོགས་པ་འབྱུང་བ་བསྡུས་པའི་ཚིགས་བཅད་དྲུག་པ་གཡོན་གྱི་ཡན་ལག་ཅེས་པ་ལ་སོགས་པ་བདག་གིས་དགྲོལ་བར་བྱ་སྟེ། གཡོན་
གྱི་ཡན་ལག་ཏུ་ནི་དཀར་པོ་འབར་བ་ཞེས་པ་ལ་སྔར་བརྗོད་པའི་གཞོམ་དུ་མེད་པ་དབུས་ན་གནས་པ་འཁྱོག་པོ་ཕྱེད་ཀྱི་མཚན་མའི་མིང་ཅན་གྱི་གཡོན་གྱི་ཡན་ལག་ཏུ་ཐིག་ལེ་གཅིག་སྟེ། དེ་ཡང་དཀར་པོ་འབར་བ་ཅེས་པ་ཡེ་ཤེས་དཀར་པོའི་འོད་ཟེར་རོ། །འགྲོ་བའི་བདུད་རྩིའི་ཆ་ནི་ཆ་ཤས་
ཉིད་དོ། །གཡས་སུ་དམར་པོའི་མདོག་ཅེས་པ་ནི་གཞོམ་དུ་མེད་པ་དེའི་གཡས་སུ་རྣམ་པར་བཅད་པའི་མཚན་མའི་མིང་ཅན་དམར་པོ་འབར་བ་ཡེ་ཤེས་དམར་པོའི་འོད་ཟེར་རོ། །དེ་དག་གི་ཕྱི་རོལ་གཡོན་དང་གཡས་སུ་ཡང་གྲངས་ཇི་ལྟ་བར་སྒྲ་གཅན་དང་དུས་མེར་འགྱུར་རོ། །དེ་ནས་ཟླ་བ་དང་
ཉི་མར་འགྱུར་རོ། །དེ་བཞིན་དུ་གཟའ་ལག་དང་བཀྲ་ཤིས་དང་། པ་སངས་དང་ཕུར་བུ་དང་། མཇུག་རིངས་དང་སྤེན་པ་དང་། ཆར་དང་གློག་དང་། ཆུ་དང་མེ་སྟེ་ཟུང་བདུན་པའོ། །འཇིག་རྟེན་ལ་ནི་འཇིག་རྟེན་གྱི་ཁམས་ལ་གནས་པ་སྟེ། དེ་ཉིད་ནི་ངེས་པའི་དོན་ཏོ། །འདི་རྣམས་
ལ་སྔགས་ཀྱི་ཚིག་ནི་གྲངས་ཇི་ལྟ་བ་བཞིན་གཡོན་དང་གཡས་སུ། ཨྃ་ཨཿཨུ་རྀ། ཨཱུ་རཱི། ཨོ་ཨར། ཨཽ་ཨཱར། ཝ་ར། ཝཱ་རཱ། ཞེས་པ་ཟུང་བདུན་ནི་གཟའ་བདུན་པོ་རྣམས་ཀྱི་ལྷག་པའི་ལྷའོ། །མུན་པ་མེད་པ་ཟུང་གཅིག་དག་ནི་མུན་པའི་མཐའ་ལའོ། །ཞེས་པ་མུན་པ་དང་བྲལ་བ་དཀར་པོ་
Vol. 11 · folio 158a
དང་དམར་པོའི་ཡེ་ཤེས་ཀྱི་འོད་ཟེར་གྱི་རང་བཞིན་གཞོམ་དུ་མེད་པའི་གཡོན་དང་གཡས་ལ་གནས་པ་ནི་གཞོམ་དུ་མེད་པའི་ཡན་ལག་ཡིན་གྱི་གཞན་ནི་མ་ཡིན་ནོ། །རྒྱབ་ཏུ་སེར་པོ་ཡང་ཞེས་པ་ལ། ཡང་ཡིག་གིས་ནི་ཡེ་ཤེས་སེར་པོའི་འོད་ཟེར་རོ་ཞེས་པའི་དོན་ཏོ། །
གཞོམ་དུ་མེད་པའི་རྒྱབ་ཏུ་ཐོད་པའི་རྣམ་པའི་མཚན་མའི་མིང་ཅན་ནོ། །དེའི་ཕྱི་རོལ་རྣམ་པ་དང་བཅས་པའི་ནུབ་ཏུ་སེར་པོ་འབར་བའོ། །དེ་ནས་སྐར་མ་ཕྲ་མོ་དང་སྐར་མ་སྦོམ་པོའོ། །དེ་བཞིན་དུ་ལྷའི་གཞུའོ། །ས་ནི་རྣམ་པ་གཉིས་ཏེ་ས་དང་རྡོ་བའི་གཟུགས་སོ། །དེ་ལྟར་སེར་པོ་འབར་
བ་དེ་ནི་རྣམ་པ་བཞི་དང་རྣམ་པ་གཉིས་སུ་འགྱུར་རོ། །སྲོག་ཅེས་བྱ་བ་གཅིག་པུའི་རླུང་ནི་རྣམ་བཅུར་འགྱུར་ཏེ་སྤྱི་བོ་རྩ་བ་དག་དང་མདུན་དུའོ། །ཞེས་པ་ནི་གཞོམ་དུ་མེད་པ་དེའི་སྟེང་དུ་འོད་ཟེར་ལྗང་གུ་སྟེ་ཕྱི་རོལ་དུ་སྟོང་པའི་ས་བོན་ལས་བྱུང་བ་སྲོག་གི་རླུང་ངོ་། །འོག་ཏུ་འོད་ཟེར་སྔོན་པོ་སྟེ་
ཕྱི་རོལ་དུ་ཡེ་ཤེས་ཀྱི་ས་བོན་ལས་བྱུང་བ་ཐུར་དུ་སེལ་བའི་རླུང་ངོ་། །མདུན་དུ་འོད་ཟེར་ནག་པོ་སྟེ་ཕྱི་རོལ་དུ་མཉམ་གནས་ཞེས་བྱ་བའི་རླུང་ངོ་། །དེ་ནས་གྱེན་དུ་རྒྱུ་བ་དང་། དེ་བཞིན་དུ་ཁྱབ་བྱེད་དང་ཀླུ་དང་རུས་སྦལ་དང་རྩངས་པ་དང་ལྷ་སྦྱིན་དང་ནོར་ལས་རྒྱལ་བ་སྟེ་རླུང་བཅུའོ། །འདི་དག་
ལས་འོག་དང་སྟེང་དུ་ཟུང་གཅིག་སྟེ་ཤར་དང་ནུབ་ཏུ་ནི་རླུང་དང་ས་ཟུང་བདུན་ནོ། །ནོར་ལས་རྒྱལ་བ་ནི་མ་ནིང་སྟེ་ཤི་བའི་ལུས་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །འདི་རྣམས་ལ་སྔགས་ཀྱི་ཚིག་ནི་སྟེང་དང་འོག་ཏུ་ཧ་ཧཱའོ། །ཤར་དང་ནུབ་ཏུ་གྲངས་ཇི་ལྟ་བས། ཨ་ཨཱ། ཨི་ལི། ཨཱྀ་ལཱྀ། ཨེ་
ཨལ་ཨཻ་ཨཱལ། ཡ་ལ། ཡཱ་ལཱ་ཀྵ་ཞེས་པ་ཟུང་བདུན་ནི་ཤར་དང་ནུབ་ཏུའོ། །སྟེང་འོག་ཟུང་གཅིག་ནི་མུན་པའི་མཐར་རོ། །ཟུང་བདུན་པོ་རྣམས་ནི་ཐུན་མཚམས་བཞིའི་དབྱེ་བས་གཟའ་བདུན་པོ་རྣམས་ཀྱི་ལྷག་པའི་ལྷའོ། །གཟའ་ཉི་མ་ལ་མཚན་ཕྱེད་ནས་ཤར་ནས་འཆར་བ་ལ་
ཨ། ལྷོ་ནས་འཆར་བ་ལ་ཨཿ ནུབ་ནས་འཆར་བ་ལ་ཨཱ། བྱང་ནས་འཆར་བ་ལ་ཨཾ། ཟླ་བ་ལ། ཨི་རྀ་ལྀ་ཨུ། བཀྲ་ཤིས་ལ་ཨཱི་རཱྀ་ལཱྀ་ཨཱུ། གཟའ་ལག་ལ་ཨེ་ཨར་ཨལ་ཨོ། ཕུར་བུ་ལ་ཨཻ་ཨཱར་ཨཱལ་ཨཽ་པ་སངས་ལ་ཡ་ར་ལ་ཝ། སྤེན་པ་ལ་ཡཱ་རཱ་ལཱ་ཝཱ་ཞེས་པ་རིམ་པ་ཇི་ལྟ་བ་
Vol. 11 · folio 158b
བཞིན་གཟའ་བདུན་པོ་རྣམས་ཀྱི་ས་བོན་ནོ། །དབུས་ཀྱི་རྡོ་རྗེའི་སྟེང་དུ་ས་བོན་ཞེས་པ་ནི་སྟེང་དང་འོག་དང་ཤར་དང་ལྷོ་དང་ནུབ་དང་བྱང་གི་ས་བོན་རྣམས་ཀྱི་དབུས་ཀྱི་གཞོམ་དུ་མེད་པ་གྲི་གུག་གི་རྣམ་པ་རྡོ་རྗེའོ། །དེའི་སྟེང་གི་ས་བོན་རྗེས་སུ་ང་རོ་སྟེ་གཡོན་གྱི་ཡན་ལག་ལ་གང་གནས་པ་
དེ་སྟེང་དུ་འགྱུར་རོ། །རང་གི་ནུས་པ་ཡོན་ཏན་ཚོགས་དང་བཅས་པ་འོག་ཏུ་གནས་ཞེས་པ་ནི་རྗེས་སུ་ང་རོའི་ནུས་པ་རྣམ་པར་བཅད་པའོ། །དེའི་ཡོན་ཏན་ནི་འོད་ཟེར་དམར་པོ་ཡིན་ལ་དེ་དང་བཅས་པའི་ནུས་པ་ནི་ཡོན་ཏན་ཚོགས་དང་བཅས་པ་སྟེ་རྗེས་སུ་ང་རོའི་འོག་ཏུ་ཟླ་བ་ཕྱེད་པའི་རྣམ་པས་གནས་
པའོ། །རང་གི་ནུས་པ་ཞེས་པས་མ་གསུངས་པ་ཉིད་ལས་ཤར་དང་ནུབ་ཀྱི་མཚན་མ་ནི་གཞོམ་དུ་མེད་པའི་རྐང་པ་དང་མགོ་བོ་ལའོ། །དེ་ལྟར་ན་སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་རྡོ་རྗེ་སེམས་དཔའི་ཡུལ་ལ་ཝྃ་ཡིག་སྟེ་རྡོ་རྗེ་ཡན་ལག་མེད་པའི་སྒྲུབ་པ་ལ་ཧྃ་ཡིག་གོ། །དེའི་ཕྱི་རོལ་དུ་ཐིག་ལེ་
སྟོང་པ་ཡི་གེ་དྲུག་ནི་ཝྃ་ཡིག་གི་ཕྱོགས་ལ་རྟེན་ཨེ་ཡིག་ཅེས་བརྗོད་ཅིང་ཧྃ་ཡིག་གི་ཕྱོགས་ལ་སྐྱེ་གནས་ཀྵ་ཡིག་སྟེ་རྡོ་རྗེ་དང་པདྨ་ཡང་ངོ་། །ཀུན་དུ་ཡེ་ཤེས་དང་ནི་སྟོང་པ་ཞེས་པ་ལ་ཡེ་ཤེས་ཀྱི་སྒྲས་གཞོམ་དུ་མེད་པའི་སྟེང་གི་རྣམ་པར་བཅད་པ་ཟླ་བ་ཕྱེད་པའི་རྣམ་པ་སྟེ་ཀུན་དུ་ཞེས་པ་ནི་ཕྱི་རོལ་
གྱི་ཡི་གེ་ཐམས་ཅད་ལ་འགྱུར་རོ། །སྟོང་པ་ནི་ཐམས་ཅད་ལ་ཐིག་ལེའོ། །ཞི་བ་གནས་དང་བཅས་པ་དངོས་པོ་ཀུན་གྱིས་རྣམ་པར་གྲོལ་ཞེས་པ་ལ་ཞི་བ་ནི་གཞོམ་དུ་མེད་པའོ། །དེའི་གནས་ནི་ཤར་དང་ནུབ་ཀྱི་མཚན་མ་སྟེ་དེ་དང་བཅས་པའི་ཞི་བ་དངོས་པོ་ཀུན་གྱིས་རྣམ་པར་གྲོལ་བའོ། །དེ་ཉིད་
ཀུན་དུ་སྟེ་ཕྱི་རོལ་གྱི་ཡི་གེའི་ཆོས་ཐམས་ཅད་ལ་རྐང་པ་དང་མགོར་རླུང་དང་ས་དག་གྲངས་ཇི་ལྟ་བ་བཞིན་ནོ། །མགོའི་སྟེང་དུ་ཆ་དང་ཆའི་སྟེང་དུ་ཐིག་ལེ་དང་ཐིག་ལེའི་སྟེང་དུ་ནཱ་ད་གཞོམ་དུ་མེད་པར་བརྗོད་པར་བྱའོ། །འདིའི་སྔགས་ཀྱི་ཚིག་རྣམས་ནི། །ཨེྃ་ཝྃ་ཀྵྃ་ཧྃ་ཨྃ་ཨྃཿ ཨྃ་ཨཱྃ་ཨིྃ་ཨཱིྃ་རྀཾ་རཱྀཾ་
ལྀྃ་ལཱྀྃ་ཨུྃ་ཨཱུྃ་ཨེྃ་ཨཻྃ་ཨ་རྃ་ཨཱ་རྃ་ཨ་ལྃ་ཨཱ་ལྃ་ཨོཾ་ཨཽཾ་ཧྃ་ཧཱྃ་ཡྃ་ཡཱྃ་རྃ་རཱྃ་ལྃ་ལཱྃ་ཝྃ་ཝཱྃ་ཀྵཱྃ། དེ་ལྟར་ཁྱབ་པར་བྱ་བ་སྔགས་ཀྱི་ཚིག་ཐམས་ཅད་ལ་སྟོང་པ་ཆེན་པོ་ཡི་གེ་ལྔ་ཁྱབ་པར་བྱེད་པ་པོར་རིག་པར་བྱའོ། །འདིའི་མདོར་བསྡུས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་བཅོམ་ལྡན་འདས་ཀྱིས་
Vol. 11 · folio 159a
གསུངས་པ་འདི་ལྟ་སྟེ། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཛིན། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཅེས་དང་། དེ་བཞིན་དུ་ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཕྲ་མོ་ས་བོན་ཟག་པ་མེད། །རྡུལ་མེད་རྡུལ་བྲལ་
དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཅེས་སོ། །སྒྲ་གཅན་ལ་སོགས་པ་འབྱུང་བ་བསྡུས་པའི་མདོར་བསྡུས་སོ། །ད་ནི་ཨ་སོགས་སུམ་ཅུ་ཞེས་པ་ལ་སོགས་པས་ཟླ་བའི་ཆ་འཕེལ་བ་དང་འགྲིབ་པ་དང་ཉི་མའི་བགྲོད་པས་མཚན་མོ་དང་ཉིན་མོ་འཕེལ་བ་དང་འགྲིབ་པ་ལ་སོགས་པ་བསྡུས་
པའི་ཚིགས་བཅད་བརྒྱད་པ་བདག་གིས་དགྲོལ་བར་བྱའོ། །ཨ་སོགས་སུམ་ཅུའི་དབྱངས་གང་ཧ་ཡ་ར་ཝ་ལར་ལྡན་དེ་དག་ཟླ་བའི་ཆ་དང་ཞེས་པ་ནི་ཨ་ཡིག་དང་པོ་ཡིན་པའི་ཨི་ཡིག་ལ་སོགས་པ་གང་ཡིན་པ་དེ་དག་ཀྱང་ཨ་ལ་སོགས་པ་སྟེ་ཧ་ཡ་ར་ཝ་ལར་ལྡན་ཐུང་ངུ་དང་རིང་པོ་དང་ཡོན་ཏན་དང་
འཕེལ་བའོ། །ཧ་ལ་སོགས་པ་ཡ་ཎར་བསྒྱུར་བ་ཐུང་ངུ་དང་རིང་པོའི་དབྱེ་བས་སུམ་ཅུར་འགྱུར་རོ། །ཟླ་བའི་ཆ་འཕེལ་བ་དང་འགྲིབ་པའི་རྒྱུར་གྱུར་པ་དེ་དག་ཀྱང་ཚེས་གཅིག་ལ་སོགས་པ་ལྔའི་དབྱེ་བ་གསུམ་དུ་འགྱུར་རོ། །དགའ་བ་ལ་སོགས་པའི་དབྱེ་བས་དགའ་བ་རྣམ་པ་གསུམ་དང་
བཟང་པོ་རྣམ་པ་གསུམ་དང་རྒྱལ་བ་རྣམ་པ་གསུམ་དང་སྟོང་པ་རྣམ་པ་གསུམ་དང་རྫོགས་པ་རྣམ་པ་གསུམ་སྟེ། མུན་པ་དང་རྡུལ་དང་སྙིང་སྟོབས་ཀྱི་དབྱེ་བ་དང་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་སོ། །འཕེལ་བའི་ཆ་བཅོ་ལྔ་དཀར་པོའི་ཕྱོགས་ལ་ནམ་མཁའ་ལ་སོགས་པའི་ཁམས་ཀྱི་ངོ་
བོས་གནས་པ་རྣམ་པ་གསུམ་མོ། །འདིར་ཚེས་གཅིག་ཨ་གཉིས་པ་ཨི་གསུམ་པ་རི་བཞི་པ་ཨུ། ལྔ་པ་ལི། དགའ་བ་དང་བཟང་པོ་དང་རྒྱལ་བ་དང་སྟོང་པ་དང་རྫོགས་པ་ནི་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་ཁམས་རྣམས་གྲངས་ཇི་ལྟ་བ་བཞིན་ཏེ་མུན་པ་བསལ་བ་དང་པོ་ཆུང་ངུའི་
ཚད་དོ། །དེ་ནས་རིམ་པ་གཉིས་པ་ལ་ཡོན་ཏན་གྱི་དབྱེ་བས། དྲུག་པ་ཨ། བདུན་པ་ཨེ། བརྒྱད་པ་ཨར། དགུ་པ་ཨོ། བཅུ་པ་ཨལ། དགའ་བ་དང་བཟང་པོ་དང་རྒྱལ་བ་དང་སྟོང་པ་དང་རྫོགས་པ་ནི་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་ཁམས་རྣམས་ཏེ། དང་པོའི་སྡེ་ཚན་གྱི་
Vol. 11 · folio 159b
མུན་པ་བསལ་བ་དང་པོ་ཆུང་ངུའི་ཚད་གང་ཡིན་པ་དེ་འབྲིང་པོའི་ཚད་དུ་གྱུར་པ་དང་རྡུལ་བསལ་བ་ཆུང་ངུའི་ཚད་དོ། །དེ་ནས་སྡེ་ཚན་གསུམ་པ་ལ་ཧ་ལ་སོགས་པ་ཡ་ཎར་བསྒྱུར་བ་རྣམས་ཏེ། བཅུ་གཅིག་པ་ཧ། བཅུ་གཉིས་པ་ཡ། བཅུ་གསུམ་པ་ར། བཅུ་བཞི་པ་ཝ། ཟླ་བ་ཉ་བ་ལ། དགའ་
བ་དང་བཟང་པོ་དང་རྒྱལ་བ་དང་སྟོང་པ་དང་རྫོགས་པ་ནི་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་ཁམས་རྣམས་ཏེ། གཉིས་པའི་སྡེ་ཚན་གྱི་རྡུལ་འབྲིང་པོའི་ཚད་དང་། དང་པོའི་སྡེ་ཚན་གྱི་མུན་པ་བསལ་བ་ཆུང་ངུའི་ཚད་ནི་ཆེན་པོའི་ཚད་དོ། །འདིའི་དབྱེ་བ་རྣམ་པ་ལྔ་སྟེ་སྙིང་སྟོབས་ཀྱི་དབྱེ་
བས་བཅུ་གཅིག་པ་ལ་དང་པོའི་ཚེས་གཅིག་གི་ཆ་ཆེན་པོའི་ཚད་བུ་མོའོ། །བཅུ་གཉིས་པ་ལ་གཞོན་ནུ་མའོ། །བཅུ་གསུམ་པ་ལ་ལང་ཚོ་མའོ། །བཅུ་བཞི་པ་ལ་རྒན་མོའོ། །བཅོ་ལྔ་པ་ལ་ཡོངས་སུ་སྨིན་པར་གྱུར་པའོ། །དེ་ལྟར་ཚེས་གཅིག་གི་ཆ་བཅོ་ལྔ་པ་ལ་ཡོངས་སུ་སྨིན་པར་གྱུར་པ་ནི་རྫོགས་
པ་ཞེས་མངོན་པར་བརྗོད་དེ་དེ་ལྟར་དཀར་པོའི་ཕྱོགས་ལ་ཟླ་བའི་ཆ་འཕེལ་བ་བཅོ་ལྔའི་དབྱེ་བས་ཐ་དད་དོ། །དེའི་མཐའ་ནག་པོའི་ཚེས་གཅིག་གི་དང་པོ་ལ་མུན་པ་འཇུག་པའི་དུས་ནི་བཅུ་དྲུག་པའི་ཆ་ཞེས་བརྗོད་དེ། དེའི་མཐར་དཀར་པོའི་ཚེས་གཅིག་གི་ཆ་ནག་པོའི་ཚེས་གཅིག་གི་མུན་པ་ལ་
འཇུག་པར་འགྱུར་ཏེ་དཀར་པོའི་ཆ་གཉིས་པ་ཡོངས་སུ་སྨིན་པར་འགྱུར་རོ། །དེ་ནས་གཉིས་པ་ཡང་གཉིས་པའི་མུན་པ་ལ་འཇུག་པར་འགྱུར་ཏེ། གསུམ་པ་ཡོངས་སུ་སྨིན་པར་འགྱུར་རོ། །དེ་བཞིན་དུ་དེ་ཡང་ནག་པོའི་གསུམ་པའི་མུན་པ་ལ་འཇུག་པར་འགྱུར་ཏེ་དེ་བཞིན་དུ་བཞི་པ་ལ་སོགས་
པ་ཆ་བཅོ་ལྔའི་མཐར་ཐུག་པ་ཡོངས་སུ་སྨིན་པ་རྣམས་མུན་པ་ལ་འཇུག་པར་འགྱུར་རོ། །དེ་ནས་གནམ་སྟོང་གི་མཐར་ཆ་དང་པོ་འཆར་བའི་མཚམས་དང་ཆ་བཅུ་དྲུག་པའི་དང་པོའི་ཆ་ལ་སྒྲ་གཅན་འཇུག་པར་འགྱུར་རོ། །དེ་ལྟར་གཟས་ཟིན་པ་རྣམ་པ་གཉིས་ཏེ་ཉ་ལ་ཆ་རྫོགས་པའི་མཐར་ཟླ་བ་སྒྲ་
གཅན་གྱིས་འཛིན་ཅིང་གནམ་སྟོང་ལ་ཆ་དང་པོ་འཆར་བའི་ཐོག་མར་རོ། །འདིར་ནག་པོའི་ཕྱོགས་ལ་ས་ལ་སོགས་པ་སྡུད་པའི་རིམ་པས་མུན་པ་འཇུག་སྟེ་དེའི་ཕྱིར་སྤྲོ་བའི་རིམ་པས་ཤར་བ་རྣམས་མཛད་དོ། །ནག་པོའི་ཚེས་གཅིག་སའི་མུན་པ་ལ་དཀར་པོའི་ཚེས་གཅིག་ནམ་མཁའི་ཁམས་
Vol. 11 · folio 160a
ཀྱི་ཆ་ཞུགས་ཏེ་མུན་པས་སྒྲིབ་པར་འགྱུར་རོ། །གཉིས་པ་རླུང་གི་ཆ་ཆུའི་མུན་པས་སྒྲིབ་པར་འགྱུར་རོ། །གསུམ་པ་མེའི་ཆ་མེའི་མུན་པས་སྒྲིབ་པར་འགྱུར་རོ། །བཞི་པ་ཆུའི་ཆ་རླུང་གི་མུན་པས་སྒྲིབ་པར་འགྱུར་རོ། །ལྔ་པ་སའི་ཆ་ནམ་མཁའི་ཁམས་ཀྱི་མུན་པས་སྒྲིབ་པར་
འགྱུར་ཏེ། དེ་ལྟར་དང་པོའི་སྡེ་ཚན་ལ་མུན་པ་འཇུག་པ་ཆུང་ངུའི་ཚད་དུ་འགྱུར་རོ། །དེ་ནས་གཉིས་པའི་སྡེ་ཚན་ལ་ཡང་མུན་པས་སྒྲིབ་པའི་བྱ་བ་བརྗོད་པའི་རིམ་པས་ཏེ་སྡེ་ཚན་གཉིས་པ་དེ་ལ་སྡེ་ཚན་དང་པོའི་མུན་པ་ཆུང་ངུའི་ཚད་ནི་གཉིས་པ་འབྲིང་པོའི་ཚད་དོ། །དེ་བཞིན་དུ་གསུམ་པའི་སྡེ་
ཚན་ལ་ཡང་མུན་པས་སྒྲིབ་པའི་བྱ་བ་སྟེ་སྡེ་ཚན་དེ་ལ་ཆུང་ངུའི་ཚད་གཉིས་པའི་སྡེ་ཚན་ལ་འབྲིང་པོའི་ཚད་ནི་གསུམ་པ་ཆེན་པོའི་ཚད་དོ། །དེ་ལ་ཆེན་པོའི་ཚད་ཀྱི་དབྱེ་བ་རྣམ་པ་ལྔ་སྟེ་མུན་པ་ཆེན་པོའི་ཚད་ཀྱི་དབྱེ་བ་བཅུ་གཅིག་པ་ལ་བྱིས་པའོ། །བཅུ་གཉིས་པ་ལ་གཞོན་ནུའོ། །བཅུ་
གསུམ་པ་ལ་ལང་ཚོའོ། །བཅུ་བཞི་པ་ལ་རྒན་པའོ། །གནམ་སྟོང་ལ་ཡོངས་སུ་སྨིན་པར་འགྱུར་རོ། །དེ་བཞིན་དུ་གཉིས་པའི་སྡེ་ཚན་ལ་འབྲིང་པོའི་ཚད་དང་གསུམ་པའི་སྡེ་ཚན་ལ་མུན་པ་ཆུང་ངུའི་ཚད་ཀྱིའོ། །དེ་ནས་དཀར་པོའི་ཚེས་གཅིག་འོངས་པ་ན་སའི་ཁམས་ཀྱི་མཚན་ཉིད་ཀྱི་
མུན་པ་སྨིན་པ་སེལ་བར་འགྱུར་རོ། །གཉིས་པ་ལ་ཆུའི་མུན་པའོ། །གསུམ་པ་ལ་མེའི་མུན་པའོ། །བཞི་པ་ལ་རླུང་གི་མུན་པའོ། །ལྔ་པ་ལ་ནམ་མཁའི་ཁམས་ཀྱི་མུན་པའོ། །དེ་ལྟར་ཆ་དང་པོ་ཆུང་ངུའི་ཚད་ས་རྫོགས་པ་ནི་སྨིན་པར་འགྱུར་རོ། །གཉིས་པ་རྒན་མོའོ། །གསུམ་པ་ལང་
ཚོ་མའོ། །བཞི་པ་གཞོན་ནུ་མའོ། །ལྔ་པ་བུ་མོ་སྟེ་དྲུག་པ་ལ་སོགས་པ་ནུབ་པར་གྱུར་པ་རྣམས་གནས་སོ། །དེ་ལྟར་ཆུང་ངུའི་སྡེ་ཚན་ལ་ཆ་ཆུང་ངུ་སྨིན་ཡང་ཇི་སྲིད་ནག་པོའི་ཕྱོགས་ལ་གསུམ་པ་ཆེན་པོའི་ཚད་སྨིན་པར་མ་གྱུར་པར་མུན་པ་འཇུག་པར་མི་འགྱུར་རོ། །སོ་སོའི་བཅོ་ལྔའི་ཆ་འདི་
དག་ནུབ་པར་གྱུར་པ་རྣམས་ཉི་མ་བཅུ་དྲུག་པ་ལ་འཆར་རོ། །ཤར་བ་རྣམས་ཉི་མ་བཅུ་དྲུག་པ་ལ་ནུབ་པར་འགྱུར་རོ། །དེ་ལྟར་ཨ་སོགས་སུམ་ཅུའི་དབྱངས་ནི་ཟླ་བའི་ཆའི་མིང་སྟེ་དཀར་པོའི་ཆ་རྣམས་དང་མུན་པ་ཞུགས་པ་ཉེ་བར་བཏགས་པས་ནག་པོའི་མིང་ཅན་རྣམས་སོ། །དཀར་པོ་དང་
Vol. 11 · folio 160b
ནག་པོའི་ཚེས་གཅིག་ལ་སོགས་པ་འདི་རྣམས་ཀྱི་དབྱངས་ཀྱི་སྔགས་ཀྱི་ཚིག་རྣམས་ནི། ཨཾ་ཨིཾ་རྀཾ་ཨུཾ་ལྀཾ། ཨཾ་ཨེཾ། ཨ་རཾ་ཨོཾ་ཨ་ལྃ། ཧཾ་ཡཾ་རཾ་བཾ་ལཾ། ལཱཿཝཱཿརཱཿཡཱཿཧཱཿ། ཨཱལཿཨཽཿཨཱརཿཨཻཿཨཱཿ། ལཱྀཿཨཱུཿརཱྀཿཨཱིཿཨཱཿཞེས་པ་དེ་དཀར་པོའི་ཕྱོགས་ལ་ཟླ་བ་ཐིག་ལེས་
བརྒྱན་པ་ཆ་བཅོ་ལྔའི་བདག་ཉིད་དོ། །ནག་པོའི་ཕྱོགས་ལ་ཉི་མ་རྣམ་པར་བཅད་པས་བརྒྱན་པ་ཟླ་བའི་ཆ་བཅོ་ལྔ་སྒྲིབ་པར་བྱེད་པའོ། །ཐུང་ངུ་ནི་ཟླ་བའོ། །རིང་པོ་ནི་ཉི་མའོ། །དེ་བཞིན་དུ་ཡོན་ཏན་ནི་ཟླ་བའོ། །འཕེལ་བ་ནི་ཉི་མ་སྟེ་ཧ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཉིན་ཕྱེད་ཀྱང་ཀ་ལ་སོགས་པའི་སྡེ་
རྣམས་དབྱངས་དང་བཅས་པ་ཉིན་ཞག་སྟོང་དྲུག་མེའི་ཚད་ཀྱིས་སྤྱོད་པར་བྱེད་ཅེས་པ་ནི་འདིར་ཀ་ཡིག་སྡེ་པ་གང་དག་གི་དང་པོ་ཡིན་པ་དེ་ནི་ཀ་ཡིག་ལ་སོགས་པའི་སྡེ་སྟེ་སྡེ་ཞེས་པ་ནི་ཡི་གེ་ལྔའི་ཚོགས་སོ། །ནམ་མཁའ་ལ་སོགས་པ་དང་ས་ལ་སོགས་པའི་དབྱེ་བས་ལྔར་ཀློག་སྟེ་དབྱངས་ཀྱི་ཚོགས་ནི་
ཐམས་ཅད་དུ་ནམ་མཁའ་ལ་སོགས་པའི་དབྱེ་བས་ཀློག་གོ། །འདིར་སོ་སོར་སྡུད་པ་ཤེས་པར་བྱེད་པ་ནི་གསལ་བྱེད་བཀླག་པ་ཐམས་ཅད་ལ་འདིར་གསལ་བྱེད་དག་པ་སུམ་ཅུ་སྟེ་ཡ་ཡིག་ལ་སོགས་པ་གཞན་དུ་ཀ་ཡིག་ལ་སོགས་པ་གསལ་བྱེད་བཀླག་པར་མ་བསྡུས་ཤིང་ཨ་ལ་སོགས་པ་དབྱངས་
ཀྱི་སྡེ་ཚན་དུ་བཀླགས་པ་རྣམས་ནི་དབྱངས་ཀྱི་རྣམ་པར་འགྱུར་བའོ། །འདི་ལྟ་སྟེ་ཨ་ཨི་རྀ་ཨུ་ལྀ་ཀ །ཨ་ཨེ་ཨར་ཨོ་ཨལ་ཙ། ཧ་ཡ་ར་ཝ་ལ་ཏ་ཅེས་དང་། དེའི་འོག་ཏུ་ང་ཉ་ཎ་མ་ན་ན། གྷ་ཛྷ་ཌྷ་བྷ་དྷ་དྷ། ག་ཛ་ཌ་བ་ད་ད། ཁ་ཚ་ཋ་ཕ་ཐ་ཐ། ཀ་ཙ་ཊ་པ་ཏ་ཏ། ྈྐ་ཤ་ཥ་ྉྤ་ས་ས་ཞེས་པ་སྟེ་དང་
པོ་དང་མཐའ་བཀླགས་པ་ལས་སོ། །ཡ་ཡིག་ལ་སོགས་པ་ནི་ཀ་ཡིག་ལ་སོགས་པའི་སྡེ་པའི་ནང་དུ་མི་འགྱུར་ཏེ་རབ་ཏུ་བརྗོད་པས་དབྱངས་ཀྱི་ཆོས་ཅན་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གསལ་བྱེད་ཀྱི་བདག་ཉིད་ནི་སུམ་ཅུ་སྟེ་ཀ་ལ་སོགས་པ་སྡེ་པ་དྲུག་པོ་ཀ་ཙ་ཊ་པ་ཏ་ས་རྣམས་ནི་ནམ་
མཁའ་དང་རླུང་དང་མེ་དང་ཆུ་དང་ས་དང་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ཏེ། མགྲིན་པ་དང་རྐན་དང་སྤྱི་བོ་དང་མཆུ་དང་སོ་ལས་བརྗོད་པའི་དབང་གིས་སོ། །དྲུག་པ་སོ་སོར་བརྗོད་པ་ལ་ཁམས་ལྔའི་བདག་ཉིད་དོ། །ཀ་ལ་སོགས་པའི་སྡེ་པ་དེ་རྣམས་དབྱངས་དང་བཅས་པ་སྟེ་དབྱངས་ནི་ཨ་ལ་
Vol. 11 · folio 161a
སོགས་པ་ཐུང་ངུ་ལྔ་དང་རིང་པོ་ལྔ་སྟེ་བསྲེས་པ་ནི་བཅུར་འགྱུར་རོ། །ཐུང་ངུའི་མཐར་རྗེས་སུ་ང་རོ་ནི་དབྱངས་དྲུག་པའོ། །རིང་པོའི་མཐར་རྣམ་པར་བཅད་པ་ནི་དབྱངས་དྲུག་པའོ། །དེ་དག་ཀྱང་དབྱངས་དང་གསལ་བྱེད་མཚུངས་པར་ལྡན་པས་བརྗོད་པར་བྱ་སྟེ་དབྱངས་དེ་དག་དང་
ལྡན་པ་ནི་དབྱངས་དང་བཅས་པའོ། །ཉིན་ཞག་སྟོང་དྲུག་མེའི་ཚད་ཀྱིས་སྤྱོད་པར་བྱེད་ཅེས་པ་ནི་ཉིན་ཞག་སུམ་བརྒྱ་དྲུག་ཅུས་ཏེ། སྟོང་དྲུག་མེ་ཡི་ཚད་དེ་དག་གིས་ཟླ་བ་བཅུ་གཉིས་དང་བགྲོད་པ་གཉིས་སུ་ཡང་འགྱུར་རོ། །ལྷོ་དང་བྱང་གི་བགྲོད་པ་སོ་སོ་ལ་ཉིན་ཞག་བརྒྱ་བརྒྱད་ཅུར་འགྱུར་རོ། །འཕོ་
བའི་ཟླ་བའི་དབྱེ་བས་ཀཪྐ་ཊ་ལ་སོགས་པ་ལྷོར་བགྲོད་པ་ལ་ནམ་མཁའ་ལ་སོགས་པ་སྤྲོ་བའི་རིམ་པས་དབྱངས་ཐུང་ངུ་དྲུག་དང་བཅས་པའི་སྡེ་པ་དྲུག་ཉི་མས་ཟླ་བ་དྲུག་གིས་སྤྱོད་དོ། །དེ་ནས་བྱང་དུ་བགྲོད་པ་ལ་ས་ལ་སོགས་པའི་དབྱེ་བས་དབྱངས་རིང་པོ་དང་བཅས་པའི་སྡེ་པ་དྲུག་ཟླ་བ་དྲུག་གིས་
སྤྱོད་དོ། །གང་དུ་དབྱངས་ཐུང་ངུ་དང་བཅས་པ་སྤྱོད་པ་དེར་མཚན་མོ་འཕེལ་བར་འགྱུར་རོ། །གང་དུ་དབྱངས་རིང་པོ་དང་བཅས་པ་སྤྱོད་པ་དེར་ཉིན་མོ་འཕེལ་བར་འགྱུར་རོ། །འདིར་ལྷོར་བགྲོད་པ་ནི་ཟླ་བའོ། །བྱང་དུ་བགྲོད་པ་ནི་ཉི་མའོ། །གསལ་བྱེད་གཅིག་ནི་ཟླ་བའོ། །གསལ་བྱེད་གཉིས་
བརྩེགས་པ་ནི་ཉི་མའོ། །གསལ་བྱེད་གསུམ་བརྩེགས་པ་ནི་སྒྲ་གཅན་ནོ། །དེ་བཞིན་དུ་དབྱངས་ཐུང་ངུ་ནི་ཟླ་བའོ། །རིང་པོ་ནི་ཉི་མའོ། །ཤིན་ཏུ་རིང་པོ་ནི་སྒྲ་གཅན་ནོ་ཞེས་པ་ནི་ཐམས་ཅད་དུ་ཡིན་ནོ། །དེ་ལྟར་སྒྲ་གཅན་གྱི་ཤིན་ཏུ་རིང་པོ་ཉིད་ལ་མུན་པ་རྣམ་པ་གསུམ་སྟེ་ཆུང་ངུ་དང་འབྲིང་དང་ཆེན་
པོའི་བདག་ཉིད་དོ། །འདིར་ཀཪྐ་ཊའི་འཕོ་བའི་ཉིན་ཞག་ལ་སྤྲོ་བའི་དབྱེ་བས་ཀ་སྡེའི་ང་ཡིག་ཨ་ཡིག་དང་བཅས་པ་ཉི་མས་སྤྱོད་དོ། །གཉིས་པ་ལ་ངི་། གསུམ་པ་ལ་ངྼྀ། བཞི་པ་ལ་ངུ་། ལྔ་པ་ལ་ངླྀ། དྲུག་པ་ལ་ངཾ་། དེ་བཞིན་དུ་ཉིན་ཞག་བདུན་པ་དང་པོར་བྱས་ནས་ཉིན་ཞག་བཅུ་གཉིས་
པའི་མཐར་གྷ་ཡིག་སྤྱོད་དེ་ཇི་ལྟར་ང་ཡིག་རྣམ་པར་སྤྱོད་པ་བཞིན་ནོ། །དེ་བཞིན་དུ་ཉིན་ཞག་བཅྭ་བརྒྱད་ཀྱི་མཐར་ཐུག་པ་ག་ཡིག་དབྱངས་དང་བཅས་པ་སྤྱོད་དོ། །ཉིན་ཞག་ཉི་ཤུ་རྩ་བཞི་པའི་བར་དུ་ཁ་ཡིག་སྤྱོད་དོ། །དེ་བཞིན་དུ་ཉིན་ཞག་སུམ་ཅུ་པའི་བར་དུ་ཀ་ཡིག་དབྱངས་དང་བཅས་
Vol. 11 · folio 161b
པ་སྤྱོད་དོ། །སྟོང་པའི་ཉིན་ཞག་འགའ་ཞིག་ལ་གཞོམ་དུ་མེད་པའོ། །དེ་བཞིན་དུ་སེང་གེའི་འཕོ་བའི་ཟླ་བའི་ཉིན་ཞག་སུམ་ཅུ་པོ་རྣམས་ཀྱིས་ཉ་ཡིག་ལ་སོགས་པ་དབྱངས་དང་བཅས་པ་རྣམས་སྤྱོད་དོ། །བུ་མོའི་འཕོ་བའི་ཉིན་ཞག་རྣམས་ཀྱིས་ཎ་ཡིག་ལ་སོགས་པ་དབྱངས་དང་བཅས་པ་རྣམས་སྤྱོད་དོ། །
སྲང་གི་འཕོ་བའི་ཉིན་ཞག་རྣམས་ཀྱིས་མ་ཡིག་ལ་སོགས་པ་དབྱངས་དང་བཅས་པ་རྣམས་སྤྱོད་དོ། །སྡིག་པའི་འཕོ་བའི་ཉིན་ཞག་རྣམས་ཀྱིས་ན་ཡིག་ལ་སོགས་པ་དབྱངས་དང་བཅས་པ་རྣམས་སྤྱོད་དོ། །གཞུའི་འཕོ་བའི་ཉིན་ཞག་རྣམས་ཀྱིས་ཋྐ་ལ་སོགས་པ་དབྱངས་དང་བཅས་པའི་གསལ་
བྱེད་རྣམས་སྤྱོད་དོ། །དེ་ལྟར་ན་ལྷོར་བགྲོད་པ་ལ་ཟླ་བ་དྲུག་གི་ཉིན་ཞག་རྣམས་ཀྱིས་སྡེ་པ་དྲུག་དབྱངས་དང་བཅས་པ་གྲངས་བརྒྱ་བརྒྱད་ཅུ་རྣམས་ཟླ་བའི་རང་བཞིན་མཚན་མོ་འཕེལ་བའི་དབྱེ་བས་སྤྱོད་དོ། །དེ་ནས་བྱང་དུ་བགྲོད་པའི་དབྱེ་བ་ནི་ས་ཡིག་ལ་སོགས་པ་ལུགས་ལས་བཟློག་པས་བརྗོད་
དེ་ཆུ་སྲིན་ལ་སོགས་པ་འཕོ་བའི་ཟླ་བའི་ཉིན་ཞག་གི་དབྱེ་བས་སྡེ་པ་དྲུག་དབྱངས་དང་བཅས་པ་ནི་སྡུད་པའི་རིམ་པས་དབྱངས་རིང་པོ་དང་བཅས་པའི་ཡི་གེ་རྣམས་ཉི་མས་སྤྱོད་དོ། །འདིར་ཆུ་སྲིན་གྱི་འཕོ་བའི་ཉིན་ཞག་ལ་སྶཱཿདབྱངས་དང་བཅས་པ་སྤྱོད་དོ། །གཉིས་པ་ལ་སྶླཱྀ། གསུམ་པ་ལ་སྶཱུ།
བཞི་པ་ལ་སྶྼཱྀ། ལྔ་པ་ལ་སྶཱི། དྲུག་པ་ལ་སྶཱ། དེ་བཞིན་དུ་ཉིན་ཞག་དྲུག་པ་གཞན་རྣམས་ཀྱིས། ྉྤྉྤཱཿྉྤྉྤླཱྀ། ྉྤྉྤཱུ། ྉྤྉྤྼཱྀ། ྉྤྉྤཱི། ྉྤྉྤཱ། དེ་བཞིན་དུ་ཥ་དང་དེ་བཞིན་དུ་ཤའོ། །དེ་བཞིན་དུ་ྈྐྈྐཱཿྈྐྈྐླཱྀ་ྈྐྈྐཱུ་ྈྐྈྐྼཱྀ་ྈྐྈྐཱི་ྈྐྈྐཱ་ཞེས་པ་ས་སྡེ་དབྱངས་དང་བཅས་པ་རྣམས་ཆུ་སྲིན་གྱི་འཕོ་བའི་ཉིན་ཞག་སུམ་ཅུས་སྤྱོད་དོ། །
དེ་བཞིན་དུ་བུམ་པ་དང་ཉ་དང་ལུག་དང་གླང་དང་འཁྲིག་པའི་འཕོ་བའི་ཉིན་ཞག་རྣམས་ཀྱིས། ཏ་སྡེ་དང་པ་སྡེ་དང་ཊ་སྡེ་དང་ཙ་སྡེ་དང་ཀ་སྡེ་རྣམས་དབྱངས་དང་བཅས་པ་ཉིན་ཞག་བརྒྱ་བརྒྱད་ཅུས་སྤྱོད་དོ། །ཀཪྐ་ཊའི་འཕོ་བའི་བར་དུ་ཉིན་མོ་
འཕེལ་བ་ཡིན་ལ་ཉིན་མོ་འཕེལ་བ་ནི་ཉི་མ་སྟེ་སྡུད་པའི་ངོ་བོས་རིག་པར་བྱའོ། །འདིར་མཚན་མོ་དང་ཉིན་མོ་འཕེལ་བའི་རང་བཞིན་གྱི་ཡི་གེ་རྣམས་ནི་འདི་ལྟ་སྟེ། མཚན་མོ་འཕེལ་བ་ང་ངི་ངྼྀ་ངུ་རླྀ་ངླྀ་ངཾ་། གྷ་གྷི་གྷྼྀ་གྷུ་གྷླི་གྷཾ། ག་གི་གྼྀ་གུ་གླྀ་གཾ། །ཁ་ཁི་ཁྼྀ་ཁུ་ཁླྀ་ཁཾ། ཀ་ཀི་ཀྼྀ་ཀུ་ཀླྀ་ཀཾ་ཞེས་པ་ནི་ཀཪྐ་ཊའི་འཕེལ་བའོ། །
Vol. 11 · folio 162a
ཉ་ཉི་ཉྼྀ་ཉུ་ཉླྀ་ཉཾ། ཛྷ་ཛྷྀ་ཛྷྲྀ་ཛྷུ་ཛྷླྀ་ཛྷཾ། ཛ་ཛི་ཛྼྀ་ཛུ་ཛླྀ་ཛཾ། ཚ་ཚི་ཚྼྀ་ཚུ་ཚླྀ་ཚཾ། ཙ་ཙི་ཙྼྀ་ཙུ་ཙླྀ་ཙཾ་ཞེས་པ་ནི་སེང་གེའི་འཕེལ་བའོ། །ཎ་ཎི་ཎྼྀ་ཎུ་ཎླྀ་ཎཾ། ཌྷ་ཌྷི་ཌྷྼྀ་ཌྷུ་ཌྷླྀ་ཌྷཾ། ཌ་ཌི་ཌྼྀ་ཌུ་ཌླྀ་ཌཾ། ཋ་ཋི་ཋྼྀ་ཋུ་ཋླྀ་ཋཾ། ཊ་ཊི་ཊྼྀ་ཊུ་ཊླྀ་ཊཾ། ཞེས་པ་ནི་བུ་མོའི་འཕེལ་བའོ། །མ་མི་མྼྀ་མུ་མླྀ་མཾ། བྷ་བྷི་བྷྼྀ་བྷུ་བྷླྀ་བྷཾ། བ་བི་བྼྀ་བུ་བླྀ་བཾ། ཕ་ཕི་ཕྼྀ་ཕུ་ཕླྀ་ཕཾ། པ་པི་
པྼྀ་པུ་པླྀ་པཾ། ཞེས་པ་ནི་སྲང་གི་འཕེལ་བའོ། །ན་ནི་ནྼྀ་ནུ་ནླྀ་ནཾ། དྷ་དྷི་དྷྼྀ་དྷ་དྷླྀ་དྷཾ། ད་དི་དྼྀ་དུ་དླྀ་དཾ། ཐ་ཐི་ཐྼྀ་ཐུ་ཐླྀ་ཐཾ། ཏ་ཏི་ཏྼྀ་ཏུ་ཏླྀ་ཏཾ། ཞེས་པ་ནི་སྡིག་པའི་འཕེལ་བའོ། །ྈྐ་ྈྐི་ྈྐྼྀ་ྈྐུ་ྈྐླྀ་ྈྐཾ། ཤ་ཤི་ཤྼྀ་ཤུ་ཤླྀ་ཤཾ། ཥ་ཥི་ཥྼྀ་ཥུ་ཥླྀ་ཥཾ། ྉྤ་ྉྤི་ྉྤྼྀ་ྉྤུ་ྉྤླྀ་ྉྤཾ། ས་སི་སྼྀ་སུ་སླྀ་སཾ། ཞེས་པ་ནི་གཞུའི་འཕོ་བ་ལ་སྟེ། ཟླ་བ་དྲུག་གི་
ཉིན་ཞག་རྣམས་ཀྱིས་མཚན་མོ་འཕེལ་ཞིང་ཉིན་མོ་འཛད་དོ། །དེ་ནས་ཆུ་སྲིན་ལ་སོགས་པ་ལ་ཉིན་མོ་འཕེལ་བ་ནི་སྶཱཿ་སྶླཱྀ་སྶཱུ་སྶྼཱྀ་སྶཱི་སྶཱ། །ྉྤྉྤཱཿྉྤྉྤླཱྀ་ྉྤྉྤཱུ་ྉྤྉྤྼཱྀ་ྉྤྉྤཱི་ྉྤྉྤཱ། ཥྵཱཿཥྵླཱྀ་ཥྵཱུ་ཥྵྼཱྀ་ཥྵཱི་ཥྵཱ། ཤྴཱཿཤྴླཱྀ་ཤྴཱུ་ཤྴྼཱྀ་ཤྴཱི་ཤྴཱ། །ྈྐྈྐཱཿྈྐྈྐླཱྀ་ྈྐྈྐཱུ་ྈྐྈྐྼཱྀ་ྈྐྈྐཱི་ྈྐྈྐཱ། ཞེས་པ་ནི་ཆུ་སྲིན་གྱི་འཕེལ་བའོ། །ཏྟཱཿཏྟླཱྀ་ཏྟཱུ་ཏྟྼཱྀ་ཏྟཱི་ཏྟཱ། ཐྠཱཿཐྠླཱྀ་ཐྠཱུ་ཐྠྼཱྀ་ཐྠཱི་ཐྠཱ། དྡཱཿདྡླཱྀ་དྡཱུ་དྡྼཱྀ་དྡཱི་དྡཱ། དྷྡྷཱཿ
དྷྡྷླཱྀ་དྷྡྷཱུ་དྷྡྷྲཱྀ་དྷྡྷཱི་དྷྡྷཱ། ནྣཱཿ་ནྣླཱྀ་ནྣཱུ་ནྣྼཱྀ་ནྣཱི་ནྣཱ་ཞེས་པ་ནི་བུམ་པའི་འཕེལ་བའོ། །པྤཱཿཔྤླཱྀ་པྤཱུ་པྤྼཱྀ་པྤཱི་པྤཱ། ཕྥཱཿཕྥླཱྀ་ཕྥཱུ་ཕྥྼཱྀ་ཕྥཱི་ཕྥཱ། བྦཱཿབྦླཱྀ་བྦཱུ་བྦྼཱྀ་བྦཱི་བྦཱ། བྷྦྷཱཿབྷྦྷླཱྀ་བྷྦྷཱུ་བྷྦྷྼཱྀ་བྷྦྷཱི་བྷྦྷཱ། མྨཱཿམྨླཱྀ་མྨཱུ་མྨྼཱྀ་མྨཱི་
མྨཱ། ཞེས་པ་ནི་ཉའི་འཕེལ་བའོ། །ཊྚཱཿཊྚླཱྀ་ཊྚཱུ་ཊྚྼཱྀ་ཊྚཱི་ཊྚཱ། ཋྛཱཿཋྛླཱྀ་ཋྛཱུ་ཋྛྼཱྀ་ཋྛཱི་ཋྛཱ། ཌྜཱཿཌྜླཱྀ་ཌྜཱུ་ཌྜྼཱྀ་ཌྜཱི་ཌྜཱ། ཌྷྜྷཱཿཌྷྜྷླཱྀ་ཌྷྜྷཱུ་ཌྷྜྷྼཱྀ་ཌྷྜྷཱི་ཌྷྜྷཱ། ཎྞཱཿཎྞླཱྀ་ཎྞཱུ་ཎྞྼཱྀ་ཎྞཱི་ཎྞཱ། ཞེས་པ་ནི་ལུག་གི་འཕེལ་བའོ། །ཙྩཱཿཙྩླཱྀ་ཙྩཱུ་ཙྩྼཱྀ་ཙྩཱི་ཙྩཱ། ཚྪཱཿཚྪླཱྀ་ཚྪཱུ་ཚྪྼཱྀ་ཚྪཱི་ཚྪཱ།
ཛྫཱཿཛྫླཱྀ་ཛྫཱུ་ཛྫྼཱྀ་ཛྫཱི་ཛྫཱ། ཛྷྫྷཱཿཛྷྫྷླཱྀ་ཛྷྫྷུ་ཛྷྫྷྼཱྀ་ཛྷྫྷཱི་ཛྷྫྷ། ཉྙཱཿཉྙླཱྀ་ཉྙཱུ་ཉྙྼཱྀ་ཉྙཱི་ཉྙཱ། ཞེས་པ་ནི་གླང་གི་འཕེལ་བའོ། ཀྐཱཿཀྐླཱྀ་ཀྐཱུ་ཀྐྼཱྀ་ཀྐཱི་ཀྐཱ། ཁྑཱཿཁྑླཱྀ་ཁྑཱུ་ཁྑྼཱྀ་ཁྑཱི་ཁྑཱ། གྒཱཿགྒླཱྀ་གྒཱུ་གྒྼཱྀ་གྒཱི་གྒཱ། གྷྒྷཱཿགྷྒྷླཱྀ་གྷྒྷཱུ་གྷྒྷྼཱྀ་གྷྒྷཱྀ་གྷྒྷ། ངྔཱཿངྔླཱྀ་ངྔཱུ་ངྔྼཱྀ་ངྔཱི་ངྔཱ་། ཞེས་
པ་ནི་འཁྲིག་པ་ལ་ཉིན་མོ་འཕེལ་བ་སྟེ། ཟླ་བ་དྲུག་ཇི་སྲིད་པའི་མཐར་ནི་འགྲིབ་པའོ། །དེ་ལྟར་ན་ལྷོར་བགྲོད་པ་ལ་དབྱངས་ཐུང་
Vol. 11 · folio 162b
ངུ་དང་ལྡན་པའི་གསལ་བྱེད་དེ། གཉིས་ཀ་ཟླ་བའི་ཆའི་མཚན་ཉིད་དོ། །བྱང་དུ་བགྲོད་པ་ལ་གསལ་བྱེད་གཉིས་བརྩེགས་པ་དབྱངས་རིང་པོ་དང་ལྡན་པ་སྟེ་གཉིས་ཀ་ཉི་མའི་མཚན་ཉིད་ཡིན་ནོ། །གསལ་བྱེད་གཅིག་དབྱངས་རིང་པོ་དང་ལྡན་པ་ནི་ཟླ་བ་དང་ཉི་མའི་བདག་ཉིད་དུ་འགྱུར་རོ། །
དེ་བཞིན་དུ་གསལ་བྱེད་གཉིས་བརྩེགས་པ་དབྱངས་ཐུང་ངུ་དང་ལྡན་པ་ནི་ཉི་མ་དང་ཟླ་བའི་བདག་ཉིད་དུ་འགྱུར་རོ། །དེ་བཞིན་དུ་དབྱངས་དང་གསལ་བྱེད་ཀྱི་དབྱེ་བས་ཟླ་བ་རྣམ་པ་གཉིས་དང་ཉི་མ་རྣམ་པ་གཉིས་སོ། །དེ་བཞིན་དུ་ཡོན་ཏན་དང་འཕེལ་བ་དང་ལྡན་པའི་གསལ་བྱེད་རྣམས་རིག་པར་བྱའོ། །
ཞེས་པ་ནི་བགྲོད་པའི་དབྱེ་བས་ཉི་མའི་རྐང་པའི་དབྱངས་ཀྱི་དབྱེ་བ་དང་དབྱངས་ཀྱི་དབྱེ་བ་གཞན་ནམ་མཁའ་ལ་སོགས་པ་དཀྱིལ་འཁོར་ལྔ་འབབ་པས་སུམ་བརྒྱ་དྲུག་ཅུའི་དབྱེ་བས་ཐ་དད་པ་ནི་འཆད་པར་འགྱུར་བས་བཤད་པར་བྱའོ། །འདིའི་མདོར་བསྡུས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་
ལས། སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེན་པོ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་
བའི་འོད། །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདིར་དཀར་པོའི་ཕྱོགས་ལ་ལྔ་པ་དང་བཅུ་པ་དང་ཉ་ནི་ཆགས་པའོ། །ནག་པོའི་ཕྱོགས་ལ་ལྔ་པ་དང་བཅུ་པ་དང་གནམ་སྟོང་ནི་ཆགས་བྲལ་ལོ། །འདི་གཉིས་ཀྱི་དབུས་རྫོགས་པ་གསུམ་གྱི་མཇུག་དགའ་བྲལ་གྱི་མཐར་སྟོང་པ་
ཆེན་པོ་ཡི་གེ་ལྔ་གཅིག་ཏུ་འདྲེས་པར་གྱུར་པའི་རྣལ་འབྱོར་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཏེ། དེའི་ཕྱིར་སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ་ནི་ཟླ་བ་ཆ་བཅུ་དྲུག་པའི་མཐར་སྟོང་པ་ཆེན་པོའོ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས་ནི་གནམ་སྟོང་གི་མཐའ་ཆ་དང་པོ་འཆར་བའི་
མཚམས་ཉི་མ་མུན་པ་བཅུ་དྲུག་པའི་མཐར་ཐིག་ལེ་སྟོང་པ་ཡི་གེ་དྲུག་གོ། །དེ་བཞིན་དུ་སངས་རྒྱས་ཀུན་གྱི་སྐུ་ཆེ་བ་ནི་སྟོང་པ་ཆེན་པོའོ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན་ནི་ཐིག་ལེ་སྟོང་པའོ། །རྡོ་རྗེ་ཉི་མ་སྣང་བ་ཆེ་ནི་ཐིག་ལེ་སྟོང་པ་ཡི་གེ་དྲུག་གོ། །རྡོ་རྗེ་ཟླ་བ་དྲི་མེད་འོད་ནི་སྟོང་
Vol. 11 · folio 163a
པ་ཆེན་པོ་ཡི་གེ་ལྔའོ། །ཤེས་རབ་དང་ཐབས་ཀྱི་ཆོས་ནི་འཆད་པར་འགྱུར་བ་ལས་རྒྱ་ཆེར་བརྗོད་པར་བྱ་སྟེ། གསང་སྔགས་སྐྱེ་གནས་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ་ཡང་རྒྱ་ཆེར་རོ། །ད་ནི་ཉིན་ཞག་སོ་སོའི་མཚན་མོ་དང་ཉིན་མོའི་ཆུ་ཚོད་གསུངས་
པ་ཧ་སོགས་དབྱངས་རྣམས་དག་ཀྱང་ཆུ་ཚོད་ཅེས་པ་སྟེ་ཧ་ལ་སོགས་པ་དེ་དག་དབྱངས་ཀྱང་ཡིན་པས་ན་ཧ་སོགས་དབྱངས་རྣམས་སོ། །ཀྱང་ཡིག་གིས་གཞན་གསལ་བྱེད་དོ། །དེ་དག་དབྱངས་བཅུ་གཉིས་དང་བཅས་པ་ནི་དབྱངས་དྲུག་ཅུར་འགྱུར་རོ། །དེ་ལ་མཚན་མོ་འཕེལ་བ་
ལ་དབྱངས་ཐུང་ངུ་དང་ལྡན་པའི་དབྱངས་སུམ་ཅུའི་བདག་ཉིད་ཉི་མ་ཕྱེད་ནས་མཚན་ཕྱེད་ཀྱི་བར་དུ་འགྱུར་རོ། །ཉིན་མོ་འཕེལ་བ་ལ་དབྱངས་རིང་པོ་དང་ལྡན་པ་སུམ་ཅུ་མཚན་ཕྱེད་ནས་ཉི་མ་ཕྱེད་ཀྱི་བར་དུ་འགྱུར་རོ། །དེ་ལྟར་ཉིན་ཞག་སོ་སོ་ལ་མཚན་མོ་དང་ཉིན་མོ་འཕེལ་བ་རིག་པར་བྱའོ། །
འདིར་སྔགས་ཀྱི་ཚིག་རྣམས་ནི་མཚན་མོ་འཕེལ་བ་ལ་སྤྲོ་བའི་རིམ་པ་དང་ཉིན་མོ་འཕེལ་བ་ལ་སྡུད་པའི་རིམ་པས་འདི་ལྟ་སྟེ། ཧ་ཧི་ཧྼྀ་ཧུ་ཧླྀ་ཧཾ། ཡ་ཡི་ཡྼྀ་ཡུ་ཡླྀ་ཡཾ། ར་རི་ཪྼྀ་རུ་རླྀ་རཾ། ཝ་ཝི་ཝྼྀ་ཝུ་ཝླྀ་ཝཾ། ལ་ལི་ལྼྀ་ལུ་ལླྀ་ལཾ། ཞེས་པ་མཚན་མོ་སྟེ་བསམ་པའི་དབྱེ་བས་ཤེས་རབ་
དང་ལུས་ཀྱི་དབྱེ་བས་ཐབས་སོ། །ལླཱཿལླླཱྀ་ལླཱུ་ལླྼཱྀ་ལླཱི་ལླཱ། ཝྺཱཿཝྺླཱྀ་ཝྺཱུ་ཝྺྼཱྀ་ཝྺཱི་ཝྺཱ། ཪྼཱཿཪྼླཱྀ་ཪྼཱུ་ཪྼྼཱྀ་ཪྼཱི་ཪྼཱ། ཡྻཱཿཡྻླཱྀ་ཡྻཱུ་ཡྻྼཱྀ་ཡྻཱི་ཡྻཱ། ཧྷཱཿཧྷླཱྀ་ཧྷཱུ་ཧྷྼཱྀ་ཧྷཱི་ཧྷཱ། ཞེས་པ་ཉིན་མོ་སྟེ་བསམ་པའི་དབྱེ་བས་ཐབས་དང་ལུས་ཀྱི་དབྱེ་བས་ཤེས་རབ་བོ། །ཁུ་བ་དང་ཟླ་བ་ནི་ཤེས་རབ་ཀྱི་བསམ་པ་ལས་བྱུང་བ་
ཉིད་ཀྱི་ཕྱིར་ཤེས་རབ་དང་། ཐབས་ཀྱི་ལུས་ལས་བྱུང་བ་ཉིད་ཀྱི་ཕྱིར་ཐབས་སོ། །དེ་བཞིན་དུ་རྡུལ་དང་། ཉི་མ་ནི་ཐབས་ཀྱི་བསམ་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་ཐབས་དང་།
ཤེས་རབ་ཀྱི་ལུས་ལས་བྱུང་བ་ཉིད་ཀྱི་ཕྱིར་ཤེས་རབ་སྟེ་དེ་ལྟར་ཐམས་ཅད་དུ་རྗེས་སུ་རྟོགས་པར་བྱའོ། །ད་ནི་བརྟན་པ་དང་གཡོ་བ་ཁམས་གསུམ་པའི་སྔགས་གསུངས་པ་ལྷ་མི་གདེངས་ཅན་འབྱུང་པོའི་སྐྱེ་གནས་དག་ཀྱང་སྔགས་ཤེས་པ་ཞེས་པ་སྟེ། ལྷ་ནི་འདོད་པ་དང་གཟུགས་དང་།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words