དཔལ་སྡོམ་པའི་འགྲེལ་པ་དཔལ་དེ་ཁོ་ན་ཉིད་མཁས་པ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཤྲཱི་ཏ་ཏྭ་བི་ཥ་དཱ་ནཱ་མ་ཤྲཱི་སམྦ་ར་བྲྀཏྟི
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 17 · folio 307b
ལ་སོགས་པས་མཆོད་ནས་བཟླས་ཏེ་གཤེགས་སུ་གསོལ་བར་བྱའོ། །སིནྡྷུ་ར་དེ་ཟངས་ཀྱི་སྣོད་དུ་གཞག་པར་བྱའོ། །དེ་ནས་ལཱརྒ་ལིའི་སྦུབས་ཀྱི་དབུས་སུ་བཅུག་ན་ཇི་སྐད་གསུངས་པའི་དམ་ཚིག་གིས་ཡང་དག་པར་མཆོད་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བདག་ལ་བྱིན་ཅིག་ཅེས་ཕྱག་འཚལ་
བར་བྱའོ། །དེ་ལྟར་ཟླ་བ་དྲུག་ཏུ་ཉི་མ་སོ་སོར་བྱས་ནས་མཐར་རྣལ་འབྱོར་མ་རྣམས་བཟའ་བ་དང་བཏུང་བས་ཀུན་དུ་ཚིམ་པར་བྱའོ། །སྤྱོད་པ་ལ་འཇུག་པའི་གནང་བ་དང་དངོས་གྲུབ་ཀྱང་གསོལ་བར་བྱའོ། །དེ་སྨྱོན་པའི་སྤྱོད་པ་སྤྱད་པར་བྱ་སྟེ། ཐོད་པ་བཟུང་ནས་དེ་སིནྡྷུ་རས་དགའ་བ་འཁྱིལ་པའི་
ཐིག་ལེ་བྱས་ཏེ་སྲད་བུ་ཐོགས་ལ་ཚོང་དུས་དང་། ཁྲོན་པ་དང་ཉེ་བར་བུད་མེད་རྣམས་རྣམ་པ་མང་པོས་གཡོན་ནས་བསྐོར་བས་བསྐོར་བར་བྱའོ། །སྔགས་ཀྱང་བཟླས་པར་བྱའོ། །གང་ལ་ཐིག་ལེའི་མནན་པ་མཐོང་བ་དེ་མཉེས་པར་བྱེད་དོ། །ཟླ་བ་དྲུག་གིས་མཚམས་མེད་པ་ལྔ་བྱས་པས་ཀྱང་
འགྲུབ་པར་འགྱུར་རོ། །མཉམ་པར་མ་བཞག་པའི་སྦྱོར་བས་བསྒོམ་པར་བྱའོ་ཞེས་པ་ནི་སྒོམ་པར་བྱེད་པ་ན་གཅེར་བུའམ་གལ་ཏེ་གཅེར་བུ་མ་ཡིན་པ་རུང་སྟེ། གང་དུ་ཇི་ལྟར་གསུངས་པ་དེ་ལྟར་དེར་རོ། །གཏོར་མའི་ཆོ་གའོ།། །།ནང་གི་གཏོར་མ་གསུངས་པ། །རྡོ་རྗེ་མཆོད་པ་རྣམ་དག་བདག །
རི་བོང་ཅན་ཞུ་ཐིག་ལེ་འཆང་། །མྱ་ངན་འདས་བྱུང་དཔའ་བ་ནི། །དེ་ནས་བདག་ཉིད་མཆོད་པར་བྱ། །ཞེས་པ་དག་པ་ནི་ཆགས་པ་མ་ཡིན་པ་ལས་དག་པ་དག་ཡོད་པ་མ་ཡིན་ནོ་ཞེས་བརྗོད་དོ། །ཆགས་ལ་ཞེན་པ་ཞེས་སོ། །མྱ་ངན་འདས་བྱུང་ནི་གསལ་བར་ཧེ་རུ་ཀར་ཡང་དག་པར་བྱུང་བའོ། །ཀུན་
སྤྱོད་དུ་ཡང་། ཧེ་རུ་ཀ་དཔལ་མྱང་འདས་བྱུང་། །དྲུག་པ་སེམས་ཀྱི་སྤྲུལ་པ་ཡིན། །དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཞེས་སོ། །དཔའ་བོ་སྔོན་པོ་འམ་དགོངས་པའོ། །སངས་རྒྱས་སོགས་རྣམས་དཔའ་ཀུན་རྣམས། །རྣལ་འབྱོར་མ་རིགས་འདྲེན་པ་མོ། །
ཟླ་བ་འདུས་པ་ལེགས་གནས་པའི། །སྤྱོད་པའི་སྤུན་ནི་མཆོད་པར་བྱ། །སྤྱོད་པའི་སྤུན་ནི་རྡོ་རྗེ་སྤུན་རྣམས་སོ། །ཟླ་བ་འདུས་པ་ལེགས་གནས་པ་ནི་དམ་ཚིག་ཅན་དུ་གསལ་ལོ། །སྤུན་རྣམས་ཀྱིས་དང་རང་གི་བུ་རྣམས་ཀྱིས་ལྷན་ཅིག་ཏུ་བདེ་བ་དང་སྡུག་བསྔལ་རྗོད་པར་བྱེད་ཀྱིས་དེ་རྣམས་ལ་སྔགས་
Vol. 17 · folio 308a
དང་ཕྱག་རྒྱ་ལ་སོགས་པ་དང་སངས་རྒྱས་ཀྱི་ཡེ་ཤེས་རབ་ཏུ་གསལ་བར་བྱ་བ་ནི་མ་ཡིན་ནོ་ཞེས་སོ། །དེ་རྣམས་ཀྱིས་ཕ་མ་དང་འབྲེལ་པ་དེ་རྣམས་ལ་གསང་སྔགས་སྦྱིན་པར་མི་བྱའོ། །རྣལ་འབྱོར་གྱི་རྒྱུད་དུ་ཡང་། ལྷ་མོ་སྦས་པ་དེ་གཟུང་བྱ། །ཕ་དང་བུ་ཡིས་ཡིད་བརྟན་མིན། །
སྒྲ་ཇི་བཞིན་པའོ། །དེ་རྣམས་ཀྱི་ལྷན་ཅིག་ཏུ་ཙཱ་རུ་བཟའ་བར་མི་བྱའོ། །དམ་ཚིག་སྤྱོད་པ་སུན་འབྱིན་པ་འདི་རྣམས་ལ་སྔགས་ལ་སོགས་པ་སྦྱིན་པར་མི་བྱའོ། །ཉེ་བར་བསྟན་པ་ཉམས་མི་བྱ། །ཞེས་ཏེ་འབྲེལ་བར་གྱུར་པ་དེ་རྣམས་ཀྱིས་དང་སློབ་དཔོན་གྱི་བུ་དད་པ་མེད་པ་རྣམས་དམ་
ཚིག་གི་སྤྱོད་པ་སུན་ཞེས་ལ་བའི་ན་བཟའ་ཅན་གྱི་ཞབས་ཀྱིས་སོ། །དམ་ཚིག་ཅེས་པ་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའི་མཚན་ཉིད་དོ། །དེ་རྣམས་ཀྱང་སྦྱིན་པར་མི་བྱ་ཞིང་། དེ་རྣམས་ལ་དེ་ཁོ་ན་ཉིད་ཀྱང་ངོ་། །སྒྲ་ཇི་བཞིན་པའོ། །དམ་ཚིག་ལ་གནས་པ་རྣམས་ལ་དོན་ཇི་ལྟ་
བ་བཞིན་དུ་ཉེ་བར་བསྟན་པ་ལ་སོགས་པ་སྦྱིན་པར་བྱའོ། །ཕོ་ཉ་མ་གཏོགས་གཞན་དག་ལ། །འདོད་པས་རྨོངས་པས་འགྲོ་མི་བྱ། །ཞེས་པ་ནི་ཉེ་བར་བསྟན་པ་ལ་སོགས་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་ཟུང་འཇུག་གོ། །ལ་སོགས་པའི་སྒྲ་ལས་རྡོ་རྗེ་བཟླས་པ་དང་
ཕྲ་མོའི་རྣལ་འབྱོར་རོ། །དམ་ཚིག་གནས་པ་ནི་དམ་ཚིག་གཅིག་པའི་སློབ་མ་བཟང་པོ་རྣམས་ལའོ། །རྡོ་རྗེ་བདུད་རྩིའི་རྒྱུད་དུ་ཡང་། །གཡོ་ཅན་ལ་མིན་རྒྱན་པོ་རྣམས་ལ་མིན། །དམ་ཚིག་སྡང་ལ་ཡོད་པ་མ་ཡིན་ནོ། །བླ་མ་ལ་གུས་རྣམ་པར་དུལ་བ་དང་། །ཕྲག་དོག་ཆགས་པ་རྣམ་
པར་སྤངས་པ་དང་། །དཀྱིལ་འཁོར་རབ་ཞུགས་སློབ་མ་བཟང་པོ་ལ། །རྡོ་རྗེ་ཐེག་པའི་འདྲེན་པ་པོ་ལ་ནི། །དེ་ལ་རྒྱ་ཆེན་མཆོག་འདི་ནི། །དེ་ཉིད་མཆོག་ནི་བསྟན་པར་བྱ། །རྒྱུད་གཞན་དུ་ཡང་། གང་ཡང་རྒས་པའི་དངོས་པོར་གནས། །གང་ཡང་རྟོག་གེ་དགའ་བའི་མི། །དགེ་
སློང་དངོས་པོར་གནས་པ་གང་། །དེ་ལ་དེ་ཉིད་བསྟན་མི་བྱ། །ཞེས་སོ། །ཕོ་ཉ་མོ་ནི་ཕྱག་རྒྱ་རྣམས་སོ། །དང་བའི་དོན་ཏོ། །ཕོ་ཉ་མོ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །ངེས་པའི་དོན་ཏོ། །གཞན་ནི་དམ་ཚིག་དང་བྲལ་བའོ། །སྒྲ་ཇི་བཞིན་པའོ། །ཕོ་ཉ་མོ་ལ་ཞེན་པ་ནི་གྲུབ་པའོ། །
Vol. 17 · folio 308b
ཕོ་ཉ་མ་གཏོགས་ནི་ཟད་པར་གྱུར་པའོ། །གང་རིམ་པ་ལས་འདའ་བར་བྱེད་པ་ནི་སྐྱེ་གནས་དམན་ལ་དགའ་བས་གནས་པ་ལ་ལེགས་པའི་རྣམ་པ་ལ་སྦྱིན་པར་མི་བྱའོ། །ཐ་མལ་པའི་རྣལ་འབྱོར་པ་དེ་རྣམས་ཀྱི་མ་འམ་སྲིང་མོ་བུ་མོ་དང་། ཆུང་མ་འམ་ཕོ་ཉ་མོ་ཉིད་གནས། །ཞེས་པ་ལ། ཕོ་ཉ་མོ་
ནི་བུད་མེད་དེ། །རྣལ་འབྱོར་སྡོམ་པའི་རྒྱུད་དུ་ཡང་། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡང་དག་རྫོགས་སངས་རྒྱས་གྲུབ་འགྱུར། །ཟད་པར་གྱུར་པ་ནི་དམན་པའི་ཐེག་པ་ལ་བརྟེན་པའོ། །རྣལ་འབྱོར་གྱི་རྒྱུད་དུ་གསུངས་པ་ཡང་། འདི་དེ་སངས་རྒྱས་
ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་སོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པར་ཡང་། །ཕོ་ཉ་མོ་རྟག་ཞེན་ཐར་ལ། །འདའ་བ་ཡིས་ཀྱང་ལོངས་སྤྱོད་བྱ། །སྐྱེ་གནས་དམན་ལ་དགའ་བར་
གནས། །བསྙེན་བཀུར་ཉིད་ནི་བྱ་བ་མིན། །ཞེས་སོ། །འང་གི་སྒྲ་ལས་མཐར་སྐྱེས་མོ་བསྟེན་དུ་ཡང་ཤིན་ཏུ་བཟོད་ཅིང་ཁྱད་པར་འཕགས་པས་བསྟེན་པར་བྱའོ། །དམ་ཚིག་ལ་སོགས་པ་ཅན་ནོ། །སྒྲ་ཇི་བཞིན་པའོ། །དེ་ཡིས་དཀའ་ཐུབ་ཟད་པར་འགྱུར། །འཁོར་ལོ་འམ་མཆོག་ཏུ་གྲུབ་པ་
རྣམས། །འདི་རྣམས་ཁུ་བ་འགུགས་པར་བྱེད། །ལྷན་ཅིག་རྫས་ཀྱིས་ཐེ་ཚོམ་མེད། །ཅེས་པས་མ་བསྟེན་པའི་ཉེས་དམིགས་གསུངས་ཏེ། འདོད་པ་ཅན་དེ་རྣམས་ཀྱིས་མ་བསྟེན་པ་ལས་ཁྲོས་པ་རྣམས་ཀྱིས་དཀའ་ཐུབ་སྟེ། བརྟུལ་ཞུགས་ལ་སོགས་པ་ཉམས་པར་འགྱུར་
རོ། །སྦྱིན་པའི་བདག་པོའི་འཁོར་ལོ་ལས་སྐྱེས་པའི་བསོད་ནམས་དང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་རྫས་རྣམས་ཀྱིས་ལྷན་ཅིག་པའི་ཆོས་ལ་སོགས་པ་དེ་ལས་ཀྱང་གདོན་མི་ཟ་བར་རོ། །ཉ་ལ་རྣལ་འབྱོར་མ་བསྟེན་བྱ། །ཚོགས་ཀྱི་འཁོར་ལོ་འམ་བརྒྱད་པ་གཉིས། །བཅུ་
བཞི་པ་དང་ཉ་ལ་ཡང་། །དེ་ཡི་ཚེས་ལ་རྣལ་འབྱོར་མ། །སྔགས་པས་བཏུང་བས་མཆོད་པར་བྱ། །བདེ་བས་ཀྱང་ངོ་། །སྦྱིན་བདག་གི་འཁོར་ལོ་ལ་ཡང་གདོན་མི་ཟ་བར་འདོད་པ་སྦྱིན་པས་ཕྱག་རྒྱ་སྦྱིན་པར་བྱའོ། །གསུངས་པ་ཡང་། ནོར་གྱིས་རྒྱུ་རྙེད་འགག་པ་མེད་
Vol. 17 · folio 309a
པའི་སྨད་འཚོང་མ། །བསོད་ནམས་མང་པོའི་རྒྱུ་རུ་དེ་རྣམས་རབ་སྦྱིན་བྱ། །རྟག་པའི་དངོས་གྲུབ་རྒྱུ་རུ་གསང་བའི་ཡན་ལག་ནི། །སློབ་དཔོན་ཆེན་པོའི་གོ་འཕང་རྒྱུ་རུ་དབུལ་བར་བྱ། །རྣམ་པ་གཞན་དུ་བསོད་ནམས་ཕྱིན་ཅི་ལོག་ཏུ་འགྱུར། །བཟའ་བ་ཡོན་ཏན་བརྒྱད་འགྱུར་མར་མེའི་འབྲས་བུ་སྟེར། །
མར་མེའི་བརྒྱད་འགྱུར་ཤིན་ཏུ་རྣམ་པར་དག་པའི་ཆང་། །ཆང་གི་བརྒྱད་འགྱུར་ན་ཆུང་མ་ལ་རབ་སྦྱོར་ཏེ། །ཕྱིར་འདོད་པའི་སྦྱིན་པ་ངེས་པར་ཁྱད་པར་འཕགས། །རྒྱུད་གཞན་དུ་ཡང་། འདོད་པའི་སྦྱིན་པ་ཐམས་ཅད་དུ་ནི་བདེ་མཉམ་འབྲས་སྟེར་འཁོར་ལོའི་དུས་སུ་སྨོས་ཅི་དགོས། །ཡིད་འོང་ཆུང་མ་སྲིང་མོ་སྐལ་
བཟངས་བུ་མོ་རྣམས་ཀྱང་གསང་བའི་སྦྱིན་པ་ལ་ནི་རབ་སྦྱིན་བྱ། །བུ་མོ་རྒན་མོ་དར་མ་རྣམས་དང་ལུས་ནི་དྲི་མ་དང་བཅས་བྲམ་ཟེ་མོ་དང་རྒྱལ་རིགས་མོ། །རྗེ་མོ་དམངས་མོ་མཐར་སྐྱེས་རྣམས་སམ་མིག་དང་ལག་པ་དང་བྲལ་རྣ་མཆུ་སྣ་ནི་ཆད་མ་རྣམས། །མཐའ་དག་བྱང་ཆུབ་རྒྱུ་རུ་ཐབས་དང་ཤེས་རབ་
ཐབས་ཀྱིས་མཆོད་པར་བྱ་སྟེ་རྒྱལ་པོ་སློབ་དཔོན་སྙིང་རྗེ་ཆེ་བ་དང་། །བཅས་པའི་ཐུགས་ལྡན་དྲི་མ་དག་དང་རྣམ་པར་བྲལ་ཞིང་བྱང་ཆུབ་སྤྱོད་ལ་རྗེས་སུ་ཞེན་པས་སོ། །རྣལ་འབྱོར་པ་རྟག་གཡོན་ནས་སྤྱོད། །རྐང་པ་གཡོན་པ་སྔོན་དུ་འདོར། །ལག་པ་གཡོན་པ་རབ་ཏུ་བསྒྱུར། །གཡོན་པ་སྟེང་དུ་སོ་སོར་
མཆོད། །ཕོ་ཉ་གཡོན་པ་ཀུན་དུ་སྦེད། །གཡོན་པ་ཚིམ་བྱེད་ཟ་བར་བྱེད། །བརྟུལ་ཞུགས་མེད་འཇོམས་བརྟུལ་ཞུགས་རྫོགས། །སྒྲུབ་པ་པོ་ནི་དེ་ཉིད་བརྩོན། །ཞེས་པས་སོ། །གཡོན་པ་ཚིམ་བྱེད་ཟ་བར་བྱེད། །ཅེས་པ་ནི་གཡོན་པའི་མིང་མེད་ཀྱིས་ཚིམ་པར་བྱེད་པ་ལ་སོགས་པར་བྱའོ། །ཚིམ་པར་
བྱེད་པ་བརྗོད་པར་བྱ་སྟེ་སྔགས་པའི་ལག་པ་ལ་དགོད་པར་བྱས་ལ་མྱོས་བྱེད་ལག་པ་གཡོན་པ་དང་ཨོཾ་ཡིག་གིས་སྦྱང་བར་བྱའོ། །གཡས་པ་དང་ཨཱཿཡིག་གིས་རྟོགས་པར་བྱའོ། །ཐལ་མོ་བཀབ་ནས་ཧཱུཾ་ཡིག་གིས་འབར་བར་བྱའོ། །ནམ་མཁའ་ལྡིང་གི་ཕྱག་རྒྱ་དང་ཧོཿཡིག་གིས་བདུད་རྩིར་བྱས་ནས་ཡེ་
ཤེས་ཀྱི་ཉི་མ་ལྟ་བུ་བལྟས་ཏེ་དེ་ནས་མྱོས་བྱེད་ཀྱི་ཐིག་ལེ་གཡོན་པའི་མིང་མེད་ཀྱི་རྩེ་མོས་ས་ལ་ཆོས་འབྱུང་གྲུ་གསུམ་དུ་བྱས་ནས་དབུས་སུ་ཟླུམ་པོ་དམར་པོ་དེར་ཡེ་ཤེས་ཀྱི་འཁོར་ལོ་གསལ་བར་བལྟས་ལ་དེ་ཚིམ་པར་བྱའོ། །ཧཾ་དང་རྡོ་རྗེའི་ཕྱག་རྒྱས་ཕྱི་རོལ་རྣམས་སྤྱན་དྲང་། འདིར་ཨོཾ་ཨཱཿཧཱུཾ་ཧོ་ཧཾ་
Vol. 17 · folio 309b
ཀྵ་ཨ་ཨཱ། ཨི་ཨཱི། རྀ་རཱྀ། ཨུ་ཨཱུ། ལྀ་ལཱྀ། ཨ་ཨཱ། ཨེ་ཨཻ། ཨར་ཨཱར། ཨོ་ཨཽ། ཨལ་ཨཱལ། ཧ་ཧཱ། ཡ་ཡཱ། ར་རཱ། ཝ་ཝཱ། ལ་ལཱ། ཀ་ཀཱ། ཁ་ཁཱ། ག་གཱ། གྷ་གྷཱ། ང་ངཱ་། ཙ་ཙཱ། ཚ་ཚཱ། ཛ་ཛཱ། ཛྷ་ཛྷཱ། ཉ་ཉཱ། ཊ་ཊཱ། ཋ་ཋཱ། ཌ་ཌཱ། ཌྷ་ཌྷཱ། ཎ་ཎཱ། པ་པཱ། ཕ་ཕཱ། བ་བཱ། བྷ་བྷཱ། མ་མཱ། ཏ་ཏཱ། ཐ་ཐཱ། ད་དཱ། དྷ་དྷཱ། ན་ནཱ། ས་སཱ།
ྉྤ་ྉྤཱ། ཥ་ཥཱ། ཤ་ཤཱ། ྈྐ་ྈྐཱ། ལ་ལཱ། ཝ་ཝཱ། ར་རཱ། ཡ་ཡཱ། ཧ་ཧཱ། ཀྵ་ཀྵཱ། ཞེས་ཤེས་རབ་དང་ཐབས་སུམ་ཅུ་རྩ་དྲུག་ཚིམ་པར་བྱའོ། །ཀྵ་ཡིག་དང་ལག་པ་གཡོན་པའི་རྒྱབ་ཀྱིས་གཤེགས་སུ་གསོལ་ལོ། །ཡུལ་གྱི་བདག་པོ་གཏོར་མས་ཚིམ་པ་ཡང་གསུངས་པའི་ཆོ་ག་ཉིད་ལས་སོ། །འདིར་རྒྱས་
པར་བྱ་བ་མ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིམ་པར་བྱེད་པའི་ཆོ་གའོ། །བརྟུལ་ཞུགས་མེད་འཇོམས་ནི་བརྟུལ་ཞུགས་ངན་པའམ་བརྟུལ་ཞུགས་མེད་པ་སྟེ། །མུ་སྟེགས་པ་རྣམས་ཀྱི་ཁྱི་ལ་སོགས་པའི་བརྟུལ་ཞུགས་ཏེ་དེ་འཇོམས་པ་ཡང་ངོ་། །རྣལ་འབྱོར་པའི་
བརྟུལ་ཞུགས་ཀྱིས་རྫོགས་པ་ནི་བདེ་བར་གཤེགས་པའི་རིག་མའི་བརྟུལ་ཞུགས་ལྡན་པ་ཉིད་ཀྱི་ཕྱིར་རོ། །སྒྲ་ཇི་བཞིན་པའོ། །རང་གི་དམ་ཚིག་རིགས་ཀུན་སྤྱོད། །གཅིག་ཏུ་ཙཱ་རུ་བཟའ་བར་བྱ། །རིགས་ལྔ་རྣམ་པར་ཀུན་དུ་སྤྱོད། །རིགས་བཞིར་ཡང་ནི་གྲགས་པ་ཡིན། །རང་གི་དམ་
ཚིག་ནི་རྒྱུད་མཚུངས་པ་ཉིད་དོ། །རིགས་ཀྱི་ཀུན་དུ་སྤྱོད་པ་ཞེས་པ་ནི་ཡུལ་དང་རིགས་ཀྱི་ཐ་སྙད་ཀྱིས་རིགས་དང་ལྡན་པ་རྣམས་ཀྱིས་བྱ་བའོ། །རིགས་ལྔ་མཉམ་པར་ཀུན་དུ་སྤྱོད་ནི་འཇིག་རྟེན་ལས་འདས་པ་ཀུན་སྤངས་རྣམས་ཀྱིས་སོ། །རིགས་བཞི་ཀུན་དུ་སྤྱོད་པ་ནི་སྤྲོས་པ་མེད་པ་བརྟན་
པ་རྣམས་ཀྱིས་སོ་ཞེས་པ་ནི་སྒྲ་ཇི་བཞིན་པའོ། །རིགས་གཅིག་མཉམ་པར་ཀུན་དུ་སྤྱོད། །རྣལ་འབྱོར་དངོས་གྲུབ་རབ་སྟེར་བྱེད། །ཅེས་པ་ནི་གཅིག་ཏུ་སྨྱོན་པའི་བརྟུལ་ཞུགས་འཛིན་པ་རྣམས་ཀྱིས་སོ། །རྣལ་འབྱོར་གྱི་རྒྱུད་དུ་ཡང་གསུངས་པ། །ཇི་ལྟར་འདོད་བཞིན་བསྒྲུབ་བྱ་བསྒྲུབ། །དེ་ཡི་ཕྱི་
ནས་ཇི་འདོད་པས། །འདོད་པའི་བྱ་བ་འམ་ཇི་འདོད་བཞིན། །ཀུན་ཟ་དེ་བཞིན་ཐམས་ཅད་བྱེད། །དབང་པོ་གང་དང་གང་ལམ་ཉིད། །གང་གང་དེ་དེའི་རང་བཞིན་ལས། །མཉམ་པར་མ་བཞག་སྦྱོར་བ་ཡིས། །རང་ལྷག་ལྷ་ཉིད་ཀུན་དུ་སྤྱད། །དེ་ཉིད་སྦྱོར་བ་འདི་ཡིས་ནི། །ཐམས་ཅད་མྱུར་བ་ཁོ་
Vol. 17 · folio 310a
ནར་འགྲུབ། །ངན་ཟོས་ངན་བྱས་ཐམས་ཅད་ཀྱིས། །ཀུན་མཆོག་ཉིད་ཀྱིས་ཉེས་པ་མེད། །ཅེས་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་པའི་སྤྱོད་པའོ། །བ་ལང་ཤ་དང་རྟ་ཤ་དང་། །མི་ཁྱི་གླང་པོ་སྣ་ཚོགས་རྣམས། །སྔགས་དང་ཕྱག་རྒྱར་ཡང་དག་ལྡན། །དཔའ་བོ་རྣམས་ཀྱི་ཟས་སུ་བཤད། །
ཅེས་སོ། །གསུངས་པ་ཡང་བ་ལང་ནི་མིག་གོ། །རྟ་ནི་ལྕེའོ། །མི་ནི་ལུས་སོ། །ཁྱི་ནི་རྣ་བའོ། །གླང་པོ་ཆེ་ནི་སྣའོ། །སྣ་ཚོགས་ནི་སྦྲང་བུ་སྟེ་ཡིད་དོ། །འདི་རྣམས་ཀྱི་ཤ་ནི་གཟུགས་ལ་སོགས་པའི་ཡུལ་ལོ། །ཟ་བ་ནི་སྣང་བ་མེད་པར་བྱེད་དོ། །སྒྲ་ཇི་བཞིན་པ་མ་ཡིན་པའོ། །ཕྱག་རྒྱ་ནི་རྡོ་རྗེ་ལ་སོགས་པའོ། །
སྔགས་ནི་ཡི་གེ་གསུམ་ལ་སོགས་པའོ། །བླ་མར་ཡང་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿཡིག་ལས་སྐྱེས་པའི་ཐོད་པ་ཡེ་ཤེས་ལྔའི་བདུད་རྩིས་ཡོངས་སུ་གང་བ་ཆ་བཅུ་དྲུག་པ་ཧཱུཾ་ཡིག་གིས་བྱིན་གྱིས་བརླབས་པ། ཡི་གེ་གསུམ་ལས་བྱུང་བ་སྤྲོས་པའི་འཁོར་ལོ་གསུམ་བསྒོམ་པར་
བྱའོ། །ས་མ་ཡ་ཤུདྡྷ་དྷརྨཱཿས་མ་ཡ་ཤུདྡྷོ྅ཧཾ་ཞེས་སོ། །དེ་ནས་རྡོ་རྗེའི་ལྕེས་བཟའ་བར་བྱའོ། །རྡོ་རྗེ་བདུད་རྩིའི་ཆུ་བཏུང་བར་བྱའོ། །ཨོཾ་བཛྲ་ཨ་མྲྀ་ཏོངྐ་ཋ་ཋ་ཧཱུཾ་ཋ་ཋ་ཏྲཱཾ་ཨཱཿཁཾ་ཧཱུཾ་ཞེས་པ་དྲང་བའི་དོན་ཏོ། །རང་གི་ལྷག་པའི་ལྷ་ཉིད་ཀྱི་སྦྱོར་བས་བདུད་རྩིར་བྱས་ནས་བཟའ་བར་བྱའོ་ཞེས་པ་ངེས་
པའི་དོན་ཏོ། །ནང་གི་གཏོར་མའོ། །ཧེ་རུ་ཀ་དཔལ་གྱི་སྤྲུལ་པ། །ཉེར་སྤྱོད་བསྟན་བཅོས་མཚན་ཉིད་དོ། །ཞེས་པ་ནི་ཧེ་རུ་ཀའི་རྒྱུད་འདི་ཉིད་ཀྱི་ཆོ་ག་བསྟན་བཅོས་ཏེ། ཉེ་བར་བསྟན་པའི་བསྟན་བཅོས་ཐེག་པ་ཆེན་པོ་ཡང་དག་པར་གཟུང་བ་ཐམས་ཅད་ཀྱི་མཆོག་ཉིད་ཡིན་པའི་ཕྱིར་རྣམ་
པར་མཚོན་པར་བྱེད་པ་སྤྲུལ་པའོ། །གསུངས་པ་ཡང་། དོན་གཅིག་ཉིད་ཕྱིར་མ་རྨོངས་ཕྱིར། །ཐབས་མང་ཕྱིར་དང་དཀའ་མེད་ཕྱིར། །དབང་པོ་རྣོན་པོས་དབང་བྱས་ཕྱིར། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་ཏེ་སྒྲ་ཇི་བཞིན་པའོ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །རྣལ་
འབྱོར་རྟག་ཏུ་གཟུང་བར་བྱ། །བགེགས་མེད་ཇི་བཞིན་དངོས་གྲུབ་དེའོ། །གཞན་དུ་འགས་ཀྱང་རབ་འགྲུབ་མིན། །ཞེས་པ་ནི་འདི་ཁོ་ན་ཁྱད་པར་དུ་འཕགས་པའི་ཟུང་འཇུག་གསུངས་པའོ། །གཟུང་བར་བྱ་ནི་རྣལ་འབྱོར་བསྒོམ་པར་བྱའོ། །གསུངས་པ་ཡང་། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིས། །
Vol. 17 · folio 310b
རྒྱས་གདབ་ཡེ་ཤེས་བརྗོད་བྱ་སྟེ། མཆོག་གཞན་ཐེག་པ་ཐུན་མོང་ནི། །སེམས་མེད་སེམས་ནི་བདེ་བ་ཆེ། །ཞེས་སོ། །དགོངས་པ་མ་ཡིན་པའོ། །བགེགས་མེད་ནི་གང་དེ་ལྟ་བུར་བགྲོད་པ་བྱ་བའི་ཕྱིར་དང་། བདུད་རྣམས་ཀྱིས་དབྱེར་མི་ཕྱེད་པའི་ཕྱིར་རོ། །ཇི་བཞིན་དངོས་གྲུབ་ནི་མངོན་པར་འདོད་པའི་
དངོས་གྲུབ་དང་དེའི་བསྲུང་བ་ཡང་ཐམས་ཅད་སྦྱིན་པར་འགྱུར་རོ། །གཞན་དུ་སེམས་ཅན་འགས་ཀྱང་དེའི་དོན་དུ་རབ་ཏུ་སྒྲུབ་པ་སྟེ། རབ་ཏུ་འཇུག་པ་མ་ཡིན་ནོ། །དེ་ཁོ་ནས་དོན་ཐམས་ཅད་སྒྲུབ་པ་ནི་སྟོང་པ་ཉིད་ཀྱི་རྣལ་འབྱོར་དང་ལྡན་པའོ། །དེ་ཡི་ཕོ་ཉ་མོ་མཆོག་བཟང་། །ལྷན་ཅིག་བརྩོན་པར་
ལྡན་པ་ཡིན། །གང་ཆགས་དགའ་བའི་ལེགས་སྦྱོར་ལས། །རྣལ་འབྱོར་རྫས་ཀྱི་རྣམ་དབྱེ་ལས། །སྙོམས་པར་འཇུག་པ་སེམས་འཛིན་པ། །བྱང་ཆུབ་མཆོག་ནི་བསྒྲུབ་པར་བྱ། །བླ་མའི་ཉེ་བསྟན་ལ་ཀུན་ཞེན། །དེ་ཡི་དོན་གྱིས་ནོར་སྦྱིན་མཚུངས། །ཞེས་པས་འབྲས་བུ་གསུངས་ཏེ། གང་
དེ་ལྟ་བུར་གྱུར་པའི་སྒྲུབ་པ་པོ་དེའི་རལ་གྲི་དང་སྣག་ཚ་དང་ཆོ་ང་ལ་སོགས་པ་བརྟེན་པའི་ཆོས་སྤངས་པ་དེའི་བྱ་བ་ཐམས་ཅད་བྱེད་པ་ནི་ཕོ་ཉ་མོ་ཤེས་རབ་མའོ། །གསུངས་པ་ཡང་བྱང་ཆུབ་སེམས་དཔའ་ནི་ཟོལ་པ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་བཅོས་མར་བྱེད་དོ། །མཆོག་ཏུ་ལེགས་པར་
བསླབས་པའི་ལྷ་མོ་གཞན་ལ་ཆགས་པ་མ་ཡིན་པ་ལ་མཆོག་ཏུ་བརྩོན་པ་ནི་དེའི་བྱ་བ་ལ་རང་བདེ་བ་ཆེན་པོ་བསྒྲུབ་པ་ལ་ཡང་ངོ་། །དེའི་མཚན་ཉིད་ཐམས་ཅད་དང་ལྡན་པའི་བཤེས་གཉེན་ཅན་གང་འདི་ལ་ཆགས་པ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་སེམས་ངེས་པར་ཆགས་པའི་རྣལ་འབྱོར་པའོ། །
བླ་མར་ཡང་། འཇིགས་པ་ངེས་བཅོམ་ཡོངས་སུ་དག་པའི་བློ། །སྤྲོས་པའི་རྣམ་རྟོག་མ་ལུས་བཅོམ་བྱས་པ། །བྱམས་དང་སྙིང་རྗེའི་རྒྱན་གྱིས་བརྒྱན་པའི་ལུས། །རྣལ་འབྱོར་པ་བདག་མ་ཆགས་བདེ་བར་གནས། །ཞེས་སོ། །དགའ་བ་ལེགས་སྦྱོར་ལས་ནི་མི་འཕོ་བ་རྫོགས་པར་ལོངས་སྤྱོད་
པ་ལས་སོ། །བྱང་ཆུབ་མཆོག་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདག་ཉིད་གདུལ་བྱ་རྣམས་ལ་རྟོགས་པར་བྱེད་དོ་ཞེས་པས་བྱང་ཆུབ་སྟེ་གཞན་གྱི་དོན་བྱེད་པའོ། །སྙོམས་འཇུག་ལ་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དག་གསུངས་པ་ཡང་། ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང་། །ཡེ་
Vol. 17 · folio 311a
ཤེས་ཕྱག་རྒྱ་རྗེས་ཆགས་ལ། །བདེ་བ་ཆེན་པོ་བྱང་ཆུབ་སེམས། །བརྟུལ་ཞུགས་བརྟན་པོས་བསྲུང་བར་བྱ། །ཞེས་སོ། །སེམས་ནི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྣམས་ཀྱིས་བསགས་པ་ཉིད་ཀྱི་ཕྱིར་སེམས་སོ། །དག་པ་མཆོག་ཏུ་མི་འགྱུར་བ་དེ་འཛིན་པར་བྱེད་དོ་ཞེས་པས་འཛིན་
པའོ། །དགོངས་པའོ། །བླ་མས་ཉེ་བར་བསྟེན་ཞེས་པ་དགོངས་པའི་སྐད་ལ་སོགས་པ་དང་བཤད་པའི་རྒྱུད་དུ་གསུངས་པའོ། །དེས་ཀུན་ནས་ཞེན་པ་ནི་དེ་མངོན་པར་ཤེས་པའོ། །བཤད་པའི་རྒྱུད་དུ་ཡང་ཉེ་བར་བསྟེན་པ་གསུངས་པ་འདི་ལྟ་སྟེ། ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ལྟེ་བའི་དབུས་
སུ་བསྒོམ་པར་བྱ། །མཆོག་ཏུ་མི་འགྱུར་གོ་འཕང་ནི། །དེ་ཡི་དབུས་སོན་བསམ་པར་བྱ། །སྐུ་དང་གསུང་ཐུགས་འདྲེས་པ་ཡིས། །ལྷ་ཡི་གཟུགས་སུ་བསྒོམ་པར་བྱ། །སེམས་ཉིད་དུ་ཡང་བསྒོམ་པ་མིན། །ཆགས་པ་མ་ཡིན་ཆགས་བྲལ་མིན། །འདོད་ཆགས་བྲལ་ཞེས་རིགས་པར་ལྡན། །
བླ་མས་ཉེར་བསྟན་ལམ་གྱིས་ནི། །མཆོག་ཏུ་འབད་པས་བསམས་པ་ལས། །དེ་ལྟར་ངལ་སོས་པ་ལ་གནས། །འཇིག་རྟེན་དུ་མས་མི་ཤེས་སོ། །རྣལ་འབྱོར་རྣལ་འབྱོར་བྲལ་མི་བྱ། །མྱང་འདས་གོ་འཕང་འབའ་ཞིག་པ། །དེ་ལྟའི་བྱང་ཆུབ་འགྱུར་རྙེད་དཀའ། །རྣམ་གཞན་འབྲས་བུ་མེད་
པར་འདོད། །རྣམ་གཞན་མུ་སྟེགས་ངན་པ་ལ། །འོད་གསལ་ལ་སོགས་ཡོད་མ་ཡིན། །ཀུན་སྤྱོད་དུ་ཡང་། །ལྡོག་པ་ཇི་སྐད་མདོར་བསྟན་པ། །བཤད་བྱ་སྒྲུབ་པ་པོ་རྣམས་ཉོན། །ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། །ཧེ་ཞེས་རྒྱུ་སོགས་སྟོང་པ་ཉིད། །རུ་ཡིག་བཀོད་པ་དང་བྲལ་བ། །ཀ་ཞེས་
གང་དུའང་མི་གནས་པའོ། །འདི་རྣམས་རང་བཞིན་ལས་སྟོང་པ། །ཀུན་འགྲོ་གཞོམ་དུ་མེད་པའོ། །མདོར་བསྡུས་ནས་ནི་བསྒོམ་བྱས་ན། །འདོད་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སོ། །དེའི་དོན་གྱིས་ནི་དེའི་རྣམ་པར་འབྱོར་པས་སོ། །ནོར་སྦྱིན་ཏེ་ལུས་ངན་པོ་དང་མཉམ་པར་
ནམ་ཞིག་འགྱུར་ཏེ་ནམ་མཁའ་མཛོད་ཉིད་ལས་སོ། །ནོར་རྒྱུན་མའི་རྟོག་པར་ཡང་གསུངས་པ། གང་ཤིན་ཏུ་ཡུན་རིང་པོར་ཆེས་ལེགས་པར་ཡང་དག་པར་སྤྲོས་ཤིང་། རབ་ཏུ་རྟོགས་པ་ནི་མི་རྣམས་ཀྱི་དབུལ་བའི་སྡུག་བསྔལ་གྱི་ཉེས་པ་ཞི་སྟེ་གཞན་དུ་དེའི་ལག་ཏུ་དབུལ་སོན་ཏོ་ཞེས་
Vol. 17 · folio 311b
ཏེ་སྒྲ་ཇི་བཞིན་པའོ། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །དེ་བཞིན་ཁོ་ནར་དྲུག་བརྒྱ་ཡིས། །སྲོག་རྣམས་རྣལ་འབྱོར་པས་གསད་བྱ། །ཨ་ཝ་དྷཱུ་ཏཱིའི་ཞབས་ལ་གནས། །ཞེས་པས་འོད་གསལ་གསུངས་སོ། །ཨ་ཝ་དྷཱུ་ཏཱི་ནི་མ་རིག་པའོ། །དེའི་ཞབས་ནི་འོད་གསལ་ཏེ་རྟོག་པ་ལས་རྣམ་པར་གྲོལ་བའོ། །
གསད་པར་བྱ་ནི་བདེ་བ་ཆེན་པོ་ཉིད་ཀྱི་ཚུལ་དུ་བྱའོ། །ངེས་པའི་དོན་ཏོ། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་བརྒྱ་ཕྲག་དྲུག་གིས་ལྷག་པའི་དབུགས་ཉིན་དང་མཚན་མོས་ལ་ལ་ནཱ་དང་། ར་ས་ནཱ་དང་། དབུ་མ་ནས་སོ། །དེ་ལ་དུས་སྦྱོར་བཅུ་གཉིས་འཕོ་བ་རྣམས་སུ་བདུན་ཅུ་རྩ་ལྔས་ལྷག་པའི་དྲུག་བརྒྱའི་གྲངས་
ཉིན་ཞག་སོ་སོར་དབུ་མ་ནས་སོ། །ལྷག་མ་ལ། ལ་ལ་ནཱ་དང་། ར་ས་ནཱ་ནས་རབ་ཏུ་འབབ་པ་དུས་སྦྱོར་བཅུ་གཉིས་པོ་དེ་རྣམས་སུ་སོ་སོ་རེ་རེར་ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་གྱིས་བརྒྱ་ཕྲག་བཅོ་བརྒྱད་ཀྱི་དབུགས་སོ། །དེ་བཞིན་དུ་ར་ས་ནཱ་ནས་རབ་ཏུ་འབབ་པ་སོ་སོ་རེ་རེར་གླང་
ལ་སོགས་པ་མཉམ་པའི་དུས་སྦྱོར་གྱིས་སོ། །སོ་སོ་རེ་རེར་འཕོ་བའི་དུས་སྒྲ་གཅན་ཨ་ཝ་དྷཱུ་ཏཱིར་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་གི་གྲངས་སོ། །དེ་རྣམས་སུ་དཀྱིལ་འཁོར་རེ་རེ་འབབ་པ་ནི་གཡོན་པ་དང་གཡས་པ་དག་ལ་དྲུག་ཅུས་ལྷག་པའི་སུམ་བརྒྱའི་གྲངས་ཏེ་རྐང་པ་དང་བཅས་
པའི་བཅུ་གཅིག་གི་དབུགས་རྣམས་དཀྱིལ་འཁོར་སོ་སོའི་དབུས་ནས་སོ་སོར་བཅིངས་པས་དམན་པའོ། །འདིར་དཀྱིལ་འཁོར་ནམ་མཁའ་ལ་སོགས་པ་ལྔ་ལ་ལ་ནཱ་ནས་སོ། །གཡོན་དང་གཡས་སུ་ཡང་ངོ་། །འདིར་ལྟེ་བའི་པདྨ་ཆུ་སྲིན་ལ་སོགས་པ་འདབ་མ་དྲུག་ཅུའི་རྟེན་ལ་གྲངས་
ཇི་ལྟ་བ་བཞིན་དུ་འདབ་མའི་དབུས་དང་། ཤར་དང་། གཡས་དང་། གཡོན་དང་། ནུབ་ཏུ་སྟོང་པ་དང་། རླུང་དང་། མེ་དང་། ཆུ་དང་། སའི་དཀྱིལ་འཁོར་རྣམས་འདབ་མ་རྣམས་སུ་དང་། སྣའི་བུ་ག་དབུས་ལ་དང་། སྟེང་དང་གཡས་དང་གཡོན་དང་འོག་ཏུ་འབབ་སྟེ་བཅུ་གཉིས་
ཀྱི་མཐར་ནམ་མཁའ་ལ་སོགས་པ་དང་། ས་ལ་སོགས་པའི་དབྱེ་བས་འབྱིན་པ་དང་། སྡུད་པའི་རིམ་པས་འོད་དཔག་མེད་དང་དོན་ཡོད་པའི་རང་བཞིན་གྱིས་སོ། །རྣམ་པར་སྣང་མཛད་ཀྱི་རླུང་ཡང་ལུས་ལ་རྗེས་སུ་འགྲོ་བར་རྟོགས་པར་བྱའོ། །དྲུག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་ལྟེ་
Vol. 17 · folio 312a
བའི་ཟེ་འབྲུ་ལ་སྟེང་གི་བུ་གར་ཅིག་ཅར་ཉིད་ཀྱིས་སོ། །དཀྱིལ་འཁོར་ལྔའི་དབུགས་ཀྱི་བདག་ཉིད། །ཅེས་རླུང་གི་དེ་ཉིད་དོ། །འདི་རྣམས་ཀྱི་གཡས་པ་དང་། གཡས་མིན་གྱི་དབུགས་རྩའི་ཀུན་དུ་སྤྱོད་པའི་སྟོབས་ཀྱིས་སྲོག་དང་ཐུར་སེལ་གྱིས་དབུ་མར་རྒྱུན་དུ་རབ་ཏུ་ཞུགས་པས་ཐུན་མོང་བའི་འཆི་ལྟས་ཀྱིས་འཆི་བ་སླུ་
བར་འགྱུར་རོ། །དབུ་མའི་ཡང་དབུགས་རྣམ་པ་གསུམ་སྟེ་ཐ་མ་དང་འབྲིང་དང་མཆོག་གི་དབྱེ་བས་སོ། །དེ་ལ་ཐ་མ་ནི་འགྱུར་བའི་རང་བཞིན་འཆི་བ་སྟེར་བར་བྱེད་པའོ། །འབྲིང་ནི་འཆི་ལྟས་འཇོམས་པ་སྟེ་ལྷན་ཅིག་སྐྱེས་པའི་དབུགས་ཀྱིས་འཁོར་ལོའི་གྲངས་རེངས་པ་དཀར་པོ་མི་བསྐྱེད་པའོ། །མཆོག་ནི་སངས་རྒྱས་ཉིད་
སྟེར་བ་བྱེད་པ་པོ་སྟེ་རྡོ་རྗེ་བཟླས་པར་ཇི་ལྟར་ཉེ་བར་བསྟན་པ་ལས་རབ་ཏུ་འབྱུང་བ་དང་འཇུག་པ་ཉིད་ཀྱིས་སྲོག་དབུ་མར་རབ་ཏུ་གཞུག་པར་བྱ་སྟེ་ཉི་ཁྲི་བརྒྱད་གཉིས་བརྒྱའི་གྲངས་ཇི་སྲིད་པར་རོ་ཞེས་སོ། །གསུངས་པ་ཡང་། རྣལ་འབྱོར་པ་ཡི་དབུགས་འབྱུང་རྔུབ། །སྦྱོར་གཞི་གཅིག་པ་ལ་བརྩོན་པ། །ཤེས་རབ་ཐབས་
ཀྱི་གཞིར་གནས་ཏེ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །དེ་ལ་བརྟུལ་ཞུགས་བཤད་པ་མེད། །བགྲང་ཕྲེང་མེད་ཅིང་སྔགས་རྣམས་མེད། །གཟུངས་དང་སྦྱིན་སྲེག་ལས་རྣམས་ཀུན། །གཅིག་ནས་གཅིག་ཏུ་བཟློག་པར་འགྱུར། །འདི་སེམས་ཀྱི་བསམ་པ་ཐོབ་པར་འགྱུར་ཏེ་འདིར་ཡང་རང་བཞིན་བརྒྱད་ཅུ་འཕྲོ་བ་ལས་
སེམས་རྣམ་པར་དབེན་པར་རྟོགས་བྱ་སྟེ་སྣང་བ་གསུམ་གྱིས་རླུང་འབབ་པའི་ཕྱིར་རོ། །འཕགས་པའི་ཞབས་ཀྱིས་གསུངས་པ་ཡང་། རླུང་ནི་གང་དུ་དེར་གནས་པ། །རང་བཞིན་དེ་དང་དེ་འབྱུང་འགྱུར། །ཇི་སྲིད་རླུང་ནི་མི་རྒྱུ་དང་། །སྣང་བ་མི་གཡོ་བར་འགྱུར་རོ། །རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་
འདྲེས་གྱུར་ཏེ། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །དགོངས་པ་ལུང་སྟོན་དུ་ཡང་། ཇི་སྲིད་འཇིག་རྟེན་བརྡ་དང་ནི། །དེ་བཞིན་རྣམ་པ་སྣ་ཚོགས་བརྟགས། །རྣམ་རྟོག་རླུང་ལས་རྟག་ཏུ་ནི། །བྱང་ཆུབ་སེམས་སུ་འགྱུར་བ་ཡིན། །ཞེས་སོ། །དེ་ལ་སྣང་བའི་སུམ་ཅུ་རྩ་གསུམ་སྣང་བ་
མཆེད་པའི་བཞི་བཅུ་ཐམ་པའོ། །སྣང་བ་ཉེ་བར་ཐོབ་པའི་བདུན་ནོ། །འདི་དག་ཀྱང་སྤྱོད་བསྡུས་ལ་སོགས་པར་རྟོགས་པར་བྱའོ། །བཟླས་པ་འདིའི་ཕན་ཡོན་གསུངས་པ། །དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོ་འཕྱེའི་བདག་པོ་ཆོམ་རྐུན་ཞགས་པས་འཆིང་བ་དང་། །ཆུ་གཏེར་འཁྲུགས་པ་དང་ནི་ཤ་ཟ་འཆི་བའི་འཇིགས་
Vol. 17 · folio 312b
བྱེད་ནད་དང་དབང་པོ་ཉེ་བར་འཚེ་བ་དང་། །དབུལ་དང་བུད་མེད་བྲལ་དང་མི་བདག་འཁྲུགས་པའི་འཇིགས་པ་དང་ནི་རྡོ་རྗེ་ལྟུང་དང་དོན་ཉམས་པ། །གང་ཞིག་རྣལ་འབྱོར་མ་རྣམས་ཞབས་ནི་གསལ་བར་ཡང་ནི་དྲན་བྱེད་དེ་ལ་རབ་ཏུ་ཉམས་པར་འགྱུར། །བླ་མར་ཡང་། རྟགས་ནི་གཉིས་གཉིས་སྦྱོར་བས་སོ། །དངོས་གྲུབ་ཆེད་དུ་གསང་
སྔགས་བཟླས། །འཁོར་ལོས་སྒྱུར་དྲུག་འགྲུབ་པར་བྱེད། །ངེས་པར་ཟླ་དྲུག་གིས་གཞན་མིན། །ཞེས་སོ། །རྡོ་རྗེ་བཟླས་པ་འདིས་བསྙེན་པ་བྱས་ནས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལས་རྣམས་ཐམས་ཅད་ཆོ་ག་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ། །སྔགས་ཀྱི་དེ་ཉིད་གསལ་བ་འདི། །གསུང་གི་རྡོ་རྗེའི་སྒྲུབ་ཐབས་སོ། །རྣལ་
འབྱོར་བྱིས་པའི་རྟོགས་བྱ་མིན། །རྟོག་གེ་པ་ཡིས་མི་ཤེས་སོ། །ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས། །སེམས་ཙམ་ལ་ནི་ངེས་པར་སྦྱར། །སེམས་རྣམས་དབེན་པ་ཞེས་བཤད་པ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་སོ། །དྲང་བའི་དོན་ཏོ། །འོད་གསལ་བའི་རིམ་པའོ། །དེ་ནས་ཕོ་ཉའི་མཚན་ཉིད་མཆོག །
གཞན་པ་ཡང་དག་མདོར་བསྟན་པ། །གང་གིས་ཡང་དག་རྣམ་ཤེས་བྱེད། །མཁའ་འགྲོའི་དམ་ཚིག་ལ་གནས་པའོ། །མིང་པོ་དང་ནི་ཕ་ཉིད་དང་། །རྗེ་བོ་སྐད་ཅིག་ལས་མཐོང་བྱེད། །ལྕེ་སྦོམ་མིག་ནི་དམར་སེར་ལ། །སྐྲ་ནི་དམར་སེར་དེ་ནས་རྩུབ། །ཐུན་མོང་དངོས་གྲུབ་ཐམས་ཅད་དང་། །བཟླས་དང་བརྟུལ་
ཞུགས་ལ་རྟག་དགའ། །ཞེས་པས་ཕོ་ཉ་མོའི་རང་གི་ངོ་བོ་གསུངས་སོ། །རྗེ་བོ་ནི་བདག་པོ་ཉིད་དུ་ཀུན་དུ་སྤྱོད་པར་བྱེད་དེ་འདོད་པའི་བརྒྱད་འགྱུར་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་རྣམས་བསྟེན་པར་བྱ་སྟེ་ཇི་ལྟར་སུས་ཀྱང་མ་ཚོར་བར་བྱའོ། །སྒྲ་ཇི་བཞིན་པའོ། །མཁའ་འགྲོ་མ་ནི་ཉི་ཤུ་བཞི། །སྤྱོད་དང་གྲོལ་བའི་འབྲས་
རབ་སྟེར། །ཞེས་པས་གསལ་ལོ། །དྲན་པས་ཡང་དག་ལྡན་པ་ཡི། །ཕོ་ཉ་ཞེས་བྱའི་གོ་འཕང་ལྡན། །ཕྲེང་བའི་སྔགས་ནི་རྟག་ཏུ་ཟློས། །འདོད་པའི་དོན་ཀུན་གྲུབ་བྱེད་པ། །ཞེས་ཏེ། དྲན་པས་ནི་ལྷའི་བསམ་གཏན་ནོ། །གཞན་དུ་རྟོགས་པར་སླའོ། །དཔའ་བོའི་དབང་པོ་སྒྲུབ་པར་བྱེད་པ་དེ་བཞིན་དུའོ། །རྣལ་
འབྱོར་རོལ་པ་འབྲས་རབ་སྟེར། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །གདོན་མི་ཟ་བར་གློ་བུར་འབྱུང་། །ཞེས་པ་ནི་དཔའ་བོའི་དབང་པོའི་རྐང་པ་བརྒྱད་པ་དང་དེ་བཞིན་དུ་ལྷའི་རྣམ་པའི་རྣལ་འབྱོར་ལས་སོ། །མཁའ་འགྲོ་མ་ལ་སོགས་པ་ནི་བྱ་རོག་གདོང་མ་ལ་སོགས་པ་དང་ལྡན་པའི་འཇིག་རྟེན་གསུམ་
Vol. 17 · folio 313a
སྒྲུབ་པར་བྱེད་དོ། །སྔགས་དང་ཕྱག་རྒྱར་ཡང་དག་ལྡན། །སྒྲུབ་པ་པོ་ཡིས་ཐེ་ཚོམ་མེད། །ཕྱག་རྒྱ་དམན་པའི་གསང་སྔགས་རྣམས། །ལུས་ཅན་རྣམས་ཀྱིས་འགྲུབ་མི་འགྱུར། །ཞེས་པ་ནི་གསང་སྔགས་ཞལ་བཞི་པའོ། །ཕྱག་རྒྱ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཏེ་དྲང་བའི་དོན་ཏོ། །གསང་སྔགས་ཤེས་པའོ། །
ཕྱག་རྒྱ་ཤེས་བྱ་སྟེ་ཟུང་དུ་འཇུག་པའོ་ཞེས་པ་ངེས་པའི་དོན་ཏོ། །སྔགས་པས་དྲོ་བའི་བྱ་བ་དག །མངོན་པར་བརྩོན་པས་རྟོགས་པར་བྱ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པའི། །རྣལ་འབྱོར་ཆེན་པོ་སུན་འབྱིན་གང་། །ཁྱི་ཡི་སྐྱེ་གནས་བརྒྱར་སོང་ནས། །གཏུམ་པོ་རུ་ཡང་སྐྱེ་བར་འགྱུར། །དམ་ཚིག་གི་སྤྱོད་པ་སུན་འབྱིན་པ་དེ་རྣམས་རྨོངས་པ་
དང་ངན་འགྲོར་འགྲོ་བར་འགྱུར། །གཏུམ་མོའི་རྣལ་འབྱོར་ཆེན་པོ་ལ་མངོན་པར་བརྩོན་པས་སོ། །གསུངས་པ་ཡང་། ཇི་ལྟར་གཡོ་བ་དེ་ཡང་སྨན་སོགས་ཀྱི། །སྟོབས་ཀྱི་མེ་དང་ཡང་དག་ཕྲད་པས་འཆིང་། །དེ་བཞིན་ཁུ་བ་ཤིན་ཏུ་རྣལ་འབྱོར་གྱིས། །ཤེས་རབ་མ་དང་ཡང་དག་ཕྲད་པས་ཞེས་སོ། །དྲོ་བའི་བྱ་བ་ནི་གཏུམ་མོའི་མེའི་རི་མོའོ། །
བཤད་པའི་རྒྱུད་དུ་ཡང་། ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །རི་མོ་དེ་ལ་ངེས་པར་སྦྱར། །སྟེང་དུ་འཕར་བའི་རི་མོ་ལས། །འོག་ཏུ་འཛག་པར་བྱེད་པའོ། །དྲང་བའི་དོན་ཏོ། །དྲོ་བའི་བྱ་བ་ནི་འདོད་པའི་འདོད་ཆགས་རབ་ཏུ་གསལ་བ་དབང་པོ་གཉིས་ཀྱི་སྦྱོར་བས་ཇི་ལྟར་འགྱུར་བ་དེ་བསྒོམ་པར་བྱའོ། །བླ་མར་ཡང་། བདུད་རྩི་ཐིག་ལེའི་
གཟུགས་ཅན་ནི། །ཁུ་བའི་གཟུགས་ཀྱིས་འཛག་པར་བྱེད། །བསྲུབ་བྱ་སྲུབ་བྱེད་སྦྱོར་བ་ལས། །ཡེ་ཤེས་མེ་སྟེ་འདི་ཡི་ལས། །ཞེས་སོ། །ངེས་པའི་དོན་ཏོ། །རྣལ་འབྱོར་ཆེན་པོ་ནི་ཀུན་སྤྱོད་དུ། ལོངས་སྤྱོད་རྫོགས་པར་ཤེས་པར་བྱ། །རྣལ་འབྱོར་ཆེན་པོར་རྣམ་པར་གནས། །བླ་མར་ཡང་། སྙིང་ལ་གནས་པར་
ངེས་པར་བསྟན། །ཐིག་ལེ་གཅིག་ནི་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེས་བུ་ལ། །རང་གི་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་ཏེ་དྲང་བའི་དོན་ཏོ། །རྣལ་འབྱོར་ཆེན་པོ་ནི། །རྡོ་རྗེ་རྣལ་འབྱོར་བླ་ན་མེད། །ཅེས་གསུངས་པའོ། །རྒྱས་པར་བསྟན་པ་ཡང་བླ་མར། ཆོས་བདག་མེད་པའི་ལམ་གྱིས་ནི། །དཀྱིལ་འཁོར་མཆོག་ཏུ་
རབ་ཞུགས་ནས། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་ལ། །དེ་བཞིན་རྣལ་འབྱོར་པ་ངལ་སོ། །ཞེས་ཏེ་ངེས་པའི་དོན་ཏོ། །ཁྱིམ་ནི་ཁྱིམ་རྣམས་སོ། །དཔེར་ན་ཁ་ཅིག་མར་འདོད་པས། །འབད་པས་ཆུ་ལ་སྲུབ་པར་བྱེད། །དེ་ལས་མར་སར་མི་འབྱུང་ཡང་། །ལུས་ཉོན་མོངས་པ་ཁོ་ནར་ཟད། །ཅེས་པ་ངེས་པར་བསྟན་པ་གསུངས་
Vol. 17 · folio 313b
པ་གསལ་ལོ། །བཟང་པོར་འཛིན་དང་མཆོད་དང་བཏུད། །འཚོ་བའི་ཐབས་ཀྱི་རྒྱུད་ཉིད་ཕྱིར། །རྣལ་འབྱོར་གཞན་ལ་བརྟེན་པ་དང་། །བཟླས་པ་གཞན་ནི་དོན་མེད་དོ། །ཞེས་པས་སྔགས་པ་གསུངས་ཏེ། ཤེས་རབ་མ་ནུས་མའི་ཟླ་བའམ་ཟླ་བ་ཅན་དབྱེར་མེད་པའི་ཆོས་ཅན་གྱི་ཕྱག་རྒྱ་ཆེན་པོའི་སྐབས་ལས་གཞན་པའི་
ལྷ་དང་སྔགས་ལ་སོགས་པ་མཆོད་པ་དོན་མེད་དོ། །གསུངས་པ་ཡང་། ཐུབ་པ་འགྲོ་བ་འཇིགས་མེད་ལྡན། །ཕྱག་རྒྱ་དཀྱིལ་འཁོར་སྔགས་ལ་སོགས། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། །སྐལ་བ་བྲལ་བའི་བདག་ཉིད་ལའོ། །བཟང་པོ་ནི་དཔལ་བཟང་པོའི་རིགས་ཉིད་ཀྱི་ཕྱིར་ཀུན་རྫོབ་དང་དོན་དམ་དག་གིས་བཟང་
བ་ཉིད་ཀྱི་ཕྱིར་བཟང་པོ་འཚོ་བའི་ཐབས་ཤེས་པ་ནི་འཚོ་བའི་དོན་ཏོ། །དགོངས་པ་ལུང་སྟོན་པ་རྣལ་འབྱོར་གྱི་རྒྱུད་དུ་ཡང་། སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །དེ་རྣམས་འཚོ་བ་རྟོག་པར་བྱེད། །དེ་རྣམས་འདུས་པ་མི་ཤེས་ཏེ། །གང་དེའང་དམན་པའི་ལམ་དུ་ལྟུང་། །སྒྲ་ཇི་བཞིན་པའོ། །རྣལ་འབྱོར་ཆེ་འཛིན་དཔའ་བོ་ནི། །
ཡུལ་ཕྱོགས་གང་དུ་གནས་གྱུར་ཏེ། །གཏུམ་མོ་ཀླ་ཀློས་གང་བ་ཡང་། །ཡུལ་དེ་ཡོངས་སུ་བརྟགས་པ་ཡིན། །ཞེས་ཏེ། རྣལ་འབྱོར་ཆེན་པོ་ནི་ཆ་དང་བཅས་པ་རྡོ་རྗེ་སེམས་དཔའ་ཞེས་བརྗོད་པ་སྟེ་དྲང་བའི་དོན་ཏོ། །རྣལ་འབྱོར་ཆེན་པོ་ནི་ཤེས་རབ་མ་ཆ་མེད་པར་སྣང་བའི་རྗེས་སུ་འགྲོ་བ་ཐམས་ཅད་ཀྱི་མཆོག་
རྣལ་འབྱོར་ཆེན་པོ་ཞེས་བརྗོད་པ་སྟེ་ངེས་པའི་དོན་ཏོ། །ཡུལ་དེ་ནི་ཡུལ་དེ་ཁོ་ན་བཟང་པོ་ཞེས་གནས་ཏེ་དེའི་ཕྱིར་གཏུམ་མོའི་རྣལ་འབྱོར་བསྒོམ་པར་བྱའོ། །ལུས་མེད་རྡོ་རྗེའི་ཞབས་ཀྱིས་ཀྱང་གསུངས་པ། གཏུམ་མོའི་རྣལ་འབྱོར་བསམ་པ་སོགས། །གལ་ཏེ་ཉོན་མོངས་མི་འཇོག་ན། །བསྐལ་པ་བྱེ་བ་སྟོང་
གིས་ནི། །ཉོན་མོངས་ཅི་ཡིས་ལྡོག་པར་བྱེད། །སྒྲ་ཇི་བཞིན་པའོ། །ཕྱི་རོལ་གཉིས་གཉིས་ལས་རྣམ་གྲོལ། །ཡང་དག་ལམ་ནི་སྟོན་བྱེད་གང་། །སེམས་ཅན་རྗེས་སུ་གཟུང་བའི་རྒྱུར། །དེ་རུང་ནི་རྟག་པར་གནས། །ཞེས་པ་ནི། གཉིས་གཉིས་ནི་རྟག་པར་རྟོག་པའོ། །ཡང་དག་པའི་ལམ་ནི་གཉིས་ལས་རྣམ་
པར་གྲོལ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདོར་བསྡུས་པའི་ལམ་སྟེ་འདི་ལྟ་སྟེ་ཐབས་དང་ཤེས་རབ་ཀྱང་ངོ་ཞེས་སྨོས་པར་ཟུང་འཇུག་ཅེས་བཤད་པ་དེ་བཞིན་ཉིད་གཉིས་སུ་མེད་པར་སྦྱར་བ་ལས་ཞེས་གསུངས་པ་ལའོ། །དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་འགྲེལ་པར་ཡང་། སྣ་ཚོགས་རྣམ་
Vol. 17 · folio 314a
རྟོག་ལ་སོགས་ལམ་གྱིས་ནི། །བཅུ་དྲུག་བཞི་ཡི་རབ་ཏུ་དབྱེ་བ་ཅན། །དེ་ཉིད་དེ་བཞིན་གཤེགས་པས་གང་གསུངས་པ། །ལམ་དང་བྲལ་བས་ཐོབ་པ་མ་ཡིན་ནོ། །ཞེས་སོ། །ད་ནི་འགྲོ་བའི་དོན་བྱེད་པའི་ཆེད་དུ་དེ་རྣམས་ཀྱི་གཟུགས་ཀྱིས་གནས་སོ། །ཀུན་རྫོབ་པའི་གཟུགས་ལ་བརྟེན་ནས་ངེས་པར་
ཡང་དག་པའི་ལུས་ཀྱིས་སྟོན་ཏོ། །སྒྲ་ཇི་བཞིན་པའོ། །ཤེས་རབ་དང་ནུས་པའི་ཆོ་གའོ། །དེ་ནས་གཞན་ཡང་བཤད་བྱ་བ། །ཤིན་ཏུ་རྙེད་དཀའ་དགོངས་པ་ཡིས། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོས་མྱུར་དུ་འགྲུབ་པར་བྱེད། །ཅེས་བྱ་བ་ལ་སོགས་པས་ཞལ་བཞི་པའི་སྔགས་བཏུ་བ་གསུངས་
སོ། །ས་ཡི་ཆ་མཉམ་ཡིད་འོང་བར། །ཙནྡན་གྱིས་ནི་ཉེ་བར་བྱུགས། །མེ་ཏོག་སིལ་མ་གཅལ་དུ་བཀྲམ། །དྲི་བཟང་དྲི་ལྡན་ས་ལ་ནི། །བདག་ཉིད་ཆ་བཅས་བྱས་ནས་ནི། །ཕྱོགས་བཅིང་བར་ནི་བྱ་བའོ། །དེ་ནས་རྫ་རྔ་བཅིང་བྱས་ནས། །རི་མོ་དགུ་པ་ཤིན་ཏུ་ཟླུམ། །བཅུ་དྲུག་སུམ་ཅུ་རྩ་གསུམ་པའི། །ཡི་གེའི་ཕྱི་མོ་མཉམ་
བསྒྲིབས་ནས། །དེར་གནས་དཔའ་བོ་བཏུ་བར་བྱ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ལུགས་འབྱུང་ལུགས་ལས་བཟློག་པ་ཡིས། །སྒྲུབ་པོས་དབྱངས་དང་ཡི་གེ་ཡིས། །དེ་རྣམས་གཅིག་དམན་ལྔ་བཅུ་ཡིས། །ཐུབ་པའི་གྲངས་ཀྱི་ནང་ཆུད་པར། །ཞེས་ཏེ། རྫ་རྔ་བཅིང་བ་ནི་ངོས་གཉིས་ནས་རི་མོ་བརྒྱད་རྣམས་ཀྱིས་
གཅིག་གིས་དམན་པའི་ལྔ་བཅུའི་བདག་ཉིད་ཀྱི་རེ་མིག་རྫ་རྔའི་རྣམ་པར་བྱའོ། །སྟེང་འོག་གཉིས་སུ་ཟླུམ་པོའི་རྣམ་པས་རི་མོ་བཞི་བཅུ་རྩ་དགུ་སྟེ་སྒྲ་ཇི་བཞིན་པའོ། །རེ་མིག་སུམ་ཅུ་གཉིས་པ་གཟུང་། །ལྔ་པའི་དབྱངས་ཀྱིས་ཕྱེ་བ་ལས། །བརྒྱ་ཕྱེད་ཕྱེད་པ་ཡང་དག་བླང་། །ཉི་ཤུ་བཞི་པས་འོག་ཏུའོ། །ཞེས་པ་ནི་
སུམ་ཅུ་གཉིས་པ་སོ་ལས་བྱུང་བའི་ས་ཡིག་གོ། །ལྔ་པ་ཨུ་ཡིག་གོ། །བརྒྱ་ཕྱེད་ཕྱེད་པ་གསལ་བྱེད་དོ། །ཉི་ཤུ་བཞི་པ་བྷ་ཡིག་གོ། །དེ་ནས་སུམ་ཅུ་དྲུག་པ་གཟུང་། །གསུམ་པའི་དབྱངས་ཀྱིས་སྦྱོར་བའོ། །དེ་ནས་སུམ་ཅུ་གཉིས་པ་གཟུང་། །ལྔ་པའི་དབྱངས་དང་ཡང་དག་ལྡན། །ཉི་ཤུ་ལྔ་པ་ཡང་དག་གཟུང་། །
ཉི་ཤུ་བཞི་པ་འོག་ཏུའོ། །སུམ་ཅུ་གསུམ་པ་ཡང་དག་བླང་། །སྦྱོར་བོར་བཅོ་ལྔ་པ་དང་ལྡན། །ཞེས་པ་ལ་སུམ་ཅུ་དྲུག་པ་ལ་དབྱངས་གསུམ་པ་སྦྱར་བ་ནི་ནིའོ། །སུམ་ཅུ་གསུམ་པ་ཧའོ། །བཅོ་ལྔ་པ་ཐིག་ལེའོ། །ལྔ་པ་ཡིས་ནི་ཡང་དག་ལྡན་ནི་ཧཱུཾ་ངོ་། །ལྔ་པ་ཡིས་ནི་ཡང་དག་ལྡན། །ཡི་གེ་མཆོག་ཏུ་མཛེས་
Vol. 17 · folio 314b
པའོ། །ཉི་ཤུ་གཉིས་པ་ཡང་དག་ལྡན། །ཉི་ཤུ་བདུན་པ་ཡང་དག་ལྡན། །ཕྱག་འཚལ་དང་པོར་ཡང་དག་ལྡན། །རྐང་པ་དང་པོར་ཡང་དག་འདོད། །ཅེས་པ་ཉི་ཤུ་གཉིས་པའོ། །ཉི་ཤུ་བདུན་པ་ཊའོ། །ཕྱག་འཚལ་དང་པོ་ནི་རྐང་པའི་དང་པོར་ཨོཾ་ཡིག་གོ། །ཉི་ཤུ་གཅིག་གིས་དམན་པ་གཟུང་། །མེ་ཡི་བུ་ཡིས་
ཡང་དག་ལྡན། །གསུམ་པོའི་དབྱངས་དང་ཡང་དག་ལྡན། །དེ་རྣམས་དབྱངས་ཡིག་བརྒྱད་པ་ལ། །སུམ་ཅུ་དྲུག་པར་ཡང་དག་ལྡན། །རྐང་པ་གཉིས་པར་བརྗོད་པར་བྱ། །ཞེས་པ་ལ། ཉི་ཤུར་གཅིག་གིས་དམན་པ་ལ་མེའི་བུ་ཡིས་ནི་འོག་ཏུ་ར་ཡིག་གོས་སོ། །གསུམ་པའི་དབྱངས་དང་ཡང་དག་ལྡན་ནི་གྲིའོ། །
བརྒྱད་པ་ནི་ཧའོ། །སུམ་ཅུ་དྲུག་པས་འོག་ཏུ་སྟེ་ཧྣའོ། །སླར་ཡང་ཚིག་འདི་སྦྱིན་པར་བྱ། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན་པར་གསལ་ལོ། །དེ་ནས་རང་བྱུང་བཟུང་ནས་ནི། །ལྔ་པའི་དབྱངས་དང་ཡང་དག་ལྡན། །སྟེང་དུ་ཐིག་ལེས་བརྒྱན་པ་ནི། །རྐང་པ་གསུམ་པར་བརྗོད་བྱ་སྟེ། །ཉི་ཤུ་གཉིས་པ་ཡང་དག་ལྡན། །ཉི་
ཤུ་བདུན་པ་ཡང་དག་ལྡན། །ཞེས་པ་གསལ་ལོ། །ཉི་ཤུར་གཅིག་གིས་དམན་པ་ཉིད། །ཉི་ཤུ་བདུན་པས་ཡང་དག་ལྡན། །གསུམ་པའི་དབྱངས་དང་ཡང་དག་ལྡན། །དེ་ནས་སུམ་ཅུ་གསུམ་པའི་སྔགས། །གཉིས་པའི་སྔགས་དང་ཡང་དག་ལྡན། །ཡི་གེ་ཉི་ཤུ་པ་དང་ལྡན། །ཉི་ཤུ་རྩ་
གཅིག་རེ་མིག་གནས། །དེ་བཞིན་ཉི་ཤུ་དྲུག་གནས་པ། །ཞེས་པ་ལ་ཉི་ཤུ་པ་ནི་ཀཱ་ལི་ལ་ལྟོས་ནས་སོ། །ཉི་ཤུ་རྩ་གཅིག་པ་ནི་ཡའོ། །ཉི་ཤུ་རྩ་དྲུག་པ་ནི་ཡའོ། །ལན་གཉིས་བཟླས་པའི་ཚིག་འདི་ཡང་། །སྒྲུབ་པ་མཆོག་ནི་བཏུ་བར་བྱ། །ཞེས་པ་ལ་འདི་ནི་ཉིས་འགྱུར་རོ། །དེ་ནས་
ལུགས་ལས་བཟློག་པ་གཟུང་། །རེ་མིག་དང་པོའི་ཡི་གེ་ནི། །བཞི་པ་མཐའ་ཡིས་ཡང་དག་སྦྱར། །སྤྱི་བོར་བཅོ་ལྔ་པས་སྤྲས་པ། །དེ་ནས་ཉི་ཤུ་གཉིས་པ་ཉིད། །དེ་ནས་ཉི་ཤུ་བདུན་པའོ། །ཆོས་དོན་འདོད་དང་ཐར་པ་རྣམས། །རྐང་པ་གསུམ་པར་བརྗོད་པར་བྱ། །བཞི་པའི་མཐའ་
ནི་ཨུ་ཡིག་གོ། །བཅོ་ལྔ་པ་ནི་ཐིག་ལེའོ། །རེ་མིག་གཉིས་པའི་ས་བོན་གང་། །དེ་ནས་སུམ་ཅུ་དྲུག་པ་ཉིད། །ཉི་ཤུ་དྲུག་པ་སོ་གསུམ་པ། །བཅུ་གསུམ་པ་ཡི་དབྱངས་ཀྱིས་སྤྲས། །རེ་མིག་ལས་ནི་བཅུ་པ་ཉིད། །སྒྲུབ་པ་པོས་ནི་ལུགས་བཟློག་པས། །ཉི་ཤུར་གཅིག་གིས་དམན་
Vol. 17 · folio 315a
པ་ཉིད། །དེ་ནས་ཉི་ཤུ་གསུམ་པའོ། །ཞེས་པ་ནི་གཉིས་པ་ཨཱའོ། །སུམ་ཅུ་དྲུག་པ་ནའོ། །ཉི་ཤུ་དྲུག་པ་ཡའོ། །བཅུ་གསུམ་པའི་དབྱངས་ཀྱིས་སྤྲས་པ་ཧོའོ། །བཅུ་པ་བྷ་སྟེ་ལུགས་ལས་བཟློག་པ་ཧ་ལ་སོགས་པ་ནས་སོ། །ཉི་ཤུར་གཅིག་གིས་དམན་པའོ། །ཉི་ཤུ་གསུམ་པ་བའོ། །གཉིས་
པའི་དབྱངས་དང་ཡང་དག་ལྡན། །ཐིག་ལེས་སྤྱི་བོར་བརྒྱན་པའོ། །གཅིག་དམན་སུམ་ཅུ་པ་བཟུང་ནས། །སླར་ཡང་རེ་མིག་བརྒྱད་པ་ལ། །མེ་ཡི་བུ་ནི་ཡང་དག་ལྡན། །ཧཱུཾ་ཕཊ་ཡི་གེ་མཐར་སྦྱར་བ། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་སྔགས། །རྐང་པ་བཞི་ཡིས་རྣམ་པར་བརྒྱན། །ཞེས་ཏེ།
གཅིག་གིས་དམན་པའི་སུམ་ཅུ་པ་ནི་ཝ་སྟེ། ཀཱ་ལི་ལ་ལྟོས་ནས་སོ། །བརྒྱད་པ་ནི་ཛ་སྟེ་ལྷག་མ་སྒྲ་ཇི་བཞིན་པར་རོ། །རྐང་པ་ཀུན་གྱི་དང་པོར་ཨོཾ། །མཁའ་འགྲོ་མ་སོགས་ཡང་དག་ལྡན། །ཧཱུཾ་ཕཊ་ཡི་གེ་མཐར་སྦྱར་བ། །དངོས་གྲུབ་ཀུན་གྱི་འབྲས་རབ་སྟེར། །ཞེས་པས་བཟླས་པའི་ངེས་པ་
གསུངས་ཏེ་གསལ་ལོ། །རིག་པའི་རྒྱལ་པོའི་སྔགས་འདི་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །རྒྱུད་རྣམས་ཀུན་ལ་ཐུན་མོང་དུ། །བྱ་བ་ཐམས་ཅད་སྒྲུབ་པར་བྱེད། །ཅེས་པ་ནི་རྒྱུད་རྣམས་ཀུན་ལ་ནི་བྱ་བ་དང་། སྤྱོད་པ་དང་། གཉིས་ཀའི་རྒྱུད་རྣམས་སུའོ། །ཁྲོ་བོ་བཞི་དང་ཡང་དག་ལྡན། །སྐུ་
བརྒྱད་ཡང་དག་ལྡན་པ་ནི། །དཀྱིལ་འཁོར་ཉིད་ནི་སྲུང་དོན་དང་། །སེམས་ཅན་རྣམས་ཀྱང་ཁྱད་པར་ལས། །འདིས་ནི་སྒྲུབ་པ་ཙམ་གྱིས་ཀྱང་། །བདུད་ཀྱང་སྐད་ཅིག་ལ་འཆིའོ། །ཞེས་ཏེ། ཁྲོ་བོ་བཞི་ནི་གནོད་མཛེས་ཀྱི་སྔགས་འདིའོ། །སྐུ་བརྒྱད་ནི་རྐང་པ་བརྒྱད་དེ་གསལ་ལོ། །རྡོ་རྗེ་བཟླས་པས་བསྒྲུབ་
བྱ་བ། །དངོས་གྲུབ་ཀུན་གྱི་འབྲས་བུ་འབྱུང་། །ཆགས་པ་ཀུན་ལས་རྣམ་པར་གྲོལ། །གཞན་དུ་ནམ་ཡང་མ་ཡིན་ནོ། །ཞེས་པས་རྡོ་རྗེ་བཟླས་པ་གསུངས་སོ། །གསུངས་པ་ཡང་། དོན་གྱི་རྗེས་འགྲོའི་བཟླས་པ་ཡི། །རང་བཞིན་མེད་པས་མཛེས་པ་ཡིས། །དུས་གསུམ་སངས་རྒྱས་ཀྱིས་བརྟགས་པ། །
རྡོ་རྗེ་བཟླས་པར་དེ་བརྗོད་བྱ། །ཞེས་དང་། དོན་གྱི་རྗེས་འགྲོའི་བཟླས་པ་ཡིས། །རང་བཞིན་མེད་པས་མཛེས་པ་ཡིན། །མ་ནིང་དག་གི་གནས་ཞུགས་པ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་འབུམ་ཕྲག་ལྔ་པར་ཡང་ངོ་། །ཐ་དད་ཡི་གེ་སློང་མོ་སྟེ། །དེ་འདོན་པ་ནི་ཟ་བ་ཡིན། །གང་ཞིག་བཟླས་
Vol. 17 · folio 315b
པར་དགའ་བ་དེ། འདི་རྣམས་སློང་མོ་ཟ་འདོད་མིན། །དགོངས་པ་ལུང་སྟོན་དུ་ཡང་། །དང་པོའི་ཡི་གེའི་སྦྱོར་བ་ཡིས། །རྟག་ཏུ་དབུགས་ནི་བརྔུབ་པར་བྱ། །བརྒྱད་པའི་མཐའ་ཡིས་ཡང་དག་ལྡན། །ཨུ་ཡིག་གིས་ནི་ཐིག་ལེས་བརྒྱན། །རྣལ་འབྱོར་པ་ཡི་དབུགས་གཏོང་བྱེད། །མཛེས་པའི་བཟླས་པར་འདི་བརྗོད་
བྱ། །དགོངས་པའོ། །དངོས་གྲུབ་ཐམས་ཅད་ནི་ཞི་བ་ཅན་ལ་སོགས་པའི་དངོས་གྲུབ་སྟེ། ས་ལ་སོགས་པའི་དཀྱིལ་འཁོར་དུ། སྲོག་འབབ་པས་ལས་ཀྱི་དངོས་གྲུབ་པོ། །ཆགས་པ་ཀུན་ལས་རྣམ་པར་གྲོལ་ནི་བྷུ་སུ་ཀུའི་སྤྱོད་པ་ལ་གནས་སོ། །སྒྲ་ཇི་བཞིན་པའོ། །རིག་པའི་རྒྱལ་པོའི་སྔགས་
བཏུ་བའི་ཆོ་གའོ། །མ་རུངས་པ་ཀུན་འཇོམས་བྱེད་པའི། །གསང་སྔགས་མི་ཟད་པ་འདི་ནི། །ཤ་ཆེན་གྱིས་ཀུན་འཇོམས་བྱེད་པ། །རྡོ་རྗེ་ལས་སྐྱེས་ཡིན་པར་བཤད། །ཅེས་པས་གནོད་མཛེས་རྒྱལ་པོའི་སྔགས་ཀྱི་ལས་གསུངས་ཏེ། ཞལ་བཞི་པའི་སྔགས་འདི་ནི་རྡོ་རྗེ་ལས་སྐྱེས་ཏེ་ཞེ་སྡང་གི་ཏིང་
ངེ་འཛིན་ལས་སྐྱེས་པའོ། །དགོངས་པའོ། །ཁྱི་རྟ་གླང་པོ་ཟངས་གཙུག་ཅན། །དེ་བཞིན་བ་ལང་རྔ་མོ་ཕག །གཏོར་མ་སྦྱིན་སྲེག་བྱ་བ་རྣམས། །ཐམས་ཅད་རྣམ་དཔྱོད་མེད་པར་བྱ། །མ་ལུས་ལུས་པ་མེད་འགྲུབ་ཅིང་། །རྒྱལ་སྲིད་ཀུན་ཡང་སྒྲུབ་པར་བྱེད། །གསང་སྔགས་སྦྱིན་སྲེག་འབུམ་
གྱིས་ནི། །སྒྲུབ་པ་པོ་ཡིས་ཐེ་ཚོམ་མེད། །ཅེས་ཏེ་ཁྱི་ནི་ཁྱིའོ། །རྟ་ནི་རྟའོ། །གླང་པོ་ནི་ལག་ལྡན་ནོ། །ཟངས་ཀྱི་གཙུག་ཕུད་ཅན་ནི་ཁྱིམ་བྱའོ། །རྣམ་དཔྱོད་མེད་པར་ནི་གདོན་མི་ཟ་བར་རོ། །ཟས་ནི་སྦྱིན་པར་བྱ་བ་མ་ཡིན་པ་ཁོ་ནའོ། །མེད་ན་བག་ཟན་ལ་སོགས་པ་ལས་བྱས་པ་སྲོག་སོང་བའི་ཕྱུགས་ཀྱི་ཤའོ། །
སྒྲ་ཇི་བཞིན་པར་རོ། །དུང་དང་ཉ་ཕྱིས་ཕྱག་རྒྱ་སོགས། །ཐམས་ཅད་སྲོག་ཆགས་ཡན་ལག་ཆོས། །ཆོས་ཀྱི་སྐུ་ཡི་ལུས་ཅན་གྱིས། །ཐོད་པ་ལ་ནི་སུ་ཞིག་སྨོས། །ཞེས་པ་ནི་དུང་དང་ཉ་ཕྱིས་ལ་ཕྱག་རྒྱའི་རྒྱན་འཇིག་རྟེན་དུ་བསྟན་ལ་ཆོས་ཀྱི་སྐུའི་མཚམས་ཀྱི་ཚུ་རོལ་སེམས་ཅན་རྣམས་ཀྱི་ཐོད་པ་ལ་རྒྱུ་ཅིའི་ཕྱིར་མི་རིགས་
ཞེས་དགོངས་སོ། །འདི་ཁོ་ན་ཕྱོགས་ཡིན་པ་དེའི་ཕྱིར་ཡང་འོད་ཟེར་གྱིས་ཀུན་དུ་འགེངས་པ་བཀྲ་ཤིས་པ་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་དུང་ལ་སོགས་པ་འབའ་ཞིག་བཀྲ་ཤིས་པ་ཉིད་མ་ཡིན་ནོ། །དེའི་མགུལ་རྒྱན་ལ་སོགས་པ་བསྟན་པ་གསུངས་པ། དཔའ་བོ་ཐོད་པའི་ཕྲེང་བ་ཅན། །ཟླ་བ་ཕྱེད་པས་ཅོད་
Vol. 17 · folio 316a
པན་བྱས། །ཕྱི་མོ་ལྔ་དང་ཡང་དག་ལྡན། །བསོད་ནམས་ཀུན་གྱི་རྒྱ་མཚོ་ཆེ། །ཞེས་ཏེ་འདིའི་དོན་འདི་ལྟར་ཡང་དག་པར་སངས་རྒྱས་ནི་སེང་གེ་དང་འཕྲོག་བྱེད་ལ་སོགས་པ་རྣམས་ཀྱི་ཡང་གཙོ་བོ་སྟེ། གསུངས་པ་ཡང་། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །
གྲགས་པ་བཀྲ་ཤིས་སྙན་གྲགས་དགེ །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །ཀུན་དགའ་ཆེན་པོ་དགའ་བ་ཆེ། །ཞེས་སོ། །དེའི་ཕྱིར་ཡང་རྣམ་དཔྱོད་མེད་པར་ཡིད་འཕྲོག་པ་ནི་ཐ་སྙད་དུ་རྣལ་འབྱོར་པས་རིག་པར་བྱའོ། །སྒྲ་ཇི་བཞིན་པའོ། །ཕྱག་རྒྱ་ཐོད་པ་ཁ་ཊྭཱཾ་ག །
དཔའ་རྣམས་དཔའ་ལས་སྐྱེས་པར་བཤད། །དཔའ་ལས་སྐྱེས་པ་ནི་རྡོ་རྗེ་རིགས་ལ་སོགས་པ་ལས་སྐྱེས་པའོ། །བཤད་ནི་སངས་རྒྱས་རྣམས་ཀྱིས་བསྟན་པའོ། །རྒྱུད་མདོར་བསྟན་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡང་། བྱང་ཆུབ་ལ་གནས་བྱང་ཆུབ་ཆེ། །བྱ་རྒོད་
ཕུང་པོའི་རི་ཆེན་པོར། །སྟོན་པ་པོ་གནས་ངེས་པ་རུ། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །སངས་རྒྱས་གསང་སྔགས་རང་བཞིན་དག །དཔལ་ལྡན་འབྲས་སྤུངས་སྟོན་པར་འགྱུར། །ཞེས་སོ། །སྒྲ་ཇི་བཞིན་པའོ། །གནོད་མཛེས་ཀྱི་ལས་ཀྱི་ཆོ་གའོ། །ད་ནི་ལག་པ་ལ་དགོད་
པ་གསུངས་པ། །སྒྲུབ་པ་པོ་ཡི་ལག་གཡོན་གྱིས། །བརྡ་ནི་ལྔ་པོ་བསྟན་པར་བྱ། །འདི་ནི་དཔའ་བོའི་གསུང་ལ་སྟེ། །བརྡ་རྣམས་ཀྱི་ནི་རབ་འཇུག་པའོ། །ཞེས་བྱ་བ་ལ་སོགས་པས་སོར་མོ་ལྔ་སྟེ་སྒྲ་ཇི་བཞིན་པའོ། །འགྲོ་ཀུན་གཡོན་ལས་བྱུང་བ་ཡི། །གཡོན་པའི་ཀུན་སྤྱོད་
རྣམ་པར་གནས། །མཐེ་བོང་ལ་ནི་རྣམ་སྣང་གནས། །སྡིགས་མཛུབ་རིན་ཆེན་འབྱུང་ལྡན་གནས། །གུང་མོའི་ཡན་ལག་འོད་དཔག་མེད། །མིང་མེད་རལ་གྲི་འཆང་བར་གནས། །མཐེ་ཆུང་དཔལ་ལྡན་མི་བསྐྱོད་པ། །ལག་པའི་དབུས་སུ་རྒྱལ་བའི་བདག །དེ་
ལྟར་དཔའ་བོ་དགོད་པ་ནི། །གཡོན་པ་འབྱུང་བའི་རྒྱུ་ཡིན་ནོ། །ལག་པའི་རྒྱབ་ཏུ་རྟག་ཏུ་སྦྱར། །དཔའ་བོ་ཐམས་ཅད་མཉམ་དུ་འགྲོ། །འདི་ནི་ལག་པ་འགོད་པར་འགྱུར། །གཡོན་པའི་ཆོ་ག་བསྒྲུབ་པ་ལས། །ཞེས་སོ། །གཡོན་པ་ནི་ཀུན་རྫོབ་ལས་འོད་གསལ་བའོ། །
Vol. 17 · folio 316b
དགོངས་པའོ། །ལག་པ་དགོད་པས་ཚིམ་པ་ལ་སོགས་པ་བྱའོ། །འདི་རྣམས་ཟུང་འཇུག་གི་ས་བོན་རྣམས་ཀྱིས་སོ། །དེ་བཞིན་དུ་ཀུན་སྤྱོད་དུ་ཨོཾ་བཾ། ཧཾཡོཾ། ཧྲིཾ་མོཾ། །ཧྲོཾ་ཧྲེཾ། ཧཱུཾ་ཧཱུཾ། ཕཊ་ཕཊ་ཅེས་པཱཾ་བཱཾ་བཾ་ཏཱཾ་ཡཱཾ་ཧྲཱིཾ་མེཾ་ཧྲ་ཧཱིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། དཀར་པོ་དང་། དམར་པོ་དང་། སེར་པོ་དང་སྔོན་
པོ་དང་། དམར་པོ་དང་། དཀར་མོ་དང་། སྔོན་མོ་དང་། སེར་མོ་དང་། སེར་པོ་དང་། ལྗང་མོ་དང་། སྔོ་བསངས་དང་། དུད་ཀའོ་ཞེས་པ་ལག་པའི་མཆོད་པ་ལ་གཅིག་ཏུ་མཐེ་ཆུང་ལ་སོགས་པར་གང་གི་ཚེ་ལག་པ་དག་ཕུང་པོ་དང་ཁམས་ལ་སོགས་པའི་དབྱེ་བས་དེའི་ཚེ་གཡོན་པའི་
འཇུག་པས་དགོད་པ་ཉེ་བར་བསྟན་པས་དབུས་སུ་རྡོ་རྗེ་སེམས་དཔའ་དང་ཕག་མོའོ་གསུངས་སོ། །དེ་བཞིན་དུ། གཤིན་རྗེ་མ་དང་རྣམ་པར་སྣང་མཛད། རྨོངས་བྱེད་མ་དང་འོད་དཔག་མེད། སྐྱོད་བྱེད་མ་དང་ཧེ་རུ་ཀ །སྐྲག་བྱེད་མ་དང་རིན་ཆེན་དབང་པོ། གཏུམ་མོ་དང་
རྟ་མཆོག །མི་བསྐྱོད་པ་ལ་སོགས་པ་གཡོན་དུ་དགོད་པར་བྱའོ། །མངོན་བརྗོད་དུ་གསུངས་པའི་ས་བོན་རྣམས་ནི་ཧོཿཧྲཱིཿཨཿབྷྲུཾ། མཐེ་ཆུང་ལ་སོགས་པའི་ནང་དུ་བཾ་མོ། །དེ་བཞིན་དུ་གཡས་ལ་མཐེ་བོང་ལ་སོགས་པ་ལ་ལཱཾ་མཱཾ་པཱཾ་ཏཱཾ་ཁཾ། ནང་དུ་ཝཾ་དེ་སེར་པོ་དང་། སྔོན་པོ་
དང་། དམར་པོ་དང་། དུ་བ་དང་། ཆེར་སེར་བ་རྣམས་གཡས་ལའོ། །སྔོན་པོ་དང་། ལྗང་གུ་དང་། དམར་པོ་དང་། སེར་པོ་དང་། དཀར་པོ་རྣམས་ཀྱང་ངོ་། །ས་ནི་སྤྱན་མར་བཤད་པ་སྟེ། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །མེ་ནི་དཀར་མོ་ཞེས་བཤད་དོ། །རླུང་ནི་སྒྲོལ་མར་རབ་ཏུ་
བསྒྲགས། །སྟོང་པ་རྡོ་རྗེ་དབྱིངས་ཕྱུག་མ། །འགྱུར་མེད་ཤེས་རབ་ཕ་རོལ་ཕྱིན། །མཐེ་བོང་ལ་སོགས་ཐམས་ཅད་དུ། །སྔོན་བཞིན་རིམ་མཐར་མ་ལུས་བརྗོད། །གསང་བ་འདི་ནི་མི་བཤད་ཅིང་། །རབ་ཏུ་འབད་པས་སྦ་བར་བྱ། །འདིས་ནི་དཔའ་བོ་བརྡ་བྱ་ཞིང་། །གཅིག་
ཏུ་ཙཱ་རུ་བཟའ་བར་བྱ། །ཞེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཕག་མོའི་གསང་བ་རྙེད་དཀའ་བའི་ཕྱིར་རོ། །ཀུན་སྤྱོད་དུ་ཡང་། །རྣལ་འབྱོར་མ་དྲུག་སྦྱར་བཞིན་ནོ། །རྡོ་རྗེ་སེམས་སོགས་བཅུ་གཉིས་དག །དཔའ་བོ་ཆེན་པོས་སྦྱར་བར་བྱ། །ལག་མཆོད་ཤིན་ཏུ་རྙེད་པར་དཀའ།།
Vol. 17 · folio 317a
རྣལ་འབྱོར་པ་ཡི་ལག་མཆོད་ཀྱིས། །དབུལ་པོས་འདོད་པའི་དོན་བཞིན་འགྱུར། །སེམས་ནི་གཞན་དུ་གྱུར་པ་ཉིད། །བཟའ་བཏུང་གོས་སོགས་ཐོབ་པར་འགྱུར། །རྟག་ཏུ་མཆོད་པ་བྱེད་པ་ནི། །དེ་ཡིས་བསམ་པ་སྒྲུབ་པར་བྱེད། །བླ་མར་ཡང་།
མཚན་མ་དྲུག་པོ་རྟག་ཏུ་མཆོད། །མངོན་པར་བསྔགས་ནས་བསྒྲུབས་པ་ལས། །རྣལ་འབྱོར་རྒྱལ་པོ་མཆོག་གི་མཆོག །དེ་ཡིས་རིང་པོར་མི་ཐོགས་འགྲུབ། །ཅེས་ཏེ་སྒྲ་ཇི་བཞིན་པའོ། །ལག་པ་མཆོད་པའི་ཆོ་གའོ། །དེ་ནས་གཞན་ནི་རབ་འཆང་བྱེད། །བཟའ་བྱའི་སྟོན་
མོ་མ་ལུས་པ། །ཡང་དག་ཆོ་ག་གང་གིས་ནི། །མྱུར་དུ་དངོས་གྲུབ་རབ་འཇུག་པའོ། །ཞེས་ཞལ་བཞི་པ་གསུངས་སོ། །སྒྲུབ་པོས་རྟག་ཏུ་སྔར་བརྗོད་པའི། །ཕྱུགས་རྣམས་འགུགས་པར་མི་བྱ་བའོ། །མདོར་བསྡུས་པ་ལས་ཕྱུགས་རྣམས་ལྔ། །རྒྱས་པར་སུམ་ཅུ་རྩ་བདུན་
ཏེ། །དངོས་གྲུབ་ཡན་ལག་སྐྱེ་བདུན་པ། །དངོས་གྲུབ་བསྒྲུབ་ལ་འདུས་པ་ནི། །དང་པོར་མི་ཡི་རིགས་རྣམས་ཀྱིས། །རིགས་རྣམས་ཀྱི་ནི་རིགས་ལས་ཕྱུགས། །རྐང་བཞི་རྣམས་ཀྱི་ལག་ལྡན་ཏེ། །འདབ་ཆགས་རྣམས་ཀྱི་ངང་པ་ཉིད། །ཆུ་སྤྱོད་རྣམས་ཀྱི་འང་རུས་སྦལ་ཏེ། །
ལྷ་རྣམས་ཀྱི་ནི་ཁ་གཡོ་བ། །དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་དུ། །འདི་རྣམས་ཕྱུགས་སུ་ཀུན་དུ་བཤད། །འདི་རྣམས་སྦྱིན་སྲེག་གཏོར་སོགས་ཀྱི། །འདོད་པའི་དངོས་གྲུབ་འགྱུར་པ་ཡིན། །ཞེས་སོ། །མི་དགུག་པ་ནི་དགུག་པར་མི་བྱའོ། །གསུངས་པ་ཡང་། གདུག་པ་
ལ་འཇུག་པར་ཆོ་ག་ཐམས་ཅད་ཀྱི་གཙོ་བོ་ལས་སོ་སོར་སྒྲུབ་པར་བྱེད་དོ་ཞེས་པ་སྐྱེ་བ་བདུན་པ་བདུན་དུ་འཇུག་པ་སྟེ་གསུངས་པ་ཡང་། སྐྱེ་བ་བདུན་པའི་ཕྱུགས་གཉིས་ཀྱང་། །མཁའ་ཡི་སྤྱོད་དངོས་སྟེར་བར་བྱེད། །བཟའ་དང་བཏུང་བ་གང་ཅུང་ཟད། །ཟོས་དང་འཐུངས་པ་
རྣམ་དྲུག་པོ། །སྨིན་པ་ལས་ནི་བཅུད་འགྱུར་ཏེ། །དེ་ཚེ་དང་པོའི་སྐྱེ་བའོ། །ཕྱི་ནས་ཕྲག་ཉིད་དུ་འགྱུར་བ། །གཉིས་པར་གསལ་བར་འགྱུར་བ་ཡིན། །གསུམ་པ་ན་ནི་ཤ་ཉིད་འགྱུར། །བཞི་པར་པགས་པ་ཉིད་དུ་འགྲོ། །ལྔ་པར་རྩ་ཉིད་དུ་ནི་འགྲོ། །དྲུག་པར་རུས་པ་ཉིད་དུ་འགྲོ། །
Vol. 17 · folio 317b
བདུན་པར་རྐང་ཉིད་དུ་འགྲོའོ། །བདུན་དུ་འཇུག་པ་དེ་ཡིན་ཏེ། །ཞེས་སོ། །བསྔགས་པ་ལས་ནི་ཡོན་ཏན་ལས་སོ། །ཕྱུགས་ནི་བྲམ་ཟེའོ། །ཁ་གཡོ་བ་ནི་ར་སྐྱེས་སོ། །སྒྲ་ཇི་བཞིན་པའོ། །ཁྱི་ནག་མོ་ཡི་འོ་མས་སྦྱར། །མ་ཤ་ནག་པོ་འབྲས་དང་བཅས། །བཅུ་བཞི་པའམ་བརྒྱད་
པའི་མཚན་མོའི་རོའི་ཁར་དོགས་པ་མེད་པར་བརྒྱ་རྩ་བརྒྱད་དུ་སྒྲུབ་པ་པོས་ཇི་སྲིད་དུ་ཆ་དང་བཅས་པར་བྱས་ནས། །དེ་ནས་ཡི་དགས་ལངས་ནས་ནི། །ཅི་བགྱི་ཞེས་ཀྱང་སྨྲ་བར་བྱེད། །ས་འོག་གནས་པ་དང་རལ་གྲི། །ཚར་གཅད་རྗེས་སུ་བཟུང་ལ་སོགས། །རིལ་བུ་མིག་སྨན་གཏེར་
རྣམས་སམ། །རྐང་པ་ཕྱུགས་དང་བཅུད་ཀྱིས་ལེན། །སྒྲུབ་པོའི་ཡིད་ལ་གནས་པ་ནི། །ཅིག་བྱིན་ནས་ནི་ཡི་དགས་འགྲོ། །ཞེས་ཏེ་སྒྲ་ཇི་བཞིན་པའོ། །འོག་དང་སྟེང་དུ་ཕོ་ཉ་འགྲུབ། །རྒྱུད་འདིར་ཐེ་ཚོམ་མེད་པ་ཡིན། །ཞེས་པས་ཡོངས་སུ་དག་པའི་རྣལ་འབྱོར་གསུངས་
ཏེ་སྒྲ་ཇི་བཞིན་པའོ། །རོ་ལངས་སྒྲུབ་པའོ། །ད་ནི་བསྐྱེད་པའི་ཁྱད་པར་གསུངས་པ། །བ་ལང་གནས་དང་སྟེང་ལྡིང་ཉིད། །ལྷག་མ་མི་སྐམ་རྩ་དེ་ནས། །དུང་ཆེན་པོ་ཡི་རང་བཞིན་བྱ། །ཡང་ནི་རུས་སྦལ་གནས་པའོ། །ཞེས་པ་ནི། བ་ལང་གནས་སྟེང་དུ་ལྡིང་བ་ནི་
རླུང་གི་དཀྱིལ་འཁོར་རོ། །ལྷག་མ་མེའོ། །མི་སྐམ་པ་ཆུའོ། །རྩ་ནི་སའོ། །དུང་ཆེན་པོའི་རི་ནི་དང་པོའི་མགོན་པོ་ལས་ཡང་དག་པར་འབྱུང་བའི་ཧེ་རུ་ཀར་བསྒོམ་པར་བྱའོ་ཞེས་པ་དགོངས་པའོ། །བླ་མ་བཤད་པའི་རྒྱུད་དུ་ཡང་། །མངལ་སྐྱེས་ཀྱི་རིམ་པ་འདི་ངེས་པར་
བསྟན་པ་འདི་ལྟ་སྟེ། མངལ་སྐྱེས་གླུ་ཡི་སྦྱོར་བ་ཡིས། །བསྒོམ་པ་ཡོངས་སུ་བརྟག་པར་བྱ། །སྒོང་སྐྱེས་གླུ་ནི་སྤངས་པ་སྟེ། །སྒྲ་དང་སྒྲ་མིན་རྣམ་སྤངས་པ། །ཞེས་སོ། །སླར་ཡང་མངལ་སྐྱེས་ཀྱི་ཐ་དད་པའི་དབྱེ་བ། །གླུ་ཡི་སྒྲ་ལ་སོགས་བཅས་པ། །གཉིད་ལོག་
སད་པར་བྱེད་པའི་གླུ། །མཁས་ལ་རྨོངས་པས་སྨད་མི་བྱ། །སེམས་ཅན་དོན་རྒྱུས་རྟོགས་བྱ་བ། །མ་རྟོགས་པ་ནི་རྟོགས་པར་བྱེད། །ཅེས་སོ། །ཡང་ན་ནི་ཕྱོགས་གཞན་དུ་སྟེ་རུས་སྦལ་གནས་ཞེས་པ་སྒོང་སྐྱེས་ཀྱི་རིམ་པས་མྱུར་དུ་བསྒོམ་པར་བྱའོ། །རྒྱུད་
Vol. 17 · folio 318a
གཞན་དུ་ཡང་སྒོང་སྐྱེས་དང་མངལ་སྐྱེས་སྲིད་པ་བསྐྱེད་པའི་རིམ་པས་རྣམ་པ་གཉིས་ཏེ། ཚངས་པའི་སྒོང་སྒོང་ལས་སྐྱེས་པ་བརྗོད་པ་འཇིག་རྟེན་གྱི་ཁམས་འབྱུང་བའོ། །མངལ་ནི་གཉིས་གཉིས་སྦྱོར་བུད་མེད་ཀྱི་མངལ་ནས་སླར་ཡང་བྱུང་བའོ་ཞེས་སོ། །
བླ་མར་ཡང་། སྒོང་སྐྱེས་རིམ་པའི་སྦྱོར་བ་ཡིས། །རྣམ་སྒོམ་བྱེད་ལས་བསྒོམ་པར་བྱ། །ལྔ་པོ་འདུས་པ་བསམས་པ་ལས། །སྒོང་སྐྱེས་མཆོག་ནི་བསྒོམ་པའི་ཕྱིར། །འཁོར་ལོའི་དབྱེ་བས་དབྱེ་བ་ཡིས། །ཇི་ལྟའི་རྣལ་འབྱོར་རྣམ་སྒོམ་བྱེད། །བསམ་པའི་བྱེ་བྲག་
ཇི་ལྟ་བས། །ཇི་ལྟར་འདོད་བཞིན་སྒོམ་པར་བྱེད། །བདག་པོ་ལ་སོགས་དབྱེ་བ་ཡིས། །རིགས་ཀྱི་དབྱེ་བ་རྣམ་སྒོམ་བྱེད། །ལྷ་མོ་ཉིད་དབྱེའི་དབྱེ་བ་ཡིས། །བདག་པོ་ལ་སོགས་སྒོམ་པར་བྱེད། །དྲང་བའི་དོན་ཏོ། །ཆ་མེད་གླུ་ནི་སྤངས་པ་ལས། །སྒོང་སྐྱེས་
ལ་ཆ་སྤངས་པའོ། །གཉིས་གཉིས་ཐམས་ཅད་རྣམ་པར་གྲོལ། །སྒོང་སྐྱེས་འགྱུར་བ་མཆོག་ཡིན་ནོ། །ངེས་པའི་དོན་ཏོ། །བཤད་པའི་རྒྱུད་ལས། མངོན་པར་རྟོགས་པ་བརྗོད་པར་བྱ་སྟེ། ནམ་མཁའི་དབྱིངས་སུ་ཡཾ་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་སྔོན་པོ་
གཞུའི་རྣམ་པ་རྒྱལ་མཚན་གྱིས་མཚན་པའོ། །དེར་རཾ་ལས་སྐྱེས་པའི་མེའི་དཀྱིལ་འཁོར་ཟུར་གསུམ་པ་ཅན་དམར་པོ་རྡོ་རྗེས་མཚན་པའོ། །བཾ་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོའི་འོད་ཟེར་གྱི་ཕྲེང་བ་ཅན་ནོ། །ལཾ་ལས་སྐྱེས་པའི་སའི་དཀྱིལ་འཁོར་
སེར་པོ་གྲུ་བཞི་པ་རྡོ་རྗེས་མཚན་པ་འོད་ཟེར་སེར་པོ་འཁྲུགས་པའོ། །དེར་སུཾ་ལས་སྐྱེས་པའི་ལྷུན་པོ་ཟུར་བཞི་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་དབུས་སུ་བྷྲཱུཾ་ལས་བྱུང་བའི་རྣམ་པར་སྣང་མཛད་དེ་ལས་སྐྱེས་པའི་ཁང་པ་བརྩེགས་པ་གྲུ་བཞི་པ་རྟ་བབས་བཞིས་བརྒྱན་པ་
མདུང་གིས་འབུགས་པ་དང་། རོ་བསྲེགས་པ་དང་། རུས་པའི་དྲི་དང་། རྣག་གི་དྲི་དང་། བྱིས་པ་ཤི་བ་དང་། སྦྲུལ་གྱིས་ཟོས་པ་དང་། མི་བཟད་པའི་གཡུལ་དང་ལྷག་མ་ཟབ་སྟེ་དུར་ཁྲོད་བརྒྱད་ཀྱིས་རྣམ་པར་བརྒྱན་པ་བསམས་ནས། རྣམ་པ་ལྔས་དང་པོ་མགོན་པོའི་རྣམ་པ་
Vol. 17 · folio 318b
བསྒོམས་ཏེ། ཞུ་བར་གྱུར་པ་ལ་ལྷ་མོའི་གླུས་རབ་ཏུ་སད་པར་བྱས་པའི་མཁའ་འགྲོ་ལྔ་པོ་འཁོར་དང་བཅས་པ་གཡས་བརྐྱང་དང་གཡོན་བརྐྱང་གིས་གནས་པའི་ཤེས་རབ་དང་ཐབས་ཀྱི་རྣམ་པར་བསྒོམས་ནས། ཁམས་དང་ཕུང་པོ་དང་སྐྱེ་མཆེད་བྱིན་གྱིས་བརླབ་པར་བྱའོ། །
ཡེ་ཤེས་ཀྱི་འཁོར་ལོ་རབ་ཏུ་བཅུག་ནས་མངོན་པར་དབང་བསྐུར་ཏེ་བཟླས་པ་ལ་སོགས་པ་བྱའོ། །མངལ་སྐྱེས་སྐུ་ནི་བསྒྲུབ་བྱ་སྟེ། །མཁའ་སྤྱོད་ཉིད་དུ་ཐེ་ཚོམ་མེད། །ཅེས་གསུངས་སོ། །ཕག་མོས་ལྷན་ཅིག་དཔའ་བོ་ནི། །ཧེ་རུ་ཀ་ཡི་དངོས་གྲུབ་སྦྱིན། །ཞེས་པས་སངས་
རྒྱས་ཉིད་བསྒྲུབ་པ་གསུངས་ཏེ། ལྷན་ཅིག་པ་ནི་རོ་མཉམ་དུ་གྱུར་པའོ། །ཧེ་རུ་ཀ་ནི་ཤེས་རབ་ཡེ་ཤེས་ཏེ་ཕྱག་རྒྱ་ཆེན་པོའི་དོན་དུ་བསྒོམ་པར་བྱའོ། །འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་ནི་དཔའ་བོ་གཅིག་པ་ཡང་ན་སྟེ། བླ་མར་ཡང་། དེ་ནས་དཔའ་བོའི་འཁོར་ལོ་
ནི། །རང་གི་ཕྱག་རྒྱས་འཁྱུད་པ་བསམ། །རང་རང་གི་ནི་རྣལ་འབྱོར་མ། །སྙིང་གར་སྦས་པ་རྣམ་བསྒོམ་བྱའོ། །ཞེས་སོ། །རྣལ་འབྱོར་མ་རྣམས་ཁ་ཅིག་འདོད། །རྣལ་འབྱོར་པ་ཁ་ཅིག་མི་འདོད། །ཧེ་རུ་ཀ་དཔལ་གཅིག་པ་ཡི། །ཁ་དོག་ཇི་བཞིན་ཕག་མོ་ནི། །རྣལ་འབྱོར་
མ་ཡི་བདག་པོར་བསམ། །ཐ་དད་དབྱེ་བས་ཕྱེ་བ་ཡི། །ཇི་ལྟར་ཧེ་རུ་ཀ་རྡོ་རྗེ། །དེ་བཞིན་ལྷ་མོ་དབུས་སུ་ནི། །སངས་རྒྱས་མཁའ་འགྲོ་མ་སྦྱོར་བས། །རྣལ་འབྱོར་མ་ཡི་འཁོར་གྱིས་བསྐོར། །དཔའ་བོ་སྐུ་ཡི་རྡོ་རྗེ་ནི། །བྷ་གའི་དབུས་སུ་རྣམ་སྒོམ་བྱེད། །དེ་བཞིན་འཁོར་ལོ་
གསུམ་སྦྱོར་བས། །ཇི་ལྟར་བསམ་གཏན་རིམ་པ་ལས། །ཐ་དད་འཁོར་ལོ་རྣམ་པ་ལྔ། །ཐ་དད་དབྱེ་བས་བསྒོམ་པར་བྱ། །ཞེས་པ་གསལ་ལོ། །ཕྱག་གཉིས་པ་སོགས་རྣམ་བརྩམས་ནས། །ཇི་སྲིད་ཕྱག་ནི་འབུམ་དུ་བཤད། །ཅེས་པ་ལ་སོགས་པའི་སྒྲ་ལས།
གཅིག་ལ་སོགས་པ་མཐའ་ཡས་པའི་ཞལ་དང་ཕྱག་དང་ཞབས་མང་པོ་དང་དུ་མའི་ཁ་དོག་ཏུ་རྟོགས་པར་བྱའོ། །བཤད་པའི་རྒྱུད་དུ་ཡང་། ཇི་ལྟར་གནས་བརྒྱུད་པའི་རིམ་པ་མངོན་པར་བརྗོད་པ་འབུམ་པའི་རྗེས་སུ་འབྲངས་ནས་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ལེའུར་
Vol. 17 · folio 319a
རྡོ་རྗེ་སེམས་དཔས་གསུངས་པ་དང་། གཞན་ཡང་རྡོ་རྗེ་མཁའ་འགྲོས་མངོན་པར་བརྗོད་པ་གསུངས་སོ་ཞེས་སོ། །དེ་ཉིད་དུ། ཇི་ལྟར་བླ་མའི་བཀའ་འདོད་བཞིན། །གནས་ཀྱི་གཞུང་ལུགས་དེ་བཞིན་ནོ། །ཇི་ལྟར་བསམ་པའི་བྱེ་བྲག་གིས། །རྣལ་འབྱོར་
མ་ཡི་དཀྱིལ་འཁོར་བསྒོམ། །ཞེས་པས་གསལ་ལོ། །ལུས་དཀར་འཇིགས་བྱེད་རྣམ་པ་སྟེ། །མགོ་བོ་ཕྲེང་བས་རྣམ་པར་བརྒྱན། །རྡོ་རྗེ་ཕག་མོ་ལ་གཟིགས་པ། །དེ་ཡི་ཁ་དོག་མཚོན་ཆ་འཆད། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །
རལ་པའི་ཅོད་པན་དར་དཔྱངས་དང་། །མདུང་དང་རྡོ་རྗེ་བསྣམས་པའོ། །ཅུང་ཟད་མཆེ་བ་གཙིགས་པའི་ཞལ། །ཡི་དགས་ཆེན་པོ་གདན་དུ་བྱས། །རྣལ་འབྱོར་ཆོ་ག་བཞིན་ཤེས་ནས། །དུས་ཀུན་དུ་ནི་བསྒོམ་པར་བྱ། །ཞེས་པས་ཕྱག་བཞི་པ་བསྒོམ་པ་གསུངས་
སོ། །ཆོ་ག་བཞིན་ཞེས་པ་ནི་བཤད་པའི་རྒྱུད་དུ་གསུངས་པ་འདི་ལྟ་སྟེ། ཟླ་བའི་ཁ་དོག་དང་མཚུངས་པ། །དེ་བཞིན་དམར་པོ་འབར་བས་འཁྲུགས། །སངས་རྒྱས་ཕྲེང་བས་རྣམ་པར་སྤྲས། །རྒྱན་ཀུན་གྱིས་ནི་བརྒྱན་པའོ། །ཞལ་བཞི་པ་ལ་ཕྱག་བཞི་པ། །ཞེས་སོ། །
ཀླུའི་བློའི་ཞབས་ཀྱིས་ཀྱང་གསུངས་པ། ཞལ་གཅིག་པ་ལ་ཕྱག་གཉིས་ནི། །ཡུད་ཙམ་ཉིད་ཀྱིས་རང་གི་ལྷ། །པདྨ་ཟླ་བ་མཉམ་པའི་གདན། །འོད་ཀྱི་དཀྱིལ་འཁོར་གྱིས་མཛེས་པ། །ཞེས་སོ། །དང་པོའི་མགོན་པོ་དེ་བཞིན་དུ། །ཞལ་གསུམ་ཕྱག་དྲུག་ཞི་བ་སྟེ། །སྤྱན་
གསུམ་ཐུགས་རྗེ་ཡི་ནི་གནས། །སྣ་ཚོགས་ཆུ་སྐྱེས་ཟླ་དབུས་གནས། །སྟོང་ཉིད་ཡེ་ཤེས་ཡང་དག་འབྱུང་། །རལ་པ་བཅིངས་པ་ཟླ་ཕྱེད་དང་། །ཐོད་པའི་ཅོད་པན་དབུ་རྒྱན་ཅན། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །རྡོ་རྗེ་སྐྱིལ་ཀྲུང་གིས་ལེགས་གནས། །རང་
སྣང་རིག་མའི་ལུས་སྦྱོར་གནས། །ཐུགས་རྗེ་ཆགས་པས་ཤིན་ཏུ་བདེ། །དཀར་པོ་སྔོན་པོ་དམར་པོའི་ཞལ། །རྣམ་ཐར་གསུམ་གྱི་རང་བཞིན་སྐྱེས། །རྡོ་རྗེ་དྲིལ་བུ་སྙོམས་འཇུག་པ། །ལྷ་མོའི་ནུ་མ་འཚིར་བར་བྱེད། །རྡོ་རྗེ་མདུང་དང་ཐོད་པ་དང་། །ཁ་ཊྭཱཾ་ག་དང་མགོ་བོ་འཆང་། །
Vol. 17 · folio 319b
ཞེས་སོ། །ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་ཅན། །རྒྱན་རྣམས་ཀུན་གྱིས་བརྒྱན་པའོ། །ཞེས་པ་ནི། ཁ་སྦྱོར་དུ་ཞལ་བཞི་པ། །ཕྱག་བཅུ་གཉིས་པ་ཡང་ན་སྟེ་རྣམ་པའོ། །དེ་བཞིན་དུ་ཡང་བླ་མར། །དེ་ཡི་ནང་དུ་འཁོར་ལོ་ནི། །རྩིབས་བརྒྱད་དཀར་
པོའི་ཁ་དོག་ཅན། །དེ་ཡི་དབུས་སུ་པདྨ་ཆེ། །ཁ་དོག་སྣ་ཚོགས་འདབ་བརྒྱད་པ། །ཟེ་འབྲུར་གེ་སར་གྱིས་འཁྲུངས་པ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པའི། །རྡོ་རྗེ་སེམས་དཔའ་རིགས་བཅས་སྐྱེས། །དཀར་དང་སེར་དང་དེ་བཞིན་དམར། །ལྗང་
གུ་ཞལ་བཞི་བཞི་པ་དང་། །དགོད་དང་དྲག་པོ་རྣམ་པར་གཙིགས། །མཆོག་ཏུ་གཙིགས་པས་འཇིགས་པར་བྱེད། །རྡོ་རྗེ་དྲིལ་བུ་སྙོམས་འཇུག་པ། །མདུང་དང་དགྲ་སྟ་ཅང་ཏེའུ། །གྲི་གུག་ཐོད་པ་ཁ་ཊྭཱཾ་ག །ཚངས་པའི་པགས་པ་གོས་སུ་གྱོན། །ཞགས་པ་ཚངས་
པའི་མགོ་བོ་ཉིད། །བཅུ་གཉིས་ཕྱག་གིས་དེ་བཞིན་ནོ། །སེམས་དཔའི་སྐྱིལ་ཀྲུང་གིས་གནས་པ། །ཐོད་པའི་ཅོད་པན་དབུ་རྒྱན་ཅན། །རྒྱན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་དང་དཔེ་བྱད་དང་ལྡན་པ། །ཐུགས་ཀར་ཡེ་ཤེས་དམ་ཚིག་སྟེ། །ཅོད་པན་རྡོ་རྗེ་
འཛིན་པའོ། །ཇི་ལྟར་ཐབས་བཞིན་ཤེས་རབ་འདྲའོ། །ཕྱག་རྒྱ་ལྔ་ཡིས་བྱིན་གྱིས་བརླབས། །རིགས་ཀྱི་དབྱེ་བས་ཕྱེ་བ་ཡིས། །རྡོ་རྗེ་དབྱིངས་དབང་ཕྱུག་མ་མཆོག །བདེ་ཆེན་ཐབས་ཀྱི་སྦྱོར་བ་ཡིས། །སྐུ་གཉིས་ཞུ་བར་གྱུར་པ་དང་། །དེ་མ་ཐག་ཏུ་བཞེངས་པ་
ཡི། །སྐུ་ཡི་མཁའ་འགྲོ་འཁོར་དང་བཅས། །ཞེས་སོ། །དཔའ་བོ་རྣལ་འབྱོར་མ་ལྷན་ཅིག །གཡས་བརྐྱང་བ་དང་གཡོན་བརྐྱང་གནས། །དཀར་སྔོ་སེར་དང་དམར་བའི་ཞལ། །རྡོ་རྗེ་དྲིལ་བུས་འཁྱུད་པའི་ཕྱག །སྔར་གྱི་ཞལ་སོགས་རིམ་པ་ཡིས། །ཕྱག་ནི་མཚན་
མ་འཛིན་པའོ། །ཞེས་སོ། །དེ་བཞིན་དུ་གསུང་གི་འཁོར་ལོ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱང་རྟོགས་པར་བྱའོ། །སྒྲ་ཇི་བཞིན་པའོ། །དེ་ནས་རྣལ་འབྱོར་ཆེས་མཆོག་ཏུ། །བསྔགས་པའི་རྣལ་འབྱོར་ཀུན་དུ་མིན། །ཞེས་པ་ནི་ཆེ་བ་གསུངས་པ་སྟེ། སྒྲ་ཇི་བཞིན་
Vol. 17 · folio 320a
ནོ། །བསྐྱེད་པའི་བྱེ་བྲག་གི་ཆོ་གའོ། །བཟའ་བྱ་ཉ་ཤ་ལ་སོགས་ཀྱིས། །དེ་བཞིན་སྒྲོན་མ་ལྔ་སོགས་ཀྱིས། །མཚན་མ་ལ་ནི་རྟག་ཏུ་བྱ། །སྒྲུབ་པོ་སྟོན་མོའི་དངོས་གྲུབ་ནི། །ཞེས་ཏེ། སྒྲོན་མ་ལ་སོགས་པ་ནི་གོ་ཀུ་ད་ཧ་ན་རྣམས་ཏེ་དགོངས་པའོ། །
དེ་ནས་ཕོ་ཉ་མོ་སྦྱིན་བྱ། །པང་དུ་མགོ་བོ་མངོན་བྱས་ནས། །མའམ་སྲིང་མོའམ་བུ་མོ་ཡིས། །དཔའ་བོ་གཉིས་མེད་མཆོད་བྱས་ཏེ། །ཞེས་ཏེ་མགོ་བོ་ནི་ཐོད་པའོ། །པང་པར་སྦྲང་རྩིས་བཀང་བ་ཐོགས་ནས་ཤེས་རབ་མ་ལ་སྦྱིན་པར་བྱའོ། །སྔར་གསུངས་པ་ཡི་ཆོ་
ག་ཡིས། །བཅིངས་པ་ལེགས་པར་གྲོལ་བར་བྱ། །དེ་ནས་སྔགས་འདིས་འགྲུབ་འགྱུར་ཏེ། །ཇི་སྲིད་སྡུད་གཡེང་ཡོད་པར་དུ། །ཞེས་ཏེ། འཆིང་བ་ནི་རྗེས་སུ་འབྲེལ་པ་སྟེ་ཤེས་རབ་མ་ལའོ། །ལེགས་པར་གྲོལ་བ་ནི་སངས་རྒྱས་པའི་གྲོལ་བའོ། །བུད་མེད་
ཐམས་ཅད་རིགས་གཅིག་པར་བགེགས་བྱེད་པ་ཡིན་པ་དང་། དེ་རྣམས་ཀྱི་རྟོགས་བྱ་དང་རྟོགས་པ་ཉིད་ཡོད་པའི་ཕྱག་རྒྱ་རྣམས་ཀྱི་དངོས་གྲུབ་བོ། །དེ་ནས་ཇི་ལྟར་རང་གིས་ནུས་པ་ལ་གཤེགས་པ་རྣམས་ཀྱིས་དང་། གནས་པ་རྣམས་ཀྱིས་ཀྱང་སྤང་བར་བྱ་བ་མ་
ཡིན་པ། རང་གི་བུ་རྣམས་ཀྱིས་ནམ་ཞིག་ཆགས་པ་གང་ཁོ་ནས་སེམས་ཅན་རྣམས་ལྟུང་བར་བྱེད་པ་དེ་ཁོ་ནས་རྣལ་འབྱོར་པ་སྲིད་པའི་ཕ་རོལ་དུ་འགྲོའོ་ཞེས་སོ། །སྡུད་ཅིང་ཀུན་དུ་གཡེང་བ་ནི་འཁོར་བས་ཏེ་གསལ་ལོ། །སློབ་དཔོན་ལུས་སུ་གནས་པའི་ཆེད། །
སྔགས་པ་རྣམས་ལ་མཆོད་པ་ལེན། །དཔའ་བོ་རྣམས་ཀྱི་གདན་ཉིད་དང་། །ཕྱག་རྒྱ་དེ་ལ་ཐེ་ཚོམ་མེད། །ཅེས་ཏེ། སློབ་དཔོན་ནི་སྒྲུབ་པའོ། །དེའི་ལུས་ཏེ་བདག་ཁོ་ན་དཔའ་བོ་རྣམས་ཀྱི་སྟན་དང་ཕྱག་རྒྱ་ཡིན་པ་དེའི་ཕྱིར་ཡང་མཆོད་པར་བྱ་བ་ཉིད་དོ། །དགོངས་
པའོ། །སྒྲུབ་པོ་ལེགས་པར་མཉམ་གཞག་པས། །གླུ་དང་གར་ལ་སོགས་པ་བྱ། །ཇི་སྲིད་ལུས་ཅན་ཐམས་ཅད་ཀྱང་། །རྣལ་འབྱོར་ཤེས་པར་མ་གྱུར་པ། །དེ་སྲིད་འཁོར་བར་འཁྱམ་བྱེད་ཅིང་། །སྡུག་བསྔལ་མྱ་ངན་གྱིས་གཡེངས་འགྱུར། །ཞེས་པས་
Vol. 17 · folio 320b
རོལ་པ་གསུངས་ཏེ། བླ་མར་ཡང་། རྣལ་འབྱོར་མ་རྣམས་མཉེས་བྱེད་པའི། །གླུ་ལ་མཁས་པས་སྨད་མི་བྱ། །ཞེས་སོ། །རྣལ་འབྱོར་ཞེས་པ་ནི་རྣལ་འབྱོར་རང་གི་སྟོང་པ་ཉིད་དང་སྙིང་རྗེ་ཐ་དད་མེད་པའོ། །ཤེས་པར་བྱེད་པ་མ་ཡིན་པའོ། །ཞེས་སོ། །གསུངས་
པ་ཡང་རང་གི་སེམས་ཡོངས་སུ་ཤེས་པ་ཁོ་ན་བྱང་ཆུབ་བོ། །དགོངས་པའོ། །སྒྲུབ་པོས་དངོས་པོ་ཐམས་ཅད་ཀྱིས། །ཕྱག་རྒྱ་ནུས་པས་མཆོད་པར་བྱ། །མཆོད་པས་མཆོད་པར་འོས་པ་སྟེ། །བརྙས་པས་ངེས་པར་སྲེག་པར་བྱེད། །ཕྱག་རྒྱ་མོ་ཅི་ཡང་ངོ་། །དྲང་བའི་
དོན་ཏོ། །ཕྱག་རྒྱ་མཆོད་པ་ནི་དག་ཅིང་གསལ་བ་སྟོན་ཀའི་དྲི་མ་མེད་པའི་ནམ་མཁར་སྣང་བ་བསྒོམ་པར་བྱའོ། །དངོས་པོ་ཐམས་ཅད་ཀྱིས་ནི་རང་བཞིན་མེད་པའི་སྲིད་པ་སྒོམ་པར་བྱེད་པས་སོ། །ངེས་པར་སྲེག་པར་བྱེད་ནི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཞེས་པ་ལ་འཇིགས་
པ་དང་སྨྱོ་བ་ལ་སོགས་པས་གཟིར་བར་བྱེད་དོ། །ངེས་པའི་དོན་ཏོ། །རྣལ་འབྱོར་རྒྱུད་དུ་མི་རྣམས་ཀྱིས། །ཕྱག་རྒྱ་ཆེན་པོ་དང་པོ་འགྲུབ། །རབ་ཏུ་འབད་པས་མཆོད་པར་བྱ། །ཕྱི་ནས་དཔའ་ཉིད་ཀུན་དུ་དཔྱད། །ཅེས་པས་བསྔགས་པ་གསུངས་སོ། །དང་པོ་
འགྲུབ་པ་ནི་ཐོག་མ་མེད་པའི་སྲིད་པར་འགྲུབ་པ་ནི་ཕྱག་རྒྱ་ཆེན་པོ་དང་ལས་ཀྱི་ཕྱག་རྒྱ་ཐམས་ཅད་རྫོགས་པའོ། །དྲང་བའི་དོན་ཏོ། །དང་པོ་ནི་ལྷན་ཅིག་སྐྱེས་པ། །དེས་འགྲུབ་པ་ནི་རྫོགས་པའོ། །ཕྱག་རྒྱ་ཆེན་པོ་ནི་ཤེས་རབ་མའོ། །ངེས་པའི་དོན་ཏོ། །རྣལ་འབྱོར་རྒྱུད་རྣམས་
སུ་ནི་འདུས་པ་ལ་སོགས་པ་རྣམས་སུའོ། །སྐུ་གསུང་ཐུགས་ནི་ཡང་དག་འགྲུབ། །སངས་རྒྱས་གཟུགས་ནི་འཆང་བའི་མཆོག །འཛམ་བུ་ནཱ་དའི་འོད་བཞིན་དུ། །དམན་པའི་དངོས་གྲུབ་ཡང་དག་བསྟེན། །ཞེས་སོ། །དཔལ་འདུས་པར་གཟུགས་སྣ་ཚོགས་དང་། སྒྲ་
སྣ་ཚོགས་དང་། བསམ་པ་སྣ་ཚོགས་པའི་དོན་ཐོབ་པ་ནི་སངས་རྒྱས་མཁའ་འགྲོ་མ་རྣམས་སོ། །དེ་རྣམས་ཀྱི་གཟུགས་ཙམ་འཆང་བ་དམན་པ་འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་སོ་ཞེས་པའི་དོན་ཏོ། །དེ་ལྟར་མཆོད་པའི་ཆོ་གས། ཞི་བ་ལ་སོགས་པ་གང་ཡང་། །
Vol. 17 · folio 321a
ཉོན་མི་མོངས་པ་ཁོ་ནས་འགྲུབ། །སྒྲུབ་པ་པོ་ཡིས་ཐེ་ཚོམ་མེད། །ཅེས་ཏེ། མཆོད་པ་སྟེ་སྔོན་དུ་འགྲོ་བ་ཅན་གྱི་ལས་ཀྱི་བྱ་བ་དེ་དོན་དུ་གཉེར་བས་སོ་ཞེས་པ་སྒྲ་ཇི་བཞིན་པའོ། །གསང་བའི་མཆོད་པའི་ཆོ་གའོ། །དེ་ནས་འདི་ལས་མཁའ་འགྲོ་མའི། །
དྲ་བའི་འཁོར་ལོའི་ཆོག་རྒྱས་བཤད། །གང་དུ་ལས་རྣམས་མྱུར་བར་ནི། །སྒྲུབ་པ་པོ་ཡིས་ཐེ་ཚོམ་མེད། །ཅེས་པས་སྔགས་ཀྱི་གཟུགས་བརྙན་གྱི་བསམ་གཏན་གསུམ་ཏེ། རྒྱས་པར་ང་ཡིས་འཆད་པར་བྱེད། །ཅེས་རྟོགས་པར་བྱའོ། །འདིར་རྩ་བའི་རྒྱུད་ཀྱི་རྗེས་
སུ་འབྲངས་ནས་ཆོས་ཀྱི་ཕྱག་རྒྱ་སྔགས་དགོད་པར་རྟོགས་པར་བྱའོ། །དཔའ་བོ་ཀུན་དང་ཕག་མོ་ནི། །པདྨའི་ལྟེ་བར་ངེས་པར་སྦྱར། །འདབ་མ་བཞི་ལ་མཁའ་འགྲོ་མ། །ཕྱོགས་བྲལ་རྣམས་སུ་བདུད་རྩིའི་སྣོད། །ཅེས་ཏེ། དཔའ་བོ་ཐམས་ཅད་ནི་དེ་བཞིན་
གཤེགས་པ་ལྔའི་བདག་ཉིད་ཅན་ཧཱུཾ་ཡིག་གོ། །ཕག་མོ་ནི་ནཱ་དའི་བདག་ཉིད་ཅན་ནོ། །མཁའ་འགྲོ་མ་ནི་བཞི་སྟེ། །དེ་རྣམས་ཀྱི་མིང་གི་དང་པོར་གནས་པའི་ས་བོན་ཡང་ནའོ། །བདུད་རྩིའི་སྣོད་ནི་ཁུ་བ་ལ་སོགས་པས་ཡོངས་སུ་གང་བའི་ཐོད་པ་ཡང་ནའོ། །བླ་མར་
ཡང་། ཨཾ་ཨཱཾ་ཨིཾ་ཨཱིཾ་ཨུཾ་ཨེཾ་ཨཻཾ་ཨོཾ་ཨཽཾ་ཨཾ་ཨཿལུས་ཀྱི་དབུས་སུའོ། །རྀ་རཱྀ། ལྀ་ལཱྀ། ཕྱོགས་བྲལ་རྣམས་སུའོ། །ཀཾ་ཁཾ་གཾ་གྷཾ་ངཾ་། ཙཾ་ཚཾ་ཛཾ་ཛྷཾ་ཉཾ། ཊཾ་ཋཾ་ཌཾ་ཌྷཾ་ཎཾ། ཏཾ་ཐཾ་དཾ་དྷཾ་ནཾ། པཾ་ཕཾ་བཾ་བྷཾ་མཾ། ཡཾ་རཾ་ལཾ་ཝཾ། ཤཾ་ཥཾ་སཾ་ཧཾ། ཐུགས་ལ་སོགས་པ་སྟེ། ཐུགས་ཀྱི་
འཁོར་ལོ་རྣམས་སུ་ཁ་དོག་དཀར་པོ་སྟེ། འདི་ཀུན་མཆོག་ཏུ་གསང་ཆེན་ཏེ། །གང་སུ་ལ་ཡང་བཤད་མི་བྱའོ། །ཞེས་པ་དྲང་བའི་དོན་ཏོ། །དཔའ་བོ་ཐམས་ཅད་ནི་ལྷན་ཅིག་སྐྱེས་པ། ཕག་མོ་ནི་སྟོང་པ་ཉིད། པདྨའི་ལྟེ་བ་ནི་ཆོས་ཀྱི་དབྱིངས་སུ་ངེས་པར་
སྦྱར་བར་བྱ་བ་ནི་དེ་དག་ཟུང་དུ་འཇུག་པའི་མཚན་ཉིད་དུ་ཤེས་པར་བྱའོ། །ངེས་པའི་དོན་ཏོ། །འབར་ཕྲེང་རྒྱ་མཚོར་བལྟ་བར་བྱ། །ཀུན་ནས་སྒོ་ཡི་འཁོར་ལོ་སྟེ། །དཔའ་བོའི་དབང་པོ་ཞལ་བཞི་པ། །དཔའ་བོ་དཔའ་མོ་གནས་དེ་བཞིན། །ཞེས་པས་དེ་ཁོ་ན་
Vol. 17 · folio 321b
ཉིད་ཀྱི་བསམ་གཏན་གསུངས་ཏེ། འབར་ཕྲེང་རྒྱ་མཚོ་ནི་འོད་ཟེར་ལྔས་ཡོངས་སུ་དཀྲིས་པའོ། །དེའི་འཁོར་ལོ་ནི་ཕུང་པོ་ལ་སོགས་པ་རྒྱལ་བའི་ཚོགས་ལུས་ཁོ་ནས་བལྟ་བར་བྱའོ། །ནམ་མཁའི་དབྱིངས་ནི་དེ་དངོས་སུ་བྱེད་པའི་ཕྱིར་ཀུན་ནས་སྒོ་སྟེ་
ཀུན་ནས་ཁྱབ་པའོ། །ཡེ་ཤེས་ཀྱི་སྐུ་ནི་ཞལ་བཞི་པ་སྟེ། སྐུ་བཞིའི་བདག་ཉིད་ཅན་ནོ། །དཔའ་བོའི་དབང་པོ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་གཙོ་བོའོ། །དཔའ་བོའི་སྤྱན་ལ་སོགས་པ་རྣམས་ཀྱིས་མཚོན་པ་དཔའ་བོའོ། །གནས་ཏེ་རྣམ་
པར་དག་པའི་སོ་དང་སེན་མོ་ལ་སོགས་པ་ཐོད་པའི་དུམ་བུ་ལ་སོགས་པ་ཤེས་རབ་དང་བཅས་པ་མཚོན་པའོ། །གསུངས་པ་ཡང་། ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེ་སྤུ་ནི་གཅིག་པུའི་ལུས། །སེན་མོ་སྐྱེས་པ་རྡོ་རྗེ་རྩེ། །རྡོ་རྗེ་སྙིང་པོ་པགས་པ་མཁྲེགས་
དཔལ་འདུས་པར་ཡང་གསུངས་པ། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །ཞེས་མཐར་དྲུག་ཏུ་གདོན་མི་ཟ་བའི་དོན་ཏོ། །འོད་ཟེར་ལྔ་དང་ལྡན་པ་ནི་སྒྱུ་མའི་ལུས་ཀུན་
རྫོབ་ཀྱི་བདེན་པའི་རང་བཞིན་ཅན་གྱི་གཟུགས་སོ། །ཐམས་ཅད་སྟོང་པ་འདི་རང་གི་ལུས་སུ་རབ་ཏུ་གཞུག་པར་བྱ་ཞིང་། གཅིག་ཏུ་འདྲེས་པར་གྱུར་པ་ལས་ཉིན་དང་མཚན་མོར་དེ་ལས་རིམ་པས་བརྟན་པར་གྱུར་པ་ལ་སྲིད་པ་དང་ཞི་བའི་བདག་ཉིད་རྒྱལ་
བར་འགྱུར་རོ་ཞེས་པ་དགོངས་པའོ། །སྔགས་ཀྱི་དེ་ཉིད་བཤད་པ་ལའོ། །ད་ནི་འཇིག་རྟེན་ལས་འདས་པའི་སྦྱིན་སྲེག་གསུངས་པ། སྨིན་མའི་དབུས་སུ་གཞུག་པར་བྱ། ཨ་ཝ་དྷཱུ་ཏཱིའི་གནས་དེ་བཞིན། །དཔའ་བོ་འཆོལ་བའི་ཞལ་གྱི་མེར། །སྦྱར་བྱ་ནམ་
ཡང་གཞན་དུ་མིན། །ཞེས་བྱ་བ་ལ་སོགས་པས་སོ། །རྒྱུད་དུ་ཡང་། སྨིན་དབུས་ཟླ་བ་པདྨ་ཡིན། །བཅུ་དྲུག་གིས་ནི་དེ་བསྐོར་བའོ། །དང་པོའི་དབྱངས་ཡིག་ཡང་དག་ལྡན། །བསམས་ནས་སྐད་ཅིག་དེ་ལ་འབར། །ཞེས་སོ། །ཧཾ་ཨཱཿཧཱུཾ་སྐུ་གསུང་ཐུགས་
Vol. 17 · folio 322a
རྣམས་སུ་བསྒོམས་ནས་ལྟེ་བར་ནཱ་ད་དམར་པོ་རྣམ་པར་བསྒོམས་ཏེ་དེའི་འོད་ཟེར་གྱིས་ཞུ་བའི་བདེ་བ་བསྒོམ་པར་བྱའོ་ཞེས་པ་ངེས་དོན་ཏོ། །དཔའ་བའི་ཞབས་འདོད་པ་ལ་ལྟེ་བར་ཉི་མ་དང་ཟླ་བ་ལ་ཐིག་ལེའི་རི་མོས་དབྱངས་ཀྱི་ཡི་གེ་གསུམ་གྱིས་
དཀྲིས་ནས། དཀར་པོ་ཕྱེད་དང་དགའ་བ་ཕྱེད་ཀྱི་མཐར་རོ་ཞེས་དྲང་བའི་དོན་ཏོ། །གཞུག་པར་བྱ་ཞེས་པ་ནི་དཔྲལ་བའི་ཐིག་ལེར་སྲོག་རྩོལ་གྱིས་སྲོག་རབ་ཏུ་གཞུག་པའོ། །ཨ་ཝ་དྷཱུ་ཏཱིའི་གནས་ནི་གཏུམ་མོ་ཅན་དུ་ཞུགས་པ་དེ་ལས་འགྱུར་རོ། །དཔའ་བོ་འཆོལ་བའི་ཞལ་
གྱིས་མེ་སྦྱར་བྱ་གཞན་དུ་མིན་ནི་ཕུང་པོ་ལ་སོགས་པ་རྣམས་སོ། །གཞན་དུ་མིན་ནི། བ་ལང་ཤ་དང་ཁྲག་ཕྲེང་སོགས། །བསྲེག་བྱ་ལྔ་དག་རབ་ཏུ་སྦྱིན། །ཕྱི་ནས་སྲེག་ཟ་འབར་བ་ལ། །སྲེག་བླུགས་དགུ་ནི་སྦྱིན་པར་བྱ། །ཞེས་པའི་སྲེག་བླུགས་
དགུ་ནི་ཡུལ་དང་དབང་པོ་ཟད་པ་ལས་ཕུང་པོ་དང་ཁམས་དག་གོ། །དེའི་ཕྱི་ནས་འབར་བ་ལ་ནི་ལ་ལ་ནཱ་དང་ར་ས་ནཱ་གཅིག་ཏུ་སྦྱོར་བ་ལས་སོ། །གསུངས་པ་ཡང་འཛིན་པའི་མཐར་གཏུམ་མོའི་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་པས། ཉེ་བར་བསྟན་པ་དེ་ལས་ལྟེ་
བར་བུམ་པ་ཅན་བྱས་ནས་གཡོ་བ་མེད་པར་བྱའོ་ཞེས་པའོ། །སྲེག་ཟ་ནི་འོད་གསལ་བའི་མེ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་ལུས་དང་། ངག་དང་། སེམས་རང་བཞིན་མེད་པར་བྱའོ་ཞེས་པ་ངེས་པའི་དོན་ཏོ། །འདི་དག་སྦྱིན་སྲེག་མདོར་བསྟན་པ་སྟེ།
དངོས་གྲུབ་ཐམས་ཅད་རབ་སྒྲུབ་བྱེད། །མཁའ་འགྲོ་མ་གཞན་སྦྱོར་བ་ཡིས། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །ཅེས་པ་འདིས་ཕན་ཡོན་གསུངས་སོ། །སྦྱིན་སྲེག་གི་དེ་ཁོ་ན་ཉིད་དོ། །དགོངས་པའོ། །དེ་བཞིན་དུ་ཡང་། ལྟེ་བའི་པདྨའི་ཐབ་ཆེན་པོ་
ལས་ཀྱི་རླུང་གིས་སྦར་བའི་གཏུམ་མོ་ཤེས་རབ་ཀྱི་མེ་དེ་ལ་ཐེ་ཚོམ་མེད་པར་སྦྱིན་པར་བྱའོ། །དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་གོ། །འདོད་པ་ཐམས་ཅད་སྐྱེད་བྱེད་པ། །ཇི་ལྟར་ལྷ་འཁོར་རྣམས་སུ་མཚོན། །མཆོད་པ་གཉིས་མེད་སྦྱོར་བ་ཡིས། །ལས་རྣམས་སོ་སོར་ལེགས་སྦྱར་བ། །
Vol. 17 · folio 322b
གང་འདིར་དངོས་བྱེད་པ་ཡི་སྔགས། །དེ་རྣམས་དབྱེ་བ་ང་ཡིས་བཤད། །ཁ་དོག་ཕོ་ཉ་སོགས་གང་སྔགས། །མདའ་ཡི་ཤུགས་ཀྱིས་ཡོངས་སུ་འཁོར། །ཕན་ཚུན་སྦྱར་བའི་གསང་སྔགས་ནི། །རྣམ་སྣང་གིས་ནི་ཕྱེ་བ་ཉིད། །ས་བོན་ཕྲེང་བ་སྤེལ་བ་ནི། །ཧཱུཾ་ཡིག་མཐར་ནི་
རབ་ཏུ་གནས། །ཞེས་པ་འདི་རྣམས་ཀྱིས་བཟླས་པ་གཞན་གསུངས་སོ། །ཐམས་ཅད་ཅེས་པ་ཞལ་གཅིག་པ་ལ་སོགས་པའི་སྔགས་སོ། །གཉིས་མེད་སྦྱོར་བ་ཡིས་ནི། །ཤེས་རབ་མ་ལྷན་ཅིག་པས་དཔའ་བོའི་སྔགས་དང་སྤེལ་བ་ལ་སོགས་པ་དང་ལྷན་ཅིག་པ་
ལས་ཀྱི་རྗེས་སུ་འབྲང་བས་སོ་ཞེས་པ་སྒྲ་ཇི་བཞིན་པའོ། །སྔགས་ནི་ཕྲེང་བའི་སྔགས་རྐང་པ་ཉི་ཤུ་རྩ་བཞི་པའོ། །དབྱེ་བ་ནི་ཡོངས་སུ་ཕྱེ་བ་བཤད་པར་བྱའོ། །ཁ་དོག་ནི་དཀར་པོ་ལ་སོགས་པའོ། །ཕོ་ཉ་མོ་ལ་སོགས་པ་ནི་རབ་གཏུམ་མོ་ལ་སོགས་པ་དང་ལྷན་ཅིག་པའོ། །མདའི་
ཤུགས་ནི་རླུང་གི་ཤུགས་ཀྱིས་སོ། །ཡོངས་སུ་འཁོར་ནི་འབབ་པའི་དབང་གིས་མཚོན་པར་བྱའོ། །རྣམ་པར་སྡང་བས་ནི་མ་རུངས་པའི་ལས་རྣམས་སོ། །ས་བོན་ཕྲེང་བ་ནི་ཤེས་རབ་དང་ཐབས་ཀྱི་སྔགས་ཀྱི་ཕྲེང་བའོ། །ཧཱུཾ་ཡིག་ནི་མཐར་བཟླས་པར་བྱའོ། །ནི་ཡིག་ནི་མ་བརྗོད་
པ་བསྡུ་བ་ལ་སྟེ། དེས་ནི་ཨོཾ་ཡིག་དང་པོར་དང་ཕཊ་ཡིག་ལ་སོགས་པ་མཐར་ཤེས་པར་བྱའོ། །སྔོན་པོ་ལ་སོགས་པའི་ཁ་དོག་ཀྱང་ངོ་། །གསུངས་པ་ཡང་དེ་ལྟར་ཕྲེང་བའི་སྔགས་ཀྱི་རྐང་པ་སོ་སོར་དབུགས་ཀྱི་འཁོར་ལོའི་གྲངས་སོ། །འདིར་བགྲང་ཕྲེང་མེད་ཅིང་
སྔགས་བརྗོད་པ་མེད་དེ་དབུགས་འཇུག་པ་དང་འབྱུང་བ་དག་དང་ལྷན་ཅིག་སྔགས་ཀྱི་ཡི་གེ་རྣམས་རབ་ཏུ་འཇུག་པ་དང་འབྱུང་བ་མེ་ཏོག་གི་ཕྲེང་བ་བཞིན་དུ་ཟླ་བ་དང་ཉི་མའི་རང་བཞིན་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པས་བལྟ་བར་བྱའོ། །དེ་ལྟར་ཉིན་ཞག་
བརྒྱ་ཕྲག་བཅོ་ལྔ་རྣམས་ཀྱིས་དབུགས་གཡོ་བ་མེད་པ་བུམ་པ་ཅན་གྱི་གནས་སྐབས་སུ་འགྱུར་རོ། །དེ་ནས་མངོན་པར་ཤེས་པ་ལྔར་འགྱུར་རོ་ཞེས་པ་དགོངས་པའོ། །བསྒྲུབ་བྱ་འགོག་པས་འགྱུར་བ་ནི། །གོམ་པ་གཅིག་ཀྱང་མི་འགྲོའོ། །ཁ་སྦྱོར་ཁ་སྦྱོར་ཅན་དངོས་པོ། །རྡོ་རྗེ་
Vol. 17 · folio 323a
ལུ་གུ་རྒྱུད་བཅིངས་པ། །ཞེས་པས་ཕན་ཡོན་གསུངས་སོ། །འགོག་པས་ནི་དཀྱིལ་འཁོར་བཅུ་པོ་རྣམས་སུའོ། །བསྒྲུབ་པར་བྱ་བ་ནི་རླུང་སྟེ་དཔྲལ་བར་གནས་པ་གསང་བར་ཕྱིན་པའོ། །མི་འགྲོའོ་ནི་ཟེ་འབྲུ་ལས་གཞན་དུ་སྟེ། བདེ་བ་ཉི་མར་རབ་ཏུ་ཞུགས་
པར་འགྱུར་ཏེ་འཛིན་པའི་ཡན་ལག་གིས་སོ། །བླ་མར་ཡང་། སྲོག་གི་རྩོལ་བའི་འཁྲུལ་འཁོར་ཉིད། །བསམས་ནས་སྐད་ཅིག་དེ་ལས་འབར། །ཞེས་སོ། །ཁ་སྦྱོར་ཅན་ནི་ཁ་སྦྱོར་མ་ཡིན་པ་ཁ་སྦྱོར་ཅན་དུ་གྱུར་པ་སྟེ། ཁུ་བ་དང་རྡུལ་དག་གོ། །རྡོ་རྗེ་མཁའ་འགྲོར་ཡང་། ཤེས་
རབ་ཐབས་ནི་མཉམ་པར་སྦྱོར། །ཁ་སྦྱོར་ཅན་ཞེས་མངོན་བརྗོད་བྱ། །ལག་པ་དག་གིས་ཀུན་དུ་འཁྱུད། །རྡོ་རྗེ་ལུ་གུ་རྒྱུད་དུ་བརྗོད། །ཅེས་ཏེ་དགོངས་པའོ། །འདི་རྣམས་རྡོ་རྗེས་དབྱེ་བྱ་ཞིང་། །དེ་ནས་བུང་བ་འཁོར་བར་བྱ། །དེ་ལ་ལྕགས་ཀྱུ་འགུགས་བྱེད་ལ། །དེ་བཞིན་
གཏུན་ཤིང་སྐྱེད་བྱེད་ལ། །ཟ་ལ་རྡོ་རྗེ་ཁོ་ནར་བརྗོད། །འབུགས་ལ་མདའ་ནི་ཁོ་ན་དང་། །དུས་མིན་འཆི་བ་བསླུ་བ་ལ། །ནུ་མར་ཁ་ཊྭཱཾ་ག་སྦྱར་བྱ། །ཞེས་པས་དུས་སུ་འཆི་བ་བསླུ་བ་གསུངས་སོ། །རྡོ་རྗེ་སྟེ་ཕོ་དབང་གིས་བུད་མེད་ཀྱི་པདྨ་བྱེ་བར་བྱའོ། །བཤད་པའི་རྒྱུད་དུ་ཡང་། རྡོ་རྗེ་པདྨ་དབྱེ་བར་བྱ། །
བུང་བ་སྦྲང་རྩིར་འདོད་པ་ཡིན། །འཁོར་བ་གཡོ་བར་བྱའོ། །བདེ་བའི་ཐབས་ཏེ་ཐམས་ཅད་རིག །ཅེས་སོ། །འགུགས་བྱེད་ལ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ཤིན་ཏུ་བདེ་བ་ལ་ལྕགས་ཀྱུ་སྟེ་སྡིགས་མཛུབ་ལྕགས་ཀྱུའི་རྣམ་པས་སོ། །བསྐྱོད་པ་ལ་སྟེ་གཏུན་ཤིང་འདིའི་རྡོ་རྗེ་རབ་ཏུ་གཞུག་པའོ་
ཟབ་ལ་སྟེ་བག་ཆགས་རྣམས་ཀྱི་རྡོ་རྗེ་སྟེ་ཁུ་བའོ། །འབུགས་པ་ལ་སྟེ་སྟོང་པ་ཉིད་ཀྱི་མདངས་རྣམ་པར་འཇོམས་པར་འགྱུར་རོ། །དེ་ཉིད་ཀྱིས་དགོངས་པའོ། །ཁ་ཊྭཱཾ་ག་ནི་ཤེས་རབ་མིའི་ཁུ་བ་འགྲོ་བའོ། །བཤད་པའི་རྒྱུད་དུ་ཡང་། ཤེས་རབ་ཁ་ཊྭཱཾ་ག་གཟུགས་ཅན། །ཞེས་སོ། །ནུ་མ་
ལ་སྦྱར་བ་ནི་བཅོམ་ལྡན་འདས་ཀྱིས་ངེས་པར་བསྟན་པའི་ཆེད་དུ་སྟེ་གསུངས་པ་ཡང་། འདི་ནི་འཆི་ལྟས་བསླུ་བ་ལ། །རྣལ་འབྱོར་རྣམས་ཀྱིས་དགའ་བར་འགྱུར། །ཞེས་སོ། །དགོངས་པའོ། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཚོན་ཆ་ངེས་པར་སྦྱར། །སྐུ་གསུང་ཐུགས་ཀྱི་
Vol. 17 · folio 323b
གསང་སྔགས་ནི། །དབང་པོ་གཉིས་ལ་དགོད་པར་བསྒྲགས། །ཞེས་པའི་ཚོགས་པ་ལ་སོགས་པའི་མཚོན་ཆ་རྣམ་པར་གཞག་པ་ནི་འོད་ཟེར་རོ་ཞེས་སོ། །གནས་ཀྱི་འཇུག་པ་དྲང་བའི་དོན་ཏོ། །ཐོད་པ་ནི་ཀཾ་བདེ་བ་སྐྱོང་བར་བྱེད་དོ་ཞེས་པའོ། །རྡོ་རྗེ་མཁའ་འགྲོར་ཡང་། ལྷ་མོ་དུས་འཆི་
བསླུ་བ་ལ། །ཡན་ལག་ཁ་ཊྭཱཾ་ག་དང་སྦྱར། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཚོན་ཆ་ངེས་པར་སྦྱར། །ཞེས་ཏེ་ངེས་པའི་དོན་ཏོ། །དབང་པོ་གཉིས་མཉམ་པར་སྦྱར་བས་བསྒྲུབ་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པའོ། །ཕན་ཚུན་རོལ་པའི་གསང་སྔགས་ནི། །གཅིག་ཏུ་
མཁའ་འགྲོ་མ་དང་སྦྱར། །ལྷ་དང་ལྷ་མིན་མིར་བཅས་རྣམས། །འདི་ཡིས་མྱུར་དུ་བསྒྲུབ་པར་བྱ། །ཞེས་པ་སྒྲ་ཇི་བཞིན་པའོ། །འཆི་བ་བསླུ་བའོ། །དེ་ནས་དབང་དུ་བྱེད་པའི་མཆོག །གཞན་ནི་ཡང་ནི་རབ་འཆད་བྱེད། །བཟའ་བྱ་ཟོས་པ་མིན་པ་ལ། །བཟླས་པའི་མཐར་ནི་སླར་ཡང་
སྐྱུགས། །བཟའ་དང་བཏུང་བ་རྣམས་ལ་སྦྱར། །འདི་ནི་མཚན་མོ་བདུན་གྱིས་ནི། །ཇི་སྲིད་འཚོ་བར་བུད་མེད་རྣམས། །དབང་དུ་འགྱུར་བར་ཐེ་ཚོམ་མེད། །ཅེས་པས་དབང་དུ་བྱ་བ་གསུངས་སོ། །སྐྱུགས་པ་ནི་བཟའ་བྱ་སྐྱུགས་པའོ། །དེ་ཉིད་སླར་ཡང་བཀྲུས་ནས་བཟླས་པའི་མཐར་
ཉེ་བའི་སྙིང་པོའི་དབང་དུ་བྱ་བའི་ཆོ་ག་ལས་ཇི་ལྟར་གསུངས་པ་དེར་འགྱུར་རོ་ཞེས་སོ། །སེར་སྐྱའི་མར་ནི་འཐུངས་ནས་སུ། །དེ་ནས་བཟླས་མཐར་སྐྱུག་པར་བྱ། །བདག་གི་གདོང་པ་དེ་ཉིད་ཀྱིས། །བྱུགས་ཏེ་ཁྲོས་པས་བལྟ་བར་བྱ། །གཞོན་ནུ་མ་དེ་མཐོང་བ་ཡིས། །དབང་དུ་
འགྱུར་བར་ཐེ་ཚོམ་མེད། །ཅེས་པ་གསལ་ལོ། །ཏིལ་མར་སཱ་ལུ་བཏགས་པ་ནི། །ལྡན་པས་ལུས་ནི་བསྐུས་ནས་ནི། །སྔགས་པས་སྣུམ་འཁུར་བྱས་ནས་ནི། །བཟའ་བ་ལ་ནི་དེ་སྦྱར་བྱ། །གལ་ཏེ་ལས་འདི་མ་བཏང་ན། །རྟག་ཏུ་མི་མོ་དབང་དུ་འགྱུར། །སྣུམ་འཁུར་ནི་འཁུར་བའི་བྱེ་
བྲག་གོ། །བཟའ་བ་ལ་ལན་བདུན་བཅས་པ་མ་བཏང་ན་ཇི་སྲིད་འཚོའི་བར་དུའོ། །ཏིལ་ནག་རྣམས་ནི་ཟོས་ནས་སུ། །སྐྱུགས་པ་སྐྱེ་ཚེ་དང་ལྷན་ཅིག །རུ་རྟ་བཤང་ལམ་ལས་གྲོལ་བ། །ལག་སྐྱེས་ལྟོ་བའི་སྲིན་བུ་ནི། །རང་གི་ཁྲག་གིས་བརྟགས་པར་བྱ། །ཁུ་བ་ཉིད་ཀྱིས་སྦྱར་བར་བྱ། །
Vol. 17 · folio 324a
བཟའ་བ་བཏུང་བ་མིག་སྨན་དང་། གོས་ལ་བྱུགས་པས་སྦྱར་བར་བྱ། །དེ་ལྟར་ཇི་སྲིད་འཚོ་བར་དུ། །དབང་དུ་བྱེད་པར་ཐེ་ཚོམ་མེད། །ཅེས་ཏེ་རུ་རྟ་ནི་བཤད་པར་དགོངས་སོ། །ལག་སྐྱེས་ནི་མིང་མེད་ཀྱི་སེན་མོའོ། །སྲིན་བུ་ནི་འབུའོ་
བྲག་ནི་མིང་མེད་ལས་བྱུང་བས་སོ། །གསལ་ལོ། །སྔར་བརྗོད་པའི་ལྷ་ཉིད་བསམས་ནས་དེ་སྔོན་དུ་འགྲོ་བས་ལས་བྱའོ། །བ་ལང་ཤ་བསྲེགས་སྦྱིན་སྲེག་ལ། །ཁྲག་གིས་བསྐུས་ན་ལྷ་རྣམས་དང་། །མ་མོ་དབང་དུ་འགྱུར་བ་ཡིན། །གལ་ཏེ་མ་འོངས་འཆི་བར་འགྱུར། །
སྔགས་པས་སྦྱིན་སྲེག་འདི་ཡིས་ནི། །ཞག་བདུན་གྱིས་ནི་འགྲུབ་པར་འགྱུར། །སྦྱིན་སྲེག་མཐར་ནི་གཏོར་མ་སྦྱིན། །འགྲོ་བ་དགུག་བྱ་བརྟུལ་ཞུགས་ཅན། །ཞེས་ཏེ། ལྷ་རྣམས་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ནམ་ལས་ཀྱི་རྗེས་སུ་འབྲང་བས་བྱའོ། །ཁྲག་
གིས་སྐྱུགས་པ་ལའོ། །སྦྱིན་སྲེག་གི་མཐར་དབང་དུ་བྱ་བའི་ཆོ་གས་ཇི་སྐད་གསུངས་པ་བཞིན་འགྱུར་རོ་ཞེས་པ་སྒྲ་ཇི་བཞིན་པའོ། །དབང་དུ་བྱེད་པའི་ཆོ་གའོ། །བརྡ་ནི་མཁའ་འགྲོ་མ་རྣམས་ཀྱི། །ལུས་ཉིད་ཀྱི་ནི་མཚན་ཉིད་དང་། །སྔགས་པས་དཔའ་དབང་མ་ཀློག་
ཅིང་། །གཡོན་གྱི་ཀུན་དུ་སྤྱོད་པ་སྦས། །ཞེས་པས་གསང་ཆེན་གསུངས་ཏེ། རྒྱུད་ཀྱི་མཚན་ཉིད་དཔའ་བོའི་དབང་པོའི་ཡན་ལག་གི་དབྱེ་བ་དང་དཔའ་བོའི་དབང་པོ་བུམ་པ་ལ་སོགས་པའི་དབང་བསྐུར་བ་མ་ཡིན་པའི་བྱིས་པ་རྣམས་རྒྱུད་དུ་སྦས་སོ། །སྒྲ་ཇི་བཞིན་པའོ། །
ད་ནི་རྣམ་པ་ལྔས་ཕྱག་དྲུག་པའི་སྒྲུབ་ཐབས་བརྗོད་པར་བྱ་སྟེ། དབང་པོ་རྣོན་པོ་རྣམས་ཀྱིས་འདིར། ཨཱ་ལི་ཀཱ་ལི་ལུགས་དང་མཐུན་པ་དང་། །ལུགས་ལས་བཟློག་པས་ཉིས་འགྱུར་བྱས་ནས། ཧཱུཾ་ཡིག་ལ་སོགས་པས་བྱིན་གྱིས་བརླབས་པ། རྡོ་རྗེ་ལ་སོགས་པའི་མཚན་མ་ལས་
སྐྱེས་པའི་དཔའ་བོ་དཀྱིལ་འཁོར་དང་བཅས་པའི་རང་དམ་ཚིག་སེམས་དཔའ་བསྐྱེད་ནས་ཡེ་ཤེས་སེམས་དཔའ་རབ་ཏུ་གཞུག་པར་བྱའོ། །དེ་བཞིན་དུ་མངོན་པར་བརྗོད་པའི་བླ་མར་གསུངས་པ། །སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི། །དབུས་སུ་ཡེ་ཤེས་
Vol. 17 · folio 324b
སེམས་དཔའ་ནི། །དེ་མདོག་ཕྱག་མཚན་བལྟས་ནས་ནི། །ཟླ་བ་རྡོ་རྗེ་ས་བོན་ཅན། །ཞེས་སོ། །དེ་ནས་མགོ་བོ་སོགས་པར་དགོད་པ་བྱས་ཡེ་ཤེས་ཀྱི་འཁོར་ལོ་རབ་ཏུ་གཞུག་པར་བྱའོ། །རང་གི་སྙིང་གའི་ལྕགས་ཀྱུའི་སྦྱོར་བས་དབང་པོ་དང་། དཔའ་མོའི་
ཚོགས་རྣམས་ནམ་མཁར་བལྟས་ཡང་དག་པར་མཉེས་པའི་རྗེས་སུ་གསོལ་བ་གདབ་པར་བྱའོ། །ཨོཾ་ཨ་བྷི་ཥིཉྩནྟུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་སོ། །དེ་ནས་ཧེ་རུ་ཀའི་གཟུགས་ཅན་གྱི་སངས་རྒྱས་དེ་རྣམས་ཀྱིས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཧཱུཾ་
ཞེས་པ་མངོན་པར་དབང་བསྐུར་བྱའོ། །མངོན་པར་དབང་བསྐུར་བའི་ཅོད་པན་དུ་རང་གི་རིགས་ཀྱི་དབང་པོ་ཧེ་རུ་ཀར་འགྱུར་རོ། །སྙིང་པོའི་འཁོར་ལོ་ལ་གནས་པ་རྣམས་ནི་རིན་ཆེན་དབང་པོ་ཐུགས་ལ་སོགས་པའི་འཁོར་ལོ་ལ་གནས་པ་རྣམས་ཀྱི་
ཐུགས་དང་། གསུང་དང་། སྐུའི་མཁའ་འགྲོ་དུར་ཁྲོད་ན་གནས་པ་རྣམས་ཀྱི་དམ་ཚིག་གི་དཔའ་བོ་ཡང་ངོ་ཞེས་པའོ། །ཤེས་རབ་ལ་རྗེས་སུ་ཆགས་པ་དང་། ཕྲ་མོའི་རྣལ་འབྱོར་རྣམ་པར་བསྒོམས་ཏེ། དམ་ཚིག་གི་འཁོར་དག་པར་བྱས་ནས། རྡོ་རྗེའི་
བཟླས་པ་ལ་སོགས་པ་བྱའོ། །དམ་ཚིག་ཀུན་སྤྱོད་ཡང་དག་ལྡན། །སྔགས་པས་མཉམ་གཞག་བཟླས་པར་བྱ། །སྲོག་གི་རྩོལ་བའི་དཀྱིལ་འཁོར་ནས། །ཕྱག་འཚལ་ཧཱུཾ་ཡིག་བརྗོད་པར་བྱ། །མཛེས་པའི་བཟླས་པའམ། ངག་གི་བཟླས་
པ་བྱས་ནས་སྨོན་ལམ་གདབ་པ་དང་། གཏོར་མ་སྦྱིན་པར་བྱའོ། །དཔའ་བོའི་འོད་ཟེར་གྱིས་བཀུག་པ་དེ་རྣམས་རང་ལ་རབ་ཏུ་བཅུག་ནས་གཤེགས་སུ་གསོལ་བར་བྱའོ། །མངོན་པར་བརྗོད་པ་བླ་མར་ཡང་། །མགོན་པོ་ཞལ་གསུམ་ཕྱག་དྲུག་པ། །སྤྱན་
གསུམ་རྣམ་པར་འགྱུར་བའི་ཞལ། །དམར་པོ་དཀར་པོ་སྔོན་པོའི་ཞལ། །རྡོ་རྗེ་དྲིལ་བུ་སྙོམས་པར་ཞུགས། །ཕྱག་ན་ཁ་ཊྭཱཾ་ག་རལ་གྲི། །ཅང་ཏེའུ་དང་མགོ་བོའོ། །ཞེས་སོ། །དེ་ནས་ཕྱག་བཞི་པ་བརྗོད་པར་བྱ་སྟེ་དབང་པོ་འབྲིང་པོ་རྣམས་ཀྱིའོ། །དེ་བཞིན་དུ་ཡང་ཕྱག་བཞི་པ་ལ་ཞལ་
Vol. 17 · folio 325a
བཞི་པ། །སྤྱན་གསུམ་དྲག་པོ་འཇིགས་པར་བྱེད། །གཡས་བརྐྱང་ཞབས་ཀྱིས་གནས་པ་སྟེ། །དུས་མཚན་འཇིགས་བྱེད་མགོ་བོ་མནན། །དཀར་སྔོན་ལྗང་དང་དམར་པོའི་ཞལ། །རྡོ་རྗེ་དང་ནི་དྲིལ་བུ་དང་། །ཐོད་པ་ཁ་ཊྭཱཾ་ཅང་ཏེའུ་ཅན། །བཅོམ་ལྡན་ཇི་འདྲ་དེ་
བཞིན་དུ། །བཅོམ་ལྡན་འདས་མའང་དེ་འདྲའོ། །ཡང་ན་ཟླ་བ་རྡོ་རྗེའི་རིམ་པས་བསྒོམ་པར་བྱ་སྟེ་དེ་བཞིན་དུ། །དེ་ཡི་དབུས་འགྱུར་སྟོང་པ་ནི། །ཟླ་བ་ཧཱུཾ་གི་ཡི་གེ་མཆོག །དེ་ཡོངས་གྱུར་ལས་རྡོ་རྗེ་བཟང་། །རྡོ་རྗེ་སེམས་དཔའ་རྣམ་བསྒོམ་བྱ། །ཞེས་སོ། །དེ་ནས་
ཧོཿཡིག་གཉིས་དང་བཅས་པ་ལ། །སྔར་གྲུབ་པ་རྣམས་དྲན་པར་བྱའོ། །གཉིས་ཀ་ཀུན་དུ་དགའ་འགྱུར་བས། །ཤིན་ཏུ་དགའ་བས་ཞུ་བར་གྱུར། །དེ་མ་ཐག་ཏུ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལངས་ཏེ་ཅང་ཏེའུ་གྲགས་པའི་སྒྲས་བསྐུལ་བར་གྱུར་ཏོ། །དེ་ནས་ས་བོན་དང་མཚན་
མ་ལས་སྐྱེས་པའི་དཔའ་བོ་བསྒོམ་པར་བྱའོ། །དེ་ནས་ཞལ་གཅིག་ཕྱག་གཉིས་པའི་ཆོ་ག་དབང་པོ་རྟུལ་པོ་རྣམས་ཀྱིས་རང་བྱིན་གྱིས་བརླབས་པས་བསྒོམ་པར་བྱ་སྟེ་ཟླ་བ་དང་ས་བོན་ཞེས་པའམ། ཡང་ན་ཡུད་ཀྱིས་ཏེ། དེ་བཞིན་དུ་བླ་མར་ཡང་། ཡུད་ཀྱི་རྣམ་པས་རྫོགས་པ་ཡི། །
རྣལ་འབྱོར་རྣལ་འབྱོར་མཆོག་གི་མཆོག །ཅེས་སོ། །རྫོགས་པའི་རིམ་པ་ཡང་མཁའ་འགྲོ་མ་རྣམས་ཀྱི་བརྡ་ལ་སོགས་པ་སྟེ། གང་གཞན་དྲུང་དུ་འདོན་བྱེད་ན། །ངན་པའི་བདག་ཉིད་རྨོངས་ཅན་ཏེ། །ཕྱུགས་ཀྱི་མཆོག་ཡིན་མཁའ་འགྲོ་མའི། །ཕོ་ཉ་རྣམས་ཀྱིས་
ཟོས་གྱུར་ཀྱང་། །དེ་དག་ལ་ནི་སྐྱོབ་མི་བྱེད། །སངས་རྒྱས་འཇིག་རྟེན་ལས་ལྟུང་ཞིང་། །བླ་མ་འཁུ་བའི་སྡིག་པ་བྱེད། །དམ་ཚིག་སྐྱོང་བར་མི་བྱེད་དང་། །བརྡ་ལ་སོགས་རྣམས་རབ་སྦེད་བྱེད། །དེ་འདིར་ད་ནི་རྗེས་སུ་འཛིན། །མཁའ་འགྲོ་མ་ཉིད་དགེ་བའི་ཞལ། །ཞེས་
ཏེ་གཞན་གྱི་ནི་དམ་ཚིག་རིག་པ་ལས་གཞན་ནོ། །དྲུང་དུ་འདོན་པར་བྱེད་པ་ནི་སེམས་པར་བྱེད་པ་དང་འདྲི་བར་བྱེད་པའོ། །ད་ནི་ཁྱོད་ལ་སྲུང་བར་མི་བྱེད་དོ། །སངས་རྒྱས་འཇིག་རྟེན་ལས་ནི་ཆོས་ཀྱི་དབྱིངས་ལས་སོ། །བླ་མ་ནི་བླ་མའི་དམ་ཚིག་སྟེ་གསལ་ལོ། །སྔགས་
Vol. 17 · folio 325b
པས་རྩ་བའི་གསང་སྔགས་ཚིག །ལན་བདུན་བར་དུ་རྗེས་དྲན་བྱ། །དེ་འདིའི་ཐུགས་ཀར་ཕག་མོ་ནི། །སྲུང་བ་བྱེད་པར་ཐེ་ཚོམ་མེད། །ཆུ་ཀླུང་ཆུ་གཏེར་ལྟེང་ཀ་དང་། །རི་བོ་དང་ནི་བཞི་མདོར་རུང་། །དུར་ཁྲོད་ནགས་ཚལ་འཇིགས་རུང་བ། །སེང་གེ་གླང་ཆེན་འཇིགས་
བརྒྱད་ལ། །དཔའ་བོ་རྣམས་དང་ཕོ་ཉ་མོས། །ལྷན་ཅིག་སྒྲུབ་པོ་རྟག་ཏུ་རོལ། །རི་བོ་ཚང་ཚིང་སྨན་ལྗོངས་དང་། །མཚོ་དང་གསང་བའི་ས་ཡི་མཐིལ། །ཞེས་པས་གནས་གསུངས་སོ། །དཔའ་བོ་རྣམས་དང་ཕོ་ཉ་མོས། །ལྷན་ཅིག་མངའ་བདག་རྟག་ཏུ་རོལ། །ཀྱེ་གང་གི་ཕྱིར་དོན་གང་
ལས་རོལ་པར་བྱེད་པ་དེའི་ཕྱིར། འདིར་སྒྲུབ་པ་པོ་ཡང་དགའ་བར་བྱེད་དོ་ཞེས་པས་གསལ་ལོ། །དཔའ་བོ་དང་དཔའ་མོ་རྣམས་ཀྱི་གསང་བའི་གནས་ཀྱི་ཆོ་གའོ།། །།དེ་ནས་གྲུབ་པའི་རྣལ་འབྱོར་ཆེས། །རྣམ་བརྒྱད་སྔགས་ཀྱིས་བཤད་པར་བྱ། །དེ་ཡིས་མཁའ་འགྲོ་མ་མཐོང་བ། །རབ་ཏུ་
སྩོལ་འགྱུར་ཐེ་ཚོམ་མེད། །ཅེས་པས་བཞད་པ་བརྒྱད་གསུངས་སོ། །དེ་ལྟར་དང་པོ་སྙིང་གར་བཞག་པའི་རྩ་བའི་སྔགས་ལ་སོགས་པ་བཟླས་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པའོ། །ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་འཇིགས་པར་བྱེད་པའི་བཞད་པ་འདི་རྣམས་ཀྱིས་དེ་རྣམས་རྣམ་པར་འབྱེད་པར་བྱེད་ཅིང་
འཁྲུལ་པས་འཇིགས་ཏེ་འབྲོས་པར་བྱེད་དོ། །སྒྲུབ་པ་པོ་ཡང་མཁའ་སྤྱོད་དེ་དངོས་གྲུབ་རྒྱ་ཆེན་པོ་སྟེར་བར་བྱེད་དོ། །བདེ་བ་ཅན་ནི་ཕོ་ཉ་མོ་རྣམས་ཀྱིས་ལྷན་ཅིག་སྒྲུབ་པོ་རྩེ་བར་བྱེད་དོ་ཞེས་སྔགས་གསུངས་སོ། །དངོས་གྲུབ་ནི་བཅུ་གསུམ་པ་འབྲས་བུའི་བདག་ཉིད་སྟེར་རོ། །བཅོམ་
ལྡན་འདས་ཀྱིས་ཀྱང་རྒྱུད་མདོར་བསྟན་པར་གསུངས་པ། སྟོང་ཉིད་སྙིང་རྗེའི་བདག་ཉིད་སྐུར། །ཡེ་ཤེས་ལྔ་དང་སྐུ་གསུམ་པ། །བཅུ་གསུམ་འབྲས་བུ་ཐོབ་པ་པོ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཞེས་སོ། །བདེ་བ་ཅན་བཅོས་མ་ཡིན་པ་རབ་ཏུ་ཞི་བའི་བདེ་བའོ་ཞེས་པ་
སྒྲ་ཇི་བཞིན་པའོ། །རྣལ་འབྱོར་མ་རྣམས་མཐོང་བ་དང་། །གཞན་པ་བརྒྱད་ཀྱི་ཆོ་གའོ། །ད་ནི་ཡང་དག་རབ་འཆད་བྱེད། །གང་གིས་མི་རྣམས་དབང་དུ་འགྱུར། །སྔགས་དང་རྣལ་འབྱོར་ཆོ་ག་ལས། །དཔའ་བོའི་ཟླ་བས་བསྒྲུབ་པར་བྱ། །ཞེས་པས་ཕྱི་རོལ་གྱི་དབང་དུ་བྱ་བ་
Vol. 17 · folio 326a
གསུངས་ཏེ། མི་རྣམས་ནི་རིགས་ལྔ་པོ་རྣམས་སོ། །རྣལ་འབྱོར་ཆོ་ག་ལས་ནི་ལས་སོ་སོའི་རྗེས་སུ་མཐུན་པས་སོ། །སྒྲ་ཇི་བཞིན་པའོ། །ཟླ་བས་ནི་སྦྱིན་སྲེག་གིས་སོ། །སྒྲུབ་པ་པོ་ཡང་དཔའ་བོའི་དབང་པོ་ཉི་མ་བདུན་ལས་སོ། །དངོས་གྲུབ་རྒྱ་ཆེན་སྩོལ་
བར་བྱེད། །བདག་ཉིད་མཚན་མོ་སྦྱིན་སྲེག་བྱས། །བརྒྱ་རྩ་བརྒྱད་ལྡན་ཉིད་ཀྱིས་ནི། །ཐུན་གསུམ་དུ་ནི་བསྒྲུབས་གྱུར་ན། །རྒྱལ་པོ་དཔུང་དང་བཅས་ཉིད་ཀྱང་། །ཉི་མ་བདུན་གྱིས་དབང་དུ་གྱུར། །ཕྱེད་ཀྱིས་བུ་ནི་ཆེན་པོ་སྟེ། །དེ་ཕྱེད་ཀྱིས་ནི་བློན་པོའོ། །ལས་སྒྲུབ་པ་ལ་སྲེག་བླུགས་
ནི། །རྒྱལ་ཕྲན་སོ་གཉིས་སྦྱིན་སྲེག་བྱ། །བྲམ་ཟེ་རྣམས་ལའང་ཉི་ཤུ་སྟེ། །ཉི་མ་བདུན་དུ་སྦྱིན་སྲེག་བྱ། །རྒྱལ་རིགས་ཐུན་མོང་བ་ལ་བདུན། །རྗེའུ་རིགས་རྣམས་ལ་སྦྱིན་སྲེག་ལྔ། །དམངས་ལ་སྦྱིན་སྲེག་གསུམ་བྱའོ། །མཐར་སྐྱེས་དེ་བཞིན་གཅིག་སྦྱར་བྱ། །དེ་ལྟར་
དཔའ་བོས་རིགས་རིམ་ལས། །ཟླ་བ་གཅིག་གིས་བསྒྲུབས་གྱུར་པ། །སྒྲུབ་པོས་གསང་སྔགས་འདི་ཡིས་ནི། །འགྲོ་བ་མཐའ་དག་འགུགས་པར་བྱེད། །ཅེས་ཏེ་ཕྱེད་ནི་ལྔ་བཅུ་རྩ་བཞིའོ། །བུ་ཆེན་པོ་ནི་རྒྱལ་པོའི་བུའོ། །དེའི་ཕྱིར་གྱིས་ནི་ཉི་ཤུ་རྩ་བདུན་གྱིས་སོ། །ཐམས་ཅད་
དུ་ཐུན་མཚམས་གསུམ་དུ་རྟོགས་པར་བྱ་ཞིང་སྦྱར་བར་བྱའོ། །ཤ་དང་ཉ་དང་ལྡན་པར་ནི་དབང་གི་ཐབ་ཏུའོ། །ལྷ་དམར་པོའི་སྦྱོར་བས་སོ་ཞེས་སོ། །ད་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྣལ་འབྱོར་བརྗོད་པར་བྱ་སྟེ། དཔའ་བོ་གཅིག་པའམ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱང་
རུང་སྟེ། ཞལ་ལ་སོགས་པའི་དབྱེ་བས་ཞི་བ་ལ་སོགས་པའི་ལས་བྱེད་དོ། །གང་གི་ཚེ་ཞི་བ་ལ་སོགས་པ་ལ་སྐུའི་ཞལ་གཙོ་བོར་བྱས་ནས་དཀར་པོར་འགྱུར་ཏེ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པའོ། །དེ་བཞིན་དུ་གསུང་རྡོ་རྗེ་ཞེས་པ་ལ་སོགས་པས་དབང་ལ་སོགས་པ་ལ་འདི་
ལྟར་མ་མོའི་གསང་བའི་པདྨར་རྣམས་ལྔས་ཝཾ་ཡིག་ལས་སྐྱེས་པའི་ཆུ་སྐྱེས་ལས་སྐྱེས་པའི་ལྷ་ཞལ་གཅིག་ཕྱག་གཉིས་པ་དཀར་པོས་སྲུང་ལ་ཞོན་པ་པདྨ་དཀར་པོ་དང་མི་འཇིགས་པའི་ཕྱོགས་དཀར་པོ་ལ་སོགས་པ་དང་ལྡན་པ་རབ་ཏུ་བཞད་པའམ་ལྷ་མོ་ཨུཏྤལ་དཀར་པོའི་ཕྱག་བསྒྲུབ་པར་བྱ་
Vol. 17 · folio 326b
པའི་ཁྱིམ་དུ་མངག་པར་བྱའོ། །འདི་ལྟར་དབང་དུ་བྱ་བ་ལ་ཧྲཱིཿཡིག་ལས་སྐྱེས་པ་དམར་པོ་མདའ་གཞུ་ཅན་བསྒོམ་པར་བྱའོ། །དགུག་པ་ལ་ནི་ལག་ན་ཞགས་པ་དང་ལྕགས་ཀྱུ་ཐོགས་པའོ་ཞེས་པ་ཁྱད་པར་རོ། །སྒྲ་ཇི་བཞིན་པའོ། །ས་སྟེངས་འདོད་པའི་དབང་ཕྱུག་བཞིན། །དཔལ་ལྡན་
སྐལ་བ་བཟང་པོར་འགྱུར། །དབང་དང་དགུག་དང་རྣམ་པར་སྡང་། །དེ་བཞིན་གསད་དང་བསྐྲད་པ་དང་། །རྨུགས་དང་རེངས་པ་ཉིད་དང་ནི། །རྨོངས་དང་དེ་བཞིན་བསྐྱོད་པ་དང་། །ལྐུགས་དང་འོན་དང་ལོང་བ་ཉིད། །མ་ནིང་ཉིད་དུ་བྱེད་པ་དང་། །ལས་རྣམས་འདི་དག་ཐམས་ཅད་ནི། །
སྒྲུབ་པོ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་པས་ཕན་ཡོན་གསུངས་སོ། །འདོད་པའི་དབང་ཕྱུག་ཅེས་པ་བུད་མེད་སྐལ་བ་བཟང་མོ་མཐའ་ཡས་པའོ། །དཔལ་འདུས་པར་ཡང་གསུངས་པ། རི་རབ་སུམ་ཅུ་རྩ་དྲུག་གི། །རྡུལ་ཕྲན་ཇི་སྙེད་ཡོད་གྱུར་པ། །དེ་ཡི་བཙུན་མོ་དེ་སྙེད་པ། །
ཡོན་ཏན་གནས་ནི་འབྱུང་བར་འགྱུར། །ཞེས་སོ། །སྒྲ་ཇི་བཞིན་པའོ། །སྒྲུབ་པ་པོ་རྣམ་པར་རྟོག་པ་མེད་པ། བློ་དང་ལྡན་པ་མཁས་ཤིང་དེས་པ་ཁ་ཅིག་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་དེ་ཁོ་ན་ཉིད་ལྷག་པར་རྟོགས་པ་ཉིད་ཀྱིས་གདོན་མི་ཟ་བར་སྒྲུབ་པར་བྱེད་
དོ་ཞེས་ཐེ་ཚོམ་མེད་དོ་ཞེས་པ་སྒྲ་ཇི་བཞིན་པའོ། །དབྱེ་བ་བཅོ་བརྒྱད་ཀྱིས་ཐ་དད་པའི་རིགས་ལྔ་དབང་དུ་བྱ་བའི་ཆོ་གའོ། །དེ་ནས་འདི་ལས་རབ་འཆད་བྱེད། །ཕོ་ཉ་མོ་ཡི་གནས་ཀྱི་མཆོག །ཡུལ་དང་ཡུལ་དུས་སྐྱེ་འགྱུར་ཏེ། །ཡེ་ཤེས་ལྡན་པ་སྐྱེ་བར་བྱེད། །ཅེས་པས་གནས་
ལ་སོགས་པའི་ས་བཅུ་གནས་ཉི་ཤུ་རྩ་བཞི་ངེས་པར་བསྟན་པ་གསུངས་ཏེ། དེ་རྣམས་མཁའ་འགྲོ་མ་རུ་བཤད། །རྡོ་རྗེའི་དཀྱིལ་འཁོར་གཙོ་མོ་ཡིན། །དངོས་གྲུབ་བརྩོན་པའི་སྒྲུབ་པ་པོས། །ལུགས་ལས་བཟློག་པ་ཡོངས་ཤེས་བྱ། །ཀུ་ལུ་ཏཱ་དང་མྱ་ངན་དང་། །སིནྡྷུ་ན་ག་
ར་གསེར་གླིང་། །སཽ་རཱཥྚ་དང་ལྷ་ཡི་ཁྱིམ། །ཡི་དགས་གྲོང་དང་ཁ་ཡི་གནས། །ཀཱཉྩི་ལམྤཱ་ཀ་ཡི་ཡུལ། །ཀ་ལིངྒ་དང་ཀོ་ཤ་ལ། །དེ་བཞིན་དགེ་མཚན་གསུམ་ཨོ་ཊེ། །ཀཱ་མ་རཱུ་པ་མཱ་ལ་ཝ། །ལྷ་མོའི་མཁར་དང་དགའ་དབང་ཕྱུག །གོ་དཱ་བ་རི་ཨརྡུ་ད། །ཨོ་ཌི་ཡཱ་ན་ཛཱ་
Vol. 17 · folio 327a
ལར་གྲགས། །པུལླཱི་ར་མ་ལ་དེ་བཞིན། །ཡུལ་འདི་རྣམས་ཀྱི་བུ་མོ་གང་། །དཔའ་བོ་གཉིས་མེད་བསྟན་པ་ཉིད། །དེ་ཀུན་འདོད་པའི་གཟུགས་ཅན་ཏེ། །ཡིད་ཀྱི་ཤུགས་ཀྱིས་རྫུ་འཕྲུལ་ཆེ། །ཞེས་ཏེ། ལྷའི་ཁྱིམ་ནི་ཀོང་ཀ་ནའོ། །ཡི་དགས་གྲོང་ནི་རིན་པོ་ཆེའི་གླིང་
ངོ་། །ཛྭ་ལར་གྲགས་ནི་ཛཱ་ལནྡྷ་རའོ། །པུལླཱི་ར་མཱ་ལ་ཡ་ནི་པུརྞྞ་གི་རིའོ། །དགོངས་པའོ། །འདི་རྣམས་སུ་ཞེས་པ་ཉེ་བར་མཚོན་པ་ཁྱིམ་ལྔ་ལ་སོགས་པའི་གྲོང་དུ་རྒྱུན་དུའོ། །ཐམས་ཅད་རྡོ་རྗེའི་དཀྱིལ་འཁོར་གཙོ་མོ་སྟེ་དཔལ་ཧེ་རུ་ཀའི་བཙུན་མོའོ་ཞེས་པ་སྒྲ་ཇི་བཞིན་པའོ། །ད་ནི་
མདོར་བསྡུས་པས་ཐུན་མོང་བའི་མིང་ཉིད་ཀྱིས་རྣམ་པར་འཆད་དེ། རྣལ་འབྱོར་མར་བཤད་ཀུ་ལུ་ཏཱར། །མྱ་ངམ་ཡུལ་དུ་མ་མོ་སྟེ། །དེ་བཞིན་ལཱ་མ་སིནྡྷུའི་ཡུལ། །རིགས་ཀྱི་གཙོ་མོ་ནག་རར། །ཞེས་པ་ལ་སོགས་པས་རྣལ་འབྱོར་མའི་མིང་དང་གནས་དང་གྲངས་ཏེ་རྡོ་རྗེ་རྣལ་
འབྱོར་མ་རྣམས་སོ། །དེ་བཞིན་དུ་མྱ་ངན་གྱི་ཡུལ་ལ་སོགས་པར་རྟོགས་པར་བྱའོ་ཞེས་སོ། །ན་གར་ནི་སྐྱེ་བོའི་བུའོ། །རྡོ་རྗེ་མཁའ་འགྲོར་ཡང་། རོ་ལངས་ཞེས་བྱའི་རིག་མ་ཆེ། །དཔའ་བོ་ཀུན་གྱི་མཆོག་བཏབ་སྟེར། །སྤ་ཞིང་ཁུང་བུར་གནས་བྱེད་དམ། །གནས་དེར་གནས་པའི་བཟང་པོ་
ནི། །བྱིན་པའི་སྤུ་ཞེས་བྱ་བར་གྲགས། །ཞིང་སྐྱོང་གཙིགས་པ་ཆེན་པོའོ། །རྒན་བྱད་མ་ཞེས་རྣམ་པར་གྲགས། །ལྷ་མོ་ལམ་ཁར་ཤིང་འཕེལ་གནས། །ཞེས་ཏེ་སྒྲ་ཇི་བཞིན་པའོ། །གསེར་གླིང་དུ་ནི་ཆུ་ཅན་བརྗོད། །སཽ་རཱཥྚ་རུ་རིགས་ཀྱི་ལྷ། །ཁྱིམ་གྱི་ལྷ་རུ་མཁའ་འགྲོ་
མ། །ཡི་དགས་གྲོང་དུ་བུ་མོ་ཅན། །ཁ་བའི་རི་རུ་གཟུགས་ཅན་བཤད། །ཀཱཉྩི་ཉིད་དུ་བྱིས་བཅས་མ། །ཁྱིམ་གྱི་ལྷ་དང་ལམྤཱ་ཀ །ཀ་ལིངྒ་རུ་བརྟུལ་ཞུགས་འཛིན། །ཀོ་ཤ་ལ་རུ་ཤ་ཟ་མོ། །དགེ་མཚན་གསུམ་པར་དུམ་སྐྱེས་མ། །ཨོ་ཏྲེར་དཔལ་དབང་བསྐུར་མར་བརྗོད། །
ཀཱ་མ་རཱུ་པར་དཀར་མོ་དང་། །ལྷ་མོའི་མཁར་དུའང་སྦས་མ་དང་། །གཡོ་ཅན་དེ་བཞིན་དགའ་དབང་ཕྱུག །གོ་དཱ་ཝ་རིར་ཕོ་ཉ་ཆེ། །ཨརྦུ་ད་རུ་ལུམྦཱིར་བཤད། །ཨོ་ཌི་ཡནར་ཡན་ལག་མ། །ཛཱ་ལར་གྲགས་པར་དྲ་འཛིན་མ། །གཏུམ་མོའི་བུ་མོ་ཅན་གྱི་རིགས། །པུལླཱི་ར་མཱ་ལ་ཡར་
Vol. 17 · folio 327b
གནས། །ཞེས་སོ། །ལྷ་མོའི་མཁར་དུའང་དེ་ཞེས་པའི་འང་ཡིག་གིས་ཕྱོགས་གཞན་དུ་ཐབས་ཀྱང་ངོ་། །རྡོ་རྗེ་མཁའ་འགྲོར་ཡང་། ལྷ་མོའི་མཁར་དུ་རྣ་ཉམས་མ། །སྟོབས་ཆེན་པོ་ཡི་རིགས་ལས་བྱུང་། །མདུང་གི་ལག་ནི་ལྷ་མོ་སྟེ། །རྣལ་འབྱོར་ཀུན་དབང་ཕྱུག་མ་མཆོག །
གནས་དེར་གནས་པའི་དྲག་པོ་ནི། །པ་ཊའི་ཤིང་ལ་ཡང་དག་བརྟེན། །ཞིང་སྐྱོང་ལུས་པོ་ཆེན་པོ་ནི། །སྒྱུ་ཅན་མཆོག་གི་དབང་ཕྱུག་གོ། །ཞེས་སོ། །དེ་བཞིན་དྲག་ཏུ་དགོད་པར་གནས། །རྡུལ་བྲལ་ལྷ་མོ་ཡང་དག་བྱུང་། །ཟླ་བའི་གདོང་ཞེས་རྣམ་པར་གྲགས། །རྡོ་རྗེའི་མཚོན་ཆ་
འཛིན་པ་སྟེ། །ནགས་དེར་གནས་པའི་ལྷ་མོ་དེ། །ཀ་དམྤ་ལ་རིམ་པས་བརྟེན། །དྲིལ་བུ་ཆེན་པོ་ཞེས་གྲགས་ཏེ། །ཞིང་སྐྱོང་སྟོབས་ནི་ཆེན་པོའོ། །ཀོལླ་གི་རིར་བཀྲ་ཤིས་ཆེ། །གཙིགས་པའི་སྐྱེ་གནས་ཡང་དག་བྱུང་། །ཞེས་སོ། །དེ་བཞིན་དུ། ཙ་རི་ཏྲ་ནི་ལག་སྐྱེས་
གནས། །གཙིགས་པ་ནུས་པ་ཡང་དག་བྱུང་། །ལག་སྐྱེས་གནས་པ་བཤད་པ་ནི། །ཕྱག་རྒྱ་ཤཱཀྟི་འཆང་བ་མོ། །ཞིང་དེར་གནས་པའི་དྲིལ་བུ་ཆེ། །ཞིང་སྐྱོང་སྟོབས་ནི་ཆེན་པོའོ། །གྱེན་དུ་སྐྲ་ནི་གདེངས་ཀར་ལྡན། །གདུག་པ་ཐམས་ཅད་འཇིགས་བྱེད་པའོ། །ཞེས་
སོ། །སླར་ཡང་། བོད་ཀྱི་ཡུལ་དུ་ལྷན་སྐྱེས་བཤད། །ཆུ་སྲིན་རྒྱལ་མཚན་འཛིན་པའོ། །ཞེས་སོ། །ཞིང་འདི་རྣམས་ཀྱི་བུ་མོ་གང་། །དཔའ་བོ་རྣམས་ཀྱིས་དངོས་གྲུབ་སྟེར། །མཚན་མོ་འདུ་བར་བྱེད་པ་དང་། །ཡོངས་སུ་རྒྱུ་ཞིང་རྟག་པ་རུ། །དངོས་གྲུབ་རྒྱ་ཆེན་
སྟེར་བར་བྱེད། །མཁའ་སྤྱོད་རྣམས་སུ་རྙེད་དཀའ་བའི། །ལས་རྣམས་ཐམས་ཅད་སྒྲུབ་པོ་ཡིས། །འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་ཏེ་སྒྲ་ཇི་བཞིན་པའོ། །ཕྱག་རྒྱ་དྲུག་གིས་ལྷག་པ་ཡི། །གཞན་ཡང་སྟོང་ཕྲག་ཉི་ཤུ་གཅིག །ལུས་དང་ཡུལ་དུ་ཕོ་ཉ་རྣམས། །བརྒྱ་
ཕྲག་དགུ་ཡི་རིགས་རྣམས་ནི། །དབུགས་རྣམས་གྲངས་ནི་ཇི་སྙེད་པ། །ཕོ་ཉ་མོ་རྣམས་དེ་སྙེད་བཤད། །ཉི་ཤུ་རྩ་བཞིའི་རྣལ་འབྱོར་མ། །འཁོར་ལོ་གསུམ་རིགས་གཙོ་མོའོ། །ཞེས་པ་འདི་རྣམས་ཀྱི་བསྡུས་པ་གསུངས་སོ། །ཉི་ཤུ་རྩ་བཞི་པོ་དེ་རྣམས་ཁོ་ན་བཟུང་སྟེ། དེ་རྣམས་ཀྱང་
Vol. 17 · folio 328a
འཁོར་ལོ་གསུམ་གྱིས་བསྡུས་སོ། །གསུམ་པོ་རྣམས་ཀྱང་གཅིག་གིས་གཅིག་ཀྱང་སྟེ་གཉིས་སུ་མེད་དོ་ཞེས་གསལ་ལོ། །སྦས་པའི་ཡི་གེ་དང་དཀྱིལ་འཁོར་དགོད་པའི་ཆོ་གའོ། །ད་ནི་རྣལ་འབྱོར་མའི་གཟུགས་ཀྱི་སྒྱུ་མ་རྒྱས་པར་འཆད་དེ། དཔའ་བོ་མེ་ཏོག་ཆུ་འཐུངས་
ནས། །དཔའ་བོའི་གསང་སྔགས་རྗེས་དྲན་བྱ། །ཕྱག་རྒྱ་ལྷན་ཅིག་སྒྲུབ་པ་པོ། །རྟག་ཏུ་འཁྲིག་པ་བྱ་བའོ། །ཞེས་པ་ལ་སོགས་པས་མེ་ཏོག་གི་རྡུལ་ཡང་ནའོ། །དགོངས་པའོ། །མཚན་མོ་ཤ་ནི་བཟའ་བྱ་ཡང་། །སྦྱང་བྱ་རྟོགས་བྱ་བདེ་བ་ཐོབ། །བརྡ་དང་འཁྱུད་པའམ་དེ་ནས་
ནི། །རེག་དང་དགོད་དང་རིགས་ཆེན་མོ། །ཞེས་སོ། །བཟའ་བྱ་ཟ་བ་ལ་སོགས་པ་ལ་རྣམ་པ་དྲུག་སྟེ། །བླ་མར་ཡང་། བཟའ་བར་བྱ་བའི་དོན་དུ་ནི། །ལན་གསུམ་མངོན་པར་བསྔགས་ནས་བཟའ། །ཞེས་སོ། །བདེ་བ་ཐོབ་པ་ཇི་ལྟ་བ་བཞིན་དུ་འགྱུར་བར་མ་ཟད། །མི་རྒས་པའི་
རྒྱུར་ཡང་གསལ་ལ། །ཕྱག་རྒྱ་ལེགས་པར་མཐོང་ནས་བཞད། །བདེན་པས་ཚངས་པར་སྤྱོད་པ་དང་། །འདིས་ནི་བཞད་པ་དག་ཏུ་བྱ། །ལྟ་བ་བསྲེགས་པ་གྲགས་ལྡན་ཞེས་པས་སྒེག་པའི་སེམས་དཔའ་གསུངས་སོ། །ཚངས་པར་སྤྱོད་པ་ནི་མི་འཕོ་བའི་ཚུལ་ཁྲིམས་
སོ། །ལེགས་པར་བཤད་པ་ནི་འོད་ཅན་འགགས་པ་པོ་ཆུ་ཤེལ་དུ་བྱའོ། །ལྟ་བ་བསྙེམས་པ་ནི་དགའ་བའི་བསྟན་བཅོས་སུ་ཡང་། །ཀུ་མུ་དི་ཅན་ལྷན་ཅིག་སྤྱོད་པ་མཐོང་བ་རབ་དགའ་མཛོད་སྤུར་སྨིན་མ་གར་བྱེད་དུས་སུ་ཡང་། །དེ་ཡི་རྐང་པ་བཀོད་པ་སྐད་ཅིག་ལ་ནི་མཉམ་དུ་འཇིག་
ཅིང་འཇུག་རྣམས་དྲན་པ་སྨྲ་བར་བྱེད། །དགའ་བས་རྣམ་པར་མྱོས་པ་རྣམ་པར་བརྒྱུད་པ་དེ་དག་རྩོད་པའི་གནས་ནི་བུད་མེད་རྣམ་པར་འགྱུར་བ་ཅིག །ས་ཡི་སྦྲང་གིས་མྱོས་པ་ཕལ་ཆེར་མྱོས་པ་སྤྲོ་བྱེད་གཟུགས་དང་དཔལ་ནི་གང་ཡིན་དེ་རྣམས་ཉོན། །ལྷ་མོ་ཇི་ལྟར་གནས་པའི་
གར་དང་གླུ་དང་མཆི་མ་འཛག་དང་དགོད་དང་བྱུང་བ་ཟ་བར་བྱེད། །ཅེས་གཟུགས་ཀྱི་དབྱིབས་ནི་འདྲ་བ། །སྡུག་པ་མཐོང་ནས་བྱེད་པའོ། །རྣམ་པ་སྣ་ཚོགས་སྡུག་པའི་ལས། །ཞེས་སོ། །འདོད་པའི་བསྟན་བཅོས་སུ་ཡང་སྐུ་ཆས་བཅིངས་པ་གྲོལ་དང་ཟླུམ་པོར་བཀོད་པའི་
Vol. 17 · folio 328b
ཐིག་ལེ་མ་ལུས་འཆང་བ་དང་ནི་མཐའ་ཅིག་ཏུ། །མིག་སྨན་ནག་པོ་བྲང་ལ་གཡེར་ཁའི་སྒྲ་ལྡན་རིན་ཆེན་གསེར་སྐུད་ཕྲག་པར་གཅིག་ཏུ་དོ་ཤལ་དང་། །རིམ་པར་ལག་པ་ཆ་དང་བཅས་པ་སྤྲས་པ་གཅིག་ཏུ་འཛིན་པའི་འདོད་མ་དེ་རྣམས་རྣ་གཡེང་བ། །ཞེས་པ་ལ་སོགས་ཀྱང་ནི་
མཐོང་ནས་ཅུང་ཟད་སྟན་དང་འགོག་པའི་བརླ་ཡི་གོས་ནི་འཕྲོག་པར་བྱེད། །མཆི་མ་འཛག་ཅེས་པ་ནི་དེ་བཞིན་སྤྱོད་པར་བྱེད་པའི་བསྟན་བཅོས་སུ། །འཇིགས་པ་མེད་ལ་གདོན་མི་ཟ་བར་དུ་སྟེ་འཇིགས་པ་རྒྱས་མི་བྱེད། །ཁྲོས་ཀྱང་གར་བྱེད་འཇུག་ཅིང་དེ་ཡི་སྐད་ཅིག་ཉིད་ལ་དགོད། །
དོ་ཤལ་འཆང་བའི་སྟོབས་མེད་མ་ནི་ཅིར་འགྱུར་ཞེས་ཀྱང་གྲགས། །ཀྱེ་མ་བསོད་ནམས་ལྡན་པའི་མཐར་གནས་མ་ནི་རྣམ་པར་འབྱོར་པར་བྱེད། །སྒྲ་ཇི་བཞིན་པའོ། །རྡོ་རྗེ་མི་འཕྲོག་གཅེར་བུ་དང་། །ལག་པ་གཡོན་པས་མཆོད་པར་བྱེད། །དབུགས་འབྱིན་བུམ་པ་ཅན་དང་དགོད། །དེ་
བཞིན་ངོ་མཚར་གར་རྣམས་ཀྱིས་ཤེས་ཏེ། །མི་འགོམ་པ་ནི་རང་ཉིད་ཁོ་ནས་འཁྱུད་པར་བྱེད་པའོ། །དགའ་བའི་བསྟན་བཅོས་སུ་ཡང་། ཀུན་ནས་འགྲོགས་པས་རང་ཉིད་འོ་བྱེད་བྱ་བ་དང་ནི་ཆོ་ག་ཤེས་རབ་བྲལ་བས་འཁྱུད་པ་དང་། །མལ་གྱི་མཐར་ནི་རྐེད་པ་ཡིས་ཀྱང་ལམ་དུ་
འདོད་པའི་རྣམ་གྲངས་དང་ནི་བུས་མོ་ནི། །ཁྲོས་པས་གཡོ་ཞིང་ཉུག་པར་བྱེད་པའི་རྗེས་སུ་འགྲོ་བའི་བུད་མེད་དྲན་པས་བརྩེ་བ་ཡིས། །འཕེལ་བ་ལ་གནས་མངོན་པར་དགའ་བའི་སྙིང་ནི་རྩེ་དགའ་རོལ་པའི་སྟོབས་ཀྱིས་འཇུག་པར་བྱེད། །ཅེས་སོ། །དབུགས་འབྱིན་གྱིས་ནི་རིང་
དུ་དབུགས་འབྱིན་པས་སོ། །གར་གྱིས་ནི་གར་རྣམས་ཀྱིས་ཏེ་གསང་བའི་ནོར་བུར་ཐིག་ལེར་རྒྱུན་ལ་དེའི་གར་གྱིས་མཉེས་པར་བྱའོ། །དེ་ཉིད་ཐམས་ཅད་རོ་གཅིག་པ་དེས་སྔགས་པས་བཀུག་ནས་བརླ་ཟུང་གི་བར་དུ་གནས་པར་བྱའོ་ཞེས་སོ། །ངོ་མཚར་ནི་ཡ་མཚན་དང་བཅས་
པའི་རྣམ་པ་ཤིན་ཏུ་དགའ་བ་རྣམས་ཀྱིས་སྒྲ་ཡང་བྱེད་དེ་རྡོ་རྗེ་བདུད་རྩིའི་རྒྱུད་དུ་ཡང་། །དེ་ནས་མཉེས་པའི་ལྷ་མོ་ཆེ། །པདྨ་རྒྱས་པའི་མཱ་མ་ཀཱི། །དམ་དུ་འཁྱུད་པ་བྱས་ནས་ནི། །དབང་པོ་ཀུན་ལའོ་བྱའོ། །མ་མཆུ་དང་པོས་འོ་བྱས་ནས། །སིང་ཡིག་གདོན་པར་བྱ་བའོ། །
Vol. 17 · folio 329a
ཞེས་པ་སྒྲ་ཇི་བཞིན་པའོ། །ཧ་ཧཱ་ཧི་ལ་སོགས་པ་བཞད་པ་རྣམ་པ་བརྒྱད་རྣལ་འབྱོར་བའི་སྤྱོད་པ་མཆོག་ཏུ་དགའ་བ་རྡོ་རྗེ་ཕོ་ཉ་མོ་རྣམས་ཐམས་ཅད་ཀྱི་མཚན་ཉིད་འདི་དག་ཏུ་འགྱུར་རོ་ཞེས་པ་རྣལ་འབྱོར་གྱི་སྤྱོད་པ་གསུངས་པ་ཤིན་ཏུ་དགའ་བ་ལ་མི་མོའི་སྤྱོད་པ་སྔགས་
དང་བསམ་གཏན་ལ་སོགས་པ་ཅན་ཉིད་ཀྱིས་མཆོག་ཏུ་དགའ་བར་འགྱུར་རོ། །དེའི་ཕྱིར་རྣལ་འབྱོར་མ་རྣམས་མཉེས་པའི་ཆེད་དུ་འདོད་པའི་བསྟན་བཅོས་ཤེས་པར་བྱའོ། །གསུངས་པ་ཡང་། དཔའ་བོ་རྣམས་ཀྱིས་སླར་ཡང་སྤུ་ལྡང་བ་ལ་སོགས་པ་ནི་ལྷན་ཅིག་སྐྱེས་པ་ཅན་ཡིན་གྱི་གཞན་
མ་ཡིན་ནོ་ཞེས་སོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པར་གསུངས་པ། གཙོ་མོ་རྣམས་དང་དཔའ་བོ་ནི། །སྤུ་ལྡང་ལྷན་ཅིག་སྐྱེས་བདེ་གང་། །རྡོ་རྗེ་འགོམ་པར་མི་བྱའོ། །གཡོན་པས་ཡོངས་སུ་བརྟགས་པ་ཡིན། །ཞེས་སོ། །ད་ནི་མྱོས་བྱེད་འབྱུང་བ་བརྗོད་པར་བྱ་སྟེ། རྒྱུད་
དུ་གསུངས་པས་བྱང་ཆུབ་ཀྱི་སེམས་དཀར་པོའི་ཕྱོགས་ལ་གཡོན་པའི་མཐེ་བོ་ནས་ཚེས་གཅིག་ལ་སོགས་པའི་དབྱེ་བས་གཙུག་ཏོར་དུ་འགྲོའོ། །འདི་ལྟ་སྟེ་དང་པོའི་ཚེས་ལ་དབང་པོའི་སོར་མོའི་ཚིགས་ལའོ། །དེ་བཞིན་དུ་གཉིས་པ་དང་གསུམ་པ་ལའོ། །རྐང་པའི་ཚིགས་དང་པུས་
མོ་དང་། རྐེད་པ་དང་ལག་པའི་སོར་མོའི་ཚིགས་དང་པོ་དང་། ཚིགས་བར་མ་དང་། གསུམ་པའི་ཚིགས་དང་། ལག་པའི་ཚིགས་དང་། དཔུང་པའི་ཚིགས་དང་། ཕྲག་པ་དང་དཔུང་པའི་ཚིགས་དང་། སྙིང་ག་དང་། མགྲིན་པ་དང་དཔྲལ་བ་དང་། གཙུག་ཏོར་དུ་གཉིས་པ་ལ་
སོགས་པ་རྣམས་སོང་ནས་སླར་ཡང་ནག་པོ་ལ་དཔྲལ་བ་དང་མགྲིན་པ་ལ་སོགས་པར་ཚེས་གཅིག་ལ་སོགས་པར་འགྲོའོ། །དེ་ལ་ཆ་རྣམས་ཀྱི་དམར་པོར་སྣང་བ་ཉིད་བསྒོམ་པར་བྱའོ། །མངོན་པར་བརྗོད་པ་བླ་མར་ཡང་གསུངས་པ། ཨོཾ་ཤྲཱི་ཧེ་རུ་ཀ་ཡ་བིདྨེ་ཧེ་བིདྱ་རཱ་ཛཱ་ཡ་དྷི་མ་ཧེ་ཏ་ཏོ་
བི་རཿཔྲ་ཙོ་ད་ཡཱ་ཨཱཿཧཱུཾ། མི་སྨྲ་བར་ནི་རྟག་ཏུ་བསྒོམ། །དབྱངས་སྐྱོང་མཆོག་ནི་བཟླས་པར་བྱ། །ཞེས་ཏེ་སྒྲ་ཇི་བཞིན་པའོ། །རྣལ་འབྱོར་མའི་བཞད་པ་དང་གཟུགས་ཀྱི་སྒྱུ་མའི་ཆོ་གའོ།། །།དེ་ནས་ལྟ་བ་བཤད་བྱ་སྟེ། །སྒྲུབ་པོ་གང་ཞིག་ཕོ་ཉ་མོའི། །གནས་ཀྱི་དབྱེ་བའི་ཆོ་ག་
Vol. 17 · folio 329b
ཤེས་ནས། །སྒོམ་པ་རྟག་ཏུ་མངོན་དགའ་བ། །ཞེས་པ་ལ་སོགས་པས་ལྟ་བ་གསུངས་སོ། །གནས་ཀྱི་དབྱེ་བའི་ཆོ་ག་ནི་དཔའ་བོ་དང་དཔའ་མོ་དག་གིས་རི་བོ་ལ་སོགས་པའི་གནས་ཏེ་དྲང་བའི་དོན་ཏོ། །མགོ་བོ་ལ་སོགས་པ་རྣམས་སུ་པུ་ཡིག་ལ་སོགས་པ་རྣམས་དགོད་པར་
བྱའོ། །དེ་བཞིན་དུ་བླ་མར་ཡང་། པུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི་བྲེ་གྲི་སཽ་སུ་ན་སི་མ་ཀུ། ཞེས་སོ། །བརྡ་ལ་སོགས་པ་ཡང་ཤེས་ནས་སྔགས་དང་བསམ་གཏན་ལ་སོགས་པ་བྱའོ། །སྒྲ་ཇི་བཞིན་པའོ། །ལམ་གྱི་བཞི་མདོ་འམ་ཁྱིམ་དུ་ཡང་། །དཔའ་བོ་
གནས་པའི་རི་བོ་ཡང་། །མཁའ་འགྲོའི་དམ་ཚིག་ལ་གནས་ལ། །རིང་བོ་ནས་ཀྱང་གཟིགས་པར་འགྱུར། །ཞེས་པ་སྒྲུབ་པ་དེ་ཁོ་ན་སྔོན་དུ་བྱེད་པ་ཉིད་དོ། །སྒྲ་ཇི་བཞིན་པའོ། །མཚན་མོ་སྐྲ་གྲོལ་གྱུར་ནས་ནི། །མཆོད་པ་ལས་རྣམས་ཡང་དག་བརྩམས། །མཆོག་གཞན་
རབ་ཏུ་བཅུག་པའམ། །ཕྱོགས་བཅིངས་པ་ལ་སོགས་པ་ཉིད། །ལྷ་དང་ལྷ་ཡི་ཚོགས་ཀྱིས་ཀྱང་། །མ་མཐོང་བར་ཡང་མཆོད་པར་གྱིས། །ཞེས་པས་རྡོ་རྗེའི་མཆོད་པ་གསུངས་ཏེ། རབ་ཏུ་བཅུག་ནས་ནི་བཀུག་ནས་སོ། །གཞན་ནི་རྒྱས་ལ་སོགས་པ་ཅན་ནོ། །སྐྱེ་བོ་
དང་བྲལ་བར་ཕྱོགས་བཅིང་བ་ལ་སོགས་པས་གནས་ལ་སོགས་པ་བསྲུང་བ་བྱས་ནས་བུད་མེད་མྱོས་པ་དང་ལྷན་ཅིག་ཉེ་བར་སྤྱོད་པ་ལྔ་ལ་སོགས་པ་ཉིད་ཀྱིས་མཆོད་པ་བྱས་ནས་དེའི་ཆུ་སྐྱེས་སུ་རྡོ་རྗེ་རབ་ཏུ་གཞུག་གོ། །ཀྱང་གི་སྒྲ་ལས་མི་ལ་སོགས་པ་རྣམས་ཀྱིས་ཏེ་བྲམ་
ཟེ་ལ་སོགས་པ་རྣམས་དང་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་མཐོང་བར་བྱ་བ་མ་ཡིན་ནོ། །རང་གི་སྒྲ་ལས་མཐོང་ཡང་ཁ་ན་མ་ཐོ་བ་མེད་པ་རྣམས་ནི་ཡོན་ཏན་གཞལ་དུ་མེད་པ་དང་ལྡན་པ་ཕྱག་རྒྱ་ཆེན་པོ་གྲུབ་པའོ། །གསུངས་པ་ཡང་། །གང་ཁྱོད་ཉེས་མེད་ལུས་རྣམས་ཀུན། །
ཁ་ན་མ་ཐོ་མེད་པས་གཟིགས། །ཤེས་རབ་ཕ་རོལ་ཕྱིན་པ་ཁྱོད། །རྣམ་པར་མི་རྟོག་ཁྱོད་ལ་འདུད། །དེ་བཞིན་དུ། གཟུགས་མེད་གཟུགས་དང་ལྡན་པའི་མཆོག །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་
Vol. 17 · folio 330a
མ་ལུས་འཆང་བ་པོ། །ཞེས་སོ། །མཆོད་པར་བགྱི་ཞེས་པ་ནི་དོན་དམ་པའི་བདེན་པས་ཕྱག་རྒྱ་མ་དང་འགྲོགས་པས་ཟུང་འཇུག་སྒོམ་པར་བྱེད་པའོ། །དེ་ནས་ཉི་ཤུ་རྩ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གི་ཉི་མ་རྣམས་ཀྱིས་དྲི་མ་མེད་པ་ཉིད་དུ་འགྱུར་རོ་ཞེས་པ་ངེས་
པའོ། །དགོངས་པའོ། །རྩ་བའི་སྔགས་དང་ཡང་ན་གཞན་ཡང་སྔགས་པས་གྲུབ་པར་འགྱུར་རོ། །གང་ཚེ་མེ་ཏོག་སྙིམ་པ་བཀང་། །ནམ་མཁར་གཏོར་བ་མ་མཐོང་ན། །ཞེས་པ་ལ་སོགས་པས་རྩ་བའི་སྔགས་ལ་སོགས་པ་གསུངས་ཏེ། མེ་ཏོག་གཅིག་ས་ལ་ལྷུང་བ་དེའི་ཚེ་ཕོ་
ཉ་མོ་རྣམས་འགྲུབ་པར་བྱེད་དེ་ངག་གི་དབང་ཕྱུག་དང་ངག་གི་དབང་ཕྱུག་གི་མ་མོ་རྣམས་འགུགས་པར་བྱེད་པར་འགྱུར་རོ། །ལྷ་ལ་སོགས་པའི་གནས་མཐའ་ཡས་པ་ལ་གནས་ཞེས་སོ། །འདིར་སྔགས་ནི་བཤད་པའི་རྒྱུད་ལས་གསུངས་པའོ། །དེ་བཞིན་དུ་ཡང་གསུངས་པ།
ཨོཾ་ཧེ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཅེས་སོ། །ཡང་ན་ཨོཾ་ཛྭ་ལ་ཛྭ་ལ་བྷྱོཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ཕྱག་གཉིས་པའོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ཕྱག་བཞི་པའོ། །བཛྲེ་ཝཱ་རཱ་ཧཱི་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་སོ། །སྐར་མའི་རྒྱུ་བ་ཤེས་པར་འགྱུར། །ས་འོག་སོགས་སུ་གང་འགྱུར་དང་། །སྙིང་
པོ་ཉེ་སྙིང་ཡིན་ན་ནི། །བསྒྲུབ་བྱ་དེ་ནི་མི་མཐོང་ངོ་། །ཞེས་ཏེ། རྒྱུ་བ་རྣལ་འབྱོར་མ་རྣམས་ཀྱིས་ཤེས་པར་བྱེད་པ་མི་མཐོང་སྟེ། རྣལ་འབྱོར་དེ་ནམ་མཁའ་ལ་འགྲོ་བའི་ཕྱིར་རོ། །མེའི་གོང་བུ་བཞིན་དུ་ནམ་མཁའ་ལ་མི་སྣང་བར་བྱེད་དོ། །ཇི་བཞིན་པའོ། །གྲོང་དང་གྲོང་དུ་དེ་བཞིན་
དགོན། །གྲོང་ཁྱེར་དང་ནི་བཞི་མདོ་དང་། །དཔའ་བོའི་ཁྱིམ་དང་ཤིང་གཅིག་དང་། །རི་ཡི་རྩེ་དང་མཚན་མ་མཚུངས། །ཤིང་རྩེར་ཁ་དོག་དམར་བསམས་ནས། །ཡི་གེ་བདུན་གྱི་བདག་ཉིད་ཅན། །མི་ཕྱེད་མྱུར་དུ་ལྟུང་བར་འགྱུར། །ས་སྤྱོད་རྣམས་ཀྱང་ལྟུང་བར་འགྱུར། །བདག་
གི་ལུས་ལ་རྣམ་བཀོད་དོ། །ས་ལ་ཀུ་ཤའི་སྟན་ལ་ཉལ། །ཡི་གེ་བདུན་གྱི་བདག་ཉིད་ཅན། །ཇི་སྲིད་བརྒྱ་རྩ་བརྒྱད་པར་བཟླས། །རྨི་ལམ་དུ་ནི་བྱ་བ་ཀུན། །སྟོན་པར་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་བྱ་བ་ནི། རྣལ་འབྱོར་མ་རྣམས་ཨོཾ་ཧྲིཿཞེས་བྱ་བ་ལ་སོགས་པས་འཁོར་ལོ་
Vol. 17 · folio 330b
བསྒོམ་པ་དང་བཟླས་པས་ཐམས་ཅད་བྱེད་དེ་སྒྲ་ཇི་བཞིན་པའོ། །བུ་མོའི་ལུས་ཀྱི་ཆོ་གས་སྔགས་ཀྱིས་བགྲང་ཕྲེང་ལ་མངོན་པར་བསྔགས་པར་བྱའོ། །རལ་གྲི་དང་མར་མེ་དང་མཐེ་བོང་དང་། མེ་ལོང་ལ་བལྟས་པས་པྲ་ཕབ་པ་མཐོང་སྟེ་དགེ་བ་དང་མི་དགེ་བ་གང་ཅུང་ཟད་ཡོད་པ་འདིར་
སྟོན་པར་བྱེད་དོ་ཞེས་པས་རྡོ་རྗེའི་སྐར་མ་འམ་སྣང་བ་གསུངས་སོ། །དཔལ་ཀྱེའི་རྡོ་རྗེ་ལ་སོགས་པར་གསུངས་པའི་ཆོ་གས་ཤེས་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པའོ། །དེ་ནས་ཡི་གེ་པ་ཡི་སྔགས། །རྣམ་བཀོད་འཁོར་ལོའི་དབྱེ་བ་ལས། །ལག་གཡས་ཉི་མའི་དབུས་སུ་ནི། །སྟོང་
ཕྲག་གཅིག་ཏུ་མངོན་བསྔགས་ནས། །གང་གིས་ལག་པ་སྟོན་པར་བྱེད། །དེ་ནི་ངེས་པར་འགུགས་པར་བྱེད། །འཁོར་ལོ་ཟླ་བའི་དཀྱིལ་འཁོར་དུ། །རྣམ་བཀོད་ལག་པ་གཡོན་པས་དེ། །ཤེལ་གྱི་རྣམ་པའི་འོད་ཟེར་གྱིས། །ཕྱོགས་བཅུར་རྣམ་པར་འབྱེར་བར་བྱེད། །ཅེས་པ་
ནི་འབྱུང་པོ་ལ་སོགས་པ་འབྲོས་པར་བྱེད་པའོ། །སྒྲ་ཇི་བཞིན་པའོ། །གང་གིས་ལག་པ་སྟོན་པར་བྱེད་པ་དེ་ནད་ལ་སོགས་པས་གཟིར་བ་དེ་རྣམས་ཀྱི་ནད་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ་ཐེ་ཚོམ་མེད་དོ། །དུག་དང་གདོན་དང་རིམས་དང་གཟེར་དང་མཛེ་ལ་སོགས་པ་ཡང་
འཇོམས་པར་བྱེད་དོ་ཞེས་པ་སྒྲ་ཇི་བཞིན་པའོ། །བ་ལང་ཤ་ནི་མངར་གསུམ་བཏགས། །གལ་ཏེ་སྔགས་རིག་གཅེར་བུ་གང་། །མཚན་མོ་གསང་བ་རུ་ནི་གནས། །སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱ། །སྔགས་པས་ནང་པར་དུས་སུ་ནི། །གསེར་སྲང་སྟོང་ནི་རྙེད་པར་འགྱུར། །
སྦྱིན་སྲེག་སྟོང་ཕྲག་བཅུ་རྣམས་ཀྱིས། །ཡུལ་འཁོར་དམ་པ་རྙེད་པར་འགྱུར། །ཞེས་པས་སྦྱིན་སྲེག་གསུངས་སོ། །མངར་གསུམ་ནི་སྦྲང་རྩི་འོ་མ་ཀ་རའོ། །སྒྲ་ཇི་བཞིན་པའོ། །ཡང་ན་གསང་སྔགས་རྒྱལ་པོ་ཆེ། །གནས་ནི་གང་དུ་བསམ་པར་བྱ། །སྦྱིན་སྲེག་འབུམ་
གྱིས་གནས་དེ་རུ། །རྒྱལ་སྲིད་འགྱུར་བར་ཐེ་ཚོམ་མེད། །ཅེས་པ་སྒྲ་ཇི་བཞིན་པའོ། །དཀར་པོ་ཡིས་ནི་ཞི་བར་བྱེད། །དམར་པོས་དབང་དུ་འགྱུར་བར་བྱེད། །ནག་པོས་མྱུར་དུ་གསོད་པར་བྱེད། །སེར་པོས་ངེས་པར་གནོན་པར་བྱེད། །ཅེས་པ་ཁ་དོག་གསུངས་ཏེ་སྒྲ་
Vol. 17 · folio 331a
ཇི་བཞིན་པའོ། །ལག་པ་གཡོན་དང་གཡས་པ་ལ། །ཟླ་ཉི་མུན་པ་ཅན་དང་མེ། །སྤྱི་བོར་བཅིངས་པ་མཐོང་བ་དང་། །བྱེད་པར་འགྱུར་ཏེ་གཞན་དུ་མིན། །ཇི་སྲིད་ཁུ་ཚུར་མ་བཀྲོལ་བ། །མཚོན་ཆ་མྱུར་དུ་གནོད་པར་བྱེད། །གྲུ་དང་ཤིང་རྟ་འཁྲུལ་འཁོར་དང་། །དུད་
འགྲོ་ལ་སོགས་པ་ཡི་གཞི། །ཞེས་ཏེ། གཡས་པ་ལ་ནི་ལག་པ་གཡས་པ་ཁུ་ཚུར་བཅིངས་ནས་སྔགས་བཟླས་པས་མི་ལ་སོགས་པའི་འཁྲུལ་འཁོར་ལ་སོགས་པ་གནོན་པར་འགྱུར་རོ། །སྒྲ་ཇི་བཞིན་པའོ། །ཡང་ན་བྱ་བ་ཐམས་ཅད་ནི། །སྒྲུབ་པར་གྱུར་པ་བསྒྲུབ་པར་བྱ། །
དྲི་བཟངས་མེ་ཏོག་འབྲས་བུ་དང་། །བདུག་པ་སོ་རྩི་བཟང་པོའི་ཟས། །ཞེས་པ་ནི་གསལ་ལོ། །ལུས་ཀྱི་སྦྱོར་བ་དང་པོར་འགྱུར། །སྦྱོར་བ་གཉིས་པ་ནུས་པ་སྟེ། །གསུམ་པ་རྒྱལ་སྲིད་ལོངས་སྤྱོད་ཉིད། །བཞི་པ་མཐོ་རིས་གནས་པ་ཡིན། །སུམ་ཅུ་རྩ་དྲུག་ཕོ་ཉ་མོ། །དེ་
འགྲུབ་དེར་ནི་ཐེ་ཚོམ་མེད། །ཁམས་གསུམ་རྒྱུ་དང་མི་རྒྱུ་བཅས། །དམོད་འདེབས་རྗེས་འཛིན་བྱེད་པ་ཡིན། །ཞེས་པ་ཕན་ཡོན་ཏེ། འདིར་སྔགས་པའི་ལུས་ཀྱི་ལོངས་སྤྱོད་ནི་ལུས་མཛེས་པར་འགྱུར་རོ། །བསམ་གཏན་གྲུབ་པ་ལ་ནུས་པ། །ཞེས་སོ། །ངག་གི་འཇལ་བ་རྒྱལ་
སྲེད་ཅེས་ཏེ་ཡིད་ལ་མངོན་པར་འདོད་པའོ། །བཞི་པ་ནི་བུད་མེད་བཟང་མོའི་བདེ་བའོ། །སྒྲ་ཇི་བཞིན་པའོ། །ཡང་ན་རྣལ་འབྱོར་མ་དྲུག་སྔགས། །འཁོར་ལོ་ལག་པ་གཡོན་པར་གནས། །གང་གི་ལག་པ་དེ་བསྟན་པ། །དེ་ནི་ངེས་པར་འགུགས་པར་བྱེད། །འཁོར་ལོའི་
ཡི་གེ་ལ་སོགས་ནི་དམར་པོར་གསལ་ལོ། །ཙནྡན་དམར་པོའི་རྡུལ་དང་ནི། །དེ་བཞིན་སྐྱེ་ཚེ་ལན་ཚྭ་དང་། །བསྒྲུབ་པར་བྱ་བའི་རྐང་རྗེས་རྡུལ། །གཅིག་ཏུ་བྱས་ནས་བཏགས་པར་བྱ། །རྣལ་འབྱོར་མ་རྣམས་སྔགས་དང་ནི། །ལག་པས་མཉེ་བ་བྱས་ནས་ནི། །དེ་ནས་མཚན་མོ་གདོལ་
བའི་མེར། །རོ་བསྲེགས་མེ་ལ་ཕྱེ་མ་བསྲེགས། །བསྒྲུབ་བྱར་མངོན་ཕྱོགས་གྱུར་ནས་ནི། །སྦྱོར་བའི་དི་ནི་བརྩམ་པར་བྱ། །ཇི་སྲིད་ཆིག་བརྒྱར་སྦྱིན་སྲེག་བྱ། །དེ་སྲིད་ངེས་པར་འགུགས་པར་བྱེད། །ཅེས་པ་སྔགས་བརྗོད་པས་བསྒྲུབ་བྱ་རྨྱ་ཤིང་རྨུགས་པར་གྱུར་པ་རླུང་དང་མེའི་དཀྱིལ་
Vol. 17 · folio 331b
འཁོར་ལ་གནས་པ་ཕྱག་གི་ཞགས་པ་དང་ལྕགས་ཀྱུ་དང་ལྷ་རྣམས་ཀྱི་འོད་ཟེར་གྱིས་སྙིང་ཕུག་ནས། དེ་ནས་བུད་མེད་དེའི་སྐྱེ་གནས་ལྕགས་ཀྱུས་ཕུག་ནས་ཞགས་པས་མགྲིན་པ་བཅིངས་ནས་གཅེར་བུར་མངོན་དུ་ཕྱོགས་ནས་ཞབས་ཀྱི་འོག་ཏུ་ལྷུང་བར་གྱུར་པར་བསམ་པར་བྱའོ་ཞེས་པ་
སྒྲ་ཇི་བཞིན་པའོ། །ས་ཡི་མགོན་པོ་བདག་ཉིད་དང་། །ནོར་ཡང་དབང་དུ་འགྱུར་བ་ཡིན། །རྡུལ་དེ་ཉིད་ནི་ཡང་དག་བླང་། །ལྕགས་ཀྱི་ཕྱེ་མ་རྣམ་པར་བསྲེ། །དུར་ཁྲོད་རས་ལ་གཏུམས་ནས་ནི། །ལན་བདུན་བཟླས་ཏེ་བཞི་མདོ་རུ། །སོར་མོ་བརྒྱད་དུ་ས་བརྐོས་ནས། །དགྲ་ཡི་
མིང་དང་ཡང་དག་ལྡན། །གང་གི་མིང་སྨོས་སྦས་པ་དེ། །མྱུར་དུ་བསྒྲུབ་བྱ་དེ་གནོན་གྱུར། །བ་ཡི་འོ་མས་གྲོལ་དོན་དུ། །དེ་ནས་ཕྱི་མ་དེ་བཀྲུ་བྱ། །ཞེས་ཏེ། དེ་ཞེས་པ་བསྒྲུབ་བྱའི་རྐང་རྗེས་ཀྱིའོ། །དེ་ལ་གནས་པའི་ཡང་ནའོ། །སྒྲ་ཇི་བཞིན་པའོ། །ཕྱེ་མ་དེ་ཉིད་བླངས་ནས་ནི། །སྨྱོ་
བྱེད་ལྔ་དང་ཡང་དག་ལྡན། །ཡི་དགས་གོས་སུ་དེ་བཏུམས་ནས། །དགྲ་ཡི་མིང་ནི་ཀུན་དུ་བྲི། །གཅིག་ཏུ་བྱས་ནས་བརྒྱར་བཟླས་ཏེ། །དུར་ཁྲོད་དུ་ནི་མེ་སྦ་བྱ། །བསྒྲུབ་བྱ་འཕྲལ་དུ་སྨྱོ་བར་འགྱུར། །འོ་མས་བཀྲུས་ན་བདེ་བའོ། །ཞེས་ཏེ་རང་གི་གནས་སུ་འགྱུར་བའོ། །ལྔ་
ཞེས་པ་ནི་ད་དུ་རའི་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུའོ། །ཡི་དགས་ནི་ཤི་བའོ། །སྒྲ་ཇི་བཞིན་པའོ། །ཟླ་མཚན་དང་ལྡན་པའི་ཁྲག་གིས་གྲོ་ག་ལ་མིང་ཀུན་དུ་བྲི་བར་བྱའོ། །སུམ་མདོར་བཟླས་པ་བྱས་ཏེ་མཐེ་བོས་མནན་ན་དབང་དུ་འགྱུར་རོ། །རང་ཞེས་པ་
མིང་མེད་མཐེ་བོས་མནན་པའོ། །རྐང་པས་མནན་པར་བྱས་ནས་མིང་མེད་ཀྱིས་བཟླས་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པའོ། །དེ་ནས་ལས་མཆོག་བཤད་པར་བྱ། །ངག་གིས་དངོས་གྲུབ་རབ་བསྒྲུབ་པའོ། །ཀ་ར་བཱི་རའི་མེ་ཏོག་དམར། །བ་ཡི་འོ་མར་ལྡན་པས་ཀྱང་། །ཉིན་ཞག་
སོ་སོར་སྔགས་བཟླས་པས། །ཞི་བའི་ལིངྒའི་སྤྱི་བོར་བསྣུན། །ཉི་མ་བདུན་དུ་མཉམ་གཞག་པས། །བརྒྱ་རྩ་བརྒྱད་པོ་ཉིད་ཀྱིས་སོ། །དེ་ནས་ཉི་མ་བརྒྱད་པ་ལ། །མེ་ཏོག་དེ་རྣམས་བླངས་ནས་སུ། །ཆུ་ཀླུང་ཆེན་པོའི་ཆུར་ཞུགས་ནས། །དེ་དག་རེ་རེ་དོར་བར་བྱ། །མཐར་
Vol. 17 · folio 332a
གྱིས་ཀྱང་ནི་ཐམས་ཅད་རྣམས། །གསང་སྔགས་བཟླས་ནས་དོར་བར་བྱ། །ཆུ་ཀླུང་དོར་བའི་མེ་ཏོག་གང་། །རྒྱུན་ལས་ལྡོག་ན་སྒྲུབ་པ་པོས། །དེ་ནི་ཆུ་དང་ལྡན་པ་བླང་། །སྨོས་མ་རེག་པ་དེ་འཐུངས་ན། །སྒྲུབ་པ་པོ་དེའི་ངག་གིས་ནི། །དངོས་གྲུབ་འགྱུར་
བར་ཐེ་ཚོམ་མེད། །ཅེས་ཏེ་སྒྲ་ཇི་བཞིན་པའོ། །ལག་པ་སྐྱེ་གནས་ཕྱག་རྒྱ་བཅིངས། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །སྔགས་པ་བསྒྲུབ་བྱར་མངོན་ཕྱོགས་ནས། །བསྒྲུབ་བྱ་ཡི་ཡང་ལྟོ་བར་གནས། །བློ་ལྡན་དེ་ཡིད་ལ་གནས་པ། །ཐུན་གསུམ་མཐེ་ཆུང་བསྐྱོང་བར་བྱ། །
མཚན་མོ་བདུན་གྱིས་རྒྱལ་པོ་སོགས། །བརྒྱ་བྱིན་སོགས་རྣམས་ངེས་པར་འགུགས། །ཞེས་ཏེ་མཐེ་ཆུང་ནི་ལྕེའོ། །དགོངས་པའོ། །ཙནྡན་དམར་པོའི་རྡུལ་གྱིས་ནི། །བསྒྲུབ་པར་བྱ་བའི་གཟུགས་བྱས་ནས། །ཚ་བ་གསུམ་གྱིས་རྣམ་པར་བྱུགས། །སྤྲ་ཚིལ་གྱིས་ནི་རབ་བྱུག་
བྱ། །སྒྲུབ་པོས་དེ་ཡི་གསང་གནས་སུ། །ཟངས་མའི་ཁབ་ཀྱིས་དེ་ཕུག་ནས། །སེང་ལྡེང་མདག་མེ་དུ་མེད་ལ། །ཉི་མ་བདུན་དུ་ངེས་པར་གདུང་། །སྔགས་ཀྱིས་ལན་ཅིག་བཟླས་པ་ཡིས། །བསྒྲུབ་བྱ་མྱུར་དུ་འགུགས་པར་བྱེད། །བསྒྲུབ་བྱའི་མིང་ནི་སྔགས་སྤེལ་བ། །གི་ཝང་རོ་ཡི་
སེན་རྩི་ཡིས། །གྲོ་གའི་འདབ་མ་ལ་བྲི་བྱ། །རྒྱལ་པོའི་གནས་དང་སྡེ་ཉིད་བཅས། །སྤྲ་ཚིལ་གྱིས་ནི་འདབ་མ་དཀྲི། །སེང་སྡེང་མེ་ཡིས་གདུང་བར་བྱ། །ཇི་སྲིད་སྤྲ་ཚིལ་མ་ཞུ་བ། །དེ་སྲིད་བར་དུ་གདུང་བར་བྱ། །རྒྱལ་པོ་ངེས་པར་མྱུར་དུ་འགུགས། །བསྒྲུབ་པར་བྱ་བའི་རྐང་
རྗེས་རྡུལ། །ཙནྡན་དམར་པོ་དང་བསྲེས་པ། །དུར་ཁྲོད་ཐལ་བ་དང་ལྷག་མ། །གཅིག་ཏུ་བྱས་ནས་སྒྲུབ་པོས་ནི། །སེང་ལྡེང་མདག་མེ་དུ་མེད་ལ། །རྡུལ་དེ་ལག་པ་གཉིས་ཀྱིས་ནི། །མཉེས་ནས་གདུང་བའི་སྦྱིན་སྲེག་བྱ། །ཇི་སྲིད་དུ་ནི་བསྲེགས་པས་འགྲུབ། །བརྒྱལ་ཞིང་སེམས་
དང་བྲལ་བ་དང་། །རྣམ་པར་རྨོངས་ཤིང་ཉོན་མོངས་པས། །ཕྱུགས་དང་དེ་བཞིན་ཕོ་ཉ་མོ། །རླུང་གི་ཤུགས་ཀྱིས་འོང་བར་འགྱུར། །ཀ་ར་བཱི་རའི་ལྕུག་མ་ནི། །རླན་བཅས་དཔུང་པའི་ཚད་ཙམ་ནི། །བླངས་ནས་དེ་ལ་སྔགས་བྲིས་ཏེ། །རོ་བསྲེགས་མེ་རུ་དེ་གཞུག་བྱ། །ཇི་སྲིད་དེ་
Vol. 17 · folio 332b
ནི་མ་ཚིག་པ། །དེ་ནས་མྱུར་བས་བླངས་ནས་ནི། །རིགས་པས་ལན་བདུན་བཟླས་བྱས་ནས། །བསྒྲུབ་བྱའི་མིང་ནས་དེ་བསྐོར་བྱ། །བུད་མེད་མཆོག་གང་རྗེས་དྲན་ནས། །རླུང་གི་ཤུགས་ཀྱིས་དེ་འགུགས་བྱེད། །གཡོན་གྱི་འཇུག་པས་དེ་སླར་ཡང་། །བསྐོར་བས་ཞི་བར་བྱེད་
པ་ཡིན། །ཀ་ར་བཱི་ར་མར་མེ་ཏོག །རྒྱལ་ལ་གི་ཝང་གིས་བྱུགས་ཏེ། །ཆུ་ཀླུང་ཆེན་པོར་ཞུགས་ནས་ནི། །ལྟེ་བ་ཙམ་དུ་ཆུ་རུ་གནས། །ལག་པ་ཁ་སྦྱོར་དབུས་གནས་པ། །དེ་ནས་སྟོང་ཕྲག་གཅིག་ཏུ་བཟླས། །ལག་པ་གཉིས་ཀྱིས་ཕྱེ་མར་བརླགས། །ཆུ་ཡི་ལྷན་ཅིག་བཏུང་
བར་བྱ། །རྣལ་འབྱོར་པ་ནི་ཚིག་གྲུབ་པ། །དེ་ནས་དེ་ཡིས་དངོས་གྲུབ་འགྱུར། །རྒྱལ་པོ་རྒྱལ་པོའི་བཙུན་མོ་ཡང་། །ཡིད་ཀྱིས་ངེས་པར་འགུགས་པར་འགྱུར། །ལྷ་དང་ལྷ་མིན་མིར་བཅས་རྣམས། །ཁྲོས་པའི་ཚིག་གིས་གསོད་པར་བྱེད། །ཚར་བཅད་རྗེས་འཛིན་ལ་
སོགས་པ། །ཐམས་ཅད་ཚིག་གིས་བྱེད་པ་ཡིན། །ཞེས་པ་ལས་སྣ་ཚོགས་གསུངས་ཏེ་སྒྲ་ཇི་བཞིན་པའོ། །དེ་ནས་གཞན་ནི་རབ་འཆད་བྱེད། །བུད་མེད་ཀུན་དུ་རྨོངས་བྱེད་པ། །ཀ་ར་བཱི་རའི་མེ་ཏོག་ནི། །རིགས་པས་ལན་བདུན་བཟླས་པ་རྣམས། །དེ་རྣམས་ཁ་སྦྱོར་
བྱས་ནས་ནི། །སྐྱེ་གནས་དབུས་སུ་ངེས་པར་སྦྱར། །གཉིས་མེད་ཡེ་ཤེས་རྣལ་འབྱོར་ལྡན། །གསང་སྔགས་བརྒྱ་ཕྲག་གཅིག་བཟླས་བྱ། །སྒྲུབ་པ་དེ་དག་རྣམས་ཀྱི་ནི། །གཅིག་ནི་ཕུང་པོས་བླངས་ནས་སུ། །དེ་ཡིས་མི་མོ་གང་ལ་བསྣུན། །དེ་ནི་མོད་ལ་དབང་དུ་འགྱུར། །
ཞེས་ཏེ་རིགས་པས་ཞེས་པ་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་སྔགས་ཀྱིས་སོ། །ཁ་སྦྱོར་བྱས་པ་ནི་མིག་བཙུམས་པའི་དགའ་བ་མེད་པའོ། །དམར་པོ་ནི་ཀ་ར་བཱི་རའི་མེ་ཏོག་གོ། །གཉིས་མེད་ཅེས་པ་བུད་མེད་དང་སྐྱེས་པའི་དབང་པོ་གཉིས་གཅིག་པ་ཉིད་དོ། །དགོངས་པའོ། །
དེ་ནས་ཡི་གེ་ཧ་ལྔ་ཡི། །ལས་ནི་འཆང་བྱེད་དེ་ཉིད་ལས། །གང་གིས་རྣམ་པར་ཤེས་ཙམ་གྱིས། །མྱུར་དུ་དངོས་གྲུབ་རབ་འཇུག་བྱེད། །ཅེས་པ་སྒྲ་ཇི་བཞིན་པའོ། །ཧཱིཾ་ཧཱིཾ་ཧཱུཾ་ཧཽ་ཧཿཞེས་པ་སྔགས་བསྟན་པའོ། །ཤེས་རབ་དག་པ་ཙམ་གྱིས་ཡོན་ཏན་ཕྱེད་དོ། །སྒྲ་ཇི་བཞིན་
Vol. 17 · folio 333a
པའོ། །འདི་དག་དགོད་པར་བྱ་བ་ནི་རྣལ་འབྱོར་པའི་ལག་པ་དག་བརྟན་པར་མཉེས་པར་བྱའོ། །བསྒྲུབ་བྱ་ལ་མངོན་དུ་ཕྱོགས་པར་གྱུར་པས་དེའི་མིང་ནས་བསྐུལ་བ་དང་ལྡན་པས་དེའི་ཁྲག་འགུགས་པར་བྱེད་དེ་དགྲ་བོ་མོད་ལ་འཆི་བར་འགྱུར་རོ། །འདི་དག་ནི་
ཧ་ཡིག་དབུས་མར་བྱས་ནས་གཞན་གྱི་མིང་དང་ལྡན་པ་བཀོད་པས་ཁ་ནས་ཁྲག་འཛག་པར་བསམ་པར་བྱའོ། །སྡིགས་མཛུབ་དང་མིང་མེད་ཀྱི་ཐོད་པར་གནས་པའི་ཁྲག་རབ་ཏུ་མཉེ་བར་བྱ་སྟེ་ཇི་སྲིད་དེ་སྐད་བཞིན་པར་འགྱུར་གྱི་བར་དུའོ། །དེ་ནས་བསྒྲུབ་བྱ་དེ་རྣམས་འཇིག་གོ། །
གཡོན་པའི་མིང་མེད་ཀྱི་རྩེ་མོ་ནས་མཉེས་ན་དེ་ནས་འཚོའོ། །ཆང་འཐུངས་ནས་གལ་ཏེ་ཁྲོས་པས་མིག་དམར་པོར་གྱུར་པས་བཟླས་པར་བྱ་སྟེ་རྒྱལ་པོ་སྡེ་དང་དཔུང་དང་བཞོན་པ་དང་བཅས་པ་ཡང་མྱུར་དུ་འགུགས་པར་བྱེད་དོ། །མྱོས་བྱེད་ནི་ཆང་ལ་སོགས་པའོ། །དེ་བཞིན་
དུ་ཤུན་པ་དང་བུ་རམ་དང་བཅས་པས་སོ། །གང་ཅུང་ཟད་བྱ་བ་དེ་སྦྲང་རྩིས་མཆོག་ཏུ་བཏགས་ནས་ཆུ་རྣམས་ཀྱིས་སྦྱར་བ་ཡང་མཁས་པས་ཆང་རྣམ་པ་གསུམ་དུ་ཤེས་པར་བྱའོ། །བུ་རམ་སོ་བ་བཅོས་པའི་ཆང་། །མཁས་པས་དྷཱ་ཧཱ་ཀཱི་ལ་གནས། །མཉེ་བྱ་ཟོས་ཤིང་འཐུངས་
པ་གང་། །དེ་དེ་མྱོས་བྱེད་ཅེས་བཤད་དོ། །སྒྲ་ཇི་བཞིན་པའོ། །དེ་ནས་རྣམ་པ་སྣ་ཚོགས་ཤེས། །མཁའ་འགྲོ་མ་ལ་གཏོར་མ་སྦྱིན། །སྒྲུབ་པོ་དངོས་གྲུབ་ལ་བརྩོན་པས། །གསང་སྔགས་བཟླས་པ་རབ་ཏུ་བྱ། །ཞེས་པས་བསྙེན་པ་གསུངས་སོ། །བཟླས་པ་
ཞེས་པ་ཉེ་བར་མཚོན་པ་སྟེ་སྦྱིན་སྲེག་ལ་སོགས་པ་འདི་ཉེ་བར་བསྡུས་སོ། །རི་བོང་ལ་སོགས་པའི་སྤུའི་སྐུད་པ་ལ་སྟོང་ཕྲག་མངོན་པར་བསྔགས་ནས་གང་གི་མགུལ་པ་ལ་བཅིངས་ན་མི་དེ་དེ་དང་འདྲ་བར་འགྱུར་རོ། །ཀ་ར་བཱི་རའི་མེ་ཏོག་ལ། །སྟོང་ཕྲག་གཅིག་ཏུ་མངོན་བསྔགས་
ནས། །དེ་ཡིས་སྦྲུམ་མ་ལ་རེག་ན། །མངལ་ནི་གཞན་དུ་འཕོ་བར་འགྱུར། །སྡིགས་མཛུབ་ལ་མངོན་པར་བསྔགས་ཏེ་སྡིགས་མཛུབ་བསྟན་ན་དེ་རྣམ་པར་འཇོམས་པར་བྱེད་དོ། །སྒྲུབ་པ་པོའི་གཡོན་པའི་མིང་མེད་ཀྱིས་རེག་ན་འཚོ་བར་བྱེད་དོ། །སྒྲ་ཇི་བཞིན་པའོ། །དེ་ནས་འདི་ལས་
Vol. 17 · folio 333b
འབད་པ་ཡིས། །རྡོ་རྗེ་མཁའ་འགྲོའི་སྙིང་པོ་འཆང་། །གང་གིས་བསྒྲུབས་པ་ཙམ་གྱིས་ནི། །དངོས་གྲུབ་ཀྱི་ནི་འབྲས་བུ་འབྱུང་། །ཞེས་པ་ལས་གསུངས་སོ། །མཁའ་འགྲོ་རྣམས་ཀྱི་རིག་པ་ཆེན་པོ་བཟླས་པར་བྱ་ཞེས་པ་ནི་རྣལ་འབྱོར་པས་འབུམ་བཟླས་པ་བསྒྲུབས་པས་
འབྱུང་པོ་རྣམས་དབང་དུ་བྱེད་དོ་ཞེས་པ་སྔོན་དུ་བསྙེན་པ་གསུངས་པ་ཕག་མོའི་སྔགས་འབུམ་བཟླས་པས་སོ། །ད་ནི་མངོན་པར་བརྗོད་པ་བླ་མར་གསུངས་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བརྗོད་པར་བྱ་སྟེ། སྟོང་པར་བསྒོམས་ནས་རང་གི་སྙིང་གར་ཟླ་བ་ལ་གནས་པའི་སྣ་
ཚོགས་སུ་ཆུ་སྐྱེས་ཀྱི་སྟེང་དུ། ཨཱ་ལི་ཀཱ་ལིའི་དབུས་སུ་ཡཾ་ལས་སྐྱེས་པའི་ཕག་མོ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་ཕྱག་གཉིས་མ་ཞལ་གཅིག་པ་སྤྱན་གསུམ་པ་མཆེ་བ་གཙིགས་པ་སྐྱིལ་ཀྲུང་ཕྱེད་པས་གར་བྱེད་བཞིན་པས་གནས་པ་ཤིན་ཏུ་མཛེས་པ་ཕྱག་གཡོན་གྱི་མཐར་སྐྲ་
གྲོལ་བ་སྣ་ཚོགས་པདྨ་ལ་རྣམ་པར་བཞུགས་པ་ཞལ་མཆེ་བ་གཙིགས་པ། ཟླ་བ་ཕྱེད་པས་ཉེ་བར་མཛེས་པ་ཅོད་པན་ལ་རྡོ་རྗེས་མཚན་པ་དངོས་གྲུབ་ཐམས་ཅད་རབ་ཏུ་སྦྱིན་པར་བྱེད་པ་དྲག་མོ་ཐོད་པའི་ཕྲེང་བ་ཅན། དཔྲལ་བར་རྡོ་རྗེ་ཕྲེང་བ་ཅན། །གཡོན་དུ་ཐོད་པ་
ཁྲག་དང་བཅས། །གཡས་སུ་རྡོ་རྗེ་སྡིགས་མཛུབ་བྱེད། །བསྐལ་པའི་མེ་ལྟར་ཀུན་དུ་འབར། །ཁྲག་ལ་དགྱེས་ཤིང་ཁྲག་འཛག་མོ། །སྤྱན་དམར་འོད་ཟེར་དམར་པོ་སྟེ། །སངས་རྒྱས་ལྔ་ཡིས་རྒྱན་དུ་བྱས། །ཡང་ན་པདྨ་དམར་པོ་ཡི། །དབུས་སུ་སེམས་དཔའི་
སྐྱིལ་ཀྲུང་ཅན། །ཐོད་པའི་ཕྲེང་བའི་ཅོད་པན་ཅན། །རྒྱན་རྣམས་ཀུན་གྱིས་བརྒྱན་པའོ། །རྡོ་རྗེ་དྲིལ་བུ་སྙོམས་པར་འཇུག །ཐབས་ནི་འཚིར་ཞིང་འཛིན་པའོ། །ཡང་ན་གཡས་བརྐྱང་དམར་པོར་བཅས། །སྐྲ་ནི་གྱེན་དུ་བཅིངས་ཤིང་བརྫེས། །འཇིགས་བྱེད་
དང་ནི་དུས་མཚན་མནན། །རྒྱན་བྱད་དམར་གནས་ཤིན་ཏུ་རྨུགས། །དེ་ལྟར་ལྷ་མོ་སྣ་ཚོགས་མཚོན། །སྣ་ཚོགས་དབྱིབས་དང་ཁ་དོག་སྟེ། །སྙིང་ལ་ཡེ་ཤེས་ཏིང་འཛིན་སེམས། །བསམས་ནས་སེམས་ནི་མཚོན་པར་བྱ། །ཇི་ལྟར་འཁོར་ལོ་ལྔ་བདག་ཉིད། །
Vol. 17 · folio 334a
བྷ་གའི་དབུས་སུ་བསྒོམ་པར་བྱ། །དེ་ནས་འཁོར་ལོ་བཞི་བདག་ཉིད། །དེ་ལྟ་བུ་སོགས་མཐར་ཐུག་པའོ། །ཡང་ན་ཡུད་ཀྱི་སྦྱོར་བ་ཡིས། །བརྗོད་པའི་ས་བོན་སོགས་དྲན་བྱ། །ས་བོན་འོད་ཟེར་སྤྲོས་པ་ཡིས། །འགྲོ་བའི་དོན་ནི་སྒྲུབ་པ་དང་། །
བར་མ་གསལ་བའི་ཡེ་ཤེས་དང་། །རྣམ་ཤེས་མཆོག་གི་ལུས་ཅན་རྣམས། །ཐུན་མཚམས་བཞི་རུ་བསྒོམས་པ་ལས། །ས་འོག་ས་སྟེངས་ཀུན་བལྟ་བྱ། །བདག་པོ་རྣམ་གཉིས་དེ་ཇི་སྲིད། །མཐོང་བར་ས་ལ་རྣམ་པར་སྤྱད། །ངེས་པར་སྦྱོར་བ་འདི་ཡིས་ནི། །
དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །གོ་ཆ་ཆེན་པོས་ཡང་དག་བསྲུང་། །འབུམ་ཕྲག་བཟླས་ནས་ལས་བྱའོ། །སྒྲ་ཇི་བཞིན་པའོ། །མིའི་རུས་པའི་ཕུར་པ་སོར་དྲུག་པ་བྱས་ནས་བརྒྱ་རྩ་བརྒྱད་བཟླས་ཏེ་དགྲའི་སྒོར་གཟུགས་པར་བྱ་སྟེ་དེའི་རིགས་རྒྱུད་ཟད་པར་འགྱུར་རོ། །བ་ལང་
གི་ཞིང་ངམ་མ་ཧེ་དང་གླང་པོ་ཆེ་དང་རྟའི་ར་བར་སྦ་བར་བྱ་སྟེ། གང་དང་གང་གི་རུས་པས་ཕུར་པ་བྱས་ན་དེའི་རིགས་རྒྱུད་ཉམས་པར་བྱེད་དོ་ཞེས་པའོ། །རིགས་རྒྱུད་ནི་རིགས་སོ། །བརྒྱད་ལྷག་པའི་བརྒྱ་བཟླས་པ་ལས་སོ། །སྒྲ་ཇི་བཞིན་པའོ། །དེ་ནས་རྒྱལ་པོ་
དབང་དུ་བྱ་བར་འདོད་པར་གྱུར་ན་སྒྲུབ་པ་པོས་སའི་རང་བཞིན་གྱི་གཟུགས་བརྙན་བྱས་ནས་སོར་བརྒྱད་ཀྱི་ས་རུ་གཞུག་པར་བྱའོ། །ཉི་མ་དང་པོ་ལ་མ་དུ་ལུངྒའི་མེ་ཏོག་གསུམ་དང་མེ་ཏོག་བསྲེས་ལ་སྦྱིན་སྲེག་བྱ་ཞིང་ཉིས་འགྱུར་དུ་འཕེལ་བར་བྱའོ། །སྟོང་ཕྲག་བརྒྱད་
དེ་སྲིད་མི་བདག་དབང་དུ་གྱུར་གྱི་བར་སྦྱིན་སྲེག་བྱའོ། །སྔགས་ཀྱི་རྒྱལ་པོ་འདི་ཉིད་ཀྱིས། །རྨུགས་དང་དེ་བཞིན་རེངས་པ་དང་། །རྨོངས་དང་སྐེམས་པ་ཉིད་ཀྱང་ནི། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །ཅེས་ཏེ་ས་ལ་ནི་རྒྱལ་པོའི་སྒོ་རུའོ། །མེ་ཏོག་ནི་རྡུལ་ལོ། །
དགོངས་པའོ། །ཤ་དང་ལྡན་པའི་སྦྱིན་སྲེག་གིས། འགྲུབ་པར་འགྱུར་ཏེ་གཞན་དུ་མིན། །སྐྱེས་པ་བུད་མེད་དུ་བྱ་བར་འདོད་པས། །སྐྱེས་པའི་ཞེས་པ་དེ་ཉིད་ཀྱིའོ། །རྐང་པའི་པགས་པ་དང་སེན་མོ་ནི་འདིར་ཆ་མཉམ་པར་བྱའོ། །རྐང་པ་ནི་ལྟོགས་པ་དེ་ཉིད་ཀྱིའོ། །ཀཎྜ་
Vol. 17 · folio 334b
ཀ་རིའི་མེ་ཏོག་དང་འབྲས་བུ་གཉིས་ཆ་མཉམ་པར་བྱས་ལ་རི་བོང་གི་ཁྲག་གིས་བཏགས་པར་བྱའོ། །ཉི་མ་བཅུ་གཅིག་ཇི་སྲིད་པར་གྲིབ་ནས་བསྐམ་པར་བྱའོ། །ཉི་མ་བཅུ་གཉིས་པ་ལ་གང་གི་མགོ་བོར་ཕྱེ་མ་བྱིན་པའི་སྐྱེས་པ་དེ་ངེས་པར་བུད་མེད་དུ་འགྱུར་ཏེ་ཡང་དག་པར་
འོ་མས་བཀྲུས་པས་གྲོལ་བར་འགྱུར་རོ། །ལྟོགས་པ་ནི་བྱ་རོག་ཆེན་པོའོ། །ཁྲག་རྣམས་ཞེས་སྤངས་པ་གསུམ་པའི་དོན་ཏོ། །མགོ་ལ་ཞེས་པ་མགོ་ལ་ཞེས་ཐོབ་བོ། །སྒྲ་ཇི་བཞིན་པའོ། །ཡང་ན་ཁྱི་རུ་བྱ་བར་འདོད་པས་རྒྱལ་གྱི་ལྕགས་ནེ་ལེའི་མགོ་བོར་བཞག་
ནས་ཞག་བདུན་དུ་སྔགས་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །ཉི་མ་བརྒྱད་པ་ལ་སླར་ཡང་གུར་གུམ་གྱིས་མཉམ་པར་བྱས་ནས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་གང་གི་མགོ་བོར་དེའི་ཐལ་བ་བྱིན་པའི་སྐྱེས་པ་དེ་ཁྱིར་འགྱུར་རོ། །སླར་གསོ་བ་ལ་མཚན་མོ་མཁའ་
འགྲོ་མ་རྣམས་ལ་གཏོར་མ་སྦྱིན་པར་བྱའོ་ཞེས་སོ། །རྒྱལ་ནི་སྐར་མ་རྒྱལ་ལ་ལྕགས་ཀྱི་དྲི་མའོ། །བརྒྱད་ཅེས་པ་བརྒྱད་ལྷག་པའི་སྟོང་ཕྲག་གོ། །ཁྱི་ནི་ཁྱིའོ། །སྒྲ་ཇི་བཞིན་པའོ། །རྫས་ཉིད་འདིར་རྫས་མ་ཡིན་པར་བྱ་བར་འདོད་ན་གསེར་ཤིང་གི་འབྲས་བུའི་སྦྱིན་སྲེག་བརྒྱ་རྩ་
བརྒྱད་བྱས་ན་གང་གི་ཚེ། མི་དེའི་རྫས་མ་ཡིན་པར་འགྱུར་རོ། །སླར་གསོ་བ་ལ་ནི་སྔགས་ཨ་རུ་རའི་སྦྱིན་སྲེག་བྱས་ན་དེ་བཞིན་དུ་འགྱུར་རོ། །གསེར་ཤིང་ནི་སྨོ་བྱེད་དོ། །ལྟས་སུ་བྱུང་བར་བྱ་བར་འདོད་པས་གང་བྱ་ཆེན་པོའི་ཚང་གིས་སྦྱིན་སྲེག་བྱས་ན་ཉི་མ་བདུན་པ་ལ་འདིར་ལྟས་སུ་
འབྱུང་བར་འགྱུར་ཏེ་ས་ལའོ། །སླར་གསོ་བ་ལ་ནི་ཕུབ་མའི་སྦྱིན་སྲེག་བྱས་ན་ངེས་པར་ལྟས་ངན་ཞི་བར་འགྱུར་རོ། །སྤེལ་ཚིག་གི་དབྱེ་བས་བརྒྱད་ལྷག་པ་རྣམས་བཟླས་པས་ཞིའོ་ཞེས་པ་སྒྲ་ཇི་བཞིན་པའོ། །ཟླ་བ་གཟས་ཟིན་པ་ན་བྱི་ལའི་སྤུ་རྣམས་རོ་བསྲེགས་པའི་མེར་བསྲེག་
པར་བྱའོ། །གང་གི་མིང་ནས་སྨོས་པ་སྔགས་ཀྱིས་མི་དེ་བྱི་ལར་འགྱུར་རོ། །ཐལ་བ་མགོ་བོར་བླུགས་པ་དེ་འོ་མས་བཀྲུས་ན་ཞིའོ། །བྱ་རོག་གི་རྒྱུས་པས་སྲད་བུ་བྱས་ནས་སྔགས་ཀྱིས་མངོན་པར་བསྔགས་ཏེ་མགུལ་པར་བཅིངས་པའི་མི་དེ་བྱ་རོག་ཏུ་འགྱུར་རོ། །སེམས་
Vol. 17 · folio 335a
ཅན་གང་དང་གང་ཉིད་ཀྱིས་སྐུད་པ་མགུལ་པ་ལ་བཅིངས་ཏེ་བརྒྱ་རྩ་བ་རྒྱད་བཟླས་ན་མི་དེ་དང་འདྲ་བར་འགྱུར་རོ། །མགུལ་པའི་སྐུད་པ་བཀྲོལ་བས་ཀྱང་གྲོལ་བར་འགྱུར་རོ། །རང་གི་སོ་བ་ལ་མངོན་པར་བསྔགས་ནས་ཕ་རོལ་གྱི་སོ་བ་རྣམས་སུ་གཞག་པར་བྱའོ། །
སོ་བ་ཕྱེད་ཀྱིས་ཀྱང་བདག་ཉིད་ལ་མངོན་པར་དབང་བསྐུར་ནས་མཚན་མོ་བདུན་དུ་སྔགས་བཟླས་པ་བྱས་ཏེ། དེ་ནས་སོ་བ་འགུགས་པར་བྱེད་དོ། །རང་གི་སོ་བ་ལ་ལན་བདུན་བཟླས་ནས་སོ། །སྒྲ་ཇི་བཞིན་པའོ། །སྣ་ཚོགས་པའི་ལས་རབ་འབྱམ་གྱི་ཆོ་གའོ། །དེ་ནས་གཞན་
ནི་རབ་འཆད་བྱེད། །མཁའ་འགྲོ་མ་ཡི་གནས་ཆེན་པོ། །རིན་ཆེན་ལྔ་ཡི་རང་བཞིན་དགེ། རི་བོ་བཟང་པོས་བྲིས་ནས་ནི། །དེ་ཡང་སྟེང་དུ་རྟག་བཟླས་བྱ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་བྱ་བ་ལ་སོགས་པས་ཕྱི་རོལ་གྱི་མཆོད་པ་གསུངས་སོ། །རི་བོ་ནི་སུཾ་ལས་སྐྱེས་
པའི་ལྷུན་པོའོ། །ལྔ་ཞེས་པ་ནམ་མཁའ་ལ་སོགས་པའི་དབྱིངས་སུ་གནས་པར་བསམ་པར་བྱའོ། །བཤད་པའི་རྒྱུད་དུ་ཡང་། རྟེན་དང་བརྟེན་པའི་རང་བཞིན་གྱིས། །བྷཻ་རམྦ་ལ་སོགས་པར་གནས། །བླ་མ་བརྒྱུད་རིམ་ཇི་ལྟ་བར། །དེ་ལྟར་ཤེས་ནས་ཆོག་ཤེས་པས། །རི་
ཡི་མགོ་དང་གེ་སར་དང་། །སྣ་ཚོགས་འདབ་མ་འཇམ་པ་ལ། །དེ་ཡི་དབུས་གནས་དཔའ་བོ་ནི། །འདོད་དོན་ཐམས་ཅད་སྒྲུབ་པ་པོ། །ཞེས་པ་དྲང་བའི་དོན་ཏོ། །གཙུག་ཏོར་ལ་སོགས་པའི་པདྨ་ནི་ལྔའོ། །བཟང་པོ་ནི་གསང་བའི་པདྨ་གཅིག་པུའོ། །སྣ་ཚོགས་ཆུ་
སྐྱེས་འདབ་མ་བརྒྱད་པ་རྡོ་རྗེ་ནོར་བུར་གནས་པ་ལ་སོགས་པ་བརྒྱད་པ་ཟེའུ་འབྲུ་དང་བཅས་པ་ལ་ཉི་མའོ། །ཨུ་མཱ་ར་དང་དེ་རང་དབང་ཕྱུག་ཆེན་པོ་དག་རྡུལ་དང་ཁུ་བའོ། །འདིར་ཧེ་རུ་ཀ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་དག་འགགས་པ་ནི་གང་བའོ། །རྡོ་རྗེ་ཕག་མོ་ནི་
དེ་ལ་སྣང་བ་ཐམས་ཅད་མཁྱེན་པ་ཉིད་དེ་ཟླ་བའམ། ཟླ་བ་ཅན་གྱི་དབྱེ་བ་མེད་པའི་ཆོས་ཅན་མ་སྒོམ་པར་བྱེད་པས་སྐྱེ་བོ་ཞེས་པ་ངེས་པའི་དོན་ཏོ། །མཁའ་འགྲོ་དེ་བཞིན་ལཱ་མ་དང་། །དུམ་སྐྱེས་མ་དང་གཟུགས་ཅན་མ། །རབ་གཏུམ་ལ་སོགས་ཉི་ཤུ་བཞི། །བྱ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words