རིན་པོ་ཆེའི་ཚོགས་ཞེས་བྱ་བའི་དཀའ་འགྲེལ

Sanskrit title (Tibetan script, as in the text) རཏྣ་ཚ་ད་ནཱ་མ་པཉྩི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 16 · folio 299b

དྲིལ་བུ་དང་། ཐོད་པ་དང་། རྡོ་རྗེ་དང་། སྡིགས་མཛུབ་མཛད་ཅིང་སྟག་གི་པགས་པ་བསྣམས་པ། སྤྱན་གསུམ་དྲག་པོའི་གཟུགས་ཅན་དེ་ལྟར་ཁྲོ་བོ་བཞི་ཡོངས་སུ་རྫོགས་པའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་པས་ལས་ཐམས་ཅད་བྱེད་པ་ཡིན་གྱིས། སྔགས་ཙམ་གྱིས་ནི་མ་ཡིན་

ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་ནི་བརྒྱད་པོ་ཡང་དག་ལྡན། །ཞེས་བྱ་བ་ལ། གཟུགས་བརྒྱད་ནི་གཤིན་རྗེ་སྲེག་མ་ལ་སོགས་པ་ནས། གཤིན་རྗེ་འཇོམས་མའི་མཐར་ཐུག་པ་དམ་ཚིག་འཁོར་ལོར་གནས་པའི་ཕོ་ཉ་མོར་བསྟན་ཏོ། །དེ་རྣམས་དང་ལྡན་པ་ནི་གཟུགས་བརྒྱད་དང་

ལྡན་པའོ། །འཁོར་དང་བཅས་པའི་བཅོམ་ལྡན་འདས་བཤད་པ་ནི་རེ་ཞིག་བཞག་ན། སྔགས་ཀྱང་ཅིའི་ཕྱིར་བསྟན་ཞེ་ན། དེ་ཡི་དཀྱིལ་འཁོར་བསྲུང་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། དཔལ་དང་ལྡན་པ་རྡོ་རྗེ་ཧཱུཾ་མཛད་དེའི་དཀྱིལ་འཁོར་དང་། ཁྱད་པར་དུ་སེམས་ཅན་

ཐམས་ཅད་ལ་ཡང་བསྲུང་བའི་ཕྱིར་ཞེས་དགོངས་པ་དང་ལྡན་པའི་སྔགས་བཤད་པ་ཁོ་ན་རིགས་པ་ཡིན་ནོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། རྫ་རྔ་བཅིང་པའི་སྔགས་བཏུ་བའི་ཆོ་གའི་ལེའུ་སྟེ་སུམ་ཅུ་པའོ།། །།སྔགས་བཏུ་བ་

བཤད་ནས། དེའི་འོག་ཏུ་སྔགས་ཀྱི་བསྒྲུབ་པ་དགོས་པ་བསྟན་པར་བྱ་བའི་ཕྱིར། ལེའུ་སུམ་ཅུ་རྩ་གཅིག་པ་བརྗོད་པར་བྱ་སྟེ། དེ་ནས་ཤ་ཆེན་དག་གིས་ཀུན། །ཞེས་བྱ་བ་ལ་སོགས་པ་ལ། བཏུས་མ་ཐག་པའི་ཞལ་བཞི་པའི་སྔགས་དང་ལྡན་པའི་ཤ་ཆེན་གྱི་སྦྱིན་སྲེག་དང་།

གཏོར་མ་དང་། དམ་ཚིག་ཅན་གྱི་ཟས་སམ། དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་རྣམས་འཇིག་ཅིང་འཇོམས་པར་བྱེད་པའོ། །རྡོ་རྗེ་སྐྱེས་ཞེས་བྱ་བ་ནི་རྡོ་རྗེ་ས་འོག་ལ་སོགས་པ་ལས་འབྱུང་བ་ཞེས་བྱ་བའི་དོན་ཏོ། །ཅི་གདོན་མི་ཟ་བར་གྲུབ་པ་མ་ཞེ་ན། འདི་ནི་གདུག་པ་ཅན་

ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤ་དེ་དག་དང་སྔགས་ཀྱིས་འཇིག་པར་བྱེད་ཅིང་འཇོམས་པར་བྱེད་པའོ། །ཇི་ལྟར་རྡོ་རྗེ་ལས་སྐྱེས་པ། །དེ་བཞིན་དུ་འདི་ཡང་ཤེས་པར་བྱའོ། །འདི་དག་ཀྱང་དཀོན་པར་འགྱུར་ཞེ་ན། དེའི་ཚེ་དགྲ་བོ་རྣམས་ལ་ཅི་ཚར་གཅོད་པར་མི་བྱའམ་

Vol. 16 · folio 300a

ཞེ་ན། དེ་བཞིན་ཁྱི་དང་ཕག་གི་ཤ །ཞེས་བྱ་བ་ལ་སོགས་པ་ལ། ཤ་ཆེན་པོ་ཇི་ལྟ་བ་བཞིན་དུ་དེ་བཞིན་དུ་ཁྱི་དང་ཕག་ལ་སོགས་པའི་ཤ་སྐྱེ་བོ་ཐམས་ཅད་རྙེད་པར་སླ་བར་གྱུར་པས་ལས་ཐམས་ཅད་བྱེད་པ་ཞེས་བསྟན་ཏོ། །མ་ལུས་ལུས་པ་མེད་གྲུབ་ཅིང་། །ཞེས་བྱ་བ་ལ། མ་

ལུས་པ་ནི་དངོས་གྲུབ་ཆེན་པོ་བརྒྱད་དོ། །ལུས་པ་མེད་པ་ནི་ཐམས་ཅད་དོ། །དེ་དག་གིས་འདུས་པ་ནི་མ་ལུས་ལུས་པ་མེད་པར་འགྲུབ་པར་འགྱུར་རོ། །རྒྱལ་སྲིད་ཐམས་ཅད་ནི་ཞེས་བྱ་བ་ནི་ཕྱོགས་སྐྱོང་བ་སྟེ། དེ་དག་གི་བདག་པོ་ཉིད་ནི་རྒྱལ་སྲིད་ཐམས་ཅད་དོ། །དེ་ལྟ་བུའི་ཕན་ཡོན་དང་ལྡན་

པའི་གཏོར་མ་དང་སྦྱིན་སྲེག་བྱ་བ་ཡིན་ན། དེའི་བྱེད་པ་པོ་ནི་གང་ཡིན་ཞེ་ན། ཞེས་རིང་དུ་སོང་ཞིང་བཅོམ་ལྡན་འདས་དེ་ཉིད་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་འཛིན་པ། དཔལ་རྡོ་རྗེ་ཧཱུཾ་མཛད་བསྟན་པར་བྱ་བའི་ཕྱིར། དཔའ་བོ་ཐོད་པའི་ཕྲེང་བ་ཅན། །ཞེས་བྱ་བ་ལ་སོགས་པ་སྨོས་

སོ། །ཀྱེ་མ་ཤིན་ཏུ་སྨོད་པར་བྱེད་པའི་ཐོད་པ་མི་གཙང་ཞིང་གཙང་མ་རྣམས་ཀྱིས་རེག་ཏུ་མི་འདོད་པ་དེའི་ཕྲེང་བ་ཅན་གྱི་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣམ་པ་དེས་ཅི་ཞིག་བྱ་ཞེས་རྒོལ་བ་ལ། ལན་བསྟན་པར་བྱ་བའི་ཕྱིར། དུང་དང་ཉ་ཕྱིས་མུ་ཏིག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ། དུང་ལ་སོགས་པ་ནི་

མུ་ཏིག་དང་ལྡན་པའི་སྲོག་ཆགས་ལས་བྱུང་བ་དེ་ཡང་གཙང་ཞིང་དག་པར་བྱེད་པ་དེ་ཡང་ཞེས་འདོད་པ་ཡིན་ན། འོན་ཀྱང་ཆོས་ཀྱི་ཡེ་ཤེས་ལུས་ཅན། །ཞེས་བྱ་བ་ལ་སོགས་པ་ལ། ཆོས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའོ། །དེ་ཉིད་ཡེ་ཤེས་ལས་གཞན་མ་

ཡིན་པའི་ཕྱིར། ཡེ་ཤེས་དེའི་ལུས་གང་ལ་ཡོད་པ་དེ་དག་ནི་ཆོས་ཀྱི་ཡེ་ཤེས་ལུས་ཏེ་དཔའ་བོ་རྣམས་སོ། །ཆོས་ཀྱི་ཡེ་ཤེས་ལུས་ཅན་དཔའ་བོ་དེ་དག་དང་། འཁོར་ལོས་སྒྱུར་བའི་དཔའ་མོ་རྣམས་ཀྱི་ཐོད་པ་སྲོག་ཆགས་ལས་མི་འབྱུང་ཞིང་། རྣམ་པར་སྣང་མཛད་གསང་སྔགས་རྣམ་པར་

དག་པ་སྨོད་པར་བྱ་བ་མ་ཡིན་པ་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། གང་གིས་སྨོད་དེ་མི་སྨོད་ཅེས་བྱ་བའི་དོན་ཏོ། །དེ་བས་ན་དག་པར་བྱེད་པ་ཡིན་པའི་ཕྱིར། ཐོད་པའི་ཕྲེང་བ་ཅན་བསྒོམ་པར་བྱ་ཞེས་བསྟན་ཏོ། །དེ་གང་ཞེ་ན། དཔའ་བོ་ཞེས་བྱ་བ་ལ་སོགས་པ་ལ། པུལླཱི་ར་མཱ་ལ་

Vol. 16 · folio 300b

སོགས་པའི་གནས་ཉི་ཤུ་རྩ་བཞིར་ཁྱད་པར་དུ་འགྲོ་བས་ན་དཔའ་བོ་སྟེ་ཐོད་པའི་དུམ་བུ་ལ་སོགས་པ་དེ་དག་ལ་འགྲོ་བས་ན་དཔའ་བོ་སྟེ། བཅོམ་ལྡན་འདས་དཔལ་བདེ་མཆོག་གོ། །དེ་ཅི་ལྟ་བུ་ཞེ་ན། ཟླ་བ་ཕྱེད་པས་དབུ་ལ་བརྒྱན། །ཞེས་བྱའོ། །ཟླ་བ་ནི་རྒྱན་ཡིན་ན། ཅིའི་ཕྱིར་ཕྱེད་ཡིན་

ལ་རྒྱས་པ་མ་ཡིན་ཞེ་ན། དཔའ་བོ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དཔའ་བོ་རྣམས་དང་དམ་ཚིག་སོ་སོར་ཡིན་པའི་ཕྱིར། དཔའ་བོ་དག་གི་ཟླ་བ་རྒྱས་པའི་རྒྱན་ཞེས་བྱ་བ་ཡིན་གྱི། བཅོམ་ལྡན་འདས་ལ་དེ་མ་བསྟན་ཏོ། །ཟླ་བ་ཕྱེད་པ་དེ་ཅི་ལྟ་བུ་ཞེ་ན། དཔའ་བོ་སྐྱེས་པ་ལས་

ཞེས་བྱ་བ་ནི་དཔའ་བོ་རྣམས་གང་ལས་སྐྱེས་པ་དེ་ནི་དཔའ་བོ་སྐྱེས་ཏེ། ཡར་གྱི་ངོ་བཞིན་དེ་བཞིན་གཡོན་པའི་ལོགས་སུ་གནས་པ་ཆ་བཅུ་དྲུག་གཉིས་པའི་ཚོགས་ཀྱི་རང་བཞིན་ནོ། །དེ་ལྟར་གྱུར་པའི་དཔའ་བོ་འཁོར་ལོས་སྒྱུར་བ་ཅི་ཞིག་བྱེད་ཅེ་ན། བརྡ་ནི་ལྔ་པོ་བསྟན་པ་དང་། །ཞེས་བྱ་བ་

ལ་སོགས་པ་ལ། དཔའ་བོ་དང་དཔའ་མོ་རྣམས་ཀྱིས་མཆོད་པ་ནི་བརྡའོ། །དེ་ཡང་སོར་མོ་ལྔ་ཡིན་པའི་ཕྱིར། སོ་སོའི་སྐྱེ་བོ་རྨོངས་པར་བྱ་བའི་དོན་དུ་བརྡ་ལྔ་བསྟན་པར་བྱའོ་ཞེས་པའི་དོན་ཏོ། །གང་གིས་ཤེ་ན། སྒྲུབ་པ་པོ་ཡི་ལག་གཡོན་གྱིས། །ཞེས་བྱ་བ་ནི། གཡས་བརྐྱང་བ་

ལས་གཞན་པ་ནི་ལག་གཡོན་ནོ། །སྒྲུབ་པ་པོ་ནི་ཕྱག་རྒྱའི་དངོས་གྲུབ་སྒྲུབ་པར་བྱེད་པའོ། །དེ་ལྟར་བརྡ་བསྟན་པ་ཡིན་ན། གཡོན་པ་ཁོ་ནས་ཡིན་གྱི། གཡས་པས་མ་ཡིན་ཞེས་ངེས་པ་གང་ཞེ་ན། འདི་ནི་དཔའ་བོའི་གནས་ཡིན་ཏེ། །ཞེས་བྱ་བ་ནི། གང་གི་ཕྱིར་གཡོན་པ་

བཤད་པའི་རིམ་པས་དཔའ་བོ་རྣམས་ཀྱི་གནས་ཡིན་པ་དེའི་ཕྱིར། གཡོན་པ་ཁོ་ནས་ངེས་བར་འབྱེད་དེ། དེ་བས་ན་དཔའ་བོའི་གནས་ལག་པ་གཡོན་པ་ཁོ་ན་ལས་བརྡ་འབྱུང་ངོ་། །གཡོན་ཡང་དེའི་བདེ་བ་བསྟན་པར་བྱ་བའི་ཕྱིར། འགྲོ་ཀུན་གཡོན་ལས་བྱུང་བ་ཡིན། །ཞེས་བྱ་བ་ལ་

སོགས་པ་སྨོས་སོ། །བཤད་པའི་རིམ་པས་གཡོན་པ་དེ་རེ་ཞིག་བཞག་ནས་བརྡ་ཇི་ལྟར་བསྟན་ཞེ་ན། རྡོ་རྗེ་སེམས་དཔའ་མཐེ་བོར་བཞུགས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་དང་། མི་བསྐྱོད་པ་དང་།

Vol. 16 · folio 301a

རིན་ཆེན་འབྱུང་ལྡན་ཞེས་བྱ་བ་དཔའ་བོ་ལྔ་དང་། ཁྱབ་པར་བྱེད་པར་དོན་ཡོད་གྲུབ་པ་དང་། དྲུག་བརྗོད་ཅིང་གོ་རིམས་སུ་མཐེ་བོ་ལ་སོགས་པ་བརྡའ་ལྔ་བསྟན་པར་བྱའོ། །བརྡ་བསྟན་ནས་བཟའ་བའི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། ལག་མཐིལ་ཤྲཱི་ཧེ་རུ་ཀ །ཞེས་བྱ་བ་

ལ་སོགས་པ་སྨོས་པ་ལ། ལག་མཐིལ་ནི་ལག་པའི་དཀྱིལ་དུའོ། །བཟའ་བའི་དུས་སུ་དགོད་པར་བྱའོ། །མི་འདའ་བའི་རྣམ་པར་དག་པ་བསྟན་པར་བྱ་བའི་ཕྱིར། ས་ནི་སྤྱན་ཞེས་བྱ་བར་བཤད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཟས་ཀྱི་མཐར་གཤེགས་སུ་གསོལ་བ་བསྟན་

པར་བྱ་བའི་ཕྱིར། མཁས་པས་རྒྱབ་ཏུ་གཤེགས་སུ་གསོལ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དག་ཅིའི་ཕྱིར་གསལ་པོར་མ་བསྟན་ཞེ་ན། གསང་བ་འདི་ནི་མི་བསྟན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་

ཞེས་བྱ་བ་ལས། བཟའ་བ་དང་། སྦྱིན་སྲེག་དང་། གཏོར་མའི་བྱ་བ་ལག་པའི་བརྡའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། །།སྦྱིན་སྲེག་དང་གཏོར་མ་དང་བརྡ་ལ་སོགས་པ་བསྟན་ནས། བཟའ་བ་དང་བཅའ་བ་ལ་སོགས་པ་དང་། རོ་ལངས་སྒྲུབ་པ་བརྗོད་པར་བྱ་བའི་ཕྱིར།

ལེའུ་སུམ་ཅུ་རྩ་གཉིས་པ་གསུངས་ཏེ། དེ་ནས་གཞན་ཡང་བཤད་བྱ་བ། །བཟའ་བ་བཅའ་བའི་འདུས་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཟའ་བས་ནི་བཟའ་པ་སྟེ། དངོས་གྲུབ་ཀྱི་ཡན་ལག་ཏུ་གྱུར་པའི་ཕྱུགས་རྣམས་སོ། །བཟའ་བ་དང་བཅའ་བ་དེ་དག་གིས་བསྡུས་པ་

ནི་ཉེ་བར་བསྡུས་པ་སྟེ། བཟའ་བ་དང་བཅའ་བའི་བསྡུས་པའོ། །དེ་ཅི་ལྟ་བུ་ཞེ་ན། ཡང་དག་ཆོ་ག་གང་གིས་ཤེས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། བཤད་པར་གྱུར་པའི་འཇིགས་བྱེད་ཀྱི་ཡན་ལག་ཏུ་གྱུར་པའི་བདག་ཉིད་བྱའོ། །དཔའ་བོ་ལྔ་དང་མི་འགལ་བའི་ཕྱུགས་ལྔའམ།

མི་འགལ་བའི་རྟ་ལ་སོགས་པ་ལ་འཚེ་བ་མ་བྱས་པས་བསྡུས་པའོ། །དེ་རྣམས་བདུད་རྩིར་བྱ་བའི་ཡང་དག་པའི་ཆོ་གས་གང་དུ་བསྒྲུབས་པ་དེ་ནི་བཟའ་བ་དང་བཅའ་བའི་བསྡུས་པ་ཡང་དག་པའི་ཆོ་ག་དེས་མྱུར་དུ་དངོས་གྲུབ་ནི་གོམས་པ་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་འདིར་

Vol. 16 · folio 301b

བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །ཕྱུགས་རྣམས་དགུག་པ་ཉིད་དང་ནི། །ཞེས་བྱ་བ་ནི། ཕྱུགས་རྣམས་ཉེ་བར་བསྡུས་པ་སྒྲུབ་པ་པོས་སྔར་བཤད་པའི་རིམ་པ་སྟེ། ཉི་ཤུ་རྩ་དགུ་པའི་ལེའུ་ལས་བཤད་པའི་དྲག་པོའི་རིམ་པ་བསྒྲུབ་པའོ། །སྒྲུབ་པ་པོའི་

བཟའ་བ་དང་བཅའ་བའི་རིམ་པ་གང་ཞེ་ན། དེ་བཞིན་ཕྱུགས་ནི་ལྔ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་ལྟར་སོར་མོའི་ངོས་ལ་རྟ་མགྲིན་དང་སྡུད་པར་བྱེད་པ་དང་དྲུག་སྟེ། བརྡ་ལྔར་བསྟན་པ་དེ་བཞིན་དུ་ཡང་ཕྱུགས་ལྔ་བསྟན་པ་ཡིན་ཏེ། ཕྱུགས་ཀྱི་མིང་ནི་བོང་བུ་དང་།

མི་དང་། རུས་སྦལ་དང་། རྔ་མོ་དང་། ཝ་དང་། ཅེ་སྤྱང་ལ་སོགས་པ་དེས་བྱེད་པའི་ཚིག་མེད་པར་བསྟན་ཏོ། །དེ་བས་ན་རྟ་ལ་སོགས་ཀྱིས་ཞེས་བྱ་བ་ནི། རྟ་ལ་སོགས་པའི་མིང་གི་སྒོ་ནས་བསྟན་པའོ། །ཇི་ལྟ་བུ་ཞེ་ན། དངོས་གྲུབ་ཀྱི་ཡན་ལག་ནི་དངོས་གྲུབ་ཀྱི་རྒྱུའོ། །ཅི་གང་རུང་

རུང་གི་ཟ་བས་དངོས་གྲུབ་ཀྱི་ཡན་ལག་ཏུ་འགྱུར་རམ་ཞེ་ན། དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་དུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞི་བ་དང་རྒྱས་པ་ལས་གཞན་མ་ཡིན་པའི་ཕྱིར་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་བྲི་བའི་དུས་སུ་དམ་ཚིག་གི་ཕྱིར་བཟའ་བ་བསྟན་ཏོ། །དེ་ཉིད་

བཤད་པ། དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་དུ། །ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་དཀྱིལ་འཁོར་དུའོ། །ཕྱུགས་ལྔ་པོ་ནི་ཉོན་མོངས་པ་ལྔ་སྟེ། སངས་རྒྱས་ལྔ་རྡོ་རྗེ་སེམས་དཔའ་དང་དྲུག་སྟེ། དེ་དག་དང་ལྡན་པའི་སེམས་ནི་རྟ་ལ་སོགས་པ་དེ་དག་རང་བཞིན་མེད་པར་

དངོས་སུ་བྱ་བ་ནི་བཟའ་པའོ། །བོང་བུ་ལ་སོགས་པ་ཕྱུགས་ཡིན་ན། ཅིའི་ཕྱིར་མི་ཕྱུགས་སུ་འགྱུར་ཞེ་ན། རིགས་རྣམས་ལ་ནི་རིགས་ཅན་ཕྱུགས། །ཞེས་བྱ་བ་ལ་སོགས་པ་ལ། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། རིགས་བཞི་སྟེ།

དེ་དག་གི་རིགས་སམ་ཡོན་ཏན་ལ་བཏགས་པས་ཕྱུགས་ཞེས་བརྗོད་དོ། །ཇི་ལྟར་རྙེད་པའི་ཕྱུགས་བསྟན་པར་བྱ་བའི་ཕྱིར། རྐང་བཞི་པ་ནི་གླང་པོར་བཤད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷ་རྣམས་ལས་ནི་གདོང་མགུལ་མ། །ཞེས་བྱ་བ་ནི་བའོ། །དཀྱིལ་འཁོར་མ་གཏོགས་

Vol. 16 · folio 302a

པར་བཟའ་བ་དང་། སྦྱིན་སྲེག་དང་། གཏོར་མ་རྣམས་ཀྱིས་དངོས་གྲུབ་བསྒྲུབ་པར་བྱ་བའི་ཕྱིར། བྱ་རོག་ཅེ་སྤྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རོལ་བྱེད་མ་བསྒྲུབས་པའི་སྦྱིན་སྲེག་བསྟན་པར་བྱ་བའི་ཕྱིར། ཀྲྀཥྞ་ཤྭ་ཡི་འོ་མ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། ཁྱི་མོ་ནག་

མོའི་འོ་མ་དང་། །མར་གྱི་ངོའི་ཚེས་བརྒྱད་དང་བཅུ་བཞི་ལས་གཞན་པའི་ཉིན་ཞག་ལ། འབྲས་དང་བཅས་པའི་མ་ཤའི་ཐུག་པ་མིས་བསད་པའི་རོའི་ཁར་ནི་ཡེ་ཤེས་ཀྱི་མེ་ལ་ཞལ་བཞི་པའི་སྔགས་ཀྱིས་རྟོག་པ་མེད་པས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་རོ་དེ་ལངས་ནས་ནི། །ཞེས་བྱ་བ་

ནི་གོ་སླའོ། །ངེས་པར་ཅི་འགྱུར་ཞེ་ན། སྟེང་དང་འོག་གི་ཕོ་ཉ་འགྲུབ། །ཅེས་བྱ་བ་ལ་སོགས་པ་ལ། འོག་ནི་ས་སྤྱོད་དོ། །སྟེང་ནི་མཁའ་སྤྱོད་དོ། །བར་མ་ནི་ས་སྟེང་གནས་པ་དེ་དག་འཁོར་ལོ་རྣམ་པ་གསུམ་གྱི་རྣལ་འབྱོར་མ་འགྲུབ་ཅེས་ངེས་པར་བསྟན་ཏོ། །དེས་ནི་འཁོར་ལོས་སྒྱུར་བ་

ཡང་གོམས་པ་ཅིའི་ཕྱིར་མི་འགྲུབ་སྟེ། འགྲུབ་པ་ཁོ་ན་ཞེས་བསྟན་ཏོ། །དཀྱིལ་འཁོར་དེ་གང་ཡིན་པ་དང་། ཇི་ལྟར་འགྱུར་ན་ཆོས་ཀྱི་བརྡ་ཧེ་རུ་ཀ་ངེས་པར་འབྱུང་བའི་དཀྱིལ་འཁོར་དེ་ཉིད་སོ་སོར་བསྟན་པར་བྱ་བའི་ཕྱིར། ལྕི་བའི་ཐལ་བ་ཉིད་དག་དང་། །ལྷག་མ་སྐམ་པོ་རྩ་བ་གསུམ། །

ཞེས་བྱ་བ་ལ་སོགས་པ་ལ། ལྕི་བའི་ཐལ་བ་ནི་རྡོ་རྗེ་བཞི་བསྒོམས་པའི་འོག་ཏུ་རླུང་གི་དཀྱིལ་འཁོར་རོ། །སྐམ་པོ་རྩ་བ་གསུམ་ཞེས་བྱ་བ་ནི། མེ་དང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་རོ། །རིམ་པ་འདི་ཡང་མངོན་པར་རྟོགས་པ་ལས་གསལ་བར་ཤེས་པར་བྱའོ། །རེ་ཞིག་དཀྱིལ་

འཁོར་གཞན་ན། དཀྱིལ་འཁོར་གྱི་གཙོ་བོ་དེ་གང་ཡིན་སྙམ་པ་ལ། སྔར་བཤད་པ་བསྟན་པར་བྱ་བའི་ཕྱིར། ཕྱག་བཞི་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀྱིལ་འཁོར་དེར་བཅོམ་ལྡན་འདས་དང་འདྲ་བར་དགོད་པར་བྱའོ། །ཅི་ལྟར་དགོད་པར་བྱ་ཞེ་ན། དུང་ཆེན་པོ་ཡི་ངོ་བོར་བྱ། །ཞེས་

བྱ་བ་ལ་སོགས་པ་ལ། འདོད་པ་ཐམས་ཅད་བསྒྲུབ་པ་དང་། རྒྱལ་སྲིད་ཐོབ་པའི་ཕྱིར་མིའི་རུས་པའི་སྨྱུ་གུས་མིའི་པགས་པ་ལ་བྲིས་ནས་དགོད་དོ། །དེའི་ཕྱག་མཚན་ནི་གླང་པོའི་པགས་པ་འཛིན་པའོ། །རྡོ་རྗེ་སྨིན་མ་རྣམ་པར་མཛེས། །ཞེས་སྔར་བཤད་དོ། །དཔལ་འཁོར་ལོ་སྡོམ་

Vol. 16 · folio 302b

པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། རོ་ལངས་སྒྲུབ་པ་དང་། ཧེ་རུ་ཀ་བསྐྱེད་པའི་རིམ་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།རོ་ལངས་བསྒྲུབ་པ་བསྟན་ནས། གསང་བའི་མཆོད་པ་དང་། བཀུར་སྟི་བསྟན་པར་བྱ་བའི་ཕྱིར། ལེའུ་སུམ་ཅུ་རྩ་གསུམ་

པ་བཤད་པར་བྱ་སྟེ། དེ་ནས་སྒྲུབ་པ་པོ་རྣམས་ཀྱིས། །སྦྱོར་བ་ཀུན་ལ་མེད་པ་བཤད། །ཅེས་བྱ་བ་ལ་སོགས་པ་ལ། དེ་ནས་ནི་འཆད་པར་འགྱུར་བའི་སྦྱོར་བ་ལས། རྣལ་འབྱོར་ཐམས་ཅད་སྒྲུབ་པ་པོ་ལ་ཆོ་ག་གཞན་མེད་དེ། གལ་ཏེ་ཡོད་ན་འདི་ཉིད་ཡིན་གྱི་གཞན་མ་ཡིན་ཞེས་བྱ་

བའི་དོན་ཏོ། །གལ་ཏེ་དེ་ལྟ་ཡིན་ན་རྣལ་འབྱོར་དེ་གང་ཞེ་ན། བཟའ་བ་དང་བཅའ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཟའ་བ་ནི་བཟའ་བར་བྱའོ། །བཅའ་བ་ནི་ཉ་ལ་སོགས་པས་ཁྱད་པར་དུ་བྱས་པའི་འབྲས་ཆན་ལ་སོགས་པའོ། །གལ་ཏེ་ཉ་ལ་སོགས་པ་ཚོགས་མ་ནུས་ན་

དེའི་ཚེ་མི་བཟའ་འམ་ཞེ་ན། མེད་པར་གྱུར་ཀྱང་བཟའ་བ་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཉའི་ཤ་ལ་སོགས་པ་མེད་པར་གྱུར་ན་ཡང་གོང་དུ་བཤད་པའི་བོང་བུ་དང་། མི་དང་། རུས་སྦལ་དང་། རྔ་མོ་དང་། ཅེ་སྤྱང་ཞེས་བྱ་བ་ཟས་ལྔའམ། རྒྱུད་གཞན་ལས་བསྟན་པའི་གོ་ཀུ་ད་ཧ་ན་

རྣམས་ཉེ་བར་བླངས་ཏེ་བཟའ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །སྒྲུབ་པ་པོས་དེ་ལྟ་བུའི་བཟའ་བ་གང་དུ་བྱ་སྙམ་ན། མཚན་མོའི་དུས་ནི་ཉིད་དུ་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཚན་མོ་བཀག་པའི་ཟས་སློབ་དཔོན་གྱིས་བྱས་ནས་ཅི་ཞིག་བྱ་ཞེ་ན། དེ་ནས་

ཕོ་ཉ་རབ་སྦྱིན་ཞིང་། །ཞེས་བྱ་བ་ལ་སོགས་པ་ལ། ལེའུ་ཉི་ཤུ་རྩ་དྲུག་པར་བསྟན་པའམ། འོག་ནས་འཆད་པར་འགྱུར་བའི་མ་དང་སྲིང་མོ་ལ་སོགས་པ་ཕོ་ཉ་མོ་དེ་ནི་བླ་མས་གསང་བ་དང་ཕྱག་རྒྱ་ཐོབ་པའི་སློབ་མ་ལ་ཕྱག་རྒྱ་གཉིས་པ་སྦྱིན་པར་བྱ་ཞིང་གཏད་པར་བྱའོ་ཞེས་བསྟན་ཏོ། །

ཅི་རིང་དུ་གནས་ནས་སྦྱིན་པར་བྱའམ་ཞེ་ན། རང་གི་པང་པར་མགོ་བཞག་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིའི་ཕྱིར་སྦྱིན་པར་བྱ་ཞེ་ན། དཔའ་པོ་གཉིས་མེད་རབ་ཏུ་བསྟེན། །ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོར་གྱུར་ནས་གཉིས་དང་གཉིས་སུ་མེད་པ་ལས་འདས་ནས་

Vol. 16 · folio 303a

ཡེ་ཤེས་ཐོབ་པའི་ཕྱིར་སྤྱོད་དོ། །དེ་བསྟེན་པའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། བཅིངས་པ་རང་ལྟར་གྲོལ་བར་བྱ། །ཞེས་བྱ་བ་ལ། རང་དང་འདྲ་བར་གྲོལ་བ་ནི་རང་གྲོལ་ལོ། །ཡོན་ཏན་གྱི་རྗེས་སུ་གཟུང་བའི་སློབ་མ་སྲིད་པའི་འཆིང་བ་ལས་གྲོལ་བར་བྱ་ཞེས་བྱ་བའི་

དོན་ཏོ། །དེ་ལྟར་ཇི་ལྟར་འགྱུར་ཞེ་ན། བཞི་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་སྔགས་ནི་འགྲུབ་འགྱུར་ཏེ། །ཞེས་བྱ་བ་ལ། བསམ་པས་ན་སྔགས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དངོས་གྲུབ་དེས་མཚོན་པའི་ཕྱིར། དེ་ནས་སྔགས་འདི་རབ་སྒྲུབ་ཅེས་བྱ་བའི་དོན་ཏོ། །ཅི་སྔགས་ཀྱི་

དངོས་གྲུབ་དེ་བསྙེན་པ་ཙམ་གྱིས་འགྲུབ་བམ་ཞེ་ན། ཅི་སྲིད་འབྱུང་བ་དེ་བར་དུ། །ཞེས་བྱ་བ་ལ་སོགས་པ་ལ། ཡང་དག་པར་འབྱུང་བ་ནི་ཡང་དག་པར་འབྱུང་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རྒྱ་མཚོའི་རླབས་ཀྱིས་རྟོག་པའི་དྲི་མ་འཁྲུ་བའོ། །སྔོན་དུ་མ་བྱས་པའི་རྡོ་རྗེ་འཛིན་ཅི་ལྟར་འགྲུབ་ཅེ་

ན། སློབ་དཔོན་ལུས་སུ་གནས་ནས་སུ། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འཛིན་བདག་གི་སློབ་དཔོན་གྱི་རྣམ་པ་ཐོབ་ནས་མཆོད་པ་བླང་བར་བྱའོ། །ཇི་ལྟར་མངོན་སུམ་བཞིན་དུ་བདག་མངོན་སུམ་ཉིད་དུའོ། །དེ་ནས་སྒྲུབ་པ་པོ་འགྲུབ་པ་ལ་འཁྲུལ་པ་གང་ཡང་མེད་ཅེས་པའི་དོན་

ཏོ། །སྒྲུབ་པ་པོ་རྣམས་ལ་བཅོམ་ལྡན་འདས་འདི་རྟག་ཏུ་མ་བྲལ་བ་ཁོ་ན་ཡིན་ཞེས་བསྟན་པར་བྱ་བའི་ཕྱིར། དཔའ་བོ་རྣམས་ཀྱི་གནས་དག་ནི། །ཕྱག་རྒྱ་དག་ཏུ་ཐེ་ཚོམ་མེད། །ཅེས་བྱ་བ་ལ་སོགས་པ་ལ། དཔའ་བོ་ནི་རྡོ་རྗེ་འཆང་སྟེ། དེའི་གནས་ནི་གཞི་སྟེ་ཕྱག་རྒྱ་ཁོ་ནའོ། །བཅོམ་

ལྡན་འདས་ཀྱིས་དེ་ལྟར་མཆོད་པར་བྱ་བ་སྟེ་དངོས་སུ་བསྟན་པར་བྱ་བའི་ཕྱིར། གླུ་དང་གར་ལ་སོགས་པ་བྱ། །ཞེས་བྱ་བ་ལ། གླུ་ནི་ངང་པ་དང་གོང་མོ་ལ་སོགས་པའི་སྒྲའོ། །གར་ནི་ཡང་དག་པའི་རོལ་པ་ལ་སོགས་པས་རྣམ་པར་རོལ་པའོ། །ཡང་ན་བྷ་ར་ཏ་དང་། བི་ཤ་ཁེ་ལའི་བསྟན་བཅོས་

ལས་གར་དང་གླུ་ཤེས་པར་བྱའོ། །དེ་ལ་རོལ་སྟོན་ཡིན་ཞེས་བྱའོ། །དེ་བཞིན་དུ་གླུ་དང་གར་གྱི་དགའ་བ་ཡང་བྱའོ། །ཅི་སྲིད་རྣལ་འབྱོར་གྱི་ཡེ་ཤེས་ལ་དགའ་བར་མ་གྱུར་པ་དེ་སྲིད་དུ་འཁོར་བར་འགྱུར་རོ། །བཟློག་པ་བསྟན་པར་བྱ་བའི་ཕྱིར། མྱ་ངན་སྡུག་བསྔལ་གྱིས་གཡེངས་འདིར། །

Vol. 16 · folio 303b

ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་རྣལ་འབྱོར་གྱིས་ཡེ་ཤེས་ལ་དགའ་བ་དེ་ནི་དངོས་པོ་ཐམས་ཅད་བཟའ་བ་དང་། བཅའ་བ་དང་། བལྡག་པ་དང་། གླུ་དང་། གར་ལ་སོགས་པས་གྲོལ་བར་འདོད་པའི་ཕྱིར་ཕྱག་རྒྱ་མཆོད་ཅེས་བསྟན་ཏོ། །མཆོད་པ་ལས་བྱུང་བའི་དཔའ་བོའི་སྤྱོད་པ་ལྷག་

པར་བསྟན་པར་བྱ་བའི་ཕྱིར། དཔའ་བོས་དཔའ་བོ་ཡང་དག་སྤྱོད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། གསང་བའི་མཆོད་པ་དང་བསྙེན་བཀུར་གྱི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའོ།། །།གསང་

བའི་མཆོད་པ་དང་ཕོ་ཉ་མོའི་བསྙེན་བཀུར་བསྟན་ནས། ཕོ་ཉ་མོ་དང་གཉིས་སུ་མེད་པའི་སྦྱིན་སྲེག་བརྗོད་པར་བྱ་བའི་ཕྱིར། ལེའུ་སུམ་ཅུ་རྩ་བཞི་བཤད་པར་བྱ་སྟེ། དེ་ནས་མཁའ་འགྲོ་མ་དྲ་བའི། །འཁོར་ལོའི་ཆོ་ག་རྒྱས་པ་སྟེ། །ལས་གང་ལ་ནི་ཀུན་བརྗོད་པས། །འགྲུབ་པར་ཐེ་ཚོམ་

མེད་པའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཁའ་འགྲོ་མ་ནི་རབ་གཏུམ་མ་ལ་སོགས་པ་ཉི་ཤུ་རྩ་བཞི་པོ་དེའི་རང་བཞིན་གྱི་དྲ་བ་ནི་མཁའ་འགྲོ་མའི་དྲ་བ་སྟེ། བཅོམ་ལྡན་འདས་དཔལ་བདེ་མཆོག་གོ། །མཁའ་འགྲོ་མའི་དྲ་བ་དེའི་འཁོར་ལོ་དཀྱིལ་འཁོར་བའི་ལྷའི་ཚོགས་སུ་ཞི་བ་དང་

རྒྱས་པ་ལ་སོགས་པ་གང་ཅི་ཡང་རུང་བ་དེ་དག་མྱུར་དུ་ནི་ལས་རྣམས་རིང་པོ་མི་ཐོགས་པར་འགྱུར་ཞེས་བསྟན་ཏོ། །ཅི་ལྟར་འགྲུབ་འགྱུར་ཅེ་ན། དཔའ་བོ་ཐམས་ཅད་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་ཀུན་ནི་ཐོད་པའི་དུམ་བུ་ལ་སོགས་པ་དེ་དག་གང་དུ་འདུས་པ་དེ་ནི་དཔའ་བོ་

ཐམས་ཅད་རྣལ་འབྱོར་མ་སྟེ་དཔའ་བོ་ཐམས་ཅད་འདུས་བ་དེའི་མཁའ་འགྲོ་མ་ནི་རབ་གཏུམ་མ་ལ་སོགས་པའོ། །པདྨར་ཞེས་བྱ་བ་ནི་ལྟེ་བའི་རྩེ་མོར་ཡི་གེ་ཨ་དང་ལྡན་པའི་གནས་སུ་སྦྱར་བར་བྱའོ། །སྨིན་མའི་བར་དུ་ངེས་པར་གཞག །ཨ་བ་དྷཱུ་ཏཱི་གནས་དེ་བཞིན། །ཞེས་བྱ་བ་ལ། ཨ་བ་

དྷཱུ་ཏཱི་ནི་ཨ་བ་དྷཱུ་ཏཱི་བདག་པོ་དེའི་གནས་ནི་དགོད་པར་བྱའོ་ཞེས་པའོ། །སྨིན་མའི་དབུས་ན་ཆ་ཆུང་བཅུ་དྲུག་པ་བདུད་རྩིའི་རང་བཞིན་རྒྱ་ཆེ་བ་ཨ་བ་དྷཱུ་ཏཱིའི་གནས་སུ་ཐིག་ལེ་བསམ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། སྨིན་མཚམས་ཟླ་བའི་པདྨར་ནི། །བཅུ་དྲུག་རྩ་ཡིས་ཡོངས་སུ་བསྐོར། །

Vol. 16 · folio 304a

ཐབས་དང་ཤེས་རབ་ཀུན་སྦྱོར་བས། །ཁ་སྦྱར་ཞེས་ནི་མངོན་པར་བརྗོད། །དང་པོའི་དབྱངས་ཡིག་ཡང་དག་ལྡན། །བསམས་ན་ཡང་དུ་འབར་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཕོ་ཉ་མོའི་གཉིས་སུ་མེད་པ་བསྟན་ནས། སྦྱིན་སྲེག་བསྟན་པར་བྱ་

བའི་ཕྱིར། དཔའ་བོ་བརྡ་ཡི་གདོང་གི་མེ། །ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་ནི་བཅོམ་ལྡན་འདས་ཏེ། དེའི་གདོང་ནི་འཇིགས་སུ་རུང་བ་དེར་དང་པོའི་དབྱངས་ཡིག་ལས་བྱུང་བའི་མེ་ལྷའོ། །གཞན་མ་ཡིན་པའི་བསྲེག་བྱ་བསྟན་པར་བྱ་བའི་ཕྱིར། བའི་ཤ་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། བསྲེག་བྱ་ལྔ་ཞེས་བྱ་བ་ལ། །དེ་བཞིན་གཤེགས་པ་ལྔ་པོ་རེ་རེའི་གྲངས་དགུ་དགུས་བསྲེག་བྱ་བཞི་བཅུ་རྩ་ལྔ་བསྲེག་ཅེས་བྱ་བའི་དོན་ཏོ། །ལྟེ་བ་ལ་དགོད་པའི་འཁོར་ལོ་སྦྱིན་སྲེག་མཁན་གྱིས་ཅི་ལྟར་བལྟ་བར་བྱ་ཞེ་ན། མེའི་ཕྲེང་བས་འབར་བའི་མདོག །ཅེས་བྱ་བ་ལ་

སོགས་པ་སྨོས་ཏེ། ཀུན་ནས་ཞལ་ཞེས་བྱ་བ་ནི། །ཀུན་དུ་ཞལ་སྦྱིན་སྲེག་མཁན་གྱི་འབར་བ་དང་ལྡན་པའི་འཁོར་ལོ་བལྟ་བར་བྱའོ། །སྦྱིན་སྲེག་མཁན་དེ་གང་ཞེ་ན། དཔའ་བོའི་དབང་ཕྱུག་ཞལ་བཞི་པ། །ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོའི་དབང་ཕྱུག་ཞལ་བཞི་པ་ནི་

དཔའ་བོ་དང་དཔའ་མོའི་འཁོར་ལོས་སྒྱུར་བ་དཔལ་བདེ་མཆོག་གོ། །དཔའ་བོས་དཔའ་བོའི་གནས་དེ་བཞིན། །ཞེས་བྱ་བ་ནི་དཔའ་བོ་དང་ལྷན་ཅིག་དཔའ་བོའི་གནས་ཞེས་གཞལ་ཡས་ཁང་འབར་བར་བལྟ་ཞེས་བྱ་བའི་དོན་ཏོ། །འདབ་མར་ཕོ་ཉ་བཞི་པོ་དག །ཅེས་བྱ་བ་ནི་ཐབ་ཁུང་གི་དབུས་

སུ་འཁོར་ལོའི་ལྟེ་བའི་འདབ་མ་ལ་ཕོ་ཉ་མོ་སྟེ། མཁའ་འགྲོ་མ་ལ་སོགས་པ་བཞིའོ། །འཁོར་ལོའི་དཔའ་བོ་གཉིས་མེད་བདེ། །ཞེས་བྱ་བ་ལ་སོགས་པ་ལ། འཁོར་ལོ་དང་། དཔའ་བོ་དང་། མཁའ་འགྲོ་མ་རྣམས་གང་དུ་གཉིས་སུ་མེད་པར་དེ་ནི་འཁོར་ལོ་པ་ཀུན་གཉིས་མེད་བདེ་

བའོ་ཞེས་བྱའོ། །གོང་དུ་བཤད་པའི་བརྡའི་གདོང་བཤད་པར་བྱ་བའི་ཕྱིར། ཁཎྜ་རོ་ཧཱ་ཕྱི་རོལ་སྦྱིན། །ཞེས་བྱ་བ་ལ་སོགས་པ་ལ། དུམ་སྐྱེས་མས་ཉེ་བར་མཚོན་པའི་གདོང་ནི་ཁཎྜ་རོ་ཧཱའོ། །དེའི་ཕྱི་རོལ་ནི་ཁཎྜ་རོ་ཧཱའི་ཕྱི་རོལ་ལོ། །དེ་ནས་ཁཎྜ་རོ་ཧཱའི་ཕྱི་རོལ་ལས། ལེ་ལེ་ཧ་ན་ནི་

Vol. 16 · folio 304b

གདོང་བཞི་པ་ལ་སྦྱིན་པར་བྱའོ། །དེའི་དོན་ནི་འདི་ཡིན་ཏེ། བདུད་རྩི་ལྔའི་རང་བཞིན་གྱི་བསྲེག་བྱ་ལྔའི་རྫས་འཁོར་ལོའི་ནང་ན་གནས་པའི་དཔའ་བོ་བརྡའི་ཞལ་དུ་བསྲེག་བྱ་དེ་དག་ཞུགས་པར་བལྟ་ཞིང་བསམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་

ཆེའི་ཚོགས་ཞེས་བྱ་བ་ལས། ཕོ་ཉ་མོ་དང་གཉིས་སུ་མེད་པའི་སྦྱིན་སྲེག་དང་དགུག་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ།། །།ཕོ་ཉ་མོ་དང་གཉིས་སུ་མེད་པའི་སྦྱིན་སྲེག་དང་། དགུག་པའི་ཆོ་ག་བརྗོད་ནས། དུས་མ་ཡིན་པའི་འཆི་བ་བཟློག་པ་བསྟན་པར་བྱ་བའི་ཕྱིར། ལེའུ་

སུམ་ཅུ་རྩ་ལྔ་པ་བཤད་པར་བྱ་སྟེ། དེ་ནས་ལས་ཀྱི་མཆོག་རབ་ནི། །ཅི་བཞིན་རིམ་གྱིས་མཚོན་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ལས་ཀྱི་མཆོག་རབ་ནི་ལས་ཀྱི་མཆོག་གོ། །དུས་མ་ཡིན་པའི་འཆི་བ་བཟློག་པར་རིམ་པ་ཅི་ལྟ་བ་བཞིན་དུ་མཆོད་ཅིང་རིམ་པ་ལས་མ་འདས་པ་

ནི་གོ་རིམས་སོམོ། །མཆོད་པས་གཉིས་སུ་མེད་པ་ནི་གཉིས་མེད་མཆོད་པའོ། །དེའི་དོན་དུ་སྦྱོར་བ་ནི་གཉིས་མེད་མཆོད་པའི་སྦྱོར་བ་དེའི་བདག་ཉིད་ཀྱི་ལས་ནི་མཆོད་པ་གཉིས་མེད་སྦྱོར་བའོ། །ལས་དེ་རྣམས་སུ་སྔགས་གང་སྦྱར་བ་དེ་ནི་རབ་ཏུ་འགྲུབ་པ་སྟེ། སྡེ་ཚན་བརྒྱད་པོ་དེ་དག་གི། །དབྱེ་

བ་ལས་ཀྱི་བྱེ་བྲག་བརྗོད། །ཅེས་བྱ་བའི་དོན་ཏོ། །བཤད་པའི་སྔགས་ཀྱི་བྱེ་བྲག་གི་ལས་ཀྱི་དབྱེ་བ་འདི་ཇི་ལྟར་འགྱུར་ཞེ་ན། རིགས་ཀྱི་ཕོ་ཉ་ལ་སོགས་སྔགས། །ཞེས་བྱ་བ་ལ་སོགས་པ་ལ། རིགས་ནི་ཡི་གེའི་ཚོགས་ཏེ་སུམ་ཅུ་རྩ་གཉིས་སོ། །ཕོ་ཉ་མོ་ནི་རྩའི་རང་བཞིན་གྱི་རྣལ་འབྱོར་མའོ། །དེ་

དག་དང་པོ་གང་ལས་སོ། །དག་པ་དེ་ནི་རིགས་ཀྱི་ཕོ་ཉ་མོ་ལ་སོགས་པ་སྟེ། དཔའ་བོ་ཉི་ཤུ་རྩ་བཞིའོ། །ཕོ་ཉ་མོ་ལ་སོགས་པ་དེ་དག་གི་རིགས་ནི་སྔགས་ཏེ། རིགས་དང་ཕོ་ཉ་མོ་ལ་སོགས་པའི་སྔགས་སོ། །གང་གི་ཕྱིར་རིགས་དང་ཕོ་ཉ་མོ་ལ་སོགས་པ་སྔགས་གང་ཡིན་པ་དེའི་ཕྱིར་སྔགས་

ཀྱི་དབྱེ་བའང་བརྗོད་དོ། །ལས་ཀྱི་དབྱེ་བ་ལས་དེ་ཇི་ལྟ་བུ་ཞེ་ན། མདའ་ཡི་ཤུགས་བཞིན་ཡོངས་སུ་འཁོར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མདའ་རྣམས་ཀྱི་ཤུགས་ནི་མདའ་ལྟར་འགྲོ་བའོ། །འགྲོ་བ་དེ་ཡང་གཡས་དང་གཡོན་གྱི་དབྱེ་བ་རྣམ་པ་གཉིས་དེར་ཡོངས་སུ་འཁོར་བ་གང་ལ་

Vol. 16 · folio 305a

ཡོད་པ་དེ་ནི་མདའི་ཤུགས་ལྟར་ཡོངས་སུ་འཁོར་བ་སྟེ་སྔགས་སོ། །ཕན་ཚུན་སྦྱོར་བས་གསང་སྔགས་རྣམས། །ཞེས་བྱ་བ་ལ། ཕན་ཚུན་ཞེས་བྱ་བ་ནི་ཨཱ་ལི་ཀཱ་ལི་གཉིས་ཀྱིས་ཨཱ་ལི་ཀཱ་ལི་གཉིས་སོ། །སྦྱར་བའི་འདུས་པའོ། །རང་རང་ཕྱོགས་ཀྱིས་ཕྱེ་བ་ཡིན། །

ཞེས་བྱ་བ་ལ། ཕྱོགས་ནི་བཞི་སྟེ། ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། སྤྱི་བོ་རྣམས་སུ་ཁྱད་པར་དུ་བྱས་པའོ། །ས་བོན་ཕྲེང་བས་དེ་ནས་ཟིན། །ཞེས་བྱ་བ་ལ། གང་དུ་བཏུས་པ་དེ་ལས་དགུག་ཅིང་ཡི་གེ་ཧཱུཾ་ལ་རབ་ཏུ་ཞུགས་པའོ། །དེ་ལ་དོན་འདིས་མཚོན་པར་བྱ་སྟེ། གཡས་དང་

གཡོན་གྱི་ལོགས་གཉིས་ཀྱི་དབུས་སུ་དབྱངས་ཀྱི་ཡི་གེ་བཅུ་གཉིས་སྟེང་དུ་བལྟ་ཞིང་གནས་པ་ཐུར་དུ་བལྟ་བའི་ཀ་ལ་སོགས་པའི་ཕྲེང་བ་གཉིས་ཀྱིས་སྙིང་པོར་བྱས་པའོ། །ཨཱ་ལི་ཀཱ་ལི་དེ་ན་དེ་གཉིས་ཡིན་ཏེ། དེ་དག་ལས་ལས་ཀྱི་ཚོགས་འབྱུང་བར་འགྱུར་རོ། །ཇི་སྐད་དུ་ཡང་། གཡས་

དང་གཡོན་གྱི་ཕྱོགས་སུ་ནི། །དཔྱངས་ཀྱི་ཡི་གེ་བཅུ་གཉིས་གནས། །ཀ་ལ་སོགས་པ་ཀུན་དུ་བསྐོར། །སྟེང་དུ་བལྟས་པར་ཡང་དག་བཤད། །ཐུར་དུ་བལྟ་བ་དག་གིས་ནི། །ལོགས་གཉིས་དབུས་སུ་སྦྱར་བར་བྱ། །ལྷ་མོ་དེ་ལྟར་བཤད་པ་སྟེ། །རྩ་ནི་དབྱངས་ཀྱི་ངང་ཚུལ་ཉིད། །ཅེས་

འབྱུང་ངོ་། །བསྒྲུབ་བྱ་འགོག་པར་འགྱུར་ན་ནི། །ཞེས་བྱ་བ་ལ། འགོག་པ་ནི་འགྲོ་བ་དང་འོང་བ་དང་རྣམ་པར་རེངས་པའོ། །དེའི་ཕྱིར་བསྒྲུབ་བྱ་ཟག་པ་མེད་པའི་བདེ་བ་ཆེན་པོའི་སངས་རྒྱས་ཀྱི་སྐུར་འགྱུར་རོ། །གང་དུ་འགྲོ་ཞེ་ན། གོམ་པ་གཅིག་ཀྱང་མི་འགྲོའོ། །ཞེས་བྱ་བ་ལ།

འགྲོ་བ་འགོག་པས་བགྲོད་པར་བྱ་བའི་ཕྱོགས་མེད་པའི་ཕྱིར། གོམ་པ་གཅིག་ཀྱང་རིང་དུ་མི་འགྲོ །ཞེས་བྱ་བའི་དོན་ཏོ། །འགོག་པས་བསྒྲུབ་བྱ་འགྲུབ་པར་འགྱུར་རོ། །བསྒྲུབ་བྱ་འགྲུབ་པར་དེ་གོམ་པ་གཅིག་ཀྱང་མི་འགྲོ་བར་མ་ཟད་མོད་ཀྱི། འོན་ཀྱང་འགོག་པ་ཉིད་ཇི་ལྟར་ཞེ་ན། ཁ་སྦྱར་

སྦྱར་བར་གྱུར་པ་དེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨཱ་ལི་ཀཱ་ལི་གཉིས་ཀྱིས་ཁ་སྦྱར་དུ་བྱས་ནས། ཤེས་རབ་དང་ཐབས་ཀྱི་སྦྱར་བ་གང་ཡིན་པ་དེ་ནི་ཁ་སྦྱར་ཏེ། རྡོ་རྗེ་ལུ་གུ་རྒྱུད་བཅིང་བའོ། །ཞེས་བྱ་བའོ། །ཕྱག་གིས་འཁྱུད་ཅིང་བཅིང་བ་ནི་འགོག་པའི་མཚན་ཉིད་དུ་བཤད་དོ། །ཇི་སྐད་དུ།

Vol. 16 · folio 305b

ཐབས་དང་ཤེས་རབ་མཉམ་གཞག་པས། །ཁ་སྦྱར་དུ་ནི་བརྗོད་པ་ཡིན། །ལག་པ་གཉིས་ཀྱིས་འཁྱུད་པ་ནི། །རྡོ་རྗེ་ལུ་གུ་རྒྱུད་ཅེས་བཤད། །ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཕྱེ་བ་ཉིད་དང་ནི། །ཞེས་བྱ་བ་ལ། པདྨ་ནི་རྡོ་རྗེ་ཕྱེ་བ་བྱས་པའོ། །པདྨ་ནི་རྣམ་པ་གཉིས་ཏེ་ཡེ་ཤེས་ཀྱི་རང་

བཞིན་དང་། ཡན་ལག་གི་རང་བཞིན་ནོ། །ཡེ་ཤེས་ནི་ཡེ་ཤེས་སོ། །རྡོ་རྗེ་ནི་གཉིས་སུ་མེད་པ་སྟེ། ཕྱོགས་ལྷའོ། །དེ་བཞིན་དུ། བུང་བ་བཞིན་དུ་བསྐོར་བར་བྱ། །ཞེས་བྱ་བ་ལ། པདྨར་རྡོ་རྗེ་བུང་བ་བཞིན་དུ་བསྐོར་བར་བྱའོ། །ཁྱུ་མཆོག་རྡེག་པ་ལ་སོགས་པའི་རིམ་པས་

ཐམས་ཅད་བསྐྱོད་པར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་བཤད་པ། རྡོ་རྗེས་པདྨ་དབྱེ་བར་བྱ། །བུང་བས་སྦྲང་རྩི་བྱེད་པར་འདོད། །སྐོར་བ་བསྐྱོད་པ་ཞེས་བཤད་དོ། །དེ་ཡི་བདེ་བ་ཐམས་ཅད་རིག །ཅེས་གསུངས་སོ། །ལྕགས་ཀྱུ་ཉིད་ཀྱིས་དགུག་པ་དང་། །ཞེས་བྱ་བ་ལ། འདོད་པའི་

ལྕགས་ཀྱུས་དེ་བཞིན་གཤེགས་པ་ཐམས་ཅད་དགུག་པར་བྱ་ཞེས་བྱ་བའི་དོན་ཏོ། །གཏུན་ཤིང་གིས་ནི་དཀྲུག་པ་དང་། །ཞེས་བྱ་བ་ལ། དཀྲུག་པའི་དོན་དུ་གཏུན་ཤིང་སྟེ། དེའི་རྫས་ཀྱི་ཆུས་དངོས་པོ་ཐམས་ཅད་དཀྲུག་པར་བྱེད་པས། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་

ཐམས་ཅད་འཇོམས་པར་བྱེད་པས་ན་གཏུན་ཤིང་ངོ་། །རྡོ་རྗེའི་སངས་རྒྱས་ཏེ་དེའི་བཟའ་བ་ནི་འདུས་པའོ། །སད་ལ་མདའ་ནི་སྦྱར་བར་བྱ། །ཞེས་བྱ་བ་ལ། མདའ་ནི་དབྱངས་སོ། །ཡན་ལག་ཁ་ཊྭཱཾ་ག་དང་སྦྱར། །ཞེས་བྱ་བ་ལ། ཁ་ཊྭཱཾ་ག་ནི་ལྷའོ། །ཐོད་པ་ནི་མཆོད་ཡོན་གྱི་སྣོད་དོ། །ཞལ་

དུ་མཆོད་ཡོན་ངེས་པར་སྦྱར། །ཞེས་བྱ་བ་ལ། ཐོད་པ་མཆོད་ཡོན་གྱི་སྣོད་ཞལ་དུ་བསྡུ་བར་བྱ་ཞེས་བྱའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། དུས་མ་ཡིན་པར་འཆི་བ་བཟློག་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ།། །།དུས་མ་ཡིན་པར་

འཆི་བ་བཟློག་པ་བརྗོད་ནས། དེ་ཁོ་ན་ཉིད་ཀྱི་མཆོད་པས་དགུག་པ་བསྟན་པར་བྱ་བའི་ཕྱིར། ལེའུ་སུམ་ཅུ་རྩ་དྲུག་པ་བཤད་པར་བྱ་སྟེ། དེ་ནས་ཕྱག་རྒྱ་མཆོད་ཆེན་དང་། སྔགས་ཀྱི་དགོད་པ་བཤད་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱག་རྒྱའི་མཆོད་པ་ཆེན་པོ་ནི། ཕྱག་

Vol. 16 · folio 306a

རྒྱའི་མཆོད་པ་ཆེན་པོ་སྟེ། །དེའི་སྔགས་ཀྱི་བཀོད་པ་ནི། ཕྱག་རྒྱ་ཆེན་པོའི་མཆོད་པའི་སྔགས་ཀྱི་བཀོད་པའོ། །དེར་འཇུག་པའི་རྒྱུ་བསྟན་པར་བྱ་བའི་ཕྱིར། དེ་དག་མྱུར་དུ་དངོས་གྲུབ་བྱེད། །ཅེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱའི་མཆོད་པ་འདིས་མྱུར་དུ་དངོས་གྲུབ་

འགྲུབ་པར་བྱེད་པ་དེའི་ཕྱིར། དེ་འདོད་པ་གང་གིས་ངེས་པར་བྱ་བ་ཡིན་ཞེས་བསྟན་ཏོ། །གལ་ཏེ་དེ་ལྟ་བུའི་དགོས་པ་དང་ལྡན་ན་ཇི་ལྟར་བྱ་སྙམ་ན། སྔགས་ཀྱི་སྦྱོར་བ་མཚན་གཉིས་སུ། །ཞེས་བྱ་བ་ལ་སོགས་པ་ལ། སྔགས་ནི་ཡི་གེ་གཉིས་ཏེ། གྷ་དང་ཝའོ། །གཉིས་ནི་གཉིས་

ལའོ། །དེ་གཉིས་གང་ཞེ་ན། མཁའ་འགྲོ་དཔའ་བོ་གཉིས་མེད་པ། །ཞེས་བྱ་བ་ལ་སོགས་པ་ལ། མཁའ་འགྲོ་མ་ནི་རྡོ་རྗེ་ཕག་མོ་སྟེ་ཕྱག་རྒྱའོ། །དཔའ་བོ་ནི་བཅོམ་ལྡན་འདས་དཔལ་བདེ་མཆོག་སྟེ་ཐབས་སོ། །དེ་གཉིས་སུ་བསྡུས་པ་ནི་མཁའ་འགྲོ་དཔའ་བོའོ། །གཉིས་སུ་

མེད་པ་ནི་བྱ་བའི་ཁྱད་པར་རོ། །བཤད་པའི་ཐབས་ཀྱིས་ཅི་ཞིག་བྱ་ཞེ་ན། རྣལ་འབྱོར་མ་ལ་མཁས་པས་བསྐྱོད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དག་པ་ཞེས་བྱ་བ་ལ། བཤད་པའི་རིམ་པས་ལུས་དག་པར་བྱས་པའོ། །རང་འོད་ཅེས་བྱ་བ་ནི་རང་གི་འདོད་པ་དང་མཐུན་པའི་

རིགས་དང་ཚུལ་ཁྲིམས་དང་ལྡན་ཞིང་སྲིང་མོའི་བུ་མོ་ལས་གཞན་མ་ཡིན་ནོ། །དཔའ་བོའི་མཆོད་བྱ་རྣམས་བྱས་ནས། །ཞེས་བྱ་བ་ལ། དཔའ་བོའི་མཆོད་པ་ནི་མཆོད་པའི་དམ་ཚིག་རྟོགས་ནས་ཕྱི་དང་ནང་གི་མཆོད་པ་སྤྱད་པར་བྱ་བའོ། །རྣམ་པར་དབྱེ་བ་ནི་ཁྱོད་ཀྱིས་མ་མཆུ་ལ་སོགས་པ་ཟུང་

ཤིག་པ་དང་། གཙོ་བོའི་བྱ་བ་ཡང་རང་གི་བྱ་བ་ཡིན་ནོ། །ཕྱིན་ཅི་ལོག་པ་རང་ཉིད་སྦྱར། །ཞེས་བྱ་བ་ལ་སྐྱེས་བུའི་བྱ་བ་ཡིན་ནོ། །དེའི་འོག་ཏུ་ལས་ཅི་ཞིག་བྱེད་ཅེ་ན། ཚར་གཅོད་པ་དང་ཕན་འདོགས་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། ཚར་གཅོད་པ་ནི་ཉོན་མོངས་པ་རྣམས་ལའོ། །

ཕན་འདོགས་པ་ནི་སེམས་ཅན་ཐམས་ཅད་ལའོ། །དེའི་དོན་ནི་ཚར་གཅོད་པ་དང་ཕན་འདོགས་པའི་དོན་དུའོ། །དེ་ཉིད་དབྱེ་བས་རྣམ་པར་དབྱེ། །ཞེས་བྱ་བ་ལ། དེ་ཉིད་ནི་ལྔ་པོ་རྣམ་པར་དག་པར་བྱེད་པ་སྟེ། གཏི་མུག་རྡོ་རྗེ་མ་ལ་སོགས་པ་རིགས་ལྔའོ། །ཡང་ན་ཕུང་པོ་ལྔའི་རང་བཞིན་མགོན་པོ་དང་

Vol. 16 · folio 306b

བཅས་པའི་རྩ་ལྔའི་འཁོར་ལོ་དེ་ཉིད་ཁྱད་པར་དུ་བྱས་པ་ནི་དབྱེ་བའོ། །རྩ་བའི་ལམ་དུ་མཆོད་པ་སྦྱར། །ཞེས་བྱ་བ་ལ། གནས་ལྔ་ལས་བྱུང་སྟེ། རྩ་གསུམ་གྱི་ལམ་དུ་སྦྱར་བར་བྱའོ། །སྦྱོར་བའི་ཕྱིར་ནི་རབ་བསྒྲུབ་བྱ། །ཞེས་བྱ་བ་ལ། སྦྱོར་བ་ནི་འཇུག་པ་སྟེ། སྦྱོར་བ་དེའི་དོན་དུ་ཕྱག་རྒྱ་རབ་ཏུ་

བསྒྲུབ་པར་བྱའོ། །ཕྱག་རྒྱ་མ་བསྒྲུབས་ན་བཅོམ་ལྡན་འདས་བདེ་བ་ཆེན་པོའི་རྡོ་རྗེ་མགུ་བར་མི་འགྱུར་རོ། །འདི་ནི་བསྒྲུབ་པར་བྱ་ཞེས་བྱ་བ་ལ། མཆོད་པས་བསྒྲུབས་པའི་ཕྱག་རྒྱས་བཅོམ་ལྡན་འདས་བདེ་བ་ཆེན་པོས་ལྷ་དང་ལྷ་མིན་དང་མི་རྣམས་སྒྲུབ་པར་མཛད་དོ། །དཔལ་འཁོར་ལོ་

སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། དེ་ཁོ་ན་ཉིད་ཀྱི་མཆོད་པས་དགུག་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའོ།། །།དེ་ཁོ་ན་ཉིད་ཀྱི་མཆོད་པས་འགུགས་པའི་ལེའུ་བརྗོད་ནས། ནང་གི་དབང་དུ་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། ལེའུ་སུམ་ཅུ་རྩ་བདུན་པ་

བཤད་པར་བྱ་སྟེ། དེ་ནས་གཞན་ཡང་བཤད་བྱ་བ། །ཚར་གཅོད་གནོན་པའི་སྒྲུབ་པ་པོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚར་གཅོད་པ་ནི་བསྒྲུབ་པར་བྱ་བའི་ལུས་སོ། །དེ་གང་གིས་གནོན་པ་དེ་ནི་ཚར་གཅོད་པའི་སྒྲུབ་པ་པོའོ། །ཕན་ཚུན་སྦྱར་བའི་གསང་སྔགས་རྣམས། །ཞེས་བྱ་

བ་ལ། ཕན་ཚུན་སྦྱར་བ་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པ་པོ་དེ་གཉིས་འབྲེལ་བ་ནི་ཕན་ཚུན་སྦྱར་བའོ། །བསྒྲུབ་བྱའི་ལུས་ལ་གནས་ནས་སུ་སྒྲུབ་པར་བྱེད་པའི་ལུས་ལ་ཞུགས་པར་བྱའོ། །མཁའ་འགྲོ་མ་རྣམས་ཀྱང་བསྡུ་བར་བྱ་བའི་ཕྱིར། མཁའ་འགྲོ་མ་དང་གཅིག་ཏུ་སྦྱོར། །ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་བསྒྲུབ་པར་བྱ་བ་ལ་གནས་པའི་སྔགས་སྒྲུབ་པ་པོའི་སྔགས་ལ་ཞུགས་པར་གྱུར་པ་དེ་ལྟར་བསྒྲུབ་པར་བྱ་བའི་མཁའ་འགྲོ་མ་རྣམས་ཀྱིས་སྒྲུབ་པ་པོའི་གནས་ཉི་ཤུ་རྩ་བཞི་ལ་གནས་པའི་མཁའ་འགྲོ་མ་རྣམས་དང་ལྷན་ཅིག་འདྲེས་པར་གྱུར་པར་བལྟ་བར་བྱའོ། །

བསམ་གཏན་གྱི་ཆོ་ག་བཤད་ནས། སྦྱོར་བ་བསྟན་པར་བྱ་བའི་ཕྱིར། ཟོས་ནས་སྐྱུགས་པའི་བཟའ་བ་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཟོས་པ་ནི་བཟའ་ བའོ། །སྐྱུགས་པ་ནི་སྐྱུག་པར་བྱ་བ་སྟེ། ཐོད་པ་ལ་སོགས་པར་མར་ལ་སོགས་པའི་བཟའ་བ་དང་བཅའ་བའོ། །བཟླས་པའི་མཐའ་

Vol. 16 · folio 307a

ནི་སྐྱུག་པར་བྱ། །ཞེས་བྱ་བ་ལ། བཟླས་པ་ནི་ནང་གི་སྟེ་ལྷ་སྐུའི་གཟུགས་བསམ་པའོ། །དེའི་མཐའ་ནི་སྔགས་ཟློས་པ་ལྡན་པའོ། །བཟླས་པའི་མཐའ་དེར་ཟོས་པ་དེ་སྐྱུག་པར་བྱའོ། །སྐྱུགས་པ་དེས་ཅི་ཞིག་བྱ་ཞེ་ན། མཚན་མོའི་བདུན་ནི་རྫོགས་པ་དང་། །ཞེས་བྱ་བ་

ལ་སོགས་པ་ལ། དེ་ལྟར་སྒྲུབ་པ་པོས་ཉིན་ཞག་བདུན་རྫོགས་པ་དང་། བཟའ་བ་དང་བཏུང་བ་དག་ལ་སྦྱར་ཞེས་བྱ་བ་ནི་གོ་སླའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། ནང་གི་བདག་ཉིད་ཀྱི་དབང་དུ་བྱ་བའི་ཆོ་གའི་ཁྱད་པར་དུ་བྱ་བའི་ལེའུ་སྟེ་སུམ་ཅུ་རྩ་བདུན་

པའོ།། །།ནང་གི་དབང་དུ་བྱ་བས་དབང་དུ་བྱ་བའི་ལེའུ་བསྟན་ནས། རྣལ་འབྱོར་མའི་གནས་ཀྱི་གསང་བ་དང་དཔའ་བོའི་གནས་བརྗོད་པར་བྱ་བའི་ཕྱིར། ལེའུ་སུམ་ཅུ་རྩ་བརྒྱད་པ་བཤད་པར་བྱ་སྟེ། དེ་ནས་བརྡ་རྣམས་མཁའ་འགྲོ་མའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་

གི་དམ་ཚིག་རིག་ཅིང་མཚོན་པ་ནི་བརྡ་སྟེ། རབ་ཏུ་གྲུབ་པའི་མིང་བརྗོད་ཅིང་ཀླ་ཀློའི་སྐད་དུ་སོ་སོར་བསྟན་པའི་མཁའ་འགྲོ་མ་ཁོ་ན་བརྡ་ཡིན་ཏེ་ཞེས་གཞི་མཐུན་པའི་བསྡུ་བ་ཉེ་བར་བསྟན་ཏོ། །དེ་བས་ན་བརྡ་རྣམས་མཁའ་འགྲོ་མ་ཞེས་སྨོས་སོ། །བརྡར་བསྟན་པའི་མཁའ་འགྲོ་མ་དེ་དག་

གང་ཞེ་ན། ལུས་ཀྱི་མཚན་ཉིད་གང་ཡིན་དང་། །ཞེས་བྱ་བ་ལ། ལུས་དང་ལྡན་པ་རྣམས་ཀྱིས་ལུས་ཀྱི་རང་བཞིན་ཏེ། ལུས་ལས་གཞན་མ་ཡིན་པའི་མཁའ་འགྲོ་མ་རྣམས་སོ། །ཇི་ལྟར་མཁའ་འགྲོ་མ་རྣམས་དཔའ་བོའི་ཡན་ལག་གི་ཁྱད་པར་དུ་གྱུར་པ་དེ་ཉིད་བསྟན་པར་བྱ་བའི་ཕྱིར།

དེ་བཞིན་དབང་བོའི་ཡན་ལག་དབྱེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་གྱུར་པའི་དཔའ་བོ་དང་དཔའ་མོ་དང་། དཔའ་མོའི་དབང་ཕྱུག་མ་རྣམས་དམ་ཚིག་ཉམས་པའི་འཇིགས་པས་གང་གི་མདུན་དུ་ཡང་བརྗོད་པར་མི་བྱ་བའི་ཕྱིར། དཔའ་བོའི་དབང་ཕྱུག་མི་བྲི་ཞིང་། །ཞེས་བྱ་བ་ལ་

སོགས་པ་སྨོས་སོ། །དེ་ལས་བཟློག་པ་བསྟན་པར་བྱ་བའི་ཕྱིར། གང་གིས་སྔགས་ནི་ལེགས་སྤྱོད་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྔགས་དང་རྒྱུ་དང་བསམ་གཏན་གྱི་དོན་སྤྱོད་ཅིང་བསྒོམ་པའི་སྡོད་པར་མི་བྱ་བ་བསྟན་པའི་ཕྱིར། དཔའ་བོའི་དབང་ཕྱུག་མི་བྲི་ཞིང་། །ཞེས་བྱ་བ་ལ་

Vol. 16 · folio 307b

སོགས་པ་སྨོས་སོ། །རྣལ་འབྱོར་མ་རྣམས་ཀྱི་གནས་ནི་མི་དང་གསང་བ་སྟེ་ཉི་ཤུ་རྩ་བཞིའོ། །དེ་དག་གསང་བའི་དཔའ་བོ་རྣམས་ཀྱི་གནས་ཏེ། རྣལ་འབྱོར་པའི་ལུས་དེའི་ཆོ་ག་ནི་དཔའ་མོའི་རང་བཞིན་གྱི་བྱ་བ་རྫོགས་པའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་

ཞེས་བྱ་བ་ལས། རྣལ་འབྱོར་མའི་གནས་གསང་བ་དང་དཔའ་བོ་གཞིའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །།གསང་བ་དང་དཔའ་བོའི་ལེའུ་བསྟན་ནས། མཐོང་བའི་བཞད་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། ལེའུ་སུམ་ཅུ་རྩ་དགུ་པ་བཤད་པར་བྱ་སྟེ། དེ་ནས་སྒྲུབ་པའི་

རྣལ་འབྱོར་པ། །གནས་ཀྱི་རྣམ་པ་བརྒྱད་དུ་དགོད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པ་དང་ལྡན་པའི་རྣལ་འབྱོར་པ་ཆེན་པོས་ཕྱི་རོལ་གྱི་གནས་དང་ཉེ་བའི་གནས་ལ་སོགས་པར་གནས་པའི་དཔའ་བོ་དང་དཔའ་མོ་མཐོང་བ་བསྒྲུབ་པའི་ཕྱིར་འཆད་པར་འགྱུར་བའི་སྔགས་ཀྱིས་

རྣམ་པ་བརྒྱད་ཇི་ལྟ་བ་བཞིན་དུ་བཤད་པའོ། །དགོད་པའི་དགོས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་དགོད་པའི་རྣལ་འབྱོར་པ་འདི་ལ་དཔའ་བོ་དང་དཔའ་མོ་དེ་དག་གིས་གཟུགས་སྟོན་པར་འགྱུར་རོ། །དེ་ཇི་ལྟ་བུ་ཞེ་ན། དེས་རྣལ་འབྱོར་མ་ལ་བརྟེན་ནས་བཤད་པར་བྱ་སྟེ། འཇིགས་པའི་སྒྲ་

ནི་ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་དེ་ལ་བལྟས་ནས་འཇིགས་ཤིང་རྣལ་འབྱོར་པ་རྣམས་སྐྲག་པར་འགྱུར། ཕྱོགས་བཅུར་འབྲོས་ཤིང་འབྱེར་བར་འགྱུར་རོ། །དེ་ནས་དཔའ་བོ་མི་འཇིགས་ཤིང་འཇིགས་པ་མེད་པར་འགྱུར་རོ། །དེ་ནས་མི་འཇིགས་པས་ཀྱང་ཅིར་འགྱུར་ཞེ་ན།

ལག་པ་གཡོན་པས་བཟུང་ནས་ནི། །རང་གི་གནས་སུ་ཁྱེར་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། མཐོང་བ་ཧ་ཧར་དགོད་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་དགུ་པའོ།། །།བཞད་

པའི་ཆོ་ག་བརྗོད་ནས། རིགས་ལྔ་དབང་དུ་བསྡུ་བ་བསྟན་པར་བྱ་བའི་ཕྱིར། ལེའུ་བཞི་བཅུ་པ་བཤད་པར་བྱ་སྟེ། དེ་ནས་གཞན་ཡང་བཤད་བྱ་བ། །གང་གི་མི་རྣམས་དབང་དུ་འགྱུར། །ཞེས་བྱ་བ་ལ་སོགས་པ་ལ། མི་རྣམས་ནི་ས་སྟེངས་སུ་གནས་པ་སྟེ། འཆད་པར་

Vol. 16 · folio 308a

འགྱུར་བའི་རིམ་པས་རྣམ་པ་ལྔའོ། །དེ་དག་གང་གི་དབང་དུ་བྱེད་དེ། དེའི་ཆོ་ག་བཤད་པར་བྱ། །དེའི་ཆོ་ག་བྱ་བའི་དོན་ཏོ། །དུས་ཀྱི་ངེས་པ་བསྟན་པར་བྱ་བའི་ཕྱིར། ཟླ་བས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། རྣལ་འབྱོར་

མ་སྔགས་ཀྱི་ཆོ་གར་གནས། །ཞེས་བྱ་བ་ལ། དཔའ་བོ་ནི་བཅོམ་ལྡན་འདས་དཔལ་བདེ་མཆོག་དེའི་སྔགས་ཏེ། རྐང་པ་བརྒྱད་པའི་སྔགས་སོ། །རྣལ་འབྱོར་ནི་དེའི་རྣམ་པར་རྫོགས་པར་བྱེད་པ་ཉིད་དོ། །དེ་གཉིས་ཀྱི་ཆོ་ག་དེར་གནས་པའི་དཔའ་པོ་ནི་སྔགས་ཀྱི་སྦྱོར་བའི་ཆོ་ག་ལ་གནས་

པའོ། །དབང་དུ་བྱ་བ་དེ་དཔའ་བོའི་སྔགས་དང་རྣལ་འབྱོར་དང་ལྡན་ཡང་རྣལ་འབྱོར་བས་ཇི་ལྟར་འགྲུབ་པར་བྱ་ཞེས་སྦྱོར་བ་བསྟན་པར་བྱ་བའི་ཕྱིར། མཆོག་མིན་ཉ་ཡི་ཤ་དག་གིས། །ཞེས་བྱ་བ་ལ། མཆོག་མ་ཡིན་པའི་ཉའི་ཤ་ནི་མཆོག་མིན་ཉ་རི་ཤའོ། །གནས་སྐབས་ཐམས་ཅད་

ཅེས་བྱ་བ་ལ། ཐམས་ཅད་བྱེད་པ་དང་། དགོད་པ་དང་། བསྡུ་བ་དང་། ཟ་བ་དང་། རོལ་བཞིན་དུ་སྦྱིན་སྲེག་བྱའོ་ཞེས་པའོ། །རྣལ་འབྱོར་པ་དེ་ལ་བཅོམ་ལྡན་འདས་དཔའ་བོའི་དབང་ཕྱུག་དེས་ཞག་བདུན་གྱིས་དངོས་གྲུབ་སྟེར་བར་འགྱུར་རོ། །མཚན་མོ་སྦྱིན་སྲེག་བྱེད་པ་གཞོལ། །ཞེས་བྱ་བ་

ལ། དྲུག་པའི་དོན་དུ་དང་པོའོ། །མཚན་མོ་ནི་ནུབ་མོ་སྟེ། དེ་ལ་བསམས་ནས་གྲངས་བསྟན་པར་བྱ་བའི་ཕྱིར། བརྒྱ་དང་རྩ་བརྒྱད་ལྡན་ཉིད་ཀྱིས། །ཞེས་བྱ་བ་ལ། ཐུན་རེ་རེར་བརྒྱ་རྩ་བརྒྱད་བསྲེག་གོ། །རྣལ་འབྱོར་མ་ཀུན་རིགས་རྣམས་ཀྱིས། །ཞེས་བྱ་བ་ལ། རིགས་ལྔར་བཤད་པའི་རྣལ་

འབྱོར་མ་རྣམས་སྒྲུབ་པ་པོ་ལ་དབང་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། རིགས་ལྔ་དབང་དུ་བྱ་བའི་ཆོ་གའི་ལེའུ་སྟེ་བཞི་བཅུ་པའོ།། །།རིགས་ལྔ་དབང་དུ་བྱ་བ་བརྗོད་ནས། གསང་བའི་ཡི་གེ་ཉི་ཤུ་རྩ་

བཞིའི་དཀྱིལ་འཁོར་དགོད་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། ལེའུ་བཞི་བཅུ་རྩ་གཅིག་པ་བསྟན་པར་བྱ་སྟེ། དེ་ནས་ལས་ཀྱི་མཆོག་རབ་ནི། གང་གིས་ཤེས་ནས་སྒྲུབ་པ་པོས། །ཞེས་བྱ་བ་ལ། ཆོ་ག་མཆོག་གང་གིས་ལས་ཀྱི་མཆོག་སྒྲུབ་པ་པོ་ལ་ནི། ཤེས་པར་འགྱུར་བའི་ཆོ་ག་དེར་

Vol. 16 · folio 308b

བཤད་པར་བྱ་ཞེས་གྲངས་ནས་རྟོགས་པར་བྱའོ། །ལས་ཀྱི་མཆོག་དེ་གང་ཡིན་སྙམ་པ་ལ། དབང་དང་དགུག་པ་ཞེས་བྱ་བ་ལ་སོགས་པ་ལས་ཆེན་བཅུ་གཉིས་སྨོས་སོ། །ལས་དེ་དག་ཇི་ལྟར་རྫོགས་པར་གྱུར་པ་ཡིན་ཞེ་ན། དྲན་པས་འགྲུབ་འགྱུར་གདོན་མི་ཟ། །ཞེས་བྱ་བ་ལ་སོགས་པ་

སྨོས་སོ། །དྲན་པ་ཙམ་གྱིས་འགྲུབ་པར་འགྱུར་བའི་ཆོ་ག་དེ་དག་གང་ཞེ་ན། ཐམས་ཅད་བླ་མེད་གནས་ལ་སོགས། །མཁའ་འགྲོ་མས་ནི་ཐམས་ཅད་ཁྱབ། །ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཐམས་ཅད་ནི་ཟིལ་པ་དང་ཉེ་བའི་ཟིལ་པའི་མཐར་ཐུག་པའི་གནས་སུམ་ཅུ་རྩ་གཉིས་

ལས་གོང་ནས་གོང་དུ་ཕྱོགས་ཐམས་ཅད་ཀྱི་མཆོག་གནས་ཉི་ཤུ་རྩ་བཞིའོ། །དེ་དག་ཐམས་ཅད་ལ་ཟིལ་པ་ཅན་ལ་སོགས་པ་རྗེས་སུ་ཞུགས་པས། གནས་ལ་སོགས་པ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་མཁའ་འགྲོ་མས་ཁྱབ་པོ། །དེ་དག་ཁོ་ན་གསང་བའི་ཆོ་ག་བཤད་པ་ཡིན་གྱི། གཞན་

དག་གི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གིས་བཀོད་པའི་ཆོ་ག་འདི་བསྟན་པ་དེ་དག་ཇི་ལྟ་བུ་ཡིན་ཞེ་ན། ཡེ་ཤེས་ལྡན་པའི་རང་སྐྱེ་གནས། །ཡུལ་དང་ཡུལ་དུ་མངོན་པར་སྐྱེ། །ཞེས་བྱ་བ་ལ་སོགས་པ་ལ། ཡུལ་ནི་བཤད་མ་ཐག་པ་རྣམས་སོ། །ཡེ་ཤེས་ནི་བདེ་བ་ཆེན་པོ་སྟེ། དེ་

དང་ལྡན་པའོ། །སྐྱེ་གནས་ནི་སྐྱེ་དགུ་མཐའ་ཡས་པའི་རང་རང་གི་སྐྱེ་གནས་དེ་དག་ཏུ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་འཇུག་པའོ། །དེ་དག་ཇི་ལྟ་བུ་ཞེ་ན། དེ་ནི་མཁའ་འགྲོ་མ་རུ་བཤད། །ཅེས་བྱ་བ་ལ་སོགས་པ་ལ། མཁའ་འགྲོ་མ་ནི་ཁམས་ཉི་ཤུ་རྩ་བཞིའོ། །དེ་ལྟར་གྱུར་

པ་དེ་དག་ཅི་ལྟ་བུ་ཞེ་ན། རྡོ་རྗེ་དཀྱིལ་འཁོར་གཙོ་མོ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་དབྱེར་མེད་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཉིད་ནི་དཀྱིལ་འཁོར་ཏེ་རྡོ་རྗེའི་དཀྱིལ་འཁོར་རོ། །དེར་གཙོ་མོ་ནི་རྡོ་རྗེའི་དཀྱིལ་འཁོར་གཙོ་མོའོ། །དཀྱིལ་འཁོར་དེ་སྐུའི་

དཀྱིལ་འཁོར་ལ་བརྟེན་ནས་བརྩོན་འགྲུས་ཆེན་མོ་ལ་སོགས་པ་ནས། རྣལ་འབྱོར་མ་ཉི་ཤུ་རྩ་བཞི་ཐུགས་ཀྱི་འདྲེན་མ་རབ་གཏུམ་མའི་མཐར་ཐུག་པའི་བར་དུ། ཀུ་ལུ་ཏཱ་ལ་སོགས་པ་ནས། པུལླཱི་ར་མཱ་ལ་ཡའི་བར་དུ་གནས་ཉི་ཤུ་རྩ་བཞི་བསྟན་པར་བྱ་བའི་ཕྱིར། ཀུ་ལུ་

Vol. 16 · folio 309a

ཏཱ་དང་མྱ་ངམ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་དང་ཡུལ་གྱི་བུ་མོ་གང་ཡིན་པ་དེ་དག་ཇི་ལྟ་བུ་ཡིན་ཞེ་ན། དཔའ་བོ་གཉིས་མེད་ཁྱབ་བྱེད་པ། །ཞེས་བྱ་བ་ལ་སོགས་པ་ལ། གཉིས་མེད་ནི་དཔའ་བོ་དང་ལྷན་ཅིག་སྙོམས་པར་ཞུགས་

པའོ། །དེ་བཞིན་དུ་ཡང་གནས་ཐམས་ཅད་ཁྱབ་པར་བྱེད་པ་དེ་ནི་དཔའ་བོ་གཉིས་མེད་ཁྱབ་པར་བྱེད་པའོ། །དེ་དག་གི་རྣམ་པ་ཅི་ལྟ་བུ་ཞེ་ན། དེ་ཀུན་འདོད་པའི་གཟུགས་ཅན་ཏེ། །ཞེས་བྱ་བ་ལ། འདོད་ཅིང་མངོན་པར་འདོད་པས་ན་འདོད་པ་སྟེ། བཅོམ་ལྡན་འདས་བདེ་ཆེན་རྡོ་

རྗེའོ། །དེ་དང་འདྲ་བའི་གཟུགས་གང་ལ་ཡོད་པ་དེ་དག་ནི་འདོད་པའི་གཟུགས་ཅན་ནོ། །དེ་རྣམས་ཅིའི་ཕྱིར་དཀྱིལ་འཁོར་དུ་དགོད་པར་བྱ་སྙམ་པ་ལ། ཡིད་ཀྱི་མགྱོགས་པ་ཟློག་བྱེད་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། ཡིད་ཀྱི་མགྱོགས་པ་ནི་གང་རུང་མྱུར་དུ་འགྲོ་བ་དེ་བཟློག་པ་ནི་

ཡིད་ཀྱི་ཤུགས་བཟློག་པར་བྱ་བའི་ཕྱིར་རོ། །རྣལ་འབྱོར་མ་ཉི་ཤུ་རྩ་བཞི་བསྡུ་བར་བྱ་བའི་ཕྱིར་རོ། །གཟུགས་ཅན་མ་ལ་སོགས་པ་ནས། །མི་བཟློགས་མའི་མཐར་ཐུག་པ་བརྡར་བསྟན་པར་བྱ་སྟེ། ཀུ་ལུ་ཏཱ་རྣལ་འབྱོར་མ་དྲུག་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀླ་ཀློའི་སྐད་དུ་

བསྟན་པ་དེ་དག་ཇི་ལྟ་བུ་ཡིན་ཞེ་ན། མྱ་ངམ་ཡུལ་ན་མ་མོ་རྣམས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྟོང་ཕྲག་ཉི་ཤུ་རྩ་གཅིག་ཡིན། །ཞེས་བྱ་བ་ལ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ནང་ནས་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཏུ་བཤད་དོ། །དེ་ལས་གཞན་པ་དག་ཀྱང་གང་དུ་

སྦྱར་བར་བྱ་ཞེ་ན། ལྷ་མོ་གཞན་དག་ཇི་སྙེད་པ། །དཔལ་ལྡན་ཧེ་རུ་ཀ་ཡི་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་ཞེ་ན། ཧེ་རུ་ཀ་ཡི་སྦྱོར་ཆེན་ལས། །དེ་ཡི་དཀྱིལ་འཁོར་གཙོ་མོ་ཡིན། །ཞེས་བྱ་བ་ལ་སོགས་པ་ལ། སྦྱོར་བ་ཆེན་པོ་ནི་ལྷག་པར་སྦྱོར་བ་ལས།

ཧེ་རུ་ཀའི་དཀྱིལ་འཁོར་པ་རྣམས་ཏེ། དཀྱིལ་འཁོར་གྱི་གཙོ་མོ་ནི་མངོན་པར་རྟོགས་པ་ལས་གསལ་བར་བསྟན་ཏོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། གསང་བའི་ཡི་གེ་ཉི་ཤུ་རྩ་བཞིའི་དཀྱིལ་འཁོར་གྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་

Vol. 16 · folio 309b

རྩ་གཅིག་པའོ།། །།གསང་བའི་ཡི་གེ་དཀྱིལ་འཁོར་དུ་དགོད་པའི་ཆོ་ག་བརྗོད་ནས། ལེའུ་སུམ་ཅུ་རྩ་དགུ་པར་བཤད་པའི་སྔགས་དང་རྣལ་འབྱོར་མའི་གཟུགས་སྒྱུ་མའི་ཆོ་གར་བསྟན་པར་བྱ་བའི་ཕྱིར། ལེའུ་བཞི་བཅུ་རྩ་གཉིས་པ་བཤད་པར་བྱ་སྟེ། དེ་ནས་དཔའ་བོའི་མེ་

ཏོག་ཆུ། །འཐུངས་ནས་སྔགས་འདི་རྗེས་དྲན་བྱ། །ཞེས་བྱ་བ་ལ། དཔའ་བོ་ནི་བརྟན་པའོ། །མེ་ཏོག་ཆུ་འཐུངས་པ་ནི་དཔའ་བོའི་བཏུང་བ་བྱས་ནས། སྔགས་འདི་དྲན་པར་བྱ་བ་ནི་བཞད་པ་བརྗོད་པར་བྱའོ། །དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། འཐུངས་དང་དེ་བཞིན་སྦྱིན་པ་

དང་། །རེག་ནས་རིགས་ཆེན་དགོད་པར་བྱ། །ཞེས་བྱ་བ་ལ། རང་གིས་འཐུངས་པ་དང་དམ་ཚིག་ཅན་ལ་བྱིན་ནས་དྲེགས་པས་དཀྲུགས་ཤིང་དགོད་པར་བྱའོ། །བདེན་པས་ཚངས་པ་དང་ཞེས་བྱ་བ་ལ། བདེན་པ་ནི་དོན་དམ་པར་རོ། །ཚངས་པ་ནི་བསོད་ནམས་ཀྱི་ཚོགས་ཏེ། དེ་སྤྱོད་

པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་ཚངས་པར་སྤྱོད་པ་སྟེ། སྐྱེས་བུར་ངེས་པ་མེད་པར་བསྟན་ཏོ། །བསྒྲུབ་བྱ་ལ་རིག་ནས་དགོད་པའི་ཕྱག་རྒྱས་བསྒྲུབ་པར་བྱ། དགོད་པའི་ཕྱག་རྒྱས་བལྟ་བར་བྱའོ། །དགོད་པའི་ཕྱག་རྒྱ་དེ་ཇི་ལྟ་བུ་ཞེ་ན། སྒེག་པའི་ལྟ་བར་གྲགས་ལྡན་པ། །ཞེས་བྱ་བ་ལ་སོགས་པ་ལ། ལྟ་

བ་ནི་མཐོང་བའོ། །སྒེག་པ་ནི་ང་རྒྱལ་གང་ལ་ཡོད་པ་དེ་ནི་མིག་མཆུ་གཡོ་བ་དང་བཅས་ཤིང་གཡོན་དུ་བལྟ་བ་སྟེ། སྒེག་པའི་དགོད་པའི་ཕྱག་རྒྱའོ། །གང་གི་དོན་དུ་སྦྱོར་བ་དེ་བྱེད་པའི་ཕྱིར། གྲགས་པ་དང་ལྡན་ཞེས་བྱ་བ་འདིས་ཕྱག་རྒྱ་དང་བཅས་པ་དགོད་པ་ཡིན་གྱི། ཕྱག་རྒྱ་མེད་པ་ནི་མ་ཡིན་ནོ། །

གང་གི་ཚེ་བྱ་ཞེ་ན། མཚན་མོ་ཉིན་མོ་ཞེས་བྱ་བ་ལ། དུས་ཀྱི་ངེས་པ་མེད་པར་དགོད་པའི་ཆོ་ག་དང་འཆད་པར་འགྱུར་བའི་སྔགས་བརྗོད་པར་བྱའོ། །དེ་ལྟ་ཡིན་ན་དེ་དག་གི་གཟུགས་གང་ཞེ་ན། གཟུགས་དང་ལས་ཀྱི་གསང་བ་དང་། །ཇི་ལྟར་གནས་པ་དཔའ་བོ་ཉོན། །ཞེས་བྱ་བ་ལ་སོགས་པ་

སྨོས་སོ། །ཡང་ནི་བསྡུ་བའོ། །བཞད་པ་འཆད་པར་འགྱུར་བ་ཉན་པ་གཅིག་པུར་མ་ཟད་ཀྱི། གཟུགས་ཀྱི་གསང་བ་དང་ལས་དེ་དག་ཀྱང་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །རྣལ་འབྱོར་མའི་གཟུགས་ཀྱི་མཚན་ཉིད་ནི། གཟུགས་ཀྱི་བྱ་བའོ། །མི་བརྟན་པ་དག་གིས་རྟོགས་པར་དཀའ་བའི་

Vol. 16 · folio 310a

ཕྱིར་གསང་བའོ། །དེ་ཉིད་བརྟན་པར་བྱ་བའི་ཕྱིར། །རྟག་ཏུ་དེ་ལ་མཆི་མ་བྱུང་། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་བྱ་བ་ནི་སྐྱེས་པའམ་བུད་མེད་དོ། །ཡང་ན་བདག་གི་དབང་དུ་སོང་བའི་ཕྱིར་དང་། མིག་གཉིས་ཡིན་པའི་མཚན་མ་ལ་ཡང་བྱེད་པའི་ཚིག་གཉིས་ཀྱི་

མཐའ་ཅན་དུ་བྱས་པའོ། །དེ་བཞིན་བདག་ཉིད་ལས་བྱུང་ཟས། །ཞེས་བྱ་བ་སྨོས་སོ། །རྡོ་རྗེ་ནི་སྐྱེས་བུ་གསལ་བར་བྱེད་པའོ། །དེ་འགོམ་པ་ནི་དེའི་མི་སྣང་བའོ། །ཡང་ན་དེའི་འགེམ་པ་སྟེ་རྒྱན་དུ་གཟུང་བའོ། །དེ་བཞིན་ཕྱོགས་གོས་གྱུར་པས་མཆོད། །ཅེས་བྱ་བ་ནི། དེ་བཞིན་དུ་

གཅེར་བུར་གྱུར་ནས་རྡོ་རྗེ་མཆོད་དོ། །གཟུགས་ཀྱི་མཚན་ཉིད་དང་ཕྱག་རྒྱའི་ཚོགས་བཤད་ནས། ད་ནི་བཞད་པའི་སྔགས་བརྗོད་པར་བྱ་བའི་ཕྱིར། དབུགས་འབྱིན་ཞེས་བྱ་བ་ལ་སོགས་པ་ལ། ལྷ་མོའི་འཁོར་ལོ་ལས་བྱུང་བའི་རླུང་གིས་བསྒྲུབ་བྱའི་ལུས་བསྐྱོད་པའོ། །དགོད་པ་ཞེས་བྱ་བ་

ནི་དགོད་པའི་ལུས་ལས་བྱུང་བའོ། །སྟང་སྟབས་ཞེས་བྱ་བ་ནི་རྡོ་རྗེའི་འགྲོས་ལ་འཇུག་པའོ། །མཚར་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ལ་སྨད་དུ་བྱུང་བའོ། །སྣ་ཚོགས་ཞེས་བྱ་བ་ནི། རྣལ་འབྱོར་མ་རྣམས་ཀྱི་མདུན་དུ་དགོད་པ་འདི་དག་བྱ་བ་ཡིན་ཞེས་བྱ་བའི་དོན་ཏོ། །སྔགས་དེ་གང་ཞེ་ན། ཧ་བཅུ་

གཉིས་བཏུ་བ་སྟེ། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿ དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། བཞད་པའི་སྔགས་དང་རྣལ་འབྱོར་མའི་གཟུགས་ཀྱིས་དགོད་པའི་སྔགས་ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའོ།། །།དགོད་པའི་སྔགས་བརྗོད་

ནས་སྙིང་པོ་དང་ཉེ་བའི་སྙིང་པོ་ལས། བསྒྲུབ་པར་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། ལེའུ་བཞི་བཅུ་རྩ་གསུམ་པ་བཤད་པར་བྱ་སྟེ། དེ་ནས་ལྟ་བ་བཤད་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣལ་འབྱོར་མ་རྣམས་ཀྱི་ལྟ་བ་ཅིའི་ཕྱིར་བཤད་ཅེ་ན། དཔའ་བོ་དང་ནི་གཉིས་མེད་མི། །

ཞེས་བྱ་བ་ལ། ལྟ་བ་གང་གིས་དཔའ་བོ་དང་རྣལ་འབྱོར་མ་བཞིན་དུ་མི་དེ་ལ་གཉིས་སུ་མེད་པར་འགྱུར་རོ། །དེ་ཇི་ལྟར་ལྟ་བར་བྱེད་ཅེ་ན། གནས་ཀྱི་དབྱེ་བའི་ཆོ་ག་ཞེས་བྱ་བ་ལ་སོགས་པ་གང་དུ་གནས་ནས་ལྟ་བའི་གནས་དེ་དག་གང་ཞེ་ན། ལམ་གྱི་བཞི་མདོའམ། ཁྱིམ་དག་གམ། དཔའ་

Vol. 16 · folio 310b

བོའི་གནས་ཀྱི་རི་བོར་ནི། །ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོའི་གནས་ནི་དཔའ་བོའི་གཞིའོ། །ཡང་ན་གནས་དང་ཉེ་བའི་གནས་ལ་སོགས་པ་དམ་ཚིག་ལ་གནས་པ་ཞེས་ཀྱང་བརྗོད་དོ། །སྒྲིབ་པ་མེད་པའི་རྣལ་འབྱོར་པས་ཕྱག་རྒྱ་མཆོད་པ་ནི་གཅེར་བུ་མཆོད་པའི་ལས་དེ་ཉིད་བཤད་པར་བྱ།

ཕྱག་རྒྱ་གཅེར་བུས་མཆོད་པ་ཡིས། །ལས་ཉིད་ཀྱིས་ནི་གྲོལ་བར་འགྱུར། །གོས་གཞན་དག་ཀྱང་སྤངས་ནས་ནི། །ཞེས་བྱ་བ་ལ། སྟག་གི་པགས་པ་ལ་སོགས་པ་ཡན་ལག་དྲུག་ཏུ་བགོས་ནས་སྤྱད་པར་བྱའོ། །རེག་འདོད་སྤྱད་ཅེས་བྱ་བ་ལ་རྣལ་འབྱོར་པས་འདོད་ཅིང་སྤྱོད་པ་སྟེ། དེའི་བཀའ་

མེད་པར་ཡང་དག་པར་རེག་པར་མི་བྱའོ། །བཀའ་ཐོབ་ཀྱང་དེ་འགྲུབ་པར་བྱེད་པའི་ལས་ཇི་ལྟར་བྱ་བ་ཡིན་ཞེ་ན། དེ་ལྟར་སྤྱི་གཙུག་བཀྲོལ་གྱུར་པས། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་གཅེར་བུ་སྤྱི་གཙུག་བཀྲོལ་བར་གྱུར་ནས། དེ་དག་མགུ་བའི་ལས་ཐམས་ཅད་བྱའོ་ཞེས་བྱ་བའི་

དོན་ཏོ། །ལས་འདི་བྱེད་བཞིན་དུ་གཞན་གྱིས་མཐོང་བ་དང་། བགེགས་རྣམས་ཅི་སྐྱེ་བར་མི་འགྱུར་རམ་ཞེ་ན། རྩ་བའི་སྔགས་དང་ཚམ་ངམ་ལྟར། །ཞེས་བྱ་བ་ལ་སོགས་པ་ལ། རྩ་བའི་སྔགས་སམ་ཚམ་ངམ་གྱི་སྔགས་བཟླ་བར་བྱའོ། །ཕྱོགས་བཅིང་བར་ནི་འཇུག་པ་དང་། །ཞེས་

བྱ་བ་ལ། ཕྱོགས་ཀྱི་ར་བ་དང་། དྲ་བ་དང་། བླ་རེ་དང་། མདའི་དྲ་བ་དང་། མེའི་འོད་ཀྱི་སྔགས་བརྗོད་ཅིང་མཆོད་པར་བྱས་ན། ལྷ་རྣམས་ཀྱིས་ཀྱང་མི་མཐོང་ན། མི་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །དེ་འདིར་ཡུལ་དང་ཡུལ་དུ་དགོན་པ་ལ་སོགས་པའི་འཆད་

པར་འགྱུར་བའི་གནས་སུ་བཟླས་པས་འགྲུབ་པའི་གསང་སྔགས་ཀྱི་ནུས་པ་བསྟན་པར་བྱ་བའི་ཕྱིར། སྙིམ་པ་མེ་ཏོག་གིས་བཀང་སྟེ། །མཁའ་ལ་སྤྱོད་ལ་གྱེན་དུ་གཏོར། །ཞེས་བྱ་བ་ལ་སོགས་པ་ལ། མཁའ་སྤྱོད་རྣམས་ལ་མེ་ཏོག་གི་སྙིམ་པ་གཏོར་ནས་ས་ལ་ལྷུང་བ་མི་མཐོང་སྟེ། གཞན་

ཡང་མེ་ཏོག་གི་སྙིམ་པ་དེས་སྟེང་གིས་ཉེ་བར་མཚོན་པའི་བར་དུ་ནམ་མཁའ་ལ་སྤྱོད་པ་དབང་དུ་འགྱུར་བ་ཁོ་ནའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། སྙིང་པོ་དང་ཉེ་བའི་སྙིང་པོའི་སྒྲུབ་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ།། །།

Vol. 16 · folio 311a

སྙིང་པོ་དང་ཉེ་བའི་སྙིང་པོའི་བསྒྲུབ་པར་བྱ་བའི་ཆོ་གའི་ལེའུ་བསྟན་ནས། དེའི་སྔགས་དང་རྣལ་འབྱོར་མའི་འཁོར་ལོ་གཉིས་ཀྱི་ཕྲིན་ལས་བསྟན་པར་བྱ་བའི་ཕྱིར། ལེའུ་བཞི་བཅུ་རྩ་བཞི་པ་བསྟན་པར་བྱ་སྟེ། དེ་ནས་ཕོ་ཉ་མོར་བརྟེན་ནས། །ཞེས་བྱ་བ་ལ་སོགས་

པ་ལ། ཕོ་ཉ་མོ་ཞེས་བྱ་བ་ནི་དེའི་ཉེ་བའི་སྙིང་པོའི་སྔགས་ཀྱི་ཡི་གེ་རྟོགས་པའི་སྐུ་རྡོ་རྗེ་མཁའ་འགྲོ་དང་མཁའ་འགྲོ་མ་དྲུག་བཤད་པའི་རྒྱུད་ལས་བཤད་པར་བྱ་སྟེ། རྡོ་རྗེ་འཁོར་ལོ་རྩིབས་དྲུག་བྲི། །སྣ་ཚོགས་ཆུ་སྐྱེས་འཁོར་ལོ་གནས། །སྣ་ཚོགས་རྡོ་རྗེ་ཕྲེང་བས་བསྐོར། །དེར་ནི་ཡི་

གེ་ཧཱུཾ་ལས་བྱུང་། །བདེ་ཆེན་རྡོ་རྗེ་མཁའ་འགྲོ་བསྒོམ། །ཕྱག་དྲུག་ཞལ་གསུམ་སྤྱན་གསུམ་སྟེ། །མཚན་ཉིད་ཀུན་གྱིས་ཉེ་བར་མཚོན། །ཨཱ་ལི་ཀཱ་ལི་ལས་བྱུང་གཙོ། །དཔེ་བྱད་བརྒྱད་ཅུར་ཡང་དག་ལྡན། །རྡོ་རྗེ་དྲིལ་བུས་སྙོམས་ཞུགས་པ། །དེ་བཞིན་མི་ཡི་པགས་པ་འཛིན། །

གཡོན་ན་ཐོད་པ་ཁ་ཊྭཾ་སྟེ། །གཡས་པའི་ཕྱག་ན་རྩེ་གསུམ་འཛིན། །ཐོད་པའི་ཕྲེང་བས་དབུ་རྒྱན་ཅན། །སྣ་ཚོགས་རྡོ་རྗེ་རལ་པ་འཕྱང་། །དབུ་ལ་ཟླ་བ་ཕྱེད་པ་ཉིད། །ཕྱག་རྒྱ་དྲུག་གིས་སྐུ་ལུས་བརྒྱན། །གནག་དང་སེར་དང་ལྗང་བའི་ཞལ། །སྟག་གི་པགས་པ་གོས་སུ་

མནབས། །དུས་མཚན་དང་ནི་འཇིགས་བྱེད་ཆེ། །གཡས་བརྐྱང་བས་ནི་གནོན་པར་མཛད། །ཇི་ལྟར་མགོན་པོ་དེ་བཞིན་དུ། །རྡོ་རྗེ་ཕག་མོའི་སྤྱན་ལ་སོགས། །ལྷ་མོའི་བྱིན་པས་ཡང་དག་འཁྲིལ། །དམ་པར་དགའ་བས་ཀུན་དུ་ཁྱབ། །ཛཿཧཱུཾ་བཾ་ཧོཿའི་ཡི་གེ་ཡིས། །

ཡེ་ཤེས་དགུག་པ་ལ་སོགས་བྱ། །སྒོར་ནི་རྣལ་འབྱོར་མ་དྲུག་སྟེ། །གཡས་དང་གཡོན་གྱི་བསྐོར་བས་བཞུགས། །ཧེ་རུ་ཀ་ནི་དང་པོ་སྟེ། །གཉིས་པ་རྡོ་རྗེ་འཇིགས་བྱེད་མ། །གོ་རོ་ཙ་ནི་གསུམ་པ་ཡིན། །བཞི་པ་རྡོ་རྗེ་བྷསྐ་རི། །རྡོ་རྗེ་དྲག་མོ་ལྔ་པ་སྟེ། །དྲུག་པ་རྡོ་རྗེ་

མཁའ་འགྲོ་མ། །སྔོ་དང་སེར་དང་ལྗང་དང་ནི། །དེ་བཞིན་དམར་དང་དུད་ཀ་དཀར། །དབུ་སྐྲ་གྲོལ་ཞིང་དྲག་ཤུལ་ཏེ། །སྤྱན་གསུམ་ཕྱོགས་ཀྱི་གོས་འཆང་བ། །ཅང་ཏེའུ་ནི་སྒྲ་སྒྲོགས་ཤིང་། །དེ་བཞིན་དྲིལ་བུ་ཕྱག་ན་འཆང་། །མི་ཡི་པགས་པ་འཆང་བ་ནི། །ཉི་མའི་

Vol. 16 · folio 311b

དཀྱིལ་འཁོར་དག་ལ་བཞུགས། །དབུ་ལ་ཐོད་པའི་ཕྲེང་བས་བརྒྱན། །གཡས་བརྐྱང་བ་ཡི་གནས་པས་བཞུགས། །སྐལ་ལྡན་ཡི་གེ་དྲུག་ལས་བྱུང་། །ཐམས་ཅད་རིམ་པ་ཇི་བཞིན་དགོད། །ཅེས་འབྱུང་ངོ་། །ཡི་གེ་བདུན་པར་ཡང་དག་ལྡན། །ཞེས་བྱ་བ་ལ། སྔགས་དེ་དག་

དང་ལྡན་པའི་རྣལ་འབྱོར་མ་རྣམས་ལ་བརྟེན་ནས་ལས་གང་བརྩམས་པ་དེ་དག་ཐམས་ཅད་འགྲུབ་པར་འགྱུར་རོ། །སྔགས་དང་ལྡན་པ་ནི་རྣལ་འབྱོར་མ་འདི་དག་གིས་ཇི་ལྟར་བསམ་པར་བྱ་ཞེ་ན། ལག་དབུས་ཡི་གེ་བདུན་དགོད་བྱ། །རྣལ་འབྱོར་མ་དྲུག་རྩིབས་དྲུག་གནས། །ཞེས་

བྱ་བ་ལ་སོགས་པ་ལ། ལག་པ་གཡོན་པའི་མཐིལ་དུ་འཁོར་ལོ་རྩིབས་དྲུག་པ་བྲིས་ཏེ། དེའི་རྩིབས་རྣམས་བསྐུལ་བ་དང་ལྡན་པའི་སྒྲུབ་བྱའི་མིང་དང་སྔགས་དང་ལྡན་པའི་རྣལ་འབྱོར་མ་དྲུག་གིས་མཚན་པར་བྱ་སྟེ། བསྒྲུབ་བྱ་གང་དང་གང་གི་གཟུགས་དེ་དང་དེའི་གཟུགས་འཛིན་

པར་བསམས་ནས་སྔགས་ཀྱི་རྒྱལ་པོ་ཁ་ནས་བཏོན་ན། དེའི་གཟུགས་སྟོན་པར་འགྱུར་རོ། །རྣལ་འབྱོར་མ་རྣམས་ཀྱི་སྦྱིན་སྲེག་གིས་དགུག་པ་ལ་སོགས་པ་སྟོན་པར་བྱེད་དོ། ཐབ་ཁུང་དུ་རྣལ་འབྱོར་མའི་འཁོར་ལོ་བྲིས་ཏེ། ཡི་གེ་གཉིས་མངོན་པར་མཉེས་ནས། ཟླ་བ་དང་

ཉི་མ་བཀོད་པའི་ལག་པ་གཉིས་ཀྱི་རྡུལ་མཉེས་ལ་བསྲེག་པར་བྱའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། ཡི་གེ་བདུན་དང་རྣལ་འབྱོར་མ་དག་གི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བཞི་པའོ།། །།ཡི་གེ་བདུན་པ་དང་། སྐུ་དག་

གི་ལས་བསྟན་ནས། སྐུ་དང་སྔགས་ཀྱི་ཕྲིན་ལས་བསྟན་པར་བྱ་བའི་ཕྱིར། ལེའུ་བཞི་བཅུ་རྩ་ལྔ་པ་བཤད་པར་བྱ་སྟེ། དེ་ནས་ལས་ཀྱི་རབ་མཆོག་ནི། །ངག་གི་དངོས་གྲུབ་བྱེད་པའོ། །ཞེས་བྱ་བ་ལ། ངག་བསྒྲུབ་པ་ནི་ངག་གི་དངོས་གྲུབ་སྟེ། དེ་ལ་འཇུག་ཅིང་གྲུབ་པར་བྱེད་པ་ནི་

ངག་གི་དངོས་གྲུབ་རབ་ཏུ་སྒྲུབ་པར་བྱེད་པའོ། །བཤད་པ་རྣམས་ལས་ཕུལ་དུ་གྱུར་པའི་ཕྱིར་ལས་ཀྱི་མཆོག་དེ་བསྟན་པར་བྱ་བའི་ཕྱིར། ཀ་ར་བཱི་རའི་མེ་ཏོག་དམར། །ལིངྒའི་སྤྱི་བོར་བསྣུན་པར་བྱ། །ཞེས་བྱ་བ་ལ་སོགས་པ་ནི། ལིངྒ་རང་བྱུང་བའོ། །ཡང་ན་ལིངྒའི་སྤྱི་བོ་ནི་རྒྱུད་འདིར་

Vol. 16 · folio 312a

གསུངས་པའི་རྡོ་རྗེ་མཁའ་འགྲོ་དང་རྣལ་འབྱོར་མའི་ཕྱག་མཚན་ནོ། །གསང་བའི་རྒྱུད་ལས་ངེས་འབྱུང་བའི། །ཞེས་བྱ་བ་ལ། གསང་བའི་རྒྱུད་ནི་སྐུ་གསུམ་སྟེ། དེ་ལས་བྱུང་བ་ནི་དེའི་དོན་དུ་བྱུང་ཞིང་གསང་བའི་རྒྱུད་ལས་ངེས་པར་བྱུང་བའོ། །ནམ་མཁའི་དབུས་སུ་

སྣ་ཚོགས་པདྨ་དེའི་ཕྱི་རོལ་དུ་སྟོན་ཀའི་སྤྲིན་ལྟར་དཀར་བའི་ཟུར་གསུམ་སྐྱེ་གནས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཡི་དགས་ཀྱི་རས་སུ་སན་རྩི་དང་ཙནྡན་དམར་པོས་འཁོར་ལོ་བྲིས་ལ། བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་གར་དགོད་པར་བྱའོ། །ཡང་ན་སྐྱེ་གནས་སུ་བསམས་ཏེ། རྡོ་རྗེ་

མཐེའུ་ཆུང་བསྐྱོད་པར་བྱ། །ཞེས་བྱ་བའི་དོན་ཏོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། ངག་གི་དངོས་གྲུབ་དགུག་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་པའོ།། །།ངག་གི་དངོས་གྲུབ་དགུག་པ་བསྟན་ནས། ཧ་ལྔའི་ལས་བསྟན་

པར་བྱ་བའི་ཕྱིར། ལེའུ་བཞི་བཅུ་རྩ་དྲུག་པ་བཤད་པར་བྱ་སྟེ། དེ་ནས་ཡི་གེ་ཧ་ལྔ་ཡི། །ཞེས་བྱ་བ་ལ་སོགས་པ་ལ། ཧ་ལྔ་ནི་ཧཾ་ཧཱུཾ་ཧོ་ཧེ་ཧའི་བར་དུ་ལས་བསྟན་ཏོ། །ཡིད་ཀྱིས་བྲིས་ནས་ཧ་ལྔ་བཀོད་པའི་ལག་པ་གཉིས་ཕན་ཚུན་མཉེ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དཔལ་

འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། ཧ་ལྔའི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་དྲུག་པའོ།། །།ཧ་ལྔའི་ལས་ཀྱི་ལེའུ་བརྗོད་ནས། མཁའ་འགྲོ་མ་ཐམས་ཅད་ཀྱི་སྔགས་ཀྱི་ལས་ཐམས་ཅད་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། ལེའུ་བཞི་བཅུ་རྩ་

བདུན་པ་བཤད་པར་བྱ་སྟེ། དེ་ནས་ཡང་དག་བཤད་བྱ་བ། །མཁའ་འགྲོ་ཀུན་གྱི་སྙིང་པོ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་པའི་ལེའུ་ལས་གསུངས་པའི་མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོའོ། །ཡང་ན་ལེའུ་བཞི་བཅུ་རྩ་བརྒྱད་པ་ལས་འཆད་པར་འགྱུར་བའི་རབ་

གཏུམ་ལ་སོགས་པ་མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོའི་སྔགས་བརྗོད་པས་སོ། །སྔགས་ཀྱི་མཐུ་བསྟན་པར་བྱ་བའི་ཕྱིར། དངོས་གྲུབ་ཀུན་ཀྱི་འབྲས་བུ་འབྱུང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྟོགས་པའི་རྐང་བ་ནི་བྱ་རོག་གི་རྐང་པའོ། །དཔལ་འཁོར་ལོ་སྡོམ་པའི་

Vol. 16 · folio 312b

དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོའི་ལས་ཐམས་ཅད་ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བདུན་པའོ།། །།མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོ་ལས་ཐམས་ཅད་ཀྱི་ཆོ་གའི་ལེའུ་བསྟན་ནས། དཔའ་བོ་དང་མཁའ་འགྲོ་མ་ཐམས་

ཅད་ཀྱི་གཞི་གསང་བའི་དཀྱིལ་འཁོར་གྱི་ཆོ་ག་བཤད་པར་བྱ་བའི་ཕྱིར། ལེའུ་བཞི་བཅུ་རྩ་བརྒྱད་པ་བསྟན་པར་བྱ་སྟེ། དེ་ནས་གཞན་ཡང་བཤད་བྱ་བ། །མཁའ་འགྲོ་ཀུན་གྱི་དགེ་བ་གང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁའ་འགྲོ་མ་ཐམས་ཅད་ནི་རབ་གཏུམ་མ་ལ་

སོགས་པ་ཉི་ཤུ་རྩ་བཞིའོ། །དེ་དག་གི་དགེ་བ་ནི་དགེ་བའི་རྒྱུར་གྱུར་པའོ། །སྙིང་པོ་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་སྔགས་ཏེ། འདོད་པའི་དོན་ཐམས་ཅད་གྲུབ་པར་བྱེད་པའོ། །ཅི་ངེས་པར་འགྱུར་རམ་ཞེ་ན། གང་ཞིག་དྲན་པ་ཙམ་གྱིས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །

སྔགས་དེ་བཤད་པར་བྱ་སྟེ། ཧཱ་སྭཱ་ཊཕ་ཧཱུྃ་ཧཱུྃ་ཡེ་ནཱི་རྞཱ་བཛྲ་བ་ཡེ་ནཱི་ཀི་ཌཱ་དྷ་དབུ་རྦས་ཨོཾ། ཞེས་བྱ་བའི་སྔགས་བཀླགས་པས་འགྲུབ་པ་སྟེ། སྔོན་དུ་བསྙེན་པ་ལ་སོགས་པ་ལ་ལྟོས་པ་མེད་པར་ལས་ཐམས་ཅད་བྱེད་ཅེས་བྱ་བའི་དོན་ཏོ། །གང་གི་སྔགས་ཡིན་པ་དེ་རྣམས་ཀྱི་གཞིའི་དཀྱིལ་

འཁོར་མདོར་བསྡུས་པ་བཤད་པར་བྱ་བའི་ཕྱིར། མཁའ་འགྲོ་ཀུན་གྱི་གཞི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རི་བོ་བཟང་པོ་ཞེས་བྱ་བ་ནི། རི་རབ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་རྩེ་མོ་བརྒྱད་དང་ལྡན་པ་མེ་ཏོག་དང་འབྲས་བུར་བཅས་པ་བྲེས་ནས། དེའི་སྟེང་དུ་གཞལ་ཡས་ཁང་པ་དེར་གསེར་དང་

དངུལ་ལ་སོགས་པའི་བུམ་པ་དགོད་དོ། །དེ་ཇི་ལྟ་བུ་ཞེ་ན། ཀུན་ད་ཟླ་བ་ལྟར་དཀར་བ། །ཞེས་བྱ་བའོ། །ཧ་ཧཱ་ཧེ་ཧཻ། ཞེས་པ་བཞད་པའི་ཕྱག་རྒྱའི་ཐོད་པ་བཞི་དེས་བྱིན་གྱིས་བརླབས་པའི་མཚམས་ཀྱི་འདབ་མ་བཞི་པོ་དང་། གཞན་ཡང་ཡེ་ཤེས་ཀྱི་འདབ་མའི་འདབ་མ་བཞི་ལ་གསང་བའི་ཡི་གེ་ཉི་

ཤུ་རྩ་བཞི་པ་གསུངས་པའི་ལེའུ་ལས་མཁའ་འགྲོ་མ་དང་། ལཱ་མ་དང་། ཁཎྜ་རོ་ཧཱ་དང་། གཟུགས་ཅན་མ་སྟེ་བཞི་པོ་དང་། འཁོར་ལོ་གསུམ་ལ་དཔའ་བོ་དང་། དཔའ་མོ་དང་། དེ་བཞིན་དུ་སྒོ་དང་མཚམས་རྣམས་སུ་ཁྭ་གདོང་མ་ལ་སོགས་པ་དང་། གཤིན་རྗེ་སྲེག་མ་ལ་སོགས་པ་མདོར་བསྡུས་པ་བལྟ་བར་

Vol. 16 · folio 313a

བྱའོ་ཞེས་བསྟན་ཏོ། །དཔའ་བོ་རྣམས་ཀྱི་དཔའ་མོ་ཉིད། །ཅེས་བྱ་བ་ལ། གང་ཞིག་བཞད་པའི་ཕྱག་རྒྱ་ཐོད་པ་བཞི་པོ་གསུངས་པ་དེ་རྣམས་ཀྱི་ཡང་དཀྱིལ་འཁོར་གྱི་ཆོ་ག་འདི་ཡིན་ཞེ་ན། དཔའ་བོ་ཉི་ཤུ་རྩ་བཞི་པའོ། །མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔའ་

བོ་ཉི་ཤུ་རྩ་བཞི་ཡང་དག་པར་བསྡུས་བ་ནི་མཁའ་འགྲོ་མའི་དྲ་བའི་སྡོམ་པ་ཞེས་བྱ་བའི་དོན་ཏོ། །དཔའ་བོ་དེ་དག་གི་མིང་ཅི་ཡིན་སྙམ་པ་ལ། སྐུའི་འཁོར་ལོ་ལ་བརྟེན་ནས་བཤད་པར་བྱ་སྟེ། དེ། རྡོ་རྗེ་སེམས་དཔའ་རྣམ་སྣང་མཛད། །ཅེས་བྱ་བ་ལ་སོགས་པའོ། །ཅི་བཀོད་པ་འདི་དཔའ་བོ་རྣམས་ཁོ་ན་ཡིན་

ནམ། འོན་ཏེ་གཞན་དག་ཡིན་ཞེ་ན། མཁའ་འགྲོ་མ་དང་རྣལ་འབྱོར་མ། །ཞེས་གསུངས་སོ། །ཐུགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བཤད་པར་བྱ་སྟེ། དེ་བཞིན་རབ་གཏུམ་མ་སོགས་གཞན། །ཞེས་བྱ་བ་ལ་སོགས་པ་ལ། བཤད་པའི་ལུས་ཀྱི་གནས་སུ་གནས་ཐམས་ཅད་བལྟ་བར་བྱའོ། །འཁོར་

ལོའི་བདག་ཉིད་ཅན་གཉིས་སུ་མེད་པ་ཡིན་པའི་ཕྱིར། ནང་གི་སྦྱོར་བ་བསྟན་པར་བྱ་སྟེ། འཁོར་ལོའི་བདག་ཉིད་རྟག་ཏུ་བསྒོམ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྔར་བཤད་པ་ཡི་ཆོ་ག་ཡིས། །ཞེས་བྱ་བ་ལ། དང་པོ་དང་གསུམ་པ་ལ་སོགས་པའི་ལེའུར་གསུངས་པའི་རིམ་པས་མཆོད་པར་བྱའོ། །

དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་གནས་གསང་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་བཅུ་རྩ་བརྒྱད་པའོ།། །།གསང་བའི་དཀྱིལ་འཁོར་དུ་སྐྱེ་བ་བདུན་པའི་བསྒྲུབ་བྱ་བསྟན་པར་བྱ་བའི་ཕྱིར། ལེའུ་བཞི་བཅུ་རྩ་དགུ་པ་བསྟན་

པར་བྱ་སྟེ། དེ་ནས་གཞན་ཡང་བཤད་བྱ་བ། །ཕྱུགས་ཀྱི་ལས་ནི་ཆོ་ག་བཞིན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྲས་བཏགས་པ་ལས་སྔགས་པས་ནི། །ཞེས་བྱ་བ་ལ། འབྲས་བཏགས་པ་ནི་འཆད་པར་འགྱུར་བའི་ཕྱུགས་དང་། རོ་ལངས་བསྒྲུབ་པའི་ལེའུ་སུམ་ཅུ་རྩ་གཉིས་པ་ལས་བཤད་པའི་ཕྱུགས་

རྣམས་བྱའོ། །བཤད་པ་ལས་གཞན་རྣམས་ཀྱང་ཕྱུགས་སུ་གཟུང་གི །སོ་སོར་ངེས་བ་ཅན་ཉིད་ནི་མ་ཡིན་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ཡི་ལས་ནི་བཤད་པར་བྱ། །ཞེས་བྱ་བ་ལ་སོགས་པ་ལ། ལེའུ་སུམ་ཅུ་རྩ་གཉིས་པ་དེར་ཕྱུགས་ཀྱི་གྲངས་སྣ་ཚོགས་ཐམས་ཅད་འདྲ་བ་སྟེ། དེ་དག་ཁོ་ནས་ལེའུ་སུམ་

Vol. 16 · folio 313b

ཅུ་རྩ་གཉིས་པ་ལས་བཤད་པའི་བཟའ་བ་དང་བཅའ་བ་དང་སྦྱིན་སྲེག་ལ་སོགས་པའི་ཆོ་ག་རྫ་རྔ་བཅིང་བའི་སྔགས་ཀྱིས་བྱའོ། །ལེའུ་བཅུ་གཅིག་པ་ལས་གསུངས་པའི་སྐྱེ་བ་བདུན་པའི་ལས་བསྐང་བར་བྱ་བའི་ཕྱིར། དེ་ཡིས་ལས་མཆོག་བཤད་པར་བྱ། །མཚན་ཉིད་དག་ཀྱང་ཁྱད་པར་དུ། །ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། དེ་ལྟ་བུའི་མཚན་ཉིད་ཅན་གྱི་སྐྱེ་བ་བདུན་པ་དེ་དག་གང་ཞེ་ན། སྐྱེ་བ་གཅིག་དང་སྐྱེ་བ་གཉིས། །ཞེས་བྱ་བ་ལ་སོགས་པ་ལ། གཅིག་ལ་བརྟེན་ནས་བདུན་གྱི་བར་དུ་མིའི་སྐྱེ་བར་གནས་པ་གང་ལ་ཡོད་པ་དེ་ནི་སྐྱེ་བ་བདུན་པའོ། །དེའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། ལུས་ཀྱི་དྲི་ནི་

རྟག་ཏུ་ཞིམ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། སྐྱེ་བ་བདུན་པའི་བསྒྲུབ་བྱའི་གཟུགས་ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་དགུ་པའོ།། །།གཟུགས་ཡོངས་སུ་བསྒྱུར་བའི་ཆོ་ག་བརྗོད་ནས། ལེའུ་བཞི་བཅུ་རྩ་བདུན་པ་

ལས་གསུངས་པའི་སྦྱིན་སྲེག་གི་སྔགས་ཀྱི་སྦྱིན་སྲེག་གཞན་དག་བསྟན་པར་བྱ་བའི་ཕྱིར་ལེའུ་ལྔ་བཅུ་པ་བཤད་པར་བྱ་སྟེ། དེ་ནས་སྦྱིན་སྲེག་ཆོ་ག་བཤད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་ལེགས་ན་སྦྱིན་སྲེག་དེ་ཅི་ལྟ་བུ་ཡིན་གསུངས་ཤིག་སྙམ་པ་ལ། གོ་མངས་ཞེས་བྱ་བ་ལ་སོགས་པ་གསུངས་

སོ། །ཚེ་སྲིང་བ་ལ་དཱུར་བ་དང་ཀུསྨཎྜཾ་ལ་སོགས་པ་རབ་ཏུ་སྒྲུབ་པའོ། །སྦྱིན་སྲེག་བསྟན་ནས། གཞན་དག་བསྟན་པར་བྱ་བའི་ཕྱིར། དེ་ནས་གཞན་ཡང་བཤད་བྱ་བ། ས་དང་གནས་སོགས་རྣལ་འབྱོར་མའི། །ཞེས་བྱ་བ་ལ་སོགས་པ་ལ། ས་ནི་རབ་ཏུ་དགའ་བ་ལ་སོགས་པའོ། །གནས་དང་ཉེ་བའི་གནས་ལ་

སོགས་པས་ཉེ་བར་མཚོན་པའི་ས་ལ་གནས་པའི་རྣལ་འབྱོར་མ་ཉི་ཤུ་རྩ་བཞིའོ། །ས་དང་རྣལ་འབྱོར་མ་དེ་དག་ཅི་ལྟ་བུ་ཞེ་ན། ཡན་ལག་ཉིང་ལག་ཧེ་རུ་ཀའི། །ཞེས་བྱ་བ་ལ་སོགས་པ་ལ། ཡན་ལག་དང་ཉིང་ལག་ནི་ཡན་ལག་གོ། །ཡན་ལག་ཐམས་ཅད་བརྟན་གཡོའི་བདག །ཅེས་བྱ་བ་ལ། ཧེ་རུ་ཀ་མ་

ཡིན་པའི་ཐམས་ཅད་ཀྱི་ཡན་ལག་ཐམས་ཅད་དོ། །བརྟན་གཡོའི་བདག་ཉིད་ནི་ཞེས་བྱ་བ་ལ། བརྟན་པ་ནི་ཡུལ་དང་ཕྱོགས་ལ་སོགས་པའོ། །གཡོ་བ་ནི་སྐྱེ་བོ་ཐམས་ཅད་དོ། །དེའི་བདག་ཉིད་གང་ལ་ཡོད་པ་དེ་ནི་ས་ལ་སོགས་པ་སྟེ། བརྟན་པ་དང་གཡོ་བའི་བདག་ཉིད་དོ། །དེ་གང་ཞེ་ན། གནས་ནི་རབ་ཏུ་གྲུབ་པའི་ས། །

Vol. 16 · folio 314a

ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ས་དེ་དག་གང་གི་ཡིན་ཞེ་ན། ཤྲཱི་ཧེ་རུ་ཀའི་གཞུང་སྤྱོད་དོ། །འདི་དག་ནང་གི་བདག་ཉིད་ས། །ཞེས་བྱ་བ་ལ་སོགས་པ་ལ། ཧེ་རུ་ཀའི་སྤྲུལ་པའི་སྐུའི་རང་བཞིན་གྱི་གཞུང་སྤྱོད་པ་ནི་འཁྱམ་པའི་ས་རྣམས་སོ། །ཡི་གེ་པུ་སོགས་ཀྱིས་བསྟན་པ། །རྒྱུད་དང་དེར་པུ་

ཛཱ་ཨོ་ཨ་གོ་རཱ་དེ་མཱ། ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ་ན་སི་མ་ཀུ །ཕྱིའི་ས་རྣམས་བཤད་ནས། ནང་གི་བདག་ཉིད་ཀྱིས་སྐུའི་འཁོར་ལ་བརྟེན་ནས་བཤད་པར་བྱ་སྟེ། ཀུན་དུ་ཕྱག་དང་ཞབས་ལྡན་ཞིང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་པུ་ལ་སོགས་པས་ཛཱ་ལནྡྷ་ར་ལ་སོགས་པའི་བར་དུ་རྣམ་པར་རྟོགས་པར་

བྱའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། དབང་གི་སྦྱིན་སྲེག་དང་གནས་ལ་སོགས་པ་བསྟན་པར་བྱ་བའི་ལེའུ་སྟེ་ལྔ་བཅུ་པའོ།། །།དབང་གི་སྦྱིན་སྲེག་དང་གནས་ལ་སོགས་པ་དང་ས་རྣམས་བརྗོད་ནས། མན་ངག་བསྟན་པར་བྱ་བའི་ཕྱིར་ལེའུ་ལྔ་བཅུ་རྩ་གཅིག་པ་

བཤད་པར་བྱ་སྟེ། དེ་ནས་གཞན་ཡང་བཤད་བྱ་བ། །མན་ངག་ཤིན་ཏུ་རྙེད་དཀའ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིན་ཏུ་རིང་དུ་སོང་ནས་མན་ངག་གི་རིམ་པ་བཤད་པར་བྱ་ཞེས་བྱ་བར་སྦྱར་རོ། །སྦས་པ་ཞེས་བྱ་བ་ནི་ཤིན་ཏུ་གསང་བའོ། །གལ་ཏེ་སྦས་པ་ཡིན་ན་ཇི་ལྟར་བཤད་པར་བྱ་ཞེ་ན། དཔའ་བོ་ཡི་ནི་བརྡ་རུ་

གསུངས། །ཞེས་བྱ་བ་ལ། དཔའ་བོ་རྣམས་ཀྱི་ཕན་ཚུན་རྟོགས་པར་བྱེད་པའི་བརྡ་ནི་དཔའ་བོའི་བརྡའོ། །དེས་གསུངས་པ་ནི་དཔའ་བོའི་བརྡར་གསུངས་པའོ། །དེ་དག་གྲང་དུ་ཡིན་ཞེ་ན། དེ་དག་དེ་ཉིད་བཅུ་བཞི་སྟེ། །ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་བཅུ་བཞི་དེ་དག་གང་ཞེ་ན། གོས་ནི་ཕྱག་རྒྱ་ལྔ་དང་ལྡན། །ཞེས་

བྱ་བ་ལ་སོགས་པ་ལ། གོས་ནི་སྟག་གི་པགས་པའོ། །ཡང་ན་གང་དུ་གནས་པ་དེ་ནི་གོས་ཏེ་གཞལ་ཡས་ཁང་ངོ་། །ཕྱག་རྒྱ་ལྔ་ལ་སོགས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའོ། །ཤེས་རབ་ཡན་ལག་ཅེས་བྱ་བ་ནི་རྡོ་རྗེ་བཞི་སྟེ། དང་པོ་སྟོང་ཉིད་བྱང་ཆུབ་སེམས། །གཉིས་པ་ས་བོན་བསྡུས་

པའོ། །གསུམ་པ་གཟུགས་བརྙན་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །ཞེས་བྱ་བ་འབྱུང་ངོ་། །ཕུར་བུ་དྲ་བ་ནི་ཁྲོ་བོའི་ཕུར་བུ་དང་། རྡོ་རྗེ་ར་བ་དང་དྲ་བ་དང་བླ་རེ་དང་མདའི་དྲ་བ་དང་མེའི་འོབས་ལ་སོགས་པའོ། །ཨཱ་ལི་ཀཱ་ལི་ཞེས་བརྗོད་པ། །ཞེས་བྱ་བ་ནི། ཟླ་བ་དང་ཉི་མའི་གཟུགས་སུ་གྱུར་པའོ། །རྒྱུ་ལ་སོགས་

Vol. 16 · folio 314b

སྟོང་སྔོན་འགྲོ་ཡིན། །ཞེས་བྱ་བ་ལ། རྒྱུ་ནི་སྐྱེད་པར་བྱེད་པ་སྟེ། དེ་དང་པོ་གང་ལ་ཡོད་པ་དེ་ནི་རྒྱུ་ལ་སོགས་པ་སྟེ་བྱས་པ་ལ་སོགས་པའི་སྐྱེ་བའོ། །དེས་སྟོང་པ་ནི་རྒྱུ་ལ་སོགས་པས་སྟོང་པ་སྟེ། བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་བཞི་པའོ། །ཇི་སྐད་དུ། སངས་རྒྱས་ཀུན་གྱི་བྱ་བ་གང་། །སྣང་བ་

མེད་ཅིང་གཞི་མེད་པ། །མ་སྐྱེས་མ་བྱས་དག་པ་སྟེ། །དངོས་དང་དངོས་མེད་རྣམ་པར་སྤངས། །ཞེས་འབྱུང་ངོ་། །དེ་ལས་ལམ་དེའི་སྔོན་དུ་འགྲོ་བ་ནི་གསུམ་པས་སོར་རྟོག་པའི་ཡེ་ཤེས་སོ། །འཇུག་པ་སྒྲ་ལ་སོགས་པ་ནས། །ཞེས་བྱ་བ་ལ། རྒྱུའི་རྡོ་རྗེ་འཆང་གིས་འཇུག་པ་ནི་སྐྱེ་བའི་

རྒྱུར་གྱུར་པ་སྒྲ་སྟེ། གནས་སྐབས་བཞི་དང་ལྡན་པའི་ཡི་གེ་ཧཱུཾ་ངོ་། །སོགས་ཞེས་བྱ་བ་ནི། ཟླ་བ་དང་ཉི་མའི་མཚན་མ་དག་གོ། །ཇི་སྲིད་བསྡུས་པའི་སྦྱོར་ལྡན་ཉིད། །ཅེས་བྱ་བ་ནི། གསུམ་པོ་དེ་དག་གོང་བུའི་ཚུལ་དུ་བསྡུས་པའི་སྦྱོར་བ་ནི་ནན་ཏན་གྲུབ་པའི་སྦྱོར་བའོ། །བདུད་རྩིས་ཚིམ་བྱེད་ཅེས་བྱ་བ་ནི།

ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་དེ་དགུག་པར་བྱའོ། །མྱ་ངན་ལས་འདས་བྱ་བ་ནི། །ཞེས་བྱ་བ་ནི་དེ་ལས་གཞན་པ་ཉིད་ཀྱིས་གཞན་དུ་བཟློག་པའོ། །ལག་པའི་མཆོད་པ་ཞེས་བྱ་བ་ནི་སྔར་བཤད་པའི་རྟོགས་པས་བྱ་བའོ། །བཤད་པའི་མཚན་ཉིད་ཅན་གྱི་

རྣལ་འབྱོར་བ་གལ་ཏེ་འཆི་བ་ཡིན་ན། གཞན་གང་ཞིག་ལུས་སྙམ་ན། འཕོ་བའི་དུས་ན་རྣལ་འབྱོར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་རྣམས་ནི་འཆི་ཞིང་གཤིན་རྗེའི་འཇིག་རྟེན་དུ་འགྲོ་ན་རྣལ་འབྱོར་བ་ཡང་སྔོན་གྱི་ལས་ཡོངས་སུ་གཏོང་བས་གནས་ཁྱད་པར་ཅན་ལ་བརྟེན་པར་བྱའོ། །དེ་བས་ན།

མཁའ་འགྲོའི་གནས་སུ་ཁྱེར་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྲོས་པ་ཐམས་ཅད་ལས་གྲོལ་ཞིང་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པས་ན་གནས་ཏེ་སྐུ་གཉིས་སྡུད་པར་བྱེད་པ་རང་བཞིན་ཀྱིས་འོད་གསལ་བའི་སེམས་ཏེ། མཁའ་འགྲོའི་གནས་སོ། །དེ་འདྲའི་དཔའ་ཅན་རྣལ་འབྱོར་པ། །

ས་སྟེང་ན་ནི་རྙེད་པར་དཀའ། །ཞེས་བྱ་བ་ལ། དེ་ལྟར་ཡོན་ཏན་བཤད་པའི་བཅོམ་ལྡན་འདས་དཔལ་བདེ་མཆོག་དང་། དཔའ་བོ་སྟེ་ཐོད་པའི་དུམ་བུ་ཕྱེད་པ་ལ་སོགས་པ་དང་། རྣལ་འབྱོར་མ་རབ་གཏུམ་མ་ལ་སོགས་པ་དེ་དག་ས་སྟེང་ན་རྙེད་པར་དཀའ་བ་སྟེ་ལུས་ཁོ་ནར་རྙེད་པར་སླ་ཞེས་བྱ་བའི་དོན་ཏོ། །

Vol. 16 · folio 315a

ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། མགུལ་རྒྱན་གདུ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྒོམ་པ་ནི་གནས་བསྟན་པར་བྱ་བའི་ཕྱིར། རི་རྩེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐུགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་དཔའ་བོ་དང་དཔའ་མོའི་མཚན་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་དྲིལ་བུ་

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འཁོར་ལོ་དང་རྗེས་སུ་མཐུན་པའི་ཕྱིར་རྡོ་རྗེ་དྲིལ་བུ་དང་། པདྨའི་དྲིལ་བུ་དང་། འཁོར་ལོའི་དྲིལ་བུ་དང་། འཁྱུད་ཅེས་བྱ་བ་ནི་དེ་དང་ལྡན་པའི་ཕྱག་རྒྱ་གཉིས་ཀྱིས་དཔའ་བོ་ལ་འཁྱུད་པའོ། །དཔའ་བོ་དང་དཔའ་མོ་རྣམས་ཀྱི་སྒྲས་བསྟན་པར་བྱ་བའི་ཕྱིར། རྩ་

བཞི་ཕྱེད་ཅེས་བྱ་བ་ལ་སོགས་པ་ལ། དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཕྱེད་ནི་ཉི་ཤུ་རྩ་བཞིའོ། །ཡང་ན་ཞལ་རེ་རེ་དང་སྤྱན་གསུམ་གསུམ་སྟེ། ཞལ་བཞི་ལ་སྤྱན་བཅུ་གཉིས་སོ། །སྤྱན་གྱི་གྲངས་ཀྱིས་ཞལ་གྱི་གྲངས་ཤེས་པར་བྱའོ། །དེ་ལྟར་གྱུར་པའི་བཅོམ་ལྡན་འདས་ལ་དཔའ་བོ་དང་

རྣལ་འབྱོར་མ་རྣམས་ཀྱིས་བསྐོར་ཞེས་བྱ་བ་ནི། མཁའ་འགྲོ་མ་ལ་སོགས་པ་དང་། ཁྭ་གདོང་མ་ལ་སོགས་པ་དང་། གཤིན་རྗེ་སྲེག་མ་ལ་སོགས་པའི་འཁོར་དག་གིས་ཡོངས་སུ་བསྐོར་བའོ། །ཇི་ལྟར་དེ་དག་སྒོམ་ཞེ་ན། སྲུབ་དང་བསྲུབ་བྱའི་སྦྱོར་ལྡན་པས། །ཞེས་བྱ་བ་ལ་སོགས་པས་སོ། །

དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས། ལེའུ་ལྔ་བཅུ་རྩ་གཅིག་པའོ།། །།མཚན་མཆོག་བླ་མ་ནམ་མཁའ་དང་མཉམ་པའི་རྒྱུད་ཕྱི་མ། དཔལ་འཁོར་ལོ་སྡོམ་པ་ཕྱག་བཞི་ནས་ཁྲི་ཕྲག་བཅུའི་བར་གྱི་ཕྱག་མཚན་

འཆང་བའི་ཧེ་རུ་ཀ་ལས། སྙིང་རྗེའི་དབང་གིས་ལྷ་མོས་བཏུས་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་དཀའ་རྒྱལ་མི་ཐུབ་ཟླ་བས་མཛད་པ་རྫོགས་སོ།། །།རྨོངས་པའི་གནས་ཀུན་རྟོགས་བྱེད་བློ་ཞེས་བྱ་བ་ཡིས། །མན་ངག་མ་ལུས་ངེས་པར་སྟོན་པའི་སྒྲོན་མ་

འདི། །དོན་གསལ་རིན་ཆེན་ཚོགས་ཞེས་བྱ་བའི་དཀའ་འགྲེལ་འདིས། །དོན་རྣམས་རྟོགས་པར་བྱེད་པ་ཡིད་འོང་སྟོན་བྱེད་ཡིན། །རྒྱ་གར་གྱི་མཁན་པོ་ཏཱ་ར་ཀླ་ཤུ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་གུ་ཎ་ཤྲཱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words