དཔལ་སྡོམ་པའི་འགྲེལ་པ་དཔལ་དེ་ཁོ་ན་ཉིད་མཁས་པ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཤྲཱི་ཏ་ཏྭ་བི་ཥ་དཱ་ནཱ་མ་ཤྲཱི་སམྦ་ར་བྲྀཏྟི
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 17 · folio 253a
༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཏ་ཏྭ་བི་ཥ་དཱ་ནཱ་མ་ཤྲཱི་སམྦ་ར་བྲྀཏྟི། བོད་སྐད་དུ། དཔལ་སྡོམ་པའི་འགྲེལ་པ་དཔལ་དེ་ཁོ་ན་ཉིད་མཁས་པ་ཞེས་བྱ་བ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་
འཚལ་ལོ། །ཀུན་ནས་སྣང་མིན་དཔེ་མེད་ཉིད། །སྐྱོན་མེད་ཞི་བ་ཁོ་ན་དང་། །རྫས་མེད་རང་བཞིན་དག་པ་ཡི། །བྱང་ཆུབ་སེམས་ལ་བདག་ཕྱག་འཚལ། །གང་གིས་སྟོང་པ་ཉིད་ཀྱི་ལྕེ་རྣམས་ཀྱིས་ནི་རྡོ་རྗེའི་ཆུ་དང་བཤང་བ་ཁྲག་རྣམས་མྱངས་པ་དང་། །བྱམས་སོགས་སོ་རྣམས་ཀྱིས་ནི་གདོང་དང་
ལག་པ་རྐང་པའི་ཤ་རྣམས་ཟོས་པ་དེས་ན་མཁའ་འགྲོ་སྟེ། །མངོན་ཤེས་ལྔ་ཡི་ཞལ་ཆེན་རྣམས་ཀྱིས་ཡུལ་གྱི་ཕྱུགས་ཀྱི་ཚོགས་རྣམས་ཟོས་པ་དེས་ན་དྲག་པོ་ཡིན། །བསོད་ནམས་ཡེ་ཤེས་ཚུལ་ཁྲིམས་དམ་པས་དྲི་མ་གསུམ་བྲལ་སྤྱན་གསུམ་གྱིས་སྡོམ་གང་ཡིན་དེ་ལ་འདུད། །འདིར་ནི་
ལེགས་གྲུབ་རྣམས་ཀྱིས་རྣམ་ཕྱེ་རྡོ་རྗེ་ཐེག་པའི་སྙིང་པོ་ནི། །སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་རྒྱ་ཆེར་བཤད་པ་རྒྱལ་བའི་སྲས་ཀྱིས་བྱས། །དོན་གྱི་རོ་ཡི་ཆུ་གཏེར་འདུས་པར་བློ་གྲོས་བླུན་པོ་གང་བདག་ཀྱང་། །ནམ་མཁའ་ནམ་མཁའ་ལྡིང་གི་ལམ་དུ་སྦྲང་བུ་དག་ཀྱང་ཅིས་མི་འགྲོ། །གསེར་ལས་བརྡུངས་
བྱས་འདྲ་ཞིང་ཆུ་སྐྱེས་རྣམ་རྒྱས་པ། །བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ། །སྤྲིངས་ཡིག་ལེགས་པར་བྱེ་འདྲ་རིན་ཆེན་སྒྲོམ་ཕྱེ་འདྲ། །འདིར་ནི་རྒྱུད་བཟང་རྣམ་ཕྱེ་དགའ་བའི་མཆོག་འཛིན་བྱེད། །བདེ་བ་སྡུག་བསྔལ་དངོས་པོ་བྲལ་བ་ཆོས་ཞེས་བྱ་དང་ལོངས་སྤྱོད་རྫོགས་
Vol. 17 · folio 253b
པ་སྟོན་པ་པོ། །སྤྲུལ་པ་སྒྱུ་མ་མིག་འཕྲུལ་ལྟ་བུར་སྣང་ཚོགས་པ་དང་མཁའ་ལ་རྫུ་འཕྲུལ་དང་བཅས་པ། ངོ་བོ་ཉིད་ནི་དྲི་མ་མེད་པ་སྐུ་མཆོག་འཇིག་རྟེན་གསུམ་གྱིས་མཆོད་ལ་བདག་བཏུད་ནས། །བསྡུས་པའི་རྒྱུད་ནི་སྦས་པ་འགྲེལ་བར་བྱེད་པ་དེ་ཁོ་ན་ཉིད་མཁས་པ་བཤད་པར་བྱ། །ཐེག་པ་ཆེ་ལས་ཐེག་
པའི་མཆོག །སྔགས་ཀྱི་ཐེག་པ་བྱ་སླ་བ། །ཉན་ཐོས་མ་ཡིན་རང་རྒྱལ་མིན། །ཐེག་པ་ཆེན་པོའི་དོན་བསྡུས་པ། །མུ་སྟེགས་ཀུན་གྱིས་མ་མྱངས་ཤིང་། །ཕ་རོལ་ཕྱིན་པའི་ཚུལ་ལ་བརྟེན། གསང་སྔགས་ཚུལ་ནི་རྣམ་གྲངས་མང་། །བྱ་བ་སྤྱོད་པ་གཉིས་ཀའི་བདག །མདོ་སྡེ་རྒྱུད་དང་རྟོག་རང་བཞིན། །
ཆོས་ཀྱི་ཕུང་པོ་སྟོང་ཕྲག་ནི། །བརྒྱད་ཅུ་རྩ་བཞིའི་གྲངས་རྣམས་ཉིད། །སངས་རྒྱས་ཀུན་གྱིས་བསྟན་པ་ཡིན། །དེ་ལས་ཆེས་སྙིང་པོ་ཡི་རྒྱུད། །མཁའ་འགྲོ་མ་ཡི་འཁོར་ལོ་སྡོམ། །ཡན་ལག་བཅུ་གཉིས་གསུང་ལ་བརྟེན། །མཁའ་འགྲོ་མ་ཡི་མན་ངག་བརྗོད། །རྣམ་ལྔ་མངོན་པར་རྫོགས་བྱང་
ཆུབ། །ཆོས་དབྱིངས་བདག་ཉིད་སྒྲུབ་པའི་ཐབས། །ཤེས་རབ་ཐབས་ནི་མཉམ་པར་སྦྱོར། །ལྔ་པ་ཟུང་དུ་འཇུག་པའོ། །ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །འདི་ནི་གཉིས་མེད་ཐེག་པའི་མཆོག །སྙིགས་མ་ལྔ་ཡི་དུས་
འདིར་ནི། །རྟོག་པ་པོ་རྣམས་བློ་ཞེན་ཞིང་། །ཚེ་ཐུང་བརྩོན་འགྲུས་ཆུང་བ་རྣམས། །རྒྱས་པ་མདོར་བསྡུས་ཆེད་དུ་ཡང་། །ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །རྒྱལ་བས་དཔལ་ལྡན་འབྲས་སྤུངས་བསྟན། །ཡང་དག་རྫོགས་པའི་སངས་རྒྱས་ཐེག །འབྲས་བུའི་རྒྱུད་ནི་བླ་ན་མེད། །གང་དུ་བདེ་འདོད་
སྤྲོ་བ་ཡིས། །དཀའ་སྤྱད་ཀྱིས་ཀྱང་སྒྲུབ་པར་བྱེད། །གསལ་ཞིང་གཏིང་དཔག་དཀའ་བ་དང་། །ཡོད་དང་ཡོད་པ་མ་ཡིན་དང་། །རྟེན་ཅིང་མ་ངེས་མ་ཁྱབ་པ། །ཀུན་རྫོབ་སྐྱོ་བ་ཅན་གང་ཡིན། །དེས་ན་རྟོག་གེ་བྲལ་བ་ཡི། །བདེ་བ་ཆེན་པོ་དབུ་མ་པ། །སྟོང་ཉིད་སྙིང་རྗེ་གཉིས་སུ་མེད། །གང་དུ་
སེམས་ནི་ཡོངས་སུ་གསལ། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །དགའ་དང་བདེ་བ་བསྒྲུབ་པར་བྱ། །ཨེ་མ་མཁའ་འགྲོ་མ་རྒྱུད་གང་། །རྒྱུད་རྣམས་ཀུན་དུ་མཆོག་ཡིན་ཏེ། །ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ལས་གཞན་པ་ཡོད་མ་ཡིན། །འདི་ཉིད་གཉིས་མེད་དེ་ཉིད་དེ། །
Vol. 17 · folio 254a
བདེན་པ་གཉིས་པོ་རྣམ་ཕྱེ་བ། །གསུམ་གྱིས་ཀུན་རྫོབ་རབ་ཏུ་བརྗོད། །དོན་དམ་པ་གང་གཉིས་དག་གིས། །རྟོག་པའི་རྣལ་འབྱོར་རྡོ་རྗེ་བཟླས། །རང་བྱིན་རླབས་དང་འོད་གསལ་དང་། །ཟུང་དུ་འཇུག་དང་རིམ་པ་ལྔ། །རྒྱུད་རྣམས་ཀུན་དུ་བཤད་པ་ཡིན། །རིམ་མཐའ་རིམ་པ་
ལྔར་ཤེས་ནས། །རྒྱུད་དུ་མཐའ་དྲུག་ལ་འཇུག་གོ། །རྒྱུད་དུ་མདོར་བསྟན་རྣམ་གསུམ་དང་། །རྒྱས་པར་བཤད་པ་རྣམ་གསུམ་འགྱུར། །འདི་ཡི་རྣམ་པར་བཤད་པ་ཡང་། །རྣལ་འབྱོར་མ་ཀུན་དུ་སྤྱོད་པའི་རྒྱུད་དུ། ཇི་ལྟར་མདོར་བསྟན་རབ་ཏུ་བརྗོད། །རྒྱས་པར་བཤད་པའང་དེ་བཞིན་ནོ། །
སོ་སོར་རྒྱས་བཤད་བརྡ་དང་ནི། །ཆོ་ག་རྒྱས་པ་མཐའ་དག་ཉིད། །མདོར་བསྟན་པ་ནི་སྤྲུལ་པ་ཡིན། །རྒྱས་བཤད་ལོངས་སྤྱོད་རྫོགས་པར་འདོད། །སོ་སོར་རྒྱས་བཤད་མཐའ་དག་ནི། །མྱ་ངན་འདས་པའི་དེ་ཉིད་བསྟན། །དཔའ་བོ་ཁྱོད་ཀྱིས་ང་ལ་བཤད། །སངས་རྒྱས་མུ་སྟེགས་ཀྱིས་རྟོགས་
དཀའ། །སྒྲ་དང་སྒྲ་ཉམས་བརྡ་དང་ནི། །ལམ་འདི་ཁོ་ནའི་རྗེས་འབྲང་ནས། །དད་པ་སྐྱེས་ནས་དེ་ཡང་ངག །རྣལ་འབྱོར་སྤྱོད་ཚུལ་ལ་གནས་ཡིན། །བློན་པོ་རྨོངས་པ་ངན་སྡིག་གིས། །བསྒྲིབས་པ་བྱིས་པའི་ཤེས་པ་ཅན། །ཡོངས་སུ་མ་སྨིན་སེམས་ཅན་གྱི། །ཕྱི་རོལ་བསྟན་
བཅོས་ལ་འཆེལ་པ། །དེ་དག་ཀུན་གྱིས་ཀྱང་མི་ཤེས། །མི་ཤེས་མུན་པས་ཁེབས་པ་དང་། །མངོན་པའི་ང་རྒྱལ་རྟག་དགའ་བ། །ང་རྒྱལ་ལ་སོགས་བདུན་སེམས་པ། །དེ་ཀུན་གྱིས་ཀྱང་སངས་རྒྱས་ཀྱི། །སྤྱོད་ཡུལ་གསང་བ་མི་ཤེས་སོ། །གཞན་དུའང་མདོར་བསྟན་རྒྱས་
བཤད་ནི། །དཀའ་འགྲེལ་ཚིག་ནི་འཇོམས་པའོ། །སོ་སོར་རྒྱས་བཤད་མདོར་བསྟན་ཆེ། །དོན་ཀུན་གསལ་བྱེད་རྒྱ་ཆེར་འགྲེལ། །དེ་གཉིས་མངོན་ཤེས་ཐོབ་རྣམས་ཀྱིས། །བྱ་ཡིས་མཁས་པས་མིན་པ་ཉིད། །དེ་ལྟར་མཐའ་དྲུག་རྣམས་ཀྱིས་དག །དེ་བཞིན་རིགས་དྲུག་གིས་
སྡོམ་པའོ། །འབྲས་བུ་སྒྲུབ་པ་རྒྱུ་རྣམས་ཀྱིས། །རྒྱུད་ནི་རྣམ་པ་གསུམ་དུ་བཤད། །དེ་ཉིད་བསྡུས་པ་སོགས་རྣམས་ནི། །སྒྲུབ་བྱེད་ཐབས་ཀྱི་རྒྱུད་དག་གོ། །རྒྱུད་ནི་རྒྱུན་ཆགས་ཀུན་ནས་བཤད། །ཕྱི་མ་སྔ་མ་ལས་བྱུང་བ། །དེ་ཉིད་གསང་དང་གསང་ཆེན་ཏེ། །ཕྱི་མའི་རྒྱུད་
Vol. 17 · folio 254b
དུ་འདོད་པ་ཡིན། །གང་ཞིག་གསང་བ་རྣམ་ལྔ་ནི། །རྩ་བའི་རྒྱུད་དུ་དེ་བརྗོད་བྱ། །རིགས་དང་དཀྱིལ་འཁོར་རྣལ་འབྱོར་སྐྱེས། །མངོན་པར་དབང་བསྐུར་ཕྱག་རྒྱ་ཆེ། །མངོན་བརྗོད་ཕྱི་མ་ལ་སོགས་དང་། །འདུས་པ་ཕྱི་མ་ཉིད་ཀྱང་ངོ་། །འབྲས་ནི་རྣལ་འབྱོར་རྒྱུད་རྣམས་ཏེ། །ཤེས་རབ་ཐབས་ཀྱི་མིང་
ལས་ནི། །འདུས་པ་དང་ནི་སྡོམ་པ་སོགས། །རྩ་བ་དང་རྒྱུའི་རྒྱུད་རྣམས་ནི། །རྡོ་རྗེ་མཁའ་འགྲོ་རྡོར་ཕྲེང་སོགས། །བཤད་པའི་ཐབས་ཀྱིས་དད་དག་གོ། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །རྒྱན་བདུན་གྱིས་ནི་རིགས་པ་ཡིས། །རྒྱུད་ཀྱི་རྣམ་བཤད་རྒྱལ་བ་བཞེད། །དེ་ཕྱིར་དེ་ལ་འཇུག་པར་བྱ། །
དེ་བཞིན་དུ་ཡང་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལ་བཏུས་པར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་རྒྱན་རྣམ་པ་བདུན་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གླེང་བསླང་བ་རྣམ་པ་ལྔ་དང་མཐའ་དྲུག་གི་བཤད་པ་དང་། རིགས་པ་རྣམ་པ་བཞི་དང་།
བཤད་པ་རྣམ་པ་བཞི་དང་། རབ་ཏུ་དབྱེ་བ་རྣམ་པ་གཉིས་དང་། གང་ཟག་རྣམ་པ་ལྔའི་སློབ་མ་ཡོངས་སུ་བརྟག་པ་དང་། བདེན་པ་རྣམ་པ་གཉིས་ཀྱིས་དགོངས་པའོ་ཞེས་སོ། །རྒྱས་པར་བཤད་པ་ཡང་འདིར་མིང་དང་རྒྱུ་མཚན་དང་བྱེད་པ་པོ་དང་། ཚད་དང་དགོས་པའོ། །དགོངས་པས་བཤད་དང་དགོངས་
མིན་དང་། དྲང་བའི་དོན་དང་ངེས་པའི་དོན། །སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་པ་མིན་པའོ། །རྒྱུད་དང་གླེང་གཞི་དང་། ངེས་པའི་ཚིག་དང་རྒྱུའོ། །ཡི་གེའི་དོན་དང་སྤྱིའི་དོན་དང་སྦས་པ་དང་། མཐར་ཐུག་གོ། །ཚོགས་ལ་བཤད་པ་དང་། སློབ་མ་ལ་བཤད་པའོ། །རིན་པོ་ཆེ་དང་། ཙནྡན་དང་། པདྨ་དང་།
པདྨ་དཀར་པོ་དང་། ཨུཏྤ་ལའོ། །ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ། །རིགས་ཀྱི་བུ་ཀུན་རྫོབ་ནི་མི་བརྟན་པ་དང་གཡོ་བའོ། །དེའི་བདེན་པ་ནི་ཆུ་ཟླ་ལྟ་བུའོ། །དོན་དམ་པའི་བདེན་པ་ནི་སྟོང་པ་ཉིད་ཆེན་པོ་བཅོ་བརྒྱད་དོ། །དེའི་བདེན་པ་ནི་མཐའ་སྟེ་གནས་ཀྱི་རིམ་པའོ་ཞེས་སོ། །རྡོ་རྗེ་
ཕྲེང་བའི་རྗེས་སུ་འབྲངས་ནས་སོ་སོར་རྒྱས་པར་བཤད་པ་བརྗོད་པར་བྱ་སྟེ། རྒྱུད་ཀྱི་མཚན་ནི་མིང་ཡིན་ལ། །རྒྱུ་མཚན་ཀྱེའོ་ཆགས་ཅན་གྱིའོ། །འདི་ཡི་བྱེད་པོ་རྡོ་རྗེ་སེམས། །ཚད་ནི་རིམ་གྱིས་ལ་སོགས་པའོ། །དགོས་པར་བགྲངས་པ་ལ་སོགས་ནི། །སངས་རྒྱས་ཉིད་ཀྱང་མཆོག་ཡིན་ནོ། །
Vol. 17 · folio 255a
ཁྱད་འཕགས་འདོད་པའི་སེམས་ཅན་ལ། །ཆོས་ཀྱི་དེ་ཉིད་རབ་གསལ་བྱེད། །ཆགས་པ་མ་ཡིན་ཆགས་བྲལ་མིན། །ཞེས་པ་ལ་སོགས་དགོངས་བཤད་དོ། །དམན་ལ་དེ་ཉིད་གསལ་སྟོན་པ། །དགོངས་པ་མིན་པས་བཤད་པ་སྟེ། །བདག་མེད་ཐམས་ཅད་སྟོང་པ་རུ། །དག་གོ་
ཞེས་སོགས་བསྟན་པའོ། །སྐལ་ངན་ལ་སྦས་པདྨ་དང་། །ཙནྡན་སོགས་བཤད་དྲང་བའི་དོན། །པད་སོགས་བཙུན་མོ་ལ་སོགས་སུ། །ཡང་དག་དོན་སྟོན་ངེས་པའི་དོན། །བྱ་བ་སྤྱོད་པ་གཉིས་ཀའི་རྒྱུད། །རྟོག་པ་སོགས་སུ་ཇི་བཞིན་སྒྲ། །དཀྱིལ་འཁོར་ཅན་སོགས་ཆོ་ག་ནི། །སྐྱེ་བོས་གསལ་
བར་བསྟན་པའོ། །བཤང་བ་གཅི་བ་ལ་སོགས་སྒྲ། །འཇིག་རྟེན་བསྟན་བཅོས་ཕྱི་རོལ་བྱས། །ཡུལ་སོགས་རྗོད་བྱེད་སངས་རྒྱས་ཀྱིས། །རྒྱུད་དུ་བསྟན་པ་སྒྲ་མིན་པའོ། །སྒྲ་དོན་ཁོ་ན་ཡི་གེའི་དོན། །སྤྱི་ཡི་དོན་གྱི་དབྱེ་བ་གཉིས། །ཉན་ཐོས་འགྱོད་པ་སྤོང་བ་དང་། །བསྐྱེད་པ་གསལ་བར་བྱེད་
པའོ། །སྦས་པ་རྣམ་པ་གསུམ་དུ་བཤད། །འདོད་ཆགས་ཆོས་དང་ཀུན་རྫོབ་བདེན། །ཡེ་ཤེས་གསུམ་པོ་རྣམ་བརྟགས་པའི། །སྙིང་པོ་འདིར་ཡོད་ཕྱིར་དེས་དེའོ། །འོད་གསལ་བ་ནི་རབ་སྟོན་དང་། །ཟུང་དུ་འཇུག་པ་རབ་རྟོགས་བྱེད། །མཐར་ཐུག་རྣམ་པ་གཉིས་རབ་བརྗོད། །མཐའ་ནི་མུར་
ཐུག་པ་ཡི་ཚིག །རིགས་ལྔ་བསྐྱེད་པའི་རྒྱུད་ཡིན་ཏེ། །རིགས་གཅིག་གྱུར་པ་གླེང་གཞི་ཡིན། །རྡོ་རྗེ་སོགས་ཟུང་ངེས་པའི་ཚིག །སྒེག་པ་ཡང་ནི་རྒྱུ་རུ་འདོད། །ཇི་བཞིན་སྒྲ་དང་དགོངས་པ་དང་། །དེ་བཞིན་དྲང་དོན་བསྟན་པ་དང་། །ཡི་གེའི་དོན་དང་སྤྱི་ཡི་དོན། །ཚོགས་ལ་བཤད་པ་མངོན་
དུའོ། །ཇི་བཞིན་མིན་དང་ངེས་དོན་དང་། །དེ་བཞིན་ཁོ་ནར་དགོངས་བཤད་དང་། །སྦས་དང་མཐར་ཐུག་པ་ཡང་ནི། །སློབ་མ་བཤད་པ་ཡིན་པར་འདོད། །དངོས་པོ་མ་ལུས་ཐོས་ནས་དེ། །འཛིན་པ་ལ་ནི་རྣམ་པར་མཁས། །སྐད་ཅིག་གིས་ནི་བརྗེད་འགྱུར་བ། །ཨུཏྤལ་ཞེས་བྱའི་གང་
ཟག་གོ། །གཟུང་བྱ་ལྷག་པར་མང་ཐོས་ནས། །སྟོན་པ་ཡི་ནི་ནུས་མེད་པ། །བུམ་པའི་རས་བལ་ས་བོན་བཞིན། །ཤེས་བྱ་པད་དཀར་གང་ཟག་བརྗོད། །དད་དང་ལྡན་ཞིང་སྙིང་རྗེ་ཤེས། །ཐོས་ནས་བློ་ཡི་ཁ་འབྱེ་ལ། །ཚིགས་མེད་འོ་མ་བཞིན་འཛག་པ། པདྨ་ཞེས་བྱའི་གང་ཟག་གོ། །
Vol. 17 · folio 255b
ཐོས་པ་ཉུང་ཞིང་ང་རྒྱལ་ལྡན། །རྩ་བ་མེད་པར་མང་དུ་སྨ། །རྗེས་སུ་གཟུང་བར་མི་ནུས་པ། །ཙནྡན་ཞེས་བྱའི་གང་ཟག་གོ། །ཚུལ་ཁྲིམས་བཟང་ཞིང་མཁས་ལ་སྒྲིན། །ཤེས་རབ་ལྡན་ཞིང་རྒྱུད་གཅིག་པ། །ཐོས་ནས་ལེགས་པར་སྟོན་པ་ནི། །རིན་ཆེན་ཞེས་བྱའི་གང་ཟག་གོ། །གང་
ཟག་བཞི་པོ་འདི་རྣམས་ལ། །ཚོགས་པ་བཤད་པ་འབའ་ཞིག་གོ། །རིན་ཆེན་གང་ཟག་རྟོག་དཔྱོད་པ། །སློབ་མ་ལ་བཤད་སྣོད་ཡིན་ནོ། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །ཕན་དོན་ཅན་གྱིས་རྒྱུད་བསྟན་བྱ། །འདི་ཉིད་ཀྱིས་ནི་རྒྱུད་རྣམས་ཀུན། །དྲང་བར་བྱའོ་གཞན་དུ་མིན། །ཞེས་སོ། །ད་ནི་སློབ་
མ་རྣམས་ཀྱི་དོན་ལ་ཐེ་ཚོམ་གྱིས་རབ་ཏུ་འཇུག་པའི་དོན་དུ་བརྗོད་བྱ་ལ་སོགས་པ་བརྗོད་པར་བྱའོ། །འདིར་བརྗོད་བྱ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་བཅོམ་ལྡན་འདས་ཧེ་རུ་ཀའོ། །འདིའི་ཡང་སོ་སོར་རྟོགས་པར་བྱེད་པ་པོ་རྒྱུད་ཀྱི་རྒྱལ་པོ་མངོན་པར་བརྗོད་པའོ། །དེ་དག་ཕན་ཚུན་བརྗོད་བྱ་རྗོད་བྱེད་ཀྱི་
མཚན་ཉིད་ནི་འབྲེལ་བའོ། །དཀྱིལ་འཁོར་དུ་ཞུགས་ཏེ་དབང་བསྐུར་བ་སྦྱིན་པ་ནི་དགོས་པའོ། །ཕྱག་རྒྱ་ཆེན་པོ་སྒྲུབ་པ་ནི་འདིར་དགོས་པའི་དགོས་པའོ། །འདི་རྣམས་མངོན་པར་གཟིགས་ནས་ཉན་ཐོས་ཀྱི་སྡོམ་པ་དང་བྲལ་བའི་གདུལ་བྱ་རྣམས་ཀྱི་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་བསམ་པས་
གསང་ཆེན་གྱི་གནས་ཀྱི་དཔའ་བོ་དང་། དཔའ་བོའི་དབང་ཕྱུག་མ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་ཕག་མོས་གསོལ་བ་བཏབ་པས་ཤཱཀྱ་ཐུབ་པས་དཔལ་ཧེ་རུ་ཀའི་ཏིང་ངེ་འཛིན་གྱིས་རྩ་བའི་རྒྱུད་མངོན་པར་བརྗོད་པ་འབུམ་པ་ལས་གཞུང་ཚད་བདུན་བརྒྱ་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དག་
ལས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་སྦྱིན་པ་པོ་ཡང་དག་པར་བསྟན་ཏོ། །ད་ནི་བསྡུས་པའི་དོན་ལ་སོགས་པ་བརྗོད་པར་བྱ་སྟེ། དེ་ལ་ཐོག་མར་བཞུགས་པའི་གནས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་དམ་ཚིག་གི་སྤྱོད་པ་ཉིད་ཀྱིས་དང་།
སྟོན་པ་པོ་དང་གསོལ་བ་འདེབས་པ་པོ་ཉིད་ཀྱིས་དང་། རིགས་ལྡན་མའི་དོན་གྱིས་དང་། ཕོ་ཉ་མོ་མཆོད་པ་ཉིད་ཀྱིས་དང་། འདོད་པའི་དངོས་གྲུབ་སྒོམ་པ་ཉིད་ཀྱིས་དང་། བྱང་ཆུབ་ཀྱི་སེམས་ཀྱིས་མཆོད་པའི་དོན་གྱིས་དང་། སྡིག་པ་ཐམས་ཅད་རྣམ་པར་གྲོལ་བ་ཉིད་ཀྱིས་དང་། རྣལ་འབྱོར་
Vol. 17 · folio 256a
པ་ཉིད་སྒྲུབ་པའི་ཐབས་ཉིད་ཀྱིས་དང་། དམ་ཚིག་སྐྱོང་བ་ཉིད་ཀྱིས་དང་། དམ་ཚིག་བྱེ་བ་བསྲུང་བ་ཉིད་ཀྱིས་དང་། བདུད་རྩི་ལྔ་བཟའ་བ་ཉིད་ཀྱིས་དང་། ཟླ་བ་བཏུང་བ་ཉིད་ཀྱིས་དང་། དབང་པོ་གཉིས་ཀྱིས་སྙོམས་པར་འཇུག་པ་ཉིད་ཀྱིས་དང་། ལྷའི་བདེ་བ་ཉིད་བསྔགས་
པ་ཉིད་ཀྱིས་དང་། ལྷ་དང་མིའི་བདེ་བ་ཉིད་བསྔགས་པ་ཉིད་ཀྱིས་གནས་པ་སྟེ་ལེའུ་དང་པོ་ལའོ། །དེ་ནས་རི་ལ་སོགས་པའི་གནས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་སྟེ། དེ་བཞིན་དུ་གཞན་དག་ཀྱང་ཕྱག་ན་རྡོ་རྗེའི་ཞབས་ཀྱིས་རྒྱ་ཆེར་བཤད་པའི་རྗེས་སུ་འབྲངས་ནས་རྒྱུད་ཇི་སྙེད་པར་རྟོགས་པར་བྱ་སྟེ་མངས་
པ་ཉིད་ཀྱི་ཕྱིར་འདིར་མ་བརྗོད་དོ། །ད་ནི་རྟོགས་སླ་བ་ཉིད་ཀྱིས་བསྡུས་པའི་དོན་མདོར་བསྟན་ནས་ཚིག་གི་དོན་བཤད་པའི་དོན་དུ། །དེ་ནས་འདི་ལས་ཞེས་པ་ལ་སོགས་པས་རྒྱུད་རྣམ་པར་དབྱེ་བར་བྱའོ། །རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་འདི་སྐད་བདག་གིས་ཞེས་པ་ལ་སོགས་པས་ངེས་པར་བསྟན་
པ་མ་ཡིན་ནམ། །འདིར་དེ་ནས་འདི་ལས་ཞེས་པ་ལ་སོགས་པས་ཇི་ལྟར་ཡིན། འདི་ནི་རྒྱལ་བས་གསུངས་པ་མ་ཡིན་ནོ་ཞེ་ན་འདི་ནི་བརྗོད་པར་བྱ་བ་མ་ཡིན་ཏེ་གང་གི་ཕྱིར་གསུངས་པ་དོན་ལ་སོ་སོར་རྟོན་གྱི་སྒྲ་ཇི་ལྟ་བ་བཞིན་དུ་འགྱུར་བར་བྱ་བ་ནི་མ་ཡིན་ནོ་ཞེས་སོ། །འདིར་ཡི་གེའི་ཚོགས་མིང་
རྣམས་ཀྱིས་དངོས་པོ་དང་དངོས་པོ་མེད་པར་སོ་སོར་རྟོག་པར་བྱེད་དོ། །འདིར་དངོས་པོ་དང་དངོས་པོ་མེད་པ་གཅིག་ལ་ཡང་མིང་དུ་མར་འགྱུར་ལ་དེ་རྣམས་ཀྱི་གཅིག་གཙོ་བོར་ཡང་མ་ཡིན་ཏེ། ཐམས་ཅད་ཀྱིས་དངོས་པོ་གཅིག་རྟོགས་པར་བྱེད་པའི་ཕྱིར་རོ། །དཔེར་ན་བུད་མེད་དང་མི་མོ་ལ་སོགས་
པ་རྣམས་ཀྱི་ལང་ཚོ་མའི་དངོས་པོ་རྗོད་པར་བྱེད་པ་ཉིད་ཀྱི་ཕྱིར་དང་། མཁའི་མེ་ཏོག་དང་། ནམ་མཁའི་མེ་ཏོག་གི་དངོས་པོ་མེད་པ་རྟོགས་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་འདིར་ཨ་ཡིག་ནི་དེ་བཞིན་ཉིད་རྗོད་པར་བྱེད་པའོ། །དེ་བཞིན་དུ་ཡང་མཆོག་གི་དང་པོའི་རྒྱུད་དུ་ཨ་ཡིག་ནི་ཆོས་ཐམས་
ཅད་ཀྱི་སྒོ་སྟེ་གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །དེའི་ཕྱིར་བདུན་པའི་མཐས་ཨེ་ཡིག་ཏུ་འགྱུར་ཏེ་དོན་ཉིད་ལས་དང་པོའོ། །རྟེན་དང་བརྟེན་པ་དག་ཏུ་བརྟགས་པ་ཉིད་ལྟ་བུ་ངེས་པར་བསྟན་པ་མ་ཡིན་ནོ། །དེ་ལྟར་ཡང་རྟོག་པ་ཐམས་ཅད་ཀུན་ལས་བཏུས་པའི་རྣལ་འབྱོར་གྱི་རྒྱུད་
Vol. 17 · folio 256b
དུ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཐམས་ཅད་ས་ཡི་དབང་ཕྱུག་མཆོག།།ཅེས་པ་ལ་སོགས་པས་བཞུགས་པའི་གནས་སོ། །རྣལ་འབྱོར་མའི་རྒྱུད་དུ་ཡང་། །ནམ་མཁའ་བེམས་མིན་དང་བ་དང་། །ཞེས་པ་ལ་སོགས་པས་སོ། །དེ་བཞིན་དུ་ཟུང་དུ་འཇུག་པ་ལ་རྟེན་དང་བརྟེན་པར་བརྟགས་ནས་
ཐམས་ཅད་དུ་གསུངས་སོ། །དེས་ན་གང་དུ་འདི་སྐད་བདག་གིས་ཡོད་པ་དེ་ནི་རྒྱལ་བའི་བཀའ་ཡིན་ལ་གང་དུ་མེད་པ་དེ་ནི་མ་ཡིན་ནོ་ཞེས་སངས་རྒྱས་པ་རྣམས་ཀྱིས་བརྗོད་པར་མི་བྱའོ། །གསུངས་པ་ཡང་། ལེགས་པར་གཟུང་བའི་ཆོས་ལ་སྔོན་རབས་ཀྱི། །མཁས་པར་རློམ་པས་
འཇིག་རྟེན་འདི་ཅིར་འགྱུར། །སྒྲ་འདུ་བྱེད་འདོམ་མི་སྒྲས་སྦྱར་བྱ་ཡི། །དོན་ལ་གལ་ཏེ་སྡོང་པོའི་སྒྲས་དང་དེའོ། །མིས་དང་སྡོང་པོའི་སྒྲ་ཡིས་ནི། །ཐ་དད་དོན་རྟོགས་བྱ་མིན་ཏེ། །ཁ་ཅིག་ཏུ་ནི་མང་པོའི་སྒྲས། །དོན་གཅིག་སོ་སོར་རྟོགས་པར་བྱེད། །ཁ་ཅིག་ཏུ་ནི་སྒྲ་གཅིག་གིས། །
སྣ་ཚོགས་དོན་རྣམས་སོ་སོར་རྟོགས། །ཨེ་དང་བྷ་ག་པདྨ་དག།།བདེ་བའི་གནས་དང་བདེ་ལྡན་དང་། །སེང་གེའི་ཁྲི་དང་དམིགས་པ་མེད། །དེ་བཞིན་ཉིད་དང་ཕར་ཕྱིན་འདོད། །དཔེར་ན་སེམས་ཅན་ལྟ་བའི་སྒྲས། །རལ་གྲི་ལན་ཚ་ནེ་ཙོ་རྣམས། །དེ་བཞིན་ཧེ་རུ་ཀ་ཡི་སྒྲས། །
མཁའ་འགྲོ་ཡེ་ཤེས་བདེ་ཐུབ་པ། །ཞེས་སོ། །འདིར་ལོག་པའི་ཐོས་པའི་མངོན་པའི་ང་རྒྱལ་ཅན་རྣམས་ཀྱིས་གྲུབ་པའི་མཐའ་ལ་སྨོད་པ་ལྟུང་བ་དྲུག་པར་གསུངས་སོ། །མངོན་པར་བརྗོད་པ་འབུམ་པར་ཡང་། སྟོང་ཉིད་སྙིང་རྗེ་གཅིག་ཉིད་དུ། །རྒྱུད་གང་དུ་ནི་རབ་ཏུ་བསྟན། །འཇིག་
རྟེན་མགོན་པོ་སྒྲུབ་བྱེད་པ། །རྒྱུད་དེ་སངས་རྒྱས་བསྟན་པའོ། །ཞེས་སོ། །འདིས་བསྡུས་པའི་དོན་དང་། ཚིག་གི་དོན་རྗེས་སུ་མཚམས་སྦྱར་བའི་རྒོལ་བའི་ལན་གསུངས་སོ། །ཀྱེའི་རྡོ་རྗེས་ནི་འཁོར་ལོ་སྡོམ་པ་འདི་ནི་ཤེས་པར་བྱ་བར་རྒྱལ་བ་རྣམས་ཀྱིས་བསྟན། ཀྱེའི་རྡོ་རྗེ་ནི་དེ་བཞིན་འདུས་པའི་
ཚིག་ལ་ཤེས་པར་བྱ་སྟེ་དེ་དག་རྒྱུད་ལའོ། །དེ་ཉིད་ཕྱིར་ན་འདུས་པའི་རྒྱུད་ཀྱི་ཆོ་གས་རྒྱུད་ནི་ཤིན་ཏུ་གསལ་བར་བྱེད་པའི་ཕྱིར། །རྒྱུད་ཤེས་དོན་དུ་རྣམ་པར་སྒོམ་པ་ལྔ་ཡི་བདག་ཉིད་མཐོང་བ་རབ་ཏུ་བྱ། །ཞེས་སོ། །དེ་ནས་འདི་ལས་ཞེས་པ་ལ་སོགས་པ་ནས་གནས་ཞེས་པའི་མཐར་ཐུག་པ་བཞུགས་
Vol. 17 · folio 257a
པའི་གནས་བཤད་པ་རྣམ་པ་བཞིས་རྣམ་པར་རྒྱས་པར་བྱ་སྟེ། དེ་ནས་ཏེ་རྡོ་རྗེ་འཇིགས་བྱེད་ཀྱི་ཏིང་ངེ་འཛིན་གྱི་བར་མ་ཆད་པར་རོ། །དཔལ་ཧེ་རུ་ཀའི་ཏིང་ངེ་འཛིན་ལ་གནས་པས་རྡོ་རྗེ་ཕག་མོ་ལ་བོས་པར་གྱུར་པ་ཀྱེ་རྡོ་རྗེ་ཕག་མོ་རྩ་བའི་རྒྱུད་དུ་རྣལ་འབྱོར་ལ་སོགས་པའང་ངེས་པར་བརྗོད་པ་དེ་ཉིད་
གསང་ཆེན་བདུན་བཤད་པར་བྱའི་ཉོན་ཅིག།།གཞུང་བསྡུས་པས་ནི་མདོར་བསྡུས་པའོ། །རྒྱས་པ་ལས་ནི་མིན་ནི་གཞུང་བསྡུས་པ་འདོད་པ་ལ་དེ་ཁོ་ནའི་དོན་དུ་ཇི་ལྟར་བསྟན་པ་ཞེས་པའི་དོན་ནོ། །ནའི་ཡི་གེ་རྣམ་པར་བརྟགས་པ་ལའོ། །དེའི་རྒྱུ་ཅི་ཡིན་ཞེ་ན། རྩ་བ་མངོན་པར་བརྗོད་པ་འབུམ་པ་
རུ་གསུངས་པ་ཡང་། སྙིགས་མ་ལྔའི་དུས་སུ་འཛམ་བུའི་གླིང་པའི་མི་རྣམས་དང་། ཁྱད་པར་འཕགས་པའི་ཡུལ་དུ་ཚེ་ཐུང་ཞིང་ཤེས་རབ་དམན་པ་འབྱུང་བར་འགྱུར་ཏེ་རྡོ་རྗེ་སློབ་དཔོན་གང་ཡིན་པ་དེ་དག་རྩ་བའི་ལྟུང་བ་ལ་འཇུག་པ་འབྱུང་བར་འགྱུར། དགེ་སློང་རྣམས་མི་དགེ་བ་བཅུ་བྱེད་པ་
འབྱུང་བར་འགྱུར། ཁྱིམ་ན་གནས་པ་རྣམས་དཀོན་མཆོག་གསུམ་གྱི་རྫས་ཉེ་བར་ལོངས་སྤྱོད་པར་བྱེད་པ་འབྱུང་བར་འགྱུར། མཁས་པ་རྣམས་མ་ཐོས་པའི་རྒྱུད་འཆད་པར་འབྱུང་བར་འགྱུར། མཁས་པའི་མངོན་པའི་ང་རྒྱལ་གྱིས་རྒྱུད་ཀྱི་དཀའ་འགྲེལ་དང་རྒྱ་ཆེར་འགྲེལ་བྱེད་པ་འབྱུང་བར་
འགྱུར་རོ། །རྒྱུད་དོན་ཕྱིན་ཅི་ལོག་ཏུ་བསྟན་ནས་དམྱལ་བར་འགྲོ་བ་འབྱུང་བར་འགྱུར་རོ། །གང་ཞིག་སངས་རྒྱས་པ་རྨོངས་པ་དེ་རྣམས་དད་པ་བླུན་པ་ཉིད་ཀྱིས་ཁྱིམ་ན་གནས་པའི་སློབ་དཔོན་ལ་བསྙེན་བཀུར་བྱེད་པར་འགྱུར་རོ། །ཐམས་ཅད་མཁྱེན་པའི་རྒྱལ་མཚན་འཛིན་པ་རྣམས་ལ་སུན་
འབྱིན་པར་འགྱུར་རོ། །སློབ་མ་གང་ཡིན་པ་དེ་རྣམས་བླ་མ་དམ་པ་ལ་སྐྱོན་ཚོལ་བ་འབྱུང་བར་འགྱུར་རོ། །བླ་མ་དམ་པ་མ་ཡིན་པ་བཟའ་བ་དང་གཉིས་སུ་མེད་པ་རྣམས་ལ་བསྟོད་པ་དང་མཆོད་པ་བྱེད་པ་འབྱུང་བར་འགྱུར་རོ། །བླ་མ་མཉེས་པར་བྱ་བར་གསུངས་པར་གསུང་བཞིན་མི་བྱེད་པར་འགྱུར་
རོ། །ཆོས་སྟོན་པ་པོ་རྣམས་མི་དགེ་བ་བཅུ་ལ་འཇུག་པ་འབྱུང་བར་འགྱུར་རོ། །བུད་མེད་རྣམས་འདོད་པ་ལ་ཤིན་ཏུ་བརྐམ་པ་འབྱུང་བར་འགྱུར་རོ་ཞེས་པ་འདིའི་ཕྱིར་ཐམས་ཅད་དུ་རྒྱས་པར་བསྟན་པ་ནི་མ་ཡིན་ནོ། །དཔལ་ཧེ་རུ་ཀ་མཉམ་པར་སྦྱོར། །ཞེས་པ་ནི་ཕག་མོ་དང་ལྷན་ཅིག་འདུས་
Vol. 17 · folio 257b
པའི་ཧེ་རུ་ཀའིའོ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ་ནི་མངོན་པར་འདོད་པ་ཐམས་ཅད་སྟེར་བ་པོ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་བླ་མ་ལས་ཞེས་པ་ནི་འདོད་པ་དང་གཟུགས་དང་། གཟུགས་མེད་པར་ཀུན་དུ་སྤྱོད་པ་རྣམས་ཀྱི་བདེ་བའི་རྒྱུ་ནི་བླ་མ་སྟེ་བདེ་བ་ཆེན་པོའོ། །ཀྱང་ནི་ཡང་དག་པར་འབྱུང་བར་བྱེད་པ་
ལའོ། །བླ་མ་ནི་རྒྱུད་དོ། །མཆོག་གི་དང་པོར་ཡང་། རྒྱུད་འདི་རྒྱུན་ཆགས་ཞེས་བྱ་སྟེ། །ཕྱི་མ་སྔ་མ་ལས་བྱུང་བ། །དེ་ཉིད་གསང་བ་གསང་ཆེན་ཏེ། །ཕྱི་མ་དང་བཅས་རྒྱུད་དུ་འདོད། །ཅེས་སོ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ་ནི་འཁོར་རོ། །གསུངས་པ་ཡང་། དད་ལྡན་འཇུག་པའི་ཡན་
ལག་ཏུ། །སྟོན་པ་དཔང་པོ་འཁོར་དང་ནི། །ཡུལ་དང་དུས་ཀྱང་ངེས་བསྟན་པ། །རང་ཉིད་ཚད་མར་རབ་བསྒྲུབ་ཕྱིར། །ཞེས་སོ། །ཡི་གེའི་དོན་ཏོ། །དེ་ནས་ཞེས་པ་ཤེས་རབ་མའི་ཤིན་ཏུ་དགའ་བའི་བར་མ་ཆད་པའོ། །གསང་ཆེན་ནི་གསང་བའོ། །མདོར་བསྡུས་པ་ལས་རྒྱས་པ་མིན་
ནི་ཕག་མོ་དང་འདུས་པ་ལས་སོ། །དཔལ་ཧེ་རུ་ཀ་ནི་རྡོ་རྗེའོ། །མཉམ་པར་སྦྱོར་ནི་བདག་ཉིད་དང་དེའི་བྷ་ག་ལྷན་ཅིག་པའོ། །ཀུན་ནི་ཞི་བ་ལ་སོགས་པ་རྣམས་སོ། །བླ་མ་ལས་ཀྱང་ནི། འདོད་པ་དང་གཟུགས་ཀྱི་ཡུལ་གྱི་བདེ་བ་གྲུབ་པའོ། །བླ་མ་ནི་སངས་རྒྱས་ཉིད་ཀྱི་བདེ་བའོ། །མཁའ་འགྲོ་མ་
ཡི་དྲ་བ་སྡོམ་ནི། རྩ་སུམ་ཅུ་རྩ་དྲུག་ཀུན་ནས་བསྡུས་པའོ། །གསང་ཆེན་ནི་སའི་ཁམས་སོ། །མཆོག་གི་ནི་དེ་བཞིན་དུ་ཆུའོ། །དགྱེས་པ་ནི་མེའོ། །སྱ་ནི་རླུང་ངོ་། །ཐམས་ཅད་བདག་ཉིད་ནི་གནས་པ། རྟག་ཏུ་གནས་ནི་འདིའོ། །སངས་རྒྱས་ཀུན་བདག་སྡོམ་པ་སྟེ། །ཞེས་ཁ་སྦྱོར་
འབྱུང་བའི་རྒྱུད་དུ་གསུངས་སོ། །གསུངས་པ་ཡང་། བཞུགས་པ་རྡོ་རྗེ་འཛིན་པ་དེར། ཐིག་ལེའི་གཟུགས་ཀྱིས་གནས་པའོ། །ཞེས་སོ། །རྒྱུད་གཞན་དུ་ཡང་། ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་རྡུལ་ཉིད་གསུངས། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་
ཨེ་ལ་རྣམ་པར་གནས། །ཞེས་པ་ནི་སྤྱིའི་དོན་ཏེ། ཚིགས་པ་ལ་བཤད་པ་ཡང་ངོ་། །དེ་ནས་འདི་ལས་ཞེས་པ་ལ་སོགས་པ་ལ་གསང་ཆེན་ནི་ཤེས་རབ་མའི་གསང་བའི་གནས་སོ། །དཔལ་ཧེ་རུ་ཀ་ནི་ཁུ་བའོ། །མཉམ་པར་སྦྱོར་ནི་གཏུམ་མོས་ལྷན་ཅིག་གཅིག་ཉིད་དོ། །བླ་མ་ལས་ནི་དགའ་
Vol. 17 · folio 258a
བ་གཉིས་ལས་སོ། །བླ་མ་ནི་ཁྱད་པར་དགའ་བའོ། །དེ་མཁའ་འགྲོ་མ་ཡི་དྲ་བ་སྡོམ་སྟེ་རང་བཞིན་ཅན་རྣམས་ཀྱི་ཚོགས། བདག་བྱིན་གྱིས་བརླབ་པའོ། །གསང་ཆེན་ནི་རྡོ་རྗེ་ལྷ་མོའི་གནས་སོ། །མཆོག་གི་ནི་དེ་སྦས་པའི་དཔེ་སྤངས་པའོ། །དགྱེས་པ་ནི་ཤེས་རབ་མའི་ཤིན་ཏུ་བདེ་
བའོ། །ཐམས་ཅད་བདག་ཉིད་ནི་རྒྱལ་བའི་རང་བཞིན་ནོ། །རྟག་ཏུ་གནས་ནི་བཙུན་མོའི་འཁོར་དུ་འཇུག་བཞིན་པ་ལའོ། །དེ་ནས་འདི་ལས་ཞེས་བྱ་བ་ལ་སོགས་པ་ནི་བསྐྱེད་པའི་རིམ་པའི་བར་མ་ཆད་པའོ། །གསང་ཆེན་ནི་ཐམས་ཅད་སྟོང་པའོ། །མདོར་བསྡུས་ལས་ནི་རྣམ་པར་མི་རྟོག་པ་ལས་སོ། །
རྒྱས་པ་མིན་ལས་ནི་གཟུགས་ལ་སོགས་པའི་རྟོག་པ་ལས་སོ། །དཔལ་ཧེ་རུ་ཀ་མཉམ་པར་སྦྱོར་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་སྣང་བ་མེད་པར་སྦྱོར་བའོ། །བླ་མ་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ལས་སོ། །བླ་མ་ནི་ཤེས་རབ་དང་ཐབས་ཀྱི་དེ་ཉིད་དོ། །མཁའ་འགྲོ་མ་ཡི་
དྲ་བ་སྡོམ་ནི་ཆོས་ཀྱི་སྐུའོ། །གསང་ཆེན་ནི་ཐམས་ཅད་འདུས་པའོ། །མཆོག་གི་ནི་ཆོས་ཀྱི་དབྱིངས་སོ། །དགྱེས་པ་ནི་སྟོང་པ་ཆེན་པོ་ལའོ། །ཐམས་ཅད་བདག་ཉིད་ནི་ཤིན་ཏུ་སྟོང་པ་ལའོ། །རྟག་ཏུ་གནས་ནི་སྟོང་པ་ལ་སྟེ་ཐབས་ཤེས་རབ་ཀྱི་གཟུགས་ཀྱིས་དུས་གསུམ་དུ་འཁོར་བའི་
བར་དུ་གནས་ཏེ་རྟེན་དང་བརྟེན་པ་དག་གཅིག་དག་ཉིད་ཀྱིས་སོ། །གསུངས་པ་ཡང་། ཆོས་རྣམས་ཀུན་གྱི་དབང་ཕྱུག་ལུས། །ཐམས་ཅད་གཟུགས་ཀྱིས་རྣམ་པར་བརྒྱན། །ཞེས་སོ། །དེ་བཞིན་དུ་རྟག་ཏུ་གནས་ནི་བཅོམ་ལྡན་འདས་མ་སྒྱུ་འཕྲུལ་ཆེན་མོ་དཀའ་བར་སྤྱོད་མ་སྟོང་པ་
ནམ་མཁའ་དང་མཉམ་པ་ཉིད་ནི་དངོས་པོ་དང་དངོས་པོ་མེད་པ་རྣམ་པར་སྤངས་པའོ་ཞེས་སོ། །མཐར་ཐུག་པའོ། །ད་ནི་དམ་ཚིག་གི་སྤྱོད་པ་ནུས་པ་ནན་ཏན་དུ་བྱེད་པའི་དོན་དུ་གསུངས། སེམས་དཔའ་ཕོ་ཉ་ཀུན་རང་བཞིན། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག།།།འདི་ནི་རང་
བྱུང་བཅོམ་ལྡན་འདས། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །སྒྲ་ཡི་ཚུལ་ལས་རྣམ་ངེས་འབྱུང་། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ལོ། །ཞེས་ཏེ་ཕོ་ཉ་མོ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཐམས་ཅད་དོ། །དེའི་རང་བཞིན་ནི་ཆོས་ཀྱི་སྐུ་སྟེ་དག་པའི་ཡེ་ཤེས་དང་རྣམ་པར་ཤེས་པའི་
Vol. 17 · folio 258b
མཚན་ཉིད་གཞན་གྱི་དོན་བྱེད་པ་པོའོ། །སེམས་དཔའ་ནི་ཁམས་གསུམ་པའི་མཚན་ཉིད་དེ་བཤད་པའི་རྒྱུད་དུ་ཡང་། སེམས་ཅན་དག་ནི་གཡོ་བར་བཤད། །སྣོད་ནི་བརྟན་པ་ལ་སོགས་པའོ། །ཞེས་སོ། །རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་ཆེན་པོའི་རང་བཞིན་གྱི་སེམས་དཔའ་ནི་རྡོ་རྗེ་
སེམས་དཔའ་ཞེས་བཤད། དེ་ཁོ་ན་བདེ་བའི་མཆོག་སྟེ་ལྷན་ཅིག་སྐྱེས་པའི་སྐུ་ཤེས་རབ་དང་ཐབས་རང་གི་དོན་བྱེད་པའོ། །མ་འདྲེས་པ་ལ་སོགས་པ་ཆོས་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དོ། །ལྷན་ཅིག་སྐྱེས་པའི་ཆོས་འདི་དག་གི་རྣལ་འབྱོར་པ་ནི་རྡོ་རྗེ་སེམས་དཔའ་སྟེ་ཡང་
དག་པར་སྦྱོར་བའོ། །འདི་ནི་རང་བྱུང་བཅོམ་ལྡན་འདས་ནི་དེ་ཁོ་ན་ཚངས་པ་སྐུའི་རྡོ་རྗེ་འཛིན་ཏེ་སྤྲུལ་པའི་སྐུའོ། །གཟུགས་ཀུན་ནས་གསལ་བའི་ཕྱིར་བཅོམ་ལྡན་ཏེ་གཟུགས་ཕུན་སུམ་ཚོགས་པ་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་ཏེ་གསུངས་པ་ཡང་། ཕུན་ཚོགས་གཟུགས་དང་
དབང་ཕྱུག་ཉིད། །དེ་བཞིན་བརྩོན་དང་གྲགས་པ་སྟེ། །འབྲས་བུ་འདི་བཞི་སྟོན་པ་ཡི། །བསོད་ནམས་ཕུང་པོའི་མཐུ་ལས་སོ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ་ནི་དེ་ཁོ་ན་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཉིད་ཀྱི་ཕྱིར། དབང་བསྐུར་བའི་སངས་རྒྱས་སུ་བལྟ་བར་བྱའོ། །སྒྲའི་ཚུལ་
ནི་སྔགས་ཀྱི་སྐུ་སྟེ་འདི་ལས་གསུམ་ཡང་དག་པར་སྦྱོར་བ་ལས་ལོངས་སྤྱོད་རྫོགས་པའི་སྐུ་གཞོམ་དུ་མེད་པའི་སྒྲའོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་ཡང་། །དཔེར་ན་རྔ་ལས་མ་བརྡུངས་པ། །སྒྲ་ནི་ཀུན་དུ་འབྱུང་བར་འགྱུར། །དེ་བཞིན་རྒྱལ་བའང་ལྷུན་གྲུབ་ཏུ། །སྟོན་པར་བྱེད་པ་
ཉིད་དུ་འབྱུང་། །རྣམ་ངེས་འབྱུང་ནི་སྔགས་ཀྱི་ལྷ་ཉིད་དེ་ཡང་འཇིག་རྟེན་གསུམ་ཉིད་དུ་ངེས་པར་ཕྱུང་སྟེ་གདུལ་བ་རྣམས་ལ་སྒྲ་ཀུན་དུ་གསལ་བའི་ཕྱིར་རོ། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ནི་ལུས་འདི་ཉིད་དམ་ཚིག་གི་སྤྱོད་པའི་ཡུལ་དུ་རྟོགས་པར་འགྱུར་བའི་ཕྱིར་རྣལ་འབྱོར་མའོ། །
དམ་ཚིག་གི་སྤྱོད་པ་ནི་འཆང་བཞིན་པར་བརྗོད་པར་བྱའོ། །གསུངས་པ་ཡང་། གཞན་ལ་ཐབས་ཀྱིས་བྱེད་པ་ནི། །དེ་བཞིན་ཁོ་ན་འགྲོ་བའི་གཉེན། །གོ་འཕང་འཕགས་པའི་སྤྱོད་ཡུལ་ཐོབ། །བྱིས་པའི་སྤྱོད་ཡུལ་བལྟ་བར་བྱ། །ཞེས་སོ། །དགོངས་པའོ། །སྟོན་པ་པོ་དང་
Vol. 17 · folio 259a
གསོལ་བ་འདེབས་པ་པོ་བརྗོད་པར་བྱ་སྟེ། འཇིག་རྟེན་གསུམ་དུ་རྙེད་པར་དཀའ། །ཐོག་མ་དབུས་མཐའ་ཡང་དག་གནས། །བསྲུབ་བྱ་སྲུབ་བྱེད་སྦྱོར་བ་ལས། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །འདི་ནི་ཡེ་ཤེས་དང་། ཐུགས་དང་། གསུང་དང་། སྐུ་
གཅིག་ཏུ་འདྲེས་པར་གྱུར་པ་གཙང་ཞིང་དག་པའི་གཟུགས་རང་བཞིན་དང་། ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་རྣམས་ཀྱིས་ཐ་དད་དུ་འཇུག་པ་ཅན་ཐམས་ཅད་སྟོང་པ་དབྱིངས་ཀྱི་ངོ་བོ་ཅན་ནོ། །འཇིག་རྟེན་གསུམ་དུ་རྙེད་པར་དཀའ་ནི་བསོད་ནམས་དམན་པ་རྣམས་ཀྱིའོ། །ཐོག་མ་དབུས་
མཐའ་ཡང་དག་གནས་ནི་ཆོས་ཐམས་ཅད་ལ་དུས་གསུམ་དུ་ཡང་དག་གནས་པ་ཡང་ངོ་། །དེ་བཞིན་དུ་ཡང་ཡེ་ཤེས་ཀྱི་ཚོགས་དང་བྲལ་བ་རྣམས་ཀྱི་ཡུལ་མ་ཡིན་པའོ། །དགོངས་པ་མ་ཡིན་པའོ། །བསྲུབ་བྱ་སྲུབ་བྱེད་སྦྱོར་བ་ལས་ནི་རྡོ་རྗེ་མཁའ་འགྲོར་ཡང་། བསྲུབ་བྱ་ཆོས་འབྱུང་དུ་བཤད་
དོ། །སྲུབ་བྱེད་རྡོ་རྗེར་བརྗོད་པར་བྱ། །སྦྱོར་བ་དབྱིངས་དང་ཡེ་ཤེས་ཡིན། །བདུད་རྩི་ལྟ་བུར་མཆོག་ཏུ་བྱུང་། །དངོས་སུ་སངས་རྒྱས་ཉིད་དུ་བྱེད། །ཅེས་གསུངས་སོ། །བསམ་གཏན་ལ་སོགས་ཀྱི་སྒྲ་དག་ལས། བསམ་གཏན་གྱི་སོགས་ཀྱིས་ཀྱང་། འདི་ཉིད་དུ་ངེས་པར་སྟོན་པའི་
བཟླས་པ་དང་། སྦྱིན་སྲེག་དང་། གཏོར་མ་དང་། བསམ་གཏན་དང་། བཟའ་བ་དང་བཏུང་བ་རྣམས་ཀྱིས་བསྒྲུབས་པའོ། །སྒྲ་ཇི་བཞིན་པའོ། །རྣལ་འབྱོར་ཉིད་ཆོ་ག་ཡེ་ཤེས། རྒྱུད་དུ་གསུངས་པས་མཉན་པར་གྱིས། །ཞེས་པའི་རྣལ་འབྱོར་ནི་གསུངས་པ་ཡང་། ཐབས་དང་ཤེས་རབ་
སྙོམས་འཇུག་པ། །རྣལ་འབྱོར་ཞེས་པར་མངོན་བརྗོད་བྱ། །གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་སོ། །དགོངས་པའོ། །འཇིག་རྟེན་པའི་ཆོ་གའི་ཡེ་ཤེས་ཀྱི་དངོས་གྲུབ་ནི་དམ་ཚིག་ལ་སོགས་པའི་དངོས་གྲུབ་ཉིད་ཀྱི་ཕྱིར་རོ། །ཉིད་ཀྱི་སྒྲ་ལས་
ཆོ་གའི་ཡེ་ཤེས་ཡང་ངོ་། །རྒྱུད་དུ་གསུངས་པ་གང་མངོན་པར་བརྗོད་པ་འབུམ་པར་ཏེ། དེ་ཉུང་ངུའི་རྒྱུད་དོ། །ད་ནི་རྡོ་རྗེ་ཕག་མོ་ལ་ཆེས་སྙིང་པོར་གྱུར་པའི་རྒྱུད་ཇི་ལྟ་བ་བཞིན་བསྟན་པར་བྱའི་ཉོན་ཞེས་པའོ། །སྒྲ་ཇི་བཞིན་པའོ། །སྟོན་པ་པོ་དང་། གསོལ་བ་འདེབས་པ་པོའི་འབྲེལ་པ་
Vol. 17 · folio 259b
མངོན་པར་རྗོད་པར་བྱེད་པ་དང་། མངོན་པར་བརྗོད་པར་བྱ་བའི་འབྲེལ་པས་གསུངས་སོ། །ད་ནི་རིགས་ལྡན་མའི་མཆོད་པ་བརྗོད་པར་བྱ་སྟེ། དབུ་མ་མཆོག་གི་དབུགས་དང་ནི། །དྲི་དང་ཆུ་དང་ལྡན་པས་ཀྱང་། །རྟག་ཏུ་རིགས་ལྡན་མ་མཆོད་བྱ། །ཞེས་པ་ནི། །དབུ་མ་དང་། མཆོག་གཉིས་
གཟུང་བར་བྱའོ། །ཐ་མ་ལོ་བཅུ་ལོན་པ་ནི་ཡང་དག་པར་སྤང་པར་བྱའོ། །དབུགས་ཀྱིས་ནི་རྡོ་རྗེར་ཀུན་དུ་བསྟན་པས་སོ། །དྲི་དང་ཆུ་དང་ལྡན་པས་ནི་ནི་འི་ཡི་གེ་ལས་ཉེ་བར་སྤྱོད་པ་ལྔས་དྲི་དང་མེ་ཏོག་རིགས་རྣམས་ཡང་དག་པར་སྦྱིན་ནོ། །རིགས་ལྡན་མ་སྟེ་རིགས་ཀྱི་གཞོན་ནུ་མ་རྣམས་མཆོད་པར་
བྱའོ་ནི་མཉེས་པར་བྱའོ། །རྟག་ཏུ་ནི་ཉི་མ་སོ་སོའོ། །བཤད་པའི་རྒྱུད་རྡོ་རྗེ་ཨ་རལླི་རུ་ཡང་། སྦས་དང་སྐྱེ་བོ་བྲལ་བའི་ཕྱོགས། །རང་གི་ཁྱིམ་མམ་གཞན་རྣམས་སུའང་། །བཅུ་གཉིས་ལོ་མའམ་དེ་བཞིན་དུའང་། །བཅུ་དྲུག་ལོ་མ་མཆོད་པར་བྱ། །བཤད་པའི་རྒྱུད་བཤད་པའི་ཧེ་རུ་ཀ་
མངོན་པར་འབྱུང་བ་རུ་ཡང་། ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །བདག་གིས་གཟུང་བར་བྱས་ནས་ནི། །གང་ཞིག་འཁྲིག་པ་མི་བསྟེན་པ། །ཤི་ནས་ངུ་འབོད་འགྲོ་བར་འགྱུར། །དེ་ཡི་སྐྱོབ་པ་ཡོད་པ་མིན། །ཞེས་སོ། །དྲང་བའི་དོན་ཏོ། །དབུ་མ་ཙམ་དུ་ཉེ་བར་དམིགས་པ་མེད་པའི་
ངོ་བོ་ཉིད་ཀྱི་ཕྱིར། རྫོགས་པའི་བྱང་ཆུབ་པ་བཞི་པའོ། །མཆོག་གི་དབུགས་ཀྱིས་ནི་དབུ་མའི་ལྷན་ཅིག་སྐྱེས་པའི་རླུང་གིས་སོ། །དྲི་དང་ཆུ་དང་ལྡན་པས་ནི་ལྟེ་བར་གཏུམ་མོ་འབར་བས་ཕུང་པོ་ལ་སོགས་པ་བསྲེགས་པ། །དཔྲལ་བར་ཟླ་བ་ཞུ་བའི་བདུད་རྩི་འཕོ་བ་མེད་པ་གཟུང་
བ་དང་འཛིན་པ་སྤངས་པ། འགྱུར་བ་དང་འཛག་པའི་རྒྱུ་དང་བྲལ་བ་མི་འཛག་པའི་རྒྱུ་རྫོགས་པར་གྱུར་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན། མཆོག་ཏུ་མི་འགྱུར་བར་གྱུར་པ་ལྷན་ཅིག་སྐྱེས་པའི་སྐུ། ཨཱ་ལི་ཀཱ་ལི་དང་ཧཱུཾ་ཕཊ་ཀྱི་ཡི་གེ་དང་བྲལ་བ་གཟུགས་ལ་སོགས་པ་
དང་བསམ་གཏན་ལ་སོགས་པ་དང་ཕྱག་རྒྱས་བྱིན་གྱིས་བརླབས་པ་བླ་མའི་བཀའི་ཀུན་དུ་སྤྱོད་པ་དང་བྲལ་བ། སྟོང་པ་ཉིད་དང་སྙིང་རྗེ་ཐ་དད་མེད་པས་རྟག་ཏུ་རིགས་ལྡན་མ་དེ་ལ་མཆོད་པར་བྱའོ། །རིགས་ནི་ཕུང་པོ་ཞེས་བརྗོད་ལ། །དེ་ལ་གནས་པའི་རྡོ་རྗེ་ཕག་མོ་ནི་ཨ་བ་དྷཱུ་ཏཱིར་
Vol. 17 · folio 260a
མངོན་པར་བརྗོད་དེ། མི་ཤེས་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་ཟད་པར་བྱེད་པ་མོ་ཡིན་ལ་རྣལ་འབྱོར་པ་རྣམས་ཀྱི་ནི་བདུད་ཟད་པར་བྱེད་མའོ། །དེ་བཞིན་ཉིད་ནི་པདྨ་ཞེས་བརྗོད་པར་བྱ་སྟེ། དེ་ཁོ་ན་མཱ་མ་ཀཱི་སྟེ་རང་གི་སེམས་ཀྱིས་སོ་སོར་སྣང་བ་བསྒོམ་པར་བྱའོ། །རྟག་ཏུ་
ནི་སྤྱོད་ལམ་བཞི་པོ་རྣམས་སུ་གཙང་བའམ་མི་གཙང་བར་རོ། །དོན་དམ་པའི་བདེན་པས་ཟུང་འཇུག་བསྒོམ་པར་བྱའོ་ཞེས་པའོ། །ངེས་པའི་དོན་ནོ། །ད་ནི་འཇིག་རྟེན་པའི་དོན་དུ་ཕོ་ཉ་མོའི་མཆོད་པ་བརྗོད་པར་བྱ་སྟེ། དུས་ཁྱད་པར་གྱིས་ཕོ་ཉ་མོ་ཞེས་པའོ། །དུས་ནི་ལོ་སོ་སོ་དང་། ཉི་མ་སོ་སོ་
རྣམ་པ་གཉིས་སོ། །དེའི་བྱེ་བྲག་ནི་དུས་ཀྱི་ཁྱད་པར་ཏེ། ཉི་མ་དང་། ཕྱོགས་དང་། ཟླ་བ་དང་། དུས་དྲུག་དང་། དུས་གསུམ་དང་། དུས་བཞི་དང་བར་གྲོད་པའོ་ཞེས་སོ། །དེ་བཞིན་དུ་ལོ་གཅིག་གི་དུས་ལ་ཉི་མ་རབ་ཏུ་རྒྱུ་བས་དེས་ཕོ་ཉ་མོ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་
འཇོམས་མའི་མཐར་ཐུག་པ་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་པོ་དེ་རྣམས་སྒྲུབ་པ་དང་ཚོགས་ཀྱི་འཁོར་ལོར་ཁ་ན་མ་ཐོ་བ་མེད་པའི་དམ་ཚིག་རྣམས་ཀྱིས་དང་། ཉེ་བར་སྤྱོད་པ་ལྔ་རྣམས་ཀྱིས་ཀྱང་མཆོད་པར་བྱའོ། །དྲང་བའི་དོན་ཏོ། །དུས་ནི་ནང་གི་བདག་ཉིད་ཀྱི་ཁྱིམ་གྱི་འཁོར་ལོ་དུས་སྦྱོར་
བཅུ་གཉིས་ཀྱི་བདག་ཉིད་དོ། །དེའི་ཁྱད་པར་ནི་སླར་ཡང་དབུགས་དང་ཆུ་སྲང་དང་ཆུ་ཚོད་དང་། ཡུད་ཙམ་དང་། དུས་སྦྱོར་ཕྱེད་པ་དང་། ཐུན་དང་། ཐུན་མཚམས་དང་། ཉིན་མོ་དང་། མཚན་མོ་སྟེ་སྲོག་རྒྱུ་བས་ཕོ་ཉ་མོའི་ཀུན་དུ་སྤྱོད་པ་ཡེ་ཤེས་དང་ཐུགས་དང་གསུང་དང་། སྐུའི་འཁོར་ལོ་
ལ་ཕོ་ཉ་མོ་རྣམས་ཀུན་དུ་སྤྱོད་པས་ལོངས་སྤྱོད་པ་དང་ཐིམ་པ་དང་། དབང་བྱེད་པ་དང་། བདག་པོ་ཉིད་ཕོ་ཉ་མོ་སུམ་ཅུ་རྩ་དྲུག་རྣམས་རིམ་པ་བཞིན་ནོ། །དེ་བཞིན་དུ་ལོངས་སྤྱོད་པའི་དུས་ལ་རྣལ་འབྱོར་མ་རྣམས་མཆོད་པར་བྱའོ། །ཇི་ལྟར་ཕོ་ཉ་མོ་རྣམས་མཆོད་པ་དེ་ལྟར་དུ་དཔའ་བོ་
རྣམས་མཆོད་པར་བྱའོ་ཞེས་འདི་ལས་གསུངས་པ། ཕོ་ཉ་ལྷན་ཅིག་སྐྱེས་གྲུབ་རྣམས། །ཐ་མ་འབྲིང་དང་མཆོག་རྣམས་ཏེ། །ཞེས་པ་ལྷན་ཅིག་སྐྱེས་ནི་ལྷན་ཅིག་བསྲེས་ནས་སྐྱེས་སོ་ཞེས་པ་དཔའ་བོ་སྐུ་དང་གསུང་དང་ཐུགས་དང་འཁོར་ལོ་རྣམས་ཉི་ཤུ་རྩ་བཞིར་གྲུབ་པ་དེ་རྣམས་ཀྱང་དུས་
Vol. 17 · folio 260b
ཀྱི་ཁྱད་པར་གྱིས་མཆོད་པར་བྱའོ། །ཐ་མ་འབྲིང་དང་མཆོག་རྣམས་ནི། །ས་འོག་དང་ས་སྟེངས་དང་། མཁའ་ལ་སྤྱོད་པའི་དངོས་གྲུབ་སྟེར་བ་པོ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་རིགས་ལྡན་མ་རྣམས་ཕྱག་རྒྱ་ཆེན་མོ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་གིས་སོ། །འཇིག་རྟེན་པའི་དོན་དུ་ཕོ་ཉ་
མོ་དཔའ་བོ་དང་བཅས་པ་མཆོད་པར་བྱའོ། །འདིར་དུས་ཀྱི་ཁྱད་པར་ནི་གདན་བཞི་ལ་སོགས་པར་བྱ་སྟེ། རྒྱུད་ནི་རྒྱུད་གཞན་གྱིས་ཤེས་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །དང་པོར་རེ་ཞིག་གདན་བཞི་ཆུ་སྲིན་ལ་སོགས་པའི་དུས་སྦྱོར་རྣམས་ཀྱི་མཚམས་དང་
ལྡན་པ་ནི་རོ་ཧི་ཏ་ལ་སོགས་པའི་རྩ་བཅུ་གཉིས་དང་། དེ་བཞིན་དུ་རྒྱལ་དང་མཆུ་ལ་སོགས་པའི་ཟླ་བ་བཅུ་གཉིས་པོ་དེ་རྣམས་ནི་མ་རིག་པ་ལ་སོགས་པའི་ཡན་ལག་རྣམས་སོ། །དུས་སྦྱོར་རེ་རེ་ནི་དབྱུ་གུ་ལྔའི་བདག་ཉིད་དོ། །རྩ་བའི་རྒྱུད་དུ་དབྱུ་གུ་ནི་ཆུ་སྲང་དྲུག་ཅུའི་བདག་ཉིད་དོ། །ཆུ་
སྲང་ནི་དབུགས་དྲུག་གི་བདག་ཉིད་དོ། །དེ་བཞིན་ཉིན་དང་མཚན་མོ་ཡིས། །ཉི་ཁྲི་བརྒྱད་གཉིས་བརྒྱ་ཡི་དབུགས། །ཞེས་སོ། །རྡོ་རྗེ་མཁའ་འགྲོར་ཡང་རོ་ཧི་ཏ་དང་པོའོ། །གཉིས་པ་ལ་མོ་ཧི་ཏའོ། །གསུམ་པ་ལ་བཟང་པོའོ། །བཞི་པ་ལ་ཁྱུ་མཆོག་གོ། །ལྔ་པ་ལ་རུས་
སྦལ་ལོ། །དྲུག་པ་ལ་ཆུ་སྲིན་ནོ། །བདུན་པ་ལ་ཁྱོ་མེད་པའོ། །བརྒྱད་པ་ལ་མི་ཀི་རའོ། །དགུ་པ་ལ་བྷ་དྲི་ཀའོ། །བཅུ་པ་ལ་བྱཱ་ཀུ་ལིའོ། །བཅུ་གཅིག་པ་ལ་མི་པྲི་ཀའོ། །བཅུ་གཉིས་པ་ལ་སའི་དབང་ཕྱུག་གོ། །ཞེས་སོ། །གདན་བཞིའི་བཤད་པའི་རྒྱུད་དུ་ཡང་གསུངས་པས་
རོ་ཧི་ཏ་དང་ཆུ་སྲིན་དག །བཞི་པ་གཏི་མུག་དང་ནི་རུས་སྦལ་དག །བཟང་པོ་ཁྱུ་མཆོག་དག་ཀྱང་ལྔ་པ་སྟེ། །ཁྱོ་མེད་འདོད་པ་དག་ཀྱང་ལྔ་པའོ། །བྷ་དྲི་བྱཱ་ཀུ་ལི་དག་དྲུག་པ་ཡིན། །མི་ཀི་ར་དང་རྨི་ལམ་བདུན་པའོ། །ཞེས་ཏེ། དབྱུ་གུ་དྲུག་ཅུའོ། །བསྡུས་པའི་རྒྱུད་དུ་ཡང་
མདོར་བསྟན་པ་གསུངས་པ་སྟེ་རྒྱུད་གཞན་གྱིས་རྒྱས་པར་བཤད་པར་རྟོགས་པར་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་གསུངས་པ། ཀྱེ་རྡོར་གྱིས་ནི་འཁོར་ལོ་སྡོམ་པ་དང་། །གདན་བཞི་པར་ཡང་ཤེས་པར་བྱེད་པ་ཡིན། །བསྡུས་པའི་འཁོར་ལོ་སྡོམ་པའི་ཚིག་རྣམས་
Vol. 17 · folio 261a
ཀྱིས། །དེ་བཞིན་གདན་བཞི་པ་དང་ཀྱེ་རྡོ་རྗེ། །གདན་བཞི་པས་ནི་ཀྱེ་རྡོ་རྗེ་དང་ནི། །བསྡུས་པའི་འཁོར་ལོའི་སྡོམ་ཚིག་ཤེས་པར་བྱ། །དང་པོའི་སངས་རྒྱས་ངེས་དོན་ཚིག་གིས་ཀྱང་། །སླར་ཡང་སྡོམ་པ་ཆེན་པོ་ཤེས་པར་བྱ། །ཞེས་སོ། །དེ་བཞིན་དུ་འབུམ་ཕྲག་ལྔ་པའི་
ཀྱེའི་རྡོ་རྗེར་དབུགས་དྲུག་གིས་ཆུ་སྲང་ངོ་། །ཆུ་སྲང་དྲུག་ཅུས་ཆུ་ཚོད་དོ། །ཆུ་ཚོད་གཉིས་ཀྱིས་ཡུད་ཙམ་ཅིག་གོ། །ཆུ་ཚོད་ལྔ་རྣམས་ཀྱིས་དུས་སྦྱོར་དུ་འགྱུར་རོ་ཞེས་པ་ལ་སོགས་པ་རྒྱས་པར་རོ། །འདི་ལྟར་དུས་སྦྱོར་ཕྱེད་པའི་དབྱེ་བས་ཉི་ཤུ་རྩ་བཞི་མཆོད་པར་བྱའོ། །དེ་བཞིན་དུ་ཐུན་མཚམས་
ཀྱི་དབྱེ་བས་བཞིའོ། །ཐུན་གྱི་དབྱེ་བས་བརྒྱད་མཆོད་པར་བྱའོ་ཞེས་སོ། །གང་གི་ཕྱིར་ཕྱི་རོལ་གྱི་གནས་ལ་སོགས་པར་དཀྱིལ་འཁོར་དུ་དང་། ཚོགས་ཀྱི་འཁོར་ལོར་དེ་རྣམས་ཀུན་དུ་སྤྱོད་པར་བྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། གནས་ལ་སོགས་པ་དེ་རྣམས་སུ། དེ་བཞིན་
གཤེགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམ་པར་དག་པ་ཁམས་རྣམས་ལྷའི་གཟུགས་ཀྱིས་འབྱོན་པ་འམ་གཤེགས་པ་ནི་འདས་པའི་དུས་སུ་བྱུང་ངོ་། །ད་ལྟར་འབྱུང་ངོ་། །མ་འོངས་པ་ན་འབྱུང་བར་འགྱུར་རོ་ཞེས་དྲི་མ་མེད་པའི་འོད་དུའོ། །ཁ་སྦྱོར་གྱི་རྒྱུད་དུ་
གསུམ་ངེས་པར་བསྟན་ཏེ། དབང་བྱེད་པ་དང་ལོངས་སྤྱོད་པ་དང་། ཐིམ་པ་སྐྱེ་བ་དང་། གནས་པ་དང་འཇིག་པའི་ངོ་བོའོ་ཞེས་སོ། །རྡོ་རྗེའི་ཚིག་ཏུ་ད་ལྟར་བའི་དུས་ལ་ལོངས་སྤྱོད་དོ། །མ་འོངས་པའི་དུས་སུ་ཐིམ་མོ། །འདས་པའི་དུས་སུ་དབང་བྱེད་དོ་ཞེས་སོ། །དེ་བཞིན་
དུ་ལོངས་སྤྱོད་པ་ད་ལྟར་བ་ལ་སོགས་པས་མ་འོངས་པ་རྣམས་ཀུན་རྫོབ་པས་སླར་ཡང་ལོངས་སྤྱོད་པ་དང་དབང་བྱེད་པ་དང་། བདག་པོ་ཉིད་ཐིམ་པའི་གནས་སྐབས་བཞིའོ། །སླར་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་པ་བྱིས་པའི་དུས་སུ་ལོངས་སྤྱོད་དོ། །
ལང་ཚོའི་དུས་ལ་དབང་བྱེད་པ་དང་། རྒན་པོའི་དུས་ལ་བདག་པོ་ཉིད་དང་འཆི་བའི་དུས་ན་ཐིམ་པ་སྟེ། ཐིམ་པ་ལས་སླར་ཡང་སྐྱེ་བ་ནི་བྱིས་པ་ཞེས་བརྗོད་པར་བྱའོ། །སྔ་མ་འགོག་པ་དང་ཕྱི་མ་སྐྱེ་བས། ཁ་ཏོན་དང་མར་མེ་ལ་སོགས་པའི་དཔེ་བཞིན། འདིར་ཡང་འཆི་བའི་
Vol. 17 · folio 261b
མཐར་སྐྱེ་བའི་ཆ་ཤས་ཅན་གྱི་ཆོས་སུ་ཤེས་པར་བྱའོ། །དེའི་ཕྱིར་ཡང་ན་ལོངས་སྤྱོད་པ་དང་། ཐིམ་པ་རྣམ་པ་གཉིས་སོ་ཞེས་སོ། །གསུངས་པ་ཡང་དབང་བྱེད་པ་ནི་གནས་པའོ། །དེ་ཉིད་ལོངས་སྤྱོད་པ་སྟེ་བདག་པོ་ཉིད་ཀྱང་ངོ་། །ཐིམ་པ་ཞེས་པ་ནི་འགྲོ་བར་བྱ་བའི་གནས་ལའོ། །ད་ལྟར་བ་ལ་
ལོངས་སྤྱོད་པའོ། །འབྱུང་བར་འགྱུར་བའི་དུས་ལ་ཐིམ་པའོ་ཞེས་གྲུབ་པོ། །དེ་བཞིན་དུ་ཕྱི་རོལ་དུ་ཕྱོགས་ཀྱི་འཁོར་ལོ་དང་ཚོགས་ཀྱི་འཁོར་ལོར་མཆོད་པར་བྱའོ་ཞེས་སོ། །རིགས་ལྡན་མ་རྣམས་དུས་ཐམས་ཅད་དུ་མཆོད་པར་བྱའོ། །ཆུ་སྲིན་གྱི་འཕོ་བ་ལ་ཤར་གྱི་ཞལ་འབྱུང་བ་ནི། ཇི་སྐད་
གསུངས་པའི་གནས་སུ། རྡུལ་ཚོན་རྣམས་ཀྱིས་དཀྱིལ་འཁོར་བྲིས་ཏེ་གསད་པའི་དོན་དུ་མཁའ་འགྲོ་མ་ལ་མཆོད་ཡོན་བྱིན་ནས་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །དེ་བཞིན་དུ་ས་ག་ཅན་ལ་སོགས་པ་ལ་དབང་དུ་བྱ་བའི་དོན་དུ་ཉི་མ་གུང་ལ་ལཱ་མའོ། །ཀརྐ་ཊ་ལ་སོགས་པ་ལ་
རེངས་པའི་དོན་དུ་ཕྱེ་མ་རེད་དུམ་སྐྱེས་མ་ལའོ། །སྲང་ལ་སོགས་པ་ལ་ཞི་བའི་དོན་དུ་མཚན་མོ་ཕྱེད་ན་གཟུགས་ཅན་མ་ལ་མཆོད་པར་བྱའོ། །སླར་ཡང་མཆུ་ཅན་ལ་སོགས་པ་ལ་སྐྲོད་པའི་དོན་དུ་ཁྭ་གདོང་མ་ལའོ། །བུམ་པའི་ཕྱེད་ཀྱི་ཉིན་ཞག་ལ་དགུག་པའི་དོན་དུ་འུག་གདོང་མ་
ལའོ། །ལུག་གི་འཕོ་བ་ལ་ཕུར་བུས་གདབ་པའི་དོན་དུ་ཁྱི་གདོང་མ་ལའོ། །སྣོན་ཅན་གྱི་ཕྱེད་ལ་རྒྱས་པའི་དོན་དུ་ཕག་གདོང་མ་ལའོ། །ཆུ་སྟོད་ཅན་ལ་སོགས་པ་ལ་དུག་གཞིལ་བའི་དོན་དུ་གཤིན་རྗེ་སྲེག་མ་ལའོ། །ཁྲུམས་ཅན་གྱི་ཕྱེད་ལ་རྨོངས་པའི་དོན་དུ་གཤིན་རྗེ་ཕོ་ཉ་མ་
ལའོ། །སྨིན་དྲུག་ཅན་ལ་སོགས་པ་ལ་རེངས་པའི་ཆེད་དུ་གཤིན་རྗེ་མཆེ་བ་མ་ལའོ། །མགོ་ཅན་གྱི་ཕྱེད་ལ་རྣམ་པར་དབྱེ་བའི་དོན་དུ་གཤིན་རྗེ་འཇོམས་མ་ལ་སྟེ་ཟླ་བ་ཕྱེད་པ་དང་ཟླ་བ་དང་། ཇི་སྲིད་ཐུན་བརྒྱད་ཀྱི་དབྱེ་བས་ཇི་སྐད་གསུངས་པའི་ཆོ་གས་མཆོད་པར་བྱའོ། །ཇི་ལྟར་ཐུན་
མཚམས་བཞིར་མཁའ་འགྲོ་མ་ལ་སོགས་པ་མཆོད་པ་དེ་བཞིན་དུ་རབ་ཏུ་གཏུམ་མོ་ལ་སོགས་པ་ཉི་ཤུ་རྩ་བཞི་པོ་རྣམས་ཕྱོགས་ཀྱི་དབྱེ་བས་མཆོད་དོ་ཞེས་རྟོགས་པར་བྱའོ། །དེ་བཞིན་དུ་ཚོགས་ཀྱི་འཁོར་ལོར་ཡང་མིང་གི་སྔགས་ཀྱིས་མཆོད་ནས་རྣལ་འབྱོར་མ་རྣམས་ཀྱི་ཀུན་དུ་སྤྱོད་
Vol. 17 · folio 262a
པ་བྱ་སྟེ་ཤེས་རབ་དང་ཐབས་ཀྱི་དབྱེ་བས་ལོངས་སྤྱོད་པའི་དུས་ལ་བཟའ་བ་དང་། བཏུང་བ་དང་། འཁྲིག་པ་དང་མྱང་བས་རྣལ་འབྱོར་མ་མཆོད་པར་བྱའོ། །འདིར་གང་དང་གང་དུ་འགྲོ་བ་དེར་ལྷག་མ་ལ་སོགས་པ་ཟ་བས་དེ་དང་དེའི་རིགས་སུ་འགྱུར་ཏེ་ཚུར་འོང་གི་བར་དུའོ། །
དཔེར་ན་རྒྱས་པ་ལ་སོགས་པའི་རིགས་ཁ་ཏོན་ལ་སོགས་པས་བྲམ་ཟེར་འགྱུར་རོ། །བྲམ་ཟེའི་རིགས་རྣམས་ལ་བ་ལང་གི་ཤ་ཟ་བས་རིགས་མ་ཡིན་པར་འགྱུར་རོ། །དེ་བཞིན་དུ་རྣལ་འབྱོར་མ་རྣམས་ཀྱང་རིགས་མ་ཡིན་པ་རྣམས། རིགས་དང་རིགས་ཀྱང་མ་ཡིན་པ། །ཞེས་གསུངས་
ཏེ་གང་དུ་བཞི་ཡོད་པ་དེར་ཐུན་མཚམས་ཀྱི་དབྱེ་བས་རྣལ་འབྱོར་མའི་ཀུན་དུ་སྤྱོད་པའོ། །རྣལ་འབྱོར་གྱི་རྒྱུད་དུ་ཡང་རྣལ་འབྱོར་པའོ་ཞེས་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་ཏེ་ཤེས་རབ་ཀྱི་རྒྱུད་ཀྱི་དགོངས་པས་རྣལ་འབྱོར་ཀྱི་རྒྱུད་རྟོགས་པར་བྱའོ། །རྩ་བའི་འཁོར་ལོ་རྣམ་པར་དག་
པའི་དོན་ཏོ། །དེ་བཞིན་དུ་རྣལ་འབྱོར་རྒྱུད་དུ་གསུངས་པ། རྣལ་འབྱོར་མའི་རྒྱུད་དུ་དམ་ཚིག་ཤེས་པར་བྱའོ། །དེ་བཞིན་དུ་གང་དུ་བརྒྱད་ཡིན་པ་དེར་ཐུན་གྱི་དབྱེ་བས་ཉི་མའི་ཆ་ལ་མཚན་མོ་ཕྱེད་ནས་ཉི་མ་གང་ཇི་སྲིད་པར་བཞིའོ། །དེ་བཞིན་དུ་ཟླ་བའི་ཆ་ལ་ཡང་བཞིའོ། །འདི་
ལྟར་མཚན་མོ་དང་ཉིན་མོ་མཉམ་པའི་ཐུན་མཚམས་ལས་སོ། །གང་དུ་བཅུ་དྲུག་ཡོད་པ་དེར་ཐུན་ཕྱེད་པ་དབྱེ་བས་སོ། །གང་དུ་སུམ་ཅུ་རྩ་གཉིས་ཡོད་པ་དེར་ཡུད་ཙམ་གྱི་དབྱེ་བས་སོ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་བྱའོ་ཞེས་པ་དྲང་བའི་དོན་ཏོ། །དུས་ཁྱད་པར་གྱིས་ཞེས་
པ་གང་དུ་སྲོག་དབང་དུ་བྱེད་ཅིང་བྱིན་གྱིས་བརླབས་པ་དེར་དེའི་དཀྱིལ་འཁོར་གྱི་ལྷ་དང་ལྡན་པ་ཕྲེང་བ་ལ་སོགས་པའི་སྔགས་སྲོག་འབབ་པས་མཆོད་པར་བྱ་ཞིང་། བསྒྲུབ་པར་བྱའོ་ཞེས་པ་ངེས་པའི་དོན་ཏོ། །དེ་བཞིན་དུ་སྐུའི་འཁོར་ལོ་ལ་གནས་པ་བརྒྱད་ནི་ས་འོག་གི་དངོས་གྲུབ་
སྟེར་བ་པོ་ཉིད་ཡིན་པའི་ཕྱིར་ཐ་མའོ། །ཁྲ་གདོང་མ་ལ་སོགས་པ་རྣམས་ཀྱང་ཡི་དགས་དང་དུད་འགྲོའི་དངོས་གྲུབ་སྟེར་བའི་ཕྱིར་རོ། །དེ་བཞིན་དུ་ས་ལ་སྤྱོད་པ་བརྒྱད་ནི་རྒྱལ་སྲིད་ལ་སོགས་པའི་དངོས་གྲུབ་སྟེར་བས་འབྲིང་ངོ་། །དེ་བཞིན་དུ་མཁའ་ལ་སྤྱོད་པ་བརྒྱད་ནི་འདོད་པ་ན་
Vol. 17 · folio 262b
སྤྱོད་པའི་དངོས་གྲུབ་སྟེར་བས་མཆོག་སྟེ། མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱང་གཟུགས་ན་སྤྱོད་པའི་དངོས་གྲུབ་སྟེར་རོ། །འདི་ལྟར་འཇིག་རྟེན་པའི་བདེན་པས་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ཐམས་ཅད་འཇིག་རྟེན་པའི་འབྲས་བུ་དེ་ཅི་ཞེ་ན། དེས་བསྒྲུབས་པས་སངས་རྒྱས་ཉིད་དུ་མི་
འགྱུར་རོ། །འདིའི་ཕྱིར་གསུངས་པ། ཡིད་ནི་ནང་དུ་ཆུད་པ་ཡིས། འདོད་པའི་དངོས་གྲུབ་དེ་བསྒོམ་བྱ། །ཞེས་པ་ཕྱག་རྒྱ་ཆེན་མོའི་དོན་དུའོ། །འདིའི་ཚིག་སྔ་མ་ལ་སོགས་པ་ནི་དཔལ་འདུས་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པར་གསུངས་པ། རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། ནོར་
བུའི་ནང་དུ་ཆུད་པ་ལྟ། །རྒྱུ་མཐུན་ལ་སོགས་བདེ་བ་རྫོགས། །དྲི་མེད་ཉིད་པར་ཁོ་ནར་དེའོ། །ཞེས་སོ། །དེས་ན་རྡོ་རྗེ་སྐྱིལ་ཀྲུང་ནི་བྷ་གར་ལིངྒ་བཞག་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་ནང་དུ་ཆུད་པ་ནི་ཡིད་ནི་ནང་དུ་ཆུད་པའོ། །ལྷན་ཅིག་སྐྱེས་པའི་སེམས་ནང་དུ་ཆུད་པ་དེས། འདོད་
པའི་དངོས་གྲུབ་ཕྱག་རྒྱ་ཆེན་མོ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་དང་། སྙིང་རྗེའི་སྙིང་པོ་ཅན་བདེ་བ་ཆེན་པོའི་ཐབས་ཀྱིས་གཅིག་ཏུ་འདྲེས་པར་གྱུར་པ་བསྒོམ་པར་བྱའོ། །ཉི་མའི་སྣང་བ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་དམིགས་པ་ཟུང་དུ་འཇུག་པའི་རྣལ་འབྱོར་པ་ཞེས་
པའོ། །ཇི་སྲིད་དུ་ནོར་བུའི་རྩེ་མོ་ནས་སྤྱི་བོར་དྲི་མ་མེད་པ་ཉིད་ཐོབ་པར་གྱུར་པ་དེ་སྲིད་དུ་མི་འགྱུར་བའི་བདེ་བ་དེ་བསྒོམ་པར་བྱའོ། །དེ་ལས་རྣལ་འབྱོར་པ་བརྩོན་འགྲུས་དང་ལྡན་པ་རྣམས་ཀྱིས་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་དོ་ཞེས་སོ། །དབང་མདོར་བསྟན་པར་ཡང་། ལས་ཀྱི་ཕྱག་
རྒྱའི་སྙོམས་འཇུག་དང་། །ཡེ་ཤེས་ཕྱག་རྒྱ་སོགས་དམིགས་དང་། །ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས། །མི་འགྱུར་བ་དེ་འཕེལ་བར་བྱེད། །ཅེས་སོ། །ཇི་སྲིད་བྱང་ཆུབ་སེམས་འདོར་བ། །སྐྱེ་གནས་ལས་ཐོབ་རྒྱུན་མ་ཆད། །དེ་སྲིད་དུ་ནི་རྣལ་འབྱོར་པས། །མི་བྱ་ཀུན་དུ་དགའ་བ་
མཆོག།།བདེ་བའི་རང་བཞིན་དེ་ཉིད་ཀྱིས། །ལྡན་པའི་སངས་རྒྱས་གཟུགས་བརྙན་ནི། །ཇི་སྲིད་ཁུ་བ་བརྟན་གྱུར་པ། །བདག་ཉིད་རྟག་ཏུ་བསྒོམ་པར་བྱ། །ལྟེ་བར་རྒྱུ་མཐུན་ཉིད་དུ་བརྗོད། །སྙིང་གར་རྣམ་པར་སྨིན་པར་དྲན། །མགྲིན་པར་སྐྱེས་བུ་བྱེད་པ་ཉིད། །སྤྱི་བོར་དྲི་མེད་ཉིད་རབ་གསལ། །ཞེས་
Vol. 17 · folio 263a
གསུངས་སོ། །སྐྱ་རེངས་འཆར་བའི་དུས་དག་ཏུ། །ཟླ་བ་ཉ་ལ་དེས་བསྒྲུབ་བྱ། །ཞེས་སོ། །འདིར་འདོད་པ་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའོ། །དངོས་གྲུབ་ནི་དམིགས་པ་དང་བཅས་པའི་སྟོང་པ་ཉིད་ཆེན་པོ་རྣལ་འབྱོར་པའི་རང་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་སོ། །འགྱུར་བ་དང་
གཡོ་བའི་དངོས་གྲུབ་དག་དང་། མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་མོ་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པར་སྟེར་བས་སངས་རྒྱས་ཀྱི་གཟུགས་བརྙན་སྣ་ཚོགས་པའི་མཚན་ཉིད་བསྒོམ་པར་བྱའོ་ཞེས་སོ། །ཡང་ན་ཕྱིའི་ཡན་ལག་མེད་པ་ལ་ལག་པའི་ཕྱག་རྒྱ་གསོར་བས་
ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་གཟུགས་གཅིག་ཏུ་གྱུར་པ་ཐམས་ཅད་སྟོང་པ་སངས་རྒྱས་ཀྱི་གཟུགས་བརྙན་ཉེ་བར་བསྟན་པ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ་གསུངས་པ་ཡང་སྐྱོན་དང་བཅས་པའི་ཕྱག་རྒྱ་ཡོངས་སུ་སྤང་པར་བྱའོ། །ཕྱག་རྒྱ་བཟང་མོ་བདེ་བ་བསྒོམ་པའི་དོན་དུ་གཟུང་བར་
བྱའོ། །དེ་ནི། མེད་པ་ལག་པའི་སྦྱོར་བ་ཡི། །ཕྱག་རྒྱ་རང་ལ་རག་ལས་པ། །སེམས་ཀྱི་ནོར་བུ་སྤངས་པ་ཡི། །ཞེས་སོ། །རང་གི་ལག་གིས་རྡོ་རྗེ་མཆོག །ཡང་དང་ཡང་དུ་གསོར་བྱེད་པ། །ཞེས་ཀུན་སྤངས་རྣམས་ལ་གསུངས་སོ། །ཡང་ན་ལས་ཀྱི་ཕྱག་རྒྱ་མེད་ན་ཡེ་ཤེས་ཀྱི་ཕྱག་
རྒྱས་རྣམ་པར་རྟོགས་པ་སྙོམས་པར་ཞུགས་པ་ཕྱག་རྒྱ་ཆེན་མོ་རྣམ་པར་མི་རྟོག་པ་ལ་དམིགས་པར་བྱའོ། །སྐྱེ་དགུའི་བདག་པོའམ་རྣལ་འབྱོར་པས་སོ། །དེ་བཞིན་དུ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རབ་ཏུ་ཆགས་པས་མཆོག་གི་དགའ་བའི་གནས་སྐབས་འཕགས་པས་ཅི་ཡང་མི་སྨྲ་
བའི་དངོས་པོས་བསྒོམ་པར་བྱའོ་ཞེས་པ་དགོངས་པའོ། །ད་ནི་བདེ་བ་ཆེན་པོའི་དོན་བརྗོད་པར་བྱ་སྟེ། རང་རྫས་ཐིག་ལེས་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་མཆོད་པར་བྱ། །ཞེས་པ་ནི། རྟོག་པའི་རྣལ་འབྱོར་པས་སྒྲུབ་པ་ཆེན་པོའི་རྣལ་འབྱོར་དབང་བསྐུར་བས་རྣམ་
པར་བསྒོམ་པར་བྱ་བ་ཕྱག་རྒྱ་ལ་རྗེས་སུ་ཆགས་པར་བྱེད་པའི་ཡིད་བྱིན་གྱིས་བརླབ་པའི་དོན་དུ་རང་རྫས་ཐིག་ལེ་རྣམས་ཀྱི་རོ་མྱོང་བས་མཆོད་པར་བྱའོ། །མཆོད་པའི་རྡོ་རྗེ་ལ་སོགས་པ་ནི་སངས་རྒྱས་ལ་སོགས་པའོ། །ཕྱི་རོལ་དུ་སངས་རྒྱས་གཟི་བརྗིད་ནི་དཀྱིལ་འཁོར་ལ་
Vol. 17 · folio 263b
སོགས་པར་གནས་པའི་སེམས་ཀྱི་ཐིག་ལེ་རྣམས་ཀྱིས་མིང་མེད་ཀྱིས་ཇི་སྲིད་དུ་གསང་བར་འཕངས་པ་ལའོ། །རང་རྫས་ཐིག་ལེ་འཕོ་བ་མེད་པའི་ཡེ་ཤེས་རྣམས་ཀྱི་དེ་བཞིན་དུ་ནོར་བུའི་བུ་གར་ཕཊ་ཡིག་གིས་འཕོ་བ་མེད་པའི་ཡེ་ཤེས་ཀུན་དུ་གནས་པས་སངས་རྒྱས་རྣམས་མཉེས་པར་བྱེད་དོ། །མཁའ་
འགྲོ་མ་རྡོ་རྗེ་གུར་དུ་རབ་ཏུ་གསུངས་པ། རང་རྫས་མཛེས་པ་ཉིད་ཀྱི་རྫས། །སྟོང་དང་ཤིན་ཏུ་སྟོང་པ་དང་། །སྟོང་པ་ཆེན་པོའི་རྒྱུ་དེ་ཡིས། །ཐམས་ཅད་སྟོང་པ་མངོན་སུམ་དུ། །བྱས་ལས་བདེ་ཆེན་སྐད་ཅིག་གིས། །མཆོད་པར་བྱ་ཕྱིར་རྫོགས་པར་བྱ། །ཞེས་སོ། །མཐར་ཐུག་པའོ། །
ཐིག་ལེའི་མཆོད་པའོ། །ད་ནི་འདིའི་འབྲས་བུ་གསུངས་པ། །མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པས་ཀྱང་། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །དེ་ལྟར་ཐེ་ཚོམ་མེད་པ་ཉིད། །ཅེས་ཏེ། མཐོང་བ་ནི་ནུ་མ་དང་སྐྲ་དང་ལྡན་མའོ། །རེག་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ལྷའི་
གཟུགས་ཀྱིས་རྟོགས་པ་དེའིའོ། །དེ་ལ་འདི་ལ་སྙོམས་པར་འཇུག་པའི་རིམ་པ་ཇི་ལྟར་གསུངས་པས། །ཕག་མོ་དེ་རྣམ་པར་བསྒོམས་ནས་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཨཱཿཧཱུཾ་ཧོ་ཧིཀྵཿ སྐུ་དང་གསུང་དང་ཐུགས་དང་ལྟེ་བ་དང་གཙུག་ཏོར་དང་གསང་བ་རྣམས་སུ་དགོད་
པར་བྱའོ། །དེ་ནས་གོ་ཆ་གཉིས་ཀྱིས་བྱིན་གྱིས་བརླབས་ནས། པདྨ་དང་རྡོ་རྗེ་དག་ལ་ཨོཾ་བཾ་བསྒོམ་པར་བྱ། །ཡན་ལག་ལ་དགོད་པར་བྱས་པས་དཔག་ཏུ་མེད་པ་ཟིལ་གྱིས་མནན་ནས་ཧཱུཾ་ཕཊ་བྱ་ཞིང་དགའ་བ་བརྩམ་པར་བྱའོ། །ཐོས་པ་ནི་ཟབ་མོའི་ཆོས་སོ། །དྲན་པ་ནི་གནས་སོ། །
དྲང་བའི་དོན་ཏོ། །མཐོང་བ་ཞེས་པ་ལ་སོགས་པ་ནི་དག་པའི་ཆོས་ཀྱི་རང་བཞིན་ལྷན་ཅིག་སྐྱེས་པའོ། །དེ་ལས་རྒྱུ་མཐུན་པའི་བདེ་བ་ལ་རེག་པའོ། །དེ་ཉིད་ཐོས་པས་ཏེ་ཤིན་ཏུ་དགའ་བའི་སྒྲ་དང་བླ་མའི་ཞལ་སྔ་ནས་ཐོས་སོ། །ཀྱང་ཡིག་ལས་རྫོགས་པ་དྲུག་གི་བསྙེན་པ་དང་སྦྱིན་
པ་ལ་སོགས་པས་རྩ་བའི་ལྟུང་བ་ལས་གྲོལ་ཞིང་མི་དགེ་བ་སྤངས་པས་གྲོལ་བར་འགྱུར་རོ། །མཚམས་མེད་པ་ལ་སོགས་པ་བྱས་པའི་སྡིག་པ་ལས་གྲོལ་བར་འགྱུར་རོ། །ངེས་པའི་དོན་ཏོ། །སྡིག་པ་གྲོལ་བ་བསོད་ནམས་བསྐྱེད་པའི་ཆོ་གའོ། །དེ་ལས་ཅིར་འགྱུར་ཞེ་ན་གསུངས་པ།།
Vol. 17 · folio 264a
རྣལ་འབྱོར་པ་ཉིད་བསོད་ནམས་མཆོག །དག་བྱེད་སྡིག་པ་འཇིག་བྱེད་པའོ། །སྔགས་བཟླས་པ་དང་བསམ་གཏན་དང་། །བདེ་བ་ཡིས་ཀྱང་བསྒྲུབ་པར་བྱ། །ཞེས་སྒྲུབ་ཐབས་གསུངས་སོ། །རྣལ་འབྱོར་པ་ཉིད་ནི་མངོན་པར་ཤེས་པ་ལྔ་དང་དཀྱིལ་འཁོར་གྱི་འཁོར་
ལོ་གྲུབ་པ། ས་བདུན་པའི་དབང་པོ་ཉིད། དེ་ནས་ས་བརྒྱད་པའི་དབང་པོ་ཉིད། །སྤྱོད་དུས་སུ་ཡང་། དེ་བཞིན་དུ་གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པའི་སྔགས་པས་བརྒྱད་པའི་དབང་ཕྱུག་ཅེས་སོ། །ཡང་ན་ས་བཅུ་པའི་དབང་པོ་ཉིད་དེ་རང་བྱིན་གྱིས་བརླབ་པའི་ཡེ་ཤེས་ལས་སྐྱེས་
པ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ལ་སོགས་པའི་རྣལ་འབྱོར་པ་ཉིད་ཀྱང་སྒྲུབ་པར་བྱེད་དོ་ཞེས་པའི་དོན་ནི་སྒྲུབ་པའི་ཕྱིར་ཞེས་པའི་དོན་ཏོ། །སྔགས་ཀྱི་བཟླས་པས་ནི་སྔགས་རྣམས་གསུངས་ཏེ། སྔགས་ཀྱི་སྒོ་ནས། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་
གྲྀཧྞ་ཧུ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿ བྷ་ག་བཱན་བཛྲ་ཧུཾ་ཧཱུཾ་ཕཊ། ཅེས་པ་ཞལ་བཞི་པའི་སྔགས་སོ། །ཨོཾ་ན་མོ་བྷ་ག་བ་ཏེ་བཱི་རེ་ཤཱ་ཡ། མ་ཧཱ་ཀལྤཱགྣི་སནྣི་བྷཱ་ཡ། ཛ་ཊ་མུ་ཀུ་ཊོཏྐ་ཊ་ཡ། དཾཥྚཱ་ཀ་ར་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ།
བར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ། བྱཱ་གྷྲཱ་ཛི་ནཱམྤ་ར་དྷ་རཱ་ཡ། མ་ཧཱ་དྷུམྦྲཱནྡྷ་ཀཱ་ར་བ་པུ་ཥཱ་ཡ། ཞེས་པ་རྐང་པ་བརྒྱད་པའི་སྔགས་སོ། །ཨོཾ་ཀ་ར་ཀ་ར་ཀུ་རུ་ཀུ་རུ་བནྡྷ་བནྡྷ་ཏྲཱ་ས་ཡ་ཏྲཱ་ས་ཡཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ་ཧྲཿཧྲཿ ཕེཾ་ཕེཾ་ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བས་རུ་
དྷི་རཱནྟྲ་མཱ་ལཱ་བ་ལམྦི་ནེ། གྲྀཧྞ་གྲྀཧྞ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛངྒཾ་སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ་ཨཱ་ཀཌྜྷྱ་ཀཌྜྷྱ། ཧྲིཾ་ཧྲིཾ། ཛྞཽཾ་ཛྞཽཾ། ཀྵྨཱཾ་ཀྵྨཱཾ། ཧཱཾ་ཧཱཾ་ཧཱིཾ་ཧཱིཾ་ཧཱུཾ་ཧཱུཾ། ཀི་ལི་ཀི་ལི་སི་ལི་སི་ལི་ཧི་ལི་ཧི་ལི་དྷི་ལི་དྷི་ལི་ཧུཾ་ཧཱུཾ་ཕཊ། ཞེས་པ་རྐང་པ་ཉི་ཤུ་རྩ་བཞི་པའི་སྔགས་སོ། །ཡི་གེའི་གྲངས་སྟེང་དུ་ནི་
དགུ་བཅུ་རྩ་བདུན་ནོ། །ཕྱི་མ་ལ་ཡང་བརྒྱའོ། །ཨོཾ་ཡིག་ལ་སོགས་པ་ནས་ཧུཾ་ཧཱུཾ་ཕཊ་ཀྱི་ཡི་གེའི་མཐར་ཐུག་པ་རྩ་བའི་སྔགས་སོ། །དེ་བཞིན་དུ་ཡང་སྙིང་པོ་ལ་སོགས་པའི་སྔགས་ཀྱང་ཤེས་རབ་དང་ཐབས་ལ་སོགས་པ་རྣམས་ཀྱིས་རྟོགས་པར་བྱའོ། །འདི་རྣམས་ཀྱི་རབ་ཏུ་
Vol. 17 · folio 264b
བརྗོད་པའི་བཟླས་པས་སོ། །བསམ་གཏན་གྱིས་ཀྱང་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྣམ་པར་རྟོག་པའི་བསམ་གཏན་གྱིས་སོ། །ཀྱང་ཡིག་ལས་ཕྱི་རོལ་གྱི་སྦྱིན་སྲེག་དང་། ཚོགས་ཀྱི་འཁོར་ལོ་དང་གཏོར་མ་སྦྱིན་པས་ཀྱང་ངོ་། །བདེ་བ་ཡིས་ཀྱང་ནི་ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་
ཕྱག་རྒྱའི་འགྱུར་བ་དང་གཡོ་བའི་བདེ་བས་སོ། །ཀྱང་ཡིག་ལས་དམ་ཚིག་བསྐྱང་བས་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་བདག་པོ་ལོ་བཅུ་གཉིས་རྣམས་ཀྱིས་འདི་ཉིད་ཁོ་ནར་འགྲུབ་པར་བྱེད་དོ་ཞེས་པ་དྲང་བའི་དོན་ཏོ། །རྣལ་འབྱོར་པ་ཉིད་ནི་རྡོ་རྗེ་འཆང་ཉིད་དོ། །དེ་ཉིད་ཁོ་ན་མཆོག་སྟེ་གཉིས་
སུ་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དོ། །བསོད་ནམས་ནི་བསོད་ནམས་ཀྱི་ཚོགས་རྫོགས་པ་ཉིད་ཀྱི་ཕྱིར་རོ། །དག་བྱེད་ནི་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ཉིད་ཀྱི་ཕྱིར་རོ། །སྡིག་པ་འཇིག་བྱེད་པ་ནི་ཚུལ་ཁྲིམས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རོ། །སྔགས་བཟླས་
པ་དང་ཞེས་བྱ་བ་ལ་སོགས་པས་རིམ་པ་མིན་པས་གསུངས་པའི་ཡན་ལག་གསུམ་གྱིས་ཡན་ལག་དྲུག་པོ་རྣམས་རྟོགས་པར་བྱ་སྟེ། དེ་རྣམས་ཀྱིས་ཀྱང་བསྒྲུབ་པར་བྱའོ། །བྱིས་པ་ལས་དང་པོ་པ་རྣམས་ཀྱིས་འདོད་པའི་དངོས་གྲུབ་སྒྲུབ་པ་ལ་ཡང་གསུངས་པ། འདོད་པ་ཉེ་བར་ལོངས་
སྤྱོད་པས་ཡན་ལག་དྲུག་གི་སྒྲུབ་ཐབས་སོ། །འདིར་ཕྱག་རྒྱ་ཆེན་མོའི་སྒོ་ནས་ཡན་ལག་དྲུག་བརྗོད་པར་བྱ་སྟེ། དཔལ་འདུས་པ་ཕྱི་མར་ཡང་། མཆོག་གི་ཡན་ལག་དྲུག་རྣམས་ཀྱིས། །ཞེས་སོ། །དེ་ཉིད་དུ་གསུངས་པ། སོར་སྡུད་དེ་བཞིན་བསམ་གཏན་དང་། །སྲོག་རྩོལ་དེ་ནས་
འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །དཔལ་དུས་ཀྱི་འཁོར་ལོར་ཡང་ངེས་པར་བསྟན་པ། སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་
པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་པའོ། །སྲོག་གི་རྩོལ་བ་དག་ཀྱང་ལམ་ན་གཉིས་པོ་བསྒྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པ་དག་ཏུ་འགྱུར། །ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་པ་འཛིན་པའོ། །གཏུམ་མོའི་སྣང་
Vol. 17 · folio 265a
བར་གང་ཞིག་གྱུར་པ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། །ཞེས་སོ། །འདིའི་རྒྱས་པར་བཤད་པ་གསུངས་པ། འདིར་སོ་སོར་སྡུད་པ་
ཞེས་བྱ་བ་ནི་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ཀྱི་འབྲེལ་པས་རྣམ་པར་ཤེས་པ་རབ་ཏུ་འཇུག་པ་མེད་པ་སྟེ། སྟོང་པའི་གཟུགས་ཀྱི་ཡུལ་རྣམས་ལ་གཞན་མིག་ལ་སོགས་པ་རྣམ་པ་ལྔ་པོ་རྣམས་ཀྱིས་རབ་ཏུ་འཇུག་པའོ། །ཤ་ལ་སོགས་པའི་མིག་རྣམས་ཀྱིས་སྟོང་པ་ཉིད་
ལ་དམིགས་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ནས་དེ་ཉིད་ལ་བལྟ་བ་ནི་ཤེས་རབ་བོ། །རྟོག་པ་ནི་སེམས་ཀྱི་དངོས་པོ་འཛིན་པའོ། །དཔྱོད་པ་ནི་དེའི་དོན་ངེས་པའོ། །དགའ་བ་ནི་གཟུགས་ལ་ཆགས་པའོ། །གཡོ་མེད་བདེ་བ་ནི་སྟོང་པ་ཉིད་དང་ལྷན་ཅིག་སེམས་གཅིག་ཏུ་བྱེད་པ་གཡོ་མེད་
བདེ་བ་མཆོག་ལས་བསྒོམ་པ་ཞེས་པ་བསམ་གཏན་ཡན་ལག་ལྔའོ། །དེ་ནས་སྲོག་གི་རྩོལ་བ་ཞེས་པ་གཡོན་པ་དང་། གཡས་པའི་ལམ་བསྒྱེལ་བས་ཅིག་ཅར་ཉིད་དུ་འབབ་པ་སྟེ་སེམས་ཀྱིས་བཟླས་པའོ། །དེ་ནས་འཛིན་པ་ཞེས་པ་ཐིག་ལེར་ཏེ་དཔྲལ་བར་སྲོག་ནི་རབ་ཏུ་ཞུགས་
ཤིང་ཕྱི་རོལ་དུ་རྒྱུ་བ་མེད་པར་ཡང་དག་པར་སྡོམ་པའོ། །དེ་ནས་རྗེས་སུ་དྲན་པ་ཞེས་བྱ་བ་རང་གི་འདོད་པའི་ལྷ་མཐོང་བ་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ནས་ཏིང་ངེ་འཛིན་ཞེས་བྱ་བ་ཤེས་རབ་རང་གི་སེམས་ཀྱིས་སོ་སོར་སྣང་བ་དེས་ལྷན་ཅིག་པའི་མི་འགྱུར་བའི་བདེ་བའི་གོ་འཕང་ཐོབ་
པ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཕྱིར་གཟུང་བ་དང་འཛིན་པ་དང་བྲལ་བའི་སེམས་ཞི་བའི་བདེ་བ་ཆེན་པོ་ཞེས་པ་ཡན་ལག་དྲུག་གི་སྒྲུབ་ཐབས་སོ། །འབྲས་བུ་ནི་དཔལ་དུས་ཀྱི་འཁོར་ལོར་གསུངས་པ། སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་
ཀུན་གྱིས་བྱིན་གྱིས་རློབ། མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །སྲོག་གི་རྩོལ་བས་དག་པ་རི་བོང་ཅན་དང་ཉི་མ་དང་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་
Vol. 17 · folio 265b
ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། །རྗེས་སུ་དྲན་པའི་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལས་སོ། །དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཉིན་ཞག་འགའ་ཞིག་དག་གིས་ཡེ་ཤེས་ལུས་ནི་འགྲུབ་པར་འགྱུར། །ཞེས་སོ། །ལྷའི་
རྣལ་འབྱོར་དང་ལྡན་པ་ཕྱག་རྒྱ་ཆེན་པོ་སྒོམ་པ་སོ་སོར་སྡུད་པས་བཅུ་དྲུག་ལས་ཡོངས་སུ་རྫོགས་པའམ། གང་གི་ཚེ་ལོ་ཕྱེད་ཀྱིས་གཟུང་བྱ་སེམས་དང་། འཛིན་པ་པོའི་སེམས་བརྟན་པར་གྱུར་པ་དེའི་ཚེ་ཚིག་གི་མཆོག་སྦྱིན་པ་ལ་སོགས་པ་སྦྱིན་པར་བྱེད་དེ་ཤའི་མིག་ཏུ་འགྱུར་རོ། །གང་གི་
ཚེ་བསམ་གཏན་དག་པ་དེའི་ཚེ་མིག་མི་འཛུམས་པ་ལྷའི་མིག་དང་ལྷའི་རྣ་བར་འགྱུར་རོ། །གང་གི་ཚེ་རྟག་ཏུ་དབུ་མར་འབབ་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རབ་ཏུ་བསྔགས་པར་འགྱུར་རོ། །རླུང་བཅུ་འགགས་པ་ལས་སེམས་ཐིག་ལེར་གནས་པ་འགྲོ་བ་དང་འོང་བ་
དང་བྲལ་བ་སྟོང་པ་ཉིད་རབ་ཏུ་ཐོབ་པ་དེའི་ཚེ་བདུད་ལ་སོགས་པ་ཉམས་པར་བྱེད་དོ། །གང་གི་ཚེ་སྟོང་པ་ཉིད་ལ་ཆགས་པ་སྟོབས་བཅུ་ཉིད་ཐོབ་པ་སྒྲིབ་པ་མེད་པའི་སེམས་འདོད་པའི་གནས་སྐབས་བཅུ་ཐོབ་པ་དེའི་ཚེ་འོད་ཟེར་ལྔ་དང་ལྡན་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་བདེ་བ་དེ་གང་
གི་ཚེ་ལོ་གསུམ་དང་ཕྱོགས་གསུམ་གྱིས་གཙུག་ཏོར་དུ་ཕྱིན་པ་དྲི་མ་མེད་པ་ཐོབ་པ་དེའི་ཚེ་ཡེ་ཤེས་ཀྱི་ལུས་ཏེ་དུས་དེར་རིན་པོ་ཆེ་ལ་སོགས་པའི་ཆར་འབབ་པར་འགྱུར་རོ། །མཁའ་འགྲོ་མ་རྡོ་རྗེ་གུར་དུ་འབྲས་བུ་ནི། འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེའི་ལུས་དང་ལྡན། །
ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །བློ་དང་ལྡན་པ་ཡེ་ཤེས་ལྡན། །དེ་ཡི་རྗེས་སུ་ཐམས་ཅད་འབྲང་། །ཞེས་སོ། །དོན་དམ་པ་ལ་སོགས་པ་འདིའི་ལམ་སྒོམ་པའི་ཉེ་བར་བསྟན་པ་རྒྱུད་རྣམས་སུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དུ་བ་ལ་སོགས་མཚན་མ་
དག་དང་ནི། །སྲོག་རྩོལ་གྱིས་ནི་དབུ་མར་འབབ་པ་དང་། །རིག་མའི་བརྟུལ་ཞུགས་དག་གིས་རྡོ་རྗེ་ནི། །ལྟུང་མིན་སྟེང་དུ་ཁུ་བའི་ལམ་འདིས་ནི། །སངས་རྒྱས་ཀུན་བདེ་རྣལ་འབྱོར་པས་ཐོབ་འགྱུར། །ཞེས་དང་། སླར་ཡང་། དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། །སྒོམ་པའི་ཐབས་རྣམས་
Vol. 17 · folio 266a
དག་གིས་མི་མཐོང་སྟེ། །དེ་ཉིད་དུ་ནི་བརྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱར་བས་མཐོང་བར་འགྱུར། །ཞེས་ཏེ་ངེས་པའི་དོན་ཏོ། །ད་ནི་དམ་ཚིག་བསྐྱང་བ་བརྗོད་པར་བྱ་སྟེ། ལེགས་པར་མཉམ་གཞག་སྒྲུབ་པ་པོས། །རྟག་ཏུ་དམ་ཚིག་བསྐྱང་བར་བྱ། །ཞེས་པ་འདིས་དམ་ཚིག་
དཔལ་འདུས་པར་བརྗོད་པ་རྣམས་དང་། རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་སྒྲུབ་ཐབས་སུ་མུ་སྟེགས་པ་རྣམས་ཀྱི་རྣམ་པ་སྣ་ཚོགས་པ་དང་ཞི་བ་ཉིད་དང་དྲག་པོ་རྣམས་ཀྱི་བྱ་བ་དེ་རྣམས་འཇིག་རྟེན་གྱི་རབ་ཏུ་འཇུག་པ་ལས་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སྡོམ་པ་དང་ལྡན་པའི་རྣལ་འབྱོར་པས་བསྐྱང་བར་
བྱའོ། །དཔལ་འདུས་པར་ཡང་། ངོ་བོ་ཉིད་ཀྱིས་ཀུན་འབྱུང་བ། །ཁམས་གསུམ་དག་ན་རྣམ་པར་སྤྱོད། །སེམས་ཅན་ཀུན་ལ་ཕན་འདོད་པས། །དམ་ཚིག་མཐའ་དག་སྤྱད་པར་བྱ། །ཞེས་སོ། །རང་གི་བདག་པོ་ཉིད་ཁོ་ནས་དང་པོའི་དུས་ཅན་གྱི་ཚངས་པ་ལ་སོགས་པའི་རྫུ་འཕྲུལ་ཆེན་པོ་རྣམས་
སྣོད་རྣམས་ཀྱིས་ལྷན་ཅིག་སྐྱེས་པ་རང་བཞིན་སྣ་ཚོགས་ཀྱི་འཇུག་པས་སེམས་ཅན་གྱི་དོན་དུ་འགྱུར་བ་གང་ཡིན་པ་དེའི་ཕྱིར་རོ། །འཇིག་རྟེན་པ་རྣམས་ཀྱི་དམ་ཚིག་ཐམས་ཅད་ཀུན་དུ་སྤྱོད་པར་བྱའོ་ཞེས་པ་འདིའི་དོན་ཏོ། །གུར་གྱི་རྒྱུད་དུ་ཡང་། རང་གཞན་ཆོས་ནི་སུན་མི་འབྱུང་། །ཞེས་
སོ། །རྣལ་འབྱོར་གྱི་རྒྱུད་དུ་ཡང་། ཕ་རོལ་སྨྲ་བ་གང་ཡང་རུང་། །མཚན་མའི་དབྱེ་བས་རྣམ་པར་གནས། །དེ་འདིར་བརྙས་པར་མི་བྱ་སྟེ། །རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་ཡིན། །ཞེས་པ་དང་། ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །ཞེས་པ་ལ་སོགས་པ་འདི་ལས་བྱའོ། །སྒྲ་ཇི་བཞིན་པའོ། །
དམ་ཚིག་བྱེ་བས་དཀྱིལ་འཁོར་དུ། །འདོད་པའི་དངོས་གྲུབ་ཐོབ་མི་འགྱུར། །ཞེས་པ་དམ་ཚིག་བྱེ་བའི་ཉེས་པ་བརྗོད་པར་བྱ་སྟེ་གསུངས་པ་ཡང་། དཀྱིལ་འཁོར་ངེས་སྡོམ་དུས་དང་ནི། །བརྡ་དང་སྔགས་དང་ཕྱག་རྒྱ་དག །ལྷ་རྣམས་དང་ནི་གྲུབ་མཐའ་ལ། །རྒྱལ་བ་རྣམས་ཀྱི་
དམ་ཚིག་བསྒྲགས། །ཞེས་སོ། །དེའི་དབྱེ་བ་གསུངས་པ། སྲིད་པ་དེ་ཕྱིན་ཅི་ལོག་ཏུ་གྱུར་པ་དེས་མངོན་པར་འདོད་པའི་དོན་དུ་མི་འགྱུར་རོ། །དམ་ཚིག་ཡང་དག་པར་བསྲུངས་པ་ལས་དངོས་གྲུབ་བོ་ཞེས་སོ། །དེ་བཞིན་དུ། ལྷ་རྣམས་སྲིན་པོའི་གཟུགས་ཅན་གྱིས། །དམ་
Vol. 17 · folio 266b
ཚིག་ལས་ནི་ཉམས་པར་བྱེད། །བ་བྱུང་ལ་སོགས་སར་མཐོང་ནས། །སྲིན་པོ་རྣམས་ནི་རིང་དུ་འགྲོ། །ལྷ་རྣམས་བཤད་པ་སོགས་མཐོང་ནས། །རང་གི་གནས་ནི་རྣམ་པར་འདོར། །ཞེས་སོ། །འདི་ལས་དམ་ཚིག་རྣམས་དཀྱིལ་འཁོར་ལ་སོགས་པར་བསྙེན་པ་བྱའོ། །གང་གི་ཚེ་
སངས་རྒྱས་ལ་སོགས་པ་ལྷ་ཞི་བ་རྣམས་ཀྱི་བྱ་བ་ནི་མཁའ་འགྲོ་ལ་སོགས་པ་དྲག་པོ་སྲིན་པོའི་དམ་ཚིག་གིས་བྱས་པ་དེའི་ཚེ་འགྲུབ་པར་མི་འགྱུར་ཏེ། གསུངས་པ་ཡང་དམ་ཚིག་གཞན་དང་བྱ་བ་གཞན་གྱིས་འགྲུབ་པར་མི་འགྱུར་ཏེ་སྒྲུབ་པ་པོ་རྣམས་འཆི་བར་འགྱུར་རོ་ཞེས་སོ། །མཆོག་
གི་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། མི་ཕྱེད་ལམ་ལ་གནས་པ་ཡིས། །དམ་ཚིག་བཞི་པོ་བསྲུང་བར་བྱ། །གོ་ཀུ་ལ་སོགས་རྟག་ཏུ་བཟའ། །དམ་ཚིག་འདི་ནི་འདའ་དཀའ་བའོ། །དམ་ཚིག་བཞི་ནི་ཆང་བཏུང་བ་དང་། བདུད་རྩི་ལྔ་དང་། སྒྲོན་མ་བཟའ་དང་།
བུད་མེད་དང་འགྲོགས་པས་ཁུ་བ་མྱང་བ་ཡང་ངོ་། །སྔགས་ཀྱི་སྤྱོད་པ་ལ་བརྟེན་ནས་རྟག་ཏུ་བཟའ་བར་བྱའོ། །རིགས་སུ་འཛིན་པ་གཞོམ་པའི་ཕྱིར་དུ་ལྷ་རྣམས་ཚིམ་པར་བྱའོ། །ཁྱིམ་པ་རྣམས་ཀྱི་ཡུལ་དང་རིགས་ཀྱི་ཐ་སྙད་ཀྱིས་སོ། །དགེ་ཚུལ་ལ་སོགས་པ་རྣམས་
ཀྱིས་བཟའ་བར་མི་བྱའོ། །སྒྲ་ཇི་བཞིན་པའོ། །དེ་ནས་གཞན་ཡང་རབ་འཆད་བྱེད། །ཕྱི་རོལ་བདུད་རྩི་ལྔ་མཛེས་པ། །སྦྲང་རྩི་ཁྲག་དང་ག་པུར་བཅས། །ཙནྡན་དམར་པོ་དང་སྦྱར་བ། །ཚོགས་ཀྱི་དབུས་སུ་རབ་བཞུགས་ནི། །ཐམས་ཅད་རྡོར་མཚན་མཚན་མ་འཛིན། །ཞེས་
པ་བདུད་རྩི་ལྔ་བཟའ་བ་ངེས་པར་བསྟན་ཏོ། །སྦྲང་རྩི་ནི་རྐང་ངོ་། །ཁྲག་ནི་རྡུལ་ལོ། །ག་པུར་ནི་ཁུ་བའོ། །ཙནྡན་དམར་པོ་ནི་བཤང་བའོ། །ཚོགས་ཀྱི་དབུས་སུ་རབ་ཞུགས་ནི་གཅི་བའོ། །བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོར་གསུངས་པ། དབང་པོ་ཐམས་ཅད་རྣམ་གྲོལ་བ། །
ཚོགས་ཀྱི་དབང་པོར་གང་ཞིག་འགྱུར། །ཞེན་པ་ཞེས་དགོངས་སོ། །སྦྱར་བ་ནི་སྒྲོན་མ་ལྔ་སྦྲང་རྩི་ལ་སོགས་པ་རྣམས་ཀྱིས་སོ། །ཐམས་ཅད་རྡོར་མཚན་མཚན་མ་འཛིན་ནི་ཧྲ་ཏི་ཡིག་བཀོད་པའི་སྔགས་པས་བཟའ་བར་བྱའོ། །སྦྱོར་བ་ནི་རྒྱ་ཆེར་འགྲེལ་དུ་གསུངས་པའི་རིལ་
Vol. 17 · folio 267a
བུའི་ཆོ་ག་བརྗོད་པ་ཐོག་མར་རང་གི་བདུད་རྩི་རྣམས་དང་། གོ་ཀུ་ལ་སོགས་པ་རྣམས་ཀྱི་ཤ་ཇི་ལྟར་རྙེད་པ་བཟུང་ནས་དེ་གཉིས་ཟོས་པའི་ཟླ་བའམ་དུས་གཞན་ལ་བུ་མ་སྐྱེས་པའི་གཞོན་ནུ་མའི་དབང་པོ་གཟུང་བ་ལ་དགའ་བ་བྱས་ནས་ཧཱུཾ་ཕཊ་ཅེས་པས་བྱང་ཆུབ་ཀྱི་སེམས་ཕྱུང་ནས་པདྨའི་
སྣོད་དུ་རྡོ་རྗེས་གཟུང་བར་བྱའོ། །གཉིས་པ་ལ་རོ་ལ་མཆོད་པ་བྱས་ནས་རྐང་གསུམ་པ་ལ་ལོ་བཅུ་གཉིས་མ་ལ་མཆོད་པ་བྱས་ནས་རྡུལ་ལོ། །བཞི་པ་རང་གི་གཅི་བའོ། །ལྔ་པ་ལ་བཤང་བ་གཟུང་བར་བྱའོ། །ནམ་མཁའ་ལ་སོགས་པའི་འཕེལ་བས་མ་ཤ་ཀ་བཅུ་ལྔའོ། །དེ་བཞིན་དུ་དྲུག་
པ་ལ་སོགས་པའི་ཚེས་ལྔ་ལ་མི་དང་། རྟ་དང་གླང་པོ་ཆེ་དང་། ཁྱི་དང་། བ་ལང་གི་ཤ་རྣམས་གཟུང་བར་བྱ་སྟེ་མ་ཤ་བཞིའི་བདག་ཉིད་ཀྱི་ཆ་གཅིག་ལ་སོགས་པའི་ཕེལ་བས་མ་ཤ་ཀ་དྲུག་ཅུའོ། །བཅུ་གཅིག་པ་ལ་ཟས་མ་ཟོས་པ་ལ་ཆང་འཐུངས་ཏེ་སྐྱུག་པར་བྱས་ནས་དེས་མ་ཤ་ཀ་བདུན་ཅུ་རྩ་
ལྔའི་བདུད་རྩི་དང་། སྦྲང་རྩི་བཅོ་ལྔ་རྣམས་ཀྱིས་ལྷན་ཅིག་ཏུ་བཏགས་ནས་ཅེ་སྤྱང་གི་པགས་པར་བཅུག་ནས་ཐོད་པ་ཁ་སྦྱོར་དུ་བྱས་ཏེ་མཚན་མོ་ཤི་བ་དང་མ་ཤི་བ་ལྷན་ཅིག་བསྲེགས་པར་ཁྲུ་གང་གྲུ་གསུམ་པའི་དོང་བྲུས་ནས་དེར་བཅུག་སྟེ་མཆོད་པར་བྱའོ། །ཨོཾ་བཛྲ་ཀྲོ་དྷི་ཤྭ་རི་སརྦ་དྲ་བྱཱ་ཎི་ཤོ་དྷ་
ཡ་ཧཱུཾ་ཕཊ། ཞེས་པས་གཏོར་མ་སྦྱིན་པར་བྱའོ། །དེ་ནས་གཤེགས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་དང་། ཨོཾ་ཤྲཱི་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་དང་། ཨོཾ་སུམྦྷ་ཞེས་བྱ་བ་ལ་སོགས་པས་གཏོར་མ་བྱིན་ནས་བདུད་རྩི་སྔགས་བརྒྱ་རྩ་བརྒྱད་ཀྱིས་བསྔགས་པའི་རལ་གྲི་བཞག་ནས་མཆོད་
པར་བྱའོ། །ཡི་གེ་བཅུ་པས་བསྲུང་བ་བྱས་ནས་ལྷའི་སྔགས་ཀྱིས་རང་གི་ཁྱིམ་དུ་བཅུ་གཉིས་པ་ལ་ཐུན་བཞིར་ཞལ་བཞི་པའི་སྔགས་དང་། བཅུ་གསུམ་པ་ལ་རྐང་པ་བརྒྱད་པ་དང་། བཅུ་བཞི་པ་ལ་ཀ་ར་ཀ་ར་ལ་སོགས་པ་བཟླས་པར་བྱའོ། །དེ་ནས་ཉི་མ་གཟས་གཟུང་བ་དང་བཏོན་
ནས་མིའི་ཞག་གིས་མོན་སྲན་སྡེའུའི་ཚད་ཙམ་གྱི་རིལ་བུར་བྱའོ། །གང་གིས་ཉེ་བར་བསྟན་པ་ལས་ལོངས་སྤྱོད་བསང་གཏོར་བྱས་ནས་གཞག་པར་བྱ་སྟེ་དེ་ཡིས་ཐམས་ཅད་དུ་དག་པའོ། །དམ་ཚིག་གི་རིལ་བུའི་ཆོ་གའོ། །ད་ནི་ཚོགས་ཀྱི་འཁོར་ལོར་ཞི་བའི་བཏུང་བ་རྒྱས་པར་འཆད་
Vol. 17 · folio 267b
དོ་ཞེས། མིང་མེད་མཐེ་བོང་གདོང་དག་གིས། །རྣལ་འབྱོར་རིག་པས་བཟའ་བར་བྱ། །ཞི་བའི་བཏུང་བ་བཞིན་མྱངས་པས། །དངོས་གྲུབ་རྟག་པ་ཐོབ་པར་འགྱུར། །ཞེས་སྦྱངས་པའི་ཆང་གིས་གཙོ་བོ་ལ་དྲུག་སྐྱེས་ཀྱི་སྔགས་ཀྱིས་ཡང་དག་པར་ཚིམ་པར་བྱ་ཞིང་བདག་ཉིད་ཚིམ་པར་བྱའོ། །
བཤད་པའི་རྒྱུད་དུ་ཡང་། དང་པོར་བླ་མ་ལ་ཕུལ་ནས། །དེ་མ་ཐག་ཏུ་སངས་རྒྱས་རྣམས། །དེ་མཐར་ཕྱག་རྒྱ་ལ་བྱིན་ནས། །ཞི་བའི་བཏུང་བ་བཞིན་དུ་མྱང་། །ཞེས་སོ། །ཞི་བའི་བཏུང་བ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་མུ་སྟེགས་པ་རྣམས་ཀྱི་སྒྲུབ་པའི་ཕྱོགས་རྣམས་
ལ་འགྱུར་ཏེ། ཁྲག་དང་བཅས་པའི་བ་ལང་གི་པགས་པར་སོ་མ་བ་ལི་ཞེས་པ་བཞིན་དུ་ཉེ་བར་འཇལ་བ་ལ་ཇི་ལྟར་ཞི་བའི་བཏུང་བ་སྡིག་པ་འཇོམས་ཤིང་དག་པར་བྱེད་པ་དེ་བཞིན་དུ་འདིར་ཆང་འཐུངས་པའོ་ཞེས་པའི་དོན་ཏོ། །མུ་སྟེགས་པ་རྣམས་ཀྱི་དེ་ཉིད་མཆོག་ཏུ་གཟི་བརྗིད་ཅན་ཉིད་
ལས་སོ། །དངོས་གྲུབ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་སྐྱེས་པའི་བྱང་ཆུབ་མཆོག་གོ། །རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོར་ཡང་། རྡོ་རྗེ་ལྟ་བུའི་རྣམ་འགྱུར་ཅན། །བྱང་ཆུབ་སེམས་ནི་མཆོག་གྱུར་པ། །སྐུ་གསུམ་ཡོངས་སུ་མཐར་ཐུག་པ། །བྱང་ཆུབ་མཆོག་ཏུ་བརྗོད་པར་བྱ། །ཞེས་
སོ། །བྱང་ཆུབ་ཀྱི་སེམས་ཡང་དག་པར་གཉིས་སུ་མེད་པ་ངེས་པར་བརྟེན་པར་བྱ་བའི་རོ་མྱང་བའི་དམ་ཚིག་རྒྱས་པར་བསྟན་པ་ནི། འདི་ནི་བདུད་རྩི་ལྔ་རུ་འགྱུར། །དངོས་གྲུབ་ཐམས་ཅད་རབ་འཇུག་པའོ། །ཞེས་པ་ནི་སྤྱི་བོའི་ཟླ་བའི་བདུད་རྩི་གང་ཡིན་པ་བྷ་གའི་རྡུལ་ལ་སོན་པ་
དགའ་བ་ཐམས་ཅད་ཀྱི་རང་བཞིན་འདི་ནི་ཞེས་པ་དགོངས་པའོ། །བདུད་རྩི་ཁུ་བ་དེ་ཉིད་གཡོ་བས་ལྔ་ཉིད་དུ་འགྱུར་བའི་ཕྱིར་བདུད་རྩི་ལྔའོ། །འདི་ནི་རྣལ་འབྱོར་པས་གཅིག་པུར་བཀོད་ནས་དང་ཕྱག་རྒྱ་མས་བསླབས་པ་དེ་ལས་ཀྱང་བསྙེན་པ་བྱའོ། །དངོས་གྲུབ་ཐམས་ཅད་རབ་
འཇུག་པ་ནི་རྣལ་འབྱོར་པ་ཉིད་དུ་འགྱུར་རོ། །མཆོད་བཞི་དེ་བཞིན་རྣལ་འབྱོར་མ། །དཔའ་བོ་གཉིས་མེད་སྙོམས་པར་འཇུག །སྙོམས་པར་ཞུགས་ལ་དེ་ཉིད་འཛིན། །ཞེས་པས་དམ་ཚིག་བཞི་རྒྱས་པར་བསྟན་ཏེ། །ཀུན་དུ་སྤྱོད་པའི་རྒྱུད་དུ་ཡང་། །མེ་ལོང་ལ་སོགས་བཞི་རྣམས་
Vol. 17 · folio 268a
ནི། །མཆོད་བཞི་རྗེས་སུ་བརྗོད་པར་བྱ། །མཁའ་འགྲོ་མ་སོགས་པདྨར་གནས། །མཱ་མ་ཀཱི་སོགས་བཟང་མོ་ཡིན། །ཞེས་སོ། །གཟུགས་ལ་སོགས་པའི་ཡུལ་དམ་པ་བཞི་རྣམས་སུ། ཕྱག་རྒྱ་མ་ལྔ་རྣམས་ཀྱིས་ལྷན་ཅིག་སྙོམས་པར་འཇུག་པ་བྱས་ནས་སྙོམས་པར་འཇུག་པའི་མཐའ་
ལ་དགའ་བ་བཞིའི་དགའ་བ་ལ་ཐུན་མཚམས་བཞིར་ནན་ཏན་བྱའོ། །ལྟེ་བ་དང་སྙིང་ག་དང་། ནུ་མའི་བར་དང་ལྕེའི་རྩ་བ་དང་། སྤྱི་བོའི་སྟེང་དུ་དགའ་བ་དང་། མཆོག་ཏུ་དགའ་བ་དང་། ཁྱད་པར་དགའ་བ་དང་། ལྷན་ཅིག་སྐྱེས་པ་དེ་ནམ་མཁའ་ཞེས་རྒྱུད་ཕྱི་མར་རོ། །དཔལ་འདུས་པར་ཡང་།
གལ་ཏེ་འདོད་དེ་རྡོ་རྗེ་འཆང་། །ཞེས་སོ། །ཡང་ཡིག་ནི་འདིར་འགྲོ་བའི་དོན་ཏེ་གང་གི་ཚེ་འདོར་བ་དེའི་ཚེ་གདོན་མི་ཟ་བར་ལྕེས་མྱང་བར་བྱའོ། །དཔལ་འདུས་པར་ཡང་། རྫས་ཀྱང་ལྷག་པར་དབྲོག་པར་བྱ། །ཞེས་སོ། །འབྲས་བུ་ནི་དཔལ་དུས་ཀྱི་འཁོར་ལོར། །རྒྱལ་པོ་རི་བོང་འཛིན་
པ་གཅིག་པུ་འཆི་བའི་འཇིགས་པ་འཕྲོག་པ་ཐམས་ཅད་དུས་སུ་བསྟེན་པར་བྱ། །ཤེས་རབ་ཆོས་འབྱུང་དག་ལ་གནས་པའི་ཉིན་མོར་བྱེད་དང་ལྷན་ཅིག་རྣལ་འབྱོར་ལྡན་པས་སྨོས་ཅི་དགོས། །ཞེས་སོ། །ལྷ་དང་མི་ཡི་བདེ་བ་ཉིད། །བསྡུས་བྱས་ནས་ནི་ཀུན་ནས་སོ། །རྡོ་རྗེ་མཆོག་གི་ཆ་
ཡིས་ནི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་པས་ནི་བདེ་བ་ཆེན་པོ་རྒྱས་པར་འཆད་དེ། ལྷ་དང་སྟེ་ལྷ་རྣམས་ཀྱི་དང་། མི་རྣམས་ཀྱི་བདེ་བ་བསྡུས་པར་བྱས་ནས་ཏེ་གལ་ཏེ་མཚུངས་པར་བྱ་བ་དེ་བཞིན་དུ་ཡང་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པ་ཤེས་རབ་དང་ཐབས་ལྷན་ཅིག་སྐྱེས་
པ་ལ་འཇིག་རྟེན་པའི་དགོད་པ་ལ་སོགས་པའི་བདེ་བ་དེ་རྣམས་ཀྱིས་བཅུ་དྲུག་གི་ཆར་ཡང་མི་ཕོད་དཔེར་ཡང་མི་འགྲོའོ། །དེ་དག་གི་བདེ་བ་ནི་བཤད་པའི་རྒྱུད་དུ་ཡང་། ས་བོན་མངར་བས་བསྒོས་གྱུར་པར། །མངར་བས་རྗེས་སུ་བསྟེན་པ་དང་། །གང་ལས་མངར་བས་འཕེལ་འགྱུར་བ། །དེ་
ཡི་རོ་ནི་མངར་བར་བཤད། །དེ་བཞིན་ཆོས་ཀྱི་བདུད་རྩི་འབྱུང་། །བདེ་ལས་སྐྱེས་པ་བདེ་བ་ཐོབ། །ས་གསུམ་པོ་ནི་གང་ན་ཡང་། །དེ་ཡི་དཔེ་ནི་ཡོད་མ་ཡིན། །ཞེས་དང་། སླར་ཡང་རྡོ་རྗེ་མཁའ་འགྲོ་རུ། །བྱང་ཆུབ་སེམས་དེའི་བདག་ཉིད་ཅན། །རྡོ་རྗེའི་རང་བཞིན་ཅན་གྱི་ཆ། །ཕྲ་མོ་
Vol. 17 · folio 268b
སྤྲོ་བ་རབ་བརྗོད་པ། །ཕྲ་མོའི་རྡུལ་དུ་ཡང་དག་བསྟན། །ངོ་བོ་ཉིད་ལས་མཐུ་སྟོབས་ཀྱིས། །རང་བཞིན་ཁོ་ནར་དེ་གྲུབ་པོ། །འདི་ཡི་རང་བཞིན་བརྗོད་པ་ནི། །ཞལ་མཆོག་མ་ནི་ཁྱོད་ལ་བཤད། །ཅེས་སོ། །དགོངས་པའོ། །བསྡུས་པའི་དོན་གྱིས་ཡོངས་སུ་བཅད་པ་སྟེ་དང་པོའོ།། །།ད་ནི་བདེ་བ་
ཆེན་པོ་བསྒྲུབ་པར་བྱ་བའི་གནས་རྒྱས་པར་གསུངས་པ། །རི་བོ་ཚང་ཚིང་སྨན་ལྗོངས་དང་། །རྒྱ་མཚོ་ཆེན་པོའི་འགྲམ་དག་དང་། །གདོད་ནས་གྲུབ་དང་དུར་ཁྲོད་དུ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ། །ཞེས་སོ། །འདིར་རི་བོ་རུ་རེངས་པ་ལ་སོགས་པ་དང་གཏེར་གྱི་དངོས་གྲུབ་བསྒྲུབ་པར་བྱའོ། །དེ་
བཞིན་དུ་ཚང་ཚིང་སྟེ། ཤིང་འཁྲིགས་པར་དཀྱིལ་འཁོར་བྲིས་ནས་དབང་ལ་སོགས་པ་དང་རིན་པོ་ཆེའི་དངོས་གྲུབ་པོ། །སྨན་ལྗོངས་ཏེ་འཁྲི་ཤིང་གིས་གཡོགས་པར་ཞི་བ་ལ་སོགས་པ་དང་བཅུད་ལེན་གྱི་དངོས་གྲུབ་བོ། །རྒྱ་མཚོ་ཆེན་པོའི་འགྲམ་དུ་མ་རུངས་པའི་ལས་དང་། རལ་གྲིའི་དངོས་
གྲུབ་པོ། །དང་ཡིག་ལས་སའི་ཁྱིམ་མམ་ཕུག་ཏུ་འཇིག་རྟེན་གསུམ་ཉིད་དང་། ཡེ་ཤེས་ཀྱི་དངོས་གྲུབ་པོ། །གདོད་ནས་གྲུབ་པ་ནི་གྲུབ་པའི་གནས་སོ། །དེར་ལས་ཀྱི་ཕྱག་རྒྱའོ། །དུར་ཁྲོད་དུ་ཡང་མིག་སྨན་ལ་སོགས་པ་དང་རེངས་པ་ལ་སོགས་པའོ། །དྲང་བའི་དོན་ཏོ། །རི་བོ་
ནི་ནུས་མ་རྒྱས་པ་ལ་སོགས་པ་དང་ལྡན་པའི་རབ་ཏུ་མྱོས་མའོ། །ཚང་ཚིང་ནི་སྐྱེ་བོ་གཞོན་ནུ་མའོ། །སྨན་ལྗོངས་ནི་རྒྱས་པའི་རྐེད་པ་ལའོ། །རྒྱ་མཚོ་ཆེན་པོའི་འགྲམ་ནི་རྗེ་རིགས་ལ་སོགས་པའི་སྐྱེ་བོའོ། །དུར་ཁྲོད་དུ་ནི་གཏུམ་པོ་ལ་སོགས་པའི་གནས་སོ། །ཡང་ཡིག་ལས་
གང་དང་ཅི་ཡིན་པ་ཡང་ངོ་། །གདོད་ནས་གྲུབ་པ་ནི་པདྨ་ཅན་ལ་སོགས་པ་ལྷན་ཅིག་སྐྱེས་པའོ། །དེར་དཀྱིལ་འཁོར་ནི་རྡོ་རྗེ་དང་པདྨ་འདུས་པ་དག་བྱའོ། །ངེས་པའི་དོན་ཏོ། །ཆུ་དང་བ་བྱུང་བླངས་ནས་ནི། །བདུད་རྩི་ལྔ་དང་ཡང་དག་ལྡན། །དུར་ཁྲོད་ཀྱི་ནི་སོལ་བར་ལྡན། །དེ་ཡིས་
ས་ལ་རབ་ཏུ་བྱུག །ཅེས་པ་ལ་ཆུ་སྟེ་བ་ལང་གི་གཅིན་དང་། བ་བྱུང་ཡང་དག་པར་བླངས་ནས་དཀྱིལ་འཁོར་གྱི་གནས་ལ་ཉེ་བར་བྱུག་པར་བྱ་སྟེ། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་བདུད་རྩི་ལྔ་ལ་སོགས་པས་ཀྱང་ཉེ་བར་བྱུག་གོ། །དེ་ནས་སྔགས་པས། །དཀྱིལ་འཁོར་བཟང་པོ་བྲི་བར་བྱ། །
Vol. 17 · folio 269a
ཞེས་པ་ནི་དྲི་བཟང་པོས་ཀྱང་ཉེ་བར་བྱུགས་ཏེ་སློབ་དཔོན་ལས་ཀྱི་ཆོ་ག་མཐོང་བས་རང་གི་དཀྱིལ་འཁོར་བརྩམ་པར་བྱའོ་ཞེས་པ་དྲང་བའི་དོན་ཏོ། །བ་བྱུང་ནི་དབང་པོ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཡེ་ཤེས་སོ། །དུར་ཁྲོད་ནི་རླུང་ངོ་། །ཐལ་བ་ནི་འོད་གསལ་ལོ། །ཆུ་
ཡིས་ནི་དེའི་བགྲོད་པས་སོ། །ས་གཞི་ནི་གསང་བར་ཁྱབ་པར་བྱའོ། །ཉེ་བར་བྱུགས་ནས་ནི་བསྐྱོད་ནས་སོ། །དཀྱིལ་འཁོར་ནི་དགའ་བའོ། །བྲི་བར་བྱ་ནི་སེམས་ཀུན་དུ་རྫོགས་པར་བསྒོམ་པར་བྱ་བ་སྟེ་ངེས་པའི་དོན་ཏོ། །རོ་བསྲེགས་སོལ་བ་ནི་རུས་པའི་ཕྱེ་མ་དག་གོ། །དུར་ཁྲོད་སོ་ཕག་
ནི་བ་བླ་རྣམས་ཀྱིས་སོ། །སྤྱོད་པར་བྱེད་པ་འཇུག་པ་པོ་དང་ལྡན་པས། །སློབ་དཔོན་དགེ་བའི་མཚན་ཉིད་ཅན། །ཞེས་པས་རྡུལ་ཚོན་གསུངས་ཏེ་སྒྲ་ཇི་བཞིན་པའོ། །ཡང་དག་ཤེས་ཤིང་རྒྱུད་ཤེས་པ་ནི་རིགས་པའོ། །ཧེ་རུ་ཀ་ཡི་གསང་སྔགས་རིག །ཁྲོ་མེད་གཙང་ལ་མཁས་པ་དང་། །སྦྱོར་ཤེས་
ཡེ་ཤེས་ཕ་རོལ་འགྲོ། །ཞེས་པས་སློབ་དཔོན་གྱི་མཚན་ཉིད་གསུངས་སོ། །ཡན་ལག་དུར་ཁྲོད་ཐལ་བས་བྱུག །ཕྱི་མོ་ཆེན་པོས་རྣམ་པར་བརྒྱན། །རུས་པའི་ཕྲེང་བ་འཕྱང་བ་དང་། །ཁ་ཊྭཱཾ་ག་ནི་ལག་ན་གནས། །ཞེས་པས་འདིའི་སྤྱོད་ལམ་གསུངས་པ་སྒྲ་ཇི་བཞིན་པའོ། །བདག་ཉིད་
ཧེ་རུ་ཀར་བྱས་ནས། །ཧ་འོག་ཧེ་རུ་ཀ་དྲན་བྱ། །མཁའ་ལ་རྡོ་རྗེའི་གུར་བསམས་ནས། །རྡོ་རྗེ་ཆུ་སྐྱེས་དེར་དགོད་བྱ། །འཁོར་ལོའི་དབུས་སུ་བདག་ཉིད་དང་། །སྟེང་དུ་མདའ་ཡི་དྲ་བ་དང་། །རྡོ་རྗེའི་ར་བ་ཡང་དག་ལྡན། །འོག་ཏུ་མཚོན་ཆ་དགོད་པར་བྱ། །ཕྱོགས་དང་ཕྱོགས་བྲལ་རྣམས་
སུ་ཡང་། །བདུད་རྣམས་ཀུན་གྱིས་མི་ཕྱེད་པའི། །གོ་ཆ་གཉིས་པ་བགོས་པ་ནི། །གདུག་སྤྱོད་རྣམས་ཀྱིས་མི་ཕྱེད་དོ། །ཞེས་པ་གསུམ་པོ་འདི་རྣམས་ཀྱིས་སྲུང་བའི་འཁོར་ལོ་གསུངས་སོ། །བདག་ཉིད་ཅེས་པ་ནི་དང་པོར་རེ་ཞིག །ཨོཾ་ཤྲཱི་ཧེ་རུ་ཀོ྅ཧཾ་ཞེས་བརྗོད་ལ་ཞེ་སྡང་རྡོ་རྗེ་ཞལ་
གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཤེས་རབ་དང་བཅས་པ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་དཔལ་ཧེ་རུ་ཀའི་ཡེ་ཤེས་འཁོར་ལོ་དྲན་པར་བྱའོ། །འོད་ཟེར་གྱིས་བཀུག་ནས་གསོལ་བ་གདབ་པར་བྱ་སྟེ་དབང་བསྐུར་བ་ལ་སོགས་པའི་དོན་དུ་བདུད་བསྐྲད་པར་བྱའོ། །ར་ལས་
Vol. 17 · folio 269b
སྐྱེས་པའི་ཉི་མ་ལ། ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ། དེ་ལས་སྐྱེས་པའི་རྡོ་རྗེ་གུར་དང་རྡོ་རྗེའི་མདའི་དྲ་བ་ལ་སོགས་པ་བསམས་ལ་དབུས་སུ་ཀྵ་ཡིག་ལས་སྐྱེས་པའི་འཁོར་ལོ་རྩིབས་བཅུ་པ་བསྒོམ་པར་བྱའོ། །རྡོ་རྗེ་ཆུ་སྐྱེས་ལ་གནས་པའི་རྡོ་རྗེ་སེམས་དཔའ་མངོན་བརྗོད་བླ་མར་བཤད་
པས་བསམ་པར་བྱའོ། །ཡང་ན། ཉི་མའི་དཀྱིལ་འཁོར་དབུས་གནས་པའི། །རྡོ་རྗེ་སེམས་དཔའ་རྣམ་བསྒོམ་བྱ། །ཞལ་གསུམ་ཕྱག་དྲུག་ཞི་བ་སྟེ། །དག་པའི་ཤེལ་དང་ཟླ་བའི་འོད། །ཕྱག་རྒྱ་ཆེན་པོས་སྙོམས་པར་ཞུགས། །ཤེས་རབ་སྐྱིལ་ཀྲུང་ལ་གནས་པ། །ཐོད་པའི་ཕྲེང་བའི་
ཅོད་པན་ཅན། །མི་བསྐྱོད་པས་ནི་དབུ་རྒྱན་བྱས། །རྒྱན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་རྣམས་ཐམས་ཅད་ཀྱིས་མཚན་ཅིང་། །དཔེ་བྱད་རྣམས་ཀྱིས་ཡང་དག་བརྒྱན། །ཁ་ཊྭཱཾ་ག་དང་ཐོད་པ་འཛིན། །རྡོ་རྗེ་དྲིལ་བུས་ཀུན་འཁྱུད་པ། །དཔའ་བོ་ལྕགས་ཀྱུ་ཞགས་པ་འཛིན། །
བདེ་བ་ཆེན་པོའི་གོ་འཕང་གནས། །རྣམ་པར་འགྱུར་བའི་ཞབས་གཉིས་སོ། །སེར་དང་དཀར་པོ་ལྗང་གུའོ། །ཞེས་སོ། །ཡང་ན་ཞལ་གཅིག་པ་ཕྱག་གཉིས་པའི་རྣམ་པར་བསྒོམས་ནས་དེ་བཞིན་དུ་གྱུར་པའི་རྡོ་རྗེ་ཧཱུཾ་མཛད་རྣམ་པར་གཙིགས་པ་དྲག་པོ་གཡས་བརྐྱང་གི་སྟབས་ཀྱིས་གནས་
པ་མགོ་བོའི་ཕྲེང་བ་ཅན་ཤེས་རབ་དང་བཅས་པ་ཉི་མ་ལ་གནས་པ་བསྒོམ་པར་བྱའོ། །གནོད་མཛེས་ལ་སོགས་པའི་ཁྲོ་བོ་བཅུ་པོ་སྤྲོས་ནས་སྔགས་ཀྱིས་བཀའ་བསྒོས་པས་རྡོ་རྗེ་ས་འོག་གི་ཁྲོ་བོ་རྣམས་ཀྱིས་བཀུག་པ་རྣམས་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ་ཡང་དག་
པར་གཏད་དེ་བགེགས་ཀྱི་གཙོ་བོ་རྣམས་ལ་ཕུར་བུས་གདབ་པར་བྱའོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་བིགྷྣཱཾ་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ། བཛྲ་ཀཱི་ལ་བཛྲ་དྷ་ར་ཨཱ་ཛྙཱ་བ་ཡ་ཏི་ཀཱ་ཡ་ཝཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། འཁྱིལ་བས་བརྡུང་བར་བྱ་སྟེ། ཨོཾ་བཛྲ་ཧཱུཾ་བཛྲ་མུངྐ་
ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། བགེགས་མཐའ་དག་མེད་པར་བལྟས་ནས་དེའི་འོག་ཏུ་ཐམས་ཅད་བརྩམ་པར་བྱའོ། །དྲང་བའི་དོན་ཏོ། །མཆོག་དང་པོར་ཡང་གསུངས་པ། རང་ཉིད་སྡུག་བསྔལ་མེད་བདེ་བས། །བདག་ཉིད་བརྟན་པར་འགྱུར་བར་བགྱི། །གང་ཞིག་མྱུར་དུ་
Vol. 17 · folio 270a
མཆོག་གི་དོན། །རྟོགས་པར་བྱ་ཞིང་བསྒྲུབ་པར་བྱ། །ངེས་པའི་དོན་ཏོ། །དངོས་གྲུབ་ཆེན་པོ་རབ་སྟེར་བྱེད། །དཀྱིལ་འཁོར་འཇིགས་ཆེན་བྲི་བར་བྱ། །ཞེས་པ་ནི་ཐོད་ལེ་ཀོར་གྱི་ཐིག་གདབ་པ་གསུངས་ཏེ། དང་པོར་ས་གཞི་དག་པ་དང་། སློབ་མ་ཡོངས་སུ་གཟུང་བ་བྱས་
ནས་ཐོད་ལེ་ཀོར་གྱིས་ཐིག་གདབ་པར་བྱའོ། །དང་པོར་ཁྲག་ནི་ཆེན་པོ་ཡིས། །སྦགས་པའི་རོ་ཡི་སྲད་བུ་ཡིས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །དཀྱིལ་འཁོར་བཟང་པོའི་ཐིག་གདབ་བྱ། །ཞེས་པས་ཡེ་ཤེས་ཀྱི་ཐིག་གདབ་པ་གསུངས་སོ། །ཁྲུ་གང་བ་དང་ཁྲུ་བཞི་པ། །ཇི་སྲིད་ཁྲུ་
ནི་སྟོང་ཕྲག་བར། །གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་པས་འཁོར་ལོ་སྡོམ་པ་ཆུང་བ་གསུངས་སོ། །ཤིན་ཏུ་ཟླུམ་པོ་སྒོ་བརྒྱད་པ། །ཞེས་པས་འཁོར་ལོ་སྡོམ་པ་ཆེན་པོ་གསུངས་སོ། །དེ་ཡི་དབུས་སུ་པདྨ་ནི། །འདབ་བཅས་གེ་སར་ལྡན་པ་བྲི། །ལྟེ་བར་དགོད་བྱ་དཔའ་བོ་ཆེ། །འཇིགས་
བྱེད་འཇིགས་སུ་རུང་བ་སྟེ། །ཐོད་པའི་ཕྲེང་བའི་རྒྱན་དང་ལྡན། །ཞལ་བཞི་པ་ལ་སྤྱན་གསུམ་པ། །གླང་པོའི་པགས་པ་རྣམ་པར་བགོས། །སྨིན་མ་བཟང་པོ་རྡོ་རྗེ་དབྱེས། །ཕྱག་ན་ཁ་ཊྭཱཾ་ག་བྱས་པ། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །དེ་མདུན་ལྷ་མོ་མཛེས་མ་ནི། །རྡོ་རྗེ་ཕག་མོ་བྲི་
བར་བྱ། །ཧེ་རུ་ཀ་ལ་མངོན་ཕྱོགས་བྱས། །སྤྱན་གསུམ་དྲག་པོའི་གཟུགས་ཅན་མ། །ཐོད་པ་རྒྱུ་མས་གང་བ་དང་། །ཞལ་ནས་ཁྲག་ནི་འཛག་པ་མོ། །ཕྱོགས་རྣམས་ཀུན་གྱི་ལྷར་བཅས་པའོ། །ལྷ་མིན་མི་རྣམས་སྡིགས་པར་བྱེད། །ཅེས་པས་ལྷ་དགོད་པ་གསུངས་སོ། །དེའི་
ཞེས་པ་ནི་གྲུ་བཞི་དང་ཟླུམ་པོ་དག་གིས་འཁོར་ལོ་གསུམ་དང་འཁོར་ལོ་དྲུག་གི་བདག་ཉིད་ཅན་གྱི་དཀྱིལ་འཁོར་དག་གི་སྙིང་པོར་རོ། །བྲི་བར་བྱ་ཞེས་པ་ནི་རྡུལ་ཚོན་རྣམས་ཀྱིས་སོ། །དཔའ་བ་ནི་དཔའ་བའི་ཉམས་དང་ལྡན་པའི་གཙོ་བོའོ། །སྤྱན་གསུམ་ཞེས་པ་ནི་ཞལ་སོ་སོ་རྣམས་ལའོ། །གླང་
པོའི་པགས་པ་རྣམ་པར་བགོས་པ་ནི་པུས་མོའི་མཐར་ཐུག་པར་རོ། །རྡོ་རྗེ་དབྱེ་ཞེས་པ་ནི་སྣ་ཚོགས་རྡོ་རྗེ་ཕྱེད་པ་སྟེ་སྣ་དང་སྤྱན་གསུམ་ཡང་ངོ་། །མདུན་དུ་རྡོ་རྗེ་ཕག་མོ་ནི་ཤེས་རབ་ཀྱི་རིགས་ཀྱི་དབྱེ་བས་ཕྱེ་བའོ། །གཡོན་མ་དཀར་མོ་དག་པའོ། །བྲི་བར་བྱ་ནི་དགོད་པར་བྱའོ་ཞེས་པའོ། །དྲང་བའི་དོན་ཏོ། །
Vol. 17 · folio 270b
རྒྱུད་གཞན་དུ་ཡང་། གང་ཚེ་སེམས་ནི་སྟོང་པ་མཁའ། །མཉམ་པར་སྐྱེས་པར་གྱུར་པ་ཡང་། །དེ་ཚེ་སྔགས་དང་ཕྱག་རྒྱ་དང་། །ལྷ་རྣམས་ཀྱང་ནི་བརྟགས་པའོ། །ཞེས་སོ། །ངེས་པའི་དོན་ཏོ། །མཁའ་འགྲོ་མ་ནི་ཉི་ཤུ་བཞི། །ཕག་མོའི་རིགས་ལས་ཡང་དག་བྱུང་། །ཕྱོགས་དང་ཕྱོགས་བྲལ་རྣམས་སུ་
ཡང་། །འཁོར་ལོ་གསུམ་དུ་དེ་མཆོད་བྱ། །དཔའ་བོ་རྣམས་དང་མ་མོ་ཉིད། །དུར་ཁྲོད་རྣམས་སུའང་མཆོད་པར་བྱ། །ཞེས་པས་དཀྱིལ་འཁོར་པ་དགོད་པ་གསུངས་ཏེ། །དཔའ་བོ་རྣམས་དང་ཞེས་པ་ཉི་ཤུ་རྩ་བཞིའོ། །མ་མོ་རྣམས་དང་ཞེས་པ་བྱ་རོག་གདོང་པ་ལ་སོགས་པ་བརྒྱད་དོ། །དེ་
བཞིན་དུ་མཁའ་འགྲོ་མ་བཞི་རྣམས་སོ། །དུར་ཁྲོད་རྣམས་སུ་ཞེས་པ་ནི། མེ་དང་རླུང་གི་ཁོར་ཡུག་གི་དབུས་སུ་དུར་ཁྲོད་དོ་ཞེས་པ་རྒྱ་ཆེར་བཤད་པ་ལས་འབྱུང་ངོ་། །ཡང་ན་ནམ་མཁའ་དེར་གནས་པ་བརྒྱད་དོ། །ཡང་ཡིག་ལས་སྙིང་པོར་ཐོད་པ་རྣམས་སོ། །འདིར་གང་གི་ཚེ་རྡུལ་ཚོན་གྱི་དཀྱིལ་འཁོར་
ལ་སོགས་པས་ལྷ་རྣམས་བྲི་བ་དེའི་ཚེ། ཐབས་དང་ཤེས་རབ་ཐ་དད་པས་བྱ་བ་ནི་སྐལ་བ་དང་མི་ལྡན་པས་བལྟ་བར་བྱ་བ་ཉིད་ལས་གསང་ནས་ཟུང་འཇུག་གི་དཀྱིལ་འཁོར་བའི་གཙོ་བོ་ནི། རས་རིས་ལ་སོགས་པར་ཇི་ལྟར་རིགས་པར་ཟུང་འཇུག་ཏུ་བྲི་བར་བྱའོ་ཞེས་གསུངས་སོ། །དེ་ལ་ལས་ཀྱི་
རྗེས་འབྲངས་ནས། །སེམས་ནི་མཁའ་འགྲོ་ལ་སོགས་ཕྱག །གཉིས་བཞི་དྲུག་བརྒྱད་བཅུ་བཅུ་གཉིས། །ཞལ་གཅིག་གཉིས་གསུམ་ལྔ་སོགས་པའམ། །ནག་པོ་ལ་སོགས་ཁ་དོག་རྣམས། །དཀྱིལ་འཁོར་པ་ཡང་དེ་བཞིན་ཤེས། །ཞེས་སོ། །ད་ནི་མངོན་པར་བརྗོད་པ་བླ་མར་
གསུངས་པའི་རྡོ་རྗེ་མཁའ་འགྲོ་ཞལ་གཅིག་ཕྱག་གཉིས་པའི་དཀྱིལ་འཁོར་བསྡུས་པ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཅན་བརྗོད་པར་བྱ་སྟེ། དེ་བཞིན་དུ་ཡང་རྡོ་རྗེ་སྙིང་པོས་གསུངས་པ། ཕྱག་གཉིས་པ་ལ་ཞལ་གཅིག་པ། །སྤྱན་གསུམ་རྣམ་པར་འགྱུར་བའི་ཞལ། །འཇིགས་བྱེད་དང་
ནི་དུས་མཚན་མོ། །གཡས་བརྐྱང་པ་ཡིས་མགོ་བོ་མནན། །སྣ་ཚོགས་རྡོ་རྗེ་ཕྱག་རྒྱ་དྲུག །ཟླ་བ་ཕྱེད་པས་ཉེ་བར་མཛེས། །སྟག་གི་པགས་པའི་ཤམ་ཐབས་ཅན། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་། །རྡོ་རྗེ་གསོར་བར་མཛད་ལ་བརྩོན། །
Vol. 17 · folio 271a
ཀུན་ནས་འཁྱུད་པའི་ཕག་མོ་ནི། །དེ་ཡི་ཁ་དོག་ཕྱག་དང་དབྱིབས། །བྱིན་པ་གཉིས་ཀྱིས་མཉམ་པར་འཁྱུད། །ཐོད་པ་རྡོ་རྗེ་སྡིགས་མཛུབ་མཛད། །ཕྱོགས་ཀྱི་གོས་ཅན་སྐྲ་ནི་གྲོལ། །དུམ་བུས་བརྒྱན་པའི་འོག་པག་ཅན། །འཁོར་དང་བཅས་པའི་དཀྱིལ་འཁོར་བ། །དེ་
དག་ཞལ་གཅིག་ཕྱག་གཉིས་པ། །ཕྱག་རྒྱ་ལྔ་དང་ཡང་དག་ལྡན། །སྤྱན་གསུམ་དྲག་པོའི་གཟུགས་ཅན་ཏེ། །ཐམས་ཅད་ཡི་དགས་གདན་ལ་བཞུགས། །བླ་མ་སྒོམ་བྱེད་ཀྱིས་བསྒོམ་བྱ། །དབུས་སུ་རྡོ་རྗེ་ཧེ་རུ་ཀ །ཁ་དོག་སྔོན་པོ་བདེ་བ་ཆེ། །དེ་བཞིན་མཁའ་འགྲོ་མ་
སོགས་སེར། །ཐུགས་འཁོར་གནས་པའི་དཔའ་བོ་གནག །རབ་གཏུམ་མ་ལ་སོགས་པ་དཀར། །གསུང་འཁོར་དམར་པོར་དཔའ་བོ་དམར། །དཔའ་མོ་རྣམས་ནི་ནག་མོའོ། །སྐུ་ཡི་དཔའ་བོ་དཀར་པོ་སྟེ། །དཔའ་མོ་རྣམས་ནི་དམར་མོའོ། །བྱ་རོག་གདོང་ལ་སོགས་པ་ལྗང་། །
གཤིན་རྗེ་སྲེག་སོགས་དུ་བའི་མདོག །བཞི་ནི་ཌ་མ་རུ་དང་ནི། །ཐོད་པ་དང་ནི་ཁ་ཊྭཱཾ་ག །ཐུགས་སོགས་དཔའ་བོ་རྡོར་དྲིལ་སོགས་འཆང་བ། །རྣལ་འབྱོར་མ་རྣམས་ཐོད་པ་དང་རྡོ་རྗེ་ལ་སོགས་པ་དང་སྡིགས་མཛུབ་ཅན་ནོ། །བྱ་རོག་གདོང་མ་ལ་སོགས་པ་རྣམས་ཐོད་པ་དང་ཁ་ཊྭཱཾ་དང་གྲི་གུག་
འཆང་བའོ། །གཞན་རྣམས་ཌ་མ་རུ་དང་མགོ་བོ་དང་སྡིགས་མཛུབ་ཅན་ནོ། །དཔའ་བོ་གཡས་བརྐྱང་ལ། མཁའ་འགྲོ་མ་རྣམས་ཀྱིས་བྱིན་པ་དཀྲིས་པ་ཇི་ལྟར་གསུངས་པའི་རྒྱན་རྣམས་སོ་ཞེས་པའོ། །དེ་ནས་དཔའ་བོ་རྣམས་ཐ་དད་པར་དགོད་པ་དང་། །རྣལ་འབྱོར་མ་རྣམས་ཐ་དད་པར་
དགོད་པར་བྱའོ་ཞེས་གསུངས་པ། ཡང་ན་སྐུའི་མཁའ་འགྲོའི་འཁོར་ལོ་ནི་མཁའ་འགྲོ་མ་ལ་སོགས་པ་དང་། སྐུའི་འཁོར་ལོར་གནས་པ་དང་། དམ་ཚིག་གི་འཁོར་ལོར་གནས་པ་རྣམས་ཀྱིས་ཉི་ཤུ་རྩ་གཅིག་གི་བདག་ཉིད་ཅན་ནོ། །དེ་བཞིན་དུ་གསུང་དང་། ཐུགས་ཀྱི་འཁོར་
ལོ་གཉིས་ལ་གསུང་དང་ཐུགས་ཀྱི་འཁོར་ལོ་དང་ལྡན་པའོ། །རིན་ཆེན་མཁའ་འགྲོའི་འཁོར་ལོ་ལ། མཁའ་འགྲོ་མ་ལ་སོགས་པ་ལྔའི་བདག་ཉིད་ཅན་ཡང་ནའོ། །དམ་ཚིག་གདོན་མི་ཟ་བའི་འཁོར་ལོ་ལ། མཁའ་འགྲོ་མ་ལ་སོགས་པ་དང་། བྱ་རོག་གདོང་མ་ལ་སོགས་པ་དང་
Vol. 17 · folio 271b
ལྡན་པ་བཅུ་གསུམ་གྱི་བདག་ཉིད་ཅན་ཡང་ནའོ། །དེ་བཞིན་དུ་ཕག་མོའི་འཁོར་ལོའང་རྟོགས་པར་བྱའོ། །དེ་ནས་ཡང་ན། དཔལ་འདུས་པ་བཞིན་དུ་བཞུགས་པ་དང་། དགུའི་བདག་ཉིད་ཅན་ཡང་ན་སྟེ། གསུངས་པ་ཡང་། གང་བཅོམ་ལྡན་འདས་བཞིན་དུ་རྡོ་རྗེ་ཕག་མོའི་ཞལ་དང་
ཕྱག་དང་། ཁ་དོག་དང་དབྱིབས་དང་ཕྱག་རྒྱ་རྣམས་བྱའོ་ཞེས་པ་སྟེ་འོན་ཀྱང་། སྟེང་ཞལ་ཕག་པའི་ཞལ་དཀར་པོ་མཆེ་བ་གཙིགས་པའོ་ཞེས་གསུངས་སོ། །ཡང་ན་ཞལ་གཅིག་ཕྱག་གཉིས་མ་དམར་མོ་སྐྱིལ་ཀྲུང་ཕྱེད་པས་གནས་པའོ། །ཡང་ན་ཕག་པའི་ཞལ་འདུག་པའོ། །དཔའ་བོ་
གཅིག་པུའམ་ཟུར་གསུམ་དུ་གནས་པ་ཡང་ནའོ། །ཕྱག་བཞི་པ་ལ་སོགས་པའང་ཇི་སྐད་དུ་གསུངས་པ། དཀྱིལ་འཁོར་པ་དང་ལྡན་པ་དགོད། །ཅེས་གསུངས་པས་སོ།། །།ད་ནི་མངོན་པར་བརྗོད་པ་འབུམ་པར་གསུངས་པའི་ས་བོན་དགོད་པ་བརྗོད་པར་བྱ་སྟེ། དེ་ལ་ཡེ་ཤེས་ཀྱི་
འཁོར་ལོ་ལ། ཨ་ཨཱ་ཨཾ་ཨཿ མདུན་དང་རྒྱབ་དང་། གཡོན་དང་གཡས་ཀྱི་དབྱེ་བས་ཉེ་བར་བསྟན་པ་ལས་སོ། །དེ་བཞིན་དུ་ཐུགས་ལ་ནི་ཨི་རྀ་ལྀ་ཨུ། ཕྱོགས་རྣམས་སུའོ། །དབང་ལྡན་ལ་སོགས་པའི་ཕྱོགས་བྲལ་རྣམས་སུ་ཨཱུ་ལཱྀ་རཱྀ་ཨཱིའོ། །དེ་བཞིན་དུ་གསུང་གི་འཁོར་ལོ་ལ། །ཨེ་ཨར་
ཨལ་ཨོ་ཕྱོགས་རྣམས་སུའོ། །ཨཽ་ཨཱལ་ཨཱར་ཨཻ་ཕྱོགས་བྲལ་རྣམས་སུའོ། །དེ་བཞིན་དུ་སྐུ་ལ། ཡ་ར་ལ་ཝ་ཕྱོགས་རྣམས་སུའོ། །ཝཱ་ལཱ་རཱ་ཡཱ་ཕྱོགས་བྲལ་རྣམས་སུའོ། །དམ་ཚིག་ལ་ཨ་ཨཱ་ཨཾ་ཨཿཕྱོགས་རྣམས་སུའོ། །ཧ་ཧཱ་ཧཾ་ཧཿསྙིང་པོ་བཞིན་ནོ། །དབུས་ཟླ་བ་ལ་ཧཱུཾ་རིན་ཆེན་དང་དུར་ཁྲོད་ཀྱི་ས་བོན་བཅུ་གཉིས་ཉི་
མ་ལའོ། །ཉི་ཤུ་རྩ་བཞི་ནི་ཟླ་བའི་སྟེ། ཇི་སྐད་དུ་གསུངས་པའི་ཡི་གེ་དགོད་པར་བྱའོ་ཞེས་སོ། །ཡང་ན་མངོན་པར་བརྗོད་པར་གསུངས་པ་རྟོགས་པར་བྱ་སྟེ། གསུངས་པ་ཡང་། སྡོམ་པ་སྣ་ཚོགས་ཤེས་ནས་ནི། །སྒྲུབ་པའི་ཆོ་ག་བསྙེན་པ་སྟེ། །འདོད་དང་འདོད་པ་མང་ཤེས་ནས། །གཅིག་གི་འབད་པས་གཟུང་བར་བྱ། །
ཞེས་སོ། །དེ་ནས་བུམ་པ་བྱ་བ་ནི། །རྩ་བ་ནག་པོ་ལ་སོགས་སྤོང་། །བཟའ་བ་ཀུན་གྱིས་ལེགས་བཀང་བའི། །ཐོད་པ་སྟེང་དུ་གཞག་པར་བྱ། །མགྲིན་པ་སྲད་བུས་དཀྲི་བྱ་ཞིང་། །ཁ་ནི་ཡལ་འདབ་ཀྱིས་བརྒྱན་ཞིང་། །གོས་ཟུང་གིས་ནི་ལེགས་དཀྲིས་པ། །བརྒྱད་ནི་སྒོ་རུ་དགོད་པར་བྱ།
Vol. 17 · folio 272a
གོས་ཟུང་གིས་ནི་ལེགས་དཀྲིས་པའི། །བུམ་པ་དགུ་པ་དབུས་སུའོ། །རིན་ཆེན་ལྔ་དང་ཡང་དག་ལྡན། །སྨན་ལྔ་ལ་སོགས་ཡང་དག་ལྡན། །གསེར་རམ་དངུལ་ལམ་རིན་པོ་ཆེ། །མུ་ཏིག་རྣམས་ཀྱིས་མཛེས་པར་བྱ། །དཀྱིལ་འཁོར་ཀུན་དུ་དགྲམ་པར་བྱ། །དེ་ནས་གྲོང་མཆོག་
མཆོད་པར་བྱ། །ཞེས་སོ། །རྡུལ་ཚོན་གདབ་པའི་བར་མ་ཆད་པར་བུམ་པ་དགོད་པའོ། །མཆོད་པ་ཡང་གསུངས་པ། བཟའ་བ་ཀུན་གྱིས་ཞེས་པ་ནི། །དམ་ཚིག་གི་རིལ་བུ་རྣམས་ཀྱིས་སོ། །སྲད་བུ་ཡིས་ནི་ཞེས་པ་ཚོན་སྣ་ལྔ་པས་སོ། །ཡལ་འདབ་ནི་ཨ་མྲ་ལ་སོགས་པ་རྣམས་སོ། །བླ་མར་
ཡང་། ཨཾ་བུ་ཛམྦུ་ཀ་དམྤ། །དཔལ་འབྲས་ས་བོན་གང་བས་སོ། །བ་ལཱ་མོ་ཊཱ་ཐལ་མོ་བྱས། །གི་རི་ཀ་ཎི་ཀ་རྣམས་དང་། །དཔལ་གཅིག་ལྷ་དང་བཅས་པ་ཡང་། །ལྔ་པོ་འདི་རྣམས་སྨན་དུ་བཤད། །ཅེས་སོ། །སྒོ་རུ་ཞེས་པ་ནི། སྒོར་དགོད་པ་དང་། གྲྭ་དང་དབུས་སུ་ཡང་ངོ་། །ཤར་དང་
ནུབ་ཀྱི་བུམ་པ་དག་གི་བར་དུ། རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་ཡང་ངོ་། །ལ་སོགས་པའི་སྒྲ་ལས་ལོ་ཐོག་ལྔ་དང་། དྲི་བཟང་པོའི་མེ་ཏོག་ལྔ་རྣམས་ཀྱང་ངོ་། །དྲི་ཡི་ཆུ་ཡིས་ལེགས་པར་གདབ། །བདག་ཉིད་ཀུན་ནས་ཞལ་ལ་ནི། །ཞེས་པ་ནི་འཕགས་པའི་ཁྲུས་གསུངས་པའོ། །ཀུན་ནས་
ཞལ་ཞེས་པ་ནི། ཨོཾ་སུམྦྷ་ཞེས་པ་ལ་སོགས་པའི་སྔགས་འདོན་ཅིང་། ཤར་དང་བྱང་ལ་སོགས་པའི་ཕྱོགས་སུ། །མཐེ་བོང་དང་སྡིགས་མཛུབ་ཀྱི་སེ་གོལ་གཏོགས་པར་བྱའོ། །ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུཾ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ཤ་ར་ཛཱ་ལ་
ཏྲཱཾ་སཾ་ཏྲཱཾ་ཞེས་བསྲུང་བར་བྱའོ། །དེ་ནས་ཡན་ལག་དྲི་བཟང་གཙང་། །ཇི་ལྟར་ཡོད་པའི་རྒྱན་མཆོག་འཆང་། །ཧཱི་ཧཱི་བསྒྲགས་ནས་རབ་འཇུག་བྱེད། །ཅེས་སོ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །མར་མེ་བརྒྱ་ཡང་དབུལ་བར་བྱ། །ཞེས་པ་མཆོད་པ་བརྗོད་པ་གསུངས་པའོ། །སྒྲ་ཇི་བཞིན་པའོ། །
ནམ་མཁའི་མཁའ་འགྲོ་མ་རྣམས་གང་། །ཐུགས་ཀྱི་འཁོར་ལོར་དེ་དགོད་བྱ། །ས་སྟེངས་མཁའ་འགྲོ་མ་གང་ཡིན། །གསུང་གི་འཁོར་ལོར་རྣམ་དགོད་བྱ། །ས་འོག་མཁའ་འགྲོ་མ་གང་ཡིན། །སྐུ་ཡི་འཁོར་ལོ་ལ་དགོད་བྱ། །མ་མོ་བརྒྱད་པོ་ཕྱོགས་རྣམས་དང་། །ཕྱོགས་བྲལ་
Vol. 17 · folio 272b
རྣམས་སུ་དགོད་པར་བྱ། །ཞེས་ཏེ་ཐུགས་ཀྱི་འཁོར་ལོ་ལའོ། །བླ་མར་ཡང་། རླུང་གི་དཀྱིལ་འཁོར་ལ་གནས་པའི། །སྐུ་ཡི་དཀྱིལ་འཁོར་རྣམ་བསྒོམ་བྱ། །མཁས་པས་ཆུ་ལ་གནས་པ་ཡི། །གསུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །མེ་ཡི་དཀྱིལ་འཁོར་ལ་གནས་པའི། །
ཐུགས་ཀྱི་འཁོར་ལོ་བདེ་བ་ཆེ། །དབང་ཆེན་དཀྱིལ་འཁོར་ལ་གནས་པའི། །དམ་ཚིག་གི་ནི་དཀྱིལ་འཁོར་མཆོག །སླར་ཡང་འཁོར་ལོ་པད་རྡོ་རྗེའི། །ཕྲེང་བས་འཁོར་ལོ་སུམ་བསྐོར་བྱ། །ཆོ་ག་ཇི་བཞིན་དམ་འཁོར་ལོ། །སྣ་ཚོགས་རྡོ་རྗེའི་ཕྲེང་བས་བསྐོར། །རྩིབས་རྣམས་
དཀར་དམར་སྔོ་སྙིང་པོའི། །ཕྱི་ཡི་མཚན་སོགས་སྣ་ཚོགས་མདོག །དེ་བཞིན་མེ་ཏོག་སྤོས་མར་མེས། །དཔའ་བོ་རྣལ་འབྱོར་མ་མཆོད་བྱ། །རྒྱལ་མཚན་དམར་དང་དེ་བཞིན་སེར། །དཀར་དང་ནག་དང་སེར་སྐྱ་དང་། །མེ་ཏོག་ཕྲེང་དང་སྣ་ཚོགས་ཕྱེ། །བླ་རེ་ཡོལ་བ་སྣ་ཚོགས་དང་། །
བཟའ་བ་དང་ནི་བཏུང་བ་ཡིས། །རབ་མཉམ་བཞག་པས་མཆོད་པར་བྱ། །མཆོད་པ་ངེས་པར་བསྟན་པ་སྟེ། སྒྲ་ཇི་བཞིན་པའོ། །དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ།། །།དེ་ནས། སྒྲུབ་པོས་དངོས་པོ་ཀུན་གྱིས་ནི། །དང་པོར་སློབ་དཔོན་མཉེས་པར་བྱ། །གྲུབ་འདོད་ཤིན་
ཏུ་མཉམ་གཞག་པས། །གུས་པས་བླ་མ་བཟང་མཆོད་བྱ། །ཞེས་པ་ནི་བླ་མ་མཆོད་པ་བརྗོད་པར་བྱ་སྟེ། སློབ་དཔོན་རྒྱུད་བཞིའི་ཀུན་དུ་སྤྱོད་པ་ཤེས་པ་ཉིད་ལས་སོ། །མངོན་བརྗོད་བླ་མར་ཡང་། དཔལ་ཧེ་རུ་ཀའི་རིགས་འབྱུང་བའི། །ཀུན་བརྗོད་མཛེས་པ་བསླབ་པར་བྱ། །སློབ་དཔོན་
ཀུན་སྤྱོད་བསླབ་པ་དང་། །ཡུལ་གྱི་ཀུན་སྤྱོད་ཁྱད་པར་ལས། །རྣལ་འབྱོར་མ་རྒྱུད་ཀུན་སྤྱོད་དང་། །རྣལ་འབྱོར་རྒྱུད་རྣམས་རྒྱས་པ་དང་། །བྱ་བའི་དབྱེ་བའི་རིམ་ཉིད་ཀྱིས། །རྒྱུད་ཀུན་མངོན་པར་ཤེས་པ་ཉིད། །ཅེས་སོ། །གདུ་བུ་དང་ནི་ལག་རྒྱན་ཉིད། །དཔུང་རྒྱན་གོས་ཀྱིས་རྣམ་པར་བརྒྱན། །
ལག་སོར་ལ་ཡང་དག་བྱེད་གཅིག །དེ་བཞིན་ཡོ་བྱད་ལྷམ་དང་ནི། །མགོ་བོའི་གཙུག་ཏོར་དང་ནི་གདུགས། །བླ་མ་འདི་རྣམས་ཀྱིས་མཆོད་བྱ། །སྒྲ་ཇི་བཞིན་པའོ། །སྒྲུབ་པོ་ཡང་ནི་རྔ་ཅན་ནམ། །དབྱངས་སྙན་པ་ཡི་དྲིལ་བུ་དཀྲོལ། །ཆོ་ག་བཞིན་དུ་དཀྱིལ་འཁོར་མཆོད། །ཧ་ཧ་ཞེས་
Vol. 17 · folio 273a
ཀྱང་བརྗོད་པར་བྱ། །ཞེས་ཏེ་དཀྱིལ་འཁོར་རབ་ཏུ་གནས་པ་བརྗོད་པར་བྱའོ། །རྔ་ཅན་ནི་ཅང་ཏེའུའོ། །ཆོ་ག་བཞིན་ཡེ་ཤེས་ཀྱི་འཁོར་ལོར་རབ་ཏུ་བཅུག་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་མདུན་དུ། དཀྱིལ་འཁོར་བྱས་ནས་སློབ་དཔོན་གྱིས་མཆོད་ཡོན་ལ་སོགས་པ་སྔོན་
དུ་འགྲོ་བས་མཆོད་པར་བྱའོ། །དྲང་བའི་དོན་ཏོ། །དྲིལ་བུ་ནི་ཤེས་རབ་བོ། །དབྱངས་སྙན་ནི་རྡོ་རྗེ་ཅན་མའོ། །རྔ་ཅན་ནི་པདྨ་ཅན་མའོ། །ནམ་གྱི་སྒྲས་རིན་ཆེན་དང་ལས་དང་། དེ་བཞིན་གཤེགས་པ་རྣམས་སོ། །ཡང་གི་སྒྲ་ལས་སྐལ་བ་དང་ལྡན་མ་གཞན་རྣམས་ཀྱང་བསྟེན་པར་བྱའོ། །ཧ་ཧ་ཞེས་
ཀྱང་བྱ་བ་ནི་བདེ་བ་ཉམས་སུ་མྱོང་བ་གཞན་ལ་སྟེ། ཐིག་ལེས་དཀྱིལ་འཁོར་དུ་གཏོར་བར་བྱ་ཞིང་རྣམ་པར་རྟོག་པ་ལ་ཡང་ངོ་། །དེ་ནས་དཀྱིལ་འཁོར་བསང་གཏོར་བྱེད་པའོ། །ངེས་པའི་དོན་ཏོ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །སྔགས་པས་ཡང་ན་ཉིས་འགྱུར་བཟླས། །འདབ་མ་འཁོར་ལོ་དུར་
ཁྲོད་དང་། །སྒོ་རྣམས་ངེས་པར་ཉིས་འགྱུར་རོ། །ཞེས་པ་འཁོར་ལོ་དྲུག་གི་དཀྱིལ་འཁོར་ངེས་པར་སྟོན་པར་བྱེད་དོ། །དེ་ལ་སྡོམ་པ་ཆེན་པོའི་འཁོར་ལོས་སྒྱུར་བ་ལ། །སྙིང་པོར་ཆུ་སྐྱེས་འདབ་མ་བཅུ་དྲུག་པའོ། །ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་འཁོར་ལོ་རྣམས་ལྔའོ། །དུར་ཁྲོད་རྣམས་
ནི་བཅུ་དྲུག་གོ། །སྒོ་རྣམས་ནི་བརྒྱད་དོ། །དབུས་སུ་གཙོ་བོ་དཔལ་ཧེ་རུ་ཀ་ཕྱག་ཉི་ཤུ་རྩ་བཞི་པ། །མགོ་བོ་བརྒྱའི་ཕྲེང་བ་ཅན་མཁའ་འགྲོ་མ་ཡི་དྲ་བ་སྡོམ་དཔལ་དུས་ཀྱི་འཁོར་ལོ་ཞེས་པའོ། །དཀྱིལ་འཁོར་བའི་རྣམ་པར་གཞག་པ་ནི་མང་བ་ཉིད་ཀྱི་ཕྱིར་མ་བརྗོད་དོ་ཞེས་པ་དྲང་བའི་དོན་ཏོ། །
ཉིས་འགྱུར་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ་ནི། བྱང་ཆུབ་ཀྱི་སེམས་སོ། །བཟླས་པར་བྱ་ནི་ཤེས་པར་བྱ་བའོ། །ཡང་ནའི་སྒྲ་ལས་བསྒོམ་པར་བྱ་བ་ཡང་ངོ་། །འདབ་མ་ཞེས་པ་ཆོས་ཀྱི་དབྱིངས་སུའོ། །ཉིས་འགྱུར་ནི་ཤེས་རབ་དང་ཐབས་ཀྱི་
བདག་ཉིད་ཅན་གྱི་འཁོར་ལོ་ལྔ་སྟེ། དངོས་སུ་ནི་སྙིང་རྗེར་འགྱུར་རོ། །ས་འོག་གི་དུར་ཁྲོད་བརྒྱད་ཀྱི་མཐར་ཐུག་པར་འཕྲོ་བར་བྱེད་པའོ། །ངེས་པ་ནི་གདོན་མི་ཟ་བའོ་ཞེས་པ་ངེས་པའི་དོན་ཏོ། །ཤིང་ལྔ་ཨུ་དུམྺཱ་ར་ཡི། །སོ་ཤིང་རབ་ཏུ་སྦྱིན་པར་བྱ། །དཀྱིལ་འཁོར་དུ་མགོ་གང་དུ་ལྷུང་། །
Vol. 17 · folio 273b
དེ་ཡི་ལས་ནི་སྒྲུབ་པར་བྱེད། །ཅེས་པ་སོ་ཤིང་བརྗོད་པའོ། །ལྔ་ཞེས་པ་བ་ཊ་དང་། ཨ་ཤྭདྠ་དང་ཨུ་དུམྦཱ་ར་དང་། པ་རྐྐཱ་ཊཱ་དང་། ཙུ་ཏ་རྣམས་སོ། །ཨོཾ་བཛྲ་ཧ་ས་ཞེས་པས་བཟའ་བར་བྱའོ། །སྒྲ་ཇི་བཞིན་པའོ། །སློབ་མའི་མིག་དང་གདོང་བ་ལ། །སེར་པོའི་གོས་ཀྱིས་གཡོགས་ནས་སུ། །
དེ་ནས་བསྐོར་བ་བྱས་ནས་ནི། །སྒྲུབ་པ་པོ་དེ་བླ་མས་དབུལ། །ལྷོ་ཕྱོགས་ཁ་བལྟས་མེ་ཏོག་དེ། །དཀྱིལ་འཁོར་དུ་ནི་དོར་བར་བྱ། །གང་དུ་མེ་ཏོག་དེ་ལྷུང་བ། །དེ་ནི་སྔགས་པ་དེ་ཡི་རིགས། །ཞེས་སོ། །དཀྱིལ་འཁོར་དུ་ནི་དགུའི་བདག་ཉིད་དུའོ། །བླ་མར་ཡང་། སྤང་རྨོངས་དེ་
བཞིན་ང་རྒྱལ་དང་། །ཆགས་དང་ཕྲག་དོག་དེ་བཞིན་ཉིད། །འདི་རྣམས་རིགས་ནི་ལྔ་པོར་ངེས། །འདོད་དང་ཐར་པའི་འབྲས་རབ་སྟེར། །གླང་པོ་སེང་གེ་མྱུར་འགྲོ་དང་། །དེ་བཞིན་རྨ་བྱ་ནམ་མཁའ་ལྡིང་། །ཁྱབ་འཇུག་ཚངས་པ་དེ་བཞིན་ཉིད། །དབང་ཕྱུག་ཆེ་དང་དབང་པོ་ཉིད། །
གྲྭ་བཞིར་མ་མོ་བསམ་པར་བྱ། །ཞེས་སོ། །རྨོངས་པ་ལ་སོགས་པ་ནི་མ་མོ་རྣམས་སོ། །གོས་སར་པ་ནི་རྒྱས་པའི་དོན་ཏོ། །ཨོཾ་ཙཀྵུ་བནྡྷ་བ་ར་མཱ་ཎ་ཡེ། །ཞེས་པས་བཅིང་བར་བྱའོ། །བླ་མས་དབུལ་ནི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་མེ་ཏོག་གཅིག་གམ། ལས་ཀྱི་རྡོ་རྗེས་སྐོར་བ་
བྱེད་དུ་བཅུག་ནས། །དཀྱིལ་འཁོར་གྱི་ལྷོ་སྒོར་ཁྲིད་དེ། ཨོཾ་པྲ་ཏཱིཙྪ་ཧོ་ཞེས་མེ་ཏོག་དེ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ་དོར་བར་བྱའོ། །སྒྲ་ཇི་བཞིན་པའོ། །བཅུད་དང་བཅུད་ལེན་ནད་མེད་དང་། །ནོར་དང་འབྲུ་རྣམས་རབ་སྩོལ་བྱེད། །རྟག་ཏུ་དཔལ་གཡང་ཞི་བ་སྟེར། །
དཀྱིལ་འཁོར་གྱི་ནི་ལྷོ་སྒོར་རོ། །ཞེས་བཤད་པའི་རྒྱུད་དུའོ། །ཉི་མ་གཉིས་པར་ཁྲག་གིས་ནི། །ཐིག་ལེ་དེ་ལ་བྱ་བའོ། །ཞེས་པ་ནི་ལྷག་པར་གནས་པ་བརྗོད་པ་སྟེ། བསྲུང་བའི་དོན་དུ་སློབ་མ་ལ་ཐིག་ལེ་བྱ་བའོ། །སློབ་དཔོན་ཤིན་ཏུ་མཉམ་གཞག་པས། །སློབ་མ་ཡི་ནི་གདོང་
ཕྱེ་ལ། །ལྷ་གང་གི་ནི་གནས་གང་ཡིན། །དེ་དང་དེ་ཉིད་རབ་བསྟན་བྱ། །ཞེས་ཏེ། ཨོཾ་དི་བྱེནྡྲ་ཡཎྱདྒྷ་ཊཱ་ཡ་སྭཱ་ཧཱ། ཞེས་པས་མིག་དར་དགྲོལ་བར་བྱའོ། །ལྷ་ཉིད་ནི་རྣམ་པར་སྣང་མཛད་ལ་སོགས་པ་དང་། མཁའ་འགྲོ་མ་ལ་སོགས་པ་དང་། འདིར་མཁའ་འགྲོ་མ་དང་། ལཱ་
Vol. 17 · folio 274a
མ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་ས་ལ་སོགས་པ་དག་པའོ། །སླར་ཡང་གཡོན་ནས་བརྩམས་པ་ཡིས། །དེ་ནས་བསྐོར་བ་བྱས་ནས་ནི། །སྒྲུབ་པོས་བླ་མ་ལ་བཏུད་ནས། །ཡོན་གྱི་མཆོག་ནི་དབུལ་བར་བྱ། །ཞེས་པས་ཡོན་གསུངས་པ། ཀྱེ་རྡོ་རྗེ་ལ་
དཀྱིལ་འཁོར་མཆོག །དེ་བཞིན་མེ་ལོང་རྟག་པ་ལ། །བཟང་པོའི་གོས་ནི་རྟ་མགྲིན་ལའོ། །རྡོ་རྗེ་ཉི་མར་གསེར་མཆོག་དང་། །རྟ་མཆོག་ལ་ཡང་རྟ་ཉིད་དེ། །རྟག་ཏུ་ཡོན་གྱི་མཆོག་ཡིན་ནོ། །ཞེས་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་དུའོ། །རིན་ཆེན་ལྕགས་ཟངས་བ་ལང་རྟ། །གླང་ཆེན་བུ་མོ་ནོར་
འཛིན་བྲལ། །བྲན་མོ་འདོད་པའི་ཆུང་མ་སོགས། །རྣ་རྒྱན་གདུ་བུ་ལ་སོགས་པ། །བདག་ཉིད་དངོས་པོ་ཀུན་གྱིས་ནི། །བློ་དང་ལྡན་པས་དབུལ་བར་བྱ། །དེ་ནས་བརྩམས་ཏེ་བྲན་དུ་བདག །བདག་གིས་བདག་ཉིད་ཡང་དག་དབུལ། །དཔལ་ལྡན་བླ་མ་ཁྱེད་ཞབས་ཀྱི། །ཡང་དག་རྫོགས་པའི་
བྱང་ཆུབ་བརྙེས། །དེ་བཞིན་དཔའ་དབང་མཁའ་འགྲོ་མ། །རྣལ་འབྱོར་མ་མོ་རྣམ་གཉིས་འགྱུར། །དེ་ལྟར་རྣལ་འབྱོར་གྲུབ་གྱུར་ན། །འཇིག་རྟེན་གསུམ་དུ་མ་བཟློགས་སོ། །ཞེས་པ་བླ་མ་མཉེས་པར་བྱེད་པ་བརྗོད་པའོ། །སྒྲ་ཇི་བཞིན་པའོ། །སྔགས་པ་དཀྱིལ་འཁོར་མ་མཐོང་བར། །གང་
ཞིག་རྣལ་འབྱོར་པ་ཉིད་འདོད། །མཁའ་ལ་ཁུ་ཚུར་གྱིས་བསྣུན་དང་། །སྨིག་རྒྱུའི་ཆུ་ནི་འཐུང་བར་བྱེད། །གང་ཞིག་དཀྱིལ་འཁོར་འདི་དབང་བསྐུར། །རྒྱུད་རྣམས་ཐམས་ཅད་སྒྲུབ་པ་པོས། །ལྷ་དང་ལྷ་མིན་མི་རྣམས་ནི། །ཟིལ་གྱིས་གནོན་པར་འགྱུར་བ་ཡིན། །ཞེས་པ་དཀྱིལ་འཁོར་
དུ་ཞུགས་པའི་ཕན་ཡོན་བརྗོད་པའོ། །དཀྱིལ་འཁོར་ཞེས་པ་ནི། མངོན་བརྗོད་དུ་གསུངས་པའི་མཁའ་འགྲོ་ལྔའི་དཀྱིལ་འཁོར་འདུས་པ་དང་མཚུངས་པར་རོ། །སྒྲ་ཇི་བཞིན་པའོ། །ཡང་དག་པར་མཆོད་ནས། དེ་ནས་སློབ་དཔོན་ཕྱག་རྒྱ་མོ་དབུལ་བར་བྱའོ། །དེས་དགོད་པའི་དབང་བསྐུར་
བ་སྦྱིན་པར་བླ་མ་ལ་བུས་གསོལ་བ་གདབ་པར་བྱའོ་ཞེས་པ་དབང་མདོར་བསྟན་པ་སྟེ། ཕྱག་རྒྱ་མ་ལོ་བཅུ་གཉིས་མ་དང་པོར་བྱས་ནས། །ཇི་སྲིད་ལོ་ཉི་ཤུའི་མཐར་ཐུག་པ་གཟུང་བར་བྱའོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ཞིག་བཅུ་གཉིས་ལོ་ལོན་བུ་མོ་དཀར་ཤམ་དང་།
Vol. 17 · folio 274b
གཞན་པ་དེ་བཞིན་སྐྱེ་གནས་ཉི་ཤུའི་ལོ་ལོན་པ། །བཟུང་ནས་བུ་མོ་སྐྱེས་པ་དམ་ཚིག་ལ་ཞུགས་པ། །བླ་མས་དབང་བསྐུར་དོན་གྱི་རྒྱུ་རུ་ངེས་པར་བརྟག །ཅེས་སོ། །གོས་དང་རྒྱན་ལ་སོགས་པས་ཡང་དག་པར་མཆོད་ནས་བུས་ཡང་དག་པར་དབུལ་བར་བྱའོ། །ཡང་དག་པར་རབ་ཏུ་སྦྱིན་པས་
སྦྱིན་པར་བྱའོ། །སྒྲ་ཇི་བཞིན་པའོ། །དགོད་པ་དང་། བལྟ་བ་དང་། ཀུན་དུ་རེག་པ་དང་། འཁྱུད་པ་དང་། ལག་པ་འཛིན་པ་དང་། གཉིས་གཉིས་སྦྱོར་བས་ཕྱག་རྒྱ་མའི་དབང་བསྐུར་བ་རྣམ་པ་དྲུག་དང་རྣམ་པ་གསུམ་མོ། །འདི་རྣམས་ཀྱི་སློབ་དཔོན་དང་གསང་བ་ལ་སོགས་པ་རྣམས་
ཀྱིས་དབང་བསྐུར་བར་འགྱུར་རོ། །སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་སླར་དེ་བཞིན་ནོ། །ཞེས་སོ། །དབང་བསྐུར་བ་ལ་སོགས་ངེས་པར་བསྟན་པ་འདི་ལ། རྒྱུད་སྣ་ཚོགས་སུ་དབང་བསྐུར་བ་དུ་མ་གསུངས་ཏེ། མདོར་བསྡུས་པས་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་དུ་བཞི་གསུངས་
སོ། །བྱ་བའི་རྒྱུད་དུ་ནི་ཤེས་རབ་མས་དགོད་པས་བདེ་བ་ཉམས་སུ་མྱོང་བ་དགོད་པའི་དབང་བསྐུར་བའོ། །སྤྱོད་པའི་རྒྱུད་དུ་ཤེས་རབ་མ་ལ་བལྟ་བས་བདེ་བ་ལས་བལྟ་བའི་དབང་བསྐུར་བའོ། །རྣལ་འབྱོར་བླ་མའི་རྒྱུད་དུ་ནི་ཤེས་རབ་མའི་ནུ་མ་གཉིས་ལ་རེག་པ་ལས་འགྱུར་བའི་བདེ་བ་ནི་ནུ་མ་
ལ་རེག་པའི་འོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་དུ་ཤེས་རབ་མའི་ལག་པ་འཛིན་པས་བདེ་བ་ནི་ལག་པ་འཛིན་པའི་དབང་བསྐུར་བའོ། །འདུས་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་དུ་འཁྱུད་པའི་བདེ་བ་ལས། འཁྱུད་པའི་དབང་བསྐུར་བའོ། །རྣལ་འབྱོར་མའི་རྒྱུད་དུ་ཡང་གཉིས་
གཉིས་བསྐྱོད་པ་ལས་གཉིས་ཀའི་བདེ་བ་ལས་གཉིས་གཉིས་ཀྱིས་དབང་བསྐུར་བའོ། །བཅུ་དྲུག་གི་ངོ་བོ་ཅན་བཞི་འདོད་པ་ན་སྤྱོད་པའི་མི་རྣམས་ཀྱི་གཉིས་ལ་རྣམ་པ་གསུམ་མོ་ཞེས་པ་མདོར་བསྡུས་ནས་དབང་བསྐུར་བའོ། །བུམ་པ་དང་གསང་བ་དང་ཤེས་རབ་ཀྱི་མཚན་ཅིང་ལས་
གསུམ་མོ། །སློབ་དཔོན་ལ་སོགས་པའི་དབང་བསྐུར་བ་ལ། འདིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབྱེ་བས་རྣམ་པ་གཉིས་སོ། །བཞི་པ་ཡང་རྣམ་པ་གཉིས་ཏེ། བདེན་པ་དག་གི་རྣམ་པར་འཇུག་པས་བཞི་པའི་མིང་དང་འགྱུར་བ་དང་། འགྱུར་བ་མེད་པ་ཤིན་ཏུ་དབྱེར་
Vol. 17 · folio 275a
མེད་པ་བདེ་བ་ཆེན་པོ་ཐམས་ཅད་སྟོང་པ་རྒྱུ་དང་འབྲས་བུ་འགོག་པས་འགྱུར་རོ། །དེ་ནི་ཀཀྐོ་ལར་གནས་པའི་ཧཱུཾ་ཕཊ་ཡི་གེའི་མཚན་ཉིད་གསུམ་པར་འགྱུར་བར་འོས་པ་མ་ཡིན་ནོ། །འདི་ལྟར་ཡང་། བོ་ལར་གནས་པ་ཡང་དབང་བཞི་པ་དེ་ཁོ་ན་ཉིད་ཀྱི་དབང་རབ་ཏུ་གསལ་བར་བྱེད་
དོ་ཞེས་པ་འཇིག་རྟེན་པའི་དབང་ནི་དེ་ཁོ་ན་ཉིད་ཚུལ་གཉིས་སུ་མེད་པ་དང་བྲལ་བ་སྟེ་དེ་ནི་འདིར་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པ་འཕོ་བ་མེད་པའོ་ཞེས་པའོ། །ཐམས་ཅད་གསང་བའི་རྒྱུད་དུ་ཡང་། །རྒྱུ་ཡི་དེ་ཉིད་མཉམ་སྦྱོར་ལས། །འབྲས་བུའི་དེ་ཉིད་བསྟན་པར་བྱ། །འབྲས་བུའི་
དེ་ཉིད་མཉམ་འཇུག་པ། །རྒྱུ་ཡི་དེ་ཉིད་ཐེ་ཚོམ་མེད། །རང་བཞིན་སོ་སོར་སྒྲུབ་བྱེད་ལའང་། །རབ་ཏུ་བྱ་དང་བྱེད་པའོ། །ཞེས་གསུངས་སོ། །འབྲས་བུ་བསྟན་པའི་ཕྱིར་ཡང་། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། འདིར་བཞི་པའི་མངོན་པར་དབང་བསྐུར་བས་མངོན་
པར་དབང་བསྐུར་ན་སངས་རྒྱས་གཉིས་པ་ཉིད་དོ་ཞེས་སོ། །འཕགས་པའི་ཞབས་ཀྱིས་ཀྱང་གསུངས་པ། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣད་བ་གསུམ་པོ་མཐོང་བ་དང་། །ས་བཅུ་ལ་ནི་རབ་ཏུ་གནས། །མངོན་པར་བྱང་ཆུབ་ལེགས་ཐོབ་ནས། །
གཙང་མའི་གནས་སུ་ཉེ་བར་འགྲོ། །ཞེས་སོ། །གསང་བ་དང་། ཤེས་རབ་དང་། བཞི་པ་ནི་འབྲས་བུ་ཞེས་བརྗོད་དོ། །དེའི་ཕྱིར་མྱ་ངན་ལས་འདས་པའི་བདེ་བ་ཉིད། འཕོ་བ་མེད་པ་ཡང་ལྷན་ཅིག་སྐྱེས་པ་མི་འགྱུར་བ་ངེས་པར་བཞི་པར་བརྗོད་དོ་ཞེས་པ་ཟུང་དུ་འཇུག་པ་གྲུབ་པའོ། །
བུམ་པས་མངོན་པར་དབང་བསྐུར་བ་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །གསང་བ་བལྟ་བས་དང་། བདུད་རྩི་མྱང་བས་གསང་བའི་དབང་བསྐུར་བའོ། །ལས་ཀྱི་ཕྱག་རྒྱ་གཏད་པས་དང་། དབང་པོ་གཉིས་ཀྱི་བདེ་བ་རྟོགས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །ནོར་བུའི་ནང་དུ་
ཚུད་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་རྟོགས་པས་བཞི་པའོ། །དྲང་བའི་དོན་ཏོ། །འདིར་བུམ་པའི་སྒྲས་ནུ་མ་བརྗོད་དེ། དེ་ལ་རེག་པ་ལས་འགྱུར་བའི་བདེ་བ་གང་ཡིན་པ་དེ་ནི་བུམ་པའི་དབང་བསྐུར་བའོ། །གསང་བར་རྡོ་རྗེས་རེག་པ་ལས་འགྱུར་བའི་བདེ་བ་གང་ཡིན་པ་དེ་གསང་བའི་དབང་
Vol. 17 · folio 275b
བསྐུར་བའོ། །དབང་པོ་གཉིས་ཀྱིས་སྙོམས་པར་འཇུག་པ་ལས། གཡོ་བའི་བདེ་བ་གང་ཡིན་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །ཕྱག་རྒྱ་ཆེན་མོ་ལ་རྗེས་སུ་ཆགས་པར་འགྱུར་བ་མེད་པའི་བདེ་བ་གང་ཡིན་པ་དེ་ནི་བཞི་པ་དེ་སླར་དེ་བཞིན་གྱི་མངོན་པར་དབང་བསྐུར་བ་དོན་དམ་པའོ་ཞེས་པ་ངེས་
པའི་དོན་ཏོ། །དེ་ཉིད་བསྡུས་པ་དཔལ་དང་ཡང་། །གསང་བའི་རྡོ་རྗེ་འཇིགས་བྱེད་དེ། །དཀྱིལ་འཁོར་རྒྱས་པའི་དབང་པོ་འདི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་པ་དཀྱིལ་འཁོར་གྱི་ཕན་ཡོན་ནོ། །སྒྲ་ཇི་བཞིན་པའོ། །ཆུ་དང་ཅོད་པན་ལ་སོགས་པའི་དབང་མདོར་བསྡུས་ནས་བསྟན་པའི་ཚུལ་
ལོ། །བཤད་དང་མ་བཤད་གང་ཅི་འང་རུང་། །དེ་ཀུན་དཔལ་ཧེ་རུ་ཀར་གནས། །ཞེས་པ་ནི་དབང་མང་པོ་རྒྱུད་ཕན་ཚུན་དུ་འབྲལ་བ་དེ་ཡང་བརྗོད་དོ། །སྒྱུ་འཕྲུལ་དྲ་བར་ཡང་གསུངས་པ། །ཆུ་སོགས་མངོན་པར་དབང་བསྐུར་བདུན། །མཁས་པས་ཐ་དད་རྟོགས་པར་བྱ། །ཞེས་སོ། །ཕྲེང་
བ་ཆུ་དང་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་མེ་ལོང་དང་། །མིང་དང་སློབ་དཔོན་རྗེས་གནང་སྟེ། འདི་ནི་མངོན་པར་དབང་བསྐུར་རིམ། །ཞེས་རྣལ་འབྱོར་གྱི་རྒྱུད་དུའོ། །འཁོར་ལོ་སྡོམ་པ་འདི་ཉིད་དུ་མ་བཤད་པ་ཆུ་དང་ཅོད་པན་ལ་སོགས་པའི་དབང་གང་ཡིན་པ་དེ་ཐམས་ཅད་དཔལ་ཧེ་རུ་ཀ་ལས་
ཏེ། འབུམ་ཕྲག་ལྔ་པ་ཉུང་ངུའི་རྒྱུད་དུ་དང་། མཁའ་འགྲོ་མ་རྡོ་རྗེ་གུར་ལ་སོགས་པར་ཡང་རྒྱས་པར་ཤེས་པར་བྱའོ། །དེའི་དག་པ་ཡང་འབུམ་ཕྲག་ལྔ་པར་གསུངས་པ། །བྱིས་པ་སྐྱེས་པ་མ་ཡིན་ནོ། །ཆུ་ཡིས་ཁྲུས་བྱེད་དབང་བསྐུར་རོ། །དེ་ཡི་གཙུག་པུད་རབ་གཞག་པ། །ཅོད་པན་དུ་ནི་
ཡོངས་སུ་བཏགས། །དེ་ཡི་རྣ་བ་དབུགས་ལ་སོགས། །དར་དཔྱངས་དབང་ཞེས་བྱ་བར་བཤད། །དེ་ཡི་དགོད་དང་སྨྲ་བ་ཉིད། །རྡོ་རྗེ་དྲིལ་བུའི་དབང་བསྐུར་རོ། །ལྔ་ལ་ལོངས་སྤྱོད་བརྟུལ་ཞུགས་སོ། །མིང་ནི་མིང་གི་དབང་བསྐུར་རོ། །ཕ་ཡི་རྟག་ཏུ་གློག་ལ་སོགས། །སྟེར་བར་བྱེད་པ་རྗེས་
གནང་ཡིན། །དེ་ལྟ་རྣམ་པ་བདུན་གྱིས་ནི། །དབང་བསྐུར་བདུན་དུ་རབ་ཏུ་བསྒྲགས། །དེ་ཡི་བག་མ་བྱས་པ་ནི། །གོང་མའི་དབང་དུ་བརྗོད་པར་བྱ། །དེ་ལ་ཤེས་རབ་གཏད་པ་ནི། །ལག་པ་འཛིན་པ་བརྗོད་པར་བྱ། །ཞེས་སོ། །མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་། དང་པོ་བུམ་པའི་
Vol. 17 · folio 276a
དབང་ཡིན་ནོ། །གཉིས་པ་གསང་བར་འདོད་པ་ཡིན། །ཤེས་རབ་ཡེ་ཤེས་གསུམ་པ་ནི། །ཇི་ལྟར་དེ་བཞིན་གཤེགས་དེ་མིན། །ཞེས་སོ། །གཞན་དེས་མི་འགྱུར་བའི་བདེ་བ་སྟོང་པ་ཤེས་རབ་ལ་བདག་སྐྱེས་པ་ནི་བཞི་པར་བརྗོད་དོ། །འཇིག་རྟེན་ལས་འདས་པའི་དབང་གང་
མཆོག་གི་རྒྱལ་བའི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ་ཞེས་གསུངས་སོ། །བཞི་པ་མངོན་པར་བྱང་ཆུབ་པའི་རིམ་པར་གང་གི་སེམས་ཀྱི་སྣང་བ་དངོས་པོ་མེད་པའི་མཚན་ཉིད་དག་གི་ཐམས་ཅད་སྟོང་པ་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་མོ་འགྱུར་བ་མེད་པར་རྟོགས་པར་བྱའོ་
ཞེས་པ་སྒྲ་ཇི་བཞིན་པ་སྟེ་དབང་གི་ཆོ་གའོ།། །།ད་ནི་མཁའ་འགྲོ་མ་རྣམས་དགོད་པ་གསུངས་པ། མཁའ་འགྲོ་མ་རྣམས་གནས་རྣམས་སུ། །ཀུན་ནས་རྣམ་པར་རོལ་པར་བྱེད། །ཅེས་དང་པོར་ལུས་རྣམས་དབེན་པའི་དོན་དུ། རྣམ་པར་རོལ་པར་བྱེད་པ་ནི། པུལླཱི་ར་ལ་
སོགས་པའི་གནས་ཉི་ཤུ་རྩ་བཞིར་ཁྱབ་པར་བྱེད་པའོ། །མཁའ་འགྲོ་མ་རྣམས་ནི་རྡོ་རྗེ་རྣལ་འབྱོར་མ་རྣམས་སོ། །བཤད་པའི་རྒྱུད་དུ་ཡང་། ཌཻ་ནམ་མཁའ་འགྲོ་བྱེད་ལ། །དབྱིངས་སུ་འདིར་ནི་བཏགས་པའོ། །ནམ་མཁའ་ཀུན་དུ་རྒྱུ་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་གྲུབ་བྱེད། །
ཅེས་སོ། །དགོངས་པའོ། །ཀུན་ནས་ཞེས་པ་ནི་གླིང་ཐམས་ཅད་ཁོ་ནར་ཏེ་གལ་ཏེ་པུལླཱི་ར་ལ་སོགས་པ་ཙམ་ཉིད་ནི་ཕོ་ཉ་མོ་རྣམས་ཁྱབ་པར་བྱེད་པ་ཉིད་དུ་མི་འགྱུར་རོ། །རྒྱུད་གཞན་དུ་ཡང་གསུངས་པ། གནས་ནི་ཤར་གྱི་ལུས་འཕགས་འགྱུར། །ལྷོ་ཡི་འཛམ་བུའི་གླིང་དང་ནི། །ནུབ་ཀྱི་
བ་ལང་སྤྱོད་རྣམས་དང་། །བྱང་དུ་བྱང་གི་སྒྲ་མི་སྙན། །ཉེ་བའི་གནས་ནི་ས་སྟེང་དུ། །ཕྱོགས་བྲལ་ཉེ་བའི་གླིང་དུ་འགྱུར། །དེ་བཞིན་ཞིང་ལ་སོགས་པ་ཀུན། །རྒྱ་མཚོའི་ཁོར་ཡུག་ལ་སོགས་སུའོ། །ཞེས་སོ། །འདིའི་ཕྱིར་རྟུལ་པོ་རྣམས་ཀྱི་དོན་དུ་པུལླཱི་ར་ལ་སོགས་པ་ཉི་ཤུ་རྩ་བཞི་
ངེས་པར་བསྟན་པའོ། །ཕྱི་རོལ་དུ་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་ནི། ལུས་ལ་མགོ་བོ་ལ་སོགས་པའི་གནས་རྣམས་སུ་ཁྱབ་པར་འགྲོ་བར་བྱེད་པའི་རྩ་རྣམས་སོ། །མཁའ་འགྲོ་མ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །རྣམ་པར་རོལ་པར་བྱེད་པ་ནི་གཞན་དུ་ཆོས་ཀྱི་
Vol. 17 · folio 276b
དབྱིངས་སུ་འདུ་བར་བྱེད་པའོ། །ལུགས་ལས་བཟློག་པས་བརྩོན་འགྲུས་ཆེན་མོ་དང་། འཁོར་ལོས་སྒྱུར་མ་དང་། སྟོབས་ཆེན་མ་དང་། ཤིན་ཏུ་དཔའ་མོ་དང་། ལྔ་པ་འཁོར་ལོའི་གོ་ཆ་མ་དང་། ཆང་འཚོང་མ་དང་། དུམ་སྐྱེས་མ་དང་། འཁོར་ལོའི་ཤུགས་མ་ཞེས་པ་བརྒྱད་ནི་སྐུའི་འཁོར་ལོ་ལ་
གནས་པའོ། །མཁའ་འགྲོ་གདོང་མ་དང་རྟ་རྣ་མ་དང་ཤིན་ཏུ་བཟང་མོ་དང་། སྔོ་བསངས་ལྷ་མོ་དང་། དེ་བཞིན་ཁོ་ནར་བཅུ་གསུམ་པ་ཆང་འཐུང་མ་དང་། རླུང་ཤུགས་མ་དང་། འཇིགས་བྱེད་མ་དང་། ས་སྲུང་མ་སྟེ་བརྒྱད་ནི་གསུང་གི་འཁོར་ལོ་ལ་གནས་པའོ། །ཤིང་གྲིབ་མ་དང་། ལང་ཀའི་དབང་
ཕྱུག་མ་དང་། མིའུ་ཐུང་མ་དང་། དེ་བཞིན་དུ་དཔའ་བའི་བློ་གྲོས་མ་དང་། སྣ་ཆེན་མ་དང་། དེ་བཞིན་ཁོ་ནར་འོད་ལྡན་མ་དང་། གཏུམ་པའི་མིག་མ་དང་། རབ་གཏུམ་མ་དངོས་གྲུབ་སྦྱིན་ཞིང་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་པ་བརྒྱད་ནི་ཐུགས་ཀྱི་འཁོར་ལོ་ལ་གནས་པའོ། །དཔའ་བོ་བཟང་
པོ་ཉི་ཤུ་བཞི། །འདི་དག་གཙོ་བོར་གྲུབ་པ་ཡིན། །ཞེས་པ་ནི་འཁོར་ལོ་གསུམ་ལ་གནས་པའི་དཔའ་བོ་རྣམས་ཀྱང་མདོར་བསྟན་ནོ། །ལུགས་ལས་བཟློག་པས་རིམ་པ་ལས་འདས་པ་དང་། རིམ་པ་དང་མཐུན་པར་རྟོགས་པར་བྱའོ། །འདི་རྣམས་ཀྱི་ཁ་དོག་ལ་སོགས་པ་ནི་འཆད་པར་
འགྱུར་བར་བརྗོད་པར་བྱའོ། །སྒྲ་ཇི་བཞིན་པའོ། །རང་མིང་བརྗོད་པའི་གསང་སྔགས་ལ། །ཧཱུཾ་ཕཊ་ཡི་གེ་སྦྱར་བར་བྱ། །ཨཾ་ཡིག་ཀུན་ལ་གསལ་བྱེད་དེ། །ལས་རྣམས་ཀུན་དང་དངོས་གྲུབ་སྦྱིན། །ཞེས་པ་ནི་དཀྱིལ་འཁོར་བའི་ཤེས་རབ་དང་། ཐབས་དག་གིས་སྔགས་མདོར་བསྟན་
པ་སྟེ། འདིའི་དོན་འདི་ཡིན་ཏེ། ཨོཾ་པྲ་ཙཎྜེ་ཧཱུཾ་ཕཊ། དེ་བཞིན་དུ་གཞན་རྣམས་ཀྱང་རྟོགས་པར་བྱའོ། །ཨོཾ་ཁཎྜ་ཀ་པཱ་ལི་ནི་ཧཱུཾ་ཕཊ། དེ་བཞིན་དུ་དཔའ་བོ་གཞན་རྣམས་ཀྱང་ངོ་། །དཔའ་བོ་ཉིད་གྱུར་གྲུབ་པ་ནི། །ཁྱིམ་གྱི་དཀྱིལ་འཁོར་མཐོང་བ་ཡིན། །ཞེས་པ་འདི་ནང་གི་དཀྱིལ་
འཁོར་གསུངས་ཏེ། དཀྱིལ་འཁོར་པའི་ལྷ་རྣམས་ལུས་ལ་རྩའི་གཟུགས་སུ་ཐ་དད་པས་གནས་ཏེ། དཔའ་བོ་ཉིད་སོ་ལ་སོགས་པ་ཉིད་དུ་གནས་པས་སླར་ཡང་དངོས་གྲུབ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་ཡང་གསུངས་པ། རྩ་རྣམས་མཁའ་འགྲོ་མ་རབ་བརྗོད། །དཔའ་བོ་སོ་
Vol. 17 · folio 277a
དང་སན་མོ་སོགས། །ཞེས་སོ། །བླ་མར་ཡང་སོ་དང་སེན་མོ་དག་རབ་གཏུམ་མའོ། །སྐྲ་དང་སྤུ་དག་གཏུམ་མིག་མའོ། །པགས་པ་དང་དྲི་མ་དག་འོད་ལྡན་མའོ། །ཤ་ལ་སྣ་ཆེན་མའོ། །རྒྱུས་པ་ནི་དཔའ་བའི་བློ་གྲོས་མའོ། །རུས་པ་ནི་མིའུ་ཐུང་མའོ། །མཆིན་པ་ལ་ལང་
ཀའི་དབང་ཕྱུག་མའོ། །སྙིང་ལ་ཤིང་གྲིབ་མའོ། །མིག་ལ་ས་སྲུང་མའོ། །མཁྲིས་པ་ལ་འཇིགས་བྱེད་ཆེན་མོའོ། །གློ་བ་ལ་རླུང་ཤུགས་མའོ། །རྒྱུ་མ་ལ་ཆང་འཐུང་མའོ། །སྟ་ཟུར་གྱི་རྒྱུས་པ་ལྔ་སྔོ་བསངས་ལྷ་མོའོ། །ལྟོ་བ་ལ་ཤིན་ཏུ་བཟང་མོའོ། །ཀེང་རུས་ལ་རྟ་རྣ་མའོ། །མཚམས་
མཐའ་ལ་མཁའ་འགྲོ་གདོང་མའོ། །བད་ཀན་ཡང་འཁོར་ལོའི་ཤུགས་མའོ། །རྣག་ནི་དུམ་སྐྱེས་མའོ། །ཁྲག་ནི་ཆང་འཚོང་མའོ། །རྡུལ་ནི་འཁོར་ལོའི་གོ་ཆ་མའོ། །ཚིལ་ནི་ཤིན་ཏུ་དཔའ་མོའོ། །མཆི་མ་ནི་སྟོབས་ཆེན་མའོ། །མཆིལ་མ་ནི་འཁོར་ལོས་སྒྱུར་མའོ། །སྣབས་ནི་བརྩོན་འགྲུས་
ཆེན་མོའོ་ཞེས་པ་དྲང་བའི་དོན་ཏོ། །སམྦུ་ཊའི་རྒྱུད་དུ་ཡང་། ཧེ་རུ་ཀ་དཔལ་དཔའ་བོ་འདི། །དཔྱིད་ཀྱི་ཐིག་ལེར་འདོད་པ་སྟེ། །དཔྱིད་ཐོབ་པས་ནི་ཆོག་ཤེས་པ། །སྙོམས་པར་འཇུག་པ་མཉམ་པར་གནས། །ཞེས་པ་ངེས་པའི་དོན་ཏོ། །རྣལ་འབྱོར་མཆོག་རབ་མཐོང་བ་ནི། །མེ་སྟེ་
གཞན་དག་སོག་མ་བཞིན། །ཞེས་པ་ནི་གཉིས་སུ་མེད་པ་དགོད་པར་བརྗོད་པ་སྟེ། སྟོང་པ་ཉིད་དང་འདུས་པའི་རྣལ་འབྱོར་དེ་ཉིད་བྱང་ཆུབ་ཕྱོགས་ཀྱི་རང་བཞིན་རྣམས་ཀྱང་མཐོང་བ་སྟེ། བླ་མའི་མན་ངག་ལས་ཤེས་ཤིང་ལྷག་པར་རྟོགས་ནས་སོ། །གསུངས་པ་ཡང་། །གནས་ནི་དཔལ་
རྣལ་འབྱོར་པ་རྣམས་ཀྱི་རྡོ་རྗེ་ནོར་བུར་སྦས་པའོ་ཞེས་སོ། །གཞན་ཡུལ་སྣ་ཚོགས་དཀྱིལ་འཁོར་དུ་འདུས་པ་ནི་བསྒྲུབ་པར་བྱ་བ་མ་ཡིན་ནོ། །མེ་ནི་མཁས་པའོ། །ཕྱི་རོལ་ལ་མངོན་པར་ཞེན་པ་སྤང་བར་བྱའོ་ཞེས་པ་སུམྦུ་ཊའི་རྒྱུད་དུ་ཡང་། དཔེར་ན་མར་འདོད་དར་བ་ཡི། །སྙིང་པོ་བླང་
ནས་འདོར་དེ་བཞིན། །ཆོས་ཀྱི་བདུད་རྩི་ལྔ་ཐོབ་ནས། །རྟོག་པ་མ་ལུས་དོར་བར་བྱ། །སྔགས་བཟླས་མེད་ཅིང་དཀའ་ཐུབ་མེད་ཅིང་སྦྱིན་སྲེག་མེད། །དཀྱིལ་འཁོར་པ་ཡང་ཡོད་མིན་དཀྱིལ་འཁོར་ཡོད་མ་ཡིན། །སྔགས་ཀྱི་བཟླས་པ་དེ་ཡིན་དཀའ་ཐུབ་སྦྱིན་སྲེག་དེ། །དེ་ནི་དཀྱིལ་འཁོར་
Vol. 17 · folio 277b
པ་དང་དཀྱིལ་འཁོར་དག་ཀྱང་དེ། །མདོར་ན་སེམས་དེ་འདུས་པའི་ཚུལ་ཅན་ནོ། །ཞེས་ཀུན་དུ་སྤྱོད་པའི་རྒྱུད་དུའོ། །བླ་མར་ཡང་། བདག་གིས་འདི་དག་གང་བརྗོད་པ། །སེམས་ཅན་བསམ་པའི་སྦྱོར་བ་ལས། །བསམ་གཏན་ལས་གཞན་བདེ་མེད་ཕྱིར། །དེ་ཕྱིར་བསམ་གཏན་
མཆོག་ཏུ་འགྱུར། །ཕྱི་རོལ་ཁྱམས་ལས་རྣལ་འབྱོར་པ། །དེ་རྣམས་ཁམས་རྣམས་ཟད་པར་འགྱུར། །དེ་བས་ཕྱི་རོལ་དོར་བྱས་ནས། །རྣལ་འབྱོར་རོལ་པས་གནས་པར་བྱ། །རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས། །རྣམ་དག་ཡེ་ཤེས་སྤྱན་གྱིས་གཟིགས། །དཔལ་ལྡན་
རྡོ་རྗེ་རྣལ་འབྱོར་མའི། །སྙིང་རྗེ་འཁྲུགས་པའི་སེམས་ཀྱིས་ནི། །དེ་རྣམས་མཉེས་པས་དངོས་གྲུབ་མཆོག །ཇི་ལྟར་འདོད་བཞིན་སྩོལ་བར་བྱེད། །དེ་ཡིས་རྗེ་བཙུན་ཡེ་ཤེས་ནི། །རབ་ཏུ་འབད་པས་བསྒྲུབ་པར་བྱ། །ཞེས་སོ། །མཆོག་གཉིས་སུ་མེད་པ་དགོད་པ། རྡོ་རྗེ་
གསུམ་ཐ་མི་དད་པ། དང་བ་ལྷུན་གྱིས་གྲུབ་པས་ལྷན་ཅིག་སྐྱེས་པ་ཐམས་ཅད་སྟོང་པ་སྟེ་དགོངས་པའོ། །གཉིས་སུ་མེད་པ་དགོད་པའི་ཆོ་གའོ།། །།ད་ནི་ངག་རྣམ་པར་དབེན་པའི་དོན་དུ་སྔགས་བཏུ་བ་བརྗོད་པར་བྱ་སྟེ། ཐམས་ཅད་ཆོས་འབྱུང་ཉམས་དགའ་བར། །
སྣ་ཚོགས་ལྟེ་བར་མི་ཤིགས་དགེ། །སྔགས་པས་ཆོ་ག་བཞིན་དུ་བྲི། །ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ། །ཞེས་ཏེ་ཆོས་ཐམས་ཅད་ནི། ཐམས་ཅད་མཁྱེན་པའི་ཆོས་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་། མ་འདྲེས་པ་བཅོ་བརྒྱད་པ་དེ་རྣམས་འབྱུང་བ་གང་ཡིན་པ་དེ་བཞིན་ནོ། །
མི་ཤིགས་པ་ནི་ཐམས་ཅད་སྟོང་པའོ། །དགེ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །ལྟེ་བར་ནི་དེ་བཞིན་ཉིད་དུའོ། །སྣ་ཚོགས་ནི་རྒྱུ་ཅན་ནོ། །ཆོས་ཀུན་གཅིག་ཏུ་བསྡུ་བ་ནི་སྐུ་གསུང་ཐུགས་ཉེ་བར་བསྡུས་པ་ཉིད་དོ་ཞེས་པ་ངེས་པའི་དོན་ཏོ། །གྲུ་གསུམ་གྱི་རྣམ་པ། ལྔ་བཅུར་
གཅིག་གིས་དམན་པའི་བདག་ཉིད་ཅན་གྱི་རེ་མིག་བྲིས་ནས། འདབ་མ་བརྒྱད་ལ་སྔགས་བཏུ་བར་བྱའོ། །ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །སྡེ་ཚན་ལས་ནི་ཡོངས་སྡོམ་པ། །དེར་གནས་དཔའ་བོ་བཏུ་བར་བྱ། །འདོད་དོན་ཐམས་ཅད་སྒྲུབ་བྱེད་ཡིན། །ཞེས་པ་ངེས་པར་བསྟན་པ་
Vol. 17 · folio 278a
གསུངས་པ། ཨཱ་ལི་ཀཱ་ལི་ཞེས་པ་ནི། ལྔ་བཅུར་དམན་པ་དེ་ཉིད་དུ། སྡེ་ཚན་བརྒྱད་ཀྱི་བདག་ཉིད་བྲིས་ནས། དཔའ་བོ་ཧེ་རུ་ཀ་སྔགས་ཀྱི་བདག་ཉིད་ཅན་དགོད་པར་བྱའོ་ཞེས་པ་དྲང་བའི་དོན་ཏོ། །ཨཱ་ལི་ཀཱ་ལི་མཉམ་པ་ནི་སྟོང་པ་ཉིད་དང་། སྙིང་རྗེ་ཐ་མི་དད་པ། ལྷན་ཅིག་
སྐྱེས་པ་སྟོང་པ་ལོངས་སྤྱོད་རྫོགས་པ། ཤེས་རབ་དང་ཐབས་བསྒོམ་པར་བྱའོ། །ཕུང་པོ་དང་ཁམས་དག་ཇི་ལྟར་འདྲེས་པར་འགྱུར་བའོ། །དེ་ནས་ཟུང་འཇུག་གི་སྐུ་གདུལ་བྱའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ་ཞེས་པ་ངེས་པའི་དོན་ཏོ། །བཞི་པའི་ལྔ་པ་གང་ཡིན་པ་
དང་། །ཞེས་བྱ་བ་ལ་སོགས་པ་ནས། དཔའ་བོར་དབང་པོ་བཏུ་བར་བྱ། །ཞེས་པ་ནི་མཐར་ཐུག་པས་རྐང་པ་བརྒྱད་པའི་གསལ་བྱེད་གསུངས་སོ། །དེ་ནས། དེ་ལ་དབྱངས་ཀྱིས་ཡང་དག་སྦྱར། །ཞེས་བྱ་བ་ལ་སོགས་པ་ནས། འདི་ནི་རྩ་བའི་སྔགས་སུ་བཤད། །ཅེས་པའི་
མཐར་ཐུག་པས་དབྱངས་སྦྱར་བའི་ཡི་གེ་གསུངས་སོ། །འདིར་འདི་དག་གི་སྔ་མ་དང་ཕྱི་མའི་གཞུང་དག་ལས། སྔགས་བཏུ་བ་བརྗོད་པར་བྱ་སྟེ། དེ་ལ་དང་པོར་དྲི་བཟངས་ཀྱིས་རས་ལ་སོགས་པ་ལ་ཆོས་འབྱུང་བྲིས་ལ་ཇི་ལྟར་ཉེ་བར་བསྟན་པ་བཞིན་དུ་བྱའོ། །སྟེང་དུ་བཅུ་གསུམ། དེ་ནས་དྲག་
པོ། །དེ་ནས་དགུ། དེ་ནས་བདུན། དེ་ནས་འདོད་པ། དེ་ནས་གསུམ། དེ་ནས་གཅིག་ཅེས་སོ། །དེ་ལ་ལུགས་དང་མཐུན་པས་ཨཱ་ལི་ཀཱ་ལི་གཉིས་རིམ་པས་བྲིས་ནས་སོ། །འོག་གི་ཆ་ལས་ཞེས་ཁ་ཅིག་གོ། །མེ་ཏོག་ལ་སོགས་པའི་རབ་ཏུ་བྱེད་པ་སྦྱིན་པར་བྱ་ཞིང་། ཆང་དང་ཤ་དང་བདུག་
སྤོས་ཀྱིས་བདུག་པར་བྱའོ་ཞེས་སོ། །དང་པོར་ཨོཾ་ཡིག་བྱིན་ནས་ཏེ། དང་པོར་བྲི་བར་བྱའོ། །བཞི་པའི་ལྔ་པ་གང་ཡིན་ནི་ནའོ། །ལྔ་པ་ཡི་ཡང་ལྔ་པ་ལ་ཨོཾ་ཡིག་ལྡན་པ་ནི་མའོ། །ལྔ་པའི་བཞི་པ་ནི་བྷ་ཡིག་གོ། །དང་པོའི་གསུམ་པ་ག་ཡིག་གོ། །དེ་བཞིན་ཉི་ཤུ་དགུ་པ་ཝ་ཡིག་གོ། །བཞི་པའི་དང་པོའི་མཐའ་ཏ་ལ་ཨེ་ཡིག་ལྡན་
པའོ། །མཐར་གནས་པའི་བཞི་པ་ཨཱི་ཡིག་རིང་པོ་ལྡན་པ་ནི་ཝཱིའོ། །མཐར་གནས་པའི་གཉིས་པ་ཨེ་ཡིག་ལྡན་པ་ནི་རེའོ། །སུམ་ཅུ་པ་ཡང་དག་པར་བླངས་ནས། །ཨཱ་ཡིག་རིང་པོ་ལྡན་པ་ཤཱའོ། །ཉི་ཤུ་དྲུག་པ་གང་ཡིན་ཉིད་ཀྱི་མཐའི་ནི་ཡའོ། །དེ་ནས་བརྒྱའི་ཕྱེད་ཕྱེད་བཟུང་ནས་ནི་མའོ། །
Vol. 17 · folio 278b
སླར་ཡང་སུམ་ཅུ་གསུམ་པ་ཨཱ་ཡིག་རིང་པོ་ལྡན་པ་ནི་ཧཱའོ། །དང་པོའི་ཡང་དང་པོ་ནི་ཀའོ། །མཐར་གནས་པའི་གསུམ་པ་ལ་འོག་ཏུ་པ་ཡིག་ལྷན་ཅིག་པ་ཨཱ་ཡིག་ལྡན་པ་ནི་ལྤཱའོ། །དང་པོའི་གསུམ་པ་གང་ཡིན་པ་འོག་ཏུ་ན་ཡིག་ཨི་ཡིག་ཐུང་ངུ་དང་ལྡན་པ་ནི་གྣིའོ། །སུམ་ཅུ་རྩ་གཉིས་གང་ཡིན་ཉིད་རྗེས་སུ་
ང་རོ་དང་ལྡན་པ་ནི་སཾའོ། །བཞི་པའི་ལྔ་པ་གང་ཡིན་པ་ཨི་ཡིག་ཐུང་དང་ལྡན་པ་ནི་ནིའོ། །ལྔ་པའི་བཞི་པ་གང་ཡིན་པ་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་བྷཱའོ། །མཐར་གནས་པའི་དང་པོ་གང་ཡིན་པ་ནི་ར་ཡིག་གི་དང་པོ་ཡའོ། །གཉིས་པའི་གསུམ་པ་ནི་ཛའོ། །གསུམ་པའི་དང་པོ་ཨཱ་ཡིག་རིང་པོ་ལྡན་པ་ནི་
ཊཱའོ། །ལྔ་པའི་ཡང་ལྔ་པ་མའོ། །དང་པོའི་དང་པོ་ཉིད་ཨུ་ཡིག་ཐུང་ངུ་ལྡན་པ་ནི་ཀུའོ། །དེ་བཞིན་བཅུ་གཅིག་པ་གང་ཡིན་ཨོ་ཡིག་ལྡན་པ་ནི་ཊོའོ། །བཅུ་དྲུག་པ་ཡང་དག་པར་བླངས་ནས་འོག་ཏུ་ཀ་ཡིག་ལྡན་པ་ནི་ཏྐའོ། །གསུམ་པའི་དང་པོ་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་ཊཱའོ། །ཉི་ཤུ་དྲུག་
པ་ཡང་དག་བླང་ནི་ཡའོ། །བཞི་པའི་གསུམ་པ་རྗེས་སུ་ང་རོ་དང་ལྡན་པ་ནི་དཾའོ། །དྲོ་བའི་གཉིས་པོ་འོག་ཏུ་ཥྚྲ། ཨཱ་ཡིག་རིང་པོ་དང་ལྡན་པ་ནི་ཥྚཱའོ། །དང་པོའི་དང་པོ་གང་ཡིན་ནི་ཀའོ། །ཉི་ཤུ་བདུན་པ་ཡང་དག་གཟུང་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་རཱའོ། །ཉི་ཤུ་བརྒྱད་པ་ལྡན་པ་ལས་
ཨོ་ཡིག་ལྡན་པ་ནི་ལོའོ། །དང་པོའི་གསུམ་པ་གང་ཡིན་ནི་འོག་ཏུ་ར་ཡིག་ལྡན་པ་ནི་གྲའོ། །ལྔ་པའི་བཞི་པ་གང་ཡིན་པ་ཨཱི་ཡིག་རིང་པོ་དང་ལྡན་པ་ནི་བྷཱིའོ། །སུམ་ཅུ་རྩ་གཅིག་པ་བཟུང་ནས་ནི་ཥའོ། །དེ་ནས་སླར་ཡང་བཅོ་ལྔ་པ་ཎའོ། །ཉི་ཤུ་རྩ་ལྔ་པ་ཉིད་ནི་ཨ་ཡིག་ཐུང་ངུ་དང་ལྡན་པ་ནི་མུའོ། །
དང་པོའི་གཉིས་པ་གང་ཡིན་པ་ཨཱ་ཡིག་རིང་པོ་ལྡན་པ་ནི་ཁཱའོ། །ཉི་ཤུ་དྲུག་པ་ཡང་དག་བླང་ནི་ཡའོ། །དེ་ནས་ཡི་གེ་སོ་གཉིས་པ་ནི་སའོ། །དྲོ་བའི་ཐ་མ་ཡང་དག་བླང་ནི་ཧའོ། །སུམ་ཅུ་གཉིས་པ་ཉིད་འོག་ཏུ་ར་ཡིག་ལྡན་པ་ནི་སྲའོ། །ལྔ་པའི་བཞི་པ་གང་ཡིན་པ་ཡུ་ཡིག་ཐུང་ངུ་ལྡན་པ་ནི་
བྷུའོ། །གཉིས་པའི་གསུམ་པ་ནི་ཛའོ། །ལྔ་པའི་བཞི་པ་གང་ཡིན་པ་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་བྷཱའོ། །དྲོ་བའི་གསུམ་པ་ཨུ་ཡིག་ཐུང་ངུ་དང་ལྡན་པ་ནི་སུའོ། །ཉི་ཤུ་བདུན་པ་ཉིད་དང་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་རཱའོ། །མཐར་གནས་རྣམས་ཀྱི་དང་པོ་ཡའོ། །ཉི་ཤུ་རྩ་གཅིག་པ་ཉིད་
Vol. 17 · folio 279a
ནི་པའོ། །མཐར་གནས་རྣམས་ཀྱི་གཉིས་པ་ནི་རའོ། །དེ་ནས་སུམ་ཅུ་པ་ཉིད་ནི་ཨུ་ཡིག་ཐུང་ངུ་དང་ལྡན་པ་ནི་ཤུའོ། །ལྔ་པའི་དང་པོ་གང་ཡིན་པ་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་པཱའོ། །དྲོ་བའི་དང་པོ་གང་ཡིན་པ་ཨོ་ཡིག་ལྡན་པ་ནི་ཤོའོ། །དྱཱ་ཡིག་ནི་དེ་ནི་དེ་ནས་མཆོག་ཏུ་གསལ་
ལོ། །བཞི་པའི་དང་པོ་གང་ཡིན་ནི་ཏའོ། །དེ་ནས་དྲོ་བའི་དང་པོ་ཨཱུ་ཡིག་རིང་པོ་དང་ལྡན་པ་ནི་ཤུའོ། །དེ་ལས་ཉི་ཤུ་བརྒྱད་པ་ནི་ལའོ། །དང་པོའི་གཉིས་པ་ཁའོ། །གསུམ་པའི་དང་པོ་འོག་ཏུ་ཝ་ཡིག་དང་ཨཱ་ཡིག་དང་ཐིག་ལེ་ལྡན་པ་ནི་ཊྭཱཾའོ། །དང་པོའི་གསུམ་པ་གང་ཡིན་པ་གའོ། །བཞི་པའི་
བཞི་པ་གང་ཡིན་པ་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་དྷཱའོ། །མཐར་གནས་རྣམས་ཀྱི་གཉིས་པ་ཨི་ཡིག་ཐུང་ངུ་དང་ལྡན་པ་ནི་རིའོ། །གསུམ་པའི་ལྔ་པ་གང་ཡིན་པ་ཨེ་ཡིག་ལྡན་པ་ནི་ཎེའོ། །དེ་ནས་བྱཱ་ཡིག་སྦྱར་བར་བྱ་བ་ནི་གསལ་ལོ། །དང་པོའི་བཞི་པ་གང་ཡིན་པ་འོག་ཏུ་ར་ཡིག་དང་ལྡན་པ་ནི་
གྷྲའོ། །དེ་ནས་ཡི་གེ་བརྒྱད་པ་ཨི་ཡིག་ཐུང་ངུ་དང་ལྡན་པ་ནི་ཛིའོ། །བཞི་པའི་ལྔ་པ་གང་ཡིན་པ་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་ནཱའོ། །ལྔ་པ་ཡི་ཡང་ལྔ་པ། འོག་ཏུ་པ་ཡིག་ལྡན་པ་ནི་མྦའོ། །ཉི་ཤུ་བདུན་པ་ཡང་དག་བླང་ནི་རའོ། །བཞི་པ་ཡི་ཡང་བཞི་པ་ནི་དྷའོ། །དེ་ནས་ཉི་ཤུ་རྩ་བདུན་པ་
ཨཱ་ཡིག་རིང་པོ་དང་ལྡན་པ་ནི་རཱའོ། །ཉི་ཤུ་རྩ་དྲུག་པ་ཉིད་དང་ཡའོ། །དེ་ནས་ཉི་ཤུ་ལྔ་པ་ཉིད་མའོ། །དེ་ནས་སུམ་ཅུ་རྩ་གསུམ་པ་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་ཧཱའོ། །བཞི་པའི་བཞི་པ་གང་ཡིན་པ་ཨཱུ་ཡིག་རིང་པོ་དང་ལྡན་པ་ནི་དྷཱུའོ། །ལྔ་པའི་ཡང་ལྔ་པ་འོག་ཏུར་ཡིག་དང་ཨཱ་ཡིག་དང་ལྡན་པ་
ནི་མྲཱ། བཞི་པའི་ལྔ་པ་གང་ཡིན་པ་འོག་ཏུ་དྷ་ཡིག་ལྡན་པ་ནི་ནྡྷའོ། །དང་པོའི་དང་པོ་ཡང་ཨ་ཡིག་རིང་པོ་དང་ལྡན་པ་ནི་ཀའོ། །དེ་ལས་ཉི་ཤུ་རྩ་བདུན་པ་ནི་རའོ། །མཐར་གནས་རྣམས་ཀྱི་བཞི་པ་ནི་ཝའོ། །དེ་ནས་ཉི་ཤུ་རྩ་གཅིག་ཨུ་ཡིག་ཐུང་ངུ་དང་ལྡན་པ་ནི་དུའོ། །དྲོ་བའི་གཉིས་པ་དབྱངས་ཨ་
ཡིག་གཉིས་པ་དང་པོ་དང་ལྡན་པ་ནི་ཥཱའོ། །ཉི་ཤུ་རྩ་དྲུག་པ་ཉིད་མཐར་ཡ་ཡིག་གོ། །དཔའ་བོའི་དབང་པོ་བཏུ་བར་བྱ། །ཞེས་པས་རྐང་པ་བརྒྱད་པའོ། །དེ་ལ་དབྱངས་ཀྱིས་ཡང་དག་སྦྱར། །འདིར་གསལ་བྱེད་བརྗོད་པར་བྱའོ། །བཅུ་གསུམ་པ་ཡི་ཡང་དག་ལྡན་དང་། གཉིས་
Vol. 17 · folio 279b
པ་དང་། དྲུག་པ་དང་ལྡན་པ་ལས་ཞེས་པ་བཅུ་གསུམ་པ་ཞེས་པ་དབྱངས་རྣམས་ཀྱི་ནང་ནས་སོ། །གཉིས་པ་ཞེས་པ་གསལ་བྱེད་རྣམས་ལ་བལྟས་ནས་སོ། །དེ་བཞིན་དུ་གཞན་རྣམས་ཀྱང་ཤེས་པར་བྱའོ། །བཅུ་གཅིག་པ་ཡི་ཡང་དག་ལྡན། །བཞི་པ་ཉིད་ཀྱི་བདུན་པ་ལ། །བཅུ་གཅིག་པ་ཡི་ཡང་
དག་ལྡན་པ་ནི་བརྒྱད་པ་ལའོ། །དེ་ནས་དབྱངས་ཀྱི་གཉིས་པ་ཡང་དག་ལྡན་ནི་དགུ་པ་ལའོ། །དབྱངས་ཡིག་གཉིས་པ་ཡང་དག་ལྡན། །དེ་བཞིན་ཉིད་དུ་བཅུ་གཉིས་པ། །འོག་ཏུ་བ་ཡིག་ཡང་དག་ལྡན། །གཉིས་པས་བཅུ་བཞི་པ་ལའོ། །འོག་ཏུ་ན་ཡིག་ཡང་དག་ལྡན། །གསུམ་པས་གསུམ་
ལྔ་པ་ལའོ། །བཅུ་དྲུག་པ་ལ་ཐིག་ལེ་ལྡན། །དེ་ལས་ཕ་རོལ་གསུམ་པས་སོ། །བཅོ་བརྒྱད་པ་ལ་གཉིས་པས་སོ། །དེ་བཞིན་ཉི་ཤུ་རྩ་གཅིག་པའོ། །དེ་ནས་ཉི་ཤུ་རྩ་གསུམ་པ། །ལྔ་པ་ཡང་དག་ལྡན་པའོ། །དེ་ནས་ཉི་ཤུ་རྩ་བཞི་པ། །བཅུ་གསུམ་པ་ཡིས་ཡང་དག་ལྡན། །འོག་ཏུ་ཀ་
ཡིག་ཡང་དག་ལྡན། །ཉི་ཤུ་རྩ་ལྔ་པར་འགྱུར་རོ། །ཉི་ཤུ་དྲུག་པ་གཉིས་པས་སོ། །ཉི་ཤུ་བརྒྱད་པ་ཐིག་ལེར་བཅས། །འོག་ཏུ་ཊཱ་ཡིག་ཡང་དག་ལྡན། །གཉིས་པས་ཉི་ཤུ་དགུ་པ་ལའོ། །སུམ་ཅུ་གཅིག་པ་གཉིས་པས་སོ། །སུམ་ཅུ་རྩ་གཉིས་གང་ཡིན་ཉིད། །དབྱངས་ཀྱི་བཅུ་
གསུམ་པ་དང་ལྡན། །འོག་ཏུ་མེ་དང་ཡང་དག་ལྡན། །སུམ་ཅུ་རྩ་གསུམ་པར་འགྱུར་རོ། །ཞེས་པའི་མེ་ནི་མེའི་ས་བོན་ར་ཡིག་གོ། །སུམ་ཅུ་རྩ་བཞི་པས་སོ། །སུམ་ཅུ་རྩ་བདུན་པའང་ལྔ་པས་སོ། །སུམ་ཅུ་བརྒྱད་པ་གཉིས་པས་སོ། །མཁའ་འགྲོ་མ་རྣམས་སྒྲུབ་བྱེད་བཤད། །འོག་ཏུ་
མེ་དང་ཡང་དག་ལྡན། །བཞི་བཅུ་རྩ་གཉིས་པར་འགྱུར་རོ། །ཞེས་པའི་མེ་ནི་ར་ཡིག་གོ། །ལྔ་པས་ཡང་དག་ལྡན་པ་ནི། །བཞི་བཅུ་རྩ་གསུམ་པ་རུ་འགྱུར། །བཞི་བཅུ་རྩ་ལྔ་པ་ཉིད་ནི། །དབྱངས་ཀྱི་གཉིས་པ་སྦྱར་བར་བྱ། །བཞི་བཅུ་དྲུག་པ་ཨུ་ཡིག་གིས། །དེ་ཡི་ཕ་རོལ་གཉིས་པས་
སོ། །ལྔ་བཅུ་གཅིག་པ་ལྔ་པས་སོ། །དེ་ལས་ཕ་རོལ་གཉིས་པས་སོ། །ལྔ་བཅུ་གསུམ་པ་བཅུ་གསུམ་པས། །ལྔ་བཅུ་དྲུག་པ་དྲུག་པས་སོ། །ཝ་ཡིག་ཐིག་ལེ་ཡང་དག་ལྡན། །གཉིས་པས་ལྔ་བཅུ་རྩ་དགུ་པའོ། །གཉིས་པས་དྲུག་ཅུ་རྩ་གཅིག་བཤད། །དེ་ལས་ཕ་རོལ་གསུམ་
Vol. 17 · folio 280a
པས་སོ། །དྲུག་ཅུ་གསུམ་པ་ཉིད་གང་ཡིན། །བཅུ་གཅིག་པ་ཡིས་ཡང་དག་ལྡན། །དྲུག་ཅུ་རྩ་ལྔ་པ་ཉིད་ཀྱང་། །གཉིས་པས་མེ་དང་ཡང་དག་ལྡན། །དྲུག་ཅུ་དྲུག་པ་གསུམ་པས་སོ། །དེ་ལས་ཕ་རོལ་གཉིས་པས་སོ། །དེ་ལས་ཕ་རོལ་གསུམ་པས་སོ། །འོག་ཏུ་ཡི་གེ་པ་དང་
ལྡན། །ཡི་གེ་དྲུག་ཅུ་རྩ་བརྒྱད་པའོ། །བདུན་ཅུ་རྩ་གཅིག་ཡང་དག་བླང་། །དབྱངས་ཀྱི་གཉིས་པས་སྦྱར་བར་བྱ། །བདུན་ཅུ་བཞི་པ་ཉིད་ཀྱང་ངོ་། །དེ་ལས་ཕ་རོལ་དྲུག་པས་ཀྱང་། །དེ་ལས་ཕ་རོལ་གཉིས་པ་ཡིས། །འོག་ཏུ་ཉི་མ་ཡང་དག་ལྡན། །ཞེས་པའི་ཉི་མ་ནི་འདིར་ར་ཡིག་གོ། །དེ་ལས་བདུན་
ཅུ་རྩ་བདུན་པ། །འོག་ཏུ་དྷ་ཡིག་ཡང་དག་ལྡན། །འདི་ལས་ཕ་རོལ་གཉིས་པ་ཡིས། །ཡི་གེ་བརྒྱད་ཅུ་རྩ་གཅིག་གང་། །དབྱངས་ཀྱི་ལྔ་པར་ཡང་དག་ལྡན། །དེ་ལས་ཕ་རོལ་གཉིས་པ་ཡིས། །ཨོཾ་ཡིག་གིས་ཀྱང་ཡང་དག་ལྡན། །ཡི་གེ་བརྒྱད་ཅུ་རྩ་བཞིའི་བདག །ཆོས་ཀྱི་ཕུང་པོ་སྟོང་
ཕྲག་རྣམས། །འདི་ནི་རྩ་བའི་སྔགས་སུ་བཤད། །ཅེས་སོ། །སྔར་གསུངས་པ་ཉིད་ལས་འདིར་རབ་ཏུ་རྒྱས་པར་བྱའོ། །ཆོས་ཀྱི་ཕུང་ཕོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ནི། །ཐེག་པ་ཆེན་པོའི་སྡེ་སྣོད་ཡང་དག་པར་བཟུང་ནས། མདོ་སྡེ་དང་རྒྱུད་དང་། རྟོག་པའི་ཚུལ་གྱིས་བདག་ཉིད་ཅན་ནོ། །སྔགས་
ཀྱི་ཚུལ་ཡང་དག་པར་བཟུང་ནས། མངོན་པར་བརྗོད་པ་བླ་མར་ཡང་། བརྒྱད་ཅུ་རྩ་བཞི་ཐེག་པ་ཆེ། །སྔགས་ཀྱི་སྤྱོད་པའི་ཚུལ་ལ་གནས། །ཞེས་སོ། །འདིར་དེ་ཁོ་ན་ཉིད་ཀྱི་མདོ་སྡེ་གསལ་བའི་ཕྱིར། །རྟོག་པ་ལས་རྟོག་པ་ཉིད་དང་། སྔགས་ལས་བྱེ་བྲག་ཏུ་རྟོགས་པར་བྱེད་པའི་ཕྱིར་རྒྱུད་དང་རྒྱུད་
ཀྱི་མིང་ཡང་འདོད་དེ་འདིར་སྔགས་ཀྱི་ཐེག་པ་ལས་གཞན། ལྷའི་ཐེག་པ་དང་རྡོ་རྗེའི་ཐེག་པ་དང་། མདོ་སྡེ་དང་། ཆོས་མངོན་པ་དང་། འདུལ་བའི་བདག་ཉིད་ཅན་ནོ། །འདིར་ཕུང་པོའི་ཆོས་རྣམས་ལ་མངོན་དུ་ཕྱོགས་པར་བྱེད་དོ་ཞེས་པ་ཆོས་མངོན་པ་སྟེ། ཕུང་པོ་ལ་སོགས་ངེས་པར་བསྟན་
པའི་ཕྱིར་རོ། །རྩ་བ་དང་སྦོམ་པོའི་ལྟུང་བ་ངེས་པར་བསྟན་པའི་ཕྱིར་འདུལ་བ་ཉིད་དོ། །དངོས་གྲུབ་ཐམས་ཅད་ཀྱི་ནི་གཞི། །མཁའ་འགྲོ་རྣམས་ཀྱི་སྙིང་ཉེ་བྱེད། །དཔལ་ཧེ་རུ་ཀ་ལྷ་ཡི་ནི། །དངོས་གྲུབ་གདོན་མི་ཟ་བར་སྦྱིན། །འབྲས་བུ་ངེས་པར་བསྟན་པའོ། །རྐང་པ་ཀུན་ལ་དང་པོར་ཨོཾ། །
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words