No title in the text — opening words: དཔལ་བདེ་མཆོག་གི་རྒྱ་ཆེར་བཤད་པ་ཚིག་དོན་རབ་ཏུ་གསལ་བ་ཞེས་བྱ་བ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 17 · folio 410a
ཏེ། སྨྲ་བ་རྣ་བས་ཐོས་པ་ནས་རེག་པ་ལུས་ཀྱིས་མྱོང་བའི་བར་གྱིས་ཆོས་ཀྱི་ཕྱག་རྒྱ་ལ་དམིགས་ན་སྡིག་པ་ལས་གྲོལ་བར་འགྱུར་ཞིང་མིག་གི་ཡུལ་གཟུགས་སུ་དག་ཅིང་སྐྱོན་མེད་པའོ། །གཟུགས་ལ་རྟོག་པ་དང་བྲལ་བའི་བདེ་བ་
སྐྱེས་ནས་གང་ཞིག་སྤྱོད་པའོ་ཞེས་བྱ་བ་སྨོས་ཏེ། མཆོག་གི་དངོས་གྲུབ་བདེ་བར་གཤེགས་པའི་ས་བཅུ་གཅིག་པ་ཐོབ་པ་དང་བདེ་བར་གཤེགས་པའི་རིགས་སུ་སྐྱེས་པའི་ལྷའི་རྒྱལ་པོར་འགྱུར་ཏེ། དངོས་གྲུབ་འབྲིང་དང་མིའི་རྒྱལ་པོར་གྱུར་པའི་དངོས་གྲུབ་
ཐ་མ་ཡིན་ནོ། །དེ་ལྟར་བརྟུལ་ཞུགས་ཕན་ཡོན་དང་བཅས་པ་བཤད་ནས། ཚོགས་ཀྱི་འཁོར་ལོའི་གཏོར་མ་བཤད་པ་ནི། དེ་ལྟར་རྟག་ཏུ་མཆོད་བྱས་ནས། །ཞེས་བྱ་བ་སྨོས་ཏེ། མཆོད་པ་ནི་གཙང་སྦྲ་གསུམ་གྱིས་མཆོད་པའོ། །དད་པ་ཡིས་ནི་གཏོར་མ་
སྦྱིན། །ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་མོས་པ་ཡིད་ཀྱི་དད་པ་དང་། དེའི་བསྟན་པ་བསྲུང་བ་ལ་དད་པ་དང་། དེའི་བསྟན་པ་བསྲུང་བ་ལ་དད་པས་འཁོར་གསུམ་དག་པའི་གཏོར་མ་གཏང་བར་བྱའོ། །ཇི་བཞིན་ཆོ་གའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་
ལོའི་དུས་སུ་བདག་ཉིད་རྣལ་འབྱོར་པ་བཞིས་ལྷར་བསྐྱེད་པ་དང་ཅི་འབྱོར་བའི་རྫས་ལ་ཡཾ་ལས་རླུང་གི་དཀྱིལ་འཁོར་དང་། རཾ་ལས་མེའི་དཀྱིལ་འཁོར་དང་། དེའི་སྟེང་དུ་ཀཾ་གསུམ་ལས་བསྐྱེད་པའི་ཐོད་པའི་སྒྱེད་པུ་དང་། ཡི་གེ་ཀཾ་ལས་བསྐྱེད་པའི་ཐོད་པ་སྟོང་གསུམ་
གྱི་ཚད་ཙམ་བསམས་ལ་བདུད་རྩི་ལྔའི་གང་བུ་ཡི་གེ་ལྔ་དང་། ཨོཾ་ཨཿཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཐ་མལ་པའི་ཁ་ཟས་དག་ཅིང་ལྷའི་ཁ་ཟས་སུ་ཞུ་བ་དང་། ཡེ་ཤེས་ཀྱི་བདུད་རྩིས་གང་བར་བྱས་ལ་བརྟན་པར་བྱེད་པའི་སྔགས་འདིས། ཨོཾ་ཨ་ཀཱ་རོ་མུ་ཁཾ་
སརྦ་དྷ་རྨྨཱ་ཎཱཾ་ཨཱདྱ་ནུཏྤ་ནྣ་ཏྭཱཏ་ཅེས་བྱ་བ་ལན་ལྔའི་བར་དུ་བྱིན་གྱིས་བརླབས་ལ། དེའི་མདུན་དུ་ཨེ་གྲུ་གསུམ་གྱི་དབུས་སུ་བྷྲཱུཾ་ལས་གཞལ་ཡས་ཁང་བསྐྱེད་ལ། དབུས་སུ་བཅོམ་ལྡན་འདས་འབྱུང་པོ་ཐམས་ཅད་འདུལ་བར་བྱེད་པའི་ཕྱག་ཏུ་བུམ་པ་བསམས་ལ། དེའི་
Vol. 17 · folio 410b
ཤར་དུ་ནག་པོ། བྱང་དུ་རུ་དྲ་ཆེན་པོ། ནུབ་ཏུ་ལྷ་སྦྱིན། ལྷོར་ནག་པོ། དབང་ལྡན་དུ་གཙིགས་པ། མེའི་མཚམས་སུ་མི་སྲུན་པ། བདེན་བྲལ་དུ་དགའ་བ་ལས་འདས་པ། རླུང་དུ་ལོག་འདྲེན་ཏེ་ཐམས་ཅད་ཀྱང་ཞལ་གཅིག་པ་སྤྱན་གསུམ་པ། ཕྱག་བཞི་པ།
གྲི་གུག་དང་ཐོད་པ། ཁ་ཊྭཱཾ་ག་དང་མདུང་རྩེ་གསུམ་པ་བསྣམས་པའོ། །གནག་པ་དང་སེར་བ་དང་། དམར་བ་དང་དཀར་བའི་མདོག་ཅན། མཚམས་ན་གནས་པ་ཡིད་འཕྲོག་པའི་གཟུགས་གཉིས་པ་ཤར་ཕྱོགས་ཀྱི་ནག་པོ་ཆེན་པོ་ལ་ཙ་མུཎྜ་དང་། དྲག་མོ་དང་། མི་སྡུག་
མ་དང་། བཀའ་ཟློག་མ་བཞིས་བསྐོར་བའོ། །བྱང་གི་རུ་དྲ་ལས་རྒྱལ་མ་དང་། རྣམ་རྒྱལ་མ་དང་། མི་ཐུབ་མ་དང་། གཞན་གྱིས་མི་ཐུབ་མས་བསྐོར་བའོ། །ནུབ་ཀྱི་ལྷ་སྦྱིན་ལ་བཟང་མོ་དང་། ནག་སྦོམ་མ་དང་། ནག་ཆེན་མ་དང་། རྣལ་འབྱོར་མ་རྣམས་ཀྱིས་བསྐོར་
བའོ། །ལྷོར་ནག་པོ་ལ་དབང་མོ་དང་། ཟླ་བ་མོ་དང་། དྲག་མོ་དང་། སྡང་བ་མོ་རྣམས་ཀྱིས་བསྐོར་བའོ། །དབང་ལྡན་དུ་གཙིགས་པ་ལ་འཕྱང་མ་དང་། དབང་ཕྱུག་མ་དང་། སྐམ་པོ་ཆེ་དང་། མར་མེ་མ་རྣམས་ཀྱིས་བསྐོར་བའོ། །མེ་མཚམས་ཀྱི་མི་སྲུན་མ་ལ་འཇོམས་
མ་དང་། གྲོང་ཁྱེར་མ་དང་། གཟུགས་དྲག་མོ་དང་། གཟུགས་ཆེན་མ་བཞིས་བསྐོར་བའོ། །བདེན་བྲལ་དུ་དགའ་བ་ལས་འདས་པ་ལ་མཆེ་བ་ཅན་དང་། གཙིགས་མ་དང་། ཐོད་ཕྲེང་མ་དང་། ཁ་ཊྭཱཾ་ཅན་རྣམས་ཀྱིས་བསྐོར་བའོ། །རླུང་དུ་ལོག་འདྲེན་ལ་
རལ་གྲི་ཅན་དང་། དགྲ་སྟ་ཅན་དང་། རྡོ་རྗེ་ཅན་མ་དང་། གཞུ་ཅན་མ་རྣམས་ཀྱིས་བསྐོར་བའོ། །དེའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་ལ་ཕྱོགས་སྐྱོང་བརྒྱད་དང་། ཕོ་ཉ་བརྒྱད་དང་། ཀླུ་བརྒྱད་དང་། སྤྲིན་བརྒྱད་དང་། མཁའ་འགྲོ་བརྒྱད་དང་། མ་མོ་བརྒྱད་ཀྱིས་
བསྐོར་བར་བསམས་ལ། ཞི་བ་ལ་ཐམས་ཅད་དཀར་པོ། རྒྱས་པ་ལ་ཐམས་ཅད་སེར་པོ། དབང་ལ་ཐམས་ཅད་དམར་པོ། མངོན་སྤྱོད་ལ་ཐམས་ཅད་ནག་པོ། ལྷ་མོ་སུམ་ཅུ་རྩ་གཉིས་ནི་ཐམས་ཅད་ཀྱང་གྲི་གུག་དང་ཀ་པཱ་ལ་བསྣམས་པ། དུར་ཁྲོད་བརྒྱད་ཀྱི་ཕྱོགས་སྐྱོང་བ་ནི་
Vol. 17 · folio 411a
ཤར་དུ་རྡོ་རྗེ། ལྷོར་རལ་གྲི། ནུབ་ཏུ་ཞགས་པ། བྱང་དུ་དབྱུག་པ་ཐོགས་པ། མཚམས་བཞིར་རྡོ་རྗེ་རྩེ་གསུམ་པ་དང་། གྲི་དང་། བ་དན་དང་། མདུང་རྩེ་གསུམ་པ་ཐོགས་པ། ཕྲིན་ལས་བཞིའི་མདོག་ཅན་ནོ། །ཨེ་ཨཱ་རལླི་ཧེ་ཞེས་བྱ་བའི་སྔགས་དང་
སྐྱེ་གནས་ཀྱི་ཕྱག་རྒྱས་སྤྱན་དྲངས་པ་ལ་མཆོད་པ་དབུལ་ལོ། །དེ་ལྟ་བུའི་མགྲོན་བསམས་ནས་དུས་ནམ་གྱི་ཚེ་མཆོད་ཅེ་ན། མར་གྱི་ངོ་ཡི་ཚེས་བཅུ་དང་། །ཟླ་བ་ཡར་ངོར་མ་གྱུར་པ། །མྱུར་དུ་འབད་པས་མཆོད་བྱ་སྟེ། །ཞེས་བྱ་བ་གསུངས་ཏེ། ཚེས་བཅུ་ནི་ཞག་དང་
པོ་ལ་གནས་ཀྱི་ལྷ་མོ་དང་། གཉིས་པ་ལ་ཉེ་བའི་གནས་ཀྱི་ལྷ་མོ་དང་། གསུམ་པ་ལ་ཞིང་དང་། བཞི་པ་ལ་ཉེ་བའི་ཞིང་དང་། ལྔ་པ་ལ་ཚནྡོ་ཧ་དང་། དྲུག་པ་ལ་ཉེ་བའི་ཚནྡོ་ཧ་དང་། བདུན་པ་ལ་འདུ་ས་དང་། བརྒྱད་པ་ལ་ཉེ་བའི་འདུ་ས་དང་། དགུ་པ་ལ་དུར་ཁྲོད་དང་།
བཅུ་པ་ལ་ཉེ་བའི་དུར་ཁྲོད་ཀྱི་ལྷ་མོ་ཚང་བར་གྱུར་པའི་ཚེ་མཆོད་པར་བྱའོ། །ཅིས་མཆོད་པར་བྱ་ཞེ་ན། རྡོ་རྗེ་ལྷ་མོ་མྱོས་བྱེད་ཤས། །ཞེས་བྱ་བ་སྨོས་ཏེ། ལོ་བཅུ་དྲུག་མའི་སྙིང་དང་། ཤ་དང་ཆང་གིས་སོ། །སུ་ཞིག་ལ་ཞེ་ན། སྐྱེ་བོ་དད་པས་མཆོད་བྱ་ཞིང་། །ཞེས་བྱ་བ་
སྟེ་ཚོགས་ཀྱི་འཁོར་ལོའི་ལྷ་མོ་ལའོ། །ཅི་ཞིག་སྒོམ་ཞིང་ཞེ་ན། ཧེ་རུ་ཀ་དཔལ་ལོ། །ཏིང་ངེ་འཛིན་ཇི་ལྟ་བུ་ཞེ་ན། མངོན་པར་དགའ་བ་ཞི་གནས་དང་། གུས་པའི་སེམས་ལྷག་མཐོང་གི་ཏིང་ངེ་འཛིན་གྱིས་སོ། །དེ་རྣམས་ལ་གནས་མཆོག་མི་འཕྲོག །ཅེས་བྱ་བ་ནི་
ཚོགས་ཀྱི་འཁོར་ལོ་དང་གཏོར་མ་བྱས་ནས་དངོས་གྲུབ་གཞན་གྱིས་འཕྲོག་པར་མི་ནུས་པའོ། །སྤྱོད་ལམ་ཇི་ལྟ་བུ་ཞེ་ན། མཚན་མོའི་བརྟུལ་ཞུགས་ཅན་གཏོར་མ། །སྐྲ་གྲོལ་གཅེར་བུར་གྱུར་པས་སྦྱིན། །ཞེས་བྱ་བ་གསུངས་སོ། །ཕན་ཡོན་ཇི་ལྟ་བུ་ཞེ་ན། ཤྲཱི་
ཧེ་རུ་ཀ་བདག་སྦྱོར་བས། རྣལ་འབྱོར་མ་ཉིད་མཉེས་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། དཔལ་ཧེ་རུ་ཀའི་སྦྱོར་བ་དང་ལྡན་པས་རྡོ་རྗེ་ཐལ་མོ་གྱེན་དུ་ཁ་ཕྱེ་ལ་ཨོཾ་ཁ་ཁ་ཁཱ་ཧི་ཞེས་བྱ་བ་ནས་ས་ཧཱ་ཡི་ཀཱ་བྷ་བནྟུ་ཞེས་བྱ་བའི་བར་དུ་བསྔོ་ཞིང་མགྲོན་རྣམས་ཀྱི་ལྕེ་ལ་རྡོ་རྗེ་
Vol. 17 · folio 411b
རྩེ་ལྔ་པའི་སྦུ་གུས་གཏོར་མ་འཐུང་བར་བསམ་པར་བྱའོ། །ལེའུ་ཉི་ཤུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།དེ་ལྟར་རང་དོན་ཕུན་སུམ་ཚོགས་པ་བསྟན་ནས་གཞན་དོན་ཕུན་སུམ་ཚོགས་པ་སྟོན་པ་ནི། དེ་ནས་མཆོད་པ་རྣམ་དག་པ། །ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། མཆོད་པ་ནི་སྒྲུབ་པའི་མཆོད་པ་སྟེ་གཙང་སྦྲ་རྣམ་པ་གསུམ་མོ། །རྣམ་པར་དག་པ་ཞེས་བྱ་བ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའོ། །སྤྲུལ་པ་ལས་བྱུང་དཔའ་བོ་རྣམས། །ཞེས་བྱ་བ་ནི་མཆོད་པའི་ཡུལ་ལྷ་མོ་དྲུག་ཅུའོ། །དེ་བཞིན་དུ་བདག་ཉིད་
དཔལ་ཧེ་རུ་ཀ་ཡབ་ཡུམ་ལ་ཡང་མཆོད་པའོ། །སངས་རྒྱས་ཀུན་སོགས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་བུམ་པའི་གཟུགས་སུ་སྣང་བའོ། །སོགས་ཞེས་བྱ་བ་ནི་མཁའ་འགྲོ་མ་དང་། ལཱ་མ་དང་།
དུམ་སྐྱེས་མ་དང་གཟུགས་ཅན་མའོ། །སྲས་བཅས་ཞེས་བྱ་བ་ལ་སྲས་ནི་དཔའ་བོ་ཉི་ཤུ་རྩ་བཞིའོ། །བཅས་ཞེས་བྱ་བ་ནི་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་གོ། །དཔའ་བོ་ཀུན་དང་རྣལ་འབྱོར་མ། །ཞེས་བྱ་བ་ནི་སྔར་སྲས་བཅས་ཞེས་བྱ་བའི་རྒྱས་པར་བཤད་པའོ། །
བརྟན་པ་དང་གཡོ་བ་ཞེས་བྱ་བ་ནི་བརྟན་པ་ནི་གཞལ་ཡས་ཁང་ངོ་། །གཡོ་བ་ནི་བརྟེན་པ་ལྷའི་འཁོར་ལོའོ། །ཟླ་བ་འདུས་པ་ལ་གནས་པས། །ཞེས་བྱ་བ་ནི་མཆོད་པའི་ཡུལ་དེ་རྣམས་ལ་གཙང་སྦྲ་གསུམ་གྱིས་མཆོད་པའོ། །མཆོད་པའི་ཡུལ་གྱི་ལྷ་དེ་རྣམས་ཇི་ལྟ་བུ་ཡིན་
ཞེ་ན། སྤུན་དང་སྡུག་པ་མཆོད་པ་ཡིན། །ཞེས་བྱ་བ་སྨོས་ཏེ། དྲིའི་ཐིག་ལེ་དང་། མེ་ཏོག་གི་ཚོམ་བུ་དང་། ཡིག་འབྲུ་དང་ཕྱག་མཚན་དང་། ལག་པའི་ཕྱག་རྒྱ་དང་། སྐུ་ཕྱག་རྒྱ་ཆེན་པོ་བཀོད་པ་རྣམས་སྤངས་ནས་དཔའ་བོ་དང་། དཔའ་མོ་ལྷར་བསྒོམ་པའི་ལྷའི་
འཁོར་ལོ་སྟེ་སྤུན་ནི་དཔའ་བོ་ཉི་ཤུ་རྩ་བཞི་དང་སྡུག་པ་ནི་ལྷ་མོ་སུམ་ཅུ་རྩ་དྲུག་གོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། ཐོག་མར་རྟེན་གྱི་གང་ཟག་སྟོན་པ་ལས་དེ་ཡང་དངོས་པོར་བྱ་བའི་གང་ཟག་བསྟན་པ་ནི། སྤུན་དང་བུ་དང་ལྷན་ཅིག་ཏུ། །ཞེས་བྱ་བ་སྨོས་ཏེ།
Vol. 17 · folio 412a
སྤུན་ནི་འཇིག་རྟེན་དུ་གྲགས་པའོ། །བུ་ནི་རིགས་རྒྱུད་བསྲུང་བའོ། །དེ་དང་ལྷན་ཅིག་ཏུ་འཇིག་རྟེན་པའི་བདེ་བ་དང་། འཇིག་རྟེན་པའི་སྡུག་བསྔལ་གསུམ་དང་བརྒྱད་ཀྱི་བདག་ཉིད་འབྱུང་བས་རང་ལ་བརྙས་པར་འགྱུར་བའི་ཕྱིར་སྔགས་ཏེ་ཚོགས་ཀྱི་
འཁོར་ལོ་དང་། དེ་བཞིན་དུ་ཕྱག་རྒྱ་ནི་ཞི་བའི་བཏུང་བ་དང་། ཡེ་ཤེས་ནི་ཕོ་ཉའི་གཙང་སྦྲ་སྟེ་དེ་རྣམས་ལ་བསྟན་པར་མི་བྱའོ། །སུ་ལ་བསྟན་པར་བྱ་ཞེ་ན། དག་བྱེད་ཟས་ལ་སྤྱོད་པ་ནི། །རྟག་ཏུ་དམ་ཚིག་སྤྱད་བྱས་འགྱུར། །ཞེས་བྱ་བ་སྨོས་ཏེ། དག་བྱེད་ཀྱི་ཟས་ནི་
ཚོགས་ཀྱི་འཁོར་ལོ་འདོད་པའི་ཡོན་ཏན་ལྔའོ། །རྟག་ཏུ་དམ་ཚིག་བྱེད་པ་ནི། །བཟའ་བར་བྱེད་པའི་དམ་ཚིག་སྟེ་རང་བཞིན་བརྒྱད་ཅུ་དང་བྲལ་བས་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པའོ། །གསང་སྔགས་སུ་ལའང་བསྟན་མི་བྱ། །ཞེས་བྱ་བ་ནི་ཞི་བའི་བཏུང་བ་མི་བསྟན་པའོ། །
མན་ངག་རྣམས་ནི་ཉམས་མི་བྱ། །ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་མན་ངག་གོ། །གཙང་སྦྲ་གསུམ་པོ་དེ་སྦྱིན་པར་བྱ་བའི་གནས་ཇི་ལྟ་བུ་ཞེ་ན། དམ་ཚིག་རྣམས་ལ་ཅི་རིགས་པར། །ཞེས་བྱ་བ་སྨོས་ཏེ། རིག་པའི་དབང་བསྐུར་བ་ལ་དཔའ་བོ་གཅིག་པུ་སྦྱིན་པ་དང་།
ཕྱིར་མི་ལྡོག་པའི་དབང་བསྐུར་བ་ལ་དཀྱིལ་འཁོར་གྱི་འཁོར་ལོ་སྦྱིན་པ་དང་། གསང་བའི་དབང་བསྐུར་བ་ཐོབ་པ་ལ་མི་ཟབ་པའི་རྫོགས་པའི་རིམ་པ་བསྟན་པ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པ་ལ་ཟབ་པའི་རྫོགས་པའི་རིམ་པ་ནི་ཅི་རིགས་པ་ཞེས་བྱ་
བའོ། །མན་ངག་རྣམས་ཀྱང་སྦྱིན་པར་བྱ། །ཞེས་བྱ་བ་ནི་མངོན་སུམ་གྱི་གཞན་དོན་གྱིས་བདེ་བ་སྟོང་པ་ཉིད་ལ་ངེས་པར་འདྲེན་པའི་ཐབས། བླ་མས་སློབ་མའི་རྣ་དྲུང་དུ། །རབ་ཏུ་འབད་དེ་བཤད་པར་བྱ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལྟར་བླང་བྱ་དང་དོར་བྱའི་རྟེན་གྱི་
གང་ཟག་བསྟན་ནས་སྦྱོར་བའི་མཆོད་པ་གཞན་ལས་བཤད་པ་ནི། ཕོ་ཉ་མ་གཏོགས་གཞན་དག་ལ། །ཞེས་བྱ་བ་སྨོས་ཏེ། དབང་མ་བསྐུར་བ་དང་བསྙེན་སྒྲུབ་བཞིས་མ་སྦྱངས་པའོ། །འདོད་ལ་རྨོངས་པས་བགྲོད་མི་བྱ། །ཞེས་བྱ་བ་ནི་འདོད་པ་ནི་རྣམ་པར་ཤེས་པ་ལ་
Vol. 17 · folio 412b
ཞེན་པའོ། །རྨོངས་པ་ནི་ཡེ་ཤེས་ལ་རྨོངས་པའོ། །བགྲོད་མི་བྱ་ནི་རྣམ་ཤེས་དང་ཡེ་ཤེས་ལ་སེམས་པའི་རྣམ་པར་རྟོག་པ་མི་བྱའོ། །དེ་ལྟར་དོར་བྱའི་ཕོ་ཉ་བསྒྲུབ་པ་མདོར་བསྟན་ནས་བླང་བྱ་མདོར་བསྟན་པ་ནི། ཕོ་ཉ་མོ་ཞེན་རྟག་ཐར་པ། །ལྔ་པ་ཡིས་ཀྱང་ལོངས་སྤྱོད་
བྱ། །ཞེས་བྱ་བ་ལ་ཕོ་ཉ་མོ་ལས་རྟག་ཏུ་ཞེན་པ་ལས་གྲོལ་བ་དང་། བྱང་ཆུབ་སེམས་དཔའ་ཆོས་འཕགས་བཞིན་དུ་གཟུང་འཛིན་གཉིས་ལས་འདས་པའི་ལོངས་སྤྱོད་བྱ་བའོ། །བླང་བྱའི་མདོར་བསྟན་ནས། དོར་བྱའི་རྒྱས་པར་བཤད་པ་ནི། སྐྱེ་གནས་དམན་ལ་མི་
གནས་ལ། །བསྙེན་བཀུར་ཉིད་ནི་བྱ་བ་མིན། །ཞེས་བྱ་བ་སྨོས་ཏེ། སྐྱེ་གནས་དམན་པ་ནི་དབང་བསྐུར་བ་ཐོབ་པ་དང་། བསྙེན་སྒྲུབ་བཞིས་མ་སྦྱངས་པའོ། །མི་གནས་པ་ནི་འདོད་ཆགས་ཀྱི་ཞེན་པ་མེད་པའོ། །བསྙེན་བཀུར་བྱ་བ་མ་ཡིན་པ་ནི་རྨོངས་པས་ཕྱག་འཚལ་བ་ལ་སོགས་
པ་གུས་པས་མི་བྱའོ། །བླང་བར་བྱ་བའི་རྒྱས་པར་བཤད་པ་ནི། མ་དང་སྲིང་མོ་བུ་མོ་དང་། །ཆུང་མ་ཕོ་ཉ་མོ་ཉིད་གནས། །ཞེས་བྱ་བ་སྨོས་ཏེ། སྔར་བསྟན་པའི་སྔགས་སྐྱེས་རྣམས་སོ། །གནས་ཞེས་བྱ་བ་ནི་དེ་དང་གཙང་སྦྲ་རྣམ་པ་གསུམ་སྤྱོད་པ་ལ་གནས་པའོ། །ཕོ་ཉ་མ་གཏོགས་
པ་ལ་བརྟེན་པས་ཉེས་པ་ཅིར་འགྱུར་སྙམ་ན། དཀའ་ཐུབ་ཉེས་པས་ཟད་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། བསམ་གཏན་དང་ཟག་མེད་ཀྱི་དཀའ་ཐུབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་སྐྱེས་པ་ཟད་པར་འགྱུར་རོ། །བླང་བར་བྱ་བས་འབྲས་བུ་ཇི་ལྟར་འགྱུར་བ་ནི།
འཁོར་ལོའམ་དེ་བཞིན་གྲུབ་པ་ཡི། །ཞེས་བྱ་བ་སྨོས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་ཚོགས་ཀྱི་དངོས་གྲུབ་བམ། དེ་བཞིན་དུ་འཇིག་རྟེན་དང་མཆོག་གི་དངོས་གྲུབ་བོ། །མཆོག་དང་ཐ་མ་ལྷན་ཅིག་གུས། །ཞེས་བྱ་བ་སྟེ། མཆོག་ཡེ་ཤེས་ལས་སྐྱེས་པའོ། །ཐ་
མ་ནི་སྔགས་ལས་སྐྱེས་པའོ། །ཤུགས་ཀྱི་བར་མ་གནས་ལས་སྐྱེས་པ་ཡང་བསྡུའོ། །ལྷན་ཅིག་འགུགས་ཞེས་བྱ་བ་ནི། །སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པའོ། །དེ་ལྟར་རྫས་རྣམས་ངེས་པ་མེད། །ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དགའ་བྲལ་དུ་མ་བཏང་བས་བདེ་བ་
Vol. 17 · folio 413a
རྟོག་པ་མེད་པ་བསམ་གཏན་གྱིས་སྡོམ་པར་ངེས་པའོ། །ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ། །ཞེས་བྱ་བ་བཤད་པ་ཡིན་ནོ། །དེ་ལྟར་སྦྱོར་བས་མཆོད་པ་བཤད་ནས། དངོས་གཞི་བརྟུལ་ཞུགས་བཤད་པ་
ནི། །འཇིག་རྟེན་ལ་རྟག་གཡོན་ནས་སྤྱོད། །ཅེས་བྱ་བ་སྨོས་ཏེ། པདྨ་རྡོ་རྗེའི་ཞལ་སྔ་ནས་འཇིག་རྟེན་ནི་མཆོག་ཏུ་གྱུར་པའི་འཇིག་རྟེན་ཚོགས་ཀྱི་འཁོར་ལོ་གཡོན་ནས་སྤྱོད་པ་ནི་དགའ་བ་གསུམ་གྱི་ཏིང་ངེ་འཛིན་བསྒོམ་པའོ། །རྐང་པ་གཡོན་པ་སྔོན་དུ་དོར། །ཞེས་བྱ་བ་
ཤེས་རབ་ལ་ལ་ནཱ་ལས་བྱང་ཆུབ་ཀྱི་སེམས་ཕབ་པའོ། །ལག་པ་གཡོན་པ་ཡོངས་སུ་བསྒྱུར། །ཞེས་བྱ་བ་ནི་ཐབས་ཀྱི་ལ་ལ་ནཱ་ལས་བྱང་ཆུབ་ཀྱི་སེམས་འབེབས་པའོ། །གཡོན་གྱི་ཕྱེད་ལ་རབ་མཆོད་བྱེད། །ཅེས་བྱ་བ་ནི་ལྷ་མོ་སུམ་ཅུ་རྩ་དྲུག་དཀྱིལ་འཁོར་གྱི་ཕྱེད་
ཡིན་པས་དགའ་བ་བཞིས་མཆོད་པའོ། །ལུས་ཀྱི་གཡོན་ནི་རྣམ་པར་ཁྱབ། །ཞེས་བྱ་བ་ནི་གཡོན་པ་ལ་ལ་ནཱའི་བྱང་ཆུབ་ཀྱི་སེམས་ཕབ་ནས་འཁོར་ལོ་བཞི་ལ་ཁྱབ་པའོ། །གཡོན་པ་ཡིས་ནི་ཚིམ་དང་ཟ། །ཞེས་བྱ་བ་ནི་གཡོན་པ་ལ་ལ་ནཱ་ནས་ཕབ་ནས། གཡས་
པ་ར་ས་ནཱའི་རླུང་གིས་བཟློག་ནས་ཟ་བ་ནི་འདོད་པའི་དབང་ཕྱུག་གི་དངོས་གྲུབ་དང་བཅུད་ཀྱི་ལེན་གྱི་དངོས་གྲུབ་ཏུ་འགྱུར་རོ། །བརྟུལ་ཞུགས་མ་ཉམས་བརྟུལ་ཞུགས་རྫོགས། །ཞེས་བྱ་བ་ནི་དབུས་མ་ཨ་ཝ་དྷཱུ་ཏཱིའི་རླུང་དང་སྦྲགས་ནས་བྱང་ཆུབ་ཀྱི་སེམས་གྱེན་དུ་བཟློག་
པས་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པའི་བརྟུལ་ཞུགས་རྫོགས་པའོ། །སྒྲུབ་པ་པོས་ནི་དམ་ཚིག་བརྩོན། །ཞེས་བྱ་བ་ནི་སྒྲུབ་པ་པོ་བརྟུལ་ཞུགས་སྤྱོད་པའི་ཚེ་ཡེ་ཤེས་ལས་སྐྱེས་པ་དང་། ཞིང་ལས་སྐྱེས་པ་དང་སྔགས་ལས་སྐྱེས་པའི་དམ་ཚིག་བསྒྲུབ་པ་
ལ་སོགས་པའོ། །དམ་ཚིག་རིགས་ལས་སྤྱོད་པ་དང་། །ཞེས་བྱ་བ་ནི་དུང་ཅན་དང་པདྨ་ཅན་དང་རི་དགས་ཅན་ནོ། །ལྷན་ཅིག་ཟས་ལ་སྤྱོད་པར་བྱེད། །ཅེས་བྱ་བ་ནི་མཆོག་དགའི་དུས་ཡིན་ཏེ། དགའ་བ་ཐབས་ཀྱི་རང་བཞིན་ཏེ། མཆོག་དགའ་ཤེས་རབ་
Vol. 17 · folio 413b
རང་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །རིགས་ལྔ་རུ་ནི་ཀུན་སྤྱོད་པ། །ཞེས་བྱ་བ་ནི་བསྐྱེད་པའི་རིམ་པར་ལྷའི་འཁོར་ལོར་གནས་པའོ། །རིགས་ནི་རྣམ་པ་བཞི་རུ་བསྒྲགས། །ཞེས་བྱ་བ་ནི་རྒྱལ་རིགས་ལ་སོགས་པ་བཞིའོ། །དེ་ལྟར་བསྟན་བཅོས་ལས་གྲགས་
པའི་རིགས་ལྔ་དང་། འཇིག་རྟེན་པ་ལས་གྲགས་པའི་རིགས་རྣམ་པ་བཞིའོ། །གཙང་སྦྲ་གསུམ་ལ་གནས་པ་བདེ་བ་ཆེན་པོའི་རིགས་གཅིག་ལ་གནས་པའོ། །རྣལ་འབྱོར་སྒྲུབ་ཕྱིར་རྟག་ཏུ་བསྐྱེད། །ཅེས་བྱ་བ་ནི་གཙང་སྦྲ་གསུམ་གྱི་དངོས་གྲུབ་ཀྱི་བརྟུལ་ཞུགས་ལ་
སྤྱོད་པའོ། །དེ་ལྟར་བརྟུལ་ཞུགས་བཤད་ནས། རྗེས་ཀྱི་སྤྱོད་པ་བཤད་པ་ནི། བ་ལང་ཤ་དང་རྟ་ཤ་དང་། །མི་དང་ཁྱི་ཤ་སྣ་ཚོགས་པས། །ཞེས་བྱ་བ་ནི་བདུད་རྩི་ལྔ་དང་དཔའ་བོ་ལྔའི་སྲེག་རྫས་སོ། །དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། །ཞེས་བྱ་བ་ནི་མ་ལྷ་ལྷར་བསྐྱེད་
པ་དང་། ཡེ་ཤེས་སེམས་དཔའ་བསྐྱེད་ལ་སྦྱིན་སྲེག་གིས་མཆོད་ན་སངས་རྒྱས་ཀྱང་ངེས་པར་འཇིག་པར་འགྱུར་རོ། །དེ་ལྟར་ཕྱིའི་སྦྱིན་སྲེག་བཤད་ནས། དེ་བཞིན་དཔའ་བོ་རྣམས་ཀྱི་ཟས། །ཞེས་བྱ་བ་ནི་ནང་གི་སྦྱིན་སྲེག་བསྟན་པ་ཡིན་ཏེ། ལུས་ཀྱི་དཀྱིལ་འཁོར་
དང་ནང་གི་འཁོར་ལོ་བཞིའི་གནས་སུ་ལྷའི་འཁོར་ལོ་བཀོད་ལ་ཞི་རྒྱས་ལ་སོགས་པའི་སྔགས་དང་། ལག་པ་གཡས་གཡོན་དགང་གཟར་དང་བླུགས་གཟར་གྱི་མཚན་ཉིད་དང་ཡང་དག་པར་ལྡན་པས་ཤྲཱི་ཧེ་རུ་ཀ་སྤྲུལ་པའི་འཁོར་ལོ་ལྔ་དང་སྤྲུལ་པ་ཡིན་ནོ། །བསྟན་
བཅོས་ཀུན་ལ་རྣམ་པར་མཚོན། །ཞེས་བྱ་བ་ནི་གཞི་དང་ཐབས་དང་འབྲས་བུ་གསུམ་རྒྱུད་གཞན་ལས་ཁ་བསྐངས་ལ་རྟོགས་པར་བྱ་བ་ཡིན་ནོ། །དེ་ལྟར་ནང་གི་སྦྱིན་སྲེག་བཤད་ནས། གཟུངས་ནི་རྟག་ཏུ་བསྲུང་བྱ་ཞིང་། །ཞེས་བྱ་བ་ནི་གྲོལ་བའི་ལམ་
པའི་གསང་བའི་སྦྱིན་སྲེག་སྟེ། གཟུངས་ནི་རླུང་མེའི་དྲོད་ཅན་ནོ། །རྟག་ཏུ་བསྲུང་བ་ནི་འཁོར་ལོ་བཞི་ལ་རླུང་མེའི་དྲོད་ཅན་བསྐྱེད་ནས་བྱང་ཆུབ་ཀྱི་སེམས་འཛིན་པའོ། །ལས་རྣམས་དག་ནི་ཐམས་ཅད་ལ། །ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་རྣམས་
Vol. 17 · folio 414a
ལའོ། །བགེགས་མེད་ཇི་བཞིན་འགྲུབ་འགྱུར་པ། །ཞེས་བྱ་བ་ནི་བར་ཆད་མེད་པས་འདི་དག་གཞན་དག་ཏུ་འགྱུར་བ་མ་ཡིན་པ་སྟེ། རླུང་ནི་རྒྱུན་ལས་བཟློག་པ་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད་དེ་ཐབས་འདིས་ནི་དངོས་གྲུབ་གཞན་དུ་མི་འགྱུར་བའོ། །
དེ་ལྟར་གྲོལ་ལམ་གྱི་གསང་བའི་སྦྱིན་སྲེག་བཤད་ནས་ཆགས་པའི་སྦྱིན་སྲེག་བཤད་པ་ནི། འདི་ནི་ཕོ་ཉ་བཞིན་བཟང་པོ། །བརྩོན་ཞིང་ལྷན་ཅིག་ལྡན་པ་ཡིན། །ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་གསང་བའི་རྡོ་རྗེ་དགང་གཟར་གྱིས་དང་། བྱང་ཆུབ་ཀྱི་སེམས་
ཀྱི་བླུགས་གཟར་གྱིས་བྱང་ཆུབ་སེམས་དཔའ་ཆོས་འཕགས་བཞིན་དུ་མ་ཆགས་དགའ་བའི་ལོངས་སྤྱོད་རྫོགས་པར་འགྱུར་རོ། །རྣལ་འབྱོར་རྫས་ནི་རྣམ་འབྱེད་ཡིན། །ཞེས་བྱ་བ་ནི་རང་བཞིན་བརྒྱད་ཅུ་ལས་རྣམ་པར་ཕྱེ་ནས་དགའ་བ་གསུམ་གྱི་རང་བཞིན་རྟོགས་པ་ཡིན་ནོ། །དེ་ཡང་མཉམ་
སྦྱོར་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །ཡེ་ཤེས་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་དེ་ལས་མཚོན་པར་འགྱུར། །ཞེས་གསུངས་སོ། །ཆགས་ལམ་གྱི་སྦྱིན་སྲེག་བཤད་ནས་བླ་ན་མེད་པའི་སྦྱིན་སྲེག་ནི། བླ་མའི་མན་ངག་ལ་
དགའ་ཞིང་། དེ་ཡི་དོན་མཆོག་མཚུངས་པའོ། །ཞེས་བྱ་བ་གསུངས་སོ། །དབང་བཞི་པ་སེམས་ཀྱི་སྟོང་ཉིད་རྟོགས་པ་ན། བླ་མའི་མན་ངག་ལ་དགའ་ཞིང་། དེའི་དོན་སེམས་ཀྱི་སྟོང་ཉིད་ཀྱི་མཆོག་ཡང་དག་པར་རྫོགས་པའི་སངས་རྒྱས་དང་མཚུངས་པའོ། །དེ་ཡང་། བདེ་བར་
གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ། །ཞེས་གསུངས་སོ། །ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང་། འགྲོ་བའི་ཆོས་ཀུན་རྣམ་ཤེས་ཀྱི། །མེ་ཡི་བུད་ཤིང་ཡིན་པར་འདོད། །དེ་དག་ཇི་བཞིན་རྣམ་བྱེད་པ། །མེ་ཡིས་བསྲེགས་ན་མྱུར་ཞིང་འགྱུར། །
ཞེས་གསུངས་སོ། །ཕྱིའི་སྦྱིན་སྲེག་ནི་རྡོ་རྗེ་མཁའ་འགྲོ་དང་ཁ་སྦྱོར་ལས་བལྟ་བར་བྱའོ། །གསང་བ་དང་བླ་ན་མེད་པའི་སྦྱིན་སྲེག་ཀྱང་ཁ་སྦྱོར་གྱི་ལེའུ་དྲུག་པར་བཤད་པས་འདིར་རྒྱ་ཆེར་མ་བཤད་དོ། །ལེའུ་ཉི་ཤུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ལེའུ་
Vol. 17 · folio 414b
དང་པོའི་རྒྱས་པར་བཤད་པ་ལེའུ་གསུམ་གྱིས་བཤད་ནས། དབང་བཞི་པ་བསམ་གྱིས་མི་ཁྱབ་པའི་ལམ་བཤད་པ་ནི། དེ་ནས་གཞན་ཡང་བསྟན་པ་ནི། །ཞེས་བྱ་བ་གསུངས་ཏེ། གཙང་སྦྲ་གསུམ་གྱི་རྗེས་ལ་དབང་བཞི་པ་སྟོན་པ་ན་གཞན་ཡང་ངོ་། །ཕོ་ཉའི་མཚན་ཉིད་
རིགས་རྣམས་ཏེ། །ཞེས་བྱ་བ་ནི་ཡེ་ཤེས་ལས་སྐྱེས་པའི་ལྷ་མོ་པདྨ་ཅན་དང་དུང་ཅན་མ་དང་རི་དགས་ཅན་མེ་ལོང་གི་གཟུགས་བརྙན་བཞིན་དུ་རེག་བྱའི་སྟོང་པ་ཉིད་སྟོན་པར་ནུས་པའོ། །དེའི་མཚན་ཉིད་ནི་འོག་ནས་བཤད་པར་བྱའོ། །དམ་ཚིག་ལ་གནས་མཁའ་འགྲོ་མ། ཞེས་
བྱ་བ་ནི་དམ་ཚིག་ནི་གཉིས་ཏེ། བསམ་གཏན་གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་པའོ། །མཁའ་འགྲོ་མ་ནི་གཉིས་ཏེ། རྟོག་མེད་བསམ་གཏན་གྱིས་ནམ་མཁར་འགྲོ་བ་དང་། གཉིས་མེད་ལྷག་མཐོང་གིས་ནམ་མཁར་འགྲོ་བའོ། །གང་གིས་ཡང་དག་ཤེས་འགྱུར་
བ། ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྤྲུལ་པ་དང་བྱང་ཆུབ་སེམས་དཔར་གང་གིས་མཚན་ཉིད་དང་བརྡ་ལས་ཤེས་པའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི་ཡེ་ཤེས་ལས་སྐྱེས་པའི་ལྷ་མོའི་མཚན་ཉིད་སྟོན་པ་ནི། སྤུན་དང་ཡང་ན་མ་དང་ནི། །ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། རྣལ་འབྱོར་པས་སྲིང་མོར་ཤེས་པ་དང་། རྣལ་འབྱོར་མས་མིང་པོར་ཤེས་པས་ན་སྤུན་ནོ། །ཡང་ན་རྣལ་འབྱོར་མས་ཕར་ཤེས་པ་དང་། རྣལ་འབྱོར་པས་བུ་མོར་ཤེས་པའོ། །ཡང་ན་རྣལ་འབྱོར་མས་བདག་པོར་ཤེས་པ་དང་། རྣལ་འབྱོར་པས་ཕྱག་རྒྱར་ཤེས་པའོ། །ལམ་དུ་མར་
གོམས་པར་བྱ་ཞེ་ན། སྐད་ཅིག་གིས་མཐོང་ཞེས་བྱ་བ་གསུངས་ཏེ། དབང་བཞི་པའི་དུས་སུ་སོ་སོ་རང་རིག་པའི་མངོན་སུམ་གྱིས་སེམས་ཀྱི་ཆོས་ཉིད་རྟོགས་པའོ། །དེ་ཡང་ཁ་སྦྱོར་ལས། ཕ་ནི་བདེ་བ་གང་ཐོབ་པ། །བདེ་དེ་རང་གིས་ལོངས་སྤྱོད་བྱ། །འཆི་བའི་བདེ་བ་གང་ཡིན་པ། །
བདེ་འདིར་བསམ་གཏན་ཞེས་བྱར་བརྗོད། །ཅེས་གསུངས་སོ། །དེ་ལྟར་མཐོང་བའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། ལྕེ་སྦོམ་མིག་ནི་དམར་སེར་ལ། །ཞེས་བྱ་བ་སྨོས་ཏེ། དེ་ཡང་ཁ་སྦྱོར་ལས། གླང་ཆེན་མ་ནི། བཞིན་འཕེལ་ཆེ་ཞིང་ནུ་རྒྱས་པ། །ལུས་པོ་ཐུང་ཞིང་སྐྲ་ཡང་ཐུང་། །སྐྱེ་
Vol. 17 · folio 415a
གནས་པདྨའི་དྲི་དང་ལྡན། །པདྨ་གླང་ཆེན་མ་ཞེས་གྲགས། །རིགས་ཅན་ནི། མིག་དང་ལྟ་སྟངས་རི་དགས་འདྲ། །རི་དགས་བརྒྱད་པོའི་རྐང་པ་ཅན། །སྐལ་བཟངས་པདྨའི་དྲི་དང་ལྡན། །མིག་ནི་དམར་སེར་ལ་ཞེས་བྱ་བ་ནི། དམར་ཞིང་ཅུང་ཟད་སེར་བ་སྟེ། མ་
ལི་ཀ་ཡི་དྲི་འབྱུང་ཞིང་། །བདེར་གཤེགས་འདུས་པ་ཉིད་དགའ་བ། །བུད་མེད་དངོས་གྲུབ་སྟེར་བར་བྱེད། །རྩུབ་ཅེས་བྱ་བ་ནི། རྩུབ་ཅིང་ཡན་ལག་རྩུབ་པ་དང་། །ལེ་ལོ་ལྡན་ཞིང་མཚན་ཉིད་ངན། །སྐྲ་ནི་འཁྱིལ་ཞིང་ཁམ་པར་གནས། །མདོག་ངན་ཡན་ལག་རྩུབ་པའོ། །དེ་ལྟར་གླང་
ཆེན་མ་དང་། རི་དགས་ཅན་དང་། པདྨ་ཅན་དང་། དུང་ཅན་མའི་མཚན་ཉིད་དང་ལྡན་པའོ། །དེས་དངོས་གྲུབ་ཅི་ཞིག་བསྐྱེད་ཅེ་ན། ཐོག་མར་དགའ་བའི་སྟོང་པ་ཉིད་ལ་སེམས་ཟིན་པ་ནི་དངོས་གྲུབ་ཀུན་གྱི་ཐུན་མོང་དུ་སྟེ། འཇིག་རྟེན་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་བསྐྱེད་
པ་ཡིན་ནོ། །བཟླས་དང་བརྟུལ་ཞུགས་ལ་རྟག་དགའ། །ཞེས་བྱ་བ་ནི་བཟླས་པ་སྲོག་ཨ་ཝ་དྷཱུ་ཏཱིར་བཅུག་ན་བརྟུལ་ཞུགས་རྣམ་པ་སྣ་ཚོགས་ཀྱི་དུས་སུ་དགའ་བའི་སྟོང་པ་ཉིད་རྟོགས་ནས་དེ་ལ་རྒྱུན་མི་འཆད་ཅིང་བརྟན་པ་ཡང་དག་པ་དང་ལྡན་པ་ཞེས་བྱའོ། །དེས་ཕན་ཡོན་ཅི་
ཞིག་འགྲུབ་ཅེ་ན། ཕོ་ཉ་མོ་སོགས་གནས་དང་བཅས། །ཞེས་གསུངས་པ་སྟེ། མཁའ་འགྲོ་མ་བཅུ་གཉིས་དང་གནས་ཉི་ཤུ་རྩ་བཞི་ན་གནས་པ་དང་བཅས་པ་ནི་སྐུ་གསུང་ཐུགས་ཀྱི་མཁའ་འགྲོ་མ་ཉི་ཤུ་རྩ་བཞིའོ། །དེ་དག་དང་བཅས་པའི་ལྷ་མོ་སུམ་ཅུ་རྩ་བདུན་གྱི་སྤྱོད་
པ་འཇིག་རྟེན་གྱི་དངོས་གྲུབ་དང་། ཐུན་མོང་དང་མཆོག་གི་དངོས་གྲུབ་སྟེར་བར་འགྱུར་རོ། །དེ་ལྟར་དགའ་བ་སྟོང་པ་ཉིད་རྣལ་འབྱོར་བཤད་ནས་མཆོག་དགའི་སྟོང་པ་ཉིད་རྗེས་སུ་རྣལ་འབྱོར་བཤད་པ་ནི། འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ཞེས་བྱ་བ་སྨོས་ཏེ། དངོས་
གྲུབ་གསུམ་སྒྲུབ་པར་བྱེད་པའོ། །རྩ་བའི་སྔགས་སོགས་རྟག་ཏུ་བཟླས། །ཞེས་བྱ་བ་ནི་མཆོག་དགའི་རྣམ་པར་སྨིན་པའི་དུས་སུ་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པའོ། །དེས་འབྲས་བུ་ཅི་འགྲུབ་ཅེ་ན། རྒྱུ་དང་མི་རྒྱུ་འཇིག་རྟེན་གསུམ། །རྣལ་འབྱོར་འབྲས་བུ་རབ་ཏུ་སྟེར། །ཞེས་བྱ་བ་གསུངས་ཏེ། རྒྱུ་བ་
Vol. 17 · folio 415b
སེམས་ཅན་དང་། མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་ནོ། །སྣོད་བཅུད་ཀྱི་འཇིག་རྟེན་གསུམ་པོ་དེ་དག་མཆོག་དགའ་བདེ་བའི་རང་བཞིན་གྱིས་ཤིན་ཏུ་སྟོང་པའི་རྣལ་འབྱོར་གྱི་འབྲས་བུ་སྟེར་བའོ། །དེ་དག་ལས་འབྱུང་བ་ཡིན་ཞེ་ན། གསང་སྔགས་འདི་ལས་འབྱུང་བ་ཡིན། །ཞེས་བྱ་བ་གསུངས་ཏེ།
སྲོག་ཨ་ཝ་དྷཱུ་ཏཱིར་བཅུག་ནས་མཆོག་དགའ་ཤིན་ཏུ་སྟོང་པ་འདི་ལས་སྣང་སྲིད་བདེ་བ་ཅན་གྱི་རང་བཞིན་དུ་ཤེས་པའོ། །དེ་ལྟར་མཆོག་དགའ་ཤིན་ཏུ་སྟོང་པ་རྗེས་སུ་རྣལ་འབྱོར་བཤད་ནས་ལྷན་ཅིག་སྐྱེས་དགའི་ཚེ་སྟོང་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་བཤད་པ་ནི། སྒྲུབ་
པ་པོ་ནི་དངོས་གྲུབ་རྩོམ། །ཞེས་བྱ་བ་ནི་ཡིད་བདེ་བ་ལྷན་ཅིག་སྐྱེས་པའི་སྟོང་པ་ཆེན་པོ་ལ་རྩོམ་པའོ། །སྔགས་དང་ཕྱག་རྒྱར་ཡང་དག་ལྡན། །ཞེས་བྱ་བ་ནི་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པ་དང་། ཕྱག་རྒྱ་ཆེན་པོ་ཡིད་བདེ་བ་ཉིད་དང་ཡང་དག་པར་ལྡན་པའོ། །ཕྱག་རྒྱ་དང་བྲལ་
གསང་སྔགས་ནི། །ལུས་ཅན་རྣམས་ལ་བྱིན་མི་རློབ། །ཅེས་བྱ་བ་གསུངས་ཏེ། སེམས་ཀྱི་སྟོང་ཉིད་ཀྱི་ཕྱག་རྒྱ་དང་བྲལ་ན་གསང་སྔགས་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་ཀྱང་རྣལ་འབྱོར་པ་ལ་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པས་བྱིན་གྱིས་མི་རློབ་བོ། །སྟོང་པ་ཆེན་པོ་སྐྱེས་པའི་
རྟགས་ཇི་ལྟ་བུ་ཞེ་ན། ཇི་སྲིད་དྲོ་བའི་བྱ་བ་དག །ཅེས་བྱ་བ་སྨོས་ཏེ། གཟུང་བ་བཀག་ནས་དྲོད་ཀྱི་ཡེ་ཤེས་སྐྱེས་པ་དང་། སྟོང་པ་ཆེན་པོའི་རང་བཞིན་བསམ་གཏན་དང་པོའི་བདེ་བ་ལ་སྟོང་པ་ཉིད་ཀྱིས་རྒྱས་བཏབ་པ་ཡིན་པར་ཤེས་པར་བྱའོ། །དེ་ཡང་ཇི་ལྟར་ཞེ་ན། མཉམ་
སྦྱོར་ལས། སྐུ་གསུང་ཐུགས་ལ་འདེབས་པས་ན། །ཤེས་རབ་ཕྱག་རྒྱ་རྗེས་སུ་བརྗོད། །ཅེས་གསུངས་པ་དང་། ཀུན་སྤྱོད་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །ཞེས་གསུངས་སོ། །དྲོ་བའི་རྟགས་དེ་ཇི་ལྟ་བུ་ཞེ་ན། གདན་བཞི་ལས།
དང་པོར་ཤེས་རབ་དྲོ་བ་ཡིན། །གཉིས་པ་དུ་མར་ལྡན་པ་ཡིན། །གསུམ་པ་འདི་ནི་འཁྱུད་པ་དང་། །བཞི་པ་མར་མེ་འབར་བ་སྟེ། །ལྔ་པ་སྤྲིན་མེད་ནམ་མཁའ་དང་། །ཞེས་གསུངས་སོ། །དེ་ལྟར་ལྷན་ཅིག་སྐྱེས་དགའི་སྟོང་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་བཤད་ནས་སེམས་འོད་
Vol. 17 · folio 416a
གསལ་དང་ཉམས་སུ་མྱོང་བ་རོ་གཅིག་གི་ཟུང་འཇུག་གི་ངོ་བོ་རྣལ་འབྱོར་ཆེན་པོ་བསྟན་པ་ནི། རྣམ་པ་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་རང་བཞིན་སེམས་འོད་གསལ་བའི་སྟོང་པ་ཉིད་དུ་རྟོགས་པ་ནི་སྟོང་པ་ཆེན་པོའི་རང་བཞིན་ཞེས་བྱའོ། །རྒྱུ་དེས་འདོད་པའི་
དོན་ཀུན་སྒྲུབ་པར་བྱེད་པ་ཡིན་ནོ། །སེམས་ཀྱི་བདེ་བ་ཆེན་པོ་དབང་བཞི་པ་ཐོབ་པ་ལ་སྨད་པར་མི་བྱ་བར་བསྟན་པ་ནི། རྣལ་འབྱོར་ཆེ་ལ་གང་ཞིག་སྡང་། །ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེ་སྟེ། སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་སོ། །སློབ་དཔོན་ཡེ་ཤེས་ཞབས་ཀྱི་
བཞེད་པ་ལྟར་ལྷའི་སྐུའི་འཁོར་ལོ་སྒྱུ་མ་ལྟ་བུར་བསྒོམས་པས། མཆོག་གི་དངོས་གྲུབ་ཏུ་འགྱུར་རོ་ཞེ་ན། དཔེར་ན། ལ་ལ་མར་ནི་འདོད་པ་ཡིས། །འབད་པས་ཆུ་ནི་བསྲུབས་གྱུར་ཀྱང་། །མར་སར་འབྱུང་བར་མི་འགྱུར་གྱི། །ལུས་ཉོན་མོངས་པ་ཁོ་ནར་ཟད། །ཅེས་
གསུངས་སོ། །འོ་ན་བཅོས་མའི་རྣལ་འབྱོར་མས་ཅི་ཞིག་ཐོབ་པར་འགྱུར་ཞེ་ན། འཛིན་ཅིང་མཆོད་པར་བྱེད་པ་ནི། །ཞེས་བྱ་བ་སྨོས་ཏེ། ལྷར་བསྐྱེད་ཅིང་མཆོད་པ་བྱེད་པ་ན་ཚེ་འདི་ཉིད་ལ་འཚོ་བའི་ཐབས་ཀྱི་རྒྱུར་གྱུར་པ་དང་། ཚེ་ཕྱི་མར་ལྷ་དང་མིར་སྐྱེ་བ་ལ་ཐར་བར་འབྱུང་
བའི་རྣལ་འབྱོར་གཞན་ལ་བརྟེན་པ་དེས་ནི་གཞན་དུ་མཆོག་གི་དངོས་གྲུབ་སྒྲུབ་པ་ན། དེ་ནི་སྒྱུ་མ་ཡིན་པས་དོན་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་མངོན་སུམ་གྱིས་མ་བསྒོམས་པའི་ཕྱིར་རོ། །དེ་རྣམས་ཀྱི་དོན་ནི་འདི་སྐད་དུ་སྟོན་པ་ཡིན་ཏེ། ཡེ་ཤེས་
ཀྱི་ལྷ་མོ་ཕྱག་རྒྱ་རྙེད་ནས་ལུས་བདེ་བའི་དགའ་བ་དང་མཆོག་དགའ་སྐྱེས་ནས་ཡིད་བདེ་བ་ལྷན་ཅིག་སྐྱེས་དགའ་དེའི་རྗེས་ཐོགས་ལ་སྐྱེས་པ་ཡིན་ལ་དབང་བཞི་པའི་དུས་སུ་དགའ་བ་དང་མཆོག་དགའ་དང་ལྷན་ཅིག་སྐྱེས་དགའ་སྟོང་པ་དང་ཤིན་ཏུ་སྟོང་པ་ཆེན་པོའི་རྒྱས་
བཏབ་ནས་གཟུང་འཛིན་གཉིས་དང་བྲལ་བའི་རང་བཞིན་སེམས་འོད་གསལ་བའི་བདག་ཉིད་དབང་བཞི་པའི་ངོ་བོ་ཐོབ་པ་ཡིན་ནོ། །དགའ་བ་གསུམ་གྱི་དུས་སུ་རང་བཞིན་བརྒྱད་ཅུའི་རྟོག་པ་དང་བྲལ་བ་ཡིན་ལ། དགའ་བ་གསུམ་སྟོང་པར་ཤེས་པའི་དུས་སུ་བདེ་བར་
Vol. 17 · folio 416b
སྣང་བའི་གཟུང་འཛིན་ཉིད་ནུབ་པ་ཡིན་ནོ། །དེ་ལྟར་རྣམ་པར་རྟོག་པ་གཉིས་སུ་སྣང་བ་ཉིད་ནུབ་ན་ཅི་ཞིག་ཏུ་འགྱུར་ཞེ་ན། བཞི་པ་རྣལ་འབྱོར་ཆེན་པོ་འོད་གསལ་བའི་རང་བཞིན་དུ་འགྱུར་རོ། །དེ་ལ་རང་བཞིན་བརྒྱད་ཅུ་ནི་དགའ་བའི་ཚེ་རྟོག་པ་སུམ་ཅུ་རྩ་གསུམ་དང་། མཆོག་
དགའི་ཚེ་བཞི་བཅུ་ཐམ་པ་དང་། ལྷན་ཅིག་སྐྱེས་དགའི་ཚེ་རྣམ་པ་བདུན་དང་བྲལ་བས་ན་རྟོག་པ་མེད་པའོ། །དེ་ཡང་སྟོང་པ་ཉིད་བདུན་ཅུ་པའི་འགྲེལ་པ་ལས། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་བར་མ་དང་། འདོད་ཆགས་དང་བྲལ་བ་དག་ཡིད་ཀྱིས་འགྲོ་བ་དང་།
འོང་བ་དང་། མྱ་ངན་དང་། མྱ་ངན་བར་མ་དང་། ཤིན་ཏུ་མྱ་ངན་དུ་གྱུར་པ་དང་། ཞི་བ་དང་། རྣམ་པར་རྟོག་པ་དང་། འཇིགས་པ་དང་། འཇིགས་པ་བར་མ་དང་། ཤིན་ཏུ་འཇིགས་པ་དང་། སྲེད་པ་དང་། སྲེད་པ་བར་མ་དང་། ཤིན་ཏུ་སྲེད་པ་དང་། ཉེ་བར་ལེན་པ་དང་། མི་དགེ་བ་དང་།
བཀྲེས་པ་དང་། སྐོམ་པ་དང་། ཚོར་བ་དང་། ཚོར་བ་བར་མ་དང་། ཤིན་ཏུ་ཚོར་བ་དང་། རིག་པ་པོ་དང་། འཛིན་པའི་གཞི་པ་དང་། སོ་སོར་རྟོག་པ་དང་། ངོ་ཚ་ཤེས་པ་དང་། སྙིང་རྗེ་དང་། བརྩེ་བ་དང་། བརྩེ་བ་བར་མ་དང་། ཤིན་ཏུ་བརྩེ་བ་དང་། དགོངས་པ་དང་བཅས་
པ་དང་། སྡུད་པ་དང་། ཕྲག་དོག་སྟེ། མཚན་ཉིད་སུམ་ཅུ་རྩ་གསུམ་མོ། །ཐབས་ཀྱི་རང་བཞིན་ནི་ཆགས་པ་དང་། ཆགས་པ་བར་མ་དང་། ཀུན་དུ་ཆགས་པ་དང་། དགའ་བ་དང་། དགའ་བ་བར་མ་དང་། ཤིན་ཏུ་དགའ་བ་དང་། རངས་པ་དང་། རབ་ཏུ་མགུ་བ་དང་། ངོ་
མཚར་བ་དང་། དགོད་པ་དང་། ཚིམ་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། འཇིབ་པ་དང་། བརྟགས་པ་དང་། བཙོག་པ་དང་། ཁེངས་པ་དང་། བྱ་བ་དང་། འཕྲོག་པ་དང་། སྟོང་པ་དང་། འཕྲོ་བ་དང་། དགའ་བ་ལ་སྦྱོར་བ་དང་། དགའ་བ་ལ་སྦྱོར་བ་བར་མ་དང་།
ཤིན་ཏུ་དགའ་བ་ལ་སྦྱོར་བ་དང་། དྲག་པ་དང་། རྣམ་པར་སྒེག་པ་དང་། འགྲས་པ་དང་། འགྱེད་པ་དང་། ཚིག་གསལ་བ་དང་། བདེན་པ་དང་། མི་བདེན་པ་དང་། ངེས་པ་དང་། ཉེ་བར་མི་ལེན་པ་དང་། སྦྱིན་པ་པོ་དང་། སྐུལ་བ་པོ་དང་། དགའ་བ་དང་། ངོ་ཚ་མེད་པ་དང་། སྒྲིན་
Vol. 17 · folio 417a
པ་དང་། གདུག་པ་དང་། མི་སྲུན་པ་དང་། གྱ་གྱུ་ཆེ་བ་དང་། མཚན་ཉིད་བཞི་བཅུ་ཐམ་པའོ། །སྣང་བ་ཐོབ་པ་དང་། ཡེ་ཤེས་ཀྱི་རང་བཞིན་ནི་འདི་ལྟ་སྟེ། ཆགས་པ་བར་མ་དང་། བརྗེད་ངས་པ་དང་། འཁྲུལ་བ་དང་། མི་སྨྲ་བ་དང་། སྨྱོ་བ་དང་། ལེ་ལོ་དང་། ཐེ་ཚོམ་དང་
བཅས་པས་ཏེ་འདི་ནི་རང་བཞིན་བདུན་པོ་དེ་དག་གོ། །རང་བཞིན་བརྒྱད་ཅུ་པོ་དེ་དག་གཟུང་བར་སྣང་བ་མཚན་མོའི་སེམས་དང་། འཛིན་པར་སྣང་བ་ཉིན་མོའི་སེམས་ཀྱིས་ཕྱེ་ནས་རང་བཞིན་བརྒྱ་དྲུག་ཅུར་འགྱུར་བ་ཡིན་ནོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིའི་སེམས་
ལ་སེམས་ཞེས་བྱ་བར་རབ་ཏུ་ཤེས་སོ། །ནང་གི་སེམས་ལ་སེམས་ཞེས་བྱ་བར་རབ་ཏུ་ཤེས་སོ་ཞེས་གསུངས་སོ། །དེ་ལྟར་རྣམ་པར་རྟོག་པའི་གཟུང་འཛིན་གཉིས་ནུབ་ནས་གཉིས་སུ་སྣང་བ་གསུམ་སྟོང་པ་གསུམ་གྱིས་བཀག་ནས་གློ་བུར་གྱི་དྲི་མ་དང་བྲལ་བའི་རང་
བཞིན་འོད་གསལ་བ་རྟོགས་པ་ནི་ས་དང་པོ་ཡིན་ནོ། །དེའི་ཕན་ཡོན་གསུངས་པ་ནི། རྣལ་འབྱོར་ཆེ་མཆོག་དཔའ་བོ་ནི། །ཡུལ་ཕྱོགས་གང་ན་གནས་གྱུར་པའི། །རིགས་ངན་ཀླ་ཀློ་ཡིན་ན་ཡང་། །ཡུལ་དེ་ཡོངས་སུ་བརྟགས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་
མཆོག་ཏུ་གྱུར་པ་སེམས་ཀྱི་སྟོང་ཉིད་རྟོགས་པའི་དཔའ་བོ་དེ་ནི་ཡུལ་གང་ན་གནས་ཀྱང་རྡོ་རྗེའི་གདན་ཡིན་ལ། །རིགས་ནི་ཀླ་ཀློར་སྐྱེས་ཀྱང་སྤྲུལ་པའི་སྐུ་དངོས་ཡིན་ནོ། །རྣལ་འབྱོར་པ་སེམས་ཀྱི་སྟོང་ཉིད་ཤེས་ནས་དེ་བཞིན་གཤེགས་པ་གཞན་དག་གིས་བྱིན་གྱིས་རློབ་པར་
འགྱུར་རམ་ཞེ་ན། སེམས་ཅན་ཡོངས་སུ་གཟུང་བའི་རྒྱུར། །དེ་རུ་ང་ནི་རྟག་ཏུ་གནས། །ཞེས་བྱ་བ་གསུངས་ཏེ། འདས་པ་དང་ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་ཀྱང་སྔོན་གྱི་ལམ་རྟོགས་པའི་རྣལ་འབྱོར་པ་དེ་རྗེས་སུ་གཟུང་བའི་ཕྱིར་ཡུལ་དེར་རྟག་ཏུ་བཞུགས་པ་ཡིན་
ནོ། །དེ་ཡང་པདྨ་རྡོ་རྗེའི་ཞལ་སྔ་ནས། ཅིག་ཅར་ཕྱག་རྒྱ་ཆེན་པོ་བསྒོམ་པ་གསུངས་པ་དང་། དེ་དང་རྗེས་སུ་མཐུན་པར་ནི་ཁ་སྦྱོར་ཐིག་ལེ་ལས་སེམས་ཀྱི་སྟོང་ཉིད་མངོན་སུམ་གྱིས་རྟོགས་པ་བསྟན་ཏོ། །འདིར་ནི་བཤད་པའི་རྒྱུད་ཀུན་སྤྱོད་དང་། རྗེས་སུ་མཐུན་པར་དགའ་བ་བཞི་ལ་
Vol. 17 · folio 417b
རིམ་གྱིས་སྟོང་པ་ཉིད་རྟོགས་པའི་ཚུལ་གྱིས་བཤད་པ་ཡིན་ནོ། །དེ་ཡང་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དགའ་བ་གསུམ་གྱི་ཏིང་ངེ་འཛིན་བསྐྱེད་པ་ཡིན་ལ། ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་དགའ་བ་གསུམ་གྱི་སྟོང་པ་ཉིད་རྟོགས་ནས་འོད་གསལ་བའི་རང་བཞིན་དུ་འགྱུར་བ་ཡིན་ནོ། །
ལེའུ་ཉི་ཤུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་རྫོགས་པའི་རིམ་པའི་རྒྱས་པར་བཤད་པ་ནི་ལེའུ་ལྔ་བཤད་ནས་བསྐྱེད་པའི་རིམ་པ་སྔོན་དུ་འགྲོ་བའི་སྲུང་བའི་འཁོར་ལོ་བསྟན་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་རྙེད་དཀའ་དགོད་
པ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་མཛེས་ཀྱི་ཡི་གེ་བཏུ་བའི་འཁོར་ལོ་དགོད་པའོ། །གང་ཞིག་ཤེས་པ་ཙམ་གྱིས་ནི། །ཞེས་བྱ་བ་སྨོས་ཏེ། བཏུས་པའི་འཁྲུལ་འཁོར་ཤེས་པའོ། །དེ་ཡང་བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་ལས། སྒྲ་གཅན་འཛིན་
གྱི་རྒྱུ་བ་རྡོ་རྗེ་རོལ་པ་རྟའི་འགྲོས་དང་། ཕུར་བུ་རྒྱུ་བ་ཡི་དགས་སྲིན་པོའི་གདོང་དང་། སྤེན་པའི་རྒྱུ་བ་གཤིན་རྗེ་དབྱུག་པ་འཆང་བ་དང་། མཇུག་རིངས་རྒྱུ་བ་མ་མོའི་རིགས་ལྡན་མའི་འཁོར་ལོ་བཀོད་པ་ཤེས་པ་ཙམ་གྱིས་ལས་བཅུ་གཉིས་ཀྱི་དངོས་གྲུབ་མྱུར་དུ་སྒྲུབ་པར་
བྱེད་དོ། །རྒྱུད་བླ་མའི་ལེའུ་བཞི་པ་ལས་གནོད་མཛེས་ཀྱི་སྔགས་བཏུ་བ་ཤེས་པ་ཙམ་གྱིས་སྲུང་བའི་འཁོར་ལོ་བྱས་པས་བར་ཆད་ཀྱི་བགེགས་མེད་པར་བྱས་ནས་དངོས་གྲུབ་སྒྲུབ་པའི་འཁོར་ལོ་སུམ་ཅུ་རྩ་བཞི་མྱུར་དུ་སྒྲུབ་པར་བྱེད་པ་ཡིན་ནོ། །བཤད་པའི་རྒྱུད་གཉིས་ཀྱི་དགོངས་
པ་དང་ལྡན་པའི་ཡི་གེ་བཏུ་བའི་གནས་བཤད་པ་ནི། ས་ཡི་ཆ་མཉམ་ཡིད་འོང་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་བཏུ་བའི་གནས་དང་། ཡི་གེ་བཏུ་བའི་གཞིའི་འཁོར་ལོ་དང་། བཏུ་བའི་ཐབས་དང་། སྒྲུབ་པའི་ཆོ་ག་བཤད་པ་ཡིན་ནོ། །དེ་ནས་གནས་ཆ་
མཉམ་ཞིང་ཡིད་དུ་འོང་བ་ལ་ཙནྡན་དང་། ག་པུར་ལ་སོགས་པས་བྱུགས་པའི་དྲི་བཟང་པོ་དང་ལྡན་པའོ། །ས་བའི་ཀོ་བ་ཙམ་བྱུག་པ་ལ་མེ་ཏོག་གི་སིལ་མ་གཅལ་དུ་བཀྲམ་ཞིང་ཕྱོགས་བཞིར་སྤོས་སྣོད་བཞི་བཞག་པའི་དྲིས་ཉམས་དགའ་བར་གྱུར་པའི་དཀྱིལ་འཁོར་དེའི་ཤར་ཕྱོགས་ཀྱི་
Vol. 17 · folio 418a
ཆར་བདག་ཉིད་འདུག་ལ། གོས་དང་ཕྱག་རྒྱ་ལྔ་དང་ཤེས་རབ་ཀྱི་ཡན་ལག་དང་། བདག་ཉིད་རྡོ་རྗེ་ཧཱུཾ་མཛད་བསྐྱེད་པའི་ཆོ་ག་ཀུན་བྱས་ཤིང་། ཁྲོ་བོ་བཅུས་ཕྱོགས་བཅིང་བ་བྱས་ནས་ཕུར་བུས་བཏབ་ཅིང་ར་བ་དང་དྲ་བ་དང་མེ་འོད་ཀྱི་ཕྲེང་བའི་མཐར་ཐུག་པའི་
བར་དུ་སྲུང་བའི་འཁོར་ལོ་བྱའོ། །དེ་ནས། བ་ཡི་རྣམ་ལྔ་བཅིང་བྱས་ཏེ། །ཞེས་བྱ་བ་ནི་དངོས་སུ་རྫ་རྔ་རྙེད་ན་རེ་མིག་ལ་ཡི་གེ་དགོད་པའམ། ས་ལ་རྫ་རྔའི་དབྱིབས་བྲིས་ལ་རེའུ་མིག་བཞི་བཅུ་རྩ་དགུ་ཆ་མཉམ་ལ་རྫ་རྔ་ཁ་བཞི་པ་རི་མོ་དགུ་པས་ཡོངས་སུ་བསྐོར་བ་བྲིས་ལ་རྫ་རྔའི་
ཕྱོགས་གཅིག་ནས་བརྩམས་ལ་ཡི་གེའི་ཕྱི་རིམ་པ་བཞིན་དུ་རེ་མིག་དང་མཉམ་པར་བྱ་བའི་བསམ་པས་རྣལ་འབྱོར་ཤིན་ཏུ་མཉམ་པར་གཞག་པའི་བསམ་པས་དགོད་པར་བྱའོ། །དེ་ཡང་ཡི་གེ་ཕྱི་མོ་དབྱངས་དང་གསལ་བྱེད་དགོད་པར་བྱས་ཏེ། ཡི་གེ་བྱུང་ཁུངས་ཀྱི་གནས་དེ་ལས་
དཔའ་བོ་ཞལ་བཞི་པའི་སྔགས་དངོས་གྲུབ་གསུམ་གྱི་འདོད་པའི་དོན་བསྒྲུབ་པ་བཏུ་བར་བྱའོ། །རིམ་བཞིན་འབྱུང་དང་རིམ་བཟློག་པ། །ཞེས་བྱ་བ་ནི་རིམ་བཞིན་ནི་ཨ་ནས་བརྩམས་པའོ། །རིམ་ལས་བཟློག་པ་ནི་ཧ་ནས་བརྩམས་པའི་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་བཏུ་བའི་
གནས་ཀྱི་འཁོར་ལོ་ལས་བསྒྲུབས་པ་ལས་རྣལ་འབྱོར་པ་ཐུབ་པའི་དབང་ཕྱུག་གིས་ཡི་གེ་བཏུ་བར་བྱའོ། །དེ་ལྟར་རེ་མིག་བཞི་བཅུ་རྩ་དགུའི་གྲངས་དང་ལྡན་པ་ལ་ཐོག་མར་རེའུ་མིག་སུམ་ཅུ་རྩ་གཉིས་པ་བླང་ཞེས་བྱ་བ་སྨོས་ཏེ། རེའུ་མིག་སུམ་ཅུ་གཉིས་པ་ནི་རེའུ་མིག །
ལ་གནས་པའི་ཡི་གེ་སའོ། །ལྔ་པའི་དབྱེ་བ་ཞེས་བྱ་བ་ནི་གནས་ཇི་ལྟ་བའི་ཡི་གེ་ཨུ་དང་སྦྱར་བར་བྱའོ། །བརྒྱ་ཕྱེད་ཕྱེད་པ་ཞེས་བྱ་བ་ནི་ཉི་ཤུ་རྩ་ལྔ་པ་སྟེ་མའོ། །ཉི་ཤུ་རྩ་བཞི་པ་ཡིས་དབྱེ། །ཞེས་བྱ་བ་ནི་ཐུབ་པ་དེ་ཉིད་ཀྱི་ཉི་ཤུ་རྩ་བཞི་པ་བྷ་སྟེ་དེས་ཕྱེ་བ་དང་ལྡན་པའོ། །རེའུ་མིག་
སུམ་ཅུ་དྲུག་པ་བླང་། །ཞེས་བྱ་བ་ནི་ཨཱ་ལི་ནས་བརྩམས་པའི་སུམ་ཅུ་རྩ་དྲུག་པ་སྟེ་ནའོ། །རེའུ་མིག་གསུམ་པ་སྟེ་ཨི་དང་དེ་ཡང་དག་པར་ལྡན་པའོ། །སུམ་ཅུ་རྩ་གཉིས་བླང་ཞེས་བྱ་བ་ནི་སའོ། །ལྔ་པས་དབྱེ་ཞེས་བྱ་བ་ནི་ཨུ་དང་ཡང་དག་པར་ལྡན་པའོ། །དེ་ནས་ཉི་ཤུ་ལྔ་པ་གཟུང་། །ཞེས་བྱ་
Vol. 17 · folio 418b
བ་ནི་མའོ། །ཉི་ཤུ་བཞི་པ་དག་དང་སྦྱར། །ཞེས་བྱ་བ་ནི་བྷ་སྟེ་དེ་དང་ལྡན་པའོ། །སུམ་ཅུ་གསུམ་པ་ཡང་དག་བླང་། །ཞེས་བྱ་བ་ནི་ཧའོ། །རེ་མིག་བཅོ་ལྔ་པ་དང་ལྡན། །ཞེས་བྱ་བ་ནི་ཨཾ་དང་ལྡན་པའོ། །ལྔ་པ་དང་ནི་ཡང་དག་བཅས། །ཞེས་བྱ་བ་ནི་ཨུས་བརྒྱན་པའོ། །དང་པོའི་ཚིག་
ནི་ཡང་དག་གསུངས། །ཞེས་བྱ་བ་ནི་རྐང་པ་དང་པོའི་ཡི་གེ་བཏུ་བའོ། །རེའུ་མིག་ནི་བཅུ་དགུ་པ། །ཞེས་བྱ་བ་ནི་གའོ། །མེའི་བུ་ནི་ར་སྟེ་དེ་དང་ལྡན་པའོ། །རེ་མིག་སུམ་ཅུས་རྣམ་པར་ཕྱེ། །ཞེས་བྱ་བ་ནི་ཨི་དང་ལྡན་པའོ། །ཡ་ཚན་བརྒྱད་པའི་ས་བོན་ཞེས་བྱ་བ་ནི་ཧའོ། །རེའུ་མིག་སུམ་ཅུ་
དྲུག་པ་ནི་ན་དང་ཡང་དག་པར་ལྡན་པའོ། །སླར་ཡང་ཡི་གེ་དེ་དག་ཉིད། །ཅེས་བྱ་བ་ནི་ཚིག་དེ་ཉིད་ལན་གཉིས་བརྗོད་པའོ། །དེ་ནས་རང་འབྱུང་བླངས་ནས་ནི་ཧའོ། །ལྔ་པས་དབྱེ་བ་ནི་ཨུ་དང་ཡང་དག་ལྡན་པའོ། །ཐིག་ལེས་སྤྱི་བོར་རྣམ་པར་བརྒྱན། །ཞེས་བྱ་བ་ནི་རྗེས་སུ་འཇུག་པའི་
དབྱངས་དང་ལྡན་པར་བྱས་ཏེ། རྐང་པ་གཉིས་པ་བཏུ་བའོ། །རེ་མིག་བཅུ་དགུ་པ་ཉིད་ལ། །ཞེས་བྱ་བ་ནི་གའོ། །ཉི་ཤུ་རྩ་བདུན་པ་ནི་ཕྱེ། །ཞེས་བྱ་བ་ནི་ར་དང་ལྡན་པའོ། །གསུམ་པ་དང་ནི་ཡང་དག་ལྡན། །ཞེས་བྱ་བ་ནི་ཨི་དང་ལྡན་པའོ། །སུམ་ཅུ་གསུམ་པ་ལེགས་བླངས་ལ། །ཞེས་བྱ་བ་ནི་
ཧའོ། །རེ་མིག་གཉིས་ནི་དབྱངས་ཡིག་གཉིས་དང་ལྡན་པའོ། །ཡི་གེ་ཉི་ཤུ་པ་དང་ལྡན། །ཞེས་བྱ་བ་ནི་ན་དང་ལྡན་པའོ། །རེ་མིག་ཉི་ཤུ་གཅིག་པ་ནི་པའོ། །ཉི་ཤུ་ལྔ་པ་ནི་ཡའོ། །ཚིག་ནི་ལན་གཉིས་བཟླས་པ་ཉིད། །ཅེས་བྱ་བ་ནི་བཟླས་ཏེ་དགོད་པའོ། །གོ་རིམས་བཞིན་བཟླས་པ་ལས་
བཟློག་པ་བསྟན་པའི་ཕྱིར། དེ་ནས་གོ་རིམས་བཟློག་པ་གཟུང་། །ཞེས་བྱ་བ་སྨོས་ཏེ། རེ་མིག་དང་པོ་ནི་ཧའོ། །བཞི་པའི་མཐའ་དང་ཡང་དག་ལྡན། །ཞེས་བྱ་བ་ནི་ཨུ་དང་ལྡན་པའོ། །བཅོ་ལྔ་པ་ཡིས་མཆོད་པ་ནི་ཨཾ་དང་ལྡན་པ་སྟེ་རྐང་པ་གསུམ་པ་བཏུ་བའོ། །རེ་མིག་གཉིས་པའི་ས་བོན་ཞེས་
བྱ་བ་ནི་དབྱངས་ཡིག་ཨཱའོ། །སུམ་ཅུ་རྩ་དྲུག་པ་ནི་ནའོ། །དེ་བཞིན་དྲུག་པ་ནི་ཡའོ། །སུམ་ཅུ་གསུམ་པ་ནི་ཧའོ། །རེའུ་མིག་བཅུ་པ་ཡིས་མཆོད། །ཅེས་པ་ནི་ཨོ་དང་ལྡན་པའོ། །རེ་མིག་བཅུ་གཉིས་ཅེས་བྱ་བ་ནི་བཟློག་པའི་བཅུ་པ་སྟེ་བྷའོ། །བཅུ་དགུ་པ་ནི་ཞེས་བྱ་བ་ནི་གའོ། །ཉི་ཤུ་གསུམ་པ་
Vol. 17 · folio 419a
ཉིད་ཅེས་བྱ་བ་ནི་བའོ། །རེ་མིག་གཉིས་པ་ཡང་དག་ལྡན། །ཞེས་བྱ་བ་ནི་ཨཱ་དང་ཡང་དག་པར་ལྡན་པའོ། །སྟེང་དུ་ཐིག་ལེས་བརྒྱན་པ་ནི་རྗེས་སུ་འཇུག་པའི་དབྱངས་དང་ལྡན་པའོ། །དེ་ནས་ཆུ་ཡི་ས་བོན་གཟུང་། །ཞེས་བྱ་བ་ནི་བའོ། །བརྒྱད་པའི་ཐ་ཞེས་བྱ་
བ་ནི་ཛའོ། །མེའི་བུ་ཞེས་བྱ་བ་ནི་ར་དང་ལྡན་པའོ། །ཧཱུཾ་ཧཱུཾ་ཕཊ་དང་མཐར་སྦྱར་ཞེས་བྱ་བ་ནི་མཐར་ཧཱུཾ་ཧཱུཾ་ཕཊ་དང་སྦྱར་བའོ། །རྐང་པ་བཞི་པའི་སྔགས་འདི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཚུལ་དང་ལྡན་པའི་ཕྱིར་ཁམས་གསུམ་རྣམ་པར་རྒྱལ་བའོ། །ཨོཾ་ནི་གསལ་བྱ་
ཀུན་ལ་ཡིན། །ཞེས་བྱ་བ་ནི་དང་པོར་ཨོཾ་གྱིས་གསལ་བར་བྱས་ཤིང་ཡི་གེ་ཧཱུཾ་ཕཊ་ཀྱི་ཚོགས་ཀྱི་ཁྱད་པར་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔགས་འདི་དག་གང་ཡིན་ཞེ་ན། རིག་པའི་རྒྱལ་པོ་འཁོར་ལོས་སྒྱུར། །ཞེས་གསུངས་ཏེ། བགེགས་བཟློག་པའི་འཁོར་གནོད་
མཛེས་ཡིན་ལ། དེའི་སྔགས་ནི་སྲུང་བའི་འཁོར་ལོའི་སྔགས་སོ། །མ་བྱུང་བ་ནི་མར་མེ་མཛད་ནས་འོད་སྲུངས་ཀྱི་བར་དང་། འབྱུང་བར་མི་འགྱུར་ནི་བྱམས་པ་ནས་མོས་པའི་བར་དུ་མི་འབྱུང་བའོ། །དེ་ལྟར་འབྱུང་བ་ཡིན་ཡང་རྒྱུད་དེ་ཉིད་བསྡུས་པ་དང་། དཔལ་མཆོག་དང་པོ་
དང་རྣལ་འབྱོར་བདེ་མཆོག་དང་རྡོ་རྗེ་འཇིགས་བྱེད་རྣམས་སུ་ཁྲོ་བོ་བཞི་དང་ལྡན་ཞིང་ཕུར་བུ་བརྒྱད་དང་ལྡན་པས་དཀྱིལ་འཁོར་བསྲུང་བ་བྱས་ན་གདུག་པ་ཐམས་ཅད་སྔགས་འདི་རྙེད་པ་ཙམ་གྱིས་བརྡུངས་མི་དགོས་པར་གྲུབ་པར་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ།
བཤད་པའི་རྒྱུད་བླ་མ་ལས་རང་གི་སྙིང་གར་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ། དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཧཱུཾ་མཛད་ཞལ་བཞི་པ་ཕྱག་བརྒྱད་པ་ཞལ་དང་པོ་སྔོ་བ། གཡས་པ་སེར་བ། རྒྱབ་དམར་བ། གཡོན་ལྗང་བ། དཔའ་བོ་
དང་མི་སྡུག་པ་དང་། ལྗགས་འདྲིལ་བ་དང་། ཚེམས་གཙིགས་པ་དང་། ཕྱག་དང་པོ་གཉིས་ན་རྡོ་རྗེ་དང་དྲིལ་བུ། ཕྱག་ལྷག་མ་དྲུག་ན་ལྕགས་ཀྱུ་དང་། ཞགས་པ་དང་། རལ་གྲི་དང་། ཁ་ཊྭཱཾ་ག་དང་། ཏྲི་ཤཱུ་ལ་དང་། ཐོད་པ་བསྣམས་པའོ། །སངས་རྒྱས་ལྔའི་ཅོད་པན་ཅན་
Vol. 17 · folio 419b
རུས་པའི་རྒྱན་གྱིས་བརྒྱན་པ། གཡས་བརྐྱང་བའི་གནས་པས་འཇིགས་བྱེད་ཆེན་པོ་དང་དུས་མཚན་མནན་པས། དེའི་ཐུགས་ཀའི་ཡི་གེ་ཧཱུཾ་ལས་ཁྲོ་བཅུ་སྐད་ཅིག་མས་སྤྲུལ་ལ་ཤར་དུ་རྡོ་རྗེ་གཏུམ་པོ་བྱང་དུ་རྡོ་རྗེ་ཉི་མ། ནུབ་ཏུ་རྡོ་རྗེ་གཙུག་ཏོར། ལྷོར་རྡོ་རྗེ་འཁྱིལ་པ། ཤར་
ལྷོ་མཚམས་སུ་རྡོ་རྗེ་གནོད་སྦྱིན། ལྷོ་ནུབ་ཏུ་རྡོ་རྗེ་ནག་པོ། །ནུབ་བྱང་དུ་རྡོ་རྗེ་སྟོབས་པོ་ཆེ། བྱང་ཤར་དུ་རྡོ་རྗེ་འཇིགས་བྱེད་དེ། སྟེང་དུ་རྡོ་རྗེ་གཙུག་ཏོར། འོག་ཏུ་རྡོ་རྗེ་གནོད་མཛེས་དེ་རྣམས་ནི་ཞལ་གསུམ་པ་ཕྱག་དྲུག་པ། ཤར་ཕྱོགས་སྔོ་བ། གཡས་སེར་བ། གཡོན་ལྗང་
བའོ། །བྱང་སེར་བ་ནི་གཡས་སྔོ་བ་དང་གཡོན་ལྗང་བའོ། །ནུབ་དམར་བ་ནི་གཡས་དཀར་བ་དང་གཡོན་ལྗང་བའོ། །ལྷོ་ལྗང་བ་ནི་གཡས་དཀར་བ་དང་གཡོན་སེར་བའོ། །ཤར་ལྷོ་དུ་བའི་མདོག་ཅན་ནི་ཤར་དང་འདྲ་བའོ། །བདེན་བྲལ་ནག་པོ་ཡང་ཤར་དང་འདྲ་བའོ། །རླུང་གི་སྔོ་བ་
ཡང་ཤར་དང་འདྲ་བའོ། །བྱང་ཤར་ཡང་ཤར་དང་འདྲ་བའོ། །སྟེང་དཀར་པོ་གཡས་སྔོ་བ་དང་གཡོན་ལྗང་བའོ། །འོག་ཀྱང་ཤར་ཕྱོགས་དང་འདྲ་བའོ། །ཤར་རྡོ་རྗེ་དང་། བྱང་སྣ་ཚོགས་རྡོ་རྗེ་དང་། ནུབ་པདྨ་དང་། ལྷོར་ནི་རིན་པོ་ཆེ་དྲིལ་བུ་དང་བཅས་པ་བསྣམས་པས་འཁྱུད་
པའོ། །ཕྱག་ལྷག་མ་རྣམས་ཀྱིས་ལྕགས་ཀྱུ་དང་ཁ་ཊྭཱཾ་ག་དང་། ཏྲི་ཤཱུ་ལ་དང་ཐོད་པ་བསྣམས་པའོ། །སྟེང་གི་འཁོར་ལོས་སྒྱུར་བའི་འཁོར་ལོ་དང་དྲིལ་བུས་འཁྱུད་ཅིང་འོག་གི་གནོད་མཛེས་ནི་རྡོ་རྗེ་དང་དྲིལ་བུས་འཁྱུད་པ། ཕྱག་ལྷག་མ་ནི་སྔ་མ་རྣམས་དང་མཚུངས་པའོ། །
དེ་ལྟ་བུའི་ཁྲོ་བོ་བཅུ་སྤྲོས་པས་གློ་བུར་གྱི་བགེགས་རྣམས་བསྐྲད་ནས་བསྡུས་པས་ཕྱོགས་སྐྱོང་བཅུ་གདན་དུ་བཏིང་ཞིང་བགེགས་གཞོམ་པའི་ཕྱིར་སྟོད་ཁྲོ་བོ་སྨད་ཕུར་བུ་རྡོ་རྗེ་རྩེ་གཅིག་པ་ལྟ་བུ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཧཱུཾ་ཧཱུཾ་ཕཊ། ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཕཊ།
ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་ཕཊ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བས་ཁྲོ་བོ་བཅུ་བསྐྱེད་ལ་བགེགས་ཀྱི་སྙིང་གར་གདབ་པར་བྱའོ། །ཨོཾ་བཛྲ་མུངྒར་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ་ཅེས་བརྡུང་བར་བྱའོ། །དེ་ནས་ཧཱུཾ་ལས་རྡོ་རྗེ་ས་གཞི་དང་། དེའི་འོད་ཟེར་གྱིས་
Vol. 17 · folio 420a
ར་བ་དང་། སྟེང་དུ་རྡོ་རྗེ་བླ་རེ་དང་། མདའི་དྲ་བ་དང་། ཕྱི་རོལ་ཀུན་ནས་མེ་འོད་ཀྱི་ཕྲེང་བ་བསམ་པར་བྱའོ། །དེ་ནས། ཁྲོ་བོ་བཞི་དང་ཡང་དག་ལྡན། །ལྷ་བརྒྱད་དང་ནི་ཡང་དག་ལྡན། །ཞེས་བྱ་བ་གནོད་མཛེས་ཀྱི་སྤྲོ་བའི་སྔགས་བཞི་ལས་ཁྲོ་བོ་བསྐྱེད་
པ་དང་ཡང་དག་ལྡན་པ་དང་། ཕུར་བུའི་སྐུ་བརྒྱད་བསྐྱེད་པ་དང་བཅས་པ་སྟེ། དེ་ལྟ་བུ་བསྒོམས་པས་རྒྱུད་ཐམས་ཅད་དུ་ཐུན་མོང་དུ་བརྗོད་པའི་སྔགས་འདི་དང་། བསྒོམ་པའི་ཁྲོ་བོའི་འཁོར་ལོ་དང་བཅས་པས་བཅུ་གཉིས་ཀྱི་འབྲས་བུ་བསྐྱེད་པ་ཡིན་ནོ། །བཏུས་པའོ། །བཏུས་པའི་
སྔགས་འདི་ཉིད་གང་ཞེ་ན། ཨོཾ་སུམྦྷ་ཞེས་པ་ལ་སོགས་པ་སྟེ་སུམྦྷ་ནི་གནོད་མཛེས་ལ་བོད་པའོ། །གྲྀཧྞ་ཞེས་བྱ་བ་ནི་ཁྲོ་བོ་བཅུ་ལ་ཕྱོགས་སྐྱོང་བ་ཟུང་ཤིག་པའོ། །གྲིཧྞཱ་པ་ཡ་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་གྱིས་ཟུང་ཤིག་པའོ། །ཨཱ་ན་ཡ་ཧོ་ཞེས་བྱ་བ་ནི་ཁུག་ཅིག་པའོ། །གལ་ཏེ་མ་ཁུགས་
ན། ཇི་ལྟར་བྱ་ཞེ་ན། བྷ་ག་ཝཱཾ་བཛྲ་རཱ་ཛ་ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་རྡོ་རྗེ་རྒྱལ་པོའི་བཀས་ཁུག་ཅིག་པའོ། །ལེའུ་སུམ་ཅུ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་གནོད་མཛེས་ཀྱི་འཁོར་ལོ་བཤད་ནས། དངོས་གྲུབ་སྒྲུབ་པའི་ལེའུ་བཞི་པ་ལས་དང་པོར་རེ་ཞིག་
རྒྱུ་བ་དང་མི་རྒྱུ་བའི་འཁོར་ལོ་ལེའུ་ཉི་ཤུ་གསུངས་པ་ནི། དེ་ནས་ཤ་ཆེན་འདི་དག་ཀུན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤ་ཆེན་ནི་འཆད་པར་གྱུར་པའི་སྲེག་རྫས་སོ། །འཇིགས་བྱེད་ནི་ཉོན་མོངས་པ་དང་སྡུག་བསྔལ་འཇོམས་པས་སོ། །རྡོ་རྗེ་སྐྱེས་ཡིན་ཞེས་བྱ་བ་ནི་མངོན་སྤྱོད་ཀྱི་
རྫས་རྡོ་རྗེའི་རིགས་དང་མཐུན་པའོ། །འདི་ནི་དུག་ཐམས་ཅད་འཇིགས་པར་བྱེད་པ་མངོན་སྤྱོད་མི་བཟད་སྦྱིན་སྲེག་འདི་གསུངས་པ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི་དེ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱི་ནི་ཞེ་སྡང་འཇོམས་པའོ། །ཕག་ནི་གཏི་མུག་
འཇོམས་པའོ། །ཟངས་ཀྱི་གཙུག་ཕུད་ཅན་ནི་ཁྱིམ་བྱ་སྟེ་འདོད་ཆགས་འཇོམས་པའོ། །གང་གི་དཀྱིལ་འཁོར་ལ་ཞེན་པ་ལ་མངོན་སྤྱོད་ཀྱི་ནི་བྱ་བ་གསུངས་སོ། །དེ་ཅི་ཞིག་བྱ་ཞེ་ན། བཟའ་བ་སྟེ། ནང་གི་སྦྱིན་སྲེག་དང་། སྦྱིན་སྲེག་སྟེ་ཕྱི་རོལ་གྱི་སྦྱིན་སྲེག་དང་གཏོར་མ་རྣམས་
Vol. 17 · folio 420b
བྱའོ། །མ་ལུས་ལུས་པ་མེད་གྲུབ་པོ། །ཞེས་བྱ་བ་ནི་ལས་བཅུ་གཉིས་གྲུབ་པའོ། །རྒྱལ་སྲིད་ཐམས་ཅད་བྱ་བ་ནི་ཉེ་བར་མཚོན་པའོ། །དེ་ལྟར་སྲེག་རྫས་བཤད་ནས་དེའི་སྣོད་བཤད་པ་ནི། དུང་དང་ཉ་ཕྱིས་མུ་ཏིག་སྟེ། །ཞེས་བྱ་བ་སྨོས་ཏེ། དུང་ལ་སོགས་པ་གསུམ་ཆར་ཡང་ལས་
དང་ཉོན་མོངས་པ་དང་ཁུ་ཁྲག་གི་རྒྱུ་ལས་བྱུང་བ་ཡིན་ནོ། །བསོད་ནམས་ཀྱི་ལས་ཀྱི་རྒྱུ་རྐྱེན་ལས་བྱུང་བའི་ཆོས་ཀྱི་ཡེ་ཤེས་ཀྱི་ལུས་ཅན་མིའི་ཐོད་པས་སྲེག་རྫས་ཀྱི་སྣོད་དུ་བྱས་ཀྱང་མཁས་པ་རྟོག་པ་དང་ལྡན་པ་རྣམས་སུ་ཡང་སྨོད་པར་མི་འགྱུར་རོ། །དེ་ལྟར་སྣོད་བཤད་ནས་བདག་
ཉིད་ལྷར་བསྐྱེད་པ་ཇི་ལྟ་བུ་ཞེ་ན། དཔའ་བོ་ཐོད་པའི་ཕྲེང་བ་ཅན། །ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ལྔའི་རང་བཞིན་གྱི་ཅོད་པན་ཅན། ཟླ་བ་ཕྱེད་པས་རྒྱན་དུ་བྱས། །ཞེས་བྱ་བ་ནི་ཟླ་བ་ཕྱེད་པའི་རྟགས་ཅན་ནོ། །དཔའ་བོ་དབང་ཕྱུག་ཡིན་པར་བཤད། །ཅེས་བྱ་བ་ནི་མཁའ་འགྲོ་མ་
ཀུན་སྤྱོད་ལས། སྤྲུལ་པ་ལས་བྱུང་དཔའ་བོ་རྣམས། །ཡན་ལག་དྲུག་ཅུས་སེམས་ཀྱིས་སྤྲུལ། །དག་པའི་ཆོས་ཀྱི་སྤྲུལ་པ་རྣམས། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཞེས་བཤད་པས་དཔལ་ཧེ་རུ་ཀ་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་བསྒོམ་པར་བྱའོ། །ཕྱག་
རྒྱ་བཤད་པ་ནི། བརྡ་ལྔ་པོ་ནི་བསྟན་པ་དག །ཅེས་བྱ་བ་ནི་སོར་མོ་གཡོན་པ་ལྔ་ཐབས་ལྔར་བསྒོམ་པ་དང་། གཡས་པ་ལྔ་ལྷ་མོ་ལྔར་བསྒོམ་པའི་བརྡ་ལྔའོ། །དེ་ཡང་དེ་ལྟར་དགོད་སྙམ་ན། སྒྲུབ་པ་པོ་ཡི་ལག་གཡོན་གྱི། །ཞེས་བྱ་བ་ནི་ལག་པ་གཡོན་པའི་སྒྲ་ནི་དཔའ་བོ་དྲུག་གི་
གནས་ཡིན་ཏེ། ཤེས་རབ་དང་ཐབས་རོ་གཅིག་ཏུ་བྱས་ནས་བརྡ་རྣམས་ལ་འཇུག་པར་བྱའོ། །བརྡ་དེ་ཡང་ཚོགས་ཀྱི་འཁོར་ལོ་དང་གཏོར་མ་དང་ཕྱི་ནང་གི་སྦྱིན་སྲེག་དང་དབང་བསྐུར་བའི་དུས་སུ་ལྟའི་རང་བཞིན་དུ་བསྐྱེད་ནས་བརྡ་ཞེས་བྱ་བ་ལུས་ཀྱི་ཐ་སྙད་དེ། ལག་པའི་ཕྱག་རྒྱའི་བྱ་བ་ལ་
རབ་ཏུ་འཇུག་པའོ། །ཅིའི་ཕྱིར་གཡོན་པ་ལ་གཙོ་བོ་དང་དགོད་སྙམ་པ་ལ། ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །འགྲོ་ཀུན་གཡོན་ལས་བྱུང་བ་ཡིན། །ཞེས་བྱ་བ་གསུངས་ཏེ། ལུས་པོ་ཕྱེད་ནི་ཤེས་རབ་ཚོགས་ཀྱི་དབྱིབས་ལས་བྱུང་བ་ཡིན། གཡས་པ་ནི་ཐབས་ལས་བྱུང་བ་ཡིན་ནོ། །
Vol. 17 · folio 421a
ཅིའི་ཕྱིར་གཡོན་པ་ཤེས་རབ་ཡིན་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བརྡར་གྱུར་པ་ཡིན་ཏེ། ཤེས་རབ་ཐམས་ཅད་ཐབས་དང་ཤེས་རབ་གཉིས་སུ་འདུས་པར་སྟོན་པ་ཡིན་ནོ། །དེས་ན་གཡོན་པའི་ཆོས་ཀྱི་དབྱིངས་ལས་སྣོད་བཅུད་ཐམས་ཅད་
འབྱུང་བ་ཡིན་ནོ། །དེ་ཡང་ཇི་ལྟར་ན་ལྷ་དགོད་པར་བྱ་ཞེ་ན། མཐེ་བོང་ལ་རྡོ་རྗེ་སེམས་དཔའ། མཛུབ་མོ་ལ་རྣམ་པར་སྣང་མཛད། གུང་མོ་ལ་པདྨ་གར་གྱི་དབང་ཕྱུག །སྲིན་ལག་ལ་དཔལ་ཧེ་རུ་ཀ །མཐེའུ་ཆུང་ལ་ནམ་མཁའི་སྙིང་པོ། སེན་མོའི་ངོས་ལ་རྟ་མཆོག་བསྒོམས་ལ།
ལག་པ་གཡོན་པ་བསྒྱུར་བྱས་ནས། དཔའ་བོ་འདི་རྣམས་འབྱུང་ངོ་། །ལག་པའི་མཐིལ་ཤྲཱི་ཧེ་རུ་ཀ །ཕག་མོ་ཀུན་འདུས་དག་བྱེད་ཡིན། །ཞེས་བྱ་བ་གསུངས་ཏེ། ལག་མཐིལ་གཡས་གཡོན་དུ་ཐབས་རྣམ་པ་དྲུག་དང་། ཤེས་རབ་རྣམ་པ་དྲུག་ལག་མཐིལ་དུ་བཀོད་ནས་ཐལ་མོ་སྦྱར་
བས་ལུས་ཀུན་དག་བྱེད་ཅེས་བྱ་བའི་ཕྱག་རྒྱར་འགྱུར་བ་ཡིན་ནོ། །རྒྱབ་ཏུ་རྡོ་རྗེ་མཁའ་འགྲོ་མ། །ཞེས་བྱ་བ་ནི་གཡོན་པའི་ལག་པའི་མཐིལ་དུ་པདྨ་འདབ་མ་ལྔ་པའི་འདབ་མ་ལ་མཁའ་འགྲོ་མ་ལྔ་དང་། ལྟེ་བ་ལ་གཏུམ་མོ་དགོད་པར་བྱའོ། །དེ་བཞིན་དུ་ལག་པ་གཡོན་པ་ལ་
དཔའ་བོ་རྣམས་བཀོད་པ་ནི། མཛའ་བ་ཐམས་ཅད་འདུས་པའོ། །རིན་ཆེན་རྡོ་རྗེའི་ཞལ་སྔ་ནས། རྒྱབ་ཏུ་རྡོ་རྗེ་མཁའ་འགྲོ་མ། །ཞེས་བྱ་བ་ནི་སེན་མོའི་ངོས་ལ་ཙཎྜི་ཀ་བཀོད་ལ་སོར་མོ་ཐམས་ཅད་ཀྱི་མཛའ་བ་འདུས་པ་ཞེས་གསུངས་སོ། །ཆོ་ག་དེས་ཅི་ཞིག་བྱེད་ཅེ་ན། དེ་ལྟའི་ཆོ་
གའི་སྦྱོར་བ་ཡིས། །དཔའ་བོ་ཐམས་ཅད་མཆོད་པར་བྱ། །ཞེས་གསུངས་ཏེ། ནང་གི་སྦྱིན་སྲེག་དང་ཕྱིའི་སྦྱིན་སྲེག་དང་། གཏོར་མས་མཆོད་པར་བྱའོ། །སོར་མོ་རྣམས་ལྷའི་རང་བཞིན་དུ་བསྐྱེད་ནས་འབྱུང་བ་རྣམས་ཇི་ལྟར་བྱ་ཞེ་ན། ས་ནི་སྤྱན་ཞེས་བྱ་བར་བཤད། །ཅེས་བྱ་བ་
ལ་སོགས་པ་འབྱུང་བ་ལྔ་ལྷ་མོ་ལྔ་ཡིན་པར་སྟོན་ཞིང་། ལྷ་དེ་རྣམས་གང་དུ་གཤེགས་སུ་གསོལ་ཞེས་བྱ་བ་གསུངས་ཏེ། ལག་པ་གཞལ་ཡས་ཁང་དུ་བྱས་ལ་མཁས་པས་གཞལ་ཡས་ཁང་གི་སྟེང་རྒྱབ་ཏུ་གཤེགས་སུ་གསོལ། །གསང་བ་འདི་ནི་མི་བཤད་ཅིང་། །ཞེས་བྱ་བ་ནི་
Vol. 17 · folio 421b
ལག་པའི་ཕྱག་རྒྱ་གསང་བ་འདི་དབང་མ་བསྐུར་བ་ལ་མི་བཤད་ཅིང་རྡོ་རྗེ་སྤུན་མ་ཡིན་པ་ལ་ཡང་གསང་བ་ཡིན་ནོ། །འོ་ན་དུས་ནམ་གྱི་ཚེ་བྱ་ཞེ་ན། དེ་ལྟར་བདག་ཉིད་དཔའ་བོ་རྣམས། །ལྷན་ཅིག་ཟས་ལ་སྤྱོད་པ་བརྩམ། །ཞེས་བྱ་བ་གསུངས་ཏེ། ཚོགས་ཀྱི་འཁོར་ལོ་བྱ་བའོ། །
དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་དྲ་བའི་བདེ་མཆོག་ཡིན། །ཞེས་བྱ་བ་ནི་ལག་པའི་ཕྱག་རྒྱ་མཉམ་པར་སྦྱོར་བའི་བདེ་མཆོག་གོ། །ལེའུ་སུམ་ཅུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ལྟར་མི་རྒྱུ་བའི་སྦྱིན་སྲེག་གི་འཁོར་ལོ་བཤད་ནས། །ད་ནི་ཡི་
དགས་སྲོག་སོང་གི་འཁོར་ལོ་བཤད་པ་ནི། དེ་ནས་གཞན་ཡང་བཤད་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་ནི་རོ་ལངས་ཀྱི་སྦྱིན་སྲེག་གོ། །ཕྱིའི་སྦྱིན་སྲེག་གི་སྤྱོད་པ་དང་། ནང་གི་སྦྱིན་སྲེག་ཆོ་ག་བཞིའི་དཀྱིལ་འཁོར་དང་། མཆོད་རྫས་དང་། ཐབ་ལྷར་བསྐྱེད་
པ་དང་། མཆོད་པ་དང་འབྲས་བུ་དངོས་གྲུབ་བླང་བ་དང་གཤེགས་སུ་གསོལ་བའོ། །རྣམ་པ་གང་གིས་ཆོ་ག་དེ་ཤེས་ན་མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་བའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། སྒྲུབ་པོས་སྔར་བསྟན་རིམ་པ་ཡིས། །ཞེས་བྱ་བ་གསུངས་ཏེ། ལེའུ་སུམ་
ཅུ་རྩ་གཅིག་པ་སྲེག་རྫས་དང་། སྣོད་དང་ལྷར་བསྐྱེད་པའི་ཕྱག་རྒྱའི་རིམ་པའོ། །ཕྱུགས་རྣམས་ཀྱི་ནི་འགུགས་པ་ཉིད། །ཅེས་བྱ་བ་ནི་སྔར་བསྟན་པའི་སྲེག་རྫས་ཀྱི་སྟེང་དུ་ཁ་ན་མ་ཐོ་བ་མེད་པའི་ཕྱུགས་འདི་རྣམས་ཀྱིས་བསྟན་པར་བྱའོ། །དེ་ལ་མིའི་ཤ་དང་། རུས་སྦལ་དང་། བོང་བུ་དང་། རྔ་མོ་དང་།
ཅེ་སྤྱང་དང་། རྟ་ལ་སོགས་པ་དཔའ་བོ་ལྔའི་ཤ་དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་དུ་བསྒྲུབ་པའི་ཡན་ལག་ཡིན་ནོ། །ཁྱད་པར་གཞན་དག་ཀྱང་ཡོད་དམ་ཞེ་ན། རིགས་མཆོག་ཕྱུགས་ཞེས་བྱ་སྟེ་མི་ཤ་ནི་བདུད་རྩི་ལྔ་པར་གྱུར་པས་ན་མཆོག་གོ། །རྐང་བཞི་པ་ལས་གླང་པོ་མཆོག་དང་། འདབ་ཆགས་ལས་ངང་པ་དང་། ཆུ་ལ་གནས་
པ་དུད་འགྲོ་ལས་རུས་སྦལ་དང་། གི་ཝང་དང་བཅས་པའི་ཤ་ལ་ལྷ་རྣམས་གསོལ་བར་བཞེད་པས་ཆུ་གཡོ་བའོ། །དེ་རྣམས་ནི་དངོས་གྲུབ་སྒྲུབ་པའི་ཡན་ལག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལྷའི་མིག་གི་མངོན་པར་ཤེས་པ་རྣམས་ལ་གྲགས་པ་ཡིན་ནོ། །ཁྭ་དང་ཆུ་སྐྱར་དང་གཞན་
Vol. 17 · folio 422a
དང་གཉིས་སྐྱེས་ཏེ་ཁུ་བྱུག་དང་། ཁྲུང་ཁྲུང་དང་། སྔགས་ཆེན་པོ་དང་། ས་ར་ས་དང་། ཀ་དམྤ་ལ་སོགས་པ་ཁ་ན་མ་ཐོ་བ་མེད་པའི་ཤ་དང་། ནང་གི་སྦྱིན་སྲེག་བཟའ་བ་དང་། གཏོར་མ་དང་། ཕྱི་རོལ་དུ་སྦྱིན་སྲེག་བྱས་ནས་འདོད་པའི་དངོས་གྲུབ་ཐམས་ཅད་
གྲུབ་པར་འགྱུར་རོ། །དེ་ལྟར་ཕྱི་ནང་གི་ཐུན་མོང་གི་སྦྱིན་སྲེག་བསྟན་ནས་རོ་ལངས་ཀྱི་ཁྱད་པར་གྱི་སྦྱིན་སྲེག་ག་སྲེག་རྫས་བཤད་པ་ནི། ཀྲྀཥྞ་ཤྭ་ན་ཞེས་བྱ་བ་ནི་ཁྱི་མོ་ཤིན་ཏུ་གནག་པ་ལུས་གང་ལ་ཡང་སྤུ་དཀར་པོ་མེད་པ་འོ་མ་དང་། མ་ཤའི་འབྲས་ནག་པོ་ཕྱེ་མར་བྱས་པ་དང་ལྡན་པའི་
ཐུག་པ་སྦྱར་ལ་ཚེས་བཅོ་ལྔའི་དུས་སུ་སྐར་མ་རྒྱལ་དང་གཟའ་ཕུར་བུ་འཛོམ་པའི་དུས་སུ་རྒྱལ་རིགས་སམ་རྗེའུའི་རིགས་སམ་བྲམ་ཟེའི་རིགས་ཤ་དཀར་ལ་སྨ་ར་སེར་བ་ཤིང་པུཎྜ་རཱི་ཀ་འམ། ཨ་ཤྭཏྠ་ལ་འགེགས་ནས་ཤི་བའི་རོ་བླངས་ལ་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ།
དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་གང་ཡང་རུང་བ་ལ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ལ་འཇིག་རྟེན་གྱི་དངོས་གྲུབ་གྲུབ་པ་དང་། ཞིང་སྐྱོང་བརྒྱད་ལ་གང་ཡང་རུང་བ་བཅུག་ནས་བསམ་གཏན་དང་གཟུགས་མེད་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་དང་། རིགས་ལྔའི་ཡེ་ཤེས་ཀྱི་མཁའ་
འགྲོ་མ་བཅུག་ནས་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །དེ་ལ་དང་པོ་དུར་ཁྲོད་དུ་དཀྱིལ་འཁོར་བསྒྲུབ་པ་འཇིག་རྟེན་གྱི་དངོས་གྲུབ་ཀྱི་དབང་དུ་མཛད་ནས་འཛེམ་པ་མེད་པར་རོའི་ཁར་སྦྱིན་སྲེག་བརྒྱ་རྩ་བརྒྱད་དུ་བྱ་ཞེས་གསུངས་ཏེ། དང་པོར་བསྙེན་པའི་དུས་སུ་དུ་བ་དང་འབར་བ་དང་འཕར་
བ་མཐོང་ནས་རོའི་ལྟེ་བའི་དབུས་སུ་མེའི་དཀྱིལ་འཁོར་བསྐྱེད་ནས་རྐང་པ་རླུང་གིས་གཡབས་ཏེ་ལྟེ་བ་ནས་འབར་བས་མིག་མེའི་སྒོ་ནས་དྲོ་བའི་རྟགས་འབྱུང་བ་དང་། རྣ་བ་རླུང་གི་སྒོ་ནས་འཕར་བ་དང་། སྣ་སའི་སྒོ་ནས་དུ་བ་དང་། ཁ་ཆུའི་སྒོ་ནས་སྨྲ་བ་དང་། འཕར་བའི་རྟགས་འབྱུང་བར་
འགྱུར་རོ། །དེའི་ཚེ་མེ་ལྷ་ཐུགས་ཀར་བཞག་ལ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་དུར་ཁྲོད་ཀྱི་མཁའ་འགྲོ་བཀུག་ལ་འཛེམ་པ་དང་བག་ཚ་བ་མེད་པས་རོའི་ཁར་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་རོ་དེ་ལངས་ལ་ཅི་ཞེས་སྨྲ་བར་འགྱུར་རོ། །དེ་ལ་ལྷ་མ་ཡིན་གྱི་བུ་མོ་འདོད་ནས་
Vol. 17 · folio 422b
འོག་ཏུ་འགྲོ་བ་ལ་སོགས་པ་དང་། དངོས་གྲུབ་གང་ཡང་རུང་བ་ཅིག་བྱིན་ཅིག་བརྗོད་པར་བྱའོ། །དེ་ནས་འཇིག་རྟེན་གྱི་མཁའ་འགྲོ་དེས་གནས་སུམ་ཅུ་རྩ་གཉིས་ཀྱི་བུ་ག་ནས་ཞུགས་ཏེ། རྡོ་རྗེ་སྙིང་གིས་མ་ཟིན་པར་ལྷ་མ་ཡིན་གྱི་བུ་མོའི་གནས་སུ་འགྲོ་བའམ། གཡུལ་ལས་
རྒྱལ་བའི་དངོས་གྲུབ་བམ། མངོན་སྤྱོད་ཀྱི་ཆོ་གས་ཚར་བཅད་པའམ། ཞི་བ་དང་རྒྱས་པས་ཕན་འདོགས་པའམ། མིག་སྨན་གྱིས་བཅུད་ལེན་གྱི་སྨན་རྙེད་པའམ། ས་འོག་གི་གཏེར་རམ། དཔག་ཚད་སྟོང་ཚུན་ཆད་ཀྱི་རྐང་མགྱོགས་སམ། ལོ་སྟོང་ལ་སོགས་པ་ཐུབ་པའི་བཅུད་ཀྱིས་ལེན་གང་ཡང་རུང་བ་
ཅིག་བྱིན་ནས་རང་གི་གནས་སུ་འགྲོ་བ་ཡིན་གྱི་གཞན་དུ་མ་ཡིན་ཞེས་བྱ་བ་ནི་ཉི་མ་དང་ཟླ་བ་ནི་ས་ལ་ལྷུང་ཡང་སྲིད། རླུང་ནི་རྒྱུན་ལས་བཟློག་ཀྱང་སྲིད། རོ་ལངས་ཀྱི་དངོས་གྲུབ་ནི་གཞན་དུ་མ་ཡིན་ནོ། །སྟེང་དང་ས་འོག་ཕོ་ཉས་གྲུབ། །ཅེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་
ཏུ་འགྱུར་རོ། །རྒྱུད་འདིར་ཐེ་ཚོམ་མེད་ཀྱང་རུང་། །ཞེས་བྱ་བ་ནི་གདོན་མི་ཟ་བར་འགྲུབ་པོ་ཞེས་པའི་དོན་ཏོ། །དེ་ལྟར་རོ་ལངས་ཀྱི་དཀྱིལ་འཁོར་སྒྲུབ་པ་བཤད་ནས། རོ་ལངས་སྒྲུབ་པའི་ཚེ་རྣལ་འབྱོར་པ་བདག་ཉིད་ལྷར་ཇི་ལྟར་བསྐྱེད་པར་བྱ་ཞེ་ན། གནས་པའི་རྣལ་འབྱོར་སྔོན་དུ་
འགྲོ་བས་དང་པོར་རྟེན་གྱི་དཀྱིལ་འཁོར་སྒོམ་པ་ནི་གདུལ་བ་དྲག་པོ་འཇིགས་བྱེད་ཀྱི་བརྡའི་དབང་དུ་བྱས་ནས་ཡཾ་ལས་རླུང་གི་དཀྱིལ་འཁོར་བསྐྱེད་པ་ནི་ལྕི་བའོ། །རཾ་ལས་མེའི་དཀྱིལ་འཁོར་བསྐྱེད་པ་ནི་ཐལ་བ་ཞེས་བྱའོ། །བཾ་ལས་ཆུའི་དཀྱིལ་འཁོར་ལ་ལྷག་མ་ཞེས་བྱ་སྟེ། མངོན་
བརྗོད་ལས་ཀྱང་། ལྷག་མ་རྔམས་སུ་འབུམ་ཕྲག་བརྒྱད། །ཅེས་གསུངས་པའི་ཕྱིར་རོ། །ལཾ་ལས་སའི་དཀྱིལ་འཁོར་ལ་ནི་མགོ་བོ་སྐོམ་པོ་ཞེས་བྱའོ། །དུང་ཆེན་པོའི་ངོ་བོ་ཞེས་བྱ་བ་ནི། རི་རབ་དང་རི་བདུན་དང་། རོལ་མཚོ་དང་གླིང་བཞི་ལྕགས་རིས་བསྐོར་བའོ། །དེ་ཡང་ཁ་སྦྱོར་ལས།
མགོ་བོ་རི་རྒྱལ་ལྷུན་པོ་ཡིན། །ཞེས་གསུངས་སོ། །སྡོང་པོས་བརྒྱན་པ་དང་མཐུན་པར་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་རཾ་དང་བཅས་པས་སྟོང་གསུམ་བསྲེགས་པ་ནི། ལྕི་བའི་ཐལ་བ་ཉིད་དག་དང་། །ཞེས་བྱ་བའོ། །རྣམ་པར་སྣང་མཛད་ཀྱི་རང་བཞིན་སྤོས་ཆུ་ཟེ་བའི་རྒྱུན་བབས་
Vol. 17 · folio 423a
ནས། རྡོ་རྗེའི་ལྟེ་བ་རཾ་གྱི་མེས་བསྐོལ་བས། ལྷག་མ་གསེར་གྱི་པདྨ་བྱེ་བ་ཕྲག་བརྒྱར་གྱུར་པ་ནི་དེ་བཞིན་ལྷག་མ་ཞེས་བྱའོ། །དེའི་སྟེང་དུ་གསེར་གྱི་ས་གཞི་ཆགས་པ་ནི་མགོ་བོ་སྐམ་པོ་ཞེས་བྱ་ལ། དེའི་སྟེང་དུ་རི་རབ་བསྐྱེད་པའི་ས་བོན་དུ་ཆེན་པོའི་ངོ་བོའམ།
ཡང་ན་གསེར་གྱི་རུས་སྦལ་གྱི་གཟུགས་བྱའོ། །ཧེ་རུ་ཀ་འབྱུང་བ་ལས་ནི་ཡང་ན་རུས་སྦལ་དག་གིའོ་ཞེས་བྱ་བ་བརྟེན་པའི་དཀྱིལ་འཁོར་སྟོན་ཏེ། དཔའ་བོ་དཔའ་མོ་ཡིན་པར་བཤད། །ཅེས་བྱ་བ་རྫུས་སྐྱེས་ལ་ལྟོས་ནས་ཡང་ན། རུས་སྦལ་དག་གི་མགོ། །ཞེས་བྱ་བ་ནི་སྒོང་སྐྱེས་
ཀྱི་ཧེ་རུ་ཀ་སྟོན་པ་ཡིན་ནོ། །མྱུར་དུ་དངོས་གྲུབ་སྦྱིན་པར་འགྱུར། །ཞེས་བྱ་བ་ནི་རྫུས་སྐྱེས་ཀྱི་ཐབས་ཀྱིས་གྲུབ་པར་འགྱུར་རོ། །དེས་བསྐྱེད་པའི་ལྷ་ཇི་ལྟ་བུ་ཞེ་ན། ངེས་བརྗོད་བླ་མ་ལས་འབྱུང་བ་བཞིན་དུ་ཞལ་གཅིག་པ་ཕྱག་བཞི་པ་རྡོ་རྗེ་དང་། དྲིལ་བུ་དང་། ཅང་ཏེའུ་དང་།
ཁ་ཊྭཱཾ་ག་བསྣམས་པ་སྔོན་པོའམ། ཞལ་གཅིག་ཕྱག་གཉིས་པ་ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་པའམ། ཕྱག་འབུམ་པ་ཞལ་སྟོང་དང་ལྡན་པ་རྡོ་རྗེ་ཕག་མོ་ཀུན་གཟུགས་ཞེས་བྱ་བ་ཞལ་ཉི་ཤུ་རྩ་གཅིག་དང་ཕྱག་རྒྱ་ལྔ་ལས་འཁྱུད་པ། རྡོ་རྗེ་ཕག་མོ་ཡང་དེ་དང་འདྲ་བ་སྐུ་མདོག་དཀར་
པོ་སྣོད་བཅུད་ཐམས་ཅད་ཀྱི་ཕྱག་མཚན་འཆང་བ་དང་། ཐོད་པའི་ཕྲེང་བ་ཅན་ཐལ་བའི་རྡུལ་གྱིས་བྱུགས་པ། ཕྱག་རྒྱ་དྲུག་གིས་བརྒྱན་པ། ཅོད་པན་གྱི་བར་ནས་མེ་ཏོག་གི་ཕྲེང་བ་འཆང་བ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བཟུང་ནས་ཕག་མོ་ལ་འཁྱུད་པ།
གཡས་གཉིས་པ་མདུང་བསྣམས་པ། ཞལ་མཆེ་བ་གཙིགས་པ། རོ་ཡི་དགས་ཆེན་པོའི་གདན་ལ་བཞུགས་པའོ། །དེ་ཡང་ཇི་ལྟར་བསྒོམ་པར་བྱ་སྙམ་ན། དེ་ནས་རྟག་ཏུ་སྒྲུབ་པ་པོས། །རང་གི་ལྷ་ནི་ཤེས་ནས་སྒོམ། །ཞེས་བྱ་བ་སྨོས་ཏེ། མི་འཇིགས་ན་ཞལ་གཅིག་ཕྱག་
བཞི་པ་དང་། འཇིགས་ན་ཞལ་བཞི་ཕྱག་བཅུ་གཉིས་པ་དང་། ཆེས་འཇིགས་ན་ཕྱག་འབུམ་པ་བསྒོམ་པར་བྱ་བ་དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་ཤེས་པས་སྒྲུབ་པ་པོས་དངོས་གྲུབ་སྒྲུབ་པར་འགྱུར་རོ། །ལེའུ་སུམ་ཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།
Vol. 17 · folio 423b
དེ་ལྟར་རོ་ལངས་ཀྱི་སྦྱིན་སྲེག་བཤད་ནས། དེ་ནི་རྣལ་འབྱོར་མའི་ལུས་ལ་སྦྱིན་སྲེག་བྱ་བ་བཤད་པ་ནི། དེ་ནས་སྒྲུབ་པ་པོ་རྣམས་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆགས་པའི་ལམ་སྒྲུབ་པ་པོ་རྣམས་ཀྱིས་ཡེ་ཤེས་ལས་སྐྱེས་པ་དང་། སྔགས་སྐྱེས་ཀྱི་རྣལ་འབྱོར་
མ་བསྙེན་སྒྲུབ་བཞིས་སྦྱངས་ནས་ཡེ་ཤེས་ཕབ་པ་ལ་འགྲོ་བ་དང་། དུ་བ་དང་འབར་བ་དང་འཕར་བའི་ཚེ། ནང་གི་སྦྱིན་སྲེག་བྱ་བ་ནི། །སྦྱོར་བ་ཀུན་ལས་མེད་པར་བཤད། །ཅེས་བྱ་སྟེ། རྒྱུད་གཞན་དུ་མ་བསྟན་པའོ། །སྲེག་རྫས་ནི་བཟའ་བ་དང་བཅའ་བ་དང་། ཉ་ཤ་དང་ཆང་
ལ་སོགས་པ་ཅི་ནུས་པས་སྦྱིན་སྲེག་བྱའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། མེད་པར་གྱུར་ཀྱང་བཟའ་བ་ནི། །ཞེས་བྱ་བ་སྨོས་ཏེ། བཟའ་བ་དང་བཅའ་བ་ལ་སོགས་པ་བདུད་རྩི་ལྔར་བསྐྱེད་ལ་མཆོད་པར་བྱའོ། །དེ་ལྟར་རྫས་བསགས་ནས་དེ་ནས་ཅི་ཞིག་
བྱ་སྙམ་ན། དེ་ནས་ཕོ་ཉ་རབ་སྦྱིན་ཞིང་། །ཞེས་བྱ་བ་བསྙེན་སྒྲུབ་བཞིས་སྦྱངས་ནས་ལྟེ་བ་དང་སྙིང་ག་དང་། ལྐོག་མ་དང་སྤྱི་གཙུག་ཏུ་འཁོར་ལོ་བརྩེགས་མ་བཞི་བཀོད་དེ་ཡེ་ཤེས་འབེབས་པའི་ཕོ་ཉ་ལ་རང་གི་ལག་པའི་དགང་གཟར་དང་བླུགས་གཟར་གྱིས་སྦྱིན་སྲེག་བྱའོ། །རང་གི་པང་
པར་མགོ་བཞག་ལ། །དཔའ་བོ་གཉིས་མེད་མཆོད་པར་བྱ། །ཞེས་བྱ་བ་ནི་ཡུམ་རྡོ་རྗེ་ཕག་མོ་བསྐྱེད་ནས་མཆོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་དག་ནི་རབ་ཏུ་བསྒྲུབ། །ཅེས་བྱ་བ་ནི་དབང་བསྐུར་བའི་ཕྱག་རྒྱ་བྱས་པའོ། །དེ་ཡང་མ་དང་སྲིང་མོ་དང་བུ་མོ་དང་ཆུང་མ་སྟེ་དབང་ཐོབ་
པའི་སྔགས་སྐྱེས་རྣམ་པར་འདོད་པའི་ཡོན་ཏན་ལྔས་མཆོད་པའི་ཆོ་ག་འདི་འདྲ་བའི་སྦྱོར་བས་གཉིས་སུ་མེད་པ་དང་ལྡན་པར་བྱེད། དེའི་ཕན་ཡོན་ཅི་ཞེ་ན། དེ་ནས་སྔགས་ནི་གྲུབ་འགྱུར་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པའི་སྔགས་གྲུབ་པའི་
སྦྱོར་བས་ཇི་སྲིད་འབྱུང་བ་མ་ཞིག་པའི་བར་དུ་གནས་པར་འགྱུར་རོ། །ཕན་ཡོན་གཉིས་པ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་སློབ་དཔོན་གྱི་ལུས་སུ་གནས་ནས་སྒྲུབ་པ་པོ་ལས་མཆོད་པ་ལེན་ཞིང་ལས་བཅུ་གཉིས་མཛད་པར་འགྱུར་རོ། །དེས་བསམ་གཏན་གྱི་དངོས་གྲུབ་
Vol. 17 · folio 424a
མི་ཐོབ་བམ་ཞེ་ན། དཔའ་བོ་རྣམས་ཀྱི་སྟན་དག་དང་། །ཕྱག་རྒྱ་ཉིད་དུ་ཐེ་ཚོམ་མེད། །ཅེས་བྱ་བ་སྨོས་ཏེ། སྟན་ནི་བཙུན་མོ་ཡུམ་གྱི་བྷ་ག་ན་བཞུགས་ཞེས་བྱའོ། །ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱར་གྱུར་པའི་བསམ་གཏན་གྱི་བདེ་བ་བསྐྱེད་པའོ། །དེ་ཡང་ཐབས་
ཇི་ལྟ་བུ་ཞེ་ན། སྒྲུབ་པོ་ཤིན་ཏུ་མཉམ་གཞག་པས། གླུ་དང་གར་ལ་སོགས་པ་བྱ། །ཞེས་བྱའོ། །གཟུགས་སྡུག་པ་དང་། གླུ་སྙན་པ་དང་། དྲི་ཞིམ་པ་དང་། རོ་ཡིད་དུ་འོང་བ་དང་། རེག་བྱ་འཁྱུད་པ་ལ་སོགས་པས་མཆོད་པར་བྱའོ། །མཆོག་གི་དངོས་གྲུབ་ཇི་ལྟར་ཐོབ་
ཅེ་ན་ལུས་ཅན་ཐམས་ཅད་ཇི་སྙེད་དུ་རྣལ་འབྱོར་ཡེ་ཤེས་ལཱ་མ་ཞེས་བྱ་བ་སྨོས་ཏེ། རང་བཞིན་བརྒྱད་ཅུ་དང་བྲལ་བའི་སེམས་འོད་གསལ་བའི་སེམས་སྐྱེས་པ་དེ་གང་ཟག་ཇི་ལྟ་བུས་ཐོབ་སྙམ་ན་འཁོར་བ་ལས་སྐྱོ་བ་དང་མྱ་ངན་ལས་འདས་པ་ལ་དད་པ་སྟེ། ཇི་སྲིད་འཁོར་བར་
འཁོར་གྱུར་ཞིང་། མྱ་ངན་སྡུག་བསྔལ་གྱིས་གཡེངས་འདི། །ཞེས་བྱ་བ་འཁོར་བ་ལས་སྐྱོ་བའོ། །ཀུན་ནས་དད་པས་སྒྲུབ་པ་པོས། །ཕྱག་རྒྱ་ཐམས་ཅད་མཆོད་པར་བྱ། །ཞེས་བྱ་བ་ནི་ལྷ་དང་ལྷ་མོར་བསྒོམས་པས་དད་པ་དང་ལྡན་ཞིང་། སྒྱུ་མ་ལྟ་བུར་མོས་པས་ཕྱག་རྒྱར་མཆོད་པར་
བྱའོ། །དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་མ་འོངས་པ་ན་འཁོར་ལོས་སྒྱུར་བ་ལ་རྒྱུ་བའི་རྒྱལ་པོ་དང་། ལྷའི་རྒྱལ་པོར་གྱུར་པས་མཆོད་པར་གྱུར་པ་དང་། དད་པ་དང་དང་བ་དང་སྒྱུ་མ་ལྟ་བུའི་ཤེས་པ་མེད་པས་མི་གཙང་བའི་རྫས་ཡིན་ནོ་ཞེས་སྨྲས་ན་མ་འོངས་པ་ངན་སོང་
གསུམ་དུ་འགྲོ་བར་འགྱུར་རོ། །དྲང་སྲོང་རྒྱས་པ་དང་། སེར་སྐྱ་ལྟ་བུ་བསམ་གཏན་ཐོབ་པས་དངོས་གྲུབ་ཇི་ལྟ་བུ་ཞིག་ཐོབ་པར་འགྱུར་ཞེ་ན། རྣལ་འབྱོར་རྒྱུད་ལ་གུས་རྣམས་ཀྱིས། །ཕྱག་རྒྱ་ཆེན་པོ་དང་པོར་འགྲུབ། །ཅེས་བྱ་བ་སྨོས་ཏེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་རྣལ་
འབྱོར་རྒྱུད་ལ་ཕྱག་རྒྱ་ཆེན་པོ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་པོར་འགྲུབ་པར་འགྱུར་རོ། །གལ་ཏེ་སྲོག་ཨ་ཝ་དྷཱུ་ཏཱིར་མ་ཆུད་པས་སྟོང་ཉིད་ཀྱི་རྒྱས་མ་ཐེབས་ན་ཇི་ལྟར་བྱ་སྙམ་ན། དེ་བཞིན་རབ་ཏུ་འབད་པ་དང་། །ཀུན་ནས་དང་བས་མཆོད་པར་བྱ། །ཞེས་བྱ་བ་གསུངས་
Vol. 17 · folio 424b
ཏེ། བསོད་ནམས་ཀྱི་ཚོགས་བདེ་བ་བསྒོམ་པར་བྱའོ། །དེ་ནས་ལེའུ་དང་པོ་ལས། །ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒོམ་པར་བྱ། །རང་རྫས་ཐིག་ལེས་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་མཆོད་པར་བྱ། །ཞེས་གསུངས་སོ། །དེ་ཡི་འོག་ཏུ་དཔའ་བོ་
ཡིས། །དཔའ་བོ་ཀུན་དུ་སྤྱོད་པར་བྱ། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་བསྒོམ་པ་དེའི་འོག་ཏུ་དཔའ་བོ་ཀུན་དུ་སྤྱོད་པ་ཁ་སྦྱོར་ལས་གསུངས་པ་བཞིན་དུ་དཔའ་བོ་གཅིག་པུ་དང་། རྒྱལ་ཚབ་དང་། ཕྱོགས་ལས་རྣམ་པར་རྒྱལ་བ་དང་། ཕ་རོལ་ཏུ་ཕྱིན་པ་དང་། ཤིན་ཏུ་སྤྲོས་པ་
མེད་པའི་སྤྱོད་པས་དངོས་རྗེས་རོ་མཉམ་པར་བྱའོ། །དེ་ཅི་ཞིག་སྒྲུབ་སྙམ་ན། དེ་ལྟར་མཆོད་བྱས་དེ་ནས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་འོག་ཏུ་འགྲོ་བ་ལ་སོགས་པའི་ལས་བཅུ་གཅིག་སྒྲུབ་པ་པོས་དཀའ་བ་མེད་ཅིང་ཉོན་མི་མོངས་པས་འགྲུབ་པར་འགྱུར་
བ་ལས་གདོན་མི་ཟའོ། །ལེའུ་སུམ་ཅུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་རྣལ་འབྱོར་པའི་སྦྱིན་སྲེག་བཤད་ནས་ཐུན་མོང་གི་སྦྱིན་སྲེག་བཤད་པ་ནི། དེ་ནས་རྣལ་འབྱོར་མའི་དྲ་བའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྙེན་སྒྲུབ་བཞིས་སྦྱངས་
པའི་དཔའ་བོ་དང་། རྣལ་འབྱོར་མའི་ལུས་པོ་ལ་ཕྱི་རོལ་དུ་ལྷའི་འཁོར་ལོ་དགོད་པ་དང་། ནང་དུ་ལྷ་དྲུག་ཅུ་རྩ་བཞིའི་འཁོར་ལོ་བཞི་ལ་རིམ་པ་བཞིན་དུ་བཀོད་པའི་འཁོར་ལོའི་ཆོ་ག་རྒྱས་པར་བྱས་ནས་དཔའ་བོ་དང་རྣལ་འབྱོར་མ་ནང་གི་སྦྱིན་སྲེག་བྱེད་པའི་ཚེ། ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་
ཞེས་བྱ་བ་ལ་སོགས་པས་དཔའ་བོ་དང་། རྣལ་འབྱོར་མའི་སྔགས་དང་སྤེལ་ནས་ཀུན་དུ་བརྗོད་ཅིང་སྦྱིན་སྲེག་བྱས་ནས་འགྲུབ་པ་ལ་ཐེ་ཚོམ་མེད་དོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི་དཔའ་བོ་ཉི་ཤུ་རྩ་ལྔ་དང་། རྣལ་འབྱོར་མ་སུམ་ཅུ་རྩ་བདུན་འཁོར་ལོ་བཞིའི་པདྨའི་
ལྟེ་བར་བཀོད་ལ་ཨ་ཝ་དྷཱུ་ཏཱིའི་གནས་སུ་ཧེ་རུ་ཀ་ཡབ་ཡུམ་དེ་བཞིན་དུ་བཀོད་པར་བྱ་སྟེ། སྨིན་མཚམས་ཀྱི་མཛོད་སྤུའི་བར་དུ་དཔའ་བོ་ཡབ་ཡུམ་ངེས་པར་གཞག་པར་བྱའོ། །དེ་ལྟར་ལྷ་དགོད་པ་བསྟན་ནས་མེའི་མཚན་ཉིད་བསྟན་པ་ནི། དཔའ་བོ་འཆོལ་བ་ཞལ་གྱི་མེར། །
Vol. 17 · folio 425a
ཞེས་བྱ་བ་སྨོས་ཏེ། ལྟེ་བ་ནས་རྐེད་པ་རླུང་མེའི་དྲོད་ཅན་ནོ། །སྲེག་རྫས་ནི་མྱོས་ཆང་དང་། བ་ལང་གི་ཤ་དང་ཁྲག་ཏུ་བཅས་པས་ནང་དུ་སྦྱིན་སྲེག་བྱའོ། །གང་ལ་སྦྱིན་སྲེག་བྱ་སྙམ་ན། དེ་ནས་འབར་བའི་མེ་ལ་ནི། །བསྲེག་བྱ་དགུ་ནི་བྱ་བ་ཡིན། །
ཞེས་བྱ་བ་སྨོས་ཏེ། རིགས་ལྔ་རེ་རེ་ཞིང་ཡང་བསྲེག་བྱ་ལྔ་ལྔ་དབུལ་བར་བྱའོ། །དེ་ནས་གཏུམ་མོ་དྲོད་འཕེལ་བ། །རྩ་རྣམས་སྲེག་པར་བྱེད་པ་ནི། །དེ་ནས་འབར་ཕྲེང་རྒྱ་མཚོ་ཡི། །ཀུན་ནས་སྒོ་ཡི་འཁོར་ལོ་བསམ། །ཞེས་བྱ་བ་ཡིན་ནོ། །ཀུན་ནས་སྒོ་ནི་བུ་གའི་སྒོ་
རྣམས་ནས་མེའི་འོད་ཟེར་འབྱུང་བའོ། །འཁོར་ལོ་བཞིའི་དབུས་སུ་ཇི་ལྟ་བུ་བསམ་ཞེ་ན། དཔའ་བོ་དཔའ་མོ་ཞལ་བཞི་པ། །ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་ཞལ་བཞི་པ་ཕྱག་བཅུ་གཉིས་པ། ཡུམ་ཞལ་གཅིག་ཕྱག་གཉིས་པ། མཁའ་འགྲོ་མ་དང་། ལཱ་མ་དང་།
དུམ་སྐྱེས་མ་དང་། གཟུགས་ཅན་མ་བཞི་ནི་ཕྱོགས་ཀྱི་པདྨ་ལའོ། །དཔའ་ཀུན་གཉིས་སུ་མེད་པར་བདེ། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་ཁཎྜ་རོ་ཧ་ཕྱི་རོལ་སྦྱར་ཞེས་བྱ་བ་ནི། ཀུན་ཀྱང་ཞལ་ཤར་དུ་གཟིགས་པས་ཁཎྜ་རོ་ཧ་རྒྱབ་ཏུ་བཞག་པའོ། །རང་གི་
གཟུགས་སུ་སྔོན་ཞེན་པ། །ཞེས་བྱ་བ་ནི་མིའམ་ཅི་འདུལ་བའི་ཕྱིར་ཁ་གདོང་མ་ལ་སོགས་པའི་གཟུགས་བརྒྱད་དོ། །འཁོར་ལོའི་དབུས་སུ་བསྟན་པར་བྱ། །ཞེས་བྱ་བ་ནི་གཞལ་ཡས་ཁང་གི་ནང་དུ་དགོད་པའོ། །དཔའ་བོ་དང་རྣལ་འབྱོར་མ་འདི་དག་གི་འཁོར་
ལོ་བསྟན་པས་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་དོ། །དེ་གང་ལས་བཏུས་པ་ཡིན་སྙམ་ན། རིག་པའི་རྒྱ་མཚོ་ལས། དཔའ་བོ་མདོར་བསྡུས་ནས་ནི་གསུངས་པ་ཡིན། ཞེས་བྱ་བ་སྨོས་ཏེ། རྒྱུད་འབུམ་པའི་ལེའུ་དང་པོ་ཚོགས་ཀྱི་འཁོར་ལོའི་སྐབས་ནས།
རྣལ་འབྱོར་མའི་སྦྱིན་སྲེག་འདི་རྒྱས་པ་ལས་མདོར་བསྡུས་པ་གསུངས་པ་ཡིན་ནོ། །ཐབས་གང་གིས་གྲུབ་ཅེ་ན། ཕོ་ཉ་གཉིས་མེད་སྦྱོར་བའི་བདག །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བ་གསུངས་ཏེ། དགའ་བ་བཞིའི་ཏིང་ངེ་འཛིན་གྱིས། ལེའུ་སུམ་
Vol. 17 · folio 425b
ཅུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ལྟར་དཔའ་བོ་དང་རྣལ་འབྱོར་མ་གཉིས་ཀའི་སྦྱིན་སྲེག་བཤད་ནས། འཆི་བདག་འཇོམས་པ་བཤད་པ་ནི། དེ་ནས་ལས་ཀྱི་མཆོག་རབ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་མཆོག་རབ་ནི་ཚེ་
འཕེལ་བའི་ཐབས་སོ། །ཇི་བཞིན་རིམ་གྱིས་མཆོད་པ་སྟེ། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་བསྙེན་སྒྲུབ་བཞིས་སྦྱངས་ནས་རྣམ་པ་སྣ་ཚོགས་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། མཚན་ཉིད་དང་བྲལ་བའི་རིམ་གྱིས་དགའ་བ་བཞིའི་ཏིང་ངེ་འཛིན་
གྱིས་མཆོད་པའོ། །མཆོད་པ་གཉིས་མེད་སྦྱོར་བདག་ཉིད། །ཅེས་བྱ་བ་སྨོས་ཏེ། མཆོད་པ་གཉིས་མེད་སྦྱོར་བདག་ཉིད་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའི་བདེ་བ་སྟོང་པ་ཉིད་དུ་རོ་གཅིག་པའི་གཉིས་མེད་སྦྱོར་བའོ། །ལས་ནི་སོ་སོར་སྦྱོར་བར་བྱ། །ཞེས་བྱ་བ་ནི་ལས་བཅུ་
གཉིས་ལས་བསྒོམ་པ་དང་བཟླས་པ་སོ་སོར་སྦྱར་བར་བྱའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། གང་ཡང་སྒྲུབ་པར་བྱེད་པའི་སྔགས། །དེ་ཡི་དབྱེ་བ་རིམ་ཇི་བཞིན། །ཞེས་བྱ་བ་ནི་དེ་ལ་ཞེས་བྱ་བའི་དོན་ཡིན་ནོ། །ཚིགས་བཅད་གཅིག་གིས་མདོར་བསྟན་
པ་ནི་ལས་བཅུ་གཉིས་ཀྱི་མདོར་བསྟན་པ་ཡིན་ལ། དེ་ལས་བྱེ་བྲག་ཏུ། འཆི་བདག་འཇོམས་པ་བཤད་པས་ན། །གང་ཡང་སྒྲུབ་པར་བྱེད་པའི་སྔགས། །ཞེས་བྱ་བ་གསུངས་ཏེ། སྔགས་ནི་ལུས་ཀྱི་འཁྲུལ་འཁོར་ལ་དབུགས་འབྱུང་རྔུབ་ཀྱི་རླུང་དང་སྦྱོར་རོ། །ཕྲིན་ལས་བཞིའི་
སྔགས་དེའི་དབྱེ་བས་རིམ་པ་ཇི་ལྟ་བ་བཞིན་དུ་ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། མངོན་སྤྱོད་ལ་ནག་པོའོ། །ཡི་གེའི་ཁ་དོག་དང་། ཞི་བ་ལ་རྒྱལ་རིགས། རྒྱས་པ་ལ་རྗེའུ་རིགས། དབང་ལ་བྲམ་ཟེའི་རིགས། མངོན་སྤྱོད་པ་དམངས་རིགས་ཀྱི་ཕོ་
ཉའི་བྱེ་བྲག་དང་། སོགས་ཞེས་བྱ་བ་ནི་ཞི་བ་ལ་ཆུའི་དཀྱིལ་འཁོར་ནས་རྒྱུ་བ་དང་། རྒྱས་པ་ལ་ས་དང་། དབང་ལ་མེ་དང་། མངོན་སྤྱོད་ལ་རླུང་གི་དཀྱིལ་འཁོར་ལས་རྒྱུ་བའོ། །སྔགས་ཇི་ལྟར་བཟླས་སྙམ་ན། མདའ་ཡི་ཤུགས་བཞིན་ཡོངས་སུ་འཁོར། །ཞེས་བྱ་བ་སྨོས་ཏེ།
Vol. 17 · folio 426a
ཞི་བ་དང་རྒྱས་པ་ལ་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས་ཤིང་། ཡབ་ཀྱི་ལྟེ་བ་ནས་ཡུམ་གྱི་ལྟེ་བར་ཞུགས་པས་འཁོར་བ་དང་། དབང་དང་མངོན་སྤྱོད་ལ་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དང་། ཡུམ་གྱི་ལྟེ་བ་ནས་ཡབ་ཀྱི་ལྟེ་བར་འཇུག་ཅིང་འཁོར་བའི་ཕན་
ཚུན་སྦྱོར་བའི་སྔགས་ཀྱིས་འཇུག་ཅིང་འཁོར་བས་ཕྲེང་བ་ཉིད་ཡིན་ནོ། །ཞི་བ་ལ་ནི་ལྷོད་པ་སྟེ། །ཞེས་བྱ་བ་ནི་སྔགས་ཀྱི་བཟླས་པ་སོ་དང་མཆུ་སྦྱར་ནས་ལྕེ་ཅུང་ཟད་ཙམ་བསྒུལ་བའོ། །རླུང་གི་རྒྱུ་བ་ནི་ས་དང་ཆུ་དལ་བར་རྒྱུ་བའོ། །དྲག་ཅིང་རྩུབ་པ་མ་ཡིན་ནོ། །ཞེས་བྱ་བ་ནི་དབང་དང་
མངོན་སྤྱོད་ལ་ངག་གི་བཟླས་པ་མཉམ་སྦྱོར་ནས་འབྱུང་བ་བཞིན་དུ་མཁུར་བ་དང་དབུགས་ཀྱི་རླུང་འབྱིན་དང་། སྲིན་པོ་ངར་སྐད་ཀྱིས་ཟློ་བ་དང་། མེ་དང་རླུང་གི་དཀྱིལ་འཁོར་ལ་དྲག་ཅིང་རྩུབ་པར་ཟློས་པ་ལྟར་ཞི་བ་དང་རྒྱས་པ་ལ་མ་ཡིན་ནོ། །རང་རང་གི་ནི་ཕྱོགས་གནས་ནས། །
ཆོ་གའི་དབྱེ་བ་བསྟན་པའོ། །ཞེས་བྱ་བ་ནི་གཡས་ནས་སའི་རླུང་རྒྱུ་བ་དང་། གཡོན་ནས་རླུང་གི་རླུང་རྒྱུ་བ་དང་། གཉིས་ཀ་ནས་སའི་རླུང་རྒྱུ་བ་དང་། དལ་བར་རྒྱུ་བ་ཆུའི་རླུང་ནི་དཀྱིལ་འཁོར་བཞིའི་རང་རང་གི་ཕྱོགས་ཀྱི་དབྱེ་བ་བསྟན་ཏོ། །ས་བོན་ཕྲེང་བ་དེ་ནས་ཟིན། །ཞེས་བྱ་བ་
ནི་ས་བོན་ཕྲེང་བ་སྙིང་པོ་དང་ཉེ་བའི་སྙིང་པོའོ། །དེ་ནས་ཟིན་ཞེས་བྱ་བ་ནི་ཐོག་མར་ཡི་གེ་ཨོཾ་ནས་བཟུང་བའོ། །ཧཱུཾ་ནི་མཐའ་རུ་གནས་པ་ཡིན། །ཞེས་བྱ་བ་ནི་མཐར་ཧཱུཾ་ཕཊ་སྭཱ་ཧཱ་དང་བཅས་པའོ། །དེ་ལྟར་བསྒོམ་པ་དང་བཟླས་པ་བྱས་ནས་བསྐྱེད་པའི་རིམ་པའི་ལས་ལ་སྦྱོར་བའི་
ཚེ་ཇི་ལྟར་སྦྱར་བར་བྱ་ཞེ་ན། སྒྲུབ་པ་འགག་པར་གྱུར་ན་ནི། །གོམ་པ་གཅིག་ཀྱང་མི་འགྲོའོ། །ཞེས་བྱ་བ་ནི་འཆི་བདག་གི་གཟུགས་བྱས་ལ་དུར་ཁྲོད་ཀྱི་རས་ལ་རྐང་པ་བརྒྱད་པའི་འཁྲུལ་འཁོར་དུག་དང་ཁྲག་གིས་བྲིས་ལ་དབུས་ཀྱི་འཆི་བདག་གི་བདུད་ཀྱི་མིང་མཱ་ར་ཡ་དང་བཅས་
པ་བྲིས་ཏེ་འཁྲུལ་འཁོར་ལིངྒར་བཅུག་ནས་སྔགས་ཀྱི་འོད་ཟེར་བརྒྱད་ཀྱིས་བཅུག་ན་གོམ་པ་གཅིག་ཀྱང་འགྲོ་བར་མི་ནུས་པར་འཆི་བར་འགྱུར་རོ། །འོད་ཟེར་བརྒྱད་གང་ཞེ་ན་ཁ་སྦྱོར་བར་གྱུར་པ་དང་ཞེས་བྱ་བ་རྡོ་རྗེ་ཕྲ་མོའི་འོད་ཟེར་དཀར་དམར་ཐོགས་པ་འཕྲོས་པས་གོམ་པ་གཅིག་ཀྱང་
Vol. 17 · folio 426b
མི་འགྲོ་བ་ནི་དང་པོའོ། །འོད་ཟེར་གྱི་ལྷ་མོ་རྣམས་ཕྱིར་ལོག་ནས་དུས་མ་ཡིན་པར་འཆི་བ་ལས་རྒྱལ་བའི་ཐབས་ཕྱག་གཡོན་པས་ཁ་ཊྭཱཾ་ག་བཟུང་ནས་ཕྱག་གཡས་པས་བདུད་རྩི་ལྔའི་ཐོད་པ་བསྣམས་པས་རང་གི་ཞལ་དུ་མཆོད་ཡོན་གྱི་བདུད་རྩིའི་ངེས་པར་སྦྱར་བས་དུས་མ་ཡིན་པར་འཆི་བ་
བཟློག་ནས་ཚེ་འཕེལ་བར་བྱེད་དོ། །དེ་བཞིན་དུ་རྡོ་རྗེ་ལུ་གུ་རྒྱུད་བཅིངས་པའི་ལྷ་མོ་བརྒྱད་འཕྲོས་ནས་འཆི་བདག་བཅིངས་པས་དུས་མ་ཡིན་པར་འཆི་བ་ལས་རྒྱལ་ནས་ཁ་ཊྭཱཾ་ག་བསྣམས་ཤིང་བདུད་རྩིའི་མཆོད་པ་ཞལ་དུ་སྦྱོར་བ་ནི་གཉིས་པ་ཡིན་ནོ། །རྡོ་རྗེས་ཕྱེ་བ་ཉིད་དང་ནི། །ཞེས་བྱ་
བ་ནི་རྡོ་རྗེ་ཐོགས་པའི་ལྷ་མོ་སྤྲོས་ནས་འཆི་བདག་བཅོམ་སྟེ་སླར་ལོག་པས་དུས་མ་ཡིན་པའི་འཆི་བ་ལས་རྒྱལ་ནས་ཁ་ཊྭཱཾ་ག་བསྣམས་པས་བདུད་རྩིའི་མཆོད་པ་མཆོད་ཡོན་ཞལ་དུ་འདྲེན་པ་ནི་གསུམ་པའོ། །དེ་བཞིན་དུ་རྡོ་རྗེ་ཁ་དོག་ལྔ་པའི་སྒྲོའི་ཆུན་པོ་སྤྲོས་ནས་བསྒྲུབ་བྱ་འགོག་པ་ནི་
བཞི་པའོ། །ལྕགས་ཀྱུ་བསྣམས་པའི་ལྷ་མོས་དགུག་པ་ནི་ལྔ་པའོ། །གཏུན་ཤིང་བསྣམས་ནས་དགུག་པ་ནི་དྲུག་པའོ། །རྡོ་རྗེ་ཁ་ཡིས་ཟ་བ་ནི་བདུན་པའོ། །མདའ་ཡིས་བཅིངས་པ་སྤྲོ་བ་ནི་བརྒྱད་པའོ། །དེ་ལྟར་ཕྱག་མཚན་བརྒྱད་དང་བཅས་པའི་ལྷ་མོ་སྤྲོས་ནས་དུས་མ་ཡིན་པའི་འཆི་
བདག་ལས་རྒྱལ་བ་ནི་ཕྲིན་ལས་མཛད་ནས་སླར་བསྡུས་པའི་ཚེ་ཕྱག་གཡོན་པས་ཁ་ཊྭཱཾ་ག་བསྣམས་ཤིང་། ཕྱག་གཡས་པས་ཐོད་པ་བདུད་རྩི་ལྔའི་མཆོད་ཡོན་རང་གི་ཞལ་དུ་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམས་ལ་བདུད་རྩི་ལྔའི་མཆོད་ཡོན་འཐུངས་པ་ནི་ངེས་པར་སྦྱར་བའོ། །འདི་སྐད་སྟོན་
པ་ཡིན་ཏེ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་ལས་ལྷ་མོ་བརྒྱད་སྤྲོས་པ་ནི་འཆི་བདག་གི་བདུད་འགོག་ཅིང་གོམ་པ་གཅིག་ཀྱང་མི་འགྲོ་བས་དུས་མ་ཡིན་པར་འཆི་བ་ལས་རྒྱལ་བའི་ཕྲིན་ལས་མཛད་ནས་སླར་སྡུད་པའི་ཚེ་ལྷ་མོ་བརྒྱད་ཀྱི་ཕྱག་གཡོན་པས་ཁ་ཊྭཱཾ་ག་བསྣམས་ཤིང་གཡས་
པས་བདུད་རྩིའི་ཐོད་པ་བསྣམས་ནས་ཚེ་འཕེལ་བའི་ཕྱིར་རང་ལ་འདྲེན་པར་བྱེད་པ་ཡིན་ནོ། །དེ་ལྟར་བསྐྱེད་པའི་རིམ་པའི་དབང་དུ་བྱས་པ་བཤད་ནས། རྡོ་རྗེ་མཁའ་འགྲོ་ལས་ཁ་སྦྱོར་ནི་ཉི་མ་དང་ཟླ་བ་སྟེ་ཝ་སནྟི་ལས་འོ། །རྡོ་རྗེ་ལུ་གུ་རྒྱུད་ནི་ལས་ཀྱི་ཕྱག་རྒྱ་དང་འཁྱུད་པའོ། །
Vol. 17 · folio 427a
རྡོ་རྗེ་དབྱེ་བ་ནི་ཨ་ཝ་དྷཱུ་ཏཱི་དང་འཁྱུད་པའོ། །སྒྲོའི་ཆུན་པོས་བསྐོར་བ་ནི་ཧཱུཾ་ཕཊ་ཀྱིས་བསྐོར་བའོ། །ལྕགས་ཀྱུས་འགུགས་པ་ནི་བདུད་རྩི་ཐིག་ལེ་གྱེན་དུ་བཟློག་པའོ། །གཏུན་ཤིང་གིས་དཀྲུགས་པ་ནི་ས་ཆུ་མེ་རླུང་བཞིའི་རྩ་བཞག་ནས་ཨཱ་ན་ཧའི་རྩས་གྲུབ་
པའོ། །རྡོ་རྗེ་ཁའི་བཟའ་བ་ནི་བདེ་བ་སྟོང་ཉིད་ཀྱིས་རྒྱས་བཏབ་ནས་ཤིང་ལས་སྐྱེས་པའི་སྲིན་བུ་བཞིན་དུ་ཟ་བའོ། །དབུགས་པ་མདའ་དང་སྦྱར་བ་ནི་རེག་བྱའི་སྟོང་པ་ཉིད་ཀྱི་སྟེང་དུ་སྟོང་པ་ཉིད་ལ་ངེས་པའི་ཤེས་པ་འདྲེན་པའོ། །དུས་མིན་འཆི་ལས་རྒྱལ་བ་ནི་གཡས་པ་ར་ས་ནཱ་
ནས་གྱེན་དུ་བཟློག་པ་ནི་ཝ་ཤ་ཏ་ཏ་ཏྭ་ཞེས་བྱས་ཏེ་བཅུད་ཀྱིས་ལེན་དུ་འགྱུར་བའོ། །ཁ་ཊྭཱཾ་ག་ནི་ལྷའི་སྐུ་བདེ་བ་སྟོང་པར་རྟོགས་པའི་ལུས་སོ། །ཐོད་པའི་མཆོད་ཡོན་ནི་བཙུན་མོའི་ཡུམ་གྱི་བྷ་གའི་བྱང་ཆུབ་སེམས་སོ། །ཞལ་དུ་མཆོད་ཡོན་ཨ་ཝ་དྷཱུ་ཏཱིའི་ཞལ་དུ་བྱང་ཆུབ་ཀྱི་
སེམས་འཇུག་པ་ཡིན་ཞེས་གསུངས་སོ། །ལེའུ་སུམ་ཅུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་འཆི་བདག་འཇོམས་པ་བཤད་ནས་ད་ནི་ཆགས་པའི་ལམ་གྱིས་གསང་བའི་སྦྱིན་སྲེག་བཤད་པ་ནི། དེ་ནས། ཕྱག་རྒྱའི་མཆོད་པ་ཆེན་པོ་དང་། །ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། དཔའ་བོ་དང་རྣལ་འབྱོར་མ་བསྙེན་སྒྲུབ་བཞིས་སྦྱངས་ནས་བཙུན་མོ་ཡུམ་གྱི་བྷ་གའི་ཐབ་ཁུང་དུ་གསང་བའི་རྡོ་རྗེའི་དགང་གཟར་གྱིས་བྱང་ཆུབ་སེམས་ཀྱི་དགང་བླུགས་བྱེད་པ་ནི་ཕྱག་རྒྱའི་མཆོད་ཆེན་ཞེས་བྱའོ། །བྱང་ཆུབ་སེམས་དགའ་བྲལ་དུ་སོང་
ན་བདེ་བའི་ཏིང་ངེ་འཛིན་ཉམས་ནས་སྔགས་དགོད་པ་བཟློག་པ་སྟེ། ནང་གི་སྦྱིན་སྲེག་གི་ཕྱག་རྒྱའི་མཆོད་པ་འདི་དག་ནི་ལས་བཅུ་གཉིས་མྱུར་དུ་གྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། མཚན་ཉིད་གཉིས་ལས་སྔགས་སྦྱར་བ། །ཞེས་བྱ་
བ་སྨོས་ཏེ། གསང་བའི་རྡོ་རྗེ་དང་བྷ་གའི་དབུས་སུ་ཡི་གེ་དྷི་དང་བྱ་ཞེས་བྱ་བ་གཉིས་ཀྱི་སྔགས་ཀྱིས་བྱང་ཆུབ་སེམས་བཟློག་པར་བྱའོ་ཞེས་ཀུན་སྤྱོད་ལས་གསུངས་སོ། །དཔའ་བོ་མཁའ་འགྲོ་གཉིས་མེད་པ། །བློ་ལྡན་རྣལ་འབྱོར་མ་བསྒྲུབ་བྱ། །ཞེས་བྱ་བ་ནི་བྷ་གའི་
Vol. 17 · folio 427b
དཀྱིལ་འཁོར་དུ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བསྒོམ་པའོ། །རྣལ་འབྱོར་དྲི་མེད་ལུས་ནི་ཞེས་བྱ་བ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའི་ཤེས་པ་རྟོག་པ་མེད་པ་སྐྱེས་པའི་ལུས་ནི་དྲི་མེད་ལུས་སོ། །པདྨའི་ཕྱག་རྒྱ་གནོན་པའི་ལུས་རྣམས་ནི་རྣམ་པ་སྣ་ཚོགས་ཀྱི་
དགའ་བ་དང་། རྣམ་པར་སྨིན་པའི་མཆོག་དགའ་དང་། མཚན་ཉིད་དང་བྲལ་བའི་དུས་སུ། དེ་བཞིན་མཚོན་ཆ་ཉིད་དང་སྦྱར། །ཞེས་བྱ་བ་སྨོས་ཏེ། དགའ་བའི་དུས་ཀྱི་ཚེ་ཡི་གེ་འཁྲུལ་འཁོར་གྱི་མཚོན་ཆ་དང་སྦྱར་བ་དང་། དེ་བཞིན་དུ་མཆོག་དགའི་ཚེ་རླུང་གི་འཁྲུལ་
འཁོར་གྱི་མཚོན་ཆ་དང་སྦྱར་བ་དེ་བཞིན་དུ་ལྷན་ཅིག་སྐྱེས་དགའི་དུས་སུ་གཟུང་འཛིན་འགོག་པའི་ཨ་ས་མ་ས་མ་ཞེས་བྱ་བ་ངེས་པའི་ཤེས་པ་དྲངས་པས་རྣམ་པར་རྟོག་པ་ལས་བཟློག་པའི་མཚོན་ཆ་དང་སྦྱར་བར་བྱའོ། །ཅིའི་ཕྱིར་མཚོན་ཆ་ཡིན་ཞེ་ན། ཁ་སྦྱོར་ལས་དང་
པོའི་ཤེས་པ་རྣམས་ཡུལ་གྱི་བདེ་བ་ལ་དགའ་བྲལ་མི་འགྲོ་བའི་ཕྱིར་ན་མཚོན་ཆ་ཞེས་གསུངས་སོ། །སྔགས་པས་མཁའ་འགྲོ་མའི་སྦྱོར་བའི་སྙིང་པོ་རྣམས་ཀྱིས་དེ་བཞིན་བྱ་བ་ནི་དཔའ་བོ་དང་དཔའ་མོའི་སྙིང་པོས་ཀྱང་བྱང་ཆུབ་སེམས་བཟློག་པ་དེ་བཞིན་དུ་བྱའོ། །དཔའ་བོ་
མཆོད་པའི་ཆོ་ག་ཤེས། ལས་ཀྱི་འབད་པ་ཉིད་ཀྱིས་བྱ། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མཆོད་པའི་རྗེས་ལ་དགུག་པ་ལ་སོགས་པའི་ལས་བཅུ་གཉིས་བྱ་བར་གསུངས་པ་ཡིན་ནོ། །མཁས་པ་ཆེན་པོ་ཛྙཱ་ན་ཤྲཱིའི་ཞལ་སྔ་ནས་རླུང་གི་འཁྲུལ་འཁོར་གྱིས་བྱང་ཆུབ་སེམས་བཟློག་པ་
ཡིན་ནོ་ཞེས་གསུངས་སོ། །རྣལ་འབྱོར་རང་དགའི་སྔགས་ལས་ནི། །ཞེས་བྱ་བ་ནི་ཕྲིན་ལས་བཞིའི་རྣམ་པར་དབྱེ་བས་རྣལ་འབྱོར་པ་རང་དགའ་བའི་སྔགས་ཀྱིས་དབང་དང་མངོན་སྤྱོད་ལ་ཡབ་ཀྱི་ཞལ་དང་སྦྱར་བས་ཚར་གཅོད་པ་དང་། ཞི་བ་དང་རྒྱས་པ་ལ་ཡུམ་གྱི་ཞལ་ནས་
ཡབ་ཀྱི་ཞལ་དུ་བཟློག་ནས་སྦྱར་བས་ནི་ཕན་འདོགས་པར་བྱེད་དོ། །དེ་ལྟར་ན་ལས་ཀྱི་དངོས་གྲུབ་བཅུ་གཉིས་ལ་རྣམ་པར་སྒོམ་པའི་ཐབས་དེའི་དབྱེ་བ་བཅུ་གཉིས་ཀྱིས་ཕྱེ་བའི་སྔགས་ཀྱི་ཕྲེང་བ་རྩའི་ལམ་དུ་སྦྱར་བར་བྱའོ། །སྦྱོར་བ་ཡི་ནི་དོན་རྣམས་ལ། །འདི་ཡིས་རབ་ཏུ་
Vol. 17 · folio 428a
བསྒྲུབ་པར་བྱ། །ཞེས་བྱ་བ་ནི་ལུས་ཀྱི་དཀྱིལ་འཁོར་ལ་ལས་བཅུ་གཉིས་ཀྱི་འབྲས་བུའི་དོན་རྣམས་བསྒོམ་པ་དང་བཟླས་པའི་དབྱེ་བ་འདི་ཡིས་བསྒོམ་པར་བྱའོ། །ལྷ་དང་ལྷ་མིན་རྣམས་དང་ནི། །མི་དང་བཅས་པས་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་འགྲོ་བ་རིས་
དྲུག་དབང་དུ་བྱེད་པ་ལ་སོགས་པ་འགྲུབ་པའོ། །ལེའུ་སུམ་ཅུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །།དེ་ལྟར་གསང་བའི་སྦྱིན་སྲེག་བཤད་ནས། ནང་གི་སྦྱིན་སྲེག་ཕྱིར་བཟློག་པ་བསྟན་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
གཟུགས་གནོན་པ་ཡི་ཆོ་ག་སྟེ། །ཞེས་བྱ་བ་ནི་བསྙེན་སྒྲུབ་བཞིས་སྦྱངས་པའི་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའམ་གྲོལ་བའི་ལམ་པས་ཆོས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱའི་གཟུགས་གནོན་པའི་ཆོ་གའོ། །ཕན་ཚུན་སྦྱར་བའི་གསང་སྔགས་ནི། །མཁའ་འགྲོ་
མ་དང་གཅིག་ཏུ་སྦྱོར། །ཞེས་བྱ་བ་ནི་ཞི་བ་དང་རྒྱས་པ་ལ་ཚུར་འཁོར་བ་དང་། དབང་དང་མངོན་སྤྱོད་ལ་ཕར་འཁོར་བས་གསང་སྔགས་སྦྱར་ཞིང་ནང་གི་སྦྱིན་སྲེག་བཟློག་ནས་ཧཱུཾ་གི་སྒྲས་དབུགས་བྱུང་བ་ནི་ངལ་སོ་བའོ། །བཟླས་པའི་མཐར་སྐྱུག་པར་བྱའོ་ཞེས་བྱ་བ་ནི་ངལ་སོ་བའི་
རྗེས་ལ་སྐྱུགས་པའོ། །མཚན་མོ་བདུན་ནི་རྫོགས་པ་དང་། བཟའ་དང་བཏུང་བ་དག་ལ་སྦྱར། །ཞེས་བྱ་བ་ནི་སྐྱུགས་པའི་ཁ་ཟས་ནི་སྦྱིན་སྲེག་གི་ཐལ་བ་ཡིན་པས་ཐོད་པ་ཁ་སྦྱོར་གྱི་ནང་དུ་བཞག་ལ། ཚོན་སྣ་ལྔའི་སྐུད་པས་དཀྲིས་ཏེ་མཚན་མོ་བདུན་སྔགས་བཟླས་ནས་གང་དབང་དུ་བྱ་བར་
འདོད་པའི་ཁ་ཟས་ལ་སྦྱར་ན་འདི་ཡིས་ཇི་སྲིད་འཚོའི་བར་དུ་དབང་དུ་གྱུར་པར་གདོན་མི་ཟ་བ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། སེར་སྐྱའི་མར་ནི་འཐུངས་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟེ་བ་དང་སྙིང་ག་དང་ལྐོག་མ་དང་སྤྱི་གཙུག་ཏུ་རྩ་
དྲུག་ཅུ་རྩ་གཉིས་ཚང་བའི་འཁོར་ལོ་བསྐྱེད་ལ། ལག་པ་གཡས་གཡོན་དགང་གཟར་དང་བླུགས་གཟར་དུ་བྱས་ཏེ། སེར་སྐྱའི་མར་གྱིས་སྲེག་རྫས་སུ་བྱས་ཏེ་མཐར་ཝ་ཤཾ་ཀུ་རུ་ཧོ་ཞེས་བྱ་བའི་སྔགས་དང་སྤེལ་ལ་ལན་བརྒྱ་རྩ་བརྒྱད་སྲེག་བླུགས་བྱས་ནས་མཐར་པོ་སོ་ན་ཆའི་བཏུང་བ་
Vol. 17 · folio 428b
སྐྱུགས་པས་རང་གི་གདོང་དྲི་བཀྲུས་ལ་ཞལ་བཞི་ཕྱག་བཅུ་གཉིས་པར་བསམས་ཏེ། སྤྱོད་ལམ་རྣམ་བཞིའི་དུས་ཐམས་ཅད་དུ་ཁྲོས་པར་གྱུར་ན་རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་།བྲམ་ཟེའི་རིགས་ལ་བལྟས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །ལས་དང་
པོ་བཤད་ནས་གཉིས་པ་བཤད་པ་ནི་སྔར་གྱི་སྐྱུགས་པའི་སྟེང་དུ་ཏིལ་མར་དང་འབྲས་སཱ་ལུ་བཏགས་པ་དང་ལྡན་པས་ལུས་ལ་བསྐུས་ལ་དྲིལ་ནས་འབྲས་ཀྱི་ཕྱེ་མ་དང་བསྲེས་ནས་ཁྲུས་བྱས་ནས་མར་ལ་བཙོས་ལ་སྣུམ་ཁུར་དུ་བྱས་ཏེ། རིགས་བཞི་གང་ཡང་རུང་བའི་བཟའ་བ་ལ་སྦྱར་ན་རྡོ་རྗེ་
སློབ་དཔོན་གྱི་ལས་འདི་བསམ་པ་མ་བཏང་བའི་བར་དུ་དབང་དུ་འགྱུར་རོ། །ལས་བཅུ་པ་ནི་ཏིལ་ནག་པོའི་ཆན་ལ་ནང་གི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ནས་སྐེ་ཚེ་དང་བཅས་པའི་རུ་རྟ་དང་སྦྱར་ནས་བཏུང་བར་བྱས་ལ་སྐྱུགས་པ་དང་། ལག་པའི་སེན་མོ་དང་། ལྟོ་བའི་སྲིན་བུ་དང་།
རང་གི་སྲིན་ལག་གཡོན་པའི་ཁྲག་དང་། རང་གི་རུ་རྟ་དང་བཅས་པ་སྦྱར་ཏེ་རྣམ་པ་བཞིའི་བཟའ་བ་དང་། བཏུང་བ་དང་། མིག་སྨན་དང་གོས་ལ་བྱུགས་པར་རབ་ཏུ་སྦྱར་ན་ཇི་སྲིད་འཚོའི་བར་དུ་དབང་དུ་འགྱུར་རོ། །ལས་བཞི་པ་ནི་བ་ལང་གི་ཤ་དང་བ་ལང་གི་ཁྲག་དང་ནང་གི་སྦྱིན་
སྲེག་བརྒྱ་རྩ་བརྒྱད་བྱས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་དེའི་མོད་ལ་དབང་དུ་འགྱུར་བའམ། གལ་ཏེ་ལྷ་རྣམས་དབང་དུ་མ་གྱུར་ན། ལྡུམ་བུ་འུ་སུའི་མདོག་བཞིན་དུ་མགོ་བོ་འགས་པར་འགྱུར་རོ། །འོངས་ན་ཅི་ཞིག་བྱེད་སྙམ་ན། བདག་ཉིད་དེ་ཡི་མདུན་དུ་ནི། །
ཞེས་བྱ་བ་སྨོས་ཏེ། དེའི་མདུན་དུ་བཀུག་ལ་རྣལ་འབྱོར་པ་བདག་ཉིད་དེའི་མདུན་དུ་འདུག་ལ་མཁས་པས་སྦྱིན་སྲེག་བྱས་པ་དང་། འཇིག་རྟེན་པ་ལ་གཏོར་མ་བྱིན་ནས་ཁམས་གསུམ་པ་ཁུག་ཅིག་ཅེས་བཀའ་བསྒོ་ན་མཚན་བདུན་གྱིས་གྲུབ་པར་འགྱུར་རོ། །དེ་ལྟར་ནང་གི་སྦྱིན་སྲེག་ཕྱིར་
སྐྱུགས་པ་ནི་འཇིག་རྟེན་གསུམ་ན་རྙེད་པར་དཀའ་བ་ཡིན་ཏེ། སྔགས་བསྒྲུབས་པའི་ཐལ་བར་གྱུར་པ་ཡིན་པས་འོག་ནས་འབྱུང་བའི་རྣམ་པར་སྣང་མཛད་དང་། མི་བསྐྱོད་པའི་ཐལ་བ་བཞིན་དུ་སྟེང་གི་སྒོའི་ཐབས་ཀྱང་དབང་དུ་གྱུར་པའི་ལས་བྱེད་པ་བཞིན་དུ་ལས་བཅུ་གཉིས་
Vol. 17 · folio 429a
བྱེད་པ་ཡིན་ནོ། །དེ་ལྟར་དམ་ཚིག་སྤྱོད་པའི་མཚན་ཉིད་ཀྱི་རྣལ་འབྱོར་པས་རྟག་ཏུ་ལས་བཅུ་གཉིས་ཀྱི་སྔགས་ནང་གི་སྦྱིན་སྲེག་ཕྱིར་བཟློག་པའི་སྦྱོར་བ་ནི་སྦ་ཞིང་རབ་ཏུ་འབད་དེ་སྦ་བར་བྱའོ། །དོར་བྱའི་གང་ཟག་ནི་ནང་གི་སྦྱིན་སྲེག་ཕྱིར་སྐྱུགས་པ་ལ་ཡིད་མི་
ཆེས་པས་སྦས་པའི་དོན་རྙེད་པར་མི་འགྱུར་ཞིང་སྐྱེ་བ་སྔ་མར་སྦྱངས་པའི་སྐལ་བ་དམན་པས་ཀྱང་གྲུབ་པར་མི་འགྱུར་རོ། །བླང་བར་བྱ་བའི་གང་ཟག་ནི་སྐྱེ་བ་སྔ་མར་སྦྱིན་པ་མ་བཏང་བས་བསོད་ནམས་ཆུང་བ་ཡིན་ཡང་སྒྲུབ་པ་པོ་ནང་གི་སྦྱིན་སྲེག་ལ་ཡིད་ཆེས་པས་མཉེས་པར་
བྱས་ན་གྲུབ་པར་འགྱུར་རོ་ཞེས་གསུངས་པས་དཔལ་ཧེ་རུ་ཀ་ཉིད་ནང་གི་སྦྱིན་སྲེག་གིས་མཉེས་པར་བྱའོ། །ལེའུ་སུམ་ཅུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།དེ་ལྟར་རྒྱུ་བ་དང་མི་རྒྱུ་བའི་སྦྱིན་སྲེག་བཤད་ནས། དེ་རྣམས་ཀྱི་གནས་བཤད་པ་ནི། ད་ནས་བརྡ་
དང་མཁའ་འགྲོ་མའི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣོད་དུ་གྱུར་པའི་རྣལ་འབྱོར་མ་ནི་བརྡ་དང་ཁ་དོག་དང་དབྱིབས་ཀྱི་ལུས་ཀྱི་མཚན་ཉིད་གང་ཡིན་པ་དང་། སྣོད་དུ་རུང་བ་དང་མི་རུང་བའི་དཔའ་བོའི་ཡན་ལག་གི་དབྱེ་བ་བཤད་པར་བྱའོ། །དེ་ལྟར་མདོར་བསྟན་ནས་
རྒྱས་པར་བཤད་པ་ནི། །དཔའ་བོའི་དབང་ཕྱུག་མི་བྲི་ཞིང་། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐབས་དང་ཤེས་རབ་འཁྱུད་པའི་དཔའ་བོའི་དབང་ཕྱུག་རི་མོར་མི་བྲི་ཞིང་བྲིས་སུ་ཟིན་ཀྱང་དབང་མ་བསྐུར་བ་གང་གི་ཐད་དུ་ཡང་མི་གདོན་པ་དང་། ཉན་ཐོས་ཀྱི་རིགས་ཅན་གྱི་མདུན་དུ་གཡོན་པའི་
སྤྱོད་པ་མི་བསྟན་པར་བྱའོ། །གལ་ཏེ་སྒྲུབ་པ་པོ་རྙེད་པ་དང་བཀུར་སྟིའི་ཆེད་དུ་གསང་བའི་མཚན་ཉིད་ཅན་གྱི་སྐུ་བྲི་ཞིང་མཁའ་འགྲོའི་སྔགས་བག་མེད་པར་འདོན་ཞིང་ལྷའི་སྐུ་སྟོན་ན། དེ་ལ་ང་ནི་མི་ལྟ་སྟེ། །ཞེས་གསུངས་པས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་མི་རློབ་ཅིང་དུར་
ཁྲོད་བརྒྱད་ཀྱི་མཁའ་འགྲོ་མ་སྟོང་ཕྲག་དུ་མས་ངན་པའི་བདག་ཉིད་ཅན་དེ་ཟ་བར་འགྱུར་རོ། །གལ་ཏེ་བྲམ་ཟེའི་སྡོམ་པ་དང་ལྡན་པའམ་ཉན་ཐོས་ཀྱི་སྡོམ་པ་དང་ལྡན་ན་མཁའ་འགྲོ་མས་མི་གནོད་དོ་སྙམ་ན། བྲམ་ཟེ་གསོད་པས་ཐེ་ཚོམ་མེད། །ཅེས་གསུངས་སོ། །སྡིག་སྤྱོད་
Vol. 17 · folio 429b
རྨོངས་པའི་བདག་ཉིད་ཅེས་བྱ་བ་ནི་རྙེད་པ་དང་བཀུར་སྟིའི་ཕྱིར་ལྷའི་སྐུ་སྟོན་ཅིང་གསང་སྔགས་འདོན་ན་བདེ་བར་གཤེགས་པ་བསླུས་པར་གྱུར་པས་ངན་པའི་བདག་ཉིད་ཅན་དེ་ཟ་བར་འགྱུར་རོ། །དེ་ལ་ད་ནི་སྐྱབས་མི་བྱེད། །ཅེས་བྱ་བ་ནི་ཉེས་པ་བྱས་ཀྱང་ཕྱིས་འགྱོད་
པའི་སེམས་མི་སྐྱེ་བ་དེ་ལ་མི་སློབ་པོ། །དེ་ནི་གསང་བ་སྟེ་རྣལ་འབྱོར་པའི་ནང་ནས་བསྒྲུབ་པའོ། །དམ་ཚིག་སྲུང་བར་མི་ནུས་པ་དེ་སྲེག་རྫས་ཀྱི་ཕྱུགས་དང་འདྲ་བ་ཡིན་ནོ། །འཇིག་རྟེན་ཕ་རོལ་གནོད་པ་ནི། །བླ་མ་ལ་འཁུ་དམ་ཚིག་ཉམས། །མཐོ་རིས་འཇིག་རྟེན་ལས་
དེ་ལྷུང་། །ཞེས་གསུངས་པ་ཡིན་ནོ། །དོར་བྱའི་གང་ཟག་བསྟན་ནས་བླང་བྱའི་གང་ཟག་བསྟན་པ་ནི། ཧེ་རུ་ཀ་དཔལ་ལྷ་སྐུའི་སྔགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་སྐྱོབ་པར་བྱེད་པས་ན་སྔགས་ཏེ། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་དང་དེའི་སྔགས་སོ། །དེ་དག་
གང་ཞིག་སྲུང་བར་བྱེད་པ་ལ་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་དང་བཅས་པའི་ཕག་མོ་དགེ་བའི་གདོང་ཅན་དཔལ་ཧེ་རུ་ཀ་དཔའ་བོ་ཉི་ཤུ་རྩ་བཞི་དང་བཅས་པར་ཕན་འདོགས་པར་མཛད་དོ། །མཚན་ཉིད་དང་པོ་བླ་མ་ལ་གུས་པ་ནི། བླ་མ་རྣམས་ནི་བསྙེན་བཀུར་བརྗོད། །ཅེས་བྱ་བ་ལ་
སོགས་པ་གསུངས་སོ། །མཚན་ཉིད་གཉིས་པ་དམ་ཚིག་བསྲུང་བ་ནི། གསང་བ་བསྲུང་བའི་སྒྲུབ་པ་པོ། །ཞེས་བྱ་བ་གསུངས་སོ། །མཚན་ཉིད་གསུམ་པ་ནི། བདེ་བའི་ལམ་ལ་མོས་པ་ནི། །མཁའ་འགྲོ་མ་ལ་རྟག་དགའ་བས། །དེ་ལས་དངོས་གྲུབ་འབྱུང་བར་འགྱུར། །ཞེས་
གསུངས་སོ། །མཚན་ཉིད་བཞི་པ་སེམས་པ་ནི། སྒྲུབ་པ་པོ་ནི་བདག་ཉིད་འགྱུར། །ཁམས་གསུམ་པ་ལ་བྱ་བའི་དག །ཅེས་བྱ་བ་གསུངས་སོ། །མཚན་ཉིད་ལྔ་པ་མཆོད་པར་འགྱུར་བ་ནི། སྒྲུབ་པོ་དཔའ་བོ་ཉིད་འདོད་པ། །ཐམས་ཅད་དུ་ནི་མཆོད་པར་འགྱུར། །ཞེས་གསུངས་
སོ། །མཚན་ཉིད་དྲུག་པ་སྒོམ་པ་དང་ལྡན་པ་ནི། དེ་ནི་རྣལ་འབྱོར་ལ་འཇུག་དགའ། །ཡང་དག་ཁྲོ་བ་རིགས་པར་འགྱུར། །ཞེས་གསུངས་སོ། །མཚན་ཉིད་བདུན་པ་བརྟུལ་ཞུགས་དང་ལྡན་པ་ནི། ཧེ་རུ་ཀ་ཡི་བརྟུལ་ཞུགས་འཛིན། །སློབ་དཔོན་དཔའ་བོ་ཐོབ་གྱུར་པ། །ཞེས་བྱ་བ་
Vol. 17 · folio 430a
གསུངས་སོ། །བརྒྱད་པ་གསང་སྔགས་ལ་དགའ་བ་ནི། སྒྲུབ་པ་པོས་ནི་སྔགས་འདི་དག །མཐོང་ཞིང་ཀུན་དུ་དགའ་ཞེས་གསུངས་སོ། །དེའི་སྔགས་དུ་ཡིན་ཞེ་ན། རྩ་བའི་སྔགས་ཀྱི་ཡི་གེ་མཆོག །དཔའ་བོ་ཡི་གེ་བདུན་པ་ནི། །ཞེས་གསུངས་ཏེ།
རྩ་བའི་སྔགས་གཉིས་དང་། ཡབ་ཡུམ་གྱི་སྙིང་པོ་བཞི་དང་། དཔའ་བོ་དང་དཔའ་མོའི་སྙིང་པོ་དང་། གནོད་མཛེས་ཀྱི་སྔགས་ལ་སོགས་པ་རྣམས་འཛིན་པར་བྱེད་པའི་རྣལ་འབྱོར་པ་གང་ཞིག་ལས་བཅུ་གཉིས་ལ་སྦྱོར་བ་ནི། ཨོཾ་ལ་སོགས་པ་ཁྱད་པར་དབྱེ། །ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། རྒྱས་པ་ལ་ཨོཾ། ཞི་བ་ལ་སྭཱ་ཧཱ། དབང་ལ་ཧོ། མངོན་སྤྱོད་ལ་ཕཊ་ཅེས་བྱ་བ་ལ་སོགས་པའི་ཁྱད་པར་གྱིས་དབྱེ་བའོ། །དེ་རྣམས་འབད་དེ་ཕྱག་བྱ་ཞིང་། །ཞེས་བྱ་བ་ནི་ཕྲིན་ལས་བཅུ་གཉིས་བྱེད་པའི་ལྷ་དེ་རྣམས་ལ་གུས་པར་འབད་དེ་
ཕྱག་བྱ་ཞིང་ཞེས་བྱ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་ཞི་བ་དང་རྒྱས་པ་ལ་སོགས་པའི་སྒོ་ནས་མཆོད་པ་བྱས་ན་རྟག་ཏུ་ལས་བཅུ་གཉིས་བྱེད་པའོ། །དཔའ་བོ་ཆེན་པོ་དེ་རྣམས་དང་ལྷན་ཅིག་རོལ་པ་དང་ལྡན་པས་བཀའ་བསྒོ་བ་ཉན་པར་ཐེ་ཚོམ་མེད་དོ། །དེ་ལྟར་ལས་བཅུ་
གཉིས་དང་ལྡན་པའི་ལྷ་དེ་རྣམས་ཇི་ལྟར་བསྐྱེད་པར་བྱ་སྙམ་ན། དེ་ཡི་ཐུགས་ཀ་ནས་ཕག་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐུགས་ཀའི་ཆོས་ཀྱི་དབྱིངས་ལས་ཡུམ་རྡོ་རྗེ་ཕག་མོ་སྤྲུལ་པ་དེ་དང་སྙོམས་པར་ཞུགས་པ་ལས་དཔའ་བོ་ཉི་ཤུ་རྩ་བཞི་དང་དཔའ་མོ་སུམ་ཅུ་རྩ་གཉིས་དང་
བཅས་པ་སྤྲུལ་ནས་ལས་བཅུ་གཉིས་བྱའོ། །དེ་ཡང་ཀུན་སྤྱོད་ལས། སྤྲུལ་པ་ལས་བྱུང་དཔའ་བོ་རྣམས། །ཡན་ལག་བཅུ་དྲུག་སེམས་ཀྱིས་སྤྲུལ། །དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཞེས་གསུངས་སོ། །མཚན་ཉིད་བརྒྱད་དང་ལྡན་
པའི་རྣལ་འབྱོར་པས་སྔགས་བཅུ་གཉིས་ཟློས་ཤིང་དཀྱིལ་འཁོར་བཅུ་གཉིས་མི་འདྲ་བ་སྒོམ་པ་ལ་ཕན་ཡོན་ཅི་ཞིག་ཡོད་ཅེ་ན། དེ་དང་གང་ཞིག་ལེགས་སྐྱེས་པ། །སྲོག་ཆགས་བསོད་ནམས་མཐོང་བ་ཡིན། །ཞེས་བྱ་བ་གསུངས་ཏེ། ཕྱི་ནང་གི་སྦྱིན་སྲེག་བྱེད་པའི་རྣལ་འབྱོར་
Vol. 17 · folio 430b
པ་ལྷའི་སྐུ་བསྒོམས་པ་དེ་དང་དེ་ནི་འཕགས་པའི་རིགས་སུ་ལེགས་པར་སྐྱེས་ཤིང་དངོས་གྲུབ་ལེན་པ་མཐོང་བའི་སྲོག་ཆགས་དེ་ཡང་བསོད་ནམས་ཅན་ཡིན་ནོ། །དེའི་ཕན་ཡོན་གཉིས་པ་མཁའ་འགྲོ་རྣམས་ཀྱི་བསྲུང་བ་གསུངས་པ་ནི། གསང་བ་འདུས་པ་ལྟར་དངོས་གྲུབ་ལེན་
པ་ལ་བར་ཆད་ཀྱི་བགེགས་བཟློག་པའོ། །བདུད་རྩི་འཁྱིལ་བའི་འཁོར་ལོ་མི་དགོས་པར་ཆུའི་ནང་དུ་འདུག་ཀྱང་རུང་རྒྱ་མཚོའམ་རི་དང་རི་བོ་ལ་སོགས་པར་མཁའ་འགྲོ་མ་ཐམས་ཅད་ཀྱིས་བུ་གཅིག་པ་ལྟར་ཞེན་པའི་ཐུགས་ཀྱིས་བལྟ་ཞིང་གཟིགས་པར་གནས་པ་ཡིན་ནོ། །དེ་ཉིད་
བསྡུས་པ་ལྟར་གནོད་མཛེས་ཀྱི་སྔགས་ཀྱིས་བསྲུང་བ་མེད་པར་འཇིགས་པ་ཆེན་པོའི་དུར་ཁྲོད་ལ་སོགས་པར་མཁའ་འགྲོ་དང་རོ་ལངས་ལ་སོགས་པ་དུ་མ་དེ་དང་ལྷན་ཅིག་ཏུ་རྣལ་འབྱོར་པ་དཔའ་བོ་ཆེན་པོ་བཀའ་ཇི་ལྟར་བསྒོ་བ་ལྟར་བདེ་བར་རོལ་ཅིང་རྒྱུ་བར་མཛད་པ་ཡིན་ནོ། །རྣམ་
པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལྟར་ལུས་ངག་ཡིད་གསུམ་ལ་བསྲུང་བ་མི་དགོས་པའི་རྣལ་འབྱོར་པ་དེ་རི་སུལ་དང་ཚང་ཚིང་ན་གནས་ན་ལུས་ལ་མཁའ་འགྲོ་མ་རྣམས་ཀྱིས་གསང་བ་དང་། ངག་ལ་གསང་བའི་དྲང་སྲོང་རྣམས་ཀྱིས་གསང་བ་དང་། ཡིད་ལ་རྣལ་འབྱོར་མ་རྣམས་
ཀྱིས་སྦས་པའི་ཕྱིར་ཕྱོགས་དེ་དང་དེ་དག་ཏུ་སྒྲུབ་པ་པོ་འགྲོ་བའི་ཚེ་མཁའ་འགྲོ་མ་རྣམས་དང་ས་སྟེངས་སུ་རོལ་པ་ཡིན་ནོ། །ལེའུ་སུམ་ཅུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ལྟར་གནས་བཤད་ནས་དུས་བཤད་པ་ནི། དེ་ནས་སྒྲུབ་པའི་རྣལ་འབྱོར་ཆེ། །
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ལེན་པའི་དུས་སུ་ཕྱི་རོལ་གཟུགས་བརྙན་གྱི་འཁོར་ལོའམ། ནང་གི་ཚོགས་ཀྱི་འཁོར་ལོ་བྱེད་པའི་ཚེ། བཞད་པ་རྣམ་པ་བརྒྱད་པ་དགོད། །ཅེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་གྱི་ལྷ་ལ་ཧ་བརྒྱད་ཀྱིས་སྒྲ་གྲག་པའི་ཐོས་
པའི་མཚན་མ་འབྱུང་ན་དེའི་རྗེས་ཐོགས་ལ་རྟགས་འདི་ཡང་དག་པར་མཐོང་བས་དངོས་གྲུབ་སྩོལ་བར་གདོན་མི་ཟ་བ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། འཇིགས་པའི་སྒྲ་ནི་རྣམ་མང་པོ། །ཞེས་བྱ་བ་སྨོས་ཏེ། རྒྱུད་བླ་མ་ནས་འབྱུང་བ་ལྟར། ཧ་ཧ་དང་
Vol. 17 · folio 431a
ཧི་ཧི་དང་ཕེཾ་ཕེཾ་དང་ཧཱུཾ་ཕཊ་ཅེས་བྱ་བའི་སྒྲ་མི་བཟད་པ་མཁའ་འགྲོ་དྲུག་ཅུ་རྩ་གཉིས་ཀྱིས་འཇིགས་པའི་སྒྲ་སྒྲོགས་པའི་ཚེ་དཔའ་བོ་ཉིད་སྟོབས་དང་ལྡན་ན། ཤིན་ཏུ་འཇིགས་པའི་ཕྱག་འབུམ་པ་བསྒོམས་པས་དེ་རྣམས་སྐྲག་ཅིང་རྣམ་པར་དབྱེ་བར་འགྱུར་
རོ། །གལ་ཏེ་དཔའ་བོ་མི་འཇིགས་ན་ལག་པ་གཡོན་པ་ནས་བཟུང་ལ་གནས་ཉི་ཤུ་རྩ་བཞིར་རང་རང་གི་གནས་སུ་ཁྱེར་ནས་མཁའ་འགྲོ་མ་དེ་རྣམས་དང་ལྷན་ཅིག་རྩེ་བར་བྱེད་ཅིང་སྣང་བ་མཐའ་ཡས་ཀྱི་བདེ་བ་ཅན་དང་འདྲ་བར་འགྱུར་རོ། །འོག་མིན་དུ་འགྲོ་བར་འདོད་ན་དཔལ་ཧེ་རུ་
ཀའི་ནུས་པས་འདོད་པའི་རྣལ་འབྱོར་པ་དེ་མཁའ་ལ་འགྲོ་བའི་གནས་སུ་ཁྱེར་བར་བྱེད་དོ། །གནས་དེར་མ་ཁྱེར་ན་ཡང་བཞད་པ་བརྒྱད་ཀྱི་སྒྲ་ཐོས་པའི་སྒྲུབ་པ་པོ་སྔགས་ཀྱི་ལུས་ཅན་དེ་འཁོར་བའི་རྒས་པ་དང་འཆི་བ་རྣམས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་འགྱུར་བ་ཐོབ་ནས་མཁའ་
འགྲོ་ཐམས་ཅད་དབང་དུ་སྡུད་པར་འགྱུར་རོ། །རྫོགས་པའི་རིམ་པ་དང་སྦྱར་ན་འདི་སྐད་སྟོན་པ་ཡིན་ཏེ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པའི་ཚེ་རླུང་གི་འཁོར་ལོ་ཧ་བརྒྱད་ཀྱིས་གྱེན་དུ་བཟློག་པ་དང་། དགའ་བ་ལ་སོགས་པའི་དུས་སུ་དབུགས་རྒོད་པ་དང་། རྔམ་པ་འབྱུང་
བ་ལ་སོགས་པ་འཇིགས་པའི་སྒྲ་རྣམ་པ་མང་པོ་མི་བཟད་པར་འགྱུར་རོ། །དེ་ལ་དཔའ་བོ་འཇིགས་པ་མེད་པར་སྲོག་ཨ་ཝ་དྷཱུ་ཏཱིར་བཅུག་ན་ལག་པ་གཡོན་པ་ཞེས་བྱ་བའི་བརྡས་བཏགས་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་གནས་སྤྱི་གཙུག་ཏུ་ཁྱེར་ནས་རྩ་སུམ་ཅུ་རྩ་
གཉིས་ཀྱི་མཁའ་འགྲོ་མ་དང་། རྟག་ཏུ་བདེ་བས་མངོན་པར་རྩེ་ཞིང་སྤྱི་གཙུག་ཛཱ་ལནྡྷ་རའི་གནས་དང་འདྲ་བར་འགྱུར་རོ། །དེ་ལྟར་དཔལ་ཧེ་རུ་ཀའི་ནུས་པ་འདོད་པས་མགོ་ནམ་མཁའི་དཀྱིལ་འཁོར་གྱི་གནས་སུ་ཁྱེར་ནས་སྒྲུབ་པ་པོ་རླུང་བཟློག་པའི་སྔགས་ཀྱི་ལུས་ཅན་སྐྱེ་
རྒ་ན་འཆིའི་ཆུ་བོ་བཞི་ལས་བརྒལ་བར་འགྱུར་རོ། །ལེའུ་སུམ་ཅུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་དངོས་གྲུབ་ཀྱི་དུས་བཤད་ནས་དབང་དུ་བྱ་བའི་སྦྱིན་སྲེག་བཤད་པ་ནི། དེ་ནས་ད་ནི་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ད་ནི་
Vol. 17 · folio 431b
ཐབས་གང་གིས་རྒྱལ་རིགས་ལ་སོགས་པའི་མི་རྣམས་དབང་དུ་གྱུར་པ་ནི་རྣལ་འབྱོར་དང་། སྔགས་དང་སྦྱིན་སྲེག་གི་ཆོ་ག་ལ་གནས་པའི་དཔའ་བོས་ཟླ་བ་གཅིག་གིས་གྲུབ་པར་འགྱུར་རོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། སྒྲོལ་མ་མྱོས་བྱེད་བཅས་པ་
དང་། ཉ་ཡི་ཤ་དང་ལྡན་པར་ནི། །ཞེས་བྱ་བས་སྲེག་རྫས་བསྟན་ཏེ། སྒྲོན་མ་ནི་ཤ་ཆེན་ལྔའོ། །མྱོས་བྱེད་ནི་ཆང་ངོ་། །ཉ་ཤ་དང་ལྡན་པ་ནི་ཉ་ཤ་དང་བཅས་པའི་ཁྲག་དང་ལྡན་པའོ། །དཔའ་དབང་གནས་སྐབས་ཐམས་ཅད་དུ། །ཞེས་བྱ་བ་ནི་ལྷར་བསྒོམ་པ་སྟེ།
དཔའ་བོ་ནི་རྣལ་འབྱོར་པའོ། །དཔའ་བོའི་དབང་པོ་ནི་དཔལ་ཧེ་རུ་ཀར་བསྒོམ་པའོ། །གནས་སྐབས་ཐམས་ཅད་ནི་ཐུན་བཞིར་རོ། །ཉི་མ་བདུན་གྱིས་སྒྲུབ་བྱེད་ཅིང་། །ཞེས་བྱ་བ་ནི་ཐུན་བཞིར་ཏིང་ངེ་འཛིན་དང་ལྡན་པས་ཕྱི་རོལ་གྱི་སྦྱིན་སྲེག་བྱ་བའམ། མཚན་མོ་སྦྱིན་
སྲེག་བྱེད་ལ་གཞོལ། །ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོ་བྱེད་པའི་དུས་སུ་མཚན་མོ་ཕྱག་རྒྱ་ལྔ་ལ་སོགས་པའི་བརྟུལ་ཞུགས་དང་ལྡན་པས་ནང་གི་སྦྱིན་སྲེག་བྱས་ནས་དབང་དུ་བྱེད་པ་ལ་སོགས་པ་དངོས་གྲུབ་རྒྱ་ཆེན་པོ་བཅུ་གཉིས་སྩོལ་བར་འགྱུར་རོ། །རྒྱལ་རིགས་
ལ་ཕྱི་དང་ནང་གི་སྦྱིན་སྲེག་གྲངས་དུ་དང་ལྡན་པར་བྱ་ཞེ་ན། བརྒྱ་རྩ་བརྒྱད་དང་ལྡན་ཉིད་ཀྱིས། །ཞེས་བྱ་བ་སྨོས་ཏེ། གྲངས་བརྒྱ་རྩ་བརྒྱད་དང་ལྡན་པས་ཐུན་གསུམ་དུ་ཕྱི་དང་ནང་གི་སྦྱིན་སྲེག་བརྒྱ་བྱེད་ན་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པ་ཞག་བདུན་
གྱིས་དབང་དུ་འགྱུར་རོ། །དེའི་ཕྱེད་ལྔ་བཅུ་རྩ་བཞིས་ཉི་མ་བདུན་སྦྱིན་སྲེག་བྱས་ན་དཔའ་བོ་ཆེན་པོ་སྟེ། རྒྱལ་ཚབ་དབང་དུ་འགྱུར་རོ། །དེའི་ཕྱེད་ཞག་ཉི་ཤུ་རྩ་བདུན་སྦྱིན་སྲེག་བྱས་ན་སློབ་དཔོན་དབང་དུ་འགྱུར་རོ། །རྒྱལ་ཕྲན་རྣམས་ལ་ནི་གྲངས་སུམ་ཅུ་རྩ་གཉིས་ཀྱིས་
ཉི་མ་བདུན་གྱིས་དབང་དུ་འགྱུར་རོ། །གྲངས་ཉི་ཤུ་རྩ་བཞིས་བྲམ་ཟེ་རྣམས་ལ་ཉི་མ་བདུན་གྱིས་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །དེ་བཞིན་དུ་རྒྱལ་རིགས་དག་ལ་བདུན་གྱིས་དབང་དུ་འགྱུར་བ་དང་། རྗེའུ་རིགས་ལྔ་དང་།དམངས་རིགས་ལ་གསུམ་དང་། ཐ་མ་སྟེ་
Vol. 17 · folio 432a
གདོལ་པ་ཅན་རྣམས་ལ་རྫས་རེ་རེ་ཞིང་ཐུན་བཞིར་སྦྱིན་སྲེག་ཞག་བདུན་བྱས་ན་དབང་དུ་འགྱུར་རོ། །དེ་ལྟར་དཔའ་བོའི་རིགས་རིམ་གྱིས། །ཟླ་བ་གཅིག་ནི་ཡང་དག་སྤྱད། །ཅེས་བྱ་བ་ནི་གལ་ཏེ་ཞག་བདུན་གྱིས་མ་གྲུབ་ན་ཟླ་བ་གཅིག་གིས་བསྐྱར་
བའི་ཆོ་གས་བསྐྱང་བར་བྱས་ན་དབང་དུ་འགྱུར་རོ། །སྔགས་དང་ལྡན་པའི་སྒྲུབ་པ་པོས་བ་ཤཾ་ཀུ་རུ་ཧོ་ཞེས་བྱ་བའི་སྔགས་དང་ལྡན་པའི་སྒྲུབ་པ་པོས་རྒྱལ་རིགས་ལ་སོགས་པའི་འགྲོ་བ་ཐམས་ཅད་དབང་དུ་འགྱུར་བ་ཡིན་ནོ། །དཔའ་བོའི་ཆོ་ག་འདི་ཡིས་ནི། །འདོད་པ་བསྟེན་
ནས་གྲུབ་པར་འགྱུར། །ཞེས་བྱ་བ་ནི་ཕན་ཡོན་སྟོན་པ་ཡིན་ཏེ། དབང་དུ་བྱ་བའི་ཆོ་ག་འདི་བཞིན་དུ་ལས་བཅུ་གཉིས་གང་འདོད་པ་ལ་ཕྱི་དང་ནང་གི་སྦྱིན་སྲེག་འདི་བསྟེན་ན་གྲུབ་པར་འགྱུར་རོ། །ས་སྟེངས་འདོད་པའི་དབང་ཕྱུག་བཞིན། །ཞེས་བྱ་བ་ནི་མིའི་འཁོར་ལོས་
སྒྱུར་བ་ཐོབ་པའམ། དཔལ་ལྡན་སྐལ་བ་བཟང་པོར་འགྱུར། །ཞེས་བྱ་བ་ནི་བརྒྱ་བྱིན་ལ་སོགས་པ་ལྷའི་འཁོར་ལོས་སྒྱུར་བར་གྱུར་པའམ། །སྒྲུབ་པ་པོས་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་གི་ཡིད་དུ་འོང་བ་ལ། དཔལ་འཁོར་ལོ་བདེ་མཆོག་ལྟ་བུ་མཆོག་གི་
དངོས་གྲུབ་ཏུ་འགྱུར་རོ། །ལེའུ་བཞི་བཅུ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་རྒྱུ་བ་དང་མི་རྒྱུ་བའི་འཁོར་ལོ་བཅུས་དངོས་གྲུབ་བསྒྲུབ་པ་བཤད་ནས་གསང་སྔགས་ཀྱི་འཁྲུལ་འཁོར་ལེའུ་སྟོན་པ་ལས། དང་པོར་རེ་ཞིག་དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱི་
སྔགས་དགོད་པར་སྟོན་པ་ནི། དེ་ནས་ལས་ཀྱི་མཆོག་རབ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་ཀྱི་མཆོག་ནི་ཡི་གེའི་འཁྲུལ་འཁོར་རོ། །རྣལ་འབྱོར་པ་གང་གིས་ཤེས་ནས་དང་པོར་བསྐྱེད་པའི་རིམ་པ་ལ་བརྟེན་ནས་མཐོང་བ་དང་རེག་པ་དང་ཐོས་པའི་
མཚན་མ་ཐོབ་པའི་སྒྲུབ་པ་པོས་དངོས་གྲུབ་ལེན་པའི་ཚེ་དབང་དུ་བྱ་བའི་ལས་བཅུ་གཉིས་བྱེད་པའམ་ཡང་ན་རྫོགས་པའི་རིམ་པ་བསྒོམ་པའི་རྣལ་འབྱོར་པས་ས་ཆུ་ལ་ཐིམ་པས་དུ་བ་ལྟ་བུ་དང་། ཆུ་མེ་ལ་ཐིམ་པས་སྨིག་རྒྱུ་ལྟ་བུ་དང་། མེ་རླུང་ལ་ཐིམ་པས་སྲིན་བུ་མེ་ཁྱེར་ལྟ་
Vol. 17 · folio 432b
བུ་དང་། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་སྒྲོན་མ་ལྟ་བུ་དང་། རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པས་ནམ་མཁའ་སྟོང་པ་ལྟ་བུ་ཐིམ་པའི་རྟགས་འབྱུང་བའི་ཚེ། འོག་ནས་འབྱུང་བའི་སྔགས་ཀྱིས་འཁྲུལ་འཁོར་འདི་རྣམས་བྱས་ན་འགྲུབ་པར་འགྱུར་རོ། །དེ་ལ་རང་
གི་མཚན་མ་ཐོབ་པ་དེ་ལས་དང་པོ་པའི་རྣལ་འབྱོར་པ་ཡིན་ལ། མཚན་མ་ཐོབ་པ་ནི་ཡེ་ཤེས་ཅུང་ཟད་ཙམ་ལ་དབང་བ་ཡིན་ནོ། །མཚན་མ་ཐོབ་པའི་རྗེས་ལ་འཇིག་རྟེན་གྱི་དངོས་གྲུབ་བཅུ་གཉིས་འགྲུབ་པ་ནི་ཕྲིན་ལས་ཀྱི་ཡེ་ཤེས་ལ་དབང་བ་ཡིན་ནོ། །ལས་བཅུ་གཉིས་
ཀྱིས་འགྲོ་བ་བརྟུལ་ནས་མཆོག་གི་དངོས་གྲུབ་ནི་ཚོགས་ཀྱི་འཁོར་ལོ་སྣོད་གཅིག་ཏུ་ཟ་བའི་གཙང་སྦྲ་དང་། ཞི་བའི་གཙང་སྦྲ་གསང་བའི་དབང་བསྐུར་གྱི་གཙང་སྦྲ་དང་། ཤེས་རབ་ཡེ་ཤེས་ཕོ་ཉའི་གཙང་སྦྲས་ཞི་གནས་དང་། ལྷག་མཐོང་མངོན་སུམ་དུ་སྐྱེས་ནས་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་དབྱིངས་
ལ་སེམས་ཀྱི་སྟོང་ཉིད་བསྒོམས་པས་མཆོག་གི་དངོས་གྲུབ་ཐོབ་པ་ནི་ཡེ་ཤེས་ལ་ཡང་དག་པར་དབང་བའོ། །དེ་ཡང་རྒྱུད་བླ་མ་ལས། སྐྱེ་བ་སྟོང་ཕྲག་དུ་མ་རུ། །སྒྱུ་འཕྲུལ་ཡེ་ཤེས་ཀྱིས་བསྐུལ་བ། །སྔགས་དང་ཕྱག་རྒྱ་ལེགས་སྦྱོར་བས། །ཡེ་ཤེས་ལ་ནི་དབང་ཐོབ་ཡིན། །ཞེས་གསུངས་པས་
སོ། །དེ་ལྟར་ན་གཞན་དོན་ཕུན་སུམ་ཚོགས་པ་བཅུ་གཉིས་ནི་དབང་གཉིས་པ་དགུག་པ་དང་། གསུམ་པ་དབྱེ་བ་དང་། བཞི་པ་བསད་པ་དང་། ལྔ་པ་བསྐྲད་པ་དང་། དྲུག་པ་རྨུགས་པ་དང་། བདུན་པ་རེངས་པ་དང་། བརྒྱད་པ་རྨོངས་ཤིང་ཕུར་བུས་གདབ་པ་དང་། དགུ་
པ་ཚིག་འཕྲོག་ཅིང་དགུག་པ་དང་། བཅུ་པ་འོན་ལོང་དུ་བྱ་བ་དང་། བཅུ་གཅིག་པ་མ་ནིང་ཉིད་དུ་བྱ་བ་དང་། བཅུ་གཉིས་པ་གཟུགས་སྣ་ཚོགས་སུ་གྱུར་པ་སྟེ། ལས་བཅུ་གཉིས་པོ་འདི་དག་བསྐྱེད་རྫོགས་ལ་མཚན་མ་ཐོབ་པའི་སྒྲུབ་པ་པོས་འཁྲུལ་འཁོར་དྲན་པ་ཙམ་གྱིས་གྲུབ་
པར་འགྱུར་བར་གདོན་མི་ཟའོ། །དེ་ཡང་རྡོ་རྗེ་མཁའ་འགྲོ་ལས་གནོད་མཛེས་ཀྱི་འཁྲུལ་འཁོར་དང་སྦྱར་ནས་ལས་བཅུ་གཉིས་འགྲུབ་པར་འགྱུར་གསུངས། གནོད་མཛེས་ཀྱི་འཁོར་ལོ་ཇི་ལྟར་དགོད་ཅེ་ན། འཇིག་རྟེན་འཁྲུལ་འཁོར་གྱི་མཁན་པོ་གཟའ་ཆེན་པོ་བརྒྱད་ཡིན་ལ། དེས་
Vol. 17 · folio 433a
གཟའ་རྒྱུ་བའི་འཁྲུལ་འཁོར་བཅིངས་ནས་ལས་བཅུ་གཉིས་བྱེད་པས་དེ་ཉིད་བསྡུས་པའི་རྒྱུད་ལས་ཁྲོ་བོ་ཞེས་མིང་དུ་བཏགས་སོ། །རིག་པ་མཆོག་ལས་གདོན་གྱི་གཙོ་བོ་འཁྲུལ་འཁོར་གྱི་མཚན་མ་ཅན་ཞེས་བཤད་དོ། །རྡོ་རྗེ་མཁའ་འགྲོ་ལས་བཅོམ་
ལྡན་འདས་གནོད་མཛེས་ཀྱི་སྔགས་འདི་སྒྲ་གཅན་ལྟར་རྡོ་རྗེ་རོལ་པ་རྟའི་འགྲོས་ཀྱིས་དགོད་པའམ། སྤེན་པ་ལྟར་ཡི་དགས་སྲིན་པོའི་གདོང་གིས་དགོད་པའམ། མིག་དམར་ལྟར་གཤིན་རྗེ་དབྱུག་པ་འཆང་བས་དགོད་པའམ། མཇུག་རིངས་ལྟར་མ་མོ་རིགས་
ལྡན་མའི་འཁོར་ལོས་དགོད་པ་གསུངས་པ་བཞི་པོ་རེ་རེ་ལ་ཡང་འཁྲུལ་འཁོར་བྲིས་པའི་གནས་མི་འདྲ་བ་བཅུ་གཉིས་དང་། བྲི་བའི་སྣག་ཚ་དང་། སྨྱུ་གུ་མི་འདྲ་བ་བཅུ་གཉིས་དང་། མིང་དང་སྤེལ་བའི་སྔགས་མི་འདྲ་བ་བཅུ་གཉིས་དང་། ལིངྒའི་བྱེ་བྲག་མི་འདྲ་
བ་བཅུ་གཉིས་ཀྱིས་འཁྲུལ་འཁོར་རེ་རེ་ལས་བཅུ་གཉིས་བྱེད་པས་བཞི་བཅུ་རྩ་བརྒྱད་དུ་འགྱུར་རོ་ཞེས་གསུངས་པའོ། །རྒྱུད་བླ་མ་དང་ཧེ་རུ་ཀ་འབྱུང་བ་དང་སྦྱར་ནས་ཡབ་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོའི་འཁྲུལ་འཁོར་དང་ཡུམ་གྱི་སྙིང་པོ་དང་དཔའ་བོའི་སྔགས་དང་།
དཔའ་མོའི་སྔགས་དང་། དཔའ་བོའི་གོ་ཆའི་སྔགས་དང་། དཔའ་མོའི་གོ་ཆའི་སྔགས་དང་། དཔའ་བོའི་རྐང་པ་བརྒྱད་པ་དང་། དཔའ་མོའི་རྐང་པ་བརྒྱད་པའི་འཁྲུལ་འཁོར་ཏེ། འཁྲུལ་འཁོར་བཅུ་ལ་དབུས་ཀྱི་ནི་མི་འདྲ་བ་མིང་དང་སྤེལ་བ་བཅུ་གཉིས་བཀོད་
པའི་དབྱེ་བས་ཕྱེ་བ་ཡིན་ན་འཁྲུལ་འཁོར་བརྒྱ་ཉི་ཤུར་འགྱུར་རོ། །དེ་ལྟར་དངོས་གྲུབ་ཀྱི་འབྲས་བུ་བཤད་ནས། ད་ནི་དེའི་ཐབས་གསུངས་པ་ནི། ཤར་དང་བྱང་གི་གནས་སོགས་ལ། །མཁའ་འགྲོ་མ་ནི་ཐམས་ཅད་ཁྱབ། །ཅེས་བྱ་བ་གསུངས་ཏེ། དངོས་གྲུབ་སྒྲུབ་པའི་
ཚེ་གནས་ཉི་ཤུ་རྩ་བཞི་ན་གནས་པའི་ལས་ཀྱི་ཕྱག་རྒྱ་དུང་ཅན་མ་དང་། རི་དགས་ཅན་མ་དང་། པདྨ་ཅན་དངོས་གྲུབ་ཀྱི་ཡན་ལག་ཏུ་བསྟེན་པར་གསུངས་པ་ཡིན་ནོ། །ཡེ་ཤེས་ལྡན་པར་རང་སྐྱེ་གནས། །ཞེས་བྱ་བ་ནི་ཡེ་ཤེས་ལས་སྐྱེས་པའི་བྱང་ཆུབ་སེམས་མའོ། །
Vol. 17 · folio 433b
ཡུལ་དང་ཡུལ་དུ་མངོན་པར་སྐྱེས། །ཞེས་བྱ་བ་ནི་རྡོ་རྗེ་གདན་ཉི་ཤུ་རྩ་བཞིར་སྐྱེས་པའི་ཞིང་སྐྱེས་སོ། །རྡོ་རྗེའི་དཀྱིལ་འཁོར་གཙོ་མོ་སྟེ། །ཞེས་བྱ་བ་ནི་བསྙེན་སྒྲུབ་བཞིས་ཡུམ་རྡོ་རྗེ་ཕག་མོར་བསྐྱེད་པའི་སྔགས་སྐྱེས་སོ། །དེ་ནི་མཁའ་འགྲོ་མ་
རུ་བཤད། །ཅེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གིས་ནམ་མཁར་འགྲོ་བས་ན་མཁའ་འགྲོ་མ་སྟེ། ལས་བཅུ་གཉིས་བྱེད་པའི་དངོས་གྲུབ་སྒྲུབ་པའི་ཡན་ལག་ཏུ་འགྱུར་བའོ། །གནས་ཉི་ཤུ་རྩ་བཞི་པོ་དེ་དག་གང་ཡིན་ཞེ་ན། སྐུའི་འཁོར་ལོ་ཀུ་ལུ་ཏཱ་ནས་
ཐུགས་ཀྱི་འཁོར་ལོ་པུལླཱི་ར་མཱ་ལ་ཡར་ཐུག་པའི་གནས་ཉི་ཤུ་རྩ་བཞིའོ། །སོགས་ཞེས་བྱ་བ་ནི་ཁྱིམ་ལྔ་པི་ལི་པ་དང་། ཉེ་བའི་པི་ལི་པ་དང་། གྲོང་མཐའ་དང་། ཉེ་བའི་གྲོང་མཐའ་རྣམས་གཟུང་བར་བྱའོ། །ཡུལ་དེ་རྣམས་ཀྱི་བུ་མོ་གང་། །ཞེས་བྱ་བ་ནི་ཞིང་སྐྱེས་ཀྱི་བུ་མོ་
སྟེ་དཔའ་བོ་དང་གཉིས་སུ་མེད་པར་འགྱུར་བའི་དངོས་གྲུབ་ཀྱི་ཡན་ལག་གི་རྣལ་འབྱོར་མའོ། །དེ་ཀུན་འདོད་པའི་གཟུགས་ཅན་ཏེ། །ཞེས་བྱ་བ་ནི་གནས་ཉི་ཤུ་རྩ་བཞིར་སྐྱེས་པའི་ཡེ་ཤེས་ཅན་གྱི་རྣལ་འབྱོར་མ་རྣམས་ཡིད་ལ་འདོད་པའི་གཟུགས་སྣ་ཚོགས་སུ་བསྒྱུར་
ནས་ཡིད་མགྱོགས་ཀྱི་ཏིང་ངེ་འཛིན་ཐོབ་པས་རྣལ་འབྱོར་པའི་བསམ་པ་རྫོགས་པར་བྱེད་པ་ཡིན་ནོ། །དག་བྱེད་དབང་གི་ལྷ་མོ་དང་། །དཔའ་བོའི་ལྷ་མོ་བཀའ་བསྒོ་སྐྱེ། །དེ་འོག་མ་ལུས་ཀུན་སྤྱོད་མ། །ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་བཤད་པ་དང་། འདི་ལ་ཁྱད་
པར་ཅི་ཡོད་ཅེ་ན། སྔར་ནི་ཐུན་མོང་གི་སྒྲུབ་པ་དང་། དངོས་གྲུབ་དང་སྒྲུབ་པ་རྣམས་ཀྱི་ཡན་ལག་ཏུ་གསུངས་པ་ཡིན་ལ། ལེའུ་ཉི་ཤུ་རྩ་དྲུག་དང་རྩ་བདུན་དང་རྩ་བརྒྱད་དང་རྩ་དགུ་བར་ནི་དངོས་གྲུབ་ཀྱི་ཡན་ལག་ཏུ་གསུངས་པ་ཡིན་ཏེ། ལེའུ་གསུམ་པ་ནས་
ལྔ་བཅུའི་བར་གྱི་ལེའུ་ཉི་ཤུས་ནི་ལས་རྣམས་ཀྱི་ལྷ་མོ་གསུངས་པ་ཡིན་ནོ། །དེ་ལ་བསྒྲུབ་པའི་ཡན་ལག་ནི་ལས་དང་པོ་པ་ལ་མཚན་མ་མ་ཐོབ་ཀྱི་བར་དུ་ཕྱག་རྒྱར་གྱུར་པའོ། །མཚན་མ་ཐོབ་ནས་མཆོག་གི་དངོས་གྲུབ་སྒྲུབ་པའི་ཡན་ལག་དང་། གཞན་གྱི་དོན་
Vol. 17 · folio 434a
དུ་ཕྲིན་ལས་བཅུ་གཉིས་བྱེད་པའི་ཕྱག་རྒྱ་ནི་འཇིག་རྟེན་གྱི་དངོས་གྲུབ་བསྒྲུབ་པའི་ལྷ་མོ་ཅི་ཞིག་དགོས་ཤེ་ན། དངོས་གྲུབ་གྲུབ་པའི་ཡན་ལག་སྟེ། འཁོར་ལོས་སྒྱུར་བའི་བཙུན་མོ་རིན་པོ་ཆེ་བཞིན་དུ་རེག་བྱ་ཁྱད་པར་ཅན་གྱི་སྒོ་ནས་བསམ་གཏན་
གྱི་ལུས་དང་ཡིད་ཀྱི་བདེ་བ་སྐྱེད་པ་དང་། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་དགེ་བའི་བཤེས་གཉེན་བཅོམ་པ་མོ་ལྷའི་བཤེས་གཉེན་དུ་རེག་བྱའི་སྟོང་པ་ཉིད་རྟོགས་པར་བྱེད་པ་ཡིན་ནོ། །དེ་ལྟར་དངོས་གྲུབ་ཀྱི་ཡན་ལག་གི་རེག་བྱའི་ཁྱད་པར་ཅན་ལས་ཀྱི་ཕྱག་རྒྱ་དང་། རོ་
ཁྱད་པར་ཅན་སྐྱེ་བ་བདུན་པའི་ཤ་དང་། དྲི་ཁྱད་པར་ཅན་བདུད་རྩི་ལྔའི་དྲི་དང་། སྒྲ་ཁྱད་པར་ཅན་ཡི་གེ་དང་ངག་གི་བརྡ་དང་། གཟུགས་ཁྱད་པར་ཅན་ལས་ཀྱི་ཕྱག་རྒྱའི་ཡན་ལག་དང་། ཉིང་ལག་གི་བརྡ་དང་ལྡན་པས་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་ཁ་སྦྱོར་ལས་
གསུངས་སོ། །སྔོན་བཅོམ་ལྡན་འདས་འཛམ་བུའི་གླིང་དུ་བྱོན་པའི་ཚེ་ཡེ་ཤེས་ཀྱི་ལྷ་མོ་དུ་ཞིག་ཡོད་སྙམ་ན། རྣལ་འབྱོར་མ་དྲུག་ཅེས་བྱ་བ་གསུངས་ཏེ། མདོར་བསྡུ་ན་གོ་ཆའི་ལྷའི་རིགས་དྲུག་གི་བདག་ཉིད་དོ། །དེ་ཡང་སྐུའི་འཁོར་ལོའི་ཐ་མ་ཀུ་ལུ་ཏཱ་དང་མ་རུ་གཉིས་ན་
བརྩོན་ཆེན་མ་དང་འཁོར་ལོས་སྒྱུར་མ་ནི་མ་མོ་རྣམས་ཞེས་བརྡས་བཏགས་སོ། །སིནྡྷུ་དང་ན་ག་རར་སྟོབས་ཆེན་མ་དང་ཤིན་ཏུ་དཔའ་མོ་ནི་རིགས་རྣམས་ཀྱི་གཙོ་མོ་ཞེས་བྱ་བའི་བརྡས་བཏགས་ཏེ། རྟ་མཆོག་གི་བཙུན་མོ་ཙཎྜི་ཀའི་རིགས་བཞི་ཡིན་ནོ། །གསེར་གླིང་དང་སཽ་
རཱཥྚར་ནི་འཁོར་ལོའི་གོ་ཆ་དང་ཀོས་རིངས་མ་ནི་རིགས་ཀྱི་ལྷ་མོའི་བརྡས་བཏགས་སོ། །གྲྀ་ཧ་དེ་བ་དང་པྲེ་ཏ་པུ་རིར་ནི་དུམ་སྐྱེས་མ་དང་འཁོར་ལོའི་ཤུགས་ཅན་མ་ལ་སྟོབས་ཆེན་མ་ཞེས་བྱ་སྟེ། ནམ་མཁའི་སྙིང་པོའི་བཙུན་མོ་སྐྲག་བྱེད་མའི་རིགས་བཞིའོ། །ཧི་མཱ་ལ་ཡ་
དང་ཀཱཉྩིར་ནི་བྱ་གདོང་མ་དང་རྟ་རྣ་མ་ལ་གཟུགས་ཅན་མ་ཞེས་བྱ་བའི་བརྡས་བཏགས་སོ། །ལམྤཱ་ཀ་དང་ཀ་ལིངྒར་ཤིན་ཏུ་བཟང་མོ་དང་། སྔོ་བསངས་མ་ནི་ཁྱིམ་གྱི་ལྷ་མོའི་བརྟུལ་ཞུགས་འཛིན་མ་ཞེས་བྱ་བའི་བརྡས་བཏགས་པའི་ཧེ་རུ་ཀའི་བཙུན་མོ་བསྐྱོད་མའི་རིགས་བཞིའོ། །
Vol. 17 · folio 434b
ཀོ་ས་ལ་དང་ཏྲི་ཤ་ཀུ་ནེར་ནི་ཆང་འཐུང་མ་དང་རླུང་ཤུགས་མ་ལ་ཤ་ཟ་མ་ཞེས་བྱ་བའི་བརྡས་བཏགས་སོ། །ཀཱ་མ་རཱུ་པ་དང་ཨོ་ཊེར་ནི་འཇིགས་བྱེད་ཆེན་མོ་དང་ས་སྲུང་མ་ལ་རྡོ་རྗེ་མཁའ་འགྲོ་མ་དང་། གཙོ་མོའི་དབང་ཕྱུག་ཅེས་བྱ་བ་སྟེ་པདྨ་གར་གྱི་དབང་ཕྱུག་གི་བཙུན་མོ་རྨོངས་བྱེད་མའི་
རིགས་བཞིའོ། །མཱ་ལ་བ་དང་དེ་ཝཱི་ཀོ་ཊཱིར་ཤིང་གྲིབ་མ་དང་ལངྒའི་དབང་ཕྱུག་མ་ལ་ཁཎྜ་རོ་ཧཱ་ཞེས་བརྡས་བཏགས་སོ། །རཱ་མེ་ཤྭ་རཱི་དང་གོ་དཱ་ཝ་རིར་མིའུ་ཐུང་མ་དང་དཔའ་བོའི་བློ་གྲོས་མ་ལ་མཁའ་འགྲོ་མ་ཞེས་བྱ་བའི་བརྡས་བརྟགས་ཏེ། རྣམ་པར་སྣང་མཛད་ཀྱི་བཙུན་མོ་གཤིན་རྗེ་མའི་
རིགས་བཞི་ཡིན་ནོ། །ཨརྦུ་ད་དང་། ཨོཌྱན་དུ་སྣ་ཆེན་མ་དང་འོད་ལྡན་མ་སྨེ་ཤ་ཅན་ཞེས་བྱ་བའི་བརྡས་བཏགས་སོ། །ཛཱ་ལནྡྷ་ར་དང་པུལླཱི་ར་མཱ་ལ་ཡར་གཏུམ་མིག་མ་དང་རབ་གཏུམ་མ་བུད་མེད་ཅེས་བྱ་བའི་བརྡས་བཏགས་ཏེ། རྡོ་རྗེ་སེམས་མའི་བཙུན་མོའི་རིགས་བཞི་ཡིན་ནོ། །
དེ་ལྟར་རྡོ་རྗེ་མཁའ་འགྲོ་མ་ལས་རིགས་དྲུག་དང་སྦྱར་བར་བཤད་ཀྱང་རྩ་བའི་རྒྱུད་ལ་ནི་པུལླཱི་ར་མཱ་ལ་ཡ་ཛཱ་ལནྡྷ་ར་གསེར་གླིང་ཞེས་བྱ་བའི་མིང་གིས་བཏགས་ནས་ཐུགས་ཀྱི་འཁོར་ལོ་ལ་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཡོད་པ་ཡིན་ནོ་ཞེས་བཤད་པས་ཐུགས་ཀྱི་འཁོར་ལོའི་གནས་
གཉིས་ལས་དྲུག་ནི་གསལ་བ་མེད་དོ། །ལྷག་མ་གཞན་དག་ཇི་སྙེད་པ། །ཞེས་བྱ་བ་ནི་རིག་དྲུག་གིས་བསྡུས་པའི་གཙོ་མོ་ཉི་ཤུ་རྩ་བཞི་ལས་གཞན་པ་ལྷ་མོ་བཅུ་གཉིས་ཀྱི་རིགས་ནི་དཔལ་ཧེ་རུ་ཀའི་འཁོར་ལོའི་རྣལ་འབྱོར་མ་ཡིན་ནོ། །མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་པོ་འདི་དག་ཅིའི་
ཕྱིར་གཙོ་མོ་ཡིན་ཞེ་ན། ཤྲཱི་ཧེ་རུ་ཀ་སྦྱོར་བ། །དེ་ཡི་དཀྱིལ་འཁོར་གཙོ་མོ་ཡིན། །ཞེས་གསུངས་པའི་ཕྱིར་ཡེ་ཤེས་ཀྱི་ལྷ་མོ་སྤྲུལ་པའི་སྐུ་ཡིན་ནོ། །མཁའ་འགྲོ་ཉི་ཤུ་རྩ་བཞི་འདིས། །རྒྱུ་དང་མི་རྒྱུའི་འགྲོ་བ་ཁྱབ། །ཅེས་བྱ་བ་ནི་རྒྱུ་བ་འགྲོ་བ་རིགས་དྲུག་གི་གདུལ་བྱ་འདུལ་བ་དང་།
མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་སངས་རྒྱས་ཀྱི་ཞིང་ཁམས་སུ་བྱས་ནས་འགྲོ་བ་ལ་ཁྱབ་པར་གནས་པས་ན་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ་ཡིན་ནོ། །དེ་ལྟར་ཡེ་ཤེས་གྲུབ་པའི་ལྷ་མོ་བཤད་ནས་མཆོག་ཏུ་གྱུར་པའི་རྣལ་འབྱོར་པའི་སྒྲུབ་པའི་ཡན་ལག་བཤད་པ་ནི། མཁའ་འགྲོ་
Vol. 17 · folio 435a
འདི་ཡི་དམ་ཚིག་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་བཅུ་གཉིས་བྱེད་པའི་འཁྲུལ་འཁོར་འཆིང་བའི་སྒྲུབ་པ་པོ་འདིའི་དམ་ཚིག་ནི་སྤྲུལ་པའི་འཁོར་ལོ་བསྒོམ་པ་ཡིན་ལ། དེ་ཡང་བསམ་གཏན་དང་བཟླས་པ་དང་སྦྱིན་སྲེག་ལ་
སོགས་པ་བྱས་ནས་ས་སྟེངས་འདི་རུ་ལས་བཅུ་གཉིས་ཀྱི་སྦྱོར་བ་རྫོགས་པར་འགྱུར་རོ། །བསམ་གཏན་དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། རྒྱས་པར་བཤད་པ་ནི། སྔགས་པ་རྟག་ཏུ་མཉམ་གཞག་པས། །མཚན་མོ་ནམ་མཁའི་གོས་ཅན་བྱ། །ཞེས་བྱ་བ་གསུངས་
ཏེ། དཔལ་ཧེ་རུ་ཀ་དང་ཡུམ་རྡོ་རྗེ་ཕག་མོའི་ཆ་བྱད་དུ་བྱའོ། །སྐྱེས་པའམ་ཞེས་བྱ་བ་ནི་དཔའ་བོ་ཉི་ཤུ་རྩ་ལྔར་བསྒོམས་པའོ། །གཡོན་པ་ཀུན་ཞེས་བྱ་བ་ནི་ལྷ་མོ་སུམ་ཅུ་རྩ་བདུན་བསྒོམས་པའོ། །རྣལ་འབྱོར་མ་དང་དཔའ་བོ་མཉེས། །ཞེས་བྱ་བ་ནི་སྲོག་ཨ་ཝ་དྷཱུ་
ཏཱིར་བཅུག་ནས་དགའ་བ་བཞིའི་ཏིང་ངེ་འཛིན་བསྒོམས་པའོ། །དེ་ཡང་ངེས་བརྗོད་ལས། ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ། །ཞེས་གསུངས་སོ། །ཕྱག་རྒྱ་གར་གྱི་མཆོད་པ་ཡིས། །རང་བྱུང་རྟག་ཏུ་མཆོད་ན་ནི། །ཞེས་
བྱ་བ་ནི་དགའ་བྲལ་དུ་སོང་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ལྷ་མཆོད་པའོ། །དེ་ཡང་། རང་རྫས་ཐིག་ལས་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་མཆོད་པར་བྱ། །ཞེས་གསུངས་སོ། །མཆོད་པའི་འབྲས་བུ་ཅི་ཞིག་ཡིན་ཞེ་ན། མ་ལུས་ལུས་པ་
མེད་གྲུབ་ཅིང་། །གཡོན་པ་མཆོད་ལ་རབ་ཏུ་འཇུག །ཅེས་བྱ་བ་གསུངས་ཏེ། དགའ་བྲལ་དུ་སོང་ཡང་འཇིག་རྟེན་གྱི་དངོས་གྲུབ་མ་ལུས་པ་གྲུབ་པར་འགྱུར་བ་ཡིན་ནོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་ནས་མི་རྟོག་པ་སྐྱེས་ན་
མཆོག་གི་དངོས་གྲུབ་བམ་དགའ་བྲལ་དུ་སོང་ཡང་ལས་བཅུ་གཉིས་ཀྱི་འཁྲུལ་འཁོར་དང་ལྡན་པས་འཇིག་རྟེན་གྱི་དངོས་གྲུབ་གྲུབ་བོ། །དེ་ལ་འཁྲུལ་འཁོར་འདི་ཡིན་ཏེ་ཞི་བ་ལ་གྲོ་གའམ་ཤིང་ཤུན་ལ། རྒྱས་པ་ལ་རས་སམ་སྤང་ལེབ་ལ། དབང་ལ་བུད་མེད་ཀྱི་སྨད་
Vol. 17 · folio 435b
ཤམ་ལ། མངོན་སྤྱོད་ལ་དུར་ཁྲོད་ཀྱི་རས་ལ་གི་ཝང་ལ་སོགས་པས་བྲིས་ནས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་འཁོར་ལོ་ལ་སྔགས་དྲུག་ཅུ་རྩ་གཉིས་བྲིས་ཏེ་ལྷ་བསྐྱེད་ལ་ཡེ་ཤེས་སེམས་དཔའ་གཞུག་པ་དང་གོ་ཆ་བགོ་བ་དང་། དབང་བསྐུར་བ་དང་། བདུད་རྩི་མྱང་
བ་དང་།བསྒོམ་པ་དང་། བཟླས་པ་དང་། མཆོད་པ་དང་། བསྟོད་པ་བྱས་ནས་སླར་ཡི་གེ་ཞུ་བའི་འཁྲུལ་འཁོར་བསྒྲུབ་བྱའི་མིང་དང་སྤེལ་བ་ཞི་བ་ལ་གྲོག་མཁར་གྱི་ས་ལས་བྱས་པའི་གཟུགས་བརྙན་ནམ། རྒྱས་པ་ལ་ཁམ་པ་ལས་བྱས་པའི་གཟུགས་
བརྙན་ནམ། དབང་ལ་ཙནྡན་ལས་བྱས་པའི་གཟུགས་བརྙན་ནམ། མངོན་སྤྱོད་ལ་དུར་ཁྲོད་ཀྱིས་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་བཅུག་ལ་ལས་བཅུ་གཉིས་བྱས་ན་གྲུབ་པར་འགྱུར་རོ། །ལེའུ་བཞི་བཅུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །།
དེ་ལྟར་དཔའ་བོ་དང་རྣལ་འབྱོར་མའི་སྔགས་ཀྱི་འཁོར་ལོ་བཤད་ནས་ཉེ་བའི་སྔགས་ཀྱི་འཁོར་ལོ་བཤད་པ་ནི། དེ་ནས་དཔའ་བོའི་མེ་ཏོག་ཆུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲོ་གའམ་རས་སམ་སྨད་ཤམ་མམ་དུར་ཁྲོད་ཀྱི་རས་ལ་གཞལ་ཡས་ཁང་དང་
བཅས་པའི་ལྷ་དྲུག་ཅུ་རྩ་གཉིས་ཀྱི་འཁྲུལ་འཁོར་བཀོད་ནས་སྙིང་པོ་རེ་རེའི་ཤར་ཕྱོགས་སུ་ཧ་གཉིས། བྱང་ཕྱོགས་སུ་ཧི་གཉིས། ནུབ་ཕྱོགས་སུ་ཧོ་གཉིས། ལྷོ་ཕྱོགས་ཀྱི་ཧེ་གཉིས་ཀྱི་དཔའ་བོ་དང་དཔའ་མོའི་སྙིང་པོ་ཐམས་ཅད་ལ་ཧ་བརྒྱད་ཀྱིས་བསྐོར་བ་ནི་
དཔའ་བོ་དང་དཔའ་མོའི་ཉེ་བའི་སྔགས་ཀྱི་འཁོར་ལོ་སྟེ་ལས་བཅུ་གཉིས་བྱེད་པར་འགྱུར་རོ། །འཁྲུལ་འཁོར་དེ་བྱེད་པའི་ཚེ་ལིངྒའི་སྙིང་གར་འཁྲུལ་འཁོར་དེ་བཅུག་ནས་བདག་ཉིད་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །ཇི་ལྟར་བསྒོམ་པར་བྱ་སྙམ་ན།
དཔའ་བོ་དང་རྣལ་འབྱོར་མ་བསྙེན་སྒྲུབ་བཞིས་སྦྱངས་ལ་མེ་ཏོག་དང་ཆུ་ནི་རཀྟ་དང་ཤུཀྲ་སྟེ་ཨ་ཝ་དྷཱུ་ཏཱིའི་སྒོར་ཕྱིན་པ་འཐུངས་ནས་ཞེས་བྱ་བ་གྱེན་དུ་བཟློག་པ་ལ་ཏིང་ངེ་འཛིན་བསྒོམ་པར་བྱའོ། །བཟློག་པའི་ཐབས་གང་ཡིན་ཞེ་ན། འཐུངས་ནས་སྔགས་ནི་རྗེས་དྲན་
Vol. 17 · folio 436a
བྱ། །ཞེས་བྱ་བ་སྨོས་ཏེ། ཧ་ཧ་རྣམ་པ་བརྒྱད་ཀྱིས་སོ། །དུས་ནམ་གྱི་ཚེ་ཞེ་ན། ཕྱག་རྒྱ་ལན་ཅིག་སྒྲུབ་པ་པོས། །མཚན་མོ་རྟག་ཏུ་རོ་མཆོག་སྤྱད། །ཅེས་བྱ་བ་གསུངས་ཏེ། ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་ཚེ་རླུང་ནང་དུ་
འཇུག་པའི་ཚེ་ནི་མཚན་མོ་ཡིན་ལ། རླུང་གྱེན་དུ་བཟློག་ན་བྱང་ཆུབ་སེམས་ཀྱི་རོ་མྱང་བར་བྱའོ། །སྔགས་གསུམ་བྱ་བ་འདི་ཉིད་ཀྱི། །ཞེས་བྱ་བ་ནི་དགའ་བ་དང་མཆོག་དགའ་དང་ལྷན་ཅིག་སྐྱེས་དགའ་ནི་ཡིད་སྐྱོབ་པར་བྱེད་པའི་སྔགས་ཡིན་ལ། དགའ་བ་གསུམ་
པོ་དེ་ཉིད་ཀྱི་ཚེ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཆུའི་ལུས་བདེ་བ་དང་ཡིད་བདེ་བ་ཐོབ་པར་འགྱུར་རོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། འཐུངས་དང་དེ་བཞིན་སྦྱིན་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔའ་མོའི་མེ་ཏོག་དང་དཔའ་བོའི་བྱང་
ཆུབ་ཀྱི་སེམས་གྱེན་དུ་བཟློག་པ་འཐུངས་པ་ཡིན་ལ་སྦྱིན་པ་ནི་དགའ་བྲལ་དུ་གྱུར་པའོ། །དེའི་རྒྱུ་གང་ཡིན་ཞེ་ན། རེག་དང་ལྷན་ཅིག་ནག་མོ་ཆེ། །ཞེས་བྱ་བ་སྨོས་ཏེ། རེག་པ་ནི་ཨ་ཝ་དྷཱུ་ཏཱིའི་སྒོ་ཕྲད་པས་དགའ་བའོ། །ལྷན་ཅིག་ནག་མོ་ནི་ཡུམ་རྡོ་རྗེ་ཕག་མོ་བསྒོམ་
པའི་ཤེས་རབ་བདེ་བས་ཁྱབ་པ་ནི་མཆོག་དགའོ། །བདེ་བས་ཚངས་པར་སྤྱོད་པར་འགྱུར་བ་ནི་ཡིད་བདེ་བ་ལྷན་ཅིག་སྐྱེས་དགའ་ལ་བདེ་བའི་རྒྱས་བཏབ་པས་ཚངས་པར་སྤྱོད་པའོ། །བཞད་པའི་ཕྱག་རྒྱས་བསྒྲུབ་བྱ་བ་ནི་གལ་ཏེ་དགའ་བྲལ་དུ་སོང་ན་ཧ་རྣམ་པ་བརྒྱད་ཀྱིས་བཞད་པའི་
ཕྱག་རྒྱས་རླུང་གྱེན་དུ་བཟློག་པའོ། །ལྟ་བའི་བསྙེམས་པས་གྲགས་ལྡན་པ། །ཞེས་བྱ་བ་ནི་མིག་གི་ཕྱག་རྒྱས་མིག་བཙུམ་པར་བྱའོ། །ངག་དང་མིག་གི་ཕྱག་རྒྱས་དུས་ནམ་གྱི་ཚེ་བྱ་ཞེ་ན། མཚན་མོའམ་དེ་བཞིན་ཉིན་མོའམ། འདི་ནི་བཞད་པ་དག་ཏུ་བྱ། །ཞེས་བྱ་བ་ནི་
མཚན་མོ་དབུགས་རྔུབ་པ་དང་། ཉིན་མོ་དབུགས་འབྱུང་བའི་དུས་སུ་གཉི་གར་ཡང་རླུང་གི་འཁྲུལ་འཁོར་བཞད་པ་དག་གི་ཕྱག་རྒྱ་དང་ལུས་ཀྱི་འཁྲུལ་འཁོར་བྱ་བ་ཡིན་ནོ། །དེ་ལྟར་རྒྱས་པར་བཤད་ནས། ཤིན་ཏུ་རྒྱས་པར་བཤད་པ་ནི། །གཟུགས་དང་ལས་ཀྱི་གསང་བ་
Vol. 17 · folio 436b
གང་། །ཇི་ལྟར་གནས་པའི་དཔའ་བོ་ཉོན། །ཞེས་བྱ་བ་གསུངས་ཏེ། དགའ་བ་བཞི་བརྙེས་པའི་གཟུགས་ཀྱི་རྟོག་པ་དང་། བྱང་ཆུབ་སེམས་བཟློག་པའི་གསང་བའི་ཐབས་གང་ཡིན་པ་ཇི་ལྟར་གནས་པའི་ལག་ན་རྡོ་རྗེ་དཔའ་བོ་ཁྱོད་ཉོན་ཅིག་ཅེས་པས་སོ། །རྟག་ཏུ་དེ་
ཡིས་མཆིལ་མ་འབྱུང་། །ཞེས་བྱ་བ་ནི་དགའ་བའི་དུས་སུ་རྔུལ་འབྱུང་བ་དང་། བ་སྤུ་ལངས་པ་དང་། དགའ་བའི་རྡོ་རྗེ་ལས་བྱང་ཆུབ་སེམས་བསྒོམ་ཞིང་འདའ་བར་མི་བྱེད་པ་དང་། ཕྱོགས་ཀྱི་གོས་ཀྱིས་མཆོད་པར་བྱའོ། །དེ་ལ་གཟུགས་ཀྱི་རྟགས་བཤད་པ་ནི།
གཡོན་པའི་དབང་ཕྱུག་ཐམས་ཅད་ཀྱི། །ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་དང་ཞིང་དང་སྔགས་ལས་སྐྱེས་པ་རྣམས་སོ། །ཐམས་ཅད་དུ་ཕྱག་རྒྱའི་ཚོགས་དེ་དག་ལ་རིམ་གྱིས་དབུགས་འབྱིན་པ་དང་སྡུད་པ་དང་ལྡན་པ་ནི་དགའ་བའི་རྟགས་སོ། །དགོད་པ་ནི་མཆོག་
དགའི་རྟགས་སོ། །སྒེག་པ་ནི་ལྷན་ཅིག་སྐྱེས་པའི་རྟགས་སོ། །དཔའ་བོའི་ངོ་མཚར་བ་ནི་དགའ་བྲལ་གྱི་རྟགས་སོ། །དེ་ཡང་དགའ་བ་བཞིའི་དུས་ཀྱི་དབང་དུ་མཛད་ནས། སྣ་ཚོགས་དང་པོར་བྱས་ནས་ནི། །ཞེས་བྱ་བ་གསུངས་ཏེ། དང་པོ་རྣམ་པ་སྣ་ཚོགས་སོ། །
གཉིས་པ་ནི་རྣམ་པར་སྨིན་པའི་དུས་སོ། །གསུམ་པ་ནི་མཚན་ཉིད་དང་བྲལ་བའི་དུས་སོ། །བཞི་པ་རྣམ་པར་ཉེད་པའི་དུས་སོ། །ཕྱག་རྒྱ་དང་མཉམ་པར་སྦྱར་བའི་ཚེ་དགའ་བྲལ་དུ་གྱུར་ན་སྔགས་རྗེས་སུ་དྲན་པར་བྱའོ། །དེ་ལྟར་གཟུགས་ཀྱི་རྟགས་བཤད་ནས། ལས་ཀྱི་གསང་བ་
གསུངས་པ། ཧ་ཧ་ཧེ་ཧེ་རྣམ་པ་བརྒྱད། །ཅེས་བྱ་བ་གསུངས་སོ། །ཧ་ཧ་དང་ཧོ་ཧོ་ཧཱུཾ་ཧཱུཾ་ཧེ་ཧེ་བརྒྱད་དོ། །དེ་དུས་ནམ་གྱི་ཚེ་ཉེ་བར་བརྟག་ཅེ་ན། སྣ་ཚོགས་དགོད་དང་དབང་མཆོག་དགའ། །ཞེས་བྱ་བ་གསུངས་ཏེ། རྣམ་པ་སྣ་ཚོགས་དང་། དགོད་པ་རྣམ་པར་སྨིན་པ་དང་། དབང་
མཆོག་གི་མཚན་ཉིད་དང་བྲལ་བ་དང་། དགའ་བ་ནི་རྣམ་པར་སྤྱོད་པའོ། །དུས་དེའི་ཚེ་ཧ་བརྒྱད་ཀྱིས་ཉེ་བར་བསྟན་པར་བྱའོ། །ལྟ་བའི་བསྙེམས་པས་མིག་གིའོ། །ཕྱག་རྒྱ་ཇི་ལྟར་བྱ་ཞེ་ན། གྲུབ་པར་བྱེད་པ་རབ་ཏུ་བསྔགས། །ཞེས་བྱ་བ་སྨོས་ཏེ། མིག་བཙུམས་པའི་ཕྱག་རྒྱའོ། །དེས་ཅིར་འགྱུར་ཞེ་ན།
Vol. 17 · folio 437a
དེ་ཉིད་ཀྱི་དགའ་བར་འགྱུར་ཏེ་ཞེས་བྱ་བ་སྨོས་ཏེ། བསམ་གཏན་གྱི་བདེ་བ་མི་ཉམས་པར་གྱུར་པའི་སྔགས་དང་། ཕྱག་རྒྱ་ལེགས་པར་སྦྱར་ཞེས་བྱ་བ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའི་ཡིད་སྐྱོབ་པར་བྱེད་པའི་སྔགས་ནི་རྟོག་པ་དང་བྲལ་བའོ། །གནས་སྐབས་གང་གི་ཚེ་
ཞེ་ན། གཙོ་བོ་རྣམས་དང་དཔའ་བོ་ཡི། །ཡུམ་དང་ལྷན་ཅིག་འབྱུང་བདེ་བ། །ཞེས་བྱ་བ་གསུངས་ཏེ། དཔའ་བོ་ཉི་ཤུ་རྩ་བཞི་དང་དཔའ་མོ་ཉི་ཤུ་རྩ་བཞི་ཚོགས་ཀྱི་འཁོར་ལོ་བྱེད་པའི་གནས་སུ་དགའ་བ་རྣམ་པ་གསུམ་གྱིས་ལྷན་ཅིག་འབྱུང་བའི་བདེ་བའོ། །རྡོ་རྗེ་གོམས་པར་མི་བྱ་བ་
ནི་དགའ་བྲལ་དུ་མ་གྱུར་པས་གཡོན་པའི་རྣལ་འབྱོར་པས་ཡོངས་སུ་བརྟགས་པའི་བདེ་བའི་ཏིང་ངེ་འཛིན་བསྒོམས་ནས་འཁྲུལ་འཁོར་གྱི་ལས་བཅུ་གཉིས་བྱའོ། །ལེའུ་བཞི་བཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ཧ་བརྒྱད་ཀྱི་འཁྲུལ་འཁོར་བཤད་
ནས། དཔའ་བོ་ཉེ་བའི་སྙིང་པོའི་འཁྲུལ་འཁོར་གྱི་ལས་བཤད་པ་ནི། དེ་ནས་ལྟ་བ་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྐྱེད་རྫོགས་ཀྱི་མཚན་ཉིད་མ་ཐོབ་པའི་རྣམ་པ་ལ་ཡི་གེ་བདུན་པའི་འཁྲུལ་འཁོར་ལ་སྦྱོར་བའི་ཚེ་དཔའ་བོ་དང་དཔའ་མོ་རྣམས་ཀྱི་སྤྱན་གྱིས་གཟིགས་
ནས་བྱིན་གྱིས་རློབ་པར་འགྱུར་རོ། །དཔའ་བོ་དང་ནི་གཉིས་མེད་མིན། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བསྒོམ་པའི་རྣལ་འབྱོར་པའོ། །གནས་ཀྱི་དབྱེ་བ་ཆོ་ག་ཞེས་བྱ་བ་ནི་ལུས་ཀྱི་དཀྱིལ་འཁོར་བསྒོམ་ཞེས་པའོ། །སྒོམ་པ་རྟག་ཏུ་མངོན་དགའ་བ། །
ཞེས་བྱ་བ་ནི་གོ་ཆ་བསྐོན་པའོ། །ཡེ་ཤེས་སེམས་དཔའ་གཞུག་པ་དང་དབང་བསྐུར་བ་དང་ཏིང་ངེ་འཛིན་བསྒོམ་པ་ལ་དགའ་བའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། ལམ་གྱི་བཞི་མདོའམ་ཁྱིམ་མམ་རི་བོའམ་གནས་གང་ཡང་རུང་བར་རྣལ་འབྱོར་པ་གནས་པའི་ཚེ་
མཁའ་འགྲོ་མ་སུམ་ཅུ་རྩ་བདུན་གྱིས་རིང་པོར་གནས་ཀྱང་གཟིགས་ཤིང་བྱིན་གྱིས་བརླབས་པར་འགྱུར་རོ། །ཐབས་ཇི་ལྟ་བུ་དང་ལྡན་པར་གཟིགས་ཤེ་ན། ཕྱག་རྒྱ་གཅེར་བུས་མཆོད་པ་ཡིན། །ཕྱག་རྒྱ་དང་གཉིས་སུ་མེད་པའི་རྣལ་འབྱོར་པ་སྟེ། མཆོད་པའི་ལས་དེ་ཉིད་ཀྱིས་
Vol. 17 · folio 437b
གྲོལ་བར་འགྱུར་རོ། །ཆ་བྱད་ཇི་ལྟ་བུ་ཞེ་ན། གོས་གཞན་དག་གིས་བཀབ་ནས་སུ། །ཞེས་བྱ་བ་གསུངས་ཏེ། ནམ་མཁའི་གོས་ཀྱིས་བཀབ་ནས་ལས་ཀྱི་ཕྱག་རྒྱ་དེ་དང་ཡང་དག་པར་རེག་ཅིང་ལུས་དང་ཡིད་བདེ་བའི་འདོད་པ་ལ་སྤྱད་པར་བྱའོ། །དེ་བཞིན་སྐྲ་ནི་གྲོལ་འགྱུར་བས། །
ཞེས་བྱ་བ་ནི་དཔའ་བོ་དང་དཔའ་མོ་སྐྲ་གྲོལ་བའི་གོ་ཆ་དྲུག་གིས་རྒྱས་བཏབ་པའོ། །ལས་རྣམས་ཐམས་ཅད་བརྩམ་པར་བྱ། །ཞེས་བྱ་བ་ནི་ཡི་གེ་བདུན་པའི་འཁྲུལ་འཁོར་དང་། ལས་བཅུ་གཉིས་བརྩམ་པར་བྱའོ། །དེ་ལྟར་རྒྱས་པར་བཤད་ནས་ཤིན་ཏུ་རྒྱས་པར་བཤད་པ་ནི།
རྩ་བའི་སྔགས་དང་དེ་བཞིན་གཞན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་དུ་ལས་བཅུ་གཉིས་ཀྱི་བསྙེན་པ་བཤད་པར་བཞེད་ནས་རྩ་བའི་སྔགས་ཀྱི་འཁྲུལ་འཁོར་དང་དེ་བཞིན་དུ་བསྡུས་པ་དང་། ཡུམ་གྱི་ཉེ་བའི་སྙིང་པོ་བཞི་དང་གོ་ཆའི་སྔགས་གཉིས་དང་གནོད་མཛེས་ཀྱི་སྔགས་
གཉིས་ནི་གཞན་ཞེས་བྱའོ། །འཁྲུལ་འཁོར་དེ་རྣམས་འཆིང་བས་ན་ཐོག་མར་ཕྱོགས་བཅིང་པ་དང་སྲུང་བའི་འཁོར་ལོ་བྱས་ལ་ལྷའི་ཡུལ་སུམ་ཅུ་རྩ་གསུམ་པ་རྣམས་དང་གཟའ་དང་སྐར་མ་ལ་སོགས་པ་ལྷའི་ཚོགས་རྣམས་ཀྱིས་མཐོང་བར་མི་འགྱུར་གྱི་འཁྲུལ་འཁོར་གྱི་ལྷ་
མཆོད་པར་བྱའོ། །བསྙེན་པའི་ལྷ་ལ་མཐོང་བ་དང་། རེག་པ་དང་། ཐོས་པའི་མཚན་མ་ཐོབ་ནས་སྙིམ་པ་མེ་ཏོག་གིས་བཀང་སྟེ། ས་ལ་ལྷུང་བར་མ་མཐོང་བ་དེའི་ཚེ་གནས་དང་ཉེ་བའི་གནས་ན་གནས་པའི་ཐུགས་ཀྱི་འཁོར་ལོའི་མཁའ་འགྲོ་མ་སྟོང་ཕྲག་གི་གནས་
མཁའ་སྤྱོད་ལ་གནས་པར་འགྱུར་རོ། །ལྷའི་སྐུ་གསུང་གི་ཐད་ཀར་གནས་ཤིང་ས་ལ་མི་ལྟུང་ན་གསུང་གི་དབང་ཕྱུག་མ་འགྲུབ་པར་འགྱུར་རོ། །ས་ལ་མི་སྣང་ན་འོག་གི་དངོས་གྲུབ་ལྷ་དང་ལྷ་མ་ཡིན་གྱི་གཏམ་ཤེས་ཤིང་ས་འོག་གི་ཀླུ་ལ་སོགས་པ་དང་སྐར་མ་རྒྱུ་བ་
ཤེས་པར་འགྱུར་རོ། །མཚན་མ་ཐོབ་པའི་རྣལ་འབྱོར་པ་དེ་ཡུལ་དང་དགོན་པ་དང་བཞི་མདོ་དང་ཤིང་གཅིག་དང་དཔའ་བོའི་ཁྱིམ་ལ་སོགས་པ་རྣམས་སུ་ཡི་གེ་བདུན་པའི་འཁྲུལ་འཁོར་ལག་པ་གཡོན་པའི་མཐིལ་དུ་བྲིས་ན་ལྷ་དང་མི་སུས་ཀྱང་མཐོང་བར་མི་འགྱུར་རོ། །དེ་བས་ན་ཡུལ་ཕྱོགས་
Vol. 17 · folio 438a
དེ་དག་ཏུ་སྒྲུབ་པ་པོ་རྟག་ཏུ་གནས་ཀྱང་འཇིགས་པ་དང་བཅས་པར་མི་འགྱུར་རོ། །ཤིང་དྲུང་ཁ་དོག་དམར་བསམས་ན། །ཞེས་བྱ་བ་ནི་རྣལ་འབྱོར་པའི་ལུས་ཁ་དོག་དམར་པོར་བསམས་ནས་སྙིང་གར་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ན་མངོན་པར་ཤེས་
པར་འགྱུར་རོ། །མི་ཕྱེད་པར་འགྱུར་མྱུར་བར་ཞེས་བྱ་བ་ནི་བདུད་དང་བར་ཆད་རྣམས་ཀྱིས་བྱེད་པར་མི་འགྱུར་ཞིང་མྱུར་དུ་གྲུབ་པར་འགྱུར་རོ། །ས་འཛིན་རྣམས་ཀྱང་གཞན་དུ་མིན། །ཞེས་བྱ་བ་རླུང་ནི་རྒྱུན་ལས་བཟློག་ཀྱང་སྲིད། ཉི་མ་དང་ཟླ་བ་ནི་ས་ལ་ལྟུང་ཡང་སྲིད་
ཀྱིས་ས་འཛིན་རྡོ་རྗེ་འཆང་རྣམས་ཀྱི་བཀའ་ནི་གཞན་དུ་འགྱུར་བ་མ་ཡིན་ནོ། །སྙིང་གར་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ནས་བདེན་པ་བདར་ནས་ས་ལ་ཀུ་ཤའི་སྟན་ལ་ཉལ་ཏེ་སྔགས་བརྒྱ་རྩ་བརྒྱད་བཟླས་ན་ལྷས་བསྟན་པའི་རྨི་ལམ་མཐོང་བར་འགྱུར་རོ། །
དེ་ཡང་དུས་མ་ཡིན་པར་འཆི་བ་དང་། གཞན་གྱི་གནོད་པས་འཆིང་བ་དང་། ནད་ཀྱིས་བཏབ་པ་དང་། རྙེད་པ་དང་བཀུར་སྟི་ལ་སོགས་པའི་བྱ་བ་གང་ཡང་རུང་བ་རྣམ་པ་སྣ་ཚོགས་རྨི་ལམ་དུ་སྟོན་པར་འགྱུར་རོ། །དེ་བཞིན་དུ་སྔགས་བཟླས་ནས་རལ་གྲི་ལ་ཡི་གེ་བདུན་
པའི་འཁྲུལ་འཁོར་བཀོད་པའམ་ཆུ་ལ་བཀོད་པའམ། མཐེ་བོང་ལ་བཀོད་པའམ། མར་མེ་དང་མེ་ལོང་ལ་བཀོད་ནས་པྲ་ཕབ་ན་པྲ་སེ་ན་གསལ་བར་འབེབས་པར་འགྱུར་རོ། །བྱིས་པ་གཞོན་ནུ་མའི་མིག་ལ་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ནས་སྔགས་ལན་བདུན་
བཟླས་ན་དགེ་བ་དང་མི་དགེ་བ་སྟོན་པར་འགྱུར་རོ། །དེ་ལྟར་ལས་གཉིས་པ་བཤད་ནས་ལས་གསུམ་པ་ནི། དེ་ནས་དཔའ་བོ་ཡི་གེ་བདུན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལག་པའི་མཐིལ་དུ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་བདུན་པའི་འཁྲུལ་
འཁོར་བཀོད་ནས་ཡི་གེ་ཤེལ་གྱི་ཕྲེང་བ་ལྟ་བུ་འོད་ཟེར་འཕྲོ་བར་བསམས་ནས་སྙིང་གར་ཡི་གེ་ཀཾ་ལས་ནད་ཀྱི་གཟུགས་རིད་པ་གནག་པ། སྐྲ་སེར་བ་བསམས་ལ། ཨོཾ་ཛྭ་ལ་དོ་ཤཱ་ཡ་ཕཊ་ཅེས་བྱ་བས་ནད་མཐེ་བོང་ཙམ་དུ་ཞུ་ནས་ནད་ལས་གྲོལ་བར་བསམ་པར་བྱའོ། །ལས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words