དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ཞེས་བྱ་བ
Sanskrit title (Tibetan script, as in the text) སཱ་དྷ་ན་ནི་དཱ་ན་ཤྲཱི་ཙཀྲ་སམྦ་ར་ནཱ་མ་པཉྩི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 16 · folio 29b
པར་ལན་བདུན་བཟླས་ནས་སྦས་ན་དེ་ཇི་སྲིད་འཚོའི་བར་དུ་བཅིངས་པར་འགྱུར་རོ། །བཏོན་ནས་འོ་མས་བཀྲུས་ན་སླར་རྣལ་མར་འགྱུར་རོ། །སྨེ་ཤ་ཅན་གྱི་རོ་བསྲེགས་པའི་ཐལ་བས་བསྒྲུབ་བྱའི་གཟུགས་བྱས་ནས་གང་ཡིན་པའི་མིང་དང་འཁོར་ལོ་བྲིས་ནས་སྙིང་གར་བཅུག་སྟེ་
དེ་ཉིད་ཀྱི་ཐལ་བས་ལན་བདུན་བཟླས་ནས་བསྣུན་ན་དེའི་གཟུགས་འཛིན་པར་འགྱུར་རོ་ཞེས་སོ། །རིམས་ཀྱིས་ཐེབས་པར་བྱ་བ་ལ་ནི། ཡི་དགས་ཀྱི་སྙིང་གར་གང་ཞིག་གི་མིང་དང་སྤེལ་ནས་འཁོར་ལོ་བྲིས་པ་དེ་དེས་ཐེབས་པར་འགྱུར་རོ། །ལྟོ་ན་བར་བྱ་བ་ལ་ནི་ཡི་དགས་ཀྱི་
ཀླད་པ་ལ་བྱའོ། །བརྗེད་བྱེད་ལ་ནི་རླུང་དང་སྤྲིན་གྱི་འཁོར་ལོ་བྱའོ། །གཟེར་གདབ་པ་ལ་ནི་མདུང་རྩེ་གསུམ་པ་ལའོ། །དུག་དང་མཛེ་ནད་ལ་ནི་ལྟོ་འཕྱེ་ལའོ། །གཟའ་གང་ཡིན་པའི་མཚན་མའི་ནང་དུ་ཆུད་པར་བྲིས་ན་དེས་འཛིན་པར་འགྱུར་རོ། །སྦྱིན་སྲེག་གི་མེའི་ཐལ་བ་
ཞེས་བྱ་བ་ནི་སྔར་བསྟན་པའི་སྨན་གྱི་སྦྱིན་སྲེག་གི་ཐལ་བས་གཟུགས་བྱས་ལ་དེའི་སྙིང་གར་འཁོར་ལོ་བཅུག་ནས་གང་གི་མིང་ནས་སྨོས་ཏེ་བསྣུན་ན་དེ་ལྷ་ཉིད་ཀྱིས་ཀྱང་མི་མཐོང་ངོ་། །ཆུ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས་གཏོར་ན་སླར་ཡང་སྣང་བར་འགྱུར་རོ། །ཐོད་པ་ཁ་
སྦྱར་གྱི་ཕྱག་རྒྱ་ལ་ཞེས་བྱ་བ་ལ་ཁྱི་སྨྱོན་པའི་ཐོད་པ་ཁ་སྦྱར་གྱི་ནང་དུ་གཞུག་པར་བྱ་སྟེ། གང་ཞིག་གི་མིང་དང་སྤེལ་བའི་འཁོར་ལོ་སྨྱོ་བྱེད་ལྔ་དང་ལྡན་པ་དབུགས་མི་འབྱིན་པར་ལན་བདུན་བཟླས་ཏེ་བཅུག་ནས་བཅིངས་ལ་རྒྱས་བཏབ་ནས་དུར་ཁྲོད་དུ་གང་མིང་དང་བཅས་
ནས་སྦས་ན་དེ་སྨྱོ་བར་འགྱུར་རོ། །དེ་ཉིད་ཀྱིས་སྐྱེ་བོ་སྟོང་ཡང་སྨྱོ་བར་འགྱུར་རོ། །བཏོན་ནས་འོ་མས་བཀྲུས་ན་སླར་ཡང་གྲོལ་བར་འགྱུར་རོ། །སྨན་བཟང་པོ་བསྒྲུབས་ནས་ཁང་སྟོང་དུ་སོང་སྟེ་ལན་བརྒྱ་བཟླས་ལ་བདག་ཉིད་ཀྱི་སྤྱི་བོར་བཅིངས་ན་ཞེས་བྱ་བ་ལ་སོགས་པ་སྟེ་
སྒྲ་ཇི་བཞིན་པར་བསྟན་ཏེ་གོ་སླའོ། །གཞན་གྱི་དཔུང་མངོན་དུ་ཕྱོགས་པ་ནི་ཞེས་བྱ་བ་ལ། ལྡོང་རོས་སམ་ཡུང་བས་ལག་པ་གཡོན་པའི་མཐིལ་དུ་འཁོར་ལོ་འདི་བྲིས་ལ་ལན་སྟོང་དུ་ཡོངས་སུ་བཟླས་ཏེ་ཁུ་ཚུར་བཅངས་ནས་གཞན་གྱི་དཔུང་མངོན་པར་ཕྱོགས་པ་ན་ཡུལ་དུ་
Vol. 16 · folio 30a
འཇུག་པར་བྱའོ། །ཡང་ན་ཟངས་མའི་གླེགས་མལ་ལྡོང་རོས་ཀྱིས་སཏྟ་ཀ་སྱ་རཀྵ་སརྦ་ཨ་ཡུད་ནི་བ་ར་ཎཾ་ཞེས་བྱ་བ་དང་སྤེལ་ནས་བྲིས་ལ་ཆོ་ག་བཞིན་མཆོད་ལ་སྤྲ་ཚིལ་གྱིས་གཡོགས་ལ་ལན་སྟོང་དུ་བཟླས་ཏེ་ལག་པ་གཡོན་པར་བཟུང་ལ་ཁུ་ཚུར་བཅངས་
ལ། གསང་སྔགས་རྒྱལ་པོ་བརྗོད་བྱ་ཞིང་། །རྒྱན་རྣམས་ཀུན་གྱིས་རྣམ་བརྒྱན་ནས། །ཇི་སྲིད་ཁུ་ཚུར་མ་གྲོལ་བར། །མཚོན་ཆ་ཐམས་ཅད་བཅིངས་པར་འགྱུར། །དགྲ་བོ་གལ་ཏེ་ལག་ན་ནི། །མཚོན་ཆ་འཕྱར་བར་བྱེད་པ་ཡང་། །ཇི་སྲིད་ཁུ་ཚུར་མ་གྲོལ་བར། །མཚོན་
ཆ་གཏོང་བར་མི་ནུས་སོ། །དེ་ནས་སྨན་མཆོག་བཤད་བྱ་སྟེ། །མཚོན་ཆ་ལྔ་ནི་བཟློག་ཕྱིར་རོ། །འཁྲུལ་འཁོར་གྱིས་འཕེན་མི་འཕེན་དང་། །དེ་བཞིན་ལག་པས་འཕེན་པ་དང་། །འཕངས་ནས་དེ་ནི་འཛིན་ཉིད་དང་། །ལག་པས་མཚོན་ཆ་འགྱེད་དང་ལྔ། །འཇིག་རྟེན་གསུམ་པོ་
མ་ལུས་ན། །མཚོན་ཆ་རྣམས་ནི་འདི་དག་གོ། །ལག་པས་འཕེན་པ་འཁོར་ལོ་བརྗོད། །འཁྲུལ་འཁོར་གྱིས་འཕེན་མདའ་ལ་སོགས། །འཕངས་ནས་གཟུང་བ་ཞགས་སོགས་ཏེ། །ལག་པའི་མཚོན་ཆ་སྟོབས་འགྱེད་པ། །མི་འཕེན་རལ་གྲི་སོགས་གནས་པ། །འཁོར་ལོ་སྨན་ནི་
ལེགས་མཐོང་གིས། །མདའ་ལ་སོགས་པ་ནི་ཨ་ཀར་ན་བི་དྷ་ཀ་ཀས་སོ། །ཞགས་པ་ལ་སོགས་པའི་དབྱིག་པ་ནི་ཨུཏྤ་ལས་སོ། །ལག་པའི་མཚོན་ཆ་ནི་གཞན་གྱིས་མི་ཐུབ་པ་དཀར་པོས་སོ། །རལ་གྲི་ལ་སོགས་པ་ནི་སྨྱོ་བྱེད་ཀྱིས་སོ། །སྨན་བཟང་པོ་དེ་རྣམས་ཉི་མ་བཟང་
པོ་ལ་བླངས་ནས་བདུད་རྩི་ལྔས་བསྒོས་ལ་སྨེ་ཤ་ཅན་གྱི་བུ་མོ་སྔོན་མོའི་མེ་ཏོག་གིས་བྱུགས་ནས་མར་ངོའི་ཚེས་བརྒྱད་དམ་བཅུ་བཞི་ལ་བྲམ་ཟེའི་ཐོད་པ་རོ་བསྲེགས་པའི་སས་བཀང་བར་བཅུག་ལ། ཇི་སྐད་བསྟན་པ་བཞིན་དུ་ཆུ་བླུགས་པ་དང་གཏོར་མ་སྦྱིན་པ་ལ་སོགས་པ་
བྱས་ནས་སྨིན་པའི་ལྕུག་མ་བཟང་པོ་སྐར་མ་རྒྱལ་དང་གཟའ་ཉི་མ་ལ་བླངས་ལ་མཉམ་པར་གཞག་པས་ས་ལ་མ་ལྷུང་བར་སྔགས་ཀྱི་རྒྱལ་པོས་ཤིན་ཏུ་བསྲུངས་ལ། དེ་དག་ཐམས་ཅད་ལྷན་ཅིག་ཏུ་གཡོན་སྐོར་གྱིས་བསྒྲིལ་ལ་སྐུད་པ་བྱས་ལ་མགྲིན་པའམ་མགོ་བོར་བཅིངས་
Vol. 16 · folio 30b
ན་མཚོན་ཆ་སླར་བཟློག་ཅིང་མི་ཚུགས་པར་འགྱུར་ལ་ཐམས་ཅད་མཚོན་ཆ་བརྒྱས་བསྣུན་ཀྱང་གནོད་པའི་ཚོར་བ་མི་འབྱུང་ཞིང་མཚོན་གྱིས་མི་ཆོད་ལ་རྡོ་རྗེའི་ལུས་སུ་འགྱུར་རོ། །ཡང་ན་དཔའ་ཆེན་གཅིག་ཉིད་ཀྱིས། །མཚོན་ཆ་ཐམས་ཅད་ཟློག་བྱེད་པ། །པིན་ཏ་ཀ་ར་ཞེས་བྱ་བའི། །
སྨན་ཆེན་རྙེད་པར་གྱུར་ནས་ནི། །སྔགས་པས་ཉི་མ་བཟང་པོ་ལ། །དེ་ཡི་འབྲས་བུ་ཡོངས་སྨིན་པ། །སྔོན་བསྟན་རིམ་པའི་སྦྱོར་བ་ཡིས། །བྲམ་ཟེའི་ཐོད་པར་ས་བོན་གཟུགས། །དེ་ནས་ཤིང་སྨིན་པ་དང་གཟའ་ཉི་མ་ལ་ཉི་མ་ཤར་བའི་དུས་སུ་དེའི་རྩ་བ་ཕྲ་མོ་རྣམས་ཁ་བྱང་དུ་ཕྱོགས་
པས་བླངས་ནས་ས་ལ་མ་ལྷུང་བར་བཟུང་སྟེ་ཇི་ལྟར་བསྟན་པའི་རིམ་པས་ཕྲག་པ་དང་སྤྱི་བོར་བཟུང་ན། རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྨོངས་པར་འགྱུར་རོ། །ཡང་དེའི་གེ་སར་ཞོ་དང་ལྷན་ཅིག་བཟའ་སྟེ། ཇི་སྲིད་མགྲིན་པར་ལུད་ཀྱི་བར་དུ་དཔའ་བོས་བཟའོ། །དེ་ཇི་སྲིད་མ་ཞུ་བ་དེ་
སྲིད་དུ་རྡོ་རྗེ་འཛིན་པ་དང་འདྲ་བའི་ལུས་སུ་འགྱུར་ཏེ། དེ་ལ་མཚོན་ཆས་ཕོག་ཀྱང་ཆུའི་ཐིགས་པ་ལྟར་གནོད་པར་མི་འགྱུར་རོ། །ཡང་ན་སྔོན་གྱི་གོ་ཆའི་རིམ་པའི་སྔགས་པས་བྲམ་ཟེའི་ཐོད་པར་བཅུགས་པའི་ཨ་ཤྭཏྠའི་རྩ་བ་བླངས་ལ་ཆོ་ག་བཞིན་དུ་རིལ་བུ་བྱའོ། །ཉི་མ་ཟླ་བ་
སྲེག་བྱེད་པའི། །སོ་སོའི་ཆ་ལ་གནས་པ་ཡི། །ལྕགས་གསུམ་གྱིས་ནི་དཀྲིས་བྱས་པའི། །རིལ་བུ་ཁ་རུ་གཞུག་པར་བྱ། །དེ་ནས་དཔའ་བོ་ཆེན་པོས་མཚོན་ཆ་ཐམས་ཅད་བཟློག་ཅིང་རིམས་དང་། ལྟོ་ན་བ་དང་། དུག་དང་། མཁའ་འགྲོའི་གནོད་པ་དང་། གཟའ་རྣམས་དེའི་
དྲི་ཚོར་བ་ཙམ་གྱིས་རབ་ཏུ་འབྲོས་ཏེ། སེང་གེའི་དྲིས་གླང་པོ་ཆེ་འབྲོས་པ་བཞིན་ནོ། །ཡང་པེ་ཏའི་ས་བོན་བྲམ་ཟེའི་ཀླད་པ་ལ་ཆོ་ག་བཞིན་དུ་བཙུགས་ལ་སྨན་བཟང་པོ་བླང་བར་བྱ་སྟེ། སྐར་མ་རྒྱལ་དང་གཟའ་ཉི་མ་དང་ཟླ་བ་ལ་མཆོད་པ་དང་གཏོར་མ་བྱས་ན་ཕྱག་རྒྱ་དང་བཅས་པའི་
སྒྲུབ་པ་པོ་ལྷའི་རྣལ་འབྱོར་གྱིས་སྔགས་ཟློས་པས་སྔ་མ་བཞིན་གཅེར་བུ་སྐྲ་གྲོལ་བར་གྱུར་པ་མཉམ་པར་གཞག་པས་མཐའ་དག་བཏུས་ཏེ། རྣལ་འབྱོར་མའི་ལག་པར་ཐོད་པ་ས་ལ་མ་ལྷུང་བར་གཞག་གོ། །དེ་ནས་དུམ་བུ་བདུན་བྱས་ལ་སྐུད་པ་དཀར་པོས་དཀྲིས་ནས་གང་གི་
Vol. 16 · folio 31a
སྤྱི་བོར་བཟུང་ན་ས་སྟེངས་ན་ཇི་སྙེད་པའི་མཚོན་ཆ་དུ་མ་རྣམས་བརླག་པར་འགྱུར་ཏེ། དཔེར་ན་ཉི་མས་མུན་པ་བཞིན་ནོ། །དེ་ནས་འདམ་གྱི་ཆོ་ག་བཤད། །ནག་པོ་ཆེན་པོ་སྨན་ཆེན་པོ། །རྒྱལ་དང་ཉི་མ་ལ་བཙལ་ནས། །མཆོད་དང་གཏོར་མ་ཡང་དག་ལྡན། །
དགོངས་མོའི་དུས་སུ་སྙན་མནན་ལ། །ཐོ་རངས་ལྷ་ཡི་བདག་ཉིད་དང་། །གཅེར་བུ་སྐྲ་གྲོལ་གྱུར་པ་ཡིས། །ཤིན་ཏུ་མཉམ་པར་གཞག་བས་བླང་། །ཁྱུ་མཆོག་རྭ་ཡིས་བླངས་པ་ཡིས། །ཕྱི་ནས་ལྷན་ཅིག་བསྲེ་བར་བྱ། །གཞོན་ནུ་མ་ཡིས་བཏགས་ནས་སུ། །དེ་
ཡིས་ལུས་ནི་བསྐུ་བར་བྱ། །ཇི་སྲིད་ལུས་ལ་གནས་ཀྱི་བར། །དེ་སྲིད་མཚོན་ཆས་ཆོད་མི་འགྱུར། །དུག་ཀྱང་ལུས་ལ་མི་འཕོག་སྟེ། །བདག་ཉིད་ཆེན་པོས་སྨན་བཟའོ། །ཡང་ཀུ་མཱ་རི་བླངས་ལ་གཞོན་ནུ་མའི་རྐང་རྗེས་ཀྱི་ས་དང་ལྡན་པར་བྱས་ལ་ལུག་གི་རྭ་དང་ཆ་
མཉམ་པར་བྱས་ཏེ་བཏགས་པའི་འདམ་བསྐུས་ན་སུམ་ཅུ་པས་ཀྱང་མི་ཆོད་དོ། །ཡང་ཙ་ན་ལིའི་སྡོང་བུ་བླངས་ལ་མཚན་གཅིག་པ་དང་ཤིང་གཅིག་པའི་ས་དང་ལྡན་པར་བྱས་པའི་སྦྱོར་བས་བྱུགས་པའི་ལུས་ནི་སུམ་ཅུ་པས་ཀྱང་མི་ཤིགས་སོ། །དེ་དག་གི་ལོ་གཅིག་གི་ནུས་
པ་ཅན་དེ་ཕྱི་ནས་ནི་གཞན་བྱའོ། །དེ་ནས་སྦ་བྱ་དཔའ་ཆེན་པོས། །དཔའ་བོ་ཐམས་ཅད་མཆོད་བྱས་ཏེ། །མངལ་ནས་དང་པོ་ཕྱུང་བ་ནི། །མ་ཡི་ནུ་ཞོ་མ་འཐུངས་པར། །ཤི་བའི་རོ་ནི་རྙེད་ནས་ནི། །ཧེ་རུ་ཀ་དཔལ་གཉིས་མེད་མཆོད། །གཏོར་མ་མཉམ་པར་གཞག་པས་
བསྲུང་། །ལྟག་པ་ནས་ནི་གཤགས་ནས་སུ། །དེ་ཡི་ལྕེ་ནི་བླང་བར་བྱ། །བྷྲིངྒ་ར་ཛ་དུ་དུ་ར། །ཀཾ་ཀཾ་ཛ་ག་གཞན་མི་ཐུབ། །རྒྱལ་དང་ཉི་མ་ལ་བླངས་ནས། །ལྔ་པོ་རྣམས་དང་ལྡན་པ་ནི། །བཏགས་ཏེ་རིལ་བུ་བྱས་ནས་སུ། །གྲིབ་མ་ལ་ནི་བསྐམས་ནས་ཀྱང་། །ལྕགས་
གསུམ་གྱིས་ནི་དཀྲི་བར་བྱ། །ར་ཏི་ཕྱེད་བརྒྱད་མ་ཤ་གསུམ། །ར་ཏི་ཕྱེད་གསུམ་མ་ཤ་བཞི། །ར་ཏི་ལྔ་དང་མ་ཤ་གསུམ། །རིམ་པ་བཞིན་དུ་དཀྲི་བར་བྱ། །དཀྲིས་ནས་ཡང་དག་མཆོད་བྱས་ལ། །སྟོང་དུ་བཟླས་ཏེ་ཁར་བཅུག་ན། །ཇི་སྲིད་ཁ་ནས་གནས་པ་རུ། །ས་གནས་
Vol. 16 · folio 31b
མཚོན་ཆ་དུ་མ་ཡང་། །བལྟས་པ་ཙམ་གྱིས་འཇིག་འགྱུར་ཏེ། །དཔེར་ན་འབར་མེས་རྩྭ་བཞིན་ནོ། །རིམས་དང་ལྟོ་ནད་དུག་དང་ནི། །མཁའ་འགྲོ་མ་ཡི་གནོད་པ་དང་། །གཟའ་རྣམས་ཐམས་ཅད་ཟློག་བྱེད་པ། །རྡོ་རྗེ་སེམས་དཔའི་བཀའ་བཞིན་ནོ། །དེ་ནས་གཞན་ཡང་བཤད་
བྱ་བ། །སེམས་ཅན་ཐམས་ཅད་རབ་རྨོངས་པ། །རྒྱལ་གྱི་ཉིན་པར་ནན་ཏན་དུ། །ནགས་ཀྱི་རས་བལ་བླངས་ནས་སུ། །བུ་མོ་གཞོན་ནུའི་སྐུད་པས་བྱ། །གཡོན་ཕྱོགས་སུ་ནི་བཀལ་ནས་སུ། །སུམ་སྒྲིལ་དུ་ནི་སྐུད་པ་བྱ། །རྩ་བའི་སྔགས་ནི་སྟོང་ཕྲག་བརྒྱད། །མངོན་པར་
བཟླས་ཤིང་བཏགས་ནས་ནི། །མདུད་པ་བྱས་ནས་ལག་གཡོན་གྱིས། །དེ་རུ་མ་མོ་རྣམས་ནི་བརྟག །ཉི་ཤུ་རྩ་བཞི་གཉིས་མེད་པ། །འགོག་པའི་ཏིང་འཛིན་ལ་གནས་ཏེ། །ཡང་དག་མཆོད་པ་བྱས་ནས་སུ། །ལག་པ་གཡས་པ་བཅིང་བར་བྱ། །མཚོན་ཆ་ཐམས་
ཅད་ཟློག་བྱེད་པ། །རལ་གྲི་མདའ་སོགས་གཞན་དུ་མིན། །ནགས་སྐྱེས་ཤལ་མ་ལི་ཡི་བལ། །བློ་དང་ལྡན་པས་རྒྱལ་ལ་བླང་། །གཞོན་ནུ་མ་ཡི་ལག་པ་ནི། །ས་ཡིས་ཕྱི་ནས་བཀལ་བར་བྱ། །དགེ་བའི་རྒྱུ་སྐར་སྐར་མ་དང་། །ཟླ་བ་སྟོབས་ཅན་དག་ལ་ནི། །སྔོན་དུ་
གསུངས་པའི་བྱ་བ་ཡིས། །ཤིན་ཏུ་མཉམ་གཞག་མདུད་པ་བྱ། །འདི་ནི་ཡིད་ལ་གཟུང་བྱས་པས། །སུམ་ཅུ་པས་ཀྱང་མི་འཆིང་ཞིང་། །མཚོན་ཆ་ཐམས་ཅད་འཆིང་འགྱུར་པས། །ལས་ཀྱི་ཆོ་ག་བལྟ་བར་བྱ། །དེ་ལྟར་གསང་བའི་ལྟ་བ་ལས། །གསང་ཆེན་གསང་
བས་སྦ་བྱ་སྟེ། །བློ་དང་ལྡན་པས་ཐམས་ཅད་དུ། །སྐལ་མེད་སེམས་ཅན་ལ་མི་སྦྱིན། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུའོ། །ཆོ་གའི་ལས་རྣམས་
ནི། གོ་རིམས་བཞིན་དུ་བཤད་བྱ་བ། ཞེས་བྱ་བ་ནི། ཨོཾ་ཧ་ན་མཿཧི་སྭཱ་ཧཱ་ཧུ་བཽ་ཥཊ་ཧེ་ཧཱུཾ་ཧཱུཾ་ཧོ་ཕཊ་ཧཾ་སྟེ་རེ་རེ་ཞིང་ངམ་སྦྱོར་བའི་ཚིག་གི་ཡི་གེ་དྲུག་གི་གཟུགས་དང་དཔའ་བོའི་ལྷ་ཅི་རིགས་པར་སྦྱར་རོ། །དེ་ལ་ཆོ་ག་ཟློས་བཞིན་དུ། ཡ་ང་བའི་ལམ་དུ་ཞུགས་ན་ཞེས་བྱ་བ་ལ་
Vol. 16 · folio 32a
སོགས་པ་ནི་ཟློས་བཞིན་པས་ཡིད་ལ་ཅི་འདོད་པ་ཐམས་ཅད་བྱེད་དོ་ཞེས་པའོ། །དེ་ནས་དབུས་སུ་དཔའ་བོའི་སྔགས། །དེ་ཉིད་རིག་པའི་བསམ་གཏན་གྱིས། །དཔའ་བོའི་འཁོར་ལོ་རབ་སྦྱོར་བས། །དེ་ཡིས་བྱ་བ་ཀུན་བྱའོ། །དེ་ལ་རིམ་པ་འདིས་བྲི་བར་བྱ་སྟེ།
ཟླ་བའི་དབུས་གྱུར་རྡོ་རྗེ་ནི། །རྩེ་གསུམ་དེ་བཞིན་ཁ་དྲུག་པ། །དེ་ཡི་དབུས་གྱུར་པདྨ་ནི། །འདབ་མ་དྲུག་ལ་ལེགས་གནས་པ། །སྔགས་པས་ཟེའུ་འབྲུར་བྲི་བར་བྱ། །ཇི་ལྟར་བསྟན་བཞིན་བསྒྲུབ་བྱའི་མིང་། །རྡོ་རྗེ་སེམས་སོགས་སངས་རྒྱས་ཀྱིས། །ཇི་ལྟར་གོ་ཆའི་
སྔགས་བཤད་བཞིན། །སྔོན་སྔགས་དབུས་སུ་བྲི་བྱ་སྟེ། །གཞན་ནི་པད་འདབ་ལ་དེ་བཞིན། །རིང་པོ་དྲུག་ནི་ཡོངས་སྤངས་པར། །རྡོ་རྗེའི་ལྟེ་བར་དགོད་པར་བྱ། །གུར་གུམ་སེན་རྩི་རང་ཁྲག་དང་། །རོ་ཙ་ན་ཡིས་གྲོ་ག་ལ། །རྒྱལ་དང་ཉི་དུས་སྒྲུབ་པ་པོས། །ཆོ་ག་
བཞིན་དུ་བྲི་བར་བྱ། །དུས་གསུམ་དུ་ནི་བཟླས་བྱས་ནས། །མཆོད་ཆེན་བྱས་ནས་གཟུང་བྱ་སྟེ། །སྔགས་པས་ལན་བདུན་སྔགས་བཏབ་ནས། །གོས་ཀྱི་ཐ་མར་བཅིང་བར་བྱ། །ལམ་དུ་ཞུགས་ན་རྐུན་པོ་དང་། སྣག་གིས་འཇིགས་པར་མི་འགྱུར་
རོ། །ཐམས་ཅད་དུ་ནི་བསྲུང་འགྱུར་ཏེ། །གྲུབ་པ་ཉིད་དུ་ཐེ་ཚོམ་མེད། །ཡང་འཁོར་ལོ་དེ་ཉིད་ཀྱི་ལྟེ་བ་ལ་ཐིག་ལེ་ལྟ་བུའི་རྒྱན་བྱས་པའི་ཐིག་ལེས་བསྐོར་ནས། བསྒྲུབ་བྱ་འཁོར་དང་བཅས་པ་མོ་ཧ་ན་ཞེས་བྱ་བའི་ཚིག་དང་སྤེལ་ལ་གོས་ཀྱི་ཐ་མ་ལ་མདུད་དེ། ཆོས་ཀྱི་
དབྱིངས་སུ་བསྒོམས་ནས་ཟློས་བཞིན་དུ་འགྲོ་ན་ལྷ་དང་མི་རྣམས་ཀྱིས་མཐོང་བར་མི་འགྱུར་རོ། །ཡང་བི་ཤ་ད་ཏ་ཀ་རིའི་ས་བོན་བྲམ་ཟེའི་ཐོད་པར་ཆོ་ག་བཞིན་བཙུགས་ལ་བསྐྱེད་པ་དང་། ཟླ་བ་གཟས་ཟིན་པའི་དུས་སུ་བྱང་ཕྱོགས་སུ་ཟུག་པའི་རྩ་བ་བླངས་ལ་ལྕགས་
གསུམ་གྱིས་དཀྲིས་ཏེ་ལན་སྟོང་བཟླས་ན་གོ་ཆར་འགྱུར་རོ། །ཡང་ན་ནྱ་གྲོ་དྷའི་འབྲས་བུ་ཁྭ་ནག་པོས་ཟོས་པའི་རྟུག་པའི་འབྲས་བུ་བླངས་ནས་ཉི་མ་བཟང་པོ་ལ། བྲམ་ཟེའི་ཐོད་པར་རོ་བསྲེགས་པའི་ས་ཡིས་བཀང་བར་བཙུགས་ནས་བདུད་རྩི་ལྔས་གཏོར་ཏེ་སྐྱེས་
Vol. 16 · folio 32b
ནས་འདབ་མ་གཉིས་ཙམ་བླངས་ལ་ལྕགས་གསུམ་གྱིས་དཀྲིས་ལ་མཆོད་པ་རྣམས་ཀྱིས་མཆོད་ནས་བསྔགས་ཏེ་ཁར་བཅུག་ན། ལྷ་དང་མི་རྣམས་ཀྱིས་མི་མཐོང་བར་འགྱུར་རོ། །གོ་ཆ་བཟླས་པའི་ལག་པས་གང་ལ་རེག་པ་དེ་ཞེས་བྱ་བ་ལ་དུར་ཁྲོད་ཀྱི་
རས་ལ་བ་ར་ཙི་ཏ་ཀའི་ཁུ་བ་བླངས་ལ་ལྡོང་རོས་དང་ཡུང་བའི་ཨ་ཤྭ་ཀའི་སྨྱུ་གུས་འཁོར་ལོ་ཐིག་ལེས་མཚན་པ་བྲིས་ཏེ་ཕྱི་ནས་བསྒྲུབ་བྱ་དཔུང་དང་བཞོན་པར་བཅས་པའི་མིང་དང་སྤེལ་ནས་ལན་སྟོང་བཟླས་ནས། ཡང་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་དང་དུར་ཁྲོད་ཀྱི་ཐལ་
བ་ལ་བསྒྲུབ་བྱའི་གཟུགས་བྱས་ཏེ། འཁོར་ལོའི་སྙིང་གར་བཅུག་ནས་མེ་ཏོག་སེར་པོས་གཏོར་ཞིང་རྐང་པ་གཡོན་པས་མནན་ལ་བརྒྱད་བརྒྱ་བཟླས་ནས་སྦས་ཏེ། དེའི་སྟེང་དུ་སྙིང་གར་གནས་པའི་ཁང་པ་བྱས་ལ་གང་གི་མིང་གཟུང་བ་དེ་མདུང་བཞིན་དུ་རེངས་
པར་འགྱུར་ཏེ། སུམ་ཅུ་རྩ་གསུམ་པས་ཀྱང་བསྐྱོད་པར་མི་ནུས་སོ། །གཞན་གྱི་དམག་ཚོགས་སྒྲོལ་བར་བྱ་བ་ལ་ནི་འོ་མས་བཀུས་ན་སླར་རྣལ་མར་འགྱུར་རོ། །རང་གི་ཁྲག་ལ་ཞེས་བྱ་བ་ལ་སོགས་པ་གསལ་ལོ། །ཁྲོ་བོའི་རྒྱལ་པོའི་རྣམ་པར་བསྒོམས་ལ་འདི་ལྟར་ཆུའི་
རྡུལ་ཕྲ་རབ་ཐམས་ཅད་དཀྱིལ་འཁོར་གྱི་ལྷར་བསྐྱེད་པའི་དབུ་རྒྱན་གྱི་གཟུགས་ཀྱིས་ནི་ཆུའི་སྟེང་དུ་འགྲོ་བར་འགྱུར་རོ། །རྣལ་འབྱོར་མ་དང་དཔའ་བོའི་འཁོར་ལོ་སྙོམས་པར་ཞུགས་པ་ནི་ལག་པ་གཡོན་པ་དང་གཡས་པ་གཉིས་ཀྱིས་མཉེས་ན་རིགས་དྲུག་གི་རྣལ་འབྱོར་
མ་དབང་དུ་འགྱུར་རོ། །སྐར་མ་རྒྱལ་ལ་རས་བྱས་ལ་ཞེས་བྱ་བ་ལ་སྦྲུལ་གྱི་རྒྱལ་པོ་རྙེད་ནས་དཀར་པོ་དང་ནག་པོའི་རི་མོ་ཐམས་ཅད་སོ་སོར་དུམ་བུ་དུམ་བུར་བཅང་ལ་ནག་པོ་དང་དཀར་པོའི་དབྱེ་བས་སོ་སོར་བྱ་སྟེ། རས་བལ་གྱི་ས་བོན་བླངས་ནས་དཀར་པོའི་ཟླ་བ་ལ་རྒྱལ་
གྱི་ཉིན་པར་དུམ་བུ་དཀར་པོ་ཞག་དང་ཤས་བསྒོས་ལ་ས་ལ་སྦས་ཏེ་གདབ་པོ། །ཇི་ལྟར་ནག་པོའི་དུམ་བུའི་ཞག་དང་ཤས་ཀྱང་ས་བོན་བསྒོས་ཤིང་། ཟླ་བ་མར་ངོའི་རྒྱལ་གྱི་ཉིན་པར་དེ་ཉིད་ཀྱི་ཞག་དང་ཤས་ས་ལ་ཡང་སྦག་གོ། །དཀར་པོ་དང་ནག་པོའི་ཆའི་བྱེ་
Vol. 16 · folio 33a
བྲག་གིས་ཇི་ལྟར་བསྐྱེད་པའི་རས་བལ་བླངས་ལ་རྒྱལ་གྱི་ཉི་མ་གཞན་ལ་དཀར་པོའི་ཆས་བསྐྱེད་པའི་རས་བལ་ལ། རྣལ་འབྱོར་མ་སེར་སྐྱས་བཀལ་བ་དེའི་ཉིན་བར་ཐག་པ་སེར་སྐྱས་བཏག་གོ། །དེ་ལྟར་ནག་པོའི་ཆས་བསྐྱོད་པའི་རས་བལ་ཚེས་ནག་པོའི་
སྐར་མོ་རྒྱལ་ལ་རྣལ་འབྱོར་མ་སྔོན་མོས་བཀལ་ཞིང་དེ་ཉིད་ཀྱི་ཉི་མ་ལ་ཐག་པ་སྔོན་པོས་ཇི་ལྟར་ལུས་ཡོག་པར་གྱུར་པ་དེ་ལྟར་བཏགས་པར་བྱས་ལ་སྔོན་པོ་དང་དཀར་པོའི་ཆ་ཡིས་རྒྱལ་གྱི་ཉི་མ་གཞན་ལ་བསྒྲུབ་པར་བྱ་སྟེ། རས་ལ་སྟོང་ཕྲག་སུམ་ཅུ་རྩ་དགུ་མངོན་པར་བསྔགས་ལ་བརྒྱད་
བརྒྱ་བཟླས་ཤིང་བདུག་པར་བྱ་སྟེ། ཨ་ཀ་རུ་ནག་པོ་དང་དུམ་བུ་ནག་པོའི་ཤ་དང་རུས་པ་ཟླ་བ་མར་ངོ་ལ་བསྐྱེད་པའི་རས་ལ་བདུག་གོ། །དེ་ལྟར་ཟླ་བ་མར་ངོ་ལ་བསྐྱེད་པའི་རས་ནི་དུམ་བུ་དཀར་པོའི་ཤ་དང་རུས་པ་དང་སང་ཀ་པུཥྤ་དང་བཅས་པས་བདུག་པར་བྱའོ། །དེ་ནས་
གུས་པས་བླ་མ་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་མཆོད་ལ། ལྷའི་རྣལ་འབྱོར་དམིགས་ཏེ། རྒྱལ་ལ་བསྒྲུབ་པའི་རས་ལ་རྣལ་འབྱོར་མའི་བཀའ་ལུང་གིས་བསྒོ་བར་བྱའོ། །དེ་གྱོན་པའི་ལུས་ཀྱིས་སྟོང་ཕྲག་བཅུ་བཟླས་ནས་འགྲུབ་པར་འགྱུར་ཏེ། གྲིབ་མ་མི་མངོན་ཞིང་
དཔག་ཚད་སྟོང་གི་བར་དུ་ནམ་མཁའ་ལ་འགྲོ་བ་དང་འོང་བར་འགྱུར་ལ་ལྷ་དེ་ཉིད་ཀྱིས་ཀྱང་མི་མཐོང་བ་སྟེ། སྟེང་གི་ཕྱོགས་སུ་འོག་མིན་གྱི་མཐར་ཐུག་པར་འགྲོ་བར་འགྱུར་རོ། །ཡང་སྦྲུལ་གྱི་རྒྱལ་པོའི་ཁར་བཅུག་པའི་ནང་དུ་ལིག་བུ་མིག་དུ་བ་མ་ཤོར་བར་བསྲེགས་
པའི་ཐལ་བ་རང་བྱུང་གི་མེ་ཏོག་གིས་སྦྲུས་པ་ལ་ལན་སྟོང་ཕྲག་སུམ་ཅུ་མངོན་པར་བསྔགས་ནས་མིག་སྨན་དུ་བྱས་ན་ཡང་མི་མཐོང་བར་འགྱུར་རོ། །ཡང་ན་མིའི་ཐོད་པར་སྦྲུལ་གྱི་རྒྱལ་པོ་བཞག་སྟེ། རུལ་ནས་ཟགས་པའི་རུས་པ་བླངས་ལ་རྒྱ་མཚོར་འབབ་པའི་ཆུ་བོར་
ཞུགས་ཏེ། དེའི་རུས་པའི་དུམ་བུ་ལ་ལན་སྟོང་ཕྲག་བཅུ་མངོན་པར་བཟླས་ནས་བདར་ཏེ། དཔྲལ་བར་ཐིག་ལེ་བྱས་ན་གྲིབ་མ་མི་མཐོང་བར་བྱེད་དོ། །ཡང་ན་དེའི་ཐོད་པ་ལ་མངོན་པར་བསྔགས་ནས་བདར་བའི་ཐིག་ལེ་བྱས་ཀྱང་གྲིབ་མ་མི་མངོན་པར་བྱེད་དོ། །དབང་པོ་གང་དང་
Vol. 16 · folio 33b
གང་ལས་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ། །ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ནི་གཟུགས་དང་སྒྲ་ལ་སོགས་པའི་རང་གི་དོན་ལ་དམིགས་པས་ན་བདག་པོ་སྟེ། དབང་པོ་དེ་ཉིད་སྤྱོད་ལམ་ཀུན་དུ་རྙེད་པ་དེ་དང་དེའི་རང་བཞིན་གྱི་རོ་མྱོང་བར་བྱེད་པ་
ཞེས་བྱ་བའི་དོན་ནོ། །མཆོག་ཏུ་ཞེས་བྱ་བ་ནི་སྔོན་དུ་དོན་དམ་པའི་བདེན་པ་ལ་དམིགས་པས་སོ། །མཉམ་གཞག་སྦྱོར་བའི་ཞེས་བྱ་བ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའི་རྡོ་རྗེ་སེམས་དཔའི་ང་རྒྱལ་དང་ལྡན་པར་བྱས་ཤིང་བདག་ཉིད་རྣལ་འབྱོར་ཆེན་པོ་
ལ་རྣམ་པར་གནས་པས་ཕྱག་རྒྱ་ཆེན་པོ་མངོན་པར་བྱང་ཆུབ་པ་ལ་ཡིད་ཀྱིས་གོམས་པས་ཤེས་རབ་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་པ་ཐོབ་ཅིང་ཕུལ་དུ་བྱུང་བའི་རྣལ་འབྱོར་པ་ཆེན་པོ་ནི། ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཞེས་སོ། །ཤིང་ཡོངས་འདུའི་ཁུ་
བཅུད་ཅེས་བྱ་བ་ཇི་ལྟར་བསྟན་པའི་ཆོ་གས་རོའི་ཁར་བསྐྱེད་པའི་ཤིང་ཡོངས་འདུའི་ཁུ་བཅུད་ལ་ལན་སྟོང་དུ་བཟླས་ནས་གང་ལ་ཐིག་ལེ་བྱས་ཤིང་བསྒོམས་པའི་སྟོབས་ཀྱིས་སྤྲུལ་ན་ཤིང་དུ་འགྱུར་རོ། །ཆོ་ག་དེ་ཉིད་ཀྱིས་ཡུངས་ཀར་གྱི་ས་བོན་བྲམ་ཟེའི་ཐོད་པར་བསྐྱེད་
པ་བླངས་ནས་ཡང་གླང་པོ་ཆེའི་ཐོད་པར་བཅུག་ནས་སྐྱེས་པའི་འབྲས་བུའི་ཕྱེ་མ་དང་ལྡན་པའི་གླང་པོ་ཆེའི་རྐང་རྗེས་ཀྱི་རྡུལ་ལ་ལན་སྟོང་དུ་བཟླས་ནས་གང་ལ་བསྣུན་པ་དེ་གླང་པོ་ཆེ་རུ་འགྱུར་ལ། གླང་པོ་ཆེ་དེ་ཞོན་ན་གླང་པོ་ཆེ་སྟོང་ལས་རྒྱལ་བར་འགྱུར་རོ། །དཔལ་ཧེ་རུ་ཀ་ཞེས་
བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་བཅུ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ནས་སྒྲུབ་ཐབས་བཤད་བྱ་བ། །ཞེས་བྱ་བ་འདིས་སྒྲུབ་པར་བྱེད་པས་ན་སྒྲུབ་ཐབས་ཆེན་པོའོ། །བོང་བུའི་རྣམ་པའི་རྣལ་འབྱོར་བདག །ཡིད་ཀྱི་
ཤུགས་ཀྱིས་བཟློག་བྱའི་ཕྱིར། །ཞེས་བྱ་བ་ལ་ཡིད་ཀྱི་ཤུགས་ནི་ཡིད་ཀྱི་ཤུགས་ཏེ་དེའི་ཆོ་ག་དང་ལྡན་པས་ལྟ་བ་ངན་པ་དང་སྒྲིབ་པ་ཐམས་ཅད་ལས་བཟློག་ནས་དག་པར་འགྱུར་བའི་ལུས་རྨི་ལམ་ལྟར་མྱུར་དུ་ཡོངས་སུ་བརྗེ་བས་གཡོ་བ་དང་བྲལ་ཏེ་མི་ཤིགས་
Vol. 16 · folio 34a
པའོ། །མ་ལུས་རྣལ་འབྱོར་འཛིན་བྱེད་པ། །བོང་བུའི་རྣལ་འབྱོར་རྣལ་འབྱོར་མཆོག །སངས་རྒྱས་ཀུན་དང་མཉམ་སྦྱོར་བས། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །པདྨ་དཔལ་གྱི་ནགས་ཚོགས་ན། །ཀླ་ཀློ་སངས་རྒྱས་ཀུན་ཕྱག་རྒྱ། །དགའ་བ་ཀུན་
གྱི་བདེ་བ་ཡིས། །ནགས་ཀྱི་དབུས་སུ་རྣམ་པར་རོལ། །མཁའ་འགྲོ་མ་དང་ལཱ་མ་དང་། །དུམ་སྐྱེས་མ་དང་གཟུགས་ཅན་མ། །སྣ་ཚོགས་གཟུགས་ཀྱིས་རྣམ་རོལ་ཞིང་། །རྒྱན་ཀུན་བརྒྱན་བཞིན་འོད་གསལ་བ། །སྔོན་དུ་བསྟན་བཞིན་འཁོར་དགོད་བྱ། །འོན་ཀྱང་མཁའ་
འགྲོ་མ་རྣམས་དང་། །མཁའ་འགྲོ་མ་ནི་བོང་བུ་ཡི། །རྣམ་པའི་གདོང་ཅན་ཁྲག་མིག་གམ། །མཁའ་འགྲོ་མའི་ལག་ན་མདུང་རྩེ་གསུམ་པ་སྟེང་དུ་བསྐོར་ཞིང་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པ་ཕྱག་བཞི་པ། མི་རོའི་གདན་ལ་བཅིབས་ཤིང་མེ་བཞིན་འབར་བ་སྤྱན་གསུམ་པ་
སྐྲ་གྲོལ་བ་གཅེར་བུའོ། །བདག་པོ་ལ་སོགས་པ་ཐམས་ཅད་ཀྱི་མཚན་མ་དང་རྒྱན་དང་གོས་ལ་སོགས་པ་ནི་སྔར་བསྟན་པ་བཞིན་དུ་བལྟའོ། །འོན་ཀྱང་ཐུགས་ཀྱི་འཁོར་ལོའི་དཔའ་བོ་ཐམས་ཅད་ནི་ནམ་མཁའ་ལྡིང་གི་ཞལ་ཅན་ནོ། །གསུང་གི་འཁོར་ལོའི་དཔའ་བོ་
རྣམས་ཀྱི་ཞལ་ནི་རྨ་བྱའི་གདོང་ཅན་ནོ། །སྐུའི་འཁོར་ལོའི་དཔའ་བོ་ནི་སེང་གེའི་གདོང་ཅན་ནོ། །ཁྭའི་གདོང་པ་ལ་སོགས་པ་ནི་རང་གི་མིང་གི་གདོང་པའོ། །གཤིན་རྗེའི་གདོང་པ་ལ་སོགས་པ་མཚམས་ཀྱི་ནི་མ་ཧེ་དང་། རི་དགས་དང་། སྟག་དང་། དེ་བཞིན་དུ་གུང་གི་
གདོང་པའོ། །དཀྱིལ་འཁོར་ཐམས་ཅད་ཀྱང་སྤྱན་གསུམ་པ་ལ་སྤྱན་དམར་ཞིང་སྙིང་རྗེ་ཆེན་པོས་ཡོངས་སུ་གཟུང་བ་ཆོས་བདག་མེད་པ་ལས་བྱུང་བའོ། །འདི་རྣམས་རྣལ་འབྱོར་དམ་པའི་གཙོ། །སྡུག་བསྔལ་ཐམས་ཅད་ཟད་བྱེད་པའོ། །དབུགས་རྣམས་ལྟེ་བའི་རྩ་བ་
ནས། །གཡས་དང་གཡོན་པ་གཉིས་དག་གིས། །ཟླ་བ་ཉི་མ་རྣམ་པར་བཤད། །ཆུ་ཤིང་མེ་ཏོག་ལྟ་བུ་ནི། །ལྟེ་བའི་རྩ་བ་ནས་འགྲེང་པ། །བ་ལང་རྨིག་འདྲའི་པདྨ་ནི། །བོང་བུར་རྣམ་པར་ཤེས་པར་བྱ། །འོག་ཏུ་ཕྱོགས་པའི་པདྨ་གང་། །ཟླ་བའི་འོད་འདྲས་རྣམ་བརྒྱན་པ། །
Vol. 16 · folio 34b
དེ་དབུས་རྟག་ཏུ་སྟོང་པ་ནི། །ཧཱུཾ་ཡིག་རླུང་གི་རང་བཞིན་ཉིད། །འབར་བ་མར་མེ་ལྟ་བུ་སྟེ། །འོག་གི་རླུང་ནི་ཡོངས་གང་ལས། །སྙིང་ག་ནས་ནི་སྟེང་དུ་རྒྱུ། །སྤྱི་བོ་ཕུག་སྟེ་འགྲོ་བར་བཤད། །རྣལ་འབྱོར་པ་གང་ས་གསུམ་མཉམ། །སེམས་ཅན་ཀུན་གྱི་སྙིང་གནས་པ། །སེམས་
ནི་མཉམ་པར་སོང་བ་སྟེ། །སེམས་ཀུན་ལ་ནི་དབང་ཐོབ་པས། །མཆོག་གི་ཕ་རོལ་ཕྱིན་ཐོབ་སྟེ། །རབ་ཏུ་འབར་བའི་སྐད་ཅིག་ལ། །མུན་པའི་ཚོགས་ཀུན་འཇོམས་བྱེད་པ། །ཉི་འོད་ནོར་བུ་ཇི་ལྟ་བར། །རྒྱུ་དང་མི་རྒྱུ་མ་ལུས་པའི། །ས་གསུམ་གསལ་བར་བྱེད་པ་སྟེ། །
བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །གཡོ་བ་མེད་ཅིར་འཁྲུལ་པ་མེད། །རྒྱུ་དང་དཔེ་ལས་རྣམ་པར་འདས། །རྣམ་པར་མི་འགྱུར་གོས་པ་མེད། །སྒྲིབ་པ་ལྔ་ནི་རྣམ་པར་སྤངས། །ཧེ་རུ་ཀ་དཔལ་མགོན་རང་བཞིན། །བདག་ཉིད་རིག་པ་མེད་པས་ན། །སྐད་ཅིག་དེ་ལ་
འདས་ཀུན་དང་། །མ་འོངས་པ་དང་ད་ལྟར་བྱུང་། །ཐམས་ཅད་མཁྱེན་པའི་རང་ཡིད་མཐོང་། །འདི་ནི་བོང་བུའི་རྣལ་འབྱོར་པས། །ལག་མཐིལ་གནས་པ་བཞིན་དུ་མཐོང་། །དེ་ཡི་དོན་དུ་གཡེང་བ་ཀུན། །སྤངས་ནས་ཟླ་བ་དྲུག་ཙམ་དུ། །ལྐུགས་པའི་དངོས་པོར་ལྡན་གྱུར་པས། །
བོང་བུའི་མཁའ་འགྲོ་བསྒྲུབ་པར་འགྱུར། །བསྒྲུབ་པ་དང་ནི་ལྡན་པ་ཡིས། །རྣལ་འབྱོར་ཐམས་ཅད་རྙེད་པར་འགྱུར། །བརྟུལ་ཞུགས་བྲལ་ཡང་བརྟུལ་ཞུགས་ལྡན། །དྲི་མ་ཅན་ཡང་དག་པར་འགྱུར། །དབུལ་པོ་ཡིན་ཡང་ནོར་འབྱོར་འགྱུར། །ནད་པ་ཡིན་ཡང་ནད་བྲལ་འགྱུར། །
རྒས་མེད་འཆི་བ་མེད་རྙེད་པས། །ཐོས་པ་མེད་པར་ཆོས་སྟོན་ཅིང་། །སྡུག་བསྔལ་དུ་མའི་ཚོགས་ལ་ནི། །སེམས་ཅན་དགྲོལ་བར་བྱེད་པ་པོ། །བསྟན་པ་བླ་མེད་སྟོན་པ་ཡིན། །མི་སྣང་ལ་སོགས་དངོས་གྲུབ་དང་། །ལྷ་མིག་མངོན་ཤེས་ལྔ་ཐོབ་པ། །འཇིག་རྟེན་
གསུམ་གང་ཅུང་ཟད་ཡོད། །ཐམས་ཅད་སྐད་ཅིག་དེ་ལ་མཐོང་། །ཚེ་ཟད་པར་ནི་སྣང་བ་དང་། །དེ་བཞིན་ཚེ་རིང་གྱུར་པ་ཉིད། །བོང་བུ་དང་ནི་གླང་ཆེན་དང་། །གང་དང་གང་དུ་རིགས་འགྱུར་པ། །སྐྱེ་བ་སྟོང་ཕྲག་དུ་མར་ཡང་། །དེ་དང་དེ་ཡི་གཟུགས་སུ་ནི། །རྣལ་འབྱོར་པས་
Vol. 16 · folio 35a
ནི་འདིར་མཐོང་འགྱུར། །གང་འདིར་སྐྱེ་བ་བདུན་ཤེས་ནས། །དེ་ཡིས་གཏོར་མ་སྦྱིན་སྲེག་བྱ། །རྣམ་པར་མི་རྟོག་བདག་ཉིད་ཀྱིས། །མཚན་མོ་གསང་བ་ལ་གནས་ཏེ། །བཟང་པོ་ཉིད་དུ་སྦྱར་བྱས་ནས། །ལྷ་ཡི་ལུས་སུ་འགྱུར་བ་དང་། །གྲུབ་པ་ཉིད་དུ་ཐེ་
ཚོམ་མེད། །ཟློས་པ་ཞེས་བྱ་བ་ནི་དུང་གི་ཕྲེང་བ་ལའོ། །གསང་བ་ཞེས་བྱ་བ་ནི་སྐྱེ་བ་བདུན་པའི་དང་སྔགས་ཀྱི་མཚན་ཉིད་ཀྱིའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་བཅུ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ནས་བརྡ་ཞེས་བྱ་
བ་ནི་རྣལ་འབྱོར་མ་རྣམས་ཀྱི་བརྡ་བྱས་པའོ། །དངོས་གྲུབ་འདོད་པ་རྣམས་ཀྱིས་ཤེས་པར་བྱའོ། །དང་ཞེས་བྱ་བ་ནི་གོ་སླའོ། །བསམ་པ་གཅིག་པ་ཉིད་ཀྱི་ཕྱིར་དེ་མཉེས་པར་འགྱུར་རོ་ཞེས་པའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་
ལེའུ་བཅོ་ལྔ་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་བ་ནི་རིམ་པ་བཞིན་དུའོ། །གསང་བ་ཞེས་བྱ་བ་ནི་སྐལ་བ་མེད་པའི་སེམས་ཅན་རྣམས་ལ་མི་བསྟན་པའོ། །དངོས་གྲུབ་ཆེ་ཞེས་བྱ་བ་ལ་སྒྲུབ་པ་པོ་དེ་ཉིད་ཀྱི་གཉིས་སུ་མེད་པའི་ཕྱག་རྒྱ་ཆེན་པོའི་བྱེད་པ་པོའོ། །དེ་
གང་ཞེ་ན། བྲམ་ཟེ་རྣམ་སྣང་བཤད་པ་སྟེ། །རིན་ཆེན་ཙཎྜཱ་ལཱིར་ཤེས་བྱ། །གར་མཁན་དཔག་མེད་མགོན་པོ་སྟེ། །ཚོས་མཁན་དོན་ཡོད་རྡོ་རྗེ་ཅན། །མི་བསྐྱོད་པ་ཡི་ཌོམྦི་སྟེ། །དྲུག་པ་རྡོ་རྗེ་སེམས་དཔའ་ཡི། །རྒྱལ་རིགས་སུ་ནི་ཤེས་པར་བྱ། །བདུན་པ་ཧེ་རུ་ཀ་ཡི་ནི། །སྣ་
ཚོགས་རིགས་འབྱུང་དམངས་རིགས་སོ། །གཡོན་ནས་འགྲོ་བའི་བུད་མེད་གང་། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ། སྒྲུབ་པ་པོའི་ཐབས་རྗེས་སུ་མཐུན་པའི་ཕྱིར་དེས་ནན་ཏན་དུ་ཤེས་པར་བྱའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་བཅུ་
དྲུག་པའི་རྣམ་པར་བཤད་པའོ།། །།དེ་ནས་རྙེད་དཀའ་ཞེས་བྱ་བ་ལ་སོགས་པ་ནི། ཆགས་པ་ཆེན་པོའི་རང་བཞིན་ཉིད་ནི་འདོད་ཆགས་བྲལ་བ་ལ་སོགས་པས་རྙེད་པར་དཀའ་བའོ། །དེ་གང་ཞེ་ན། དམ་ཚིག་དཀྱིལ་འཁོར་དམ་པའོ། །བདུད་རྩི་ལྔ་ཞེས་བྱ་བ་ལ་ལྔ་ནི་ས་ལ་སོགས་
Vol. 16 · folio 35b
པའོ། །དངོས་བདེན་པ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་བསྡུས་པར་འགྱུར་བའི་ཕྱིར་རོ། །དེ་ནས་ལྔ་པོ་རྣམས་ཀྱི་བདུད་རྩི་ནི་སྟོང་པ་ཉིད་ཀྱི་སྙིང་པོ་སྟེ། ཡང་དག་སྦྱོར་བས་གཅིག་བསྡུས་པ། །སྙིང་པོ་གང་ཡིན་དེ་བདེ་བ། །རླུང་ཞེས་བྱ་བའི་བྱང་ཆུབ་སེམས། །
དབང་པོ་ཀུན་གྱི་གཙོ་འདི་ཡིན། །དེ་ཡི་དབུས་སུ་ཡང་དག་བསྐྱེད། །ཡི་གེ་ལ་སོགས་པ་ཡི་གཟུགས། །གཟུགས་ཅན་མ་དང་རྣལ་འབྱོར་མ། །ལཱ་མཱ་དང་ནི་དུམ་སྐྱེས་ཏེ། །ཞལ་བཞིར་པར་ནི་རྣམ་པར་བཤད། །སྦྱོར་བ་བཞི་དང་ཡང་དག་ལྡན། །ལྔ་པ་འཁོར་
ལོས་སྒྱུར་བ་སྟེ། །གེ་སར་དང་ནི་ལྟེ་བར་ལྡན། །འདབ་མ་བཞི་ཡིས་ཡང་དག་མཚན། །དེ་དབུས་དཔའ་བོ་ཆེན་པོ་སྟེ། །ཕྱག་བརྒྱད་ཀྱིས་ནི་རྣམ་པར་བརྒྱན། །དང་པོའི་ཤ་ཡིས་ཡོངས་བཀང་བ། །དེ་བཞིན་གཉིས་པའི་ཁྲག་གིས་ཏེ། །ལྷག་མའི་ཕྱག་གཉིས་དབང་
བསྐུར་བའི། །དྲ་བའི་ཕྱག་རྒྱ་འཛིན་པར་མཛད། །ལྔ་པ་དྲུག་པས་ལྷ་མོ་འཁྱུད། །གཞན་གྱིས་ཁ་ཊྭཱཾ་ཅང་ཏེའུ། །སྐུ་མདོག་དཀར་པོ་འོད་འཕྲོ་བ། །སྟོན་ཀའི་ནམ་མཁའ་དྲི་མེད་བཞིན། །དཀར་པོ་དམར་པོ་སྔོ་དང་ལྗང་། །འབར་བའི་ཞལ་བཞི་གསུངས་པའོ། །གཤིན་
རྗེ་མ་དང་སྐྲག་བྱེད་མ། །ནགས་ཚལ་མ་དང་འཇིགས་མ་དང་། །ཀུན་སྤྱོད་ཚེ་ཟ་བ་སུ་ར། །བརྒྱད་པ་ཕག་མོར་ཡང་དག་བརྗོད། །གྲུ་བཞི་པ་ལ་སྒོ་དང་མཚམས། །བརྒྱད་དུ་རྣམ་པར་འགྱུར་ཞིང་འཇིགས་པ་ཉིད། །ཤ་དང་ཁུ་བ་གསོལ་བ་སྟེ། །དང་པོ་རྒྱས་འདེབས་ཕྱག་རྒྱ་སྟེ། །
གཉིས་པ་སྙིང་དྲལ་བ་ཡི་རྒྱ། །གསུམ་པ་རྨོངས་བྱེད་ཕྱག་རྒྱ་སྟེ། །དེ་བཞིན་བཞི་པ་སློང་བའི་རྒྱ། །ལྔ་པ་གར་གྱི་ཕྱག་རྒྱ་སྟེ། །དེ་བཞིན་དྲུག་པ་གསོད་པའི་རྒྱ། །བདུན་པ་འཇོག་པར་བྱེད་པ་སྟེ། །བརྒྱད་པ་ལྡང་བའི་ཕྱག་རྒྱར་ངེས། །ཕྱག་རྒྱ་བརྒྱད་དུ་བཤད་པའོ། །ཕྱག་གི་
མཚོན་ཆར་ཡང་དག་ལྡན། །འོད་ཟེར་ཕྲེང་བ་དུ་མ་ལས། །སངས་རྒྱས་ཚོགས་ཀྱི་སྤྲིན་འཕྲོ་བ། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཡང་ན་སྔོན་དུ་བསྟན་པ་བཞིན། །འཁོར་ལོ་གསུམ་པོ་འོད་ཀྱིས་ནམ་མཁའ་རྒྱས་པ་སྟེ། །དཀྱིལ་
Vol. 16 · folio 36a
འཁོར་དམ་པ་བརྗོད་བྱ་བ། །དབུས་སུ་འཁོར་ལོ་ཡང་དག་བྲི། །གེ་སར་དང་ནི་ལྟེ་བར་ལྡན། །འདབ་མ་བཞི་དང་ལྡན་པར་བཤད། །ཁ་དོག་སྣ་ཚོགས་ཡང་དག་འབར། །དེ་དབུས་དཔའ་བོ་དགོད་པའོ། །ཤེལ་ལྟར་དག་པ་དྲི་མ་མེད། །དང་པོའི་ཞལ་
ནི་རྣམ་བཞད་ཅིང་། །ཆགས་པའི་ལྟ་བས་རྣམ་པར་གཟིགས། །ཁྲོ་གཉེར་རབ་ཏུ་འབར་བ་དང་། །མཆེ་བ་གཙིགས་པས་འཇིགས་པར་མཛད། །གཡས་ཀྱི་ཞལ་ནི་གདེངས་པ་སྟེ། །གཡོན་པ་ངོ་མཚར་ཆེ་བ་ཉིད། །རྒྱབ་ཞལ་འཇིགས་པ་ཆེ་བ་སྟེ། །ཞལ་དག་འབར་དང་
བཅས་པའོ། །དཀར་དང་དམར་དང་དེ་བཞིན་སྔོ། །ལྗང་གུ་རྣམས་ཀྱི་གདོང་ཅན་ནོ། །ཕྱག་བརྒྱད་པར་ནི་ཡང་དག་བྲི། །རྒྱན་ཀུན་འཛིན་པ་དཔལ་དང་ལྡན། །ལྗགས་འདྲིལ་བས་ནི་འཇིགས་སུ་རུང་། །འཇིག་པའི་དུས་ལྟར་དྲག་ཤུལ་ཆེ། །དུར་ཁྲོད་དུ་ནི་འཇིགས་ཤིང་
རྔམ། །ཧ་ཧ་ཞེས་བཞད་ཆེར་བཞད་ཅིང་། །ཡི་གེ་ཕེམ་གྱི་སྒྲ་སྒྲོགས་པའོ། །ཞལ་གཅིག་པ་དང་ཕྱག་གཉིས་སུ། །ལྷ་རྣམས་བཞི་པོ་བཤད་པ་སྟེ། །ཤར་དུ་རྡོ་རྗེ་སེམས་དཔའ་ཡིན། །ལྷོ་རུ་རྣམ་སྣང་མཛད་དུ་བརྗོད། །ནུབ་ཏུ་དོན་ཡོད་རྒྱལ་པོ་སྟེ། །བྱང་དུ་པདྨ་གར་དབང་
ངོ་། །ཁ་ཊྭཱཾ་ཐོད་པ་ཕྱག་བསྣམས་ནས། །ཁྲག་དང་ཁུ་བ་དག་གསོལ་མཛད། །འཁོར་ལོའི་དབུས་སུ་ཧེ་རུ་ཀ །སྔོན་བསྟན་མཚོན་ཆ་བསྣམས་ནས་བཞུགས། །གཉིས་པ་འཁོར་ལོ་རྩིབས་བརྒྱད་ཆེ། །ཐལ་མདོག་འོད་ཟེར་དམར་པོ་འབར། །དེ་ལ་ལུགས་འབྱུང་ལུགས་
བཟློག་པས། །དགོད་པ་ཉིད་དུ་རབ་ཏུ་གྲགས། །གཟུགས་ཅན་མ་དང་འོ་བྱེད་མ། །ལཱ་མ་ཡོངས་འགྱུར་བྱིས་བཅས་མོ། །མི་ལྡོག་ལྷ་མོ་དཱི་པ་མོ། །བརྒྱད་པ་རྡོ་རྗེའི་གར་དབང་བརྗོད། །ནང་གི་ལྷ་མོའི་གཟུགས་བརྒྱད་ནི། །སྐུ་མདོག་དཀར་ལ་འབར་དང་བཅས། །ཕྱག་
གཉིས་པ་ལ་ཞལ་གཅིག་པ། །ཁྲག་གིས་བཀང་བའི་ཐོད་པ་དང་། །ཁ་ཊྭཱཾ་ག་ནི་ཕྱག་གིས་འཛིན། །སྤྱན་གསུམ་རྒྱན་ཀུན་འབར་དང་བཅས། །སྒེག་དང་བཅས་པའི་ལྷ་ཡི་ལུས། །སྙིང་རྗེ་དགའ་བའི་མཛེས་དང་ལྡན། །དེ་ནས་ཐུགས་གསུང་སྐུ་ཡི་ནི། །འཁོར་ལོ་ལྷ་
Vol. 16 · folio 36b
རྣམས་དགོད་པར་བཤད། །ཤར་ཕྱོགས་པ་ལ་སོགས་པ་ཇི་ལྟ་བ་བཞིན་ལུགས་སུ་འབྱུང་བ་དང་ལུགས་ལས་བཟློག་པས། དུང་ཅན་མ་དང་ལྦོས་མོ་དང་། །གསོད་བྱེད་མ་དང་སེར་མོ་དང་། །དྲལ་བྱེད་དེ་བཞིན་གཏུམ་མོ་སྟེ། །རི་ཁྲོད་ཉིད་དང་སྒྲོལ་མའོ། །དེ་དག་ནི་ཐུགས་
ཀྱི་འཁོར་ལོའི་འོ། །ཁྲོ་གཉེར་ཁམས་གསུམ་རྣམ་རྒྱལ་མ། །སོ་ཅན་དེ་བཞིན་ཟ་བྱེད་མ། །སྣ་ཆེན་མ་དང་བ་ལང་གདོང་། །བྱི་ལ་ཅན་དང་གླང་ཆེན་ལྕེ། །དེ་དག་ནི་གསུང་གི་འཁོར་ལོའི་འོ། །བ་ལང་སྣ་དང་བཞིན་བཟངས་མ། །དམར་གཏུམ་མ་དང་སོ་སྔོ་བསངས། །
སྟོབས་ཆེན་ནགས་ཚལ་དྲི་ལྡན་མ། །མདོག་ཁྲ་མོ་དང་བདེན་གཡོན་མ། །སྐུ་ཡི་འཁོར་ལོའོ། །དེ་དག་སྒེག་གདོང་སྒེག་དང་བཅས། །སྙིང་རྗེས་གདུངས་ཤིང་མྱོས་དང་ལྡན། །རང་མིང་བརྗོད་པའི་སྔགས་ལ་ནི། །ཨོཾ་དང་ཧཱུཾ་ཧཱུཾ་ཕཊ་སྦྱོར་པས། ཐུགས་གསུང་སྐུ་ཡི་
དབྱེ་བ་ཡིས། །ལྷ་མོ་རྣམས་ནི་མདོག་སྔོ་ཞིང་། །ཟངས་གྲི་དང་ནི་ཐོད་པ་ཅན། །གང་ཡང་སྐུ་མདོག་དམར་ལྷ་མོ། །པདྨ་དང་ནི་ཐོད་པ་ཅན། །ལྷ་མོ་སྐུ་མདོག་དཀར་བ་དང་། །མདུང་ཐུང་དང་ནི་ཁ་ཊྭཱཾ་ཐོགས། །དཀའ་བཟློག་ཉིད་དང་ཙཱ་མུཎྜཱི། །ཚངས་པ་དང་ནི་ཁྱབ་འཇུག་
མ། །སྒོ་རྣམས་སྐྱོང་བར་ཡང་དག་བཤད། །སྒོ་བཞི་རྣམས་སུ་སྦྱར་བར་བྱ། །གང་གིས་ཁ་ཊྭཱཾ་ཐོད་པ་སྟེ། །ཁྲག་དང་ཁུ་བ་གསོལ་མཛད་པའོ། །ཀུན་ཀྱང་རྒྱན་ཀུན་ཡོངས་རྫོགས་ཤིང་། །སྐྲ་གྲོལ་གཅེར་བུར་གྱུར་པ་ཡི། །སྙིང་རྗེ་དགའ་བའི་བདེ་བ་ཆེ། །དཀྱིལ་འཁོར་
རྣམས་ཀྱི་རྒྱལ་པོ་འདི། །མ་བྱུང་འབྱུང་པར་མི་འགྱུར་རོ། །ཐམས་ཅད་བཟའ་བར་གང་རིགས་པ། །དངོས་པོར་རང་བཞིན་མཉམ་བསྲེས་ཏེ། །དག་དང་མ་དག་ངོར་མི་ལྟ། །རིགས་དང་མི་རིགས་མིན་དེ་བཞིན། །དེ་ཉིད་བཅུ་ནི་རིག་པ་ཡིས། །ཐམས་ཅད་ཟ་ཞིང་ལོངས་སྤྱོད་
བྱ། །བུད་མེད་མཚན་ཉིད་ཤེས་བྱས་ལ། །དེ་ཉིད་རིག་པས་མཆོད་པར་བྱ། །མངོན་པར་ཞེན་པས་ཞེས་བྱ་བ་ལ་སོགས་པ་ནི། སྒྲ་ཇི་བཞིན་པ་སྟེ་གསལ་ལོ། །འོན་ཀྱང་། གཟུགས་ཅན་རི་མོ་ཅན་དུ་བརྗོད། །དུང་ཅན་འོ་བྱེད་མར་གསུངས་ཏེ། །ལཱ་མ་ཉིད་ནི་གླང་ཆེན་མ། །ཡོངས་
Vol. 16 · folio 37a
འགྱུར་མ་ནི་པདྨ་ཅན། །མི་ལྡོག་པའི་ལ་བིར་ཤེས་བྱ། དཱི་པ་མོ་དང་ཕུར་བུ་མ། །རེ་རེ་ཡང་ནི་གཉིས་གཉིས་སུ། །སོ་སོ་ཡི་ནི་མཚན་ཉིད་འགྱུར། །པདྨ་ཅན་ནི་པད་དྲི་དང་། །གླང་ཆེན་མྱོས་པའི་སྟོབས་བཞིན་དུ། །དབྱངས་སྙན་སྙན་པར་སྨྲ་བ་དང་། །མཉེན་
བཞིན་ལང་ཚོ་འབར་བའི་གཟུགས། །ཡན་ལག་རྩུབ་ལ་པདྨ་ཡི། །འདབ་འདྲའི་མིག་ལ་སྐྲ་འཁྱིལ་ཞིང་། །སྣ་དང་སོ་ནི་ཕྲད་དེ་ཡང་། །སོར་མོ་ཐུང་ཞིང་ཡན་ལག་མཉེན། །སེན་མོ་འཇམ་ཞིང་ཟངས་ཀྱི་མདོག །བཞིན་ནི་རབ་ཏུ་ཞི་བ་སྟེ། །དཔལ་འདོད་པ་ནི་པདྨ་ཅན། །ཞི་བའི་
ལས་ལ་སྦྱར་བར་བྱ། །གླང་པོ་ཅན་མ་གླང་པོའི་དྲི། །མཆུ་འཕྱང་བྱིན་པ་སྦོམ་མ་དང་། །གླང་ཆེན་མྱོས་པའི་སྟབས་སུ་འགྲོ། །སོར་མོ་རིང་ཞིང་ལུས་པོ་རིང་། །ནུ་མ་འཕྱང་ཞིང་སྐྲ་རྩུབ་ལ། །ལྟེ་བ་མཐོ་ཞིང་ནུ་མ་རྩུབ། །མིག་ནི་ཕྲ་ཞིང་སྦྲང་རྩི་སྲེད། །སྙན་པར་སྨྲ་ཞིང་སྐད་འཛེར་བ། །འདོད་
ལྡན་རོ་སྨད་མཆུ་སྦོམ་ཞིང་། །རྐང་མཐིལ་མཉམ་པར་གནས་པ་སྟེ། །ཆང་ལ་དགའ་ཞིང་དུས་རྟག་ཏུ། །ནོར་འདོད་གླང་པོ་ཅན་མ་སྟེ། །རྒྱས་པའི་སྦྱོར་བ་བརྩམ་པར་བྱ། །དུང་ཅན་མ་ནི་དུང་མདོག་དང་། །ཞིབ་མའི་གདོང་ཅན་བྱིན་པ་རིང་། །བྱ་རོག་སྐད་དང་བོང་བུ་དྲི། །སོ་སྦོམ་
སོར་མོ་རིང་བ་སྟེ། །སྐྲ་རྩུབ་ཡན་ལག་འཇམ་པ་དང་། །ལུས་བོང་མཐོ་ཞིང་མིག་ཆུང་མ། །མགྲིན་པ་ཕྲ་ཞིང་སོ་ཐག་ངན། །སྣ་མཐོ་མཆན་ཁུང་སྤུ་ཡོད་པ། །མཆུ་སྲབ་གདུགས་ཀྱི་རྣམ་པ་ཅན། །དུང་ཅན་མ་ནི་ཁྱིམ་ཐབ་གསོད། །དབང་གི་ལས་ལ་སྦྱར་བར་བྱ། །རི་མོ་ཅན་མ་རྟག་ཏུ་ནི། །རི་མོ་
ལ་དགའ་སྣ་ཚོགས་མདོག །སྣ་ཚོགས་གཟུགས་ཅན་ནུ་མ་འཕྱང་། །སེན་མོ་མཉེན་ཞིང་སྐད་ཆུང་ལ། །ལུས་བོང་ཆུང་ཞིང་བྱད་ཀྱང་ཆུང་། །སྒྲ་ངན་བྱ་རོག་རང་བཞིན་ཅན། །བྱ་རོག་སྒྲ་སྐད་ཤ་ལ་དགའ། །ཚིག་རྩུབ་འདོད་པའི་ནུས་དང་ལྡན། །ནག་པོའི་ལས་ལ་སྦྱར་བར་བྱ། །པདྨ་ཅན་ནི་ལྷ་
ཡི་རིགས། །གླང་པོ་ཅན་མ་གནོད་སྦྱིན་རྒྱུད། །དུང་ཅན་མ་ནི་མིར་ཤེས་བྱ། །རི་མོ་ཅན་མ་ཡི་དགས་རིགས། །བ་ཏ་པ་ཡ་ལྷ་ཡི་རིགས། །གདུགས་ཀྱི་དཔུང་པ་མགྲིན་པ་རིང་། །སོ་སྣང་བ་ལ་མཆུ་སྣུམ་ཞིང་། །མིག་ནི་པདྨ་ལྟར་དམར་བའི། །སྐྱེ་གནས་ཡངས་ཤིང་དབྲལ་བ་ཡི། །
Vol. 16 · folio 37b
དབྱེས་ཆེ་སྐྲ་སྣུམ་སེར་སྐྱའོ། །ལུས་པོ་རན་ཞིང་རིང་བ་ཡི། །སྣ་མཐོ་སྣ་ནི་རྣོ་བ་སྟེ། །ཡན་ལག་འཇམ་ཞིང་ལག་པའང་རིང་། །ངང་པའི་འགྲོས་ཅན་ངང་པའི་སྐད། །དྲི་དང་མེ་ཏོག་འོ་མ་སྲེད། །ལྷུག་པར་གཏོང་ཞིང་ལྷ་ལ་གུས། །བུད་མེད་དབང་ཕྱུག་རྣམས་ཀྱི་གཙོ། །ཉུང་ངུ་ཟ་
ཞིང་ནོར་དང་ལྡན། །རྒྱས་པའི་ལས་ལ་སྦྱར་བར་བྱ། །པི་ལ་པི་ནི་ནུ་རྒྱས་མ། །ལུས་བོང་མཐོ་ཞིང་བྱིན་པ་སྦོམ། །ངོ་ཚོན་མིག་ནི་ཕྲ་བ་སྟེ། །རྣ་བ་འཕྱང་ཞིང་སྐྲ་རྩུབ་པ། །བུང་བའི་སྐད་ལ་མཆུ་འཕྱང་མ། །ལུས་རྒྱས་ལྟོ་ནི་མང་དུ་ཟ། །འདོད་པ་ཆུང་ཞིང་རྟག་སྟོབས་ལྡན། །ཚོགས་
པ་ལ་དགའ་དཔུང་པ་འཕྱང་། །ཡན་ལག་རྩུབ་ཅིང་སྐྲ་རིང་བ། །སོ་སྣ་སེན་མོ་འཇམ་པ་སྟེ། །རྐང་པ་མཉམ་ཞིང་སྣ་རིང་ལ། །ལྟོ་ནི་བུམ་པ་ལྟར་སྦོམ་ཞིང་། །བུམ་པའི་འཕྱང་བ་ལ་མཛེས་པའི་བཞིན། །ཞི་དང་རྒྱས་ལའང་སྦྱར་བར་བྱ། །ཕུར་བུ་མ་ནི་མིག་གཡོ་ཞིང་། །འོག་མིག་
ཅན་ལ་གདོང་སྲབ་པ། །སོ་སྣང་ལུས་ཀྱི་ཤ་སྲབ་ཅིང་། །སྐྲ་ཆུ་འདོད་དྲག་ན་འབབ་པ། མགོ་སྐྱ་བུས་པ་ལྟར་འགྲོ་ཞིང་། །སྒུར་ཞིང་ལུས་བོང་ཆུང་བ་སྟེ། །ལག་པ་ཐུང་ཞིང་ནུ་མ་མཐོ། །སྨིན་སྦོམ་དཔྲལ་ཆུང་བྱིན་ཡང་སྦོམ། །དེ་ཡིས་རེག་ན་མི་འཚོ་སྟེ། །ཉེ་དུ་རྣམས་ནི་བརླག་
པར་བྱེད། །ནག་པོའི་ལས་ལ་སྦྱར་བར་བྱ། །བརྒྱད་པ་རི་དགས་མ་སྐལ་བཟང་། །ལྟོ་བ་ཆུང་ཞིང་རྐང་པ་ཆུང་། །རི་དགས་མགྲིན་པ་རི་དགས་མིག །སྐྲ་ནི་ཕྲ་ཞིང་སྣུམ་པ་སྟེ། །སོ་ཡང་སྲལ་མཆུ་སྣུམ་པ། །གཟུགས་མཛེས་ཐིག་ལེ་ལྟ་བུའི་བྱང་། །རེག་འཇམ་སྲེད་པ་མང་
དུ་སྨྲ། །སྒྲ་ནི་བྱ་རོག་སྐད་ལྟ་བུ། །རྟག་ཏུ་གཅེར་བུ་དབུལ་བ་ཡིན། །སེམས་རྩུབ་པ་ལ་སྡིག་ལ་དགའ། །སྐུར་འདེབས་མ་དེ་ཡི་དགས་རིགས། །དབང་གི་ལས་ལ་སྦྱར་བར་བྱ། །འདི་བརྒྱད་དུ་ནི་རབ་ཏུ་གྲགས། །ཐོད་པ་དང་དགྲ་སྟ་ལ་སོགས་པའི་མཚན་མ་བརྒྱད་ནི། ཇི་ལྟར་
བསྟན་པའི་རིགས་ཀྱི་གོ་རིམས་བཞིན་དུ་གཟུགས་ཅན་མ་ལ་སོགས་པའི་ཕྱག་དང་པོའི་མཚན་མའོ། །གཞན་གྱི་ཁ་ཊྭཱཾ་ག་དང་ཐོད་པ་ནས་ཁྲག་དང་ཁུ་བ་གསོལ་བའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་བཅུ་བདུན་པའི་རྣམ་པར་བཤད་
Vol. 16 · folio 38a
པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མཁའ་འགྲོ་མ་ཡི་གོ་འཕང་མཆོག །ཅེས་བྱ་བ་ལ་མཆོག་ནི་མང་པོའི་རིགས་ཏེ། མང་པོར་འགྱུར་བའི་རིགས་རྣམས་སོ། །གང་ཡང་གསུངས་པ། དམ་པའི་རིགས་ནི་རྣམ་པ་བརྒྱ། །ཞེས་པའོ། །རབ་ཏུ་
གནས་པས་ན་གོ་འཕང་སྟེ། །གང་གི་མཚན་ཉིད་གསུང་བ་དེ་ཉིད་ཀྱིས་ཡོངས་སུ་དག་པའོ། །དམ་ཚིག་ཅེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་རྗེས་སུ་འཇུག་པ་སྟེ། དེས་གནས་པའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་བཅོ་
བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཞེས་བྱ་བ་ནི་མདོག་དང་མཚན་མའི་རྗེས་སུའོ། །ལཱ་མ་ཞེས་བྱ་བ་ནི་ཡིད་དུ་འོང་བ་རེག་པ་ལ་སོགས་པའི་ཡོན་ཏན་གྱི་མཚན་ཉིད་དང་ལྡན་པ་སྟེ། ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པའོ། །
གང་གི་བཞིན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྲིན་མོ་ཞེས་བྱ་བ་ནི་སྦྱོར་བ་གཅིག་པའོ། །པདྨའི་ཕྱག་རྒྱ་ཞེས་བྱ་བ་ནི། ལག་པ་གཉིས་པདྨ་སྐོར་བར་སྦྱིན་པར་བྱའོ། །ཡང་ན་པདྨའི་ཕྱག་རྒྱ་ནི་པདྨའི་ཕྱག་རྒྱ་སྟེ། གང་དུ་ཇི་ལྟ་བར། ལངས་པའམ་ནི་སྟན་དག་ལ། །མདུན་
དུ་སྐལ་བཟང་བཞག་ནས་ནི། །པདྨ་རབ་ཏུ་རྒྱས་པར་བྱ། །མྱུར་དུ་གཉིས་གཉིས་སྦྱོར་བ་ཡིས། །མཁས་པས་རྡོ་རྗེས་རྒྱས་གདབ་བྱ། །རུས་སྦལ་གྱི་ཕྱག་རྒྱ་ནི་ལག་པ་གཉིས་ཐལ་མོ་སྦྱར་བའོ། །རུས་སྦལ་ཕྱག་རྒྱ་བྷ་གར་ནི། །ཐལ་མོ་བརྡེག་དང་ལྡན་རེག་བྱ། །ཕྱག་རྒྱ་སྔགས་
ཀྱི་སྦྱོར་བ་ཡིས། །ས་ཡིས་མ་མཆུ་བཙིར་བར་བྱེད། །མི་ཐུབ་རི་དགས་ལྤགས་པའོ། །ཡང་ན་འཇམ་ཞིང་མཚན་ཉིད་བཟང་། །མི་ཐུབ་སྟན་དུ་ཤེས་པར་བྱ། །སྤྱི་བླུགས་ཐོད་པ་ཞེས་བརྗོད་དེ། །ཡང་ན་སྤྱི་བླུགས་ལུས་སུ་བརྗོད། །ལག་གཉིས་མགྲིན་པར་དམ་
འཁྱུད་ནས། །ཇི་ལྟར་སྐྱིལ་ཀྲུང་བཅས་ནས་འཁྱུད། །ཇི་ལྟར་ཕྱག་རྒྱ་རྟོགས་འགྱུར་བ། །ཕྱག་རྒྱའི་ལན་དུ་བརྗོད་པ་ཡིན། །ཚེས་བཅུ་བཞི་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །ཡང་ན་ཚེས་བཅུ་བཞིའི་གནས་སྐབས་ཇི་ལྟར་རྙེད། པདྨ་རྣམ་པར་རྒྱས་ཤིང་འབར་དང་ལྡན། །
Vol. 16 · folio 38b
དཔལ་ལྡན་གང་གི་སེམས་ནི་གང་མཉམ་པ། །དེ་ནི་པདྨ་ཅན་གྱི་མཚན་ཉིད་ཡིན། །མཆུ་གཉིས་གློ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མདུང་ཞེས་བྱ་བ་ནི་སེར་མོ་གཅིག་བསྟན་པའི་ཕྱག་རྒྱ་སྦྱིན་པར་བྱའོ། །དེ་ནས་རྡོ་རྗེ་སྐྱིལ་ཀྲུང་གིས། །རང་གི་རྡོ་རྗེ་དེར་གནས་པའོ། །
གར་ཉིད་ཀྱང་ནི་བསྟན་པར་བྱ། །ཞེས་བྱ་བ་ནི། དམ་དུ་འཁྱུད་ནས་འོ་བྱེད་ཅིང་། །བྱེད་པས་བསྔམས་པའི་ཕྱག་རྒྱ་རྣམས། །རབ་ཏུ་བསྐོར་བ་བྱས་ནས་ནི། །གླང་ཆེན་མ་དང་བདེ་སྒྲུབ་མའོ། །བཅུ་བཞི་ཞེས་བྱ་བ་ནི་གོ་སླའོ། །ཅི་ནུས་པས་མཆོད་པར་བྱའོ་ཞེས་བྱ་བའོ། །དཔལ་
ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་བཅུ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ལག་པ་གཡོན་གྱི་བརྡ་རྣམས་ཏེ། །ཞེས་བྱ་བ་ལ་བརྡ་རྣམས་ཀྱི་གཉིས་ཀའི་རང་བཞིན་གཅིག་ཏུ་གྱུར་ནས་མིང་པོ་
དང་སྲིང་མོ་ལྟར་ཤིན་ཏུ་གདུང་བའི་དབང་དུ་གྱུར་ནས་བསྒོམ་པ་ཐམས་ཅད་བྱེད་དོ་ཞེས་བྱ་བའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་ཉི་ཤུ་པའི་རྣམ་པར་བཤད་པའོ།། །།དེ་ནས་གསང་བ་ཆེན་པོ་ནི། །མཚན་ཉིད་ང་
ཡིས་བཤད་པར་བྱ། །ཞེས་བྱ་བ་ལ་ང་ཡིས་ཞེས་བྱ་བ་ནི་རྡོ་རྗེ་འཆང་བས་ཏེ། སྙིང་རྗེ་ཆེན་པོའི་དབང་གིས་རྣལ་འབྱོར་པ་རྣམས་ཀྱི་ཐབས་གང་གིས་སྒྲུབ་པོ་འགྲུབ་པར་འགྱུར་བ་དེ་ཉིད་ནི་གསང་བ་ཆེན་པོའི་མཚན་ཉིད་དེ། །ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་
རོ། །བུད་གང་སྤྱི་གཙུག་རེག་བྱེད་པ། །ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་པ་སྟེ་གོ་སླའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་ཉི་ཤུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ནས་གཞན་ཡང་རབ་བཤད་པ། །
ཡན་ལག་ཕྱག་རྒྱའི་ཁྱད་པར་ནི། །ཞེས་བྱ་བ་ནི་འདིར་གསང་བ་ཆེན་པོའི་མཚན་ཉིད་དོ། །གཞན་ཞེས་བྱ་བ་ནི་དམ་པ་སྟེ། གང་གིས་རྣལ་འབྱོར་མ་རྣམས་མཉེས་པར་འགྱུར་བའོ། །ཁྱད་པར་ཞེས་བྱ་བ་ལ་ལག་པའི་སྤྱི་ལས་ཁྱད་པར་ནི་སོར་མོ་རྣམས་སོ། །གང་གིས་ཤེས་
Vol. 16 · folio 39a
པས་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་པའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་ཉི་ཤུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། སྒྲ་ཇི་བཞིན་པ་སྟེ་གོ་སླའོ། །གཞིར་ནི་
ས་གཞི་བྱས་ནས་སུ། །ཞེས་བྱ་བ་ནི་སྟན་ལས་ལྡང་བའོ། །མཆོད་ཅེས་བྱ་བ་ནི་དམ་པོར་འཁྱུད་དང་འོ་བྱ་བའོ། །སྨིན་མ་གཡོ་ཞེས་བྱ་བ་ནི། ཅུང་ཟད་ངོ་ཚ་བའི་ཕྱིར་རོ། །རྣལ་འགྱུར་བསྐོར་བ་ཞེས་བྱ་བ་ནི། ཕུལ་དུ་བྱུང་བའི་བདེ་བ་སྒྲུབ་པའི་དོན་གྱིས་བསྐོར་བ་ནི་བྱང་ཆུབ་ཀྱི་སེམས་
ལ་ཡོངས་སུ་བསྐོར་བ་སྟེ། སྲོག་དང་རྩོལ་བ་སྡོམ་པའི་འཁྲུལ་འཁོར་གྱིས་ཡང་དག་པར་ཕུལ་དུ་བྱུང་བའི་བདེ་བ་ཆེན་པོའི་ལྟེ་བའི་དཀྱིལ་འཁོར་དུ་འབར་བས་སྟོང་པ་དབུས་སུ་ཆུད་པའི་སྔགས་པས་འཇིག་རྟེན་གསུམ་པོ་དང་ལྷན་ཅིག་ཏུ་འདྲེ་བ་སྟེ། ས་དང་ཆུ་དང་རླུང་ཉིད་དང་། །
མེ་དང་ནམ་མཁའ་ཉིད་དང་ནི། །བདག་དང་གཞན་དུ་རྟག་ཚོར་དང་། །སྐད་ཅིག་དེ་ལ་ཀུན་མི་དམིགས། །དེའི་མོད་ལ་ལྡོག་འགྱུར་ཏེ། །བདག་གིས་བདེ་བ་ཉམས་སུ་མྱོང་། །ཞེས་སོ། །ཁྱིམ་དུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡང་ན། བྷ་གའི་དབུས་ཆུང་རྡོ་རྗེ་ནི། །ཤིན་ཏུ་
སྟོང་པར་བསྒོམས་པ་ནི། །ཐམས་ཅད་ནམ་མཁའ་དང་མཉམ་པའོ། །མ་རིག་ལ་སོགས་གློ་བུར་བ། །རྟོག་པའི་ཉེས་པ་རྟོག་ལས་བྱུང་། །རང་བཞིན་འོད་གསལ་རྣམ་དག་པ། །སེམས་ནི་མེ་ལོང་བཞིན་དུ་བལྟ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་
དག་པ་ནམ་མཁའ་མཚུངས། །རལ་གྲི་ཉོན་མོངས་གཅོད་བྱེད་པ། །སེམས་ཅན་དོན་བྱེད་རྣོ་བའོ། །བསོད་ནམས་ཀྱིས་འདེགས་རྒྱལ་མཚན་བཞིན། །མདུང་ཐུང་ཉོན་མོངས་འབིགས་བྱེད་པས། །སེམས་ནི་རྩེ་གཅིག་པ་ཉིད་དོ། །དེ་ཉིད་མེ་རྩེ་རྣལ་འབྱོར་པས། །ཁ་
སྦྱར་བདེ་བ་ཐོབ་པའོ། །མཚན་མའི་ཆ་བྱད་གསལ་ཞེས་བྱ། །ཞེས་བྱ་བ་ནི་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་དང་སྣ་ཚོགས་རྡོ་རྗེ་རྣམས་ནི་རྒྱལ་མཚན་དང་། མདུང་ཐུང་རྣམས་ཇི་ལྟ་བ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ཀྱི་དབྱེ་བས་རྡོ་རྗེ་དང་རྒྱལ་མཚན་དང་
Vol. 16 · folio 39b
རལ་གྲི་དང་མདུང་ཐུང་ནི་ནས་ཀྱི་འབྲུ་ཚད་ཙམ་མོ། །འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེ་རྣམས་ནི་སྲན་ཙ་ན་ཀའི་ཚད་ཙམ་སྟེ། མི་བསྐྱོད་པ་ལ་སོགས་པའི་རིམ་པས་ཇི་ལྟ་བ་བཞིན་རང་རང་གི་མཚན་མ་ཁ་དོག་ལྔ་པོའི་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོ་ཆུད་པ་ལ། སེམས་བརྟན་
པ་ཕྲ་མོའི་རྣལ་འབྱོར་སྒོམ་པ་ལས། རྣལ་འབྱོར་པས་ཕྱག་རྒྱའི་དངོས་གྲུབ་ཡིད་ཀྱི་རང་བཞིན་བཟང་པོ་འགྲུབ་པར་འགྱུར་རོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་ཉི་ཤུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ནས་གཞན་
ཡང་བརྡ་ཡི་སྐད། །ཅེས་བྱ་བ་ལ་ཡུལ་སྣ་ཚོགས་ཀྱི་ཁྱད་པར་གྱི་སྐད་ནི་བརྡ་ཞེས་བྱ་བ་ཀླ་ཀློ་སྟེ། རྣལ་འབྱོར་མ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །པྲོ་ཏཾ་གི་ཞེས་བྱ་བ་ནི་གསང་པོར་སྨྲ་བ་ཞེས་བྱ་བ་ལ་སོགས་པ་ནི། སྒྲ་ཇི་བཞིན་པ་ཉིད་ཀྱིས་ན་གོ་སླ་བ་སྟེ། གང་ཞིག་བརྡ་ཡི་སྐད་རྣམས་
ཤེས་པ་ནི། །འདིར་རྣལ་འབྱོར་པ་ཉིད་དུ་ཐེ་ཚོམ་མེད་དོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་ཉི་ཤུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ནས་དོན་ཀུན་འདོད་པ་ཡི། །སྦ་བྱ་བརྒྱད་མཐའ་སྦྱར་བྱས་ཏེ། །ཞེས་བྱ་བ་ལ་བརྒྱད་ཀྱི་
མཐའ་ནི་ཡི་གེ་ཧ་སྟེ། ཡི་གེ་ཨུ་དང་ཐིག་ལེར་བཅས་པའོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ། ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་ཉི་ཤུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །།དེ་ནས་གཞན་
ཡང་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་བདག་ཉིད་ཆེན་པོའོ། །ལུགས་འབྱུང་ལུགས་ལས་བཟློག་པ་ཡིས། །ཞེས་བྱ་བ་ནི་རྣལ་འབྱོར་གྱི་བསླབ་པའི་རིམ་པ་ལས་མ་འདས་པའོ། །འོག་དང་སྟེང་གི་དངོས་གྲུབ་སྟེ། །ཞེས་བྱ་བ་ལ་འོག་ནི་ས་འོག་ལ་སོགས་པ་གང་ཅི་ཡོད་པའོ། །
སྟེང་གིས་ཞེས་བྱ་བ་ནི་སྟེང་གི་དངོས་གྲུབ་སྟེ་ཕྱག་རྒྱ་ཆེན་པོའོ། །ཕོ་ཉ་དང་འདྲ་བར་གྱུར་པས་ན་ཕོ་ཉ་སྟེ་བྱང་ཆུབ་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དུ་ངེས་ཤིང་ཐམས་ཅད་དུ་གཉིས་སུ་མེད་པའི་དགའ་བའི་རང་བཞིན་གྱིས་ལེགས་པར་གནས་པའི་ཕོ་ཉའོ། །བདག་གི་ཕོ་
Vol. 16 · folio 40a
ཉ་མ་ཞེས་བྱ་བ་ནི་སྤྱོད་པའི་མཆོག་ལྷན་ཅིག་ཏུ་སྤྱོད་པའོ། །ཀུན་འགྲོ་ཞེས་བྱ་བ་ནི་སྐལ་བ་ལྡན་པའི་སེམས་ཅན་རྣམས་ཀྱི་དོན་བསྒྲུབ་པར་བྱ་བའི་ཕྱིར་འོ་བྱ་བ་དང་རབ་ཏུ་འཁྱུད་པ་ལ་སོགས་པ་ཐམས་ཅད་སྟེར་བས་སོ། །རྣལ་འབྱོར་གནས་ཀྱི་ཁྱད་པར་ཉིད། །
ཅེས་བྱ་བ་ལ། གནས་ནི་ས་རུ་རབ་ཏུ་བཤད། །པདྨའི་དཀྱིལ་འཁོར་གནས་སུ་གསུངས། །གཉིས་མེད་དགའ་བའི་རང་བཞིན་རྒྱལ། །བདེ་ཆེན་གང་དུ་གནས་པས་ན། །དེ་ཕྱིར་མཆོག་གི་པདྨ་གནས། །ཁུ་ཁྲག་འདྲེས་ཤིང་གང་བ་ནི། །ཁྱད་པར་དུ་ནི་འོ་བྱས་ནས། །ལྕེ་ཡིས་ཡང་
དག་དྲིལ་ནས་བླངས། །ཆང་འཐུང་རབ་ཏུ་དགའ་བ་ཡིས། །རྡོ་རྗེ་པདྨ་མཉམ་དགར་སྦྱར། །ཇི་སྙེད་རྣལ་འབྱོར་ཚོགས་རྣམས་ནི། །ཞེས་བྱ་བ་ལ་དགའ་བའི་བསྟན་བཅོས་ལས་བཤད་པའི་བྱེད་ལུགས་དེ་སྙེད་རྣམས་རྡོ་རྗེ་སེམས་དཔས་གསུངས་ཏེ། བྱང་ཆུབ་ཏུ་གྲུབ་པས་ཐ་མལ་
པའི་མཚན་ཉིད་ཀྱི་དབྱེ་བ་ཤེས་པར་བྱའོ། །དེ་ཉིད་ཀྱིས་ན། བདེན་ཅན་ཀུན་ལ་སྦྱིན་བྱ་ཡི། །གཞན་དུ་ནམ་ཡང་མ་ཡིན་ནོ། །ཞེས་གསུངས་སོ། །མ་དང་སྲིང་མོ་ཞེས་བྱ་བ་ལ་སོགས་པ་རྣམས་ནི་སྒྲ་ཇི་བཞིན་པའོ། །གང་ཞིག་རྟག་ཏུ་སྔགས་སྦྱིན་པ། །ཞེས་བྱ་བ་ནི་ཕྱག་རྒྱ་དེ་ཉིད་
དང་སྦྱོར་བས་ཤེས་རབ་ཡེ་ཤེས་སོ་ཞེས་བྱའོ། །རྙེད་དཀའི་དམ་ཚིག་ང་ཡིས་བཤད། །ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཧེ་རུ་ཀ་ལས་སྦྱོར་གཞན་མེད། །ཅེས་བྱ་བ་ནི་གང་ཞིག་བསྟན་པ་དེ་ཐམས་ཅད་ཧེ་རུ་ཀའི་སྦྱོར་བས་བྱའི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །
དེ་ཉིད་ཀྱིས་ན། སློབ་དཔོན་རྣལ་འབྱོར་མ་ཉིད་ཀྱི། །ཞེས་པ་སྟེ། རྣལ་འབྱོར་པ་རྣམས་ཀྱི་མ་ནི་རྣལ་འབྱོར་མའོ། །དེའི་ཕྱིར་བརྙས་མི་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་གཞན་དང་ཀུན་སྦྱོར་པས། །ཞེས་བྱ་བ་ལ། སྙིང་རྗེ་ཆེན་པོར་རབ་དགའ་བའི། །རྣལ་འབྱོར་
མཆོག་གི་ཐབས་སྤངས་ནས། །འདོད་ལྷའི་དངོས་གྲུབ་བསྒྲུབ་དོན་དུ། །རྣལ་འབྱོར་གཞན་ལ་བརྟེན་བྱས་པས། །གང་ཞིག་དངོས་གྲུབ་འདོད་གྱུར་པ། །དམུས་ལོང་བཞིན་དུ་རྣམ་པར་རྨོངས། །རྒྱལ་སྲིད་ལས་ཉམས་རྒྱལ་པོ་བཞིན། །ངེས་པར་སྡུག་བསྔལ་གྱིས་རྨོངས་
Vol. 16 · folio 40b
འགྱུར། །དམ་ཚིག་སྤྱོད་པའི་སྤྱོད་པ་བྱ། །ཞེས་བྱ་བ་ལ་སོགས་པ་སྣ་ཚོགས་པ་གསུངས་པ་སྟེ། རྣམ་པར་མི་རྟོག་སེམས་ཀྱིས་ནི། །རིགས་རྣམས་ཐམས་ཅད་མཉམ་པར་སྦྱར། །དབང་པོ་གཉིས་ནི་མཉམ་སྦྱོར་བས། །ཉན་པ་ལ་སོགས་དབང་པོ་ཀུན། །བསྲེ་ཞིང་བདེ་བར་
བསྡུ་བར་བྱ། །གཙོ་བོ་གང་དུ་སྤྱོད་པ་ཡི། །ཚངས་སྤྱོད་སྟོང་པ་ཉིད་དུ་འགྱུར། །བརྗེད་མེད་དྲན་པའི་སྤྱོད་པ་ཡིས། །བདེ་བ་རྟོགས་པར་བྱེད་པའི་གཞི། །རྫོགས་པའི་བྱང་ཆུབ་ལམ་དག་པའི། །དེ་ཉིད་བླ་ན་མེད་པ་ནི། །དམ་ཚིག་སྤྱོད་པ་རབ་ཏུ་གསུངས། །བྱང་ཆུབ་
བསྒྲུབ་ལ་གནས་པ་ཡི། །སྒྲུབ་པ་པོ་ཡིས་རྟག་ཞེས་བྱ། །རྒྱུད་ཀུན་གྱི་ནི་ཐུན་མོང་དུ། །ཞེས་བྱ་བ་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་མ་རྣམས་དང་། རྣལ་འབྱོར་བླ་མའི་རྒྱུད་ཆེན་པོའི་རང་བཞིན་དུ་བྱ་བའི་སྦྱོར་བ་དང་མཚུངས་པ་མ་ཡིན་ནོ། །མི་གཞོམ་
ཞེས་བྱ་བ་ནི། མཉམ་པའི་བདག་ཉིད་དུ་བལྟ་བར་མི་བྱ་སྟེ། རྒྱུད་དེ་དང་དེ་རྣམས་ནི་རྒྱུ་མ་ཡིན་པའི་ཕྱིར་རོ། །དམ་ཚིག་མི་སྤྱོད་ཤིན་ཏུ་སྦས། །གང་ལ་མི་སྦྱིན་མི་བྱ་སྟེ། །སྐལ་ལྡན་སེམས་ཅན་རྣམས་ལ་བཤད། །ཁ་ལ་སོགས་པ་བརྒྱ་པོ་འདི། །མོས་དང་དད་པས་
འཕེལ་བྱེད་པས། །ཞེས་བྱ་བ་ལ་འདོད་པའི་དོན་ཕུན་སུམ་ཚོགས་པ་ངེས་ཤིང་། བྱང་ཆུབ་ཀྱི་ལམ་ལ་ཐམས་ཅད་ལ་ཁྱབ་པས་ལེགས་པར་གནས་པའོ། །དད་པའི་ཉིད་ཀྱིས་ཞེས་བྱ་བ་ནི། ཆོས་རྣམས་དད་པས་གཟུང་བྱ་སྟེ། །ཤེས་རབ་ལྡན་པའི་དེ་ཉིད་རིག །ཅེས་པའོ། །
དེ་ཉིད་ཀྱིས་ན་བརྟག་པའི་རྒྱལ་པོ་གཉིས་པ་ལས་གསུངས་པ། ལག་པས་མ་ཡིན་དུང་པོར་མིན། །མཁས་པས་ལྕེ་ཡི་བླང་བྱ་སྟེ། །ཚེ་དང་ནད་མེད་འཕེལ་བྱེད་པས། །ཡང་དག་ཡེ་ཤེས་འབྱུང་བའི་རྒྱུ། །མཐེའུ་ཆུང་ཞེས་བྱ་བ་མཐེའུ་ཆུང་ནི་ཚིགས་དང་ལྡན་པ་སྟེ། ལོ་བཅུ་
གཅིག་པའི་བདག་ཉིད་བཟུང་ནས། ལྕེ་ཡིས་བླངས་ཏེ་ར་ས་ཡ་ནའི་དངོས་གྲུབ་བརྩམ་པ་ནི་བདེ་བ་ཆེན་པོ་འབྱུང་བའི་རྒྱུའོ། །སྒྲུབ་པ་པོ་ནི་གསུམ་དུ་གནས། ཞེས་བྱ་བ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་སོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་
Vol. 16 · folio 41a
ཐབས་ཀྱི་གླིང་གཞི་ལས་ལེའུ་ཉི་ཤུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །།དེ་ནས་དཔའ་བོ་སྤྱོད་བརྟུལ་ཞུགས། །ཞེས་བྱ་བ་ལ་ཀུན་ལ་སྤྱོད་པས་ན་སྤྱོད་པའོ། །བརྟུལ་ཞུགས་ནི་རུས་པའི་རྒྱན་ལ་སོགས་པའོ། །དཔའ་བོ་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །དེ་སུ་
ཞིག་ཅེ་ན། རྣལ་འབྱོར་མ་རྣམས་རབ་བསྒྲུབ་པ། །ཞེས་བྱ་བའོ། །མཚན་ཉིད་དབྱེ་བ་ཤེས་བྱས་ནས། །ཞེས་བྱ་བ་ལ། ཕུང་པོ་ཁམས་སོགས་མདོར་བསྡུས་ནས། །སྒྱུ་མ་ལྟ་བུར་ཤེས་པར་བྱ། །འཇིག་རྟེན་ཆོས་བརྒྱད་ཡོངས་ཤེས་ཤིང་། །དཔལ་ལྡན་སློབ་དཔོན་རྡོ་རྗེ་ཅན། །
ཀུན་གྱི་མགོན་ལ་ཕྱག་འཚལ་ནས། །བྱ་བ་བྱས་པའི་སློབ་དཔོན་གྱིས། །གསང་བའི་སྤྱོད་པ་བསྟེན་པར་བྱ། །འཁར་གསིལ་ལྷུང་བཟེད་ཆོས་གོས་དང་། །ཆུ་ཚགས་སྦྱངས་པའི་ཡོན་ཏན་གྱིས། །ཡན་ལག་ལུང་བཞིན་མི་སྤང་སྟེ། །ལུང་མ་རྟོགས་པའི་རྣལ་འབྱོར་པ། །
སངས་རྒྱས་མུ་སྟེགས་ཅན་དུ་འགྱུར། །ཤེས་རབ་ཕ་རོལ་ཕྱིན་དམིགས་པ། །ལྷག་པ་ཡི་ནི་ལྷ་གཅིག་ཉིད། །སྟོང་པའི་ཡེ་ཤེས་ཡང་དག་འབྱུང་། །གདུག་པ་ཐམས་ཅད་འཇིགས་བྱེད་པ། །སྔོན་བཞིན་དྲག་ཤུལ་རྣམ་འགྱུར་དཔལ། །འཇིགས་པ་དག་ཀྱང་འཇིགས་
པར་མཛད། །མཆེ་བ་རབ་ཏུ་གཙིགས་པ་པོ། །གཙུག་ན་ཟླ་བ་ཕྱེད་པ་ལ། །སྣ་ཚོགས་རྡོ་རྗེའི་རལ་པས་བརྒྱན། །ཐོད་པའི་ཕྲེང་བས་རྣམ་པར་ཀླུབས། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་ཤིང་། །སྟག་གི་པགས་པས་རྣམ་དཀྲིས་པ། །ཕྱེད་ཀྲུང་བཅས་པས་ཤིན་ཏུ་གནས། །
སྡང་བ་ཐམས་ཅད་འདུལ་མཛད་པ། །སྲེད་དང་རྨོངས་པ་ཕྲག་དོག་འགྱུར། །ཀཱ་ལ་རཱ་ཊི་འོག་ཏུ་མནན། །སྤྱན་གསུམ་ཞལ་བཞི་མགྲིན་པ་བཞི། །མཁའ་ལྟར་སྔོ་སྐྱ་སེར་དང་དམར། །སྟེང་གི་ཞལ་ནི་ལྗང་གུ་སྟེ། །རྡོ་རྗེ་དྲིལ་བུས་སྙོམས་འཇུག་ཅིང་། །ཕག་མོ་དང་ནི་གཉིས་མེད་དགའ། །
ཆོས་ཀྱི་འཁོར་ལོ་ཁར་གསིལ་སྣོད། །མདུང་དང་ཞགས་པ་ལྕགས་ཀྱུའི་ཕྱག །དེ་བཞིན་མགོ་དང་རྔེའུ་ཆུང་སྟེ། །ཕྱག་གཉིས་ན་ནི་ཆོས་གོས་སོ། །མི་ལྤགས་སྣམ་བུ་གཉིས་ཀྱིས་འཕྱར། །ཕག་མོ་མདོག་དམར་གཅེར་བུ་ལ། །སྤྱན་གསུམ་སྐྲ་ནི་གྲོལ་བ་སྟེ། །རྒྱན་རྣམས་ཐམས་
Vol. 16 · folio 41b
ཅད་རབ་འབར་བ། །གཡོན་པ་རོ་ཡི་ལྷུང་བཟེད་དེ། །གཡས་པ་རྔེའུ་ཆུང་ཆོས་དབྱངས་སྒྲོགས། །བྱིན་པ་གཉིས་ནི་མཉམ་འཁྱུད་ཅིང་། །སྙིང་རྗེ་དགའ་བའི་བདེ་བ་ཆེ། །ཤར་ལ་སོགས་པའི་འདབ་མ་ལ། །རྔོན་པ་མོ་དང་གདོལ་པ་ནི། །བཙོ་བླག་མཁན་དང་པུཀྐ་སཱི། །
ཤན་པ་མ་དང་རི་ཁྲོད་མ། །དེ་བཞིན་ཉ་བ་ཤ་ཝ་རི། །སེར་དང་སྔོ་དམར་དུད་ཁ་དང་། །སྐྱ་བོ་དང་ནི་དམར་དང་ལྗང་། །དེ་བཞིན་བརྒྱད་པ་དཀར་པོ་སྟེ། །ལུགས་སུ་འབྱུང་དང་ལུགས་ལས་བཟློག །བཞད་དང་ཞི་དང་སྙིང་རྗེ་དང་། །སྒེག་དང་རྔམ་དང་མི་སྡུག་པ། །དྲག་ཤུལ་
ཁྲོ་བོའི་ཉམས་དང་ལྡན། །ཁར་གསིལ་དང་ནི་ལྷུང་བཟེད་དང་། །རྔེའུ་ཆུང་དང་ཟངས་གྲི་ཕྱག །སྒོ་བཞིར་ཁྲོ་མོ་དགོད་པར་བྱ། །ཧེ་རུ་ཀ་ཡི་རང་སྣང་བ། །རྡོ་རྗེ་གཏུམ་མོ་རྡོ་རྗེའོ། །སྲིན་མོ་རྡོ་རྗེ་འཇིགས་བྱེད་མ། །དྲག་ཤུལ་གདུལ་དཀའ་ཀུན་གསོལ་མ། །ཐལ་བའི་
མདོག་དང་ལྗང་གུ་དང་། །དམར་དང་སྔོ་བ་དྲག་ཤུལ་འཇིགས། །ལྷུང་བཟེད་དང་ནི་ཁར་གསིལ་གཡོན། །ཆོས་ཀྱི་འཁོར་ལོ་རྔེའུ་ཆུང་གཡས། །ཕྲག་པའི་སྟེང་ན་ཆོས་གོས་འཕྱར། །ཀུན་ཀྱང་ཞལ་གཅིག་ཕྱག་བཞི་པ། །རྒྱན་རྣམས་ཀུན་གྱིས་རྣམ་པར་ཀླུབས། །རོ་སྟེང་
ཕྱེད་ཀྲུང་གར་གྱིས་ནི། །བཞུགས་ཤིང་སྐྲ་གྲོལ་གཅེར་བུའོ། །བསོད་སྙོམས་པ་དང་ཆོས་གོས་གསུམ། །ཕྱིས་མི་ལེན་དང་ཅོག་པུ་པ། །སྟན་གཅིག་པ་དང་བླ་གབ་མེད། །ཤིང་དྲུང་པ་དང་དགོན་པ་བ། །དུར་ཁྲོད་པ་དང་ཕྱག་དར་ཁྲོད། །ཕྱིང་པ་ཅན་དང་གཞི་
ཇི་བཞིན། །སྦྱངས་པའི་ཡོན་ཏན་བཅུ་གཉིས་པོ། །དེ་རྣམས་རྣམ་དག་རྣལ་འབྱོར་པ། །གསུང་རབ་ཡན་ལག་བཅུ་གཉིས་པའི། །ཆོས་ཀྱི་འདུལ་བའི་ཚུལ་ཁྲིམས་ཀྱིས། །རབ་ཏུ་མགུ་ཞིང་སྙིང་རྗེ་ཆེ། །དགའ་བའི་རབ་ཏུ་མཛེས་པའོ། །དེ་རྣམས་དང་ལྷན་ཅིག་སྤྱོད་
ཅིང་རྗེས་སུ་འདུག་པ་རྣམས་དང་བཅས་པ་དེས་ཡིད་དགའ་ཞིང་། རྡོ་རྗེ་བྱིན་གྱིས་བརླབ་པ་བྱས་ནས། ཕྱག་རྒྱ་ཆེན་པོའི་བདེ་བས་བཟླས་པ་བྱ་སྟེ། ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དམ་ཚིག་གི་ཁ་ཟས་ལ་ལོངས་སྤྱོད་ཅིང་།
Vol. 16 · folio 42a
སངས་རྒྱས་ཀྱི་སྤྱོད་པ་དང་། བརྟུལ་ཞུགས་བྷུ་སུ་ཀུའི་སྤྱོད་པའི་རིམ་པ་འདིས་སྤྱད་པར་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ་བྷུ་ཞེས་བྱ་བ་ནི་ཟ་བ་སྟེ། དེ་ཙམ་འབའ་ཞིག་རྗེས་སུ་དྲན་ཞིང་འདུ་འཛི་ཐམས་ཅད་ཡོངས་སུ་སྤངས་ནས། དཀའ་ཐུབ་དང་བསྙེན་གནས་
ལ་སོགས་པ་ཅུང་ཟད་ཙམ་ཡང་བསམ་པར་མི་བྱའོ། །སུ་ཞིག་ཅེས་བྱ་བ་ནི་གཉིད་ལོག་པ་མ་རིག་པས་ཉེ་བར་མཚོན་པ་འདི་དག་རྣམ་པར་ཤེས་པ་ཙམ་དུ་མངོན་དུ་བྱས་ལ་དགེ་བའི་རྣམ་པར་བསྙེན་པའོ། །དེ་ཅི་ཞེ་ན་སླར་ཡང་འཇུག་པར་བྱ་སྟེ། རང་བཞིན་གྱིས་འོད་གསལ་
བ་ཉིད་དུ་མངོན་དུ་བྱས་ཏེ། རང་བཞིན་གྱིས་དྲི་མ་མེད་པའི་ཕྱིར་རོ། །ཀུན་ཞེས་བྱ་བ་ནི་བཤང་བར་འགྲོ་བ་སྟེ། བཤང་གཅི་ཙམ་ཞིག་འདོར་བར་བྱེད་པའོ། །དེས་དེ་ཙམ་ཞིག་རྗེས་སུ་བསམས་ནས་འདུ་འཛི་ཡོངས་སུ་སྤངས་ནས། ལུས་དང་ཚོར་བ་དང་ཡུལ་དང་དབང་
པོའི་རང་བཞིན་རྣམ་པར་བསམ་པར་མི་བྱའོ། །ཡུལ་དང་ཡུལ་དུ་ཞེས་བྱ་བ་ལ་སོགས་པ་ལ་ངལ་ན་ཕྱི་རོལ་སོང་ནས་ཕོ་ཉའི་མཚན་ཉིད་ཉེ་བར་དཔྱད་ནས་སངས་རྒྱས་ཀྱི་བརྟུལ་ཞུགས་ལ་འཇུག་པར་བྱའོ། །ཕོ་ཉ་མོ་རྣམས་ལེགས་འདྲེས་པས། །ཕྱག་རྒྱ་ཆེན་པོའི་གོ་འཕང་
གིས། །བླ་མེད་མཆོག་གི་བྱང་ཆུབ་ནི། །འབད་པ་མེད་པར་ཐོབ་པར་འགྱུར། །མྱུར་བ་ཉིད་དུ་ཞེས་བྱ་བ་ནི། འོད་གསལ་ཡེ་ཤེས་དག་པར་འགྱུར། །རྟག་ཏུ་རྣལ་འབྱོར་པ་མཚན་བྱ། །བསམ་གཏན་འབྱོར་པ་འདི་ཡིས་ནི། །སེམས་ཀྱི་རིན་ཆེན་རྟག་འགྱུར་ན། །བྱིན་
གྱིས་རློབ་པར་བྱེད་འགྱུར་ཏེ། །སངས་རྒྱས་བྱང་ཆུབ་རབ་ཏུ་གནས། །ལོ་གྲངས་བཅུ་དྲུག་གཟུང་བྱ་སྟེ། །རྒྱན་རྣམས་ཀུན་གྱིས་རྣམ་པར་ཀླུབས། །བཞིན་བཟངས་མ་ནི་མིག་ཡངས་མ། །རྙེད་ནས་རིག་པའི་བརྟུལ་ཞུགས་སྤྱད། །བརྟུལ་ཞུགས་ཆེན་པོས་དུས་
བཞིར་ནི། །གསང་བའི་མཆོད་པ་རྟག་ཏུ་བྱ། །ཟླ་བ་དྲུག་གིས་དེ་དག་ཀུན། །འགྲུབ་འགྱུར་འདིར་ནི་གདོན་མི་ཟ། །ཟས་ལ་རྟག་ཏུ་སྤྱད་པར་བྱ། །ཞེས་བྱ་བ་ལ། ཕྱག་རྒྱ་ཆེ་ལ་ཞུགས་པ་ནི། །དེ་ནི་བཟའ་བ་ཀུན་འདུས་ཡིན། །རིགས་ཀུན་ལ་ནི་ཀུན་སྤྱོད་ཡིན། །རིགས་
Vol. 16 · folio 42b
གཅིག་ཉིད་དུ་བརྟག་པར་བྱ། །ཇི་ལྟར་མེ་ཡིས་གསེར་བསྲེགས་བཞིན། །དེ་བཞིན་སྔགས་ཀྱིས་ཁ་ཟས་བསྒྲུབ། །ཨོཾ་སརྦ་བཛྲ་ཀཱ་མི་ཎི་སརྦ་བྷཀྵ་ཤོ་དྷ་ཡ་གུ་ཧྱ་བཛྲི་ཎི་ཧཱུཾ་སྭཱ་ཧཱ། མི་འཆི་བཅུ་ཕྱེད་མར་དང་ནི། །སྦྲང་རྩིར་ལྷན་ཅིག་ལྡན་བྱས་ལ། །འཐུངས་ན་སྨན་གྱི་དམ་པ་
སྟེ། །རྒ་དང་འཆི་བ་རིང་དུ་སྤོང་། །གཞོན་ཞིང་ནད་མེད་དཔལ་དང་ལྡན། །གཟུགས་བཟངས་འདོད་ལྷ་འགྲོ་བའི་བདག །དེ་ཉིད་དབྱེར་མེད་དེ་ཡིས་ནི། །ཕོ་ཉ་མོ་གཉིས་བསྒྲུབ་པ་ལ། །ཞེས་བྱ་བ་ནི་དབང་བསྐུར་བའི་དོན་དུ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱག་
རྒྱ་གཉིས་ཕུན་སུམ་ཚོགས་པར་བྱ་སྟེ། གཅིག་ནི་གསང་བ་སྦྱིན་པའི་དོན་དུའོ། །གཉིས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དོན་དུ་སྟེ། འདི་ལྟར་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་དང་། གཉིས་པ་རྡོ་རྗེ་འཛིན་པ་ཆེན་པོའི་དབུགས་དབྱུང་བའི་རྗེས་སུ་གནང་བ་བྱིན་ལ། དེའི་རྗེས་སུ་
ཕོ་ཉ་གཅིག་པུ་སྦྱིན་པ་སྟེ། སློབ་དཔོན་བདག་ཉིད་ཆེན་པོ་ཉིད་ཀྱིས་བརྟུལ་ཞུགས་གཟུགས་ཀྱི་ཕྱག་རྒྱ་ཆེན་པོའི་དོན་བསྒྲུབ་པར་བྱའོ། །འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་ཡང་དག་པར་སྦྱིན་པ་གསང་བའི་གནས་ལས་བྱུང་བའི་བླ་མའི་མན་ངག་གི་
རིམ་པས་དབང་བསྐུར་བ་ཐོབ་པ་གསང་བ་འདི་སྟོན་པ་ནི་རྣལ་འབྱོར་མ་རྣམས་ཀྱིས་ཡང་དག་པར་གསུངས་པའི་ཡེ་ཤེས་ཡང་དག་རྫོགས་ལུས་སྐྱེས་ཞེས་བྱ་བ་ཇི་སྙེད་པའི་སངས་རྒྱས་ཐམས་ཅད་ཀྱིས་ཕྱག་བྱ་བར་འོས་པའོ་ཞེས་བྱའོ། །ནང་པར་སྔར་ལངས་ཞེས་བྱ་བ་ནི་
འོད་གསལ་བར་གྱུར་པ་ལས་སོ། །ཉིང་ལག་གིས་ནི་བསྟན་བཅོས་རྣམས། །ལུས་ལ་གནས་པ་ཀུན་ཏུ་སྤྱད། །ཅེས་བྱ་བ་ལ་ཡན་ལག་ཤིན་ཏུ་དམན་པས་ན་ཉིང་ལག་སྟེ། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་བདུད་རྩི་ལྔའོ། །བགེགས་ཐམས་ཅད་བསལ་བར་བྱ་བའི་ཕྱིར་རོ། །
ཀུན་ཏུ་སྤྱོད་པ་དང་བསོད་ནམས་དང་ཡེ་ཤེས་འཕེལ་བར་བྱ་བའི་ཕྱིར་རོ། །བསྟན་བཅོས་རྣམས་ནི་རྣལ་འབྱོར་གྱི་བསྟན་བཅོས་ཀྱི་མཚན་ཉིད་ཡིན་ལ་ཀུན་ཏུ་སྤྱོད་པ་རྣམས་ནི་ཀུན་སྤྱོད་དོ། །དག་བྱེད་བྱས་པ་ལུས་དང་ནི། །ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་བསྒོམ་པས་སོ། །དེ་ཡང་
Vol. 16 · folio 43a
རིམ་པ་འདིས་བདག་ཉིད་བསམ་པར་བྱ་སྟེ། གཟུགས་དང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཉིད་ནི། བྷྲཱུཾ་ཨཾ་ཧྲཱིཿཧོཿཧཱུཾ་ཞེས་བྱ་བས་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་
དང་། མི་བསྐྱོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་གྱུར་པ་ནི་དཔལ་ཧེ་རུ་ཀ་སྟེ་ཧི་ཡིས་སོ། །མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི། ཨོཾ་ཧཱུཾ་ཏྲཱཾ་ཨཱཾ་ཁཾ་ཧཾ་གིས་གཏི་མུག་དང་། ཞེ་སྡང་དང་། སེར་སྣ་དང་། འདོད་ཆགས་དང་། ཕྲག་དོག་
དང་། དབང་ཕྱུག་རྡོ་རྗེའོ། །ཛཿཧཱུཾ་བཾ་ཧོཿཁཾ་རཾ། གིས་ནི་གཟུགས་རྡོ་རྗེ་ལ་སོགས་པའོ། །ལཱཾ་མཱཾ་པཱཾ་ཏཱཾ་ཁཾ་གིས་ནི་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་རྣམས་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དང་། རྡོ་རྗེ་ཕག་མོ་རྣམས་སོ། །ཨོཾ་ཨཱཿཧཱུཾ་ཧཱུཾ་
གིས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་སེམས་དཔའ་རྣམས་སོ། །ཆོས་ཀྱི་འཁོར་ལོ་པདྨ་འདབ་མ་བརྒྱད་པ་ལ་བྷྲཱུཾ་ཨཾ་ཧྲཾ་ཁཾ་ཧཱུཾ་ཨཱ་ཨཱི་ཨཱུ་ཨེའོ། །ལོངས་སྤྱོད་པདྨ་འདབ་མ་བཅུ་དྲུག་པ་ལ། ཨོཾ་ཨཱ་ཨཱི་ཨཱུ་ཨེ་སྟེ་དབྱངས་ཡིག་ལྔའོ། །བདེ་བ་ཆེན་པོ་པདྨ་འདབ་མ་སུམ་ཅུ་
རྩ་གཉིས་པ་ལ་ཧཾ་ངོ་། །སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་པ་ལ་ནི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟེ་སྡེ་ཚན་བརྒྱད་ཀྱིས་བརྒྱན་པའོ། །གཡོན་དང་གཡས་པ་དང་། ཡི་གེ་ཀ་ལ་སོགས་པ་དབུས་སུ་སྦྱར་བར་བྱའོ། །པུ་ཛ་ཨོ་ཨ་གོ་རཱ་དེ་མ་ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི། བྲེ་གྲི་སཽ་སུ་
ན་སི་མ་ཀུ་དང་ཁཾ་པྲཾ་མཾ་ཙཾ་ཀཾ་པྲཾ་བིཾ་མཾ་སུཾ་བིཾ། ཨཾ་ཁཾ་བཾ་ལཾ་བཾ་དྲུཾ་ཨཾ་ཨེཾ་བཾ་མཾ་མཾ་བཾ་བཾ། སུཾ་སུཾ་ཤཾ། བཾ་སུཾ་མཾ་ཧཾ། པིཾ་ཁཾ་མཾ་ཙཾ་རཾ་ཁཾ་ཧཾ། སཾ་ཨཾ་ཙཾ་ཤྲིཾ་སུཾ་པཾ་མཾ། ནོཾ་ཙཾ་བཾ་མཾ། མགོ་བོ་དང་། སྤྱི་གཙུག་དང་། རྣ་བ་གཡས་པ་དང་། རྒྱབ་ལོགས་དང་། རྣ་བ་གཡོན་པ་དང་། སྨིན་
མའི་དབུས་དང་། མིག་གཉིས་དང་། དཔུང་པའི་རྩ་བ་གཉིས་དང་། མཆན་ཁུང་དག་དང་། ནུ་མ་གཉིས་དང་། ལྟེ་བ་དང་། སྣ་རྩེ་དང་། ཁ་དང་། མགྲིན་པ་དང་། སྙིང་ག་དང་། ཆུ་སོ་དང་། མཚན་དང་། བཤང་བའི་ལམ་དང་། བརླ་གཉིས་དང་། བྱིན་པ་གཉིས་དང་། སོར་
Vol. 16 · folio 43b
མོ་རྣམས་དང་། རྐང་པའི་བོལ་དང་། མཐེ་བོ་གཉིས་དང་། པུས་མོ་རུའོ། །སེན་མོ་དང་སོ་ནི་རབ་ཏུ་གཏུམ་མའོ། །སྒྲ་དང་སྤུ་ནི་གཏུམ་པའི་མིག་གོ། །པགས་པ་དང་དྲི་མ་ལ་ནི་འོད་ལྡན་མའོ། །ཤ་ལ་ནི་སྣ་ཆེན་མའོ། །རྒྱུས་པ་ལ་ནི་དཔའ་བོའི་བློ་མའོ། །རུས་པ་ལ་ནི་མིའུ་ཐུང་མའོ། །མཆིན་
པ་ལ་ནི་ལང་ཀའི་དབང་ཕྱུག་མའོ། །སྙིང་ལ་ནི་ལྗོན་འཁྲིལ་མའོ། །མིག་གཉིས་ལ་ནི་ས་སྲུང་མའོ། །མཁྲིས་པ་ལ་ནི་འཇིགས་བྱེད་ཆེན་མོའོ། །གློ་བ་ལ་ནི་ཀླུང་གི་ཤུགས་མའོ། །རྒྱུ་མ་ལ་ནི་ཆང་འཐུང་མའོ། །གཉེ་མ་ལ་ནི་ལྷ་མོ་སྔོ་བསངས་མའོ། །ལྟོ་བ་ལ་ནི་ཤིན་ཏུ་བཟང་
མེའོ། །ཆུ་སོ་ལ་ནི་རྟ་རྣ་མའོ། །མོདམས་བར་ལ་ནི་བྱའི་གདོང་པ་ཅན་ནོ། །བད་ཀན་ལ་ནི་འཁོར་ལོའི་ཤུགས་ཅན་མའོ། །རྣག་ལ་ནི་དུམ་སྐྱེས་མའོ། །ཁྲག་ལ་ནི་གླང་སྣ་མའོ། །རྡུལ་ལ་ནི་འཁོར་ལོའི་གོ་ཆ་མའོ། །ཚིལ་ལ་ནི་རབ་ཏུ་དཔའ་མོའོ། །མཆི་མ་ལ་ནི་སྟོབས་ཆེན་མའོ། །མཆིལ་
མལ་ནི་འཁོར་ལོས་སྒྱུར་བའོ། །སྣབས་ལ་ནི་བརྩོན་འགྲུས་ཆེན་མོ་སྟེ། དེ་ལྟར་མཁའ་འགྲོ་མ་ཐམས་ཅད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་སུ་རབ་ཏུ་གྲགས་པའོ། །བསྟན་བཅོས་ཅི་གསུངས་དོར་མི་བྱ། །ཞེས་བྱ་བ་ལ། བདུད་རྩི་རྣམས་ནི་སྨན་གྱི་མཆོག །མི་བསྐྱོད་བསྟེན་པས་
རྣལ་འབྱོར་པ། །ནད་རྣམས་ཐམས་ཅད་འཇོམས་པར་འགྱུར། །རྟག་པ་ཡི་ནི་གཟི་ཆེ་ཞིང་། །འོད་དཔག་མེད་པས་སྟོབས་ཆེ་ལ། །རྡོ་རྗེ་ཉི་མས་རྒས་པ་མེད། །གང་ཕྱིར་དོན་ཡོད་རྒྱལ་པོ་ཆེ། །སེམས་ཅན་ཀུན་ལུས་ལས་བྱུང་བ། །དོན་ཀུན་བསྒྲུབ་པ་དཔལ་དང་ལྡན། །སྦྱོར་
བ་དེ་ཡིས་མཉམ་ཉིད་འགྱུར། །མི་བསྐྱོད་འཐུང་བའི་རྣལ་འབྱོར་པ། །སྟོང་ཕྲག་ལྔར་ནི་འཚོ་བར་འགྱུར། །རྟག་པས་ཁྲི་ཕྲག་རབ་ཏུ་གསུངས། །བྱེ་བར་དོན་ཡོད་རྡོ་རྗེ་ཅན། །འོད་དཔག་མེད་ཀྱིས་ཚེ་མཐའ་མེད། །རྡོ་རྗེ་ཉི་མས་རྒས་པ་མེད། །འཁོར་བ་བསྒྲུབ་པའི་རྩ་བ་གཉིས། །
འདི་ཡིས་རྟེན་བྱེད་རྣལ་འབྱོར་པ། །ཀུན་དུ་བཟང་པོ་དང་མཉམ་འགྱུར། །དག་པར་བྱས་པའི་ལུས་ཀྱིས་ནི། །རྟག་ཏུ་སྔགས་ནི་བརྗོད་པར་བྱ། །ཞེས་བྱ་བ་ནི། ཨོཾ་ཨཱ་ནཱ་ནཱ་ས་མ་ཡ་ཤུདྡྷཿ སརྦ་དྷརྨཱ་ནཱ་ནཱ་ས་མ་ཡ་ཤུདྡྷོ྅ཧཾ། ཨོཾ་སྭ་བྷཱ་བ་ཤུདྡྷཿ སརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་
Vol. 16 · folio 44a
ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པའོ། །རྣལ་འབྱོར་གནས་རྣམས་ངེས་བསྟན་ཞིང་། །ཞེས་བྱ་བ་ནི་རང་གིས་དབང་བསྐུར་བའི་རྡོ་རྗེ་ཅན་ལའོ། །མཚོན་ཆ་རྣམས་ནི་བསྒོམ་མི་བྱ། །ཞེས་བྱ་བ་ནི་དམ་ཚིག་ཡོངས་སུ་བསྐྱང་པ་སྟེ། དེ་ཉིད་ནི་དེ་བཞིན་གཤེགས་
པའི་མཆོད་པ་ཆེན་པོའོ། །དམ་ཚིག་ཅན་གྱིས་ཁྲོ་མི་བྱ། །ཞེས་བྱ་བ་ནི་དག་པའི་ལམ་ལ་ལེགས་པར་གནས་པ་རྣམས་ལའོ། །མངོན་པར་བརྩོན་ལས་འདའ་མི་བྱ། །ཞེས་བྱ་བ་ནི་འཁོར་ལོ་སྡོམ་པར་དབང་བསྐུར་བའི་བླ་མ་དང་སློབ་མ་གཉིས་ལ་བརྙས་པ་མི་བྱ་བ་སྟེ། གང་
གི་ཕྱིར་ཕོ་ཉ་མོའི་བཀའ་ཐོབ་པའི་ཕྱིར། །བྱང་ཆུབ་ཏུ་སེམས་བསྐྱེད་ནས་བསོད་ནམས་ཀྱི་ཚོགས་བསྐལ་པ་དུ་མར་བསགས་པ་ཡང་དེའི་མོད་ལ་འཇོམས་པར་འགྱུར་རོ། །དེའི་དོན་ཞེས་བྱ་བ་ནི་བདུད་རྩི་ལྔའི་དོན་དུའོ། །མཚན་མོ་ཞེས་བྱ་བ་ནི་ཕྱག་རྒྱའི་མཆོད་པ་བྱ་བའོ། །
གནག་དང་ཞེས་བྱ་བ་ནི་ཧེ་རུ་ཀའི་གཟུགས་སུའོ། །དམར་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོར་རོ། །འགུལ་ཏོ་ཞེས་བྱ་བ་ནི་གསལ་ལོ། །བདེ་བ་འདོད་པས་བདེ་སྤྱོད་བྱ། །ཞེས་བྱ་བ་ནི་ཇི་ལྟར་ཐོས་པར་བདེ་བ་སྟེ། བདེ་བ་དེ་ཉིད་ཀྱི་རང་བཞིན་གྱིས་ཕྱོགས་བཅུར་གསལ་བར་བྱེད་པ་ནི།
འདི་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་མར་མེ་སྣང་བ་ཤིན་ཏུ་ཆགས་པའི་དགའ་བ་དང་ལྡན་པའི་རྣལ་འབྱོར་པས་ལྷན་ཅིག་སྐྱེས་པའི་སྙིང་རྗེ་ཆེན་པོ་ལ་སྤྱད་པར་བྱའོ། །རིགས་དང་རིགས་མིན་ཞེས་བྱ་བ་ལ་དཀྱིལ་འཁོར་ལ་སོགས་པའི་ཆོ་ག་དང་བསླབ་པ་ནི་དང་པོའི་ལས་
ཅན་སེམས་ཅན་ལ། །སྙིང་རྗེའི་རྒྱུ་ཡིས་གཟུང་བར་བྱ། །བསྒོམ་པ་ཡིས་ནི་བར་ཆད་ཅན། །སྲིད་པའི་འཆིང་དང་ལྡན་པ་བཞིན། །རྨོངས་པའི་མཆོག་ཏུ་གྱུར་པ་ཉིད། །དེ་བས་འཆིང་བ་སྤངས་གྱུར་ན། །ཚེ་འདི་ཉིད་ལ་གྲུབ་པར་འགྱུར། །དོན་དེ་ཉིད་ཀྱིས་ན། ཇི་ལྟར་
འདོད་པ་བཞིན་དུ་བྱ། །ཞེས་པའོ། །དེ་ལ། ཞལ་བཞིར་གསུངས་པ་གང་ཡིན་པ། །དགའ་བ་བཞི་ཡི་རང་བཞིན་གསུངས། །དགའ་ཀུན་རྫོགས་པའི་བྱང་ཆུབ་གཅིག །སྟོང་པའི་རང་བཞིན་ཉིད་ཀྱི་ཕྱིར། །ཞལ་གཅིག་ཏུ་ནི་རབ་ཏུ་གྲགས། །སྤྱན་གསུམ་སྲིད་པ་གསུམ་དུ་
Vol. 16 · folio 44b
ཤར། །ཐོག་མཐའ་མེད་པའི་ཆོས་རྣམས་ནི། །བེམས་པོའི་རང་བཞིན་ལས་བཟློག་པ། །རལ་པའི་དོན་དུ་རབ་ཏུ་གསུངས། །སྣ་ཚོགས་སེམས་ཅན་དོན་མཛད་པས། །སྣ་ཚོགས་རྡོ་རྗེས་མཚན་པ་ཡིན། །ཟླ་བ་བྱང་ཆུབ་སེམས་འགྱུར་བ། །བདེ་ཆེན་རང་བཞིན་འོད་གསལ་བའོ། །
སྲིད་པའི་ཡན་ལག་བཅུ་གཉིས་ཕྱིར། །བཅུ་གཉིས་ཕྱག་དང་མངོན་དུ་ལྡན། །ཡུལ་རྣམས་དང་ནི་དབང་པོ་རྣམས། །གཉིས་མེད་རྣམ་པའི་སྤྱོད་ཡུལ་གྱིས། །ཕྱག་རྣམས་མཚན་མས་མཚན་པ་ཡིན། །བྱང་ཆུབ་སེམས་ནི་རྡོ་རྗེར་འགྱུར། །ཤེས་རབ་དྲིལ་བུ་རབ་ཏུ་བརྗོད། །སྐུ་
གསུམ་དག་ཕྱིར་མདུང་རྩེ་གསུམ། །གླང་པོ་གཏི་མུག་དྲལ་པ་སྟེ། །དགྲ་སྟ་ཞེ་སྡང་གཅོད་བྱེད་པ། །ལུས་ངག་སེམས་ལས་ཡང་དག་བྱུང་། །ཞགས་པས་ཉེས་པ་འཆིང་བ་སྟེ། །ལུས་ཅན་མ་ལུས་མི་མཐུན་ཕྱོགས། །སེམས་ཅན་དོན་བྱེད་རྩོམ་པས་ན། །ཟངས་གྲི་ཤིན་ཏུ་
རྣོ་བའོ། །མགོ་བོ་ཚངས་པའི་རང་བཞིན་གྱིས། །ཁ་ཊྭཱཾ་སྟོང་པའི་རྣམ་པ་སྟེ། །ཅང་ཏེའུ་ཐབས་རྣམས་དག་པའོ། །རྟག་ཏུ་དགའ་བའི་རང་བཞིན་གྱིས། །ཆོས་ཀྱི་དབྱངས་སྒྲ་ཧཱུཾ་མཛད་པའོ། །ཐོད་པ་ནམ་མཁའི་དཀྱིལ་འཁོར་ཏེ། །སྙིང་རྗེ་རོ་ཡིས་ཡོངས་བཀང་བའོ། །གསོལ་བ་
དངོས་གྲུབ་རྒྱུ་ཡིན་ནོ། །མཆེ་བ་བཞི་ནི་མངོན་གྱུར་པ། །བདུད་བཞི་འཇོམས་པར་མཛད་པའོ། །འོད་ཟེར་འཁྲིགས་པས་འཁྲུག་ལྡན་པའི། །རྟག་ཏུ་ཚེས་ཀྱི་ཕྲེང་བ་གཉིས། །སྙིང་རྗེ་རོ་ཡིས་ཡོངས་བཀང་བས། །ཧ་ཧར་བཞད་པས་གསལ་མཛད་ཞལ། །ཉོན་མོངས་བདུད་
བཞི་བདག་ཉིད་པས། །མགོ་བོའི་དོ་ཤལ་གྱིས་བརྒྱན་བྱས། །སྟོང་ཉིད་དག་པའི་སྡིགས་མཛུབ་པོ། །ཕོ་ཉ་གཙང་སྦྲ་དང་པོ་ཡིན། །ཞེས་བྱ་བ་ནི་རྒྱལ་བ་ཐམས་ཅད་བདེ་བའི་རིན་ཆེན་གྱི་འབྱུང་གནས་ཀྱི་ཕྱིར་རོ། །ཞི་བ་ནི་བདུད་རྩི་དང་ཆང་ངོ་། །ཟས་གཅིག་པུ་ནི་
ཟ་བ་ཉིད། །ཅེས་བྱ་བ་ནི་གང་གི་ཕྱིར་རིགས་དུ་མ་ཉིད་རིགས་གཅིག་པས་ན་དབྱེ་བ་མི་སྐྱེ་བ་དེ་ལྟར་བྱའོ། །གཙང་སྦྲ་འདི་ནི་ཡང་དག་སྤྱད། །ཅེས་བྱ་བ་ནི་གོ་སླའོ། །རྣམ་དག་བདག་ཉིད་ཡེ་ཤེས་ཀྱིས། །ས་རྣམས་ཀྱང་ནི་ཐོབ་པར་འགྱུར། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་
Vol. 16 · folio 45a
པོ། །གང་ཡང་ཁ་ཅིག་བརྩོན་འགྲུས་གོ་འཕང་དམན་པས་ཐོབ་པར་མ་གྱུར་ན་ཡང་། སྦྲུལ་བཞིན་དུ་ལུས་འདི་ཡོངས་སུ་བཏང་ནས་གཙང་མའི་གནས་ལ་སོགས་པར་དེ་བཞིན་གཤེགས་པ་ལྟ་བུར་འཆིང་བ་ལས་གྲོལ་བར་འགྱུར་རོ། །ཡང་ན་མིའི་འཇིག་རྟེན་
དུ་སྐྱེས་ནས་ནི། ཆོས་ལྡན་རྒྱལ་པོར་འགྱུར་ཞེས་པ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རང་བཞིན་ལས་བྱུང་བས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འདྲ་བར་སེམས་ཅན་ཐམས་ཅད་ཉེ་བར་འཚོ་ཞིང་སེམས་ཅན་སྐྱོབ་པའི་སེམས་ཀྱིས་སྨོན་ལམ་བཏབ་པས་སྐྱེ་བ་དང་སྐྱེ་བར་བདེ་
བར་གཤེགས་པའི་རིགས་སུ་སྐྱེ་སྟེ། དཔལ་དང་ལྡན་པའི་ཤཱཀྱའི་མགོན་པོས། ཇི་ལྟར་གསུངས་པ་བཞིན་དུ་འགྱུར་རོ། །དེ་བས་ན། བཅའ་བ་བཏུང་བ་ལ་སོགས་ལྡན། །བདག་ཉིད་སངས་རྒྱས་ཀུན་སོགས་མཆོད། །ཅེས་པའོ། །རང་འདོད་པ་ཡི་ལས་རྣམས་ལ། །
དད་པས་གཏོར་མ་སྦྱིན་བར་བྱ། །ཞེས་བྱ་བ་ནི་ཞི་བ་དང་རྒྱས་པ་ལ་སོགས་པ་རྣམས་ལའོ། །མར་ངོ་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་པའོ། །མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པར་ཡང་དག་བསྡམས། །འདི་ནི་དཔྲལ་བའི་དབུས་སུ་རབ་བཞག་
ནས། །བསྐོར་ཞིང་བསྐོར་བས་ཀུན་དུ་བསྐོར་བར་བྱ། །སྔགས་འདི་བརྗོད་པར་བྱས་ལ། །ཨོཾ་ཨཱ་ར་ལླི་ཧོཿ། ཛཿཧཱུཾ་བཾ་ཧོཿ། བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭྃ་དྲྀ་ཤྱ་ཧོཿ དེ་ལྟར་ལན་གསུམ་བཞིར་བརྗོད་དོ། །གཅེར་བུ་སྤྱི་གཙུག་གྲོལ་འགྱུར་བས། །སྒྲུབ་པོས་གནས་ནི་མཐོན་པོ་རུ། །
ལྷོ་ཕྱོགས་ཁ་བལྟས་བཞག་ནས་ནི། །མཚན་མོ་ཕྱེད་ན་གཏོར་མ་བྱིན། །མཐོན་པོའི་གནས་ཞེས་བྱ་བ་ནི་རིའི་རྒྱལ་པོ་ལྷུན་པོའི་སྟེང་དུ་ལྷའི་དཀྱིལ་འཁོར་ཆེན་པོའི་སྦྱོར་བས་འབྱུང་པོ་ཐམས་ཅད་པའི་གཏོར་མ་སྦྱིན་པ་སྟེ། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་
རྣམ་པར་བརྒྱན། །རིམ་པ་ལྔ་ཡི་དབུས་སུ་ནི། །སྣ་ཚོགས་པདྨ་ཉི་དཀྱིལ་ལ། །རྡོ་རྗེ་སེམས་དཔའ་ཡོངས་གྱུར་ལས། །བདག་ཉིད་ཧེ་རུ་ཀར་བསྒོམ་བྱ། །རྟག་དང་ཆད་པའི་རྣམ་རྟོག་གིས། །འཇིགས་བྱེད་དུས་མཚན་འོག་ཏུ་བྱས། །གཡས་བརྐྱང་ཞབས་ཀྱི་སྦྱོར་བ་ཡིས། །
Vol. 16 · folio 45b
བདུད་རྣམས་ཐམས་ཅད་རབ་འཇོམས་པ། །སྐུ་མདོག་སྔོ་ཞིང་དྲག་ཆེན་པོ། །འཇིག་དུས་མེ་ལྟར་དྲག་ཤུལ་ཆེ། །སྤྱན་གསུམ་འཇིགས་ཤིང་རྔམ་པ་སྟེ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །སངས་རྒྱས་ལྔ་ཡིས་བྱིན་གྱིས་བརླབས། །སྣ་ཚོགས་རྡོ་རྗེས་རལ་པ་བཅིངས། །བྱང་ཆུབ་
ཟླ་བས་ཉེ་བར་མཛེས། །ཕྱག་རྒྱ་དྲུག་གིས་སྐུ་བརྒྱན་བྱས། །མཚན་རྣམས་ཀུན་གྱིས་མཚན་པ་སྟེ། །ཞལ་དྲུག་པ་ལ་བཅུ་དྲུག་ཕྱག །དཔའ་བ་མི་སྡུག་སྒེག་པ་དང་། །བཞད་དང་དྲག་ཤུལ་ལྗགས་འདྲིལ་ཞིང་། །སྔོ་དང་སེར་དང་དེ་བཞིན་དམར། །ལྗང་གུ་དང་ནི་དཀར་པོ་ཉིད། །
སྟེང་གི་ཞལ་ནི་ཆེར་དྲག་ཅིང་། །ནམ་མཁའི་ཆ་ལ་ལོངས་སྤྱོད་པ། །ཧ་ཧར་བཞད་དང་ཧཱུཾ་ཧཱུཾ་མཛད། །ཧི་ཧི་ཞེས་པས་འཇིགས་མཛད་པ། །ཧཱུཾ་ཧཱུཾ་མཛད་བཅས་ཕཊ་མཛད་པ། །ཡི་གེ་ཨོཾ་ཨོཾ་ཞེས་བརྗོད་ཅིང་། །རྡོ་རྗེ་དྲིལ་བུས་སྙོམས་འཇུག་པ། །ལྷ་མོའི་ནུ་མ་འཚིར་མཛད་པ། །དུས་
མཐའི་དྲག་པོ་འཇིགས་པ་ཡི། །པགས་པ་ན་བཟའ་བསྣམས་ཤིང་འཛིན། །ཐོད་པ་ཁ་ཊྭཱཾ་མདུང་རྩེ་གསུམ། །ཟངས་གྲི་དང་ནི་དགྲ་སྟ་དང་། །ལྕགས་ཀྱུ་ཞགས་པ་མགོ་དང་ནི། །ཅང་ཏེའུ་དེ་བཞིན་མདུང་ཐུང་ནི། །གཉིས་ཀྱིས་དྲ་བའི་ཕྱག་རྒྱ་ནི། །དཔྲལ་བའི་སྟེང་དུ་ལེགས་
གནས་པའི། །ཕག་མོའི་མདོག་དང་ཕྱག་ལ་སོགས་པ་ཡང་དེ་དང་འདྲ་བ་སྟེ། འོན་ཀྱང་པགས་པའི་གོས་སྤངས་ཤིང་། །མདའ་གཞུ་འཛིན་པའི་ལྷ་མོ་ཕྱག །ལྷ་མོའི་སྐྲ་གྲོལ་གཅེར་བུ་ལ། །དུམ་བུས་མཚན་པའི་སྐེ་རགས་ཅན། །བྱིན་པ་གཉིས་ནི་མཉམ་འཁྱུད་ནས། །
སྙིང་རྗེས་ཆགས་པའི་བདེ་བ་ཅན། །འགྲོ་དྲུག་སྲིད་པ་ཡང་དག་སྦྱོང་། །སེམས་ཅན་དོན་ལ་བརྩོན་པར་མཛད། །འདབ་མར་ཕོ་ཉ་བཞི་པོ་ནི། །ས་ལ་སོགས་པའི་རང་བཞིན་ཅན། །མཁའ་འགྲོ་མ་ལ་སོགས་པ་སྟེ། །སྔོ་དང་སེར་དང་དམར་དང་ལྗང་། །ཞལ་གཅིག་པ་ལ་ཕྱག་
བཞི་པ། །སྤྱན་གསུམ་གཅེར་བུ་སྐྲ་གྲོལ་བ། །བྲང་གི་ནུ་མ་རབ་རྒྱས་ཤིང་། །སྒེག་བཅས་རྣམ་པར་བཞད་པའི་ཞལ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །གཡོན་པས་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་དང་འབེབས་པ་ཡི་ཕྱག །དགུག་པ་དང་ནི་གཞུག་པ་དང་། །
Vol. 16 · folio 46a
བཅིང་དང་མཆོག་ཏུ་མཉེས་བྱེད་པའོ། །གཞན་གྱིས་གྲི་དང་ཐོད་པ་དང་། །ཁ་ཊྭཱཾ་ག་དང་ཅང་ཏེའུ་འཛིན། །གཡས་བརྐྱང་ཞབས་ཀྱིས་ལེགས་པར་བཞུགས། །སྙིང་རྗེས་ཆགས་པའི་མྱོས་ལྡན་ཡང་། །འཁྲུལ་བ་ཐམས་ཅད་རྣམ་པར་སྤངས། །མཚམས་
སུ་བུམ་པ་དང་ཐོད་པ། །བཟའ་བ་ཀུན་གྱིས་ཡོངས་བཀང་བ། །སྟེང་དུ་ཐོད་པ་བྱང་ཆུབ་ཀྱི། །འོ་མས་ཡོངས་སུ་བཀང་བའོ། །ལུས་ངག་ཡིད་གསུམ་བྱིན་བརླབས་ཤིང་། །ཡེ་ཤེས་སེམས་དཔའི་གོ་ཆ་གཉིས། །པུ་ལ་སོགས་པ་ཡང་དག་སྦྱར། །དབང་བསྐུར་ནས་ནི་མཆོད་
བྱ་སྟེ། །བཀའ་བཞིན་དུ་ནི་བསྟོད་བྱས་ལ། །ཤིང་གཅིག་དང་ནི་དུར་ཁྲོད་ལ་སོགས་པའི་གནས་སུ་ནི། ཇི་ལྟར་གསུངས་པའི་སྔགས་ཀྱི་རྗེས་སུ་འབྲངས་ནས། འཇིག་རྟེན་པ་ཐམས་ཅད་དང་། འཇིག་རྟེན་ལས་འདས་པའི་ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་ཞིང་སྐྱོང་
ལ་སོགས་པ་དགོད་པར་བྱ་སྟེ། དེ་ལ་རིམ་པ་འདི་ཡིན་ཏེ། །ཕག་མོ་དང་ནི་དགེ་མ་གཉིས། །གཞོན་ནུ་མ་དང་ཙཱ་མུཎྜཱི། །ཚངས་པ་དང་ནི་ཚོགས་བདག་མ། །ཁྱབ་འཇུག་དབང་པོ་རྒྱས་པར་བཤད། །རིམ་པ་གཉིས་པའི་འོ། །རིམ་པ་གསུམ་པ་ལ་ནི། དབང་པོ་གཤིན་རྗེ་ཆུ་ལྷ་
དང་། །གནོད་སྦྱིན་ཡི་དགས་གཙོ་མོ་དང་། །སྲེག་བྱེད་སྲིན་པོ་རླུང་གི་ལྷ། །རིམ་པ་བཞི་པ་ལ་ནི། ཉི་མ་ཟླ་བ་མིག་དམར་དང་། །གཟའ་ལྷག་དང་ནི་ཕུར་བུ་དང་། །པ་བ་སངས་དང་སྤེན་པ་དང་། །སྒྲ་གཅན་འཛིན་དང་རྒྱལ་མཚན་ནོ། །རིམ་པ་ལྔ་པ་ལ་ནི། ཚངས་པ་ཁྱབ་
འཇུག་དེ་བཞིན་དྲག །སྐེམ་བྱེད་ཉིད་ནི་སྒོ་བཞིར་རོ། །རིམ་པ་གཉིས་པའི་ཤར་ཕྱོགས་སུ། །ཧྲཱིཿཡིག་ལས་བྱུང་ལྷ་མོ་ནི། །ཕག་མོ་ཞེས་བྱ་ཕྱག་བཞི་པ། །མདའ་དང་གཞུ་དང་དེ་བཞིན་དུ། །རྒྱལ་མཚན་དང་ནི་ཐོད་པ་ཉིད། །མདོག་སྔོན་དྲག་མོ་ཆེན་མོ་སྟེ། །ཕག་གི་
གདོང་ཅན་འཇིགས་བྱེད་མ། །བྱང་དུ་ཕེཾ་གྱིས་དགེ་མ་ནི། །མདོག་དམར་དྲག་མོ་ཆེན་མོ་སྟེ། །ཐོད་པ་ཉིད་དང་ལྕགས་ཀྱུ་དང་། །ཁ་ཊྭཱཾ་ཅང་ཏེའུ་དེ་བཞིན་ནོ། །ནུབ་ཏུ་ཧི་ཡིས་གཞོན་ནུ་མ། །མདོག་སེར་པ་ལ་ཕྱག་བཞི་ན། །མདུང་རྩེ་གསུམ་དང་བ་དན་གསུམ། །གཞུ་དང་
Vol. 16 · folio 46b
མདའ་ནི་དེ་བཞིན་ནོ། །ལྷོ་རུ་ཧི་ཡིས་ཙཱ་མུཎྜཱི། །མདོག་སྔོ་བ་ལ་ཕྱག་བཞི་ན། །ཁ་ཊྭཱཾ་ཉིད་དང་ཐོད་པ་དང་། །དེ་བཞིན་རལ་གྲི་ཅང་ཏེའུའོ། །མེ་མཚམས་བཾ་གྱིས་ཚངས་པ་ནི། །སྐུ་མདོག་དཀར་མོ་ཕྱག་བཞི་ན། །ཚངས་པའི་སྐུ་དང་ཐོད་པ་ཉིད། །གཞུ་དང་མདའ་ནི་དེ་བཞིན་ནོ། །སྲིན་
པོར་གཾ་གིས་ཚོགས་བདག་མ། །མདོག་ལྗང་མའོ་ཕྱག་བཞི་ན། །མདུང་རྩེ་གསུམ་དང་ཐོད་པའི་ཕྱག །བགྲང་ཕྲེང་དང་ནི་ལ་དུའོ། །རླུང་དུ་བཾ་གྱིས་ཁྱབ་འཇུག་མ། །མདོག་སྔོན་མ་ལ་ཕྱག་བཞི་ན། །ཆང་དང་ཆུ་ཡི་ཐོད་པ་དང་། །ཞགས་པ་ཁ་ཊྭཱཾ་དེ་བཞིན་གཞན། །དབང་ལྡན་
ཨི་ཡིག་ལས་བྱུང་མ། །དབང་མོ་མདོག་སེར་ཕྱག་བཞི་ན། །རྡོ་རྗེ་མདུང་ཐུང་ཐོད་པ་དང་། །སྡིགས་མཛུབ་དང་ནི་ཞགས་པ་ཉིད། །ལྷ་མོ་ཐམས་ཅད་གྱེན་སྐྲ་འབར། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །མི་རོའི་སྟན་བཞུགས་སྤྱན་གསུམ་མ། །སྟག་གི་ལྤགས་པས་
རྐེད་པ་དཀྲིས། །རིམ་པ་གསུམ་པར། དབང་ལྡན་ཡཾ་གིས་གནོད་སྦྱིན་ནི། །ཁྱུ་མཆོག་སྟན་ལ་བཞུགས་པ་སྟེ། །མདོག་དཀར་བ་ལ་ཕྱག་བཞི་ན། །ཐོད་པ་དང་ནི་མདུང་རྩེ་གསུམ། །ཐལ་མོ་སྦྱར་ལ་གཞོལ་པའོ། །ཤར་དུ་ཨི་སྐྱེས་བརྒྱ་བྱིན་ནི། །གླང་པོའི་སྟན་ལ་བཞུགས་པ་སྟེ། །
མདོག་སེར་ཕྱག་ནི་བཞི་པ་ལ། །རྡོ་རྗེ་དང་ནི་ཐོད་པའི་ཕྱག །ཕྱག་གི་ཐལ་མོ་སྦྱར་བར་མཛད། །མེ་མཚམས་བཾ་གྱིས་དྲང་སྲོང་ནི། །མདོག་དམར་ཕྱག་བཞི་ར་སྐྱེས་ཞོན། །མེ་ཐབ་དང་ནི་ཐོད་པ་དང་། །སྐྲག་པས་ཐལ་མོ་སྦྱོར་ལ་བརྩོན། །ལྷོ་རུ་ཡཾ་གིས་ཉི་མའི་བུ། །མདོག་
སྔོ་ཕྱག་བཞི་མ་ཧེ་ཞོན། །དབྱུག་པ་ཐོད་པ་བསྣམས་པ་དང་། །སྐྲག་པས་ཐལ་མོ་སྦྱར་ལ་གཞོལ། །བདེན་བྲལ་རཾ་གྱིས་སྲིན་པོ་ནི། །མདོག་ལྗང་ཕྱག་བཞི་མི་རོ་ཞོན། །རལ་གྲི་དང་ནི་ཐོད་པ་ཐོགས། །སྐྲག་པས་ཐལ་མོ་སྦྱོར་ལ་བརྩོན། །ནུབ་ཏུ་བཾ་གྱིས་ཆུ་ཡི་བདག །མདོག་
དཀར་ཕྱག་བཞི་ཆུ་སྲིན་སྟན། །ཞགས་པ་དང་ནི་ཐོད་པ་ཐོགས། །སྐྲག་པས་ཐལ་མོ་སྦྱོར་ལ་གཞོལ། །རླུང་མཚམས་ཡཾ་གིས་རླུང་གི་བདག །དུད་ཁ་ཕྱག་བཞི་རི་དགས་ཞོན། །བ་དན་དང་ནི་ཐོད་པ་ཉིད། །དེ་བཞིན་ཐལ་མོ་སྦྱོར་ལ་བརྩོན། །བྱང་དུ་ཀུཾ་གིས་ཀུ་བེ་ར། །མདོག་སེར་
Vol. 16 · folio 47a
ཕྱག་བཞི་བུམ་པར་བཞུགས། །རིན་པོ་ཆེ་དང་ཐོད་པ་འཛིན། །ཐལ་མོ་སྦྱར་ལ་གཞོལ་བར་མཛད། །རིམ་པ་བཞི་པ་ལ་ནི། ཤར་དུ་ཉི་མ་མདོག་དམར་བ། །ཕྱག་གཉིས་ཀྱིས་ནི་པདྨ་འཛིན། །ཐལ་མོ་སྦྱོར་ལ་བརྩོན་པར་མཛད། །རྟ་བདུན་ལྡན་པའི་ཤིང་རྟ་ཞོན། །མེ་
མཚམས་སཾ་གིས་པ་བ་སངས། །ཁ་དོག་དཀར་པོ་འབར་བ་སྟེ། །གཡོན་པ་པད་སྟེངས་མེ་ནོར་བུ། །གཡས་པ་དེ་བཞིན་ཐོད་པ་སྟེ། །ཐལ་སྦྱར་བ་ལ་ར་སྐྱེས་ཞོན། །ལྷོ་རུ་ཨཾ་གིས་མིག་དམར་ནི། །མདོག་དམར་རོ་ཡི་གདན་ལ་གནས། །རལ་གྲི་དང་ནི་ཞགས་པ་འཛིན། །ཐལ་མོ་སྦྱོར་
ལ་གཞོལ་བར་བྱེད། །སྲིན་པོར་རཾ་གྱིས་སྒྲ་གཅན་འཛིན། །གཡས་པ་ཉི་མ་གཡོན་ཟླ་བ། །དུད་ཁ་ཐལ་མོ་སྦྱར་བྱས་ལ། །ལུས་ཕྱེད་རང་གི་སྟན་ལ་གནས། །ནུབ་ཏུ་སཾ་གིས་སྤེན་པ་སྔོ། །ཕྱག་གཉིས་ཐོད་པ་ཐོགས་པ་དང་། །ཐལ་མོ་སྦྱར་བ་བྱས་པའི་ཕྱག །མེ་ཡི་ཐབ་ཀྱི་སྟེང་དུ་
ནི། །མེ་བཞིན་འབར་བས་གནས་པའོ། །རླུང་དུ་ཤཾ་གིས་ཟླ་བ་དཀར། །གཡོན་དུ་པདྨ་ཟླ་ནོར་བུ། །གཡས་པ་པདྨའི་སྟེང་དུ་ཟླ། །ཐལ་མོ་སྦྱར་བྱས་ངང་པ་ཞོན། །བྱང་དུ་བཾ་གིས་ཕུར་བུ་སེར། །གཡོན་དུ་རིལ་པ་སྤྱི་བླུགས་ཏེ། །གཡས་སུ་དེ་བཞིན་ཐོད་པའོ། །ཐལ་སྦྱར་རིན་
ཆེན་སྟན་ལ་གནས། །དབང་ལྡན་བུཾ་གྱིས་གཟའ་ལག་དཀར། །གཡས་པ་ན་ནི་རིན་ཆེན་མདའ། །གཡོན་པ་ན་ནི་ཐོད་པའོ། །ཐལ་སྦྱར་བུམ་པའི་སྟན་ལ་གནས། །ཀཾ་གིས་རྒྱལ་མཚན་སྦྲུལ་གཟུགས་དམར། །ཕྱག་གཉིས་རལ་གྲི་ཐལ་སྦྱར་བ། །དེ་བཞིན་རྒྱུ་སྐར་རྣམས་བུད་
མེད་ཀྱི་གཟུགས་ཅན་ཏེ། །ཐ་སྐར་ནི་དཀར་བའོ། །བྲ་ཉེ་ནི་ལྗང་གུའོ། །སྨིན་དྲུག་ནི་སྔོ་བསངས་སོ། །སྣར་མ་ནི་དམར་སྐྱའོ། །མགོ་ནི་སྔོན་པོའོ། །ལག་ནི་སེར་པོའོ། །ནབ་སོ་ནི་སེར་པོའོ། །རྒྱལ་ནི་སྔོ་བསངས་སོ། །སྐག་ནི་དཀར་པོའོ། །མཆུ་ནི་སེར་པོའོ། །བྲེ་ནི་ལྗང་སེར་
རོ། །དབོ་ནི་ལྗང་གུའོ། །མེ་བཞི་ནི་དཀར་པོའོ། །ནག་པ་ནི་ལྗང་གུའོ། །ས་རི་ནི་སེར་པོའོ། །ས་ག་ནི་སྔོན་པོའོ། །ལྷ་མཚམས་ནི་སྔོ་བསངས་སོ། །སྣྲོན་ནི་སེར་པོའོ། །སྣྲུབས་ནི་ལྗང་གུའོ། །ཆུ་སྟོད་ནི་སྔོན་པོའོ། །ཆུ་སྨད་ནི་དཀར་པོའོ། །གྲོ་ཞུན་ནི་སྐྱ་བོའོ། །བྱི་བཞིན་ནི་སྔོ་བསངས་
Vol. 16 · folio 47b
སོ། །མོན་གྲུ་ནི་སྔོན་པོའོ། །མོན་གྲེ་ནི་སེར་པོའོ། །ཁྲུམས་སྟོད་ནི་ལྗང་གུའོ། །ཁྲུམས་སྨད་ནི་སེར་པོའོ། །ནམ་གྲུ་ནི་སེར་སྐྱའོ། །ཐམས་ཅད་ནི་གསེར་གྱི་སྟོད་གཡོགས་ཅན་ལ་ཐལ་མོ་སྦྱར་བར་བསམ་མོ། །རིམ་པ་ལྔ་པར་ནི། ཤར་སྒོར་བཾ་ལས་ཚངས་པ་ནི། །མདོག་དཀར་ཞལ་
བཞི་ཕྱག་བཞི་པའོ། །ཐོད་པ་དང་ནི་བགྲང་ཕྲེང་དང་། །སྤྱི་བླུགས་དང་ནི་པདྨ་ཉིད། །བྱང་སྒོར་བིཾ་ལས་སྐྱེས་པ་ཡི། །ཁྱབ་འཇུག་ཅེས་བྱ་ཕྱག་བཞི་པ། །མདུང་དང་དེ་བཞིན་འཁོར་ལོ་དང་། །ཐོད་པ་ཉིད་དང་དབྱུག་པའོ། །ནུབ་ཏུ་སཾ་ལས་དྲག་པོ་ནི། །དུད་པའི་མདོག་ལ་ཕྱག་
བཞི་པ། །མདུང་རྩེ་གསུམ་དང་ཐོད་པ་ཉིད། །དེ་བཞིན་ཞགས་པ་བགྲང་ཕྲེང་འཛིན། །ལྷོ་རུ་ཀཾ་ལས་སྐེམ་བྱེད་ནི། །མདོག་སེར་ཕྱག་ནི་བཞི་པ་ལ། །མདུང་ཐུང་དབྱུག་པ་ཐོད་པ་དང་། །དེ་བཞིན་བགྲང་ཕྲེང་འཛིན་པའོ། །དེ་དག་ཀུན་ཀྱང་བུ་དང་བུ་མོ་ལ་སོགས་པའི་འཁོར་དང་བཅས་
ཤིང་། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པའོ། །ཡང་དཀྱིལ་འཁོར་ཆེན་པོའི་དེ་ཉིད་ཀྱི་སའི་དབུས་སུ། ཤར་དུ་རུ་དྲ་ནག་པོ་སྟེ། །བྱང་དུ་རུ་དྲ་ཆེན་པོའོ། །ནུབ་ཏུ་ལྷ་སྦྱིན་ཞེས་བྱ་བ། །ལྷོ་རུ་དེ་བཞིན་ནག་པོའོ། །དབང་ལྡན་དུ་ནི་གཙིགས་པ་སྟེ། །མེ་མཚམས་སུ་ནི་མི་སྡུག་
པའོ། །བདེན་བྲལ་དགའ་ལས་འདས་པ་སྟེ། །རླུང་མཚམས་སུ་ནི་ལོག་འདྲེན་ནོ། །དེ་ཀུན་ཞལ་གཅིག་སྤྱན་གསུམ་པ། །ཕྱག་བཞི་གྲི་དང་ཐོད་པ་དང་། །ཁ་ཊྭཱཾ་མདུང་རྩེ་གསུམ་པའི་ཕྱག །གནག་དང་སེར་དང་དམར་དང་ལྗང་། །མཚམས་ན་གནས་པ་རྣམས་ནི་ཡིད་འཕྲོག་པ་
གཟུགས་གཉིས་པའོ། །རུ་དྲ་ནག་པོའི་མདུན་དུ་ནི་ཙཱ་མུཎྜཱིའོ། །གཡོན་དུ་ནི་དྲག་མོའོ། །རྒྱབ་ཏུ་མི་སྡུག་མའོ། །གཡས་སུ་དཀའ་བཟློག་ལྷ་མོའོ། །དེ་དག་ནི་མཁའ་འགྲོ་མའི་གདོང་ཅན་ཕྱག་གཉིས་མཆོད་པ་ལྔས་གང་བའི་ཐོད་པ་བསྣམས་པའོ། །རུ་དྲ་ཆེན་པོའི་མདུན་དུ་ནི། །
རྒྱལ་མ་དང་། རྣམ་རྒྱལ་མ་དང་། མི་ཐུབ་མ་དང་། གཞན་གྱིས་མི་ཐུབ་མ་རྣམས་ཏེ། བཅའ་བ་དང་བཏུང་བ་འཛིན་པ། ལཱ་མའི་མདོག་ཅན་ནོ། །ནུབ་ཏུ་ལྷ་སྦྱིན་གྱི་བཙུན་མོ། ནག་མོ་བཟང་མོ་དང་། ནག་མོ་ཆེན་མོ་དང་། ནག་མོ་སྦོམ་མོ་དང་། རྣལ་འབྱོར་མ་རྣམས་ཏེ། ཁཎྜ་རོ་ཧའི་
Vol. 16 · folio 48a
མདོག་ཅན་ཕྱག་ན་མཆོད་པ་ལྔས་བཀང་བའོ། །ལྷོ་རུ་ནག་པོའི་བཙུན་མོ་དབང་པོ་དང་། ཟླ་བ་མོ་དང་དྲག་མོ་དང་ལྡན་མ་རྣམས་ཏེ། གཟུགས་ཅན་མའི་མདོག་ཅན་ཕྱག་ན་བཟའ་བཏུང་ཐོགས་པའོ། །དབང་ལྡན་དུ་ནི་གཙིགས་པའི་བཙུན་མོ་འཕྱང་མ་དང་། ལྷའི་དབང་
ཕྱུག་མ་དང་། །དུང་ཅན་མ་དང་། མར་མེ་མ་རྣམས་ཏེ། ཙཱ་མུཎྜཱིའི་མདོག་ཅན་ཕྱག་ན་བཟའ་བཏུང་ཐོགས་པའོ། །མེ་མཚམས་སུ་ནི་མི་སྡུག་པའི་གཟུགས་དང་། གྲོང་ཁྱེར་དུ་གནས་པའི་རྣལ་འབྱོར་མ་དང་། དྲག་པོའི་གཟུགས་ཅན་མ་དང་། གཟུགས་ཆེན་མོ་སྟེ། དབང་མོའི་མདོག་
ཅན་སྔོན་དུ་བསྟན་པ་བཞིན་དུ་ཕྱག་ན་སྟོན་མོ་ཐོགས་པ། བདེན་བྲལ་དུ་དགའ་བ་ལས་འདས་པའི་ཆུང་མ་མཆེ་བའི་གཟུགས་དང་། གཙིགས་མ་དང་ཐོད་པའི་ཕྲེང་བ་ཅན་མ་གཤིན་རྗེའི་ཁ་ཊྭཱཾ་ག་འཕྱར་བའོ། །ནག་མོ་བཟང་བའི་མདོག་ཅན་བཟའ་བ་དང་བཏུང་བ་ལག་ན་ཐོགས་པའོ། །
རླུང་དུ་ལོག་འདྲེན་གྱི་ཆུང་མ་ལག་ན་རལ་གྲི་དང་དགྲ་སྟ་མ་དང་། ལག་ན་རྡོ་རྗེ་མ་དང་། ལག་ན་པདྨ་ཅན་མ་རྣམས་ཏེ། རྒྱལ་མ་ལ་སོགས་པའི་མདོག་ཅན་ལག་ན་བཟའ་བ་དང་བཏུང་བ་ལ་སོགས་པ་ཐོགས་པའོ། །ཡང་ཤར་ཕྱོགས་ཀྱི་རྟ་བབས་ཀྱི་མདུན་གྱི་དུར་ཁྲོད་དུ་འཇིགས་
བྱེད་ཐོད་ཕྲེང་ཅན་དང་སྲིན་པོ་དང་ཚོགས་ཀྱི་དབང་ཕྱུག་དང་དྲིལ་རྣ་སྟེ། བཞི་པོ་དེ་དག་ཆུང་མ་དང་བཅས་ཤིང་མཁའ་འགྲོ་མའི་མདོག་ཅན་ནོ། །བྱང་གི་དུར་ཁྲོད་དུ་ནི་གཏུམ་པའི་དབང་ཕྱུག་དང་། ཛ་ཡིག་རྔམ་དང་རྐེད་པའི་རུ་དྲ་དང་། སྦོམ་པའི་དབང་ཕྱུག་ཆུང་མ་དང་བཅས་པ་ལཱ་
མའི་མདོག་ཅན་ནོ། །ནུབ་ཕྱོགས་ཀྱི་དུར་ཁྲོད་དུ་ཌ་མ་ར་དང་འདམ་ཀ་དང་ཕེག་དང་འཇིགས་སུ་རུང་བ་རྣམས་ཆུང་མ་དང་བཅས་པ་ཁཎྜ་རོ་ཧཱའི་མདོག་ཅན་ནོ། །ལྷོ་ཕྱོགས་ཀྱི་དུར་ཁྲོད་དུ་ནི་སྐུའི་དབང་ཕྱུག་དང་། སྒྲ་ཆེན་དང་མཆེ་བ་གཙིགས་པ་དང་མདའ་འཛིན་ཞེས་བྱ་བ་རྣམས་ཆུང་མ་དང་
བཅས་པ་གཟུགས་ཅན་མའི་མདོག་གོ། །དེ་དག་ཐམས་ཅད་ཀྱང་ཞལ་གཅིག་པ་ཕྱག་བཞི་པ་ཁ་ཊྭཱཾ་ག་དང་ཐོད་པ་དང་། མདུང་རྩེ་གསུམ་པ་དང་ལྷ་མོ་ལ་འཁྱུད་པ་སྟེ། སྔར་བསྟན་པའི་ཤིང་བརྒྱད་ལ་ཡང་གནས་པར་བལྟ་བར་བྱའོ། །དེ་དག་ཐམས་ཅད་འཇིག་རྟེན་གསུམ་ན་གྲུབ་པ་
Vol. 16 · folio 48b
དང་རིག་པ་འཛིན་པ་དང་། ལྷའི་བུ་མོ་དང་མི་ལ་སོགས་པ་རྣམས་ཀྱིས་ཕྱོགས་བཞིར་ཀུན་དུ་མདུན་དུ་བདར་བ། ཡི་དགས་ཤ་ཟ་ལ་སོགས་པ་འདུ་བ། ཀི་ལི་ཀི་ལིའི་སྒྲ་སྒྲོགས་པར་ཡིད་ཀྱིས་བལྟ་བར་བྱ་ཞིང་། །སྒྲུབ་པ་པོ་ལ་ཡང་མཆོག་སྟེར་བས་མངོན་པར་ཕྱོགས་པ། རང་གི་མིང་གི་ཡི་
གེ་སྙིང་གར་དགོད་ཅིང་ལུས་ངག་ཡིད་གསུམ། ཨོཾ་ཨཱཿཧཱུཾ་དང་བཅས་པས་རིགས་གསུམ་ལས་བྱུང་བའོ། །དེ་ནས་ཆོ་ག་བཞིན་དུ་བསང་གཏོར་དང་ཞབས་བསིལ་བྱིན་ལ་དམ་ཚིག་དང་མཉམ་པའི་སྦྱོར་བས། རང་གི་འཁོར་ལོ་ལ་ཁ་ཟས་དབུལ་བར་བྱ་སྟེ། ཕྱག་འཚལ་དབུས་སུ་ཨ་
དང་ལྡན། །ཡི་གེ་ཧཱུཾ་བྱས་སྦར་བ་ཡིས། །ཡི་གེ་ཧྲཱིཿལས་མེ་འབར་བ། །ཇི་སྲིད་བྱ་བ་རྫོགས་བར་དུ། །རྡོ་རྗེ་ཐལ་མོ་གྱེན་ཁ་དབྱེ། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཁ་ཁ་ཁཱ་ཧི་ལ་སོགས་པའི་སྔགས་ཀྱིས་མེ་ཏོག་དང་བདུག་པ་དང་བྱུག་པ་ལ་སོགས་པས་མཆོད་དོ། །དེ་ནས་
སེམས་ཡང་དག་པར་མཉེས་ནས་མཆོག་སྟེར་བར་འགྱུར་རོ། །གཙོ་བོར་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ལ་རྣམ་པར་གནས་པར་བསམ་མོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་ཉི་ཤུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།
དེ་ནས་མཆོད་པ་རྣམ་དག་བདག །ཅེས་བྱ་བ་ལ། རྣམ་དག་ཅེས་བྱ་བ་ནི་དངོས་པོ་ཐམས་ཅད་ལས་སོ་སོ་མ་ཡིན་པ་ཉིད་དེ། གཉིས་སུ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་འོད་གསལ་བའོ། །དེ་ཉིད་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ། །དེ་ལས་ངེས་པར་བྱུང་བ་ནི་དཔའ་བོའོ་ཞེས་བྱ་བ་
ལ་སྲིད་པ་དང་ཞི་བ་དག་ལ་མི་གནས་པའི་ཕྱིར་ཏེ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་སུ་སྤྱོད་པ་སྟེ། ཚོགས་མ་ལུས་པ་བསགས་པ་ལས་ངེས་པར་འབྱུང་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཚོགས་སྤྲོས་ནས་སེམས་ཅན་གྱི་དོན་བྱེད་པའི་མཚན་
ཉིད་ནི་སྤྲུལ་པའི་སྐུ་ཞེས་བྱ་བ་སྟེ། དེའི་ངོ་བོ་ཉིད་ཀྱི་བདག་ཉིད་ཀྱིས་བདག་ཉིད་མཆོད་པར་བྱ་བ་ནི་རང་གི་ལྷའི་སྦྱོར་བ་ཡིས་ཇི་ལྟར་སྦྱོར་བས་སོ། །སྤུན་དང་སྡུག་པའང་མཆོད་པར་བྱ་སྟེ་ཞེས་བྱ་བ་ནི་ལྷན་ཅིག་ཏུ་མཉམ་པ་དང་བསམ་པ་དག་པ་དང་ངེས་པར་སྦྱོར་བ་དང་གཅིག་ཏུ་བྱས་པའོ། །
Vol. 16 · folio 49a
འང་གི་སྒྲས་ནི་རྣལ་འབྱོར་མ་ངེས་པར་བཟུང་སྟེ། གང་གི་ཕྱིར་དེ་རྣམས་མ་གཏོགས་པར་དེའི་ཕུན་སུམ་ཚོགས་པར་མི་འགྱུར་རོ། །དེ་ཉིད་ཀྱིས་ན་ངེས་པར་གནས། །ཞེས་བྱ་བ་སྟེ། ལྷ་མོ་དང་འདུས་པའི་སྦྱོར་བས་སོ། །ཞི་བ་ཞེས་བྱ་བ་ནི་ཆང་ངོ་། །ཡང་ན་ཞི་བའི་
བདེ་བའོ། །རྟག་ཏུ་ཤར་བ་འོད་གསལ་བ། །སྙིང་གའི་པདྨར་ངེས་བརྟེན་ནས། །དེ་འདྲ་སྟོང་པ་ཉིད་འགྱུར་བ། །སེམས་ཉིད་བསྒོམ་པར་མི་བྱའོ། །ཞེས་སོ། །སྤུན་དང་བུ་དང་ལྷན་ཅིག་ཏུ། །ཞེས་བྱ་བ་ལ་བརྩེ་གདུང་གི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་བྱ་སྟེ། སྔགས་
དང་ཕྱག་རྒྱ་མཆོད་ཅིང་དཀྱིལ་འཁོར་དང་ཚོགས་ཀྱི་འཁོར་ལོ་བསྟན་པ་དང་རྡོ་རྗེའི་གླུ་ཡང་ཐོས་པས་དམ་ཚིག་ལ་སྐུར་ཞིང་སློབ་དཔོན་ལ་སྨོད་པ་དང་། སེམས་ཅན་ཐམས་ཅད་སུན་འབྱིན་པར་བྱེད་པ་དེའི་ཕྱིར་ན་རྡོ་རྗེ་སློབ་དཔོན་གྱི་བུ་དམྱལ་བར་འགྲོ་བར་འགྱུར་ཞིང་། དེའི་འདུས་
པའི་སེམས་ཅན་གཞན་ཡང་བྱང་ཆུབ་ཀྱི་སེམས་དྲི་མ་ཅན་དུ་འགྱུར་རོ། །དེ་རྣམས་ཡོངས་སུ་གཟུང་བའི་ཕྱིར་ཟས་ལ་སྤྱད་པར་བྱ་བ་ཞེས་བྱ་བར་སྦྱར་རོ། །འདི་ནི་ཐུན་མོང་ངོ་། །ཁྱད་པར་དུ་ཇི་ལྟ་བུ་ཞེ་ན། གང་གི་ཕྱིར་སྙིང་རྗེའི་དབང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཇི་ལྟ་བ་དེ་ལྟར་
དེ་རྣམས་ལ་ཡང་བསྟན་པར་མི་བྱ་སྟེ། དད་པའི་དབང་གིས་དེ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གཞན་ཉིད་དུ་འགྱུར་རོ། །གསང་སྔགས་སུ་ལའང་སྦྱིན་མི་བྱ། །ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་ལའོ། །སྦྱིན་པར་བྱ་ཞེས་བྱ་བ་ནི། འདིར་དབང་བསྐུར་
བ་རྣམས་ལའོ། །ཕོ་ཉ་ཞེས་བྱ་བ་ལ་སོགས་པ་ལ་ལམ་དང་འདྲ་བས་ལམ་སྟེ། བྱང་ཆུབ་ཀྱི་ལམ་མོ། །དེ་ཡང་མཐའ་ཡས་པའི་ཉོན་མོངས་པ་དང་སྐྱེ་བ་སྦྱོང་བ་སྟེ། ཉོན་མོངས་པ་གློ་བུར་བ་ཉིད་ཀྱི་ཕྱིར་ནམ་མཁའ་ལ་སྤྲིན་དང་ཁུག་རྣ་དང་དུ་བ་དང་འཁྲུལ་པ་ཙམ་ཞིག་བསལ་བས་ཚེ་
འདི་ཉིད་ལ་རྡོ་རྗེ་འཛིན་པར་འགྱུར་རོ། །དེ་བས་ན་དེ་སྤངས་ནས་རྣལ་འབྱོར་གཞན་ལ་བརྟེན་པར་ནི། ཉན་ཐོས་ཀྱི་སྤྱོད་པ་དང་། ཀྲྀ་ཡ་དང་སྤྱོད་པའི་རྒྱུད་ལ་སོགས་པ་རྣམས་སུ་ཇི་སྐད་བཤད་པའི་དངོས་གྲུབ་ཐམས་ཅད་འདོད་པ་དེ་དག་རྨོངས་པས་དངོས་གྲུབ་མེད་ཅིང་བདེ་བ་མེད་པར་འགྱུར་
Vol. 16 · folio 49b
རོ། །རྒྱལ་སྲིད་ཤོར་བའི་སྐྱེས་བུ་བཞིན། །དད་པའི་ནོར་དང་ཕྲལ་ཕྱིར་རོ། །ཞེས་པ་ནི་ཞེན་པའི་ལྟ་བས་བལྟ་བའོ། །ཐར་པ་ནི་གྲོལ་བ་སྟེ། ཕོ་ཉ་ལ་ཞེན་པ་དེས་གྲོལ་བའོ། །དེ་བས་ན། བདེ་བ་ཡིས་ཀྱང་ལོངས་སྤྱོད་བྱ། །ཞེས་བྱ་བ་སྟེ། བདེ་བ་ཐམས་ཅད་ནི་བྷ་ག་ལས་བྱུང་བའི་བདུད་རྩི་ཉིད་
དུ་ངེས་པའི་ཕྱིར་རོ། །བསྙེན་བཀུར་ཁོ་ན་བྱ་བ་མིན། །ཞེས་བྱ་བ་ལ། བསྙེན་བཀུར་གྱི་ནི་དོན་ཅན་མིན། །ཆགས་པས་འདུས་པ་དགའ་བ་སྟེ། །དེ་ཕྱིར་འཁྱུད་པར་རབ་ཏུ་བྱ། །རྗེས་སུ་ཆགས་དང་ལྡན་པས་ཐོབ། །གཞན་དུ་བདེ་བར་མི་འགྱུར་རོ། །སྐྱེ་གནས་དམན་པ་ཞེས་བྱ་བ་ལ་སོགས་པ་
ནི་རྡོ་རྗེའི་རིགས་ལ་སོགས་པའོ། །འང་གི་སྒྲས་ནི་བྲམ་ཟེ་མཆོག་ལ་སོགས་པ་བསྡུ་བའོ། །དེ་རྣམས་ཀྱང་མ་དང་སྲིང་མོ་ལ་སོགས་པ་ལྟར་ཤིན་ཏུ་གདུང་བའི་དབང་གིས་སོ། །དཀའ་ཐུབ་བདག་ཉིད་ཆེན་པོ་ཡིས། །གང་ཞིག་རྟག་ཏུ་མཆོད་བྱེད་པ། །བཤུང་ཞིང་དམན་པའི་
སེམས་ཀྱིས་ནི། །དཀའ་ཐུབ་ངེས་པར་ཟད་པར་འགྱུར། །འཁོར་ལོ་དེ་བཞིན་གྲུབ་པ་ཡིས། །ཞེས་བྱ་བ་ནི་གང་གི་དམ་ཚིག་དང་སྡོམ་པ་ཉམས་པ་རྣམས་ཀྱི་ཡང་ཕྱིས་བླང་བ་ལ་ནི་རྣལ་འབྱོར་འདི་སྦྱིན་པར་བྱའོ། །མཁའ་འགྲོ་མཁའ་འགྲོ་རྣལ་འབྱོར་པས། །དམ་ཚིག་སྡོམ་པ་བླ་
ན་མེད། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །དམ་ཚིག་དཀྱིལ་འཁོར་བླ་ན་མེད། །དེ་ཡི་དབུས་སུ་འཁོར་ལོ་ཆེ། །དཀྱིལ་འཁོར་ལྔ་ཡིས་བརྒྱན་པ་ནི། །དབུས་སུ་ཉི་སྟན་ཡི་དགས་ལ། །ཨཱ་ལི་ཀཱ་ལིར་ཡང་དག་ལྡན། །སུམ་ཅུ་རྩ་གཉིས་མཚོན་འཆང་ཞིང་། །
དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། །བྱིན་གྱིས་བརླབས་པའི་ཚིག་བྱས་ནས། །ཡི་གེ་ཧི་ལས་ཡང་དག་བྱུང་། །འཇིག་དུས་འོད་ཟེར་ལྟར་འཇིགས་པ། །སྤྱན་གསུམ་མཆེ་བ་གཙིགས་པའོ། །ལྗགས་འདྲིལ་ཁྲོ་དང་བཅས་བཞད་ཞལ། །ལྷ་ཆེན་ཐམས་ཅད་
གསོལ་མཛད་པ། །བསྐལ་པའི་མེ་ལྟར་ཡང་དག་འཁྲུག །རལ་པའི་ཅོད་པན་གྱིས་བརྒྱན་ཞིང་། །འཇིགས་བྱེད་པགས་པས་རྐེད་པ་དཀྲིས། །གཡས་བརྐྱང་ཞབས་ཀྱིས་ལེགས་བཞུགས་པས། །འཇིགས་བྱེད་དུས་མཚན་ཀུན་དུ་མནན། །དཔྲལ་བར་རྡོ་རྗེ་ཕྲེང་བ་དང་། །
Vol. 16 · folio 50a
སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་བརྒྱན། །སྐུ་ལ་རྒྱན་དྲུག་རྒྱན་དུ་བྱས། །ཕྱག་དྲུག་ཞལ་ནི་ལྔ་པ་སྟེ། །སྣ་ཚོགས་ཉམས་དང་རོ་མཆོག་ལྡན། །སྔོ་དང་སེར་དང་དེ་བཞིན་དམར། །ལྗང་དང་སྟེང་དཀར་ཞི་བའོ། །ཤི་བའང་གསོ་བར་བྱེད་པའི་མཆོག །སྡང་བ་ཐམས་
ཅད་ངེས་གནས་པའི། །རྡོ་རྗེ་དྲིལ་བུ་སྙོམས་ཞུགས་ཤིང་། །ཕག་མོའི་སྐུ་ལ་ཡང་དག་འཁྱུད། །ས་སྲུངས་པགས་པ་ན་བཟའ་འཛིན། །སྟེང་དུ་གདུགས་དཀར་གཟུང་བ་སྟེ། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །དྲུག་པ་ན་ནི་ཅང་ཏེའུའོ། །དེ་དང་འདྲ་བའི་ཕག་མོ་ཡི། །དབུ་སྐྲ་
གྲོལ་ཞིང་གཅེར་བུ་ལ། །མི་རུས་རྒྱན་གྱིས་རྣམ་པར་བཀླུབས། །འོན་ཀྱང་པགས་པའི་གོས་ཀྱི་གནས་སུ་གྲི་དང་ཚངས་པའི་མགོ་དགོད་པར་བྱའོ། །དེ་ཤར་སངས་རྒྱས་མཁའ་འགྲོ་སྟེ། །དེ་བཞིན་བྱང་དུ་ལས་མཁའ་འགྲོ། །ནུབ་ཏུ་ཆོས་ཀྱི་མཁའ་འགྲོ་སྟེ། །ལྷོ་རུ་རིན་
ཆེན་མཁའ་འགྲོ་ཉིད། །དཀར་དང་སྔོ་དང་དམར་པོ་དང་། །ལྗང་གུ་དང་སྟེང་དམར་སེར་པོ། །འཁོར་ལོ་དང་དྲིལ་བུས་སྙོམས་པར་འཇུག་ཅིང་ཕྱག་གཉིས་ཀྱིས་ཚངས་པའི་པགས་པའི་གོས་བསྣམས་པ་དང་གཞན་གྱིས་ཐོད་པ་དང་ཁ་ཊྭཱཾ་ག་དང་ཅང་ཏེའུའོ། །གཡས་བརྐྱང་
པས་ཚངས་པ་ཁྱོ་ཤུག་མནན་པའོ། །ཡང་ལྗང་གུ་དང་སེར་པོ་དང་དམར་པོ་དང་སྔོན་པོ་དང་། དེ་བཞིན་དུ་ལྔ་པ་སྟེང་མ་དཀར་པོ་སྟེ། སྣ་ཚོགས་རྡོ་རྗེ་དང་དྲིལ་བུས་སྙོམས་པར་འཇུག་པ། ཚོགས་ཀྱི་བདག་པོའི་པགས་པ་བསྣམས་པ་དང་། གཞན་གྱིས་ཐོད་པ་དང་། ཁ་ཊྭཱཾ་ག་
དང་ཅང་ཏེའུ་བསྣམས་པའོ། །གཡས་བརྐྱང་གི་གནས་པས་ཚོགས་ཀྱི་བདག་པོ་ཁྱོ་ཤུག་མནན་པས་འཇིགས་ཤིང་མྱོས་པའོ། །ཡང་དམར་པོ་དང་སྔོན་པོ་དང་སེར་པོ་དང་ལྗང་གུ་དང་སྟེང་མ་དཀར་པོ་སྟེ། པདྨ་དང་དྲིལ་བུས་སྙོམས་པར་འཇུག་ཅིང་འདོད་པའི་ལྷའི་
པགས་པ་དྲལ་བ་བསྣམས་པ་དང་། ཐོད་པ་དང་། ཁ་ཊྭཱཾ་ག་དང་། ཌ་མ་རུ་སྟེ། གཡས་བརྐྱང་བའི་གནས་པས་འདོད་པའི་དབང་ཕྱུག་བུས་ཁྱོ་ཤུག་མནན་པའོ། །ཡང་སེར་པོ་དང་སྔོན་པོ་དང་དམར་པོ་དང་ལྗང་གུ་དང་དེ་བཞིན་དུ་སྟེང་མ་དཀར་པོ་སྟེ། རིན་པོ་ཆེ་དང་དྲིལ་བུས་སྙོམས་
Vol. 16 · folio 50b
པར་འཇུག་ཅིང་དབང་པོ་དྲལ་བའི་པགས་པ་བསྣམས་པ་དང་ཐོད་པ་དང་ཁ་ཊྭཱཾ་ག་དང་ཅང་ཏེའུའོ། །གཡས་བརྐྱང་བའི་གནས་པས་དབང་པོ་ཁྱོ་ཤུག་མནན་པ་སྟེ། ཀུན་ཀྱང་སྤྱན་གསུམ་པ་ཕྱག་དྲུག་པ་རལ་པའི་ཅོད་པན་དར་གྱིས་བཅིངས་པ། མེ་མཚམས་དང་བདེན་བྲལ་
དང་། རླུང་མཚམས་དང་དབང་ལྡན་གྱི་མཚམས་རྣམས་སུ་ནི་སངས་རྒྱས་ཀྱི་མཁའ་འགྲོ་མ་དང་། རྡོ་རྗེ་མཁའ་འགྲོ་མ་དང་། པདྨ་མཁའ་འགྲོ་མ་དང་། ལས་ཀྱི་མཁའ་འགྲོ་མ་རྣམས་ཏེ། དཀར་པོ་དང་སྔོན་པོ་དང་དམར་པོའོ། །ཡང་སྔོན་པོ་དང་དཀར་པོ་དང་སེར་པོའོ། །
ཡང་དམར་པོ་དང་སྔོན་པོ་དང་སེར་པོའོ། །ཡང་ལྗང་གུ་དང་སྔོན་པོ་དང་སེར་པོ་སྟེ། ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། །སྤྱན་གསུམ་གཅེར་བུ་སྐྲ་གྲོལ་ལ། །ཕྱག་རྒྱ་ལྔ་ཡིས་བརྒྱན་པའོ། །ང་རྒྱལ་བཅས་ཤིང་གར་མཛད་པ། །སྙིང་རྗེ་ཆགས་པའི་དགའ་དང་ལྡན། །
འཁོར་ལོའི་མདའ་དང་རྡོ་རྗེའི་མདའ། །པདྨའི་མདའ་དང་རིན་ཆེན་མདའ། །རང་གི་མཚན་མས་མཚན་མའི་མདའ། །གཡོན་པ་ཐམས་ཅད་ན་གཞུའོ། །ཐོད་པ་ཁ་ཊྭཱཾ་ག་དང་ཌ་མ་རུའོ། །གཞན་གྱིས་ཞགས་པ་དང་ལྕགས་ཀྱུ་འཛིན་པའོ། །ཤིན་ཏུ་ཟླུམ་ཞིང་རེ་མིག་དགུ། །ཕྱི་རོལ་
གྲུ་བཞི་སྒོ་བཞིར་ལྡན། །དེ་ལ་ཤར་སྒོར་ནི་གཟུགས་མང་ངོ་། །བྱང་དུ་ནི་གཟུགས་བཟང་ངོ་། །ནུབ་ཏུ་ནི་རྡོ་རྗེ་དབྱིག་པ་ཅན་ནོ། །ལྷོར་ནི་རྡོ་རྗེ་སྣང་བའོ། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། །རྒྱན་རྣམས་ཀུན་གྱིས་བཀླུབས་པ་སྟེ། །སྔོན་བསྟན་སངས་རྒྱས་མཁའ་འགྲོ་
སོགས། །རིམ་བཞིན་མཚན་མ་ཐོགས་པའོ། །དེ་ཡི་ཕྱི་རོལ་ཡུལ་དུ་ཡང་། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་བརྒྱན་པ་དང་། དར་དང་མེ་ཏོག་གི་ཕྲེང་བ་འཕྱང་བ་སྟེ། དེ་ལ་ལྷའི་སྣམ་བུ་གྲུ་བཞི་པའི་མེའི་མཚམས་ལ་སོགས་པའི་གཡོན་སྐོར་
གྱིས་དགོད་པར་བྱ་བ་ནི་རྡོ་རྗེའི་ཁ་དང་དྲག་པོའི་ཁ་དང་། རྡོ་རྗེ་ཕག་སྣ་མ་དང་། སྙན་གྲགས་ལྡན་མ་དང་། རྡོ་རྗེ་ཕོ་ཉ་མོ་དང་། རྡོ་རྗེ་སེན་མོ་དང་། རྡོ་རྗེ་གཞོན་ནུ་མ་དང་། རྡོ་རྗེ་དུང་ཅན་མ་དང་། རྡོ་རྗེ་དྲི་མ་དང་། རྡོ་རྗེ་ཉལ་མ་དང་། དྲི་ཅན་མ་དང་། འཇིགས་མའི་ཞལ་
Vol. 16 · folio 51a
དང་། སྤྱི་གཙུག་ཟླ་བ་དང་། ཁྲོ་གཉེར་མ་དང་། སྣ་ཚོགས་ཀྱི་གཟུགས་མ་དང་། རྡོ་རྗེ་ལུས་ཅན་མ་དང་། རྡོ་རྗེ་སྒྲོག་མ་དང་། སྒྱུ་འཕྲུལ་ལྷ་མོ་དང་། སྙན་བྱེད་མ་དང་། ཁམ་པ་མ་སྟེ། དེ་ལྟར་ལྷ་མོ་ཉི་ཤུའོ། །ཤར་ཕྱོགས་ཀྱི་སྒོར་ནི་རྡོ་རྗེ་འབར་བ་མ་
དང་། བྱང་དུ་ནི་རྡོ་རྗེ་འཁྱིལ་མའོ། །ནུབ་ཏུ་ནི་རྡོ་རྗེ་འཇིགས་བྱེད་མའོ། །ལྷོར་ནི་རྡོ་རྗེ་གྲུབ་མའོ། །དེ་དག་ནི་མཁའ་འགྲོ་མའི་དཀྱིལ་འཁོར་གྲུབ་པའོ། །སྒོ་སྲུང་བ་ཐམས་ཅད་ཀྱང་སྤྱན་གསུམ་པ། ཞལ་རྣམ་པར་འགྱུར་བ་གསུས་པ་འཕྱང་བའོ། །གཞན་དག་ནི་སྣ་
ཚོགས་ཀྱི་གཟུགས་ཅན་རོལ་བ་མོ་ཐམས་ཅད་ཕྱག་རྒྱ་ལྔ་འཛིན་པ་ཐོད་པའི་ཕྲེང་བས་བརྒྱན་པ་ཞལ་གསུམ་པ་དཔའ་བ་དང་སྒེག་པ་དང་སྙིང་རྗེའི་རོས་གང་བ་ནུ་མ་རྒྱས་ཤིང་སྐལ་བ་དང་ལྡན་མ་གཅེར་བུ་སྐྲ་གྲོལ་བ་སྙིང་རྗེ་ཆེན་པོས་ཆགས་པའི་དགའ་བའི་དམ་པ་རོའི་གདན་
ལ་བཞུགས་པས་གར་བྱེད་པའི་མཆོག་སྟེ། ཐོད་པ་དང་ཁ་ཊྭཱཾ་ག་དང་རྔེའུ་ཆུང་གི་བདག་ཉིད་ཅན། ཞགས་པ་དང་ལྕགས་ཀྱུ་ཅན་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་བའོ། །དེ་ནས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་ལ་གོ་ཆ་གཉིས་ཀྱིས་བརྒྱན་ནས་ཡེ་ཤེས་ཀྱི་
འཁོར་ལོ་དེ་ལ་དགུག་པ་སྟེ། དབང་བསྐུར་བ་ལ་ཡང་དག་པར་མཆོད་ནས། བསྟོད་པ་བྱས་ལ་སྔགས་བཟླས་པར་བྱ་སྟེ། ཨོཾ་ཤྲཱི་བཛྲ་ཌཱ་ཀ་ཨ་ཧཾ་ཧཱུཾ་ཌཱ་ཀི་ནི་ཛཱ་ལ་སམྦ་ར་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། གུས་པའི་བསམ་པས་རྟག་ཏུ་བཟླས་པར་བྱ་སྟེ། རྡོ་རྗེ་མི་སྨྲ་
བའི་བརྟུལ་ཞུགས་ཆེན་པོ་སྤྲོ་བ་དང་བསྡུ་བར་བྱའོ། །ཨོཾ་ཤྲཱི་བུདྡྷ་ཌཱ་ཀ་ཨ་བྷྲཱུཾ་ཧཱུཾ་ཌཱ་ཀི་ནི་ཛཱ་ལ་སམྦ་ར་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་ཀརྨ་ཌཱ་ཀ་ཨ་ཁཾ་ཧཱུཾ་ཌཱ་ཀི་ནི་ཛཱ་ལ་སམྦ་ར་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་པདྨ་ཌཱ་ཀ་ཨ་དྷྲི་ཧཱུཾ་ཌཱ་ཀི་ནི་ཛཱ་ལ་སམྦ་ར་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་རཏྣ་ཌཱ་ཀ་ཨ་ཨཾ་ཧཱུཾ་ཌཱ་ཀི་ནི་
ཛཱ་ལ་སམྦ་ར་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧཱི་བཾ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ལྟར་མཁའ་འགྲོ་མ་ཐམས་ཅད་ཀྱི་བཟླས་པའི་སྔགས་རབ་ཏུ་བཤད་པའོ། །སྡོམ་པ་འདི་རྣམ་པར་ངེས་པར་བཟུང་ན་རྡོ་རྗེ་དང་མཉམ་པའི་དངོས་གྲུབ་བཟང་པོ་གདོན་མི་ཟའོ། །མཆོག་དང་ཐ་མ་ཞེས་བྱ་བ་ལ་
Vol. 16 · folio 51b
སོགས་པ་ནི་གང་ཡང་གཞན་དག་སྔོན་དུ་གྲུབ་པ་དམ་ཚིག་ཅན་བྱིན་གྱིས་བརླབ་པའི་གོ་འཕང་དྲན་པར་བྱ་སྟེ། མཆོག་ཏུ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་མའོ། །དབུས་མ་ནི་ཞིང་ལས་སྐྱེས་མའོ། །ཐ་མ་ནི་སྔགས་སྐྱེས་མའོ། །དེས་ལྷན་ཅིག་སྐྱེས་པ་དེའི་རྫས་ནི་རྣམ་
པར་ངེས་པ་ཡིན་ཞེས་བྱ་བ་སྟེ། རྩར་ཆུད་པའི་དབང་པོ་ཐམས་ཅད་ལས་བྱུང་བའི་རྫས་གང་དེ་རྣམས་ཀྱི་རྐྱེན་གྱིས་རྟག་ཏུ་བསྐྱེད་པའི་བདུད་རྩི་ལྔ་ལ་སོགས་པ་གནས་པའི་ཐོད་པ་ལ་ཁྲག་དང་ཆང་དུ་ལྡན་པས་དཀྱིལ་འཁོར་གྲུ་གསུམ་བྱས་ལ། སྟེང་དང་དབུས་དང་འོག་རྣམས་སུ། །
ཕྱོགས་དང་ཕྱོགས་མཚམས་ཇི་ལྟར་གསུངས། །དེ་ནས་ཁ་ཟས་བཟའ་བྱ་སྟེ། །དེ་ཉིད་གསུམ་ནི་མངོན་བསྔགས་ལ། །དམ་ཚིག་མཆོག་ནི་བཏུང་ཞིང་སྦྱིན། །བླ་མ་རྡོ་རྗེ་འཛིན་གཙོ་དང་། །རྣལ་འབྱོར་མ་ཚོགས་བདག་ལ་གསོན། །སྡོམ་པ་མ་ལུས་བཟུང་བྱས་ནས། །རྟག་
ཏུ་བདག་གིས་བསྐྱང་བར་བགྱི། །ཞེས་བྱའོ། །འཇིག་རྟེན་ལ་རྟག་གཡོན་ནས་སྦྱོང་། །ཅེས་བྱ་བ་ལ་གཡོན་པའི་ཀུན་དུ་སྤྱོད་པ་རྣམས་ནི་བདེ་བའི་འབྱུང་གནས་ཡིན་པས་གྲུབ་པའི་དོན་དུ་རྣམ་པར་སྤྱོད་དོ། །རྣལ་འབྱོར་ཆེན་པོ་འདི་ཉིད་བདེ་བ་ཅན་དང་ནམ་མཁའི་ཕོ་བྲང་དང་།
འཇིག་རྟེན་གསུམ་གྱི་འགྲོ་བའི་བདག་པོའོ། །གང་གཡོན་པས་གཡོན་པ་ལས་སྐྱེས་པ་རྣམས་བརྒྱན་ན་མཆོག་གི་དོན་ཐམས་ཅད་སྟེར་བར་ནུས་ཤིང་རྒྱས་པར་བྱེད་ལ་བདེ་བ་སྟེར་བས་ན་གཡོན་གྱིས་བཀུར་སྟི་བྱ་སྟེ། རྣལ་འབྱོར་པ་ཐབས་ཐམས་ཅད་ལ་མཁས་པས་སོ། །གང་
གི་ཕྱིར་བདེ་མཆོག་གཙོ་བོའི་ངེས་པ་ཐམས་ཅད་གཡོན་པ་ལས་བྱུང་བའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོས་མཆོད་མེད་པར། །གང་ཞིག་དེ་བཞིན་གཤེགས་པ་མཆོད། །དེ་ཡིས་ངལ་བ་དོན་མེད་དེ། །འབྲས་བུ་ཐོབ་པར་མི་འགྱུར་རོ། །བརྟུལ་ཞུགས་མ་ཉམས་ཞེས་བྱ་བ་ལ་བརྟུལ་
ཞུགས་ནི་དུས་ཀྱི་ངེས་པ་དང་། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པས་བསྐལ་པ་དུ་མས་བརྒྱ་ལམ་ན་སངས་རྒྱས་པ་དེ་དག་ཐམས་ཅད་ཟིལ་གྱིས་གནོན་ཅིང་བརྟུལ་ཞུགས་སྤོང་པ་སྟེ། ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པར་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་སྒྲུབ་
Vol. 16 · folio 52a
པ་པོ་བྱ་བ་ལ་བརྩོན་པ་ནི་འཇིག་རྟེན་པའི་སྤྱོད་པ་ལས་རྣམ་པར་གྲོལ་བ་སྟེ་བརྟུལ་ཞུགས་རྫོགས་པའོ། །དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ་འདིས་གྲངས་སུ་བགྲངས་པས་ནི་རིགས་ཏེ་དྲུག་དང་ལྔ་ལ་སོགས་པར་གསུངས་པའོ། ལྷན་ཅིག་ཅེས་པ་ནི་
སྔོན་དུ་བསྟན་པ་བཞིན་ནོ། །རིགས་ལྔ་ལས་ནི་ཀུན་སྤྱོད་པ། །ཞེས་བྱ་བ་ལ་རིན་པོ་ཆེའི་རིགས་མི་བསྐྱོད་པ་ནང་དུ་འདུས་པས་རིགས་བཞི་རུ་རབ་ཏུ་གཏོགས་སོ། །མཐར་ཐུག་པ་ཡང་སེམས་ཀྱི་བདག་པོའི་རིགས་སུ་གཅིག་པའོ། །དཀྱིལ་འཁོར་པ་རྣམས་དེར་མཉམ་
པའོ། །རྣམ་པར་མི་རྟོག་ཀུན་སྤྱོད་བྱ། །འདུ་འཛི་ཡོངས་སུ་འཛིན་མེད་ཅིང་། །ལོངས་སྤྱོད་མིན་པའི་ཟས་རྣམས་དང་། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །ཁ་ན་མ་ཐོ་མེད་བསྟེན་བྱ། །མེ་ལ་ཇི་ལྟར་བཟང་བ་མཉམ་སྤྱོད་ཡུལ། །ཇི་ལྟར་ཉི་མའི་སྣང་བས་མཉམ་པར་སྟོན། །
རླུང་གིས་ཇི་ལྟར་དྲི་མ་མཉམ་པར་བསྡུས། །རྣམ་རྟོག་རྨོངས་པའི་རྒྱ་མཚོ་རིགས་སྤངས་ལ། །དམ་ཚིག་མ་ལུས་ཀུན་ཏུ་སྤྱོད་པར་བྱ། །དཀྱིལ་འཁོར་གྲུ་གསུམ་ཞེས་བྱ་བ་ལ། །ས་ཕྱོགས་རྩུབ་ཅིང་སྙིང་པོ་མ་ཡིན་པ། གས་ཤིང་མདོག་གནག་པ་ལ། རྒྱར་སོར་ཉི་ཤུ།
ཟབས་སུ་སོར་བཅུ་པའི་ཐབ་ཁུང་བྱང་དུ་མགོ་བསྟན་པ་བྱས་ལ་ལས་ཀྱི་རྡོ་རྗེ་དང་། དེ་བཞིན་དུ་མདུང་རྩེ་གསུམ་པ་དང་། རྡོ་རྗེ་ཐོ་བའི་མཚན་མ་རྣམས་རྩེ་མོ་སྟེང་དུ་བལྟས་པས་གསད་པའི་ལས་ལ་མདུང་གི་རྩེ་མོ་སྟེང་དུ་བལྟ་བར་བྱ་སྟེ། ཕྱག་མཚན་འདིར་སོར་བཞི་པའི་
ཚད་དུ་བྲི་བར་བྱའོ། །དེའི་སྟེང་དུ་སོར་གསུམ་བོར་ནས་ཞེང་དང་དཔངས་སོར་གསུམ་པའི་ཁ་ཁྱེར་གྱིས་ཐབ་ཁུང་བསྐོར་བར་བྱའོ། །དེ་ནས་ས་ནག་པོ་ཉིད་དང་བོང་བུ་དང་རྔ་མོའི་རྟུག་པ་དང་། མི་རུས་དང་འབྲས་ཀྱི་ཕུབ་མ་དང་། སོལ་བ་བྱུགས་ལ་དྲི་མི་ཞིམ་པའི་མེ་ཏོག་དང་བདུག་
པས་མཆོད་ལ། ཤིང་དྲི་མི་ཞིམ་ཞིང་རྩུབ་པ་ཚེར་མ་ཅན་གྱི་ཤིང་ངམ། དུར་ཁྲོད་ཀྱི་ཤིང་ངམ། བོང་བུ་དང་རྔ་མོའི་རྟུག་པ་སྐམ་པོས་བྱ་ཞིང་ནིམ་པ་དང་སེང་ལྡེང་དང་ཚེར་མ་ཅན་ནམ། བ་ལུ་ཏི་ཀ་ཚེར་མ་ཅན་ལ་སོགས་པའི་ཤིང་རྣམས་ཀྱི་ཡམ་ཤིང་སོར་བཅུ་པའི་ཚད་ཙམ་རྩ་བའི་ཆ་
Vol. 16 · folio 52b
ལས་བྱས་པའམ། རོ་བསྲེགས་པའི་རྩུབ་ཤིང་གཤགས་པ་ལས་བྱུང་བའང་རུང་སྟེ། དུག་དང་ཁྲག་དང་མར་ཁུ་ལ་བདུག་པ་བསྲེག་པར་བྱའོ། །ཡང་ཡུངས་ཀར་ཚ་བའི་མར་ཁུ་དང་ཁྲག་དང་ལན་ཚྭ་དང་སྐེ་ཚེ་དང་ནིམ་པའི་འདབ་མའི་ཐལ་བ་དང་། རྐང་རྗེས་ཀྱི་ས་དང་བོང་བུ་དང་
རྔ་མོ་ལ་སོགས་པའི་རྟུག་པ་དང་སྐྲ་དང་ཞག་དང་བྱ་རོག་དང་འུག་པའི་སྒྲོ་དང་བཤང་བ་དང་གཅི་བ་དང་མི་རུས་ཀྱི་ཕྱེ་མ་དང་སྤུ་དང་ཤ་ལ་སོགས་པ་རེ་རེ་ཞིང་ཇི་སྐད་རྙེད་པའི་རྫས་དུག་དང་ཁྲག་དང་སྨྱོ་བྱེད་ཀྱི་འདབ་མའི་ཁུ་བས་སྦངས་ལ། ཐལ་བ་དང་སོལ་བ་དང་འབྲས་ཀྱི་ཕུབ་མ་ལ་
སོགས་པས་དགྲ་བོའི་གཟུགས་བརྙན་བྱས་ལ་མཚོན་རྣོན་པོས་མགོ་བོ་ནས་བརྩམས་ཏེ། ལུས་དུམ་བུ་དུམ་བུར་གཏུབས་ལ། མངོན་སྤྱོད་ཀྱི་ལས་ལ་སྦྱིན་སྲེག་དབུལ་ཏེ། ལྕགས་ཀྱི་སྣོད་དུ་ཁྲག་དང་ཆུ་དང་མི་དང་བོང་བུའི་གཅིན་ལ་ཡི་གེ་ཕཊ་ཀྱི་མཐའ་དང་ལྡན་པའི་མངོན་སྤྱོད་ཡི་
གེ་བདུན་པ་ལན་བདུན་བཟླས་ལ། བསྲེག་རྫས་ལ་བསང་གཏོར་བྱས་ལ། དཀོན་མཆོག་གསུམ་ལ་གནོད་པ་རྣམས་དང་། དམ་ཚིག་ལས་འདའ་བར་བྱེད་པ་རྣམས་སྦྱར་བར་བྱའོ། །དེ་ནས་གོས་ནག་པོས་བརྒྱན་ཞིང་ལྕགས་ཀྱི་རྒྱན་དང་ལྡན་པས་ཁྲོ་བོའི་སེམས་ཀྱིས་གཤིན་
རྗེའི་ཕྱོགས་སུ་ཁ་བལྟས་ལ་སྔགས་པས་ཁྲོ་བོའི་སྐྱིལ་ཀྲུང་གིས་སྟན་མཁྲང་པོ་ལ་གནས་ཤིང་མཚན་ཕྱེད་དང་ཉིན་ཕྱེད་ན་བསྒྲུབ་བྱ་རྣམ་པར་བསམས་ཏེ། རང་གིས་བསྐྱེད་པའི་དཀྱིལ་འཁོར་དུ། ཡི་གེ་ཧཱུཾ་ཕཊ་མཐའ་ན་ཡོད་པའི་འབྲུག་སྒྲ་ལྟར་སྔགས་བརྗོད་ལ། དེས་རབ་
དང་འབྲིང་དང་ཐ་མའི་སྦྱིན་སྲེག་བྱའོ། །འདིར་མངོན་སྤྱོད་ཀྱི་མེ་ནི་དུར་ཁྲོད་ཀྱི་མེའམ་རུས་པ་ལས་བྱུང་བའམ་རྡོ་ལས་སྐྱེས་པའམ་གདོལ་པའི་ཁྱིམ་ནས་བྱུང་བས་གོང་མ་ཐབ་ཁུང་དུ་ཇི་ལྟར་བསྟན་པའི་བུད་ཤིང་ལ་རླུང་གཡབ་ཀྱིས་བ་བ་ཀ་སྦར་ཏེ། ཧཱུཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཞེས་
བརྗོད་ཅིང་ཆོ་ག་བཞིན་དུ་མེ་སྦར་རོ། །དེ་ནས་ལག་པ་གཡོན་པ་ཀུ་ཤ་དང་བཅས་པའི་མཐེ་བོང་སྲིན་ལག་གི་རྩ་བར་བཙུགས་ལ་མེ་ལྷ་སྤྱན་དྲང་བར་བྱ་སྟེ། ཨོཾ་ཨེ་ཧྱེ་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་སཏྭ་མ་གྲི་ཧི་ཏྭ་ཨཱ་ཧུ་ཏི་ཨཱ་ཧ་རཾ་ཨ་སྨིན་སནྣི་ཧི་ཏོ་བྷ་བ་ཞེས་བྱ་བས་
Vol. 16 · folio 53a
མེའི་ཕྱོགས་ནས་སྤྱན་དྲངས་ཏེ། བྱོན་ནས་འབར་བའི་སྙིང་པོའི་དབུས་སུ་ཁྲོ་བོ་མི་བཟད་ཅེས་བྱ་བའི་ཀློག་ལྟར་ཕུན་སུམ་ཚོགས་པ་དང་ལྡན་པ་བ་སྤུ་ཁམ་པ་དེ་བཞིན་དུ་དུ་བའི་མདོག་ཅན་མིག་གཡོ་བ་སྟེང་དུ་གཟིགས་ཤིང་སྦྲ་ཆེ་བ། མཆེ་བ་བཞི་པ་སྟོབས་ཆེ་
ཞིང་རླུང་གི་དཀྱིལ་འཁོར་ལ་བཞུགས་པ་འཇིགས་པའི་ཡི་གེ་ཧཱུཾ་གིས་ཧཱུཾ་ཞེས་མཛད་པས་སྤྱན་གསུམ་པ་ལ་ཕྱག་བཞི་པ་རྡོ་རྗེ་འོད་ཟེར་གྱི་གཟི་བརྗིད་ཆེ་ཞིང་རིག་པའི་གནས་ལ་ལེགས་པར་བཞུགས་པ། ཞལ་བདུན་པ་རྣམ་པར་གཙིགས་ཤིང་མ་ཧེའི་གདན་ལ་བཅིབས་པའི་
དུ་བའི་ཕྲེང་བས་འཁྲུག་ཅིང་འཇིགས་སུ་རུང་བ་ལྕགས་ཀྱི་རྒྱན་བཟང་པོ་དང་ལྡན་ཞིང་ལྕགས་ཀྱི་ལུགས་མའི་ཞལ་ཅན་འབར་བའི་ཕྲེང་བ་དང་བཅས་ཤིང་སྤྱན་དམར་སེར་མཉམ་པ་མེད་པས་འཇིགས་པར་གཟིགས་པ་གོས་སྔོན་པོ་མནབས་ཤིང་འཇིག་པའི་མེ་ལྟར་དྲག་པོའི་
འོད་ཀྱིས་འཇིག་རྟེན་གསུམ་པོ་གསལ་བ། ཕྱག་གཉིས་ཀྱིས་མདུང་དང་རྡོ་རྗེ་འཛིན་པ། ཡང་གཞན་གྱིས་རལ་གྲི་དང་ཟངས་གྲི་འཛིན་པའོ། །དེའི་གཡས་ལོགས་སུ་ནི་ནག་པོ་ཁམ་སེར་ཞེས་བྱ་བ་གཡས་གཉིས་ན་རྡོ་རྗེ་དང་གྲི་གུག་འཛིན་པ་ཡན་ལག་ནག་པོའི་དུ་བའི་སྤྱན་ཅན་
ཚམས་ཀྱིས་མ་མཆུ་བཟུང་ནས་འཚིར་བའོ། །གཡོན་གཉིས་ཁྲག་གིས་གང་བའི་ཐོད་པ་དང་རལ་གྲི་འཛིན་པས་གནས་པ་འོད་ཟེར་དམར་པོ་མཉམ་དུ་འབར་བའོ། །གཡོན་དུ་ནི་གཤིན་རྗེ་མཐར་བྱེད་དྲག་ཅིང་ཆར་སྤྲིན་གྱི་འོད་དང་མཉམ་པ་ཞལ་དྲུག་ཕྱག་དྲུག་མངའ་ཞིང་། ཞལ་དྲུག་
ལ་སྤྱན་གསུམ་པ་རྣམ་པར་འགྱུར་ཞིང་། ཞལ་མཆེ་བ་རྣམ་པར་གཙིགས་པ་ལྕགས་ཀྱི་རྒྱན་འབར་བ་ཅན་དུར་ཁྲོད་ཀྱི་མེ་ལྟར་དཔངས་མཐོ་བ་མ་ཧེ་ལ་ཞོན་པ་འཇམ་དཔལ་གྱི་སྙིང་པོ་ལས་བྱུང་བར་བྱའོ། །མེ་ཐབ་ཀྱི་ངོས་གཉིས་ལ་ནི་མཐར་བྱེད་དང་ནག་པོ་གཉིས་ཇི་ལྟ་བའི་རང་
བཞིན་ཅན་དུ་བསམ་པར་བྱ་སྟེ། ལྟོགས་ཤིང་ཟ་འདོད་པ་ཕྱག་བཞི་པ་དང་དྲུག་པ་ཅན་ནོ། །ཡི་དགས་ཀྱི་རྒྱལ་པོ་ཇི་ལྟ་བ་དེ་བཞིན་དུ་དྲག་ཅིང་བྱ་བ་བྱེད་པའི་བྱིན་ཟ་དྲག་པོའི་ལས་འབའ་ཞིག་སེམས་པའོ། །དེ་ལྟར་ཐམས་ཅད་ཏིང་ངེ་འཛིན་གྱི་སྟོབས་ལས་བྱུང་སྟེ། དོན་ཐམས་ཅད་
Vol. 16 · folio 53b
བསྒྲུབ་པའི་སྒྲུབ་པ་པོས་ལས་དང་རྗེས་སུ་མཐུན་པའི་སྔགས་དང་ཕྱག་རྒྱའི་སྦྱོར་བས་ཡང་དག་པར་ལྡན་པར་བྱས་ལ། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པར་བྱས་ནས་ཆོ་ག་བཞིན་དུ་མཆོད་ཡོན་ལ་སོགས་པས་མཆོད་པ་བྱ་སྟེ། མགོ་བོར་མཆོད་ཡོན་ནོ། །རྐང་པ་གཉིས་ལ་ནི་
ཞབས་བཀྲུའོ། །ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ལག་པ་གཡས་པའི་མཛུབ་མོ་དང་། མཐེ་བོང་བཀབ་པ་ལྟ་བུར་བྱས་པས་ཆུ་བླངས་ཏེ་ལག་པ་བསྐྱོད་པས་དབུལ་བར་བྱའོ། །ཨོཾ་པཱ་ཏྱཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས་ཞལ་བསིལ་དང་བསང་གཏོར་བྱིན་ལ་མཆོད་པ་བྱ་སྟེ་མེ་ཏོག་ནི་མགོ་ལའོ། །
བདུག་པ་ནི་མདུན་དུའོ། །དྲི་ནི་སྙིང་གར་རོ། །མར་མེ་ཡང་མདུན་དུའོ། །ལྷ་བཤོས་ཀྱང་དེ་བཞིན་དུ་མདུན་དུ་དབུལ་བར་བྱའོ། །དེ་ལྟར་ཡང་དག་པར་མཆོད་པ་དང་ཁྱད་པར་དུ་ཡང་ཡིད་ཀྱིས་ནན་ཏན་དུ་བསམས་ལ། ཞལ་བསིལ་བྱིན་ཏེ། སོ་རྩི་དབུལ་བར་བྱའོ། །དེ་ལ་དགོང་གཟར་
ནི་ཡུ་བ་སོར་བཅུ་དྲུག་པ་ལ་དཀྱུས་སོར་བཞི་པ་ཟབས་སུ་སོར་གཉིས་པ། དེའི་དབུས་སུ་ཡང་གྲུ་གསུམ་པ་སྟེ། རྡོ་རྗེ་རྩེ་གསུམ་པའི་ཕྲེང་བས་ཡོངས་སུ་བསྐོར་བ་འདིའི་དབུས་སུ་ཡང་མཚན་མ་བྱ་སྟེ། སྟག་དང་སྦྲུལ་དང་སེང་གེ་རྣམས་ཀྱི་གདོང་པ་གང་འདོད་པས་མཚན་མར་བྱ་
ཞིང་མར་འཛག་པའི་བུ་ག་སོར་གཅིག་པའོ། །མཆུ་ནི་རྡོ་རྗེ་གདེང་བ་འདར་བས་བྱིན་གྱིས་བརླབས་པའི་སོར་ཚད་ཙམ་མོ། །དེ་བཞིན་དུ་བླུགས་གཟར་གྱི་ཡུ་བ་ནི་སོར་བཅུ་བཞི་པ་དཀྱུས་སོར་གསུམ་པ། ཟབས་སོར་གཅིག་པ་གྲུ་གསུམ་པ་དེ་བཞིན་དུ་མཚན་མས་བྱིན་གྱིས་
བརླབས་པའོ། །ཡུ་བའི་མཐར་ནི་རྡོ་རྗེ་རྩེ་གསུམ་གདེངས་པས་བྱིན་གྱིས་རླབས་པའི་མངོན་སྤྱོད་ཀྱི་གཟར་བུ་དགང་བར་བྱ་སྟེ། ཐོག་གིས་བརྒྱབ་པའི་ཤིང་ངམ་ལྕགས་སམ། ཚེར་མ་རྣོ་བ་ཅན་གྱི་ཤིང་རྣམས་ལས་བྱའོ། །འདིས་ནི་སངས་རྒྱས་དག་ཀྱང་ངེས་པར་
འཇིག་ཞེས་བྱ་བའི་དོན་ནོ། །དེ་ལྟར་ཕྱི་རོལ་གྱི་སྦྱིན་སྲེག་བཤད་ནས། ཡང་ནང་གི་བསྟན་པར་བྱ་བའི་ཕྱིར། སྔགས་དང་ཕྱག་རྒྱ་ཡང་དག་ལྡན། །དཔའ་བོ་རྣམས་ཀྱི་ཟས་དེ་བཞིན། །ཞེས་བྱ་བ་གསུངས་ཏེ། སྔོན་དུ་བསྟན་པའི་རྫས་རྣམས་ཀྱིས། །རང་གི་ལྷག་པའི་ལྷའི་སྦྱོར་
Vol. 16 · folio 54a
བ་དང་ལྡན་པས་བྱའོ། །ཉོན་མོངས་ཐམས་ཅད་ཞི་དོན་དང་། །ཏིང་ངེ་འཛིན་ནི་རྒྱས་བྱའི་ཕྱིར། །སྲིད་གསུམ་སྙིང་པོའི་ཐབ་ཁུང་དུ། །ལས་རྣམས་ཐམས་ཅད་རབ་བསྒྲུབ་བྱ། །རང་བཞིན་གྱིས་བྱུང་ལྟེ་བ་རུ། །གཏུམ་མོའི་མེ་ནི་བཟང་པོས་བརྒྱན། །རྩ་བའི་རང་
བཞིན་ཧེ་རུ་ཀ །རྣལ་འབྱོར་པ་ཀུན་དགང་བར་བྱ། །རང་བཞིན་མེད་པའི་སེམས་ཀྱིས་ནི། །འབྱུང་བ་ཀུན་གྱི་སྲེག་བླུགས་བྱ། །འདི་ནི་བླ་མེད་སྦྱིན་སྲེག་ཏུ། །སངས་རྒྱས་ཀུན་གྱིས་རབ་ཏུ་གསུངས། །རང་གིས་བདག་ཉིད་རང་བཞིན་དུ། །ཕྱི་ཡི་དངོས་པོ་ཤེས་པར་བྱ། །དེ་ལྟར་
ཡང་གསུངས་པ། འོད་ཟེར་ཕྲེང་བས་འཁྲིགས་ཤིང་དྲག །འོད་ཀྱི་དཀྱིལ་འཁོར་རབ་འབར་བ། །ལྟེ་བའི་ཐབ་ཁུང་ཀུན་དུ་གསུངས། །ལྟེ་བ་མེ་ཡི་ཐབ་ཁུང་ཉིད། །བུད་ཤིང་ཐམས་ཅད་ཡེ་ཤེས་མེས། །འབྱིན་དང་སྡུད་པར་བྱེད་པ་ཡིན། །ལས་ཀྱི་རླུང་གིས་རབ་བསྐྱོད་པས། །ལྟེ་བའི་
དཀྱིལ་དུ་རབ་ཏུ་འབར། །དབང་པོ་ཀུན་ལས་བྱུང་བའི་སེམས། །བདེ་བ་བུད་ཤིང་དུ་ནི་འགྱུར། །ལས་དང་སྐྱེ་བ་ལས་བྱུང་བ། །ཉོན་མོངས་ཞི་ཕྱིར་སྦྱིན་སྲེག་བྱ། །རྫོགས་པའི་བྱང་ཆུབ་རིམ་གྱིས་ནི། །འདི་ཡིས་མྱུར་དུ་རྒྱས་པར་འགྱུར། །བསྐལ་པའི་མེ་དང་རྟོགས་མཚུངས་
ཤིང་། །འོད་ཀྱི་སྣང་བས་ལེགས་གནས་པ། །རྩ་བརྒྱད་རྣམས་ཀྱི་འབྲས་བུ་ནི། །སྙིང་གའི་གནས་སུ་ཡང་དག་འབར། །དྲུག་ཅུ་རྩ་བཞིའི་འདབ་ལྡན་པའི། །པདྨ་ཉིད་ཀྱི་དབུས་སུ་མེ། །དེ་ཡི་དབུས་སུ་མེ་ཡི་ལྷ། །མཐེ་བོའི་ཚིགས་ཚད་ཙམ་དུ་བལྟ། །ཕྱག་གཉིས་མེ་ཡི་
མདོག་ཅན་མ། །ལྷན་ཅིག་སྐྱེས་དགའ་རབ་འབར་བའི། །ཉི་མའི་དཀྱིལ་འཁོར་མནན་ནས་ནི། །འོད་ཟེར་འབར་བས་རབ་གསལ་བ། །དབྱིངས་ཀུན་ལ་ནི་འབར་བྱེད་པ། །ཐམས་ཅད་རྩ་རུ་སོང་བར་བལྟ། །བལྟ་བ་ཀུན་གྱི་བུད་ཤིང་ནི། །འདབ་མའི་མཐར་ནི་ཡང་དག་གསུངས། །
ཡིད་ཀྱིས་མེ་ཏོག་མཆོད་བྱ་ཞིང་། །ཡིད་ཀྱིས་བདུག་པས་བདུག་པར་བྱ། །ཡིད་ཀྱི་དྲི་ནི་བདེ་དང་ལྡན། །ཡིད་ཀྱི་མར་མེ་རབ་འབར་བ། །གཏོར་མ་འདུས་བྱས་གང་བ་ཡི། །ཡིད་ཉིད་ཀྱིས་ནི་མཆོད་པར་བྱ། །རྐྱང་མ་དགང་གཟར་ཡང་དག་གསུངས། །རོ་བཅུད་
Vol. 16 · folio 54b
བླུགས་གཟར་བླུགས་གཟར་ཁ། །ཁ་ཡི་པདྨའི་འདབ་མ་སྟེ། །སོར་གཉིས་ཚད་དུ་རབ་རྒྱས་པའོ། །དབྱུག་པ་རྡོ་རྗེ་རིན་ཆེན་མཐའ། །ཇི་སྲིད་རང་གི་རྡོ་རྗེ་འབར། །ཐོད་པ་སྲེག་རྫས་སྣོད་ཡིན་ཏེ། །ཐམས་ཅད་རྫས་ནི་སྲེག་བླུགས་བྱས། །དེ་ལྟར་རིམ་པ་རབ་ཏུ་བརྗོད། །རྩ་ལྔ་
ལ་ནི་ཡང་དག་བརྟེན། །ལྔ་པོ་ཡང་དག་སྦྱར་བར་བྱ། །ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ནམ་མཁའ་མཉམ་པའོ། །ཆུ་ཤིང་མེ་ཏོག་ལྟ་བུ་ནི། །ལྟེ་བའི་དབུས་སུ་ཡང་དག་གནས། །རྟག་ཏུ་ཁྱབ་བྱེད་གནས་པ་སྟེ། །མཁས་པས་ཀུན་ཏུ་བསྐོར་བར་བྱ། །འདབ་བརྒྱད་
རྟག་ཏུ་སྟེང་དུ་བལྟ། །གེ་སར་དང་ནི་ལྡན་པར་གསུངས། །དེ་ཡི་དབུས་སུ་རབ་བརྟན་པ། །རྣམ་ཤེས་ལྷན་ཅིག་སྐྱེས་པའི་ལྷ། །རླུང་གི་ནམ་མཁར་རབ་ཏུ་འབར། །དེའི་རྡུལ་ཕྲན་རྣམ་པ་རུ། །མཚན་ཉིད་རབ་ཏུ་ཤེས་པར་བྱ། །སྐྲ་རྩེ་བརྒྱ་ཡི་ཆ་ཡིས་ནི། །འོད་ཟེར་
རྒྱུན་མི་འཆད་པར་གནས། །ཨརྒྷ་བྱིན་བྱ་རབ་འབར་བའི། །ཐིག་ལེ་རི་མོ་ཡི་གེ་མེད། །སྔོན་བཞིན་མཚན་ཉིད་ཡང་དག་ལྡན། །སོར་མོ་ལྔ་དང་མཉམ་ལྡན་པས། །གང་བའི་སྦྱིན་སྲེག་རབ་ཏུ་གསུངས། །སྲེག་བླུགས་སྦྱིན་སྲེག་སོར་མོ་གསུམ། །སྦྱིན་སྲེག་རིམ་པའི་སྦྱོར་
བ་ཡིས། །བདུད་རྩིའི་ཡི་གེ་ཡང་དག་ལྡན། །བདུད་རྩི་དཀྱིལ་འཁོར་དབུས་སུ་ནི། །མཆོག་གི་དེ་ཉིད་ཡི་གེ་གསུམ། །བདེ་ཆེན་བདུད་རྩི་དགུག་པ་ཡིས། །དམིགས་པ་ཐམས་ཅད་དགའ་བར་གསུངས། །སྦྱིན་སྲེག་གི་ནི་རིམ་པ་ཡིས། །རྒྱུན་དུ་འབབ་ཅིང་འབབ་འགྱུར་ཏེ། །
ཉིན་དང་མཚན་དུ་ཁུ་བའི་རྒྱུན། །དེ་བཞིན་གཤེགས་པ་ཀུན་བསྡུས་ནས། །དེར་ནི་སྐུ་མཆོག་རབ་བཞུགས་པ། །ཞི་བའི་སྦྱིན་སྲེག་དེ་བརྗོད་དོ། །རྒྱས་ལ་བྱང་ཆུབ་སེམས་དཔའ་དགུག །གཟུགས་སུ་ལྷག་པར་མོས་པར་བྱ། །ཤིན་ཏུ་ཉོན་མོངས་ཟད་པའི་ཕྱིར། །ཁྱད་
པར་དུ་ནི་ཁྲོ་བོའི་གཟུགས། །རྣམ་པ་སྣ་ཚོགས་རྗེས་ཆགས་པས། །བུད་མེད་གཟུགས་ནི་རྣམ་བསམ་བྱ། །སྐུ་གསུང་ཐུགས་ལ་འདེབས་པའི་ཕྱིར། །བུད་མེད་ཕྱག་རྒྱ་རབ་ཏུ་གསུངས། །གྲུ་གསུམ་མེ་ཡི་དཀྱིལ་འཁོར་དུ། །རང་བྱུང་གི་ནི་ལྷག་པའི་ལྷ། །སྲེག་རྫས་
Vol. 16 · folio 55a
སྣོད་ལ་ཁྱད་པར་དུ། །སྔགས་པས་ལས་རྣམས་ཐམས་ཅད་པ། །དཔའ་བོ་གཉིས་མེད་སྙོམས་འཇུག་པ། །ཨོཾ་ཨ་བཾ་ཧཱུཾ། ཡི་གེ་གཉིས་ཀྱི་སྔགས་ལུས་ཅན། །ཧ་ཧ་སིད་བྱས་ཡང་དག་ཟློས། །ཁུ་བ་ཇི་ལྟར་འབྱུང་འགྱུར་བ། །ལྷན་ཅིག་སྐྱེས་དགའ་རབ་ཏུ་
འབར། །མེ་ཡི་དཀྱིལ་འཁོར་འོད་གསལ་བ། །འཇིག་དུས་མེ་དང་སྟོབས་མཉམ་ལ། །མ་ལུས་པ་ཀུན་སྦྱིན་སྲེག་ལས། །ལྔ་ཕུང་ཕྱི་ནས་མ་འཁོར་ཏེ། །དེ་ཡི་ཐལ་བའང་ལུས་མི་འགྱུར། །ཆོས་ཀྱི་རང་བཞིན་འགག་མེད་པའི། །ཆོས་ཉིད་དང་ནི་སྙིང་རྗེ་ཆེས། །སྨོན་ལམ་
གྱིས་ནི་བསྐྱེད་པ་ཡིས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །བདེ་བའི་བྱང་ཆུབ་དཀྱིལ་འཁོར་ནི། །འདི་ཡིས་རྒྱས་པར་ཡང་དག་འགྱུར། །ཉོན་མོངས་ཤིན་ཏུ་ཞི་དོན་དང་། །ཤིན་ཏུ་སྟོང་པ་རྟེན་མེད་པས། །སྤྲིན་མེད་ནམ་མཁའ་ཇི་བཞིན་དུ། །ཤེས་རབ་ཕ་རོལ་ཕྱིན་
གང་དང་། །ཕྱག་རྒྱ་ཆེན་པོ་དབང་དུ་འགྱུར། །ཤྲཱི་ཧེ་རུ་ཀའི་སྤྲུལ་པ་ཞེས་བྱ་ནི། ཁམས་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །ཉེར་སྤྱོད་ཅེས་བྱ་བ་ནི་སངས་རྒྱས་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་དེ་དག་གཉིས་སུ་མེད་པའི་རྣམ་པར་མཚོན་པའོ། །བསྟན་བཅོས་
ཐམས་ཅད་བརྗོད་ཅེས་བྱ་བ་ནི། སངས་རྒྱས་ཀྱི་དེ་ཉིད་བསྡུས་པ་སྟེ། དཔའ་བོའི་ཕྱག་རྒྱ་སྦྱོར་བ་དང་། །དེ་ལྟར་ཁ་ཟས་ཉེར་བསྟེན་པའི། །དམ་ཚིག་བཟང་པོ་འདི་ཡིས་ནི། །དངོས་གྲུབ་ཕུལ་དུ་བྱེད་པའོ། །བདག་གི་མེད་ཅིང་ཡོངས་གཟུང་མེད། །ཁ་ན་མ་ཐོ་མེད་ལྷུན་གྲུབ། །སྣ་ཚོགས་
ལས་བྱུང་འོ་མར་བཅས། །དེ་བཞིན་གཤེགས་པ་ཐམས་ཅད་མཆོད། །གཉིས་མེད་ཡེ་ཤེས་སེམས་ཀྱིས་ནི། །རྒྱུན་དུ་ཞེས་བྱ་བ་ནི་བར་ཆད་མེད་པའོ། །དེ་ཉིད་ཀྱིས་ན་སྦྱོར་བས་རྟག་ཏུ་མཆོད་ཅེས་སོ། །བགེགས་མེད་ཅེས་པ་ནི་དམ་ཚིག་སྤྱོད་པས་སོ། །དེ་ནི་ཕྱག་རྒྱ་ཆེན་པོའི་དངོས་
གྲུབ་ཇི་ལྟ་བ་བཞིན་འགྲུབ་པས་ན། དེ་ནི་གཞན་དུ་འགྱུར་མ་ཡིན། །ཞེས་བྱ་བ་ཉན་ཐོས་ཀྱི་བྱང་ཆུབ་ལ་སོགས་པར་མི་འགྱུར་རོ། །དེ་ཡི་ཕོ་ཉ་གཞན་བཟང་པོ། །ཞེས་བྱ་བ་ལ། དེ་ཡི་ནི་རྣལ་འབྱོར་པའི་འོ། །བརྩོན་པར་ལྷན་ཅིག་ལྡན་པ་ཡིན། །ཞེས་བྱ་བ་ནི་ལྷན་ཅིག་དེ་དང་བཅས་
Vol. 16 · folio 55b
པར་འགྱུར་བའོ། །གང་གི་ཕྱིར་བརྩོན་པར་ལྡན་ཞེས་བྱ་བ་ནི་དངོས་གྲུབ་པ་ལ་རྗེས་སུ་ཆགས་པ་སྟེ། ཡེ་ཤེས་དང་ལྡན་ཞིང་ཉམས་དགའ་བ་རྣམ་པར་འབྱེད་པ་དེ་སྙེད་ནས། དཔལ་ཧེ་རུ་ཀ་མཉམ་པར་སྦྱོར་བའི་རྣལ་འབྱོར་པས་ཤིན་ཏུ་ཆགས་པའི་དགའ་བའི་ལོངས་སྤྱོད་བྱའོ། །རྣལ་འབྱོར་
རྫས་ཀྱི་རྣམ་འབྱེད་ཡིན། །ཞེས་བྱ་བ་ལ་རྫས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བདུད་རྩི་སྟེ་བཅུད་ཀྱིས་ལེན་ནོ། །དཔེར་ན་ལྷའི་ཤིང་གིས་འདོད་པའི་དོན་གྱི་འབྲས་བུ་སྟེར་བ་དེ་བཞིན་དུ་འདིར་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཤིང་གིས་སངས་རྒྱས་ཀྱི་འབྲས་བུ་སྟེར་བའོ། །རྣམ་འབྱེད་བྱེ་བྲག་
གཉིས་སུ་གསུངས། །སྤྱོད་དང་གྲོལ་བའི་འབྲས་རབ་སྩོལ། །བླ་མའི་མན་ངག་ཐོབ་ནས་སུ། །ཡང་དག་བསྒོམ་པ་མངོན་པར་སྤྲོ། །རྟག་ཏུ་ནུས་དང་ལྡན་པ་ཡིས། །བྱང་ཆུབ་མཆོག་ནི་བསྒྲུབ་བྱས་ནས། །ཚེ་འདི་ཉིད་ལ་སངས་རྒྱས་ནི། །རྡོ་རྗེ་འཛིན་པ་ཆེན་པོར་འགྱུར། །དེའི་དོན་
ཞེས་བྱ་བ་ནི་གང་གི་ཚེ་བརྩོན་འགྲུས་དམན་པར་གྱུར་པ་རྣམས་ཀྱིས། བླ་ན་མེད་པའི་ཡེ་ཤེས་མ་ཐོབ་པ་དེའི་ཚེ་འདོད་པའི་དོན་གྱི་ལོངས་སྤྱོད་ཐོབ་ཅིང་སྦྱིན་བདག་དང་མཉམ་པར་འགྱུར་རོ་ཞེས་པའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་
ཉི་ཤུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་བ་ནི་གསུངས་མ་ཐག་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་ཁྱད་པར་གྱི་མཚན་ཉིད་དོ། །བསྟན་པ་ཞེས་བྱ་བ་ནི་སྔོན་དུའོ། །དེ་ནས་གཞན་ཡང་ཤེས་པར་བྱ། །ཞེས་སྦྱར་རོ། །གང་གིས་ཞེས་བྱ་བ་ནི་མཚན་
ཉིད་ཀྱིས་སོ། །ཤེས་འགྱུར་ཞེས་བྱ་བ་ནི་རྣལ་འབྱོར་ཅན་གྱིས་སོ། །དམ་ཚིག་ལ་གནས་མཁའ་འགྲོ་མ། །ཞེས་བྱ་བ་ནི་དམ་ཚིག་ལས་མི་འདའ་བ་སྟེ། སྒྲུབ་པ་པོ་རྣམས་ལ་ཕན་པའི་ཕྱིར། མ་དང་ཕ་ཞེས་བྱ་བ་ལ་མ་དང་ཕ་གང་རྙེད་ནས་སོ། །དང་གི་སྒྲ་ནི་ལྷན་ཅིག་སྤྱོད་པའི་རྗེས་
སུ་འཇུག་པའོ། །བདག་པོ་ཉིད་དུ་ཞེས་བྱ་བ་ནི་ཡེ་ཤེས་ཐོབ་པར་རོ། །སྐད་ཅིག་མཐོང་ཞེས་བྱ་བ་ནི་བདག་ཉིད་དེ། དེ་དག་གིས་དེ་ཡོངས་སུ་རྫོགས་པ་ནི་སོ་སོར་རང་གིས་རིག་པ་ཞེས་བྱ་བའི་བར་དུའོ། །དེ་ལྟར་ཡང་གསུངས་པ། ཕ་ལས་ཐོབ་པའི་བདེ་བ་གང་། །བདེ་དེ་རང་གིས་ལོངས་
Vol. 16 · folio 56a
སྤྱད་བྱ། །བདེ་བ་གང་གིས་འདིར་འཆི་བ། །དེ་ཡི་བདེ་བ་བསམ་གཏན་བརྗོད། །ཅེས་སོ། །ལྕེ་སྦོམ་ཞེས་བྱ་བ་ལ། བཞིན་འཕེལ་ཆེ་ཞིང་ནུ་རྒྱས་མ། །བཞིན་ཡང་ཐུང་ཞིང་སྐྲ་ཡང་ཐུང་། །གླང་ཆེན་དྲི་བྲོ་དྲེགས་པ་མ། །མདོར་བསྡུས་ནས་ནི་རབ་ཏུ་བཤད། །ལུས་
པོ་རིང་ཞིང་བཞིན་ཡང་རིང་། །དེ་བཞིན་ལག་པ་རྐང་པ་རིང་། །ཉ་ཡི་དྲི་བྲོ་ཁུ་བ་འབབ། །སྐྱེ་གནས་རིང་ཞིང་ཟླ་བ་འདྲ། །མཉམ་ཞིང་སྔོ་བསངས་ནུ་མ་མཁྲང་། །ཡན་ལག་ཆུང་ཞིང་སྐྲ་ཡང་སྲབ། །སྐྱེ་གནས་ཆུང་ཞིང་སྐྲ་ཡང་རྩུབ། །དལ་བར་སྨྲ་ཞིང་སྣ་མཐོ་མ། །མགྲིན་པ་ཧ་ཅང་རིང་
བ་མིན། །གཟུགས་མཛེས་པདྨ་དཀར་པོ་འདྲ། །ལུས་ལས་རྟག་ཏུ་རྡུལ་འབྱུང་བ། །ཤིན་ཏུ་དྲི་ཞིམ་ཡིད་འཕྲོག་མ། །མིག་དང་ལྟ་སྟོངས་རི་དགས་འདྲ། །རི་དགས་མགྲིན་པ་རི་དགས་ལྟོ། །རི་དགས་རྒྱལ་པོའི་རྐེད་པ་ཅན། །སྐལ་བཟང་པདྨའི་དྲི་དང་ལྡན། །དེ་ཡི་མིག་ནི་དམར་སེར་ལ། །
ཞེས་བྱ་བ་ལ་དམར་སེར་ནི་ཅུང་ཟད་དམར་བ་སྟེ། དེ་བཞིན་ལག་པ་རྐང་པའང་དམར། །མཱ་ལི་ཀ་ཡི་དྲི་འབྱུང་ཞིང་། །བདེ་གཤེགས་འདུས་ལ་དགའ་བ་ཡི། །བུད་མེད་དངོས་གྲུབ་སྟེར་བར་བྱེད། །ལུས་རྒྱས་ནུ་མ་ཡང་རྒྱས་ཤིང་། །སྐྲ་ནི་འཁྱིལ་བར་གྱུར་པ་དང་། །ངང་པའི་
འགྲོས་ཅན་དལ་བར་སྨྲ། །ཤིན་ཏུ་རིང་མིན་བཞིན་ཡང་ཟླུམ། །ལྟེ་བའི་དབུས་སུ་གཉེར་གསུམ་སྟེ། །དབུས་ནས་འཕྱང་བ་དེར་ཤེས་བྱ། །རྩུབ་ཅིང་ཡན་ལག་རྩུབ་པ་དང་། །ལྷ་སྦྱིན་ལྟ་བུས་གཞན་ལ་སྨོད། །སྐྲ་ནི་འཁྱིལ་ཞིང་ཁམ་པར་གནས། །མདོག་ངན་ཡན་ལག་རྩུབ་
པ་དང་། །སྐྱེས་པ་ལྟ་བུར་ནུ་མ་སྤངས། །སཱ་ལ་ལྟ་བུའི་དྲི་ཡང་བྲོ། །འོད་འབར་སཱ་ལའི་དྲིས་བྱུགས་ལ། །རྟག་ཏུ་ཆང་ལ་དགའ་བ་སྟེ། །དམ་ཚིག་སྤྱོད་པ་ཕུན་སུམ་ཚོགས། །བསམ་པ་རྟོགས་ལ་ནན་ཏན་བྱེད། །ཁྱད་པར་ཅན་གྱི་དྲི་ཞིམ་པ། །ཆང་གི་རྗེས་སུ་འགྲོ་བ་སྟེ། །
ཆང་གི་ཁྱད་པར་དག་དང་ནི། །ཆང་གིས་ཤིན་ཏུ་མྱོས་པ་དང་། །དེ་བཞིན་ཁུ་བ་མང་པོའོ། །དངོས་གྲུབ་ཀུན་གྱིས་ཐུན་མོང་དུ། །ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་གྱིས་ཁྱད་པར་རྙེད་ནས་ཐར་པའི་དོན་དུ་ཐམས་ཅད་རྗེས་སུ་འགྲོ་བའོ། །དྲན་ཞེས་བྱ་བ་ནི་འདིའི་མཚན་ཉིད་རྣམས་
Vol. 16 · folio 56b
སོ། །ཡང་དག་ལྡན་ཞེས་བྱ་བ་ནི་རྣལ་འབྱོར་མའོ། །ཕོ་ཉ་ལ་སོགས་གོ་འཕང་བཅས། །ཞེས་བྱ་བ་ལ་གོ་འཕང་ནི་རབ་ཏུ་གནས་ཞེས་པ་སྟེ། ཡོན་ཏན་གྱི་གནས་ཞེས་བྱ་བ་ཡིན་ལ་དེ་དང་བཅས་པའོ། །གང་གི་ཡིན་ཞེ་ན། མཁའ་འགྲོ་མ་མཆོག་ཉི་ཤུ་བཞི། །ཞེས་བྱ་བ་སྟེ་དེ་རྣམས་
ཀྱིས་མ་ལུས་པ་རྣམས་བསྡུས་པའོ། །གང་གི་ཕྱིར་དེ་རྣམས་ཀྱིས་འཇིག་རྟེན་གསུམ་དུ་ཁྱབ་པ་ཞེས་བྱ་བ་སྟེ། དེ་དག་རྙེད་ནས་མཆོད་པ་བྱས་པས་ནི་སྒྲུབ་པ་པོ་ལ་ལོངས་སྤྱོད་དང་གྲོལ་བའི་འབྲས་བུ་རབ་ཏུ་སྩོལ་བར་འགྱུར་རོ། །རྩ་བའི་སྔགས་ནི་རྟག་ཏུ་ཟློས། །ཞེས་བྱ་བ་
ལ་ལམ་ངན་པ་ཐམས་ཅད་ལས་ཡིད་སྐྱོབ་པས་ན་སྔགས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། དེ་རྣམ་པར་དག་པའི་སྔགས་ཟློས་པའོ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ཞེས་བྱ་བ་ལ་འདོད་པར་བྱ་བས་འདོད་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་རྡོ་རྗེ་འཛིན་པ་
ལ་སོགས་པའི་གཟུགས་སོ། །དེའི་སྒྲུབ་པ་པོ་སྟེ་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་ཐོབ་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་སྔགས་འདི་ལས་བྱུང་བ་ཡིན་ཏེ་ཞེས་བྱ་བ་ནི། ཤིན་ཏུ་གོམས་པ་རྙེད་པར་འགྱུར་བའོ་ཞེས་བྱ་བའི་དོན་ནོ། །དེ་ཅི་ཞིག་ཅེ་ན། རྒྱུ་དང་མི་རྒྱུ་འཇིག་རྟེན་གསུམ། །ཞེས་བྱ་བ་
སྟེ། འཇིག་རྟེན་གསུམ་ནི་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་ངོ་། །རྒྱུ་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །མི་རྒྱུ་བ་ནི་སྣོད་ཀྱི་འཇིག་རྟེན་ནོ། །དེའི་ཚེ་དེ་དག་ལྷན་ཅིག་རྡོ་རྗེ་འཛིན་པའི་རོར་རོ་གཅིག་ཅེས་བྱའོ། །ཡང་ན་འཇིག་རྟེན་གསུམ་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །དེ་རྣམས་ཀྱི་རྒྱུ་
བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ། བདེ་བ་འདོད་པས་སྐྱེད་པའི་ཕྱིར་རྒྱུའོ། །མི་རྒྱུ་བ་ནི་དེ་ཐོབ་པ་སྟེ་དེ་དག་ལྷན་ཅིག་འཇུག་པ་ཞེས་བྱ་བར་སྦྱར་རོ། །དེ་སུའི་ཞེ་ན་སྒྲུབ་པ་པོ་ནི་ཞེས་བྱ་བ་སྟེ། གང་གི་ཕྱིར་འདི་སྔགས་དང་ཕྱག་རྒྱ་ཡང་དག་པར་ལྡན་ཞིང་དངོས་གྲུབ་ལ་བརྩོན་པ་ཉིད་
དོ། །དེ་ཉིད་ཀྱིས་ན། །ཕྱག་རྒྱ་དང་བྲལ་བྱིན་མི་རློབ། །ཅེས་བྱ་བ་སྟེ། སྐུ་གསུང་ཐུགས་ལ་འདེབས་པ་སྟེ། །ཤེས་རབ་ཕྱག་རྒྱར་རབ་ཏུ་བརྗོད། །དེ་དང་བྲལ་བ་ནི་ཉན་ཐོས་ལྟར་དད་པའི་ནོར་མེད་པའི་ཕྱིར་ལུས་ཅན་དེ་ལ་སྔགས་ཀྱིས་བྱིན་གྱིས་རློབ་པར་མི་འགྱུར་རོ། །སྔགས་ཞེས་བྱ་བ་
Vol. 16 · folio 57a
ནི། གཉིས་སུ་མེད་པའི་ཡེ་ཤེས་ཏེ། རྡོ་རྗེ་འཛིན་པ་ཐོབ་ཅེས་བྱ་བའི་དོན་ནོ། །གང་གི་ཕྱིར་དེས་ན། ཤིན་ཏུ་སྦྱར་བས་རྟོགས་པར་བྱ། །ཞེས་བྱ་བ་ནི། ཡིད་གཞན་དུ་མ་ཡེངས་པ་སྟེ་ཤིན་ཏུ་བརྩོན་པས་སོ། །ཇི་སྲིད་དྲོ་བའི་བྱ་བ་དག །ཅེས་བྱ་བ་ལ། དང་པོ་ཤེས་རབ་
དྲོ་བ་སྟེ། །གཉིས་པ་དུ་བ་ལྡན་པར་འགྱུར། །གསུམ་པ་ལ་ནི་འོད་འཁྲུག་འབྱུང་། །བཞི་པ་མར་མེ་ལྟར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་པ་ཡི་ནམ་མཁའ་བཞིན། །དོན་འདི་ཉིད་གསལ་བར་གསུངས་པ། །སྣང་བ་ཅུང་ཟད་གསལ་བ་ནི། །དྲོ་བར་གྱུར་པ་ཞེས་
བྱའོ། །ཡེ་ཤེས་ཀྱི་སྣང་བ་དེ་ཉིད་འབྲིང་པོར་གསལ་བ་ནི་རྩེ་མོར་གྱུར་པ་ཞེས་བྱའོ། །གང་གི་ཚེ་ཕྱི་རོལ་གྱི་དོན་གསལ་ནས་ཡེ་ཤེས་ཀྱི་སྣང་བ་མཆེད་ནས་རྣམ་པར་རིག་པ་ཙམ་གྱི་གནས་སྐབས་སུ་རྟོག་པའི་ཚོགས་ལས་གྲོལ་བའི་རྒྱུན་མི་ཆད་པར་འོད་གསལ་བ་ནི་བཟོད་པ་ཞེས་བྱའོ། །དེ་ཉིད་
སངས་རྒྱས་ཀྱི་ཆོས་རྣམས་མཆོག་ཏུ་གྱུར་པ་ནི་ཆོས་ཀྱི་མཆོག་ཅེས་བྱ་བའི་དོན་ནོ། །གང་ཞིག་སྡང་ཞེས་བྱ་བ་ལ་སོགས་པ་ནི་རྨོངས་ཤིང་སྡིག་པའི་གྲོགས་པོ་དང་འདུས་པས་སུན་འབྱིན་འོག་ཏུ་ཕྱོགས་པས་མནར་མེད་པར་འགྲོ་བར་འགྱུར་རོ། །རྣལ་འབྱོར་ཆེ་མཆོག་ཅེས་བྱ་བ་ལ་
སོགས་པ་ལ་ཡུལ་དེ་ཡོངས་སུ་བརྟགས་པ་སྟེ། ཞེས་བྱ་བ་ནི་ཅི་ནས་ཀྱང་དེའི་རྩ་ལག་རྣམས་ཀྱང་མཆོད་པར་བྱའོ་ཞེས་བྱ་བའོ། །དེ་རུང་ནི་ཞེས་བྱ་བ་ནི་རྣལ་འབྱོར་པའི་སྙིང་ལ་གནས་པའོ་ཞེས་བྱ་བའི་དོན་ནོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་
ལེའུ་ཉི་ཤུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ནས་གཞན་ཡང་ཞེས་བྱ་བ་ནི། ཧེ་རུ་ཀ་ལས་གཞན་པ་སྟེ། །ཁྲོ་བོའི་རྒྱལ་པོ་གནོད་མཛེས་ཞེས་བྱ་བའི་དོན་ནོ། །དེའི་མངོན་པར་རྟོགས་པའོ། །དགོད་པ་ནི་དབྱངས་དང་ཡི་གེ་རྣམས་གོ་རིམས་ཇི་ལྟ་བ་བཞིན་རྒྱས་པར་བྱས་
པའོ། །སའི་ཆ་ནི་ཞེས་བྱ་བ་ལ་སོགས་པ་ནི་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱིན་པའོ། །ཀུན་དུ་འགྱུར་བའི་ས་བོན་ནི། །ཡི་གེ་ཧཱུཾ་གི་ཆ་གཟུགས་ཅན། །མི་འགྱུར་བ་ནི་བདེ་བ་སྟེ། །ནམ་མཁའ་དང་མཉམ་གནས་མེད་པ། །དེ་ནས་གོ་ཆ་བཅིངས་བྱས་ནས། །ཐམས་
Vol. 16 · folio 57b
ཅད་སྟོང་པ་རྟེན་མེད་པ། །རྫ་རྔ་ཞེས་བྱའི་ཡི་གེ་གསུམ། །སྐུ་གསུང་ཐུགས་ཀྱི་དབྱེ་བས་སྐུ་གསུམ་མོ། །རླུང་གིས་ཤིན་ཏུ་བསྐོར་བ་ཡི། །རི་མོ་བརྒྱད་ལ་ཡང་དག་བརྟེན། །རི་མོ་དགུ་པ་དབུས་གནས་པ། །སྟོང་པའི་རྣམ་པ་དྲི་མེད་དགོད། །ཨཱ་ལི་ཀཱ་ལི་མཉམ་རྒྱས་བྱ། །དགའ་
བ་བཞི་ཡི་རང་བཞིན་ཅན། །ཆོས་ཀྱི་རྔ་ཆེན་མི་ཤིགས་པ། །གསུང་རབ་ཡན་ལག་བཅུ་གཉིས་པ། །ཆོས་ཀྱི་ཡི་གེ་ཡོངས་རྫོགས་པ། །དེ་ནས་གྲངས་ཀྱི་ནང་སོང་བས། །ཆོས་བདག་མེད་པ་ཡང་དག་བསྟེན། །ཞལ་བཞི་པར་ནི་རྣམ་པར་གྲགས། །བདུད་བཞི་རྣམ་པར་འཇོམས་
པའོ། །རླུང་ལ་ཞོན་ནས་སྤྲོ་བྱེད་ཅིང་། །ཁམས་གསུམ་པ་ནི་ཡང་དག་སྡུད། །རླུང་གི་དེ་ཉིད་ཤིན་ཏུ་རིག །རིམ་བཞིན་འབྱུང་དང་རི་མ་མིན་པའི། །ཨཱ་ལི་ཀཱ་ལི་ལས་བྱུང་བ། །རྗོད་དང་བརྗོད་བྱའི་ཡི་གེ་སྟེ། །སྒྲ་བརྙན་ལྟ་བུའི་རྣམ་པར་རྟོག །རེ་མིག་སུམ་ཅུ་གཉིས་པ་བླང་། །
ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟ་བ་བཞིན་ཏེ་གོ་སླའོ། །ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་རཱ་ཛ་ཧུཾ་ཧཱུཾ་ཕཊ། འདི་ནི་ཁམས་གསུམ་རྣམ་རྒྱལ་ཞེས་བྱ་བའོ། །སྔགས་ཚིག་བཞི་ཡིས་རྣམ་པར་བརྒྱན། །
དཀྱིལ་འཁོར་བསྲུང་བའི་དོན་དུ་ནི། །གདུག་པ་ཐམས་ཅད་ངེས་གནོན་པས། །ཁྲོ་བོ་བཞི་དང་ཡང་དག་ལྡན། །སྐད་ཅིག་གིས་ནི་སྐུ་བརྒྱད་འགྱུར། །ཞེས་བྱ་བ་ལ་སྔགས་རེ་རེ་ཞིང་སྐུ་གཉིས་གཉིས་སྤྲོ་བར་བྱ་སྟེ། ཤིན་ཏུ་དྲག་ཅིང་བགེགས་ཐམས་ཅད་སེལ་བར་བྱེད་པའི་འཁོར་ལོ་
ཆེན་པོའི་ཁོར་ཡུག་གི་མཐར་ཐུག་པར་ཁྭའི་གདོང་པ་ལ་སོགས་པ་བརྒྱད། ཞལ་གཅིག་པ་ཕྱག་གཉིས་པ་ལ་ཟངས་གྲི་དང་ཁ་ཊྭཱཾ་ག་འཛིན་པ་འོད་ཟེར་དམར་པོ་འབར་བའི་སྤྱན་གསུམ་པ་དྲག་ཅིང་འཇིགས་པར་བྱེད་པ་ལང་ཚོ་ལ་བབ་པ། གཞོན་ཞིང་རྣམ་པར་འགྱུར་བའི་ཞལ་ཅན་
སྟག་གི་པགས་པས་རྐེད་པ་དཀྲིས་པ་སྨད་ཀྱི་ཆ་ཕུར་བུའི་རྣམ་པར་རྣོ་ཞིང་འབར་ལ་བསྐལ་པ་འཇིག་པའི་མེ་དང་འདྲ་བར་འོད་ཟེར་འབར་བ་ལ་གནས་པའོ། །དེ་ནས་ཕྱོགས་མཚམས་བརྒྱད་དུ་བགེགས་ཀྱི་ཚོགས་རྣམས་དོང་གི་ནང་དུ་ཆུད་པར་བྱས་ལ་ལུགས་སུ་འབྱུང་བ་དང་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words