དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་བསྡུས་པ་ཞེས་བྱ་བའི་རྣམ་པར་བཤད་པ
Sanskrit title (Tibetan script, as in the text) ཤྲཱི་ཙཀྲ་སམྦ་ར་ཏནྟྲ་རཱ་ཛ་སུ་ཀ་ར་ཧ་ས་མུཙྪ་ནཱ་མ་བྲྀཏྟི
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 18 · folio 54b
སྦས་པ་གསལ་བར་བྱེད་པས། སྣོད་གཅིག་ཏུ་ཟ་བའི་གཙང་སྦྲ་བདུད་རྩི་བླ་ན་མེད་པ་བསྟེན་པ་ཙམ་གྱིས་དངོས་གྲུབ་མྱུར་དུ་ཐོབ་ཐབས་བཤད་པར་བྱ་ཞེས་མཁའ་སྤྱོད་དང་ས་སྤྱོད་ས་འོག་ལ་སོགས་པ་མངོན་དུ་བྱེད་ལ། ཕྱག་རྒྱ་ཆེན་པོ་རྡོ་རྗེའི་སྐུ་མྱུར་བ་ཉིད་དུ་འཐོབ་པ་སྟེ་མདོར་བསྟན་པའོ། །ད་ནི་
རྒྱས་པར་བཤད་པ་ལ། སྐྱེས་བུ་གང་ཞིག་ཅེས་པ་ནས། སྐྱེ་བ་བདུན་པའི་མཚན་ཉིད་བསྟན་པ་ལས། རྟགས་ཉེ་བར་མཚོན་པ་ངེས་པ་ནི། ངང་པའི་འགྲོས་ལྟར་དལ་གྱིས་འགྲོ་བ་དང་། དེའི་གྲིབ་མའང་མདུན་དུ་འགྱུར་བ་ཉིད། དེ་ནི་སྐྱེ་བ་བདུན་དུ་མིར་འགྱུར་བ་ཡིན་ཏེ་ངོ་བོ་ཉིད་ཀྱིས་སྙིང་རྗེ་དང་ལྡན་
པ་རྒྱུད་མི་འགྱུར་བའོ། །རོ་ཙ་ན་ཡོད་དེ་ནི་བསོད་ནམས་ཀྱི་རྒྱུ་མཐུན་ལས་བྱུང་བ་ལས། དཔལ་ཧེ་རུ་ཀའི་སྙིང་པོའི་སྔགས་བཟླས་ནས་ཐིག་ལེ་བྱས་ན་ཞེས་པ་ཡི་གེ་འབྲུ་ཉེར་གཉིས་པའི་ཆེ་བ་སྟོན་པ། དངོས་པོ་ལྐོག་ཏུ་སྟོན་པའི་རྫས་སུ་ཕྲ་རགས་དུ་མ་ཤེས་པ་ནི་འཇིག་རྟེན་གསུམ་གྱི་ཡེ་ཤེས་ཅན་དུ་འགྱུར་
བའི་དོན་ཏོ། །དེ་བསྟེན་པ་ཙམ་གྱིས་འབྱུང་བ་ཆུའི་ཁམས་དངས་པས་རྡོ་རྗེ་རིགས་ཀྱི་ནུས་པ་བརྟན། ནད་བད་ཀན་ཞི། ཞེ་སྡང་དག་པའོ། །སའི་ཁམས་དངས་པས་རིན་ཆེན་རིགས་ཀྱི་ནུས་པ་བརྟན། ནད་མཁྲིས་པ་ཞི། སེར་སྣ་ང་རྒྱལ་དག་པའོ། །མེའི་ཁམས་དངས་པས་ཆོས་ཀྱི་རིགས་ཀྱི་
ནུས་པ་བརྟན། ཁྲག་འཁྲུགས་ཞི། འདོད་ཆགས་དག །རླུང་གི་ཁམས་དངས་པས་ལས་ཀྱི་རིགས་ཀྱི་ནུས་པ་བརྟན། རླུང་ནད་ཞི། ཕྲག་དོག་དག་པའོ། །འབྱུང་བཞི་དག་པས་ནམ་མཁའ་ཤིན་ཏུ་དངས་པར་འགྱུར། དེ་བཞིན་གཤེགས་པའི་རིགས་ཀྱི་ནུས་པ་བརྟན། འདུས་པའི་ནད་ཞི། ཉོན་མོངས་
པ་གཏི་མུག་མ་རིག་པ་རང་སར་དག་པའོ། །ལུས་ཀྱི་སིཧླ་དངས་པས། ཉི་མ་ལྟ་བུའི་དྲོད་དང་མདངས་བརྟན། ཕྱིར་དབྱུང་བའི་རླུང་དབུ་མར་ཚུད། ལུས་ཀྱི་ག་བུར་དངས་པས། ཟླ་བ་ལྟར་བསིལ་ཞིང་ནུས་པ་བརྟན། རླུང་ནང་དུ་འཇུག་པ་ལ་དབང་ཐོབ་པས་དབུ་མར་ཆུད་པས། ཆགས་སྡང་ཕྲ་བ་ཞི་བར་
འགྱུར་བའོ། །སྲོག་རྩོལ་དབུ་མར་ཆུད་པས་ཡེ་ཤེས་ཀྱི་རླུང་དུ་གྱུར་པའོ། །གང་དང་གང་འདོད་པ་དེ་དང་དེ་འཐོབ་པར་འགྱུར་རོ་ཞེས། དབང་ཕྱུག་བརྒྱད་ལྡན་སློབ་པའི་ཟུང་འཇུག་མངོན་དུ་གྱུར་པའོ། །འབྲས་སཱ་ལུ་ལ་གཟུགས་བརྙན་སྤྲོ་བའི་དོན་གསོལ་བ་བཏབ་པས་འགྲུབ་པར་འགྱུར་བའོ། །
Vol. 18 · folio 55a
འདིས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཕྲིན་ལས་མྱུར་དུ་གྲུབ་པར་བྱེད་པ། བྱིན་རླབས་ཚད་མེད་པའི་ནུས་པ་བསྟན་པ་སྟེ། སྐྱེ་བ་བདུན་པའི་མཚན་ཉིད་ཀྱི་ཆོ་ག་ནི་རིག་པ་འཛིན་པའི་དངོས་གྲུབ་བསྟན་པའོ། །ལེའུ་བཅུ་གཅིག་པའི་རྣམ་པར་བཤད་
པའོ།། །།དེ་ལ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་གསང་སྔགས་རང་གི་ངོ་བོ་ཉིད་གོང་དུ་མདོར་བསྟན་པའི་ཚུལ་དུ་བསྟན་ནས། དེ་ནས་ཞེས་དཔལ་ཧེ་རུ་ཀའི་སྙིང་པོའི་སྔགས་ཀྱི་རྗེས་ཐོགས་སུ་བསྟན་པ། ཉེ་བའི་སྙིང་པོ་ནི་གསང་བ་ཡི་གེ་བདུན་པ། སྐུ་གསུང་ཐུགས་ཀྱི་སྙིང་པོ་ཀུན་དུ་བསྐུལ་
བ་དེ་ཉིད་དེ། དངོས་གྲུབ་ནི་གཉིས་ཏེ། མཆོག་དང་ཐུན་མོང་ལས་ཐམས་ཅད་ནི་འོག་ནས་འབྱུང་བའི་ལས་ཚོགས་མྱུར་དུ་གྲུབ་པ་ཐོབ་བྱེད་ཅིང་ནི་བསམ་གཏན་སྔགས་དང་འབྲེལ་པས་སོ། །འཇིག་རྟེན་གསུམ་ནི་ས་འོག་གི་ཀླུ་དང་། ས་སྟེང་གི་གནོད་སྦྱིན་དང་ས་བླ་ལྷ་སྟེ་དེ་དག་གི་ཡོན་ཏན་དང་
ནུས་པ་གང་ཅུང་ཟད་ཅི་ཡོད་པ་མ་ལུས་པ་དེ་ཀུན་གྱི་མཐུ་སྟོབས་སྐད་ཅིག་གིས་འགྲུབ་པ་བཤད་པ་བསྙེན་སྒྲུབ་མཐར་ཕྱིན་པའི་དེ་ཉིད་ཀྱིས་སོ། །འདི་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དང་རྗེ་བཙུན་མ་དང་དཀྱིལ་འཁོར་པ་དང་བཅས་པའི་སྙིང་པོའི་ཉེ་བའི་སྙིང་པོའོ། །དེ་ཉིད་བྱང་ཆུབ་ཡན་ལག་བདུན་
དག་པའོ། །སྔགས་གོ་བཟློག་པ་ནི་བླ་མ་ལ་རག་ལུས་པར་བྱ་བའི་ཕྱིར་རོ། །ཨོཾ་ཧྲཱིཿ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་གསང་བའི་སྙིང་པོ་བསྡུས་པ་སྟེ། ལྷའི་རྣལ་འབྱོར་བསྟན་པ། གནས་དང་བདག་དང་རྣལ་འབྱོར་བསྲུང་བ་སྔོན་དུ་འགྲོ་བས། ཚོགས་གཉིས་དང་ལྡན་པས། རྟེན་དང་བརྟེན་པའི་ཕོ་བྲང་དཀྱིལ་
འཁོར་བ་ལྟ་བར་བྱ་སྟེ། མངོན་པར་བྱང་ཆུབ་པ་ལྔས་སམ། ཡང་ན་ཡིག་འབྲུ་ས་བོན་ཙམ་ལས་གྲུབ་པ་ནི། འཁོར་ལོ་རྩིབས་དྲུག་པའི་དབུས་སུ་ཧཱུཾ་དཔལ་ཧེ་རུ་ཀ་ཞལ་གསུམ་པ། སྐུ་དང་རྩ་ཞལ་མཐིང་ག་གཡས་ཞལ་གསེར་མདོག །གཡོན་ཞལ་མརྒཏ་ལྟ་བུ། ཞལ་རེ་ལ་སྤྱན་གསུམ་གསུམ་མངའ་བ།
ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་མ་ཏོག་བནྡྷུརི་ཀ་ལྟ་བུ་ལ་འཁྱུད་པ་ཕྱག་གཡས་གཡོན་བར་མ་ན་མདུང་རྩེ་གསུམ་པ་དང་ཀ་པཱ་ལའོ། །ཐ་མ་གཉིས་ཀྱིས་ཞིང་ཆེན་གཡང་གཞི་བརྒྱངས་པ་འཛིན་པ། རྗེ་བཙུན་མ་ནི་གྲི་གུག་ཐོད་པ་ཅན་སྐུ་ལ་རྡོ་རྗེ་པདྨ་མཉམ་པར་
Vol. 18 · folio 55b
སྦྱར་བ། གཙོ་བོ་ཞབས་གཡས་བརྐྱང་བས་དུས་མཚན་བརྫིས་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སུམ་བལྟབ་ཏུ་མནན་པ། རུས་པའི་ཕྱག་རྒྱ་དྲུག་དང་། རལ་པའི་ཐོར་ཚུགས་ལ་ཟླ་ཚེས་སྣ་ཚོགས་རྡོ་རྗེ་དང་། ཐོད་པ་སྐམ་པོ་ལྔ་དང་། རྩེ་མོར་ནོར་བུ་ཆེན་པོས་སྤྲས་པའོ། །མི་མགོ་རློན་པ་
ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། འོད་ཀྱི་ཕྲེང་བས་འཁྲིགས་པར་བལྟའོ། །མདུན་དུ་ཕཊ་ལས་ཁྲག་འཐུང་མ་མཐིང་ག་དང་། ཧཱུཾ་ལས་རྡོ་རྗེ་འཇིགས་བྱེད་མ་གསེར་མདོག་དང་། ཧ་ལས་རྡོ་རྗེ་དྲག་གཏུམ་མོ་ལི་ཁྲིའི་མདོག་དང་། ཡང་ཧ་ལས་རྡོ་རྗེ་འོད་ལྡན་མ་མརྐཏ་མདོག་དང་། ཧྲིཿ ལས་རྡོ་རྗེ་དྲག་
འབར་མ་དུད་ཀ་དང་། ཨོཾ་ལས་རྡོ་རྗེ་ཌཱ་ཀི་ནི་པུཎྜ་རཱི་ཀ་ལྟ་བུ་སྟེ། དེ་རྣམས་ཀྱང་ཞལ་གཅིག་པ་ཕྱག་བཞི་མ་སྤྱན་གསུམ་གསུམ་པ། དང་པོ་གཉིས་ཀྱིས་ཌ་མ་རུ་དང་དྲིལ་བུ། འོག་མ་གཉིས་ཀྱིས་ཞིང་གི་གཡང་བཞི་གོས་སུ་མནབས་པའི་རྒྱན་ཐམས་ཅད་དང་ལྡན་པའོ། །དེ་ནས་གོ་ཆ་བགོ་བ་དང་།
ཡེ་ཤེས་ཀྱི་འཁོར་ལོ་ཕྲག་གཉིས་སྤྱན་དྲངས་ཏེ་མཆོད་ནས་གཉིས་སུ་མེད་པར་བསྟིམ་པ་དང་། དབང་བསྐུར་ཞིང་རྒྱས་གདབ་པ་རྫོགས་ནས། ལྷ་མོ་སོ་སོའི་ཐུགས་ཀར་ས་བོན་བཀོད་པ་ལས་འོད་ཟེར་སྤྲོ་བསྡུའི་ཚུལ་དུ་བཟླས་པ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱས་པས་དགྱེས་པ་བསྐྱེད་ཅིང་རྣམ་པ་
གསལ་བར་དམིགས་པ་བྱ་བ་ཉིད་དོ། །བཟླས་ཐབས་ནང་དང་ཕྱི་ལས། གསང་སྔགས་འདི་འབུམ་བཟླས་པས་ཞེས་པ་ནི། ཟག་བཅས་ཀྱི་རླུང་ཁྲི་ཕྲག་བརྒྱད་ལས་སུ་རུང་བས། ལྷག་མ་ཟག་པ་མེད་པའི་རླུང་གིས་བྱེད་པ་ཁྲི་ཕྲག་གཉིས་ཀྱི་ཡེ་ཤེས་ཀྱི་རླུང་རྣམས་སུ་གྱུར་པས་ནུས་པ་ཐོབ་པས་ནི་
འཇིག་རྟེན་གསུམ་ཡང་སྟེ་སྲིད་པ་གསུམ་བརྟན་གཡོ་ཐམས་ཅད་གཡོ་བར་བྱེད་དོ་ནི་ལྟས་ཆེན་པོ་བཅྭ་བརྒྱད་འབྱུང་བས་འགྲོ་བ་དབང་དུ་འགྱུར་བའི་ལྷ་དང་བཅས་པ་ལ་སོགས་པའི་དོན་ནི་དབང་པོ་སྒོ་ལྔའི་རླུང་གི་འོད་ལྕགས་ཀྱུ་ལྟ་བུ་ཡུལ་འདོད་ཡོན་ལྔའི་ལྷ་དང་ལྷ་མོ་འགུགས་པར་བྱེད་དོ་ཞེས་ཕོ་ཉ་གྲུབ་
པའི་དབང་ཕྱུག་བསྟན་པའོ། །ཡང་ཕྱི་ནང་གི་ཆུ་ལ་དབང་ཐོབ་པར་བྱ་བ། རྒྱ་མཚོ་ནི་སིཧླ། གླ་རྩི། ཤུ་ཀྲ། ཞག །ཆུ་སེར། རྒྱུས་པ། རྣག་ལ་སོགས་པ་སྟེ། རོལ་མཚོ་ཆེན་པོ་བདུན་ནོ། །ཆུ་བོ་ནི་དེ་དང་ཉེ་བའི་ཆ་མཐུན་པ་དག་སྟེ། གངྒཱ། སིནྟུ། པཀྵུ། ལོ་ཧི་ཏ་སོགས་སོ། །རྫིང་བུ་ནི་གསང་བའི་
Vol. 18 · folio 56a
གནས་ཀྱི་ཐིག་ལེ་འཁྱིལ་བ་སྟེ། ཁམས་སུམ་ཅུ་རྩ་དྲུག་ལ་སོགས་པ་དཔྱིད་དང་ཐིག་ལེའི་རང་བཞིན་གྱིས་སྐེམས་ཤིང་གནོན་པ་འབར་འཛག་གིས་བདེ་སྟོང་དུ་བྱེད་དོ་ཞེས་པའི་དོན་ཏོ། །བསེག་མ་ལ་ཞེས་པ་རླུང་ཕྲ་བ་སྟེ། རྡོ་རྗེའི་བཟླས་པ་བྱས་ཏེ། དམིགས་པས་ཌཱ་ཀི་མའི་
གཟུགས་བརྙན་ལ་བཏབ་ན་ཡུལ་དང་དབང་པོ་རྨོངས་པར་འགྱུར་བ་བས། སྒྲུབ་པ་པོས་གང་དུ་བཟླས་པའི་ལུས་ཀྱི་གནས་དེ་དང་། ཉེ་བའི་གནས་ལ་སོགས་པ་དེར་མཁའ་འགྲོ་མ་ས་འོག་ས་སྟེང་ས་བླའི་དབང་ཕྱུག་མ་ཐམས་ཅད་སྒྲུབ་པ་པོ་རྣལ་འབྱོར་དབང་ཕྱུག་ཕྲིན་ལས་ཐམས་ཅད་མྱུར་དུ་སྒྲུབ་པའི་
མངག་གཞུག་པ་བྱེད་པར་འགྱུར་བའོ། །རང་དང་གཞན་གྱི་སྐྱེ་བ་བརྟག་པར་བྱ་བ་ནི། འདི་ཆུ་ལ་ཡོངས་སུ་བཟླས་ཏེ་ཞེས་པས་ཐོ་རངས་ཀྱི་དུས་སུ་འབྱུང་བ་ཆུ་རླུང་རྒྱུ་བས་རྡོ་རྗེའི་བཟླས་པ་བྱས་ཏེ། བདག་ཉིད་ཀྱི་མིག་བཀྲུས་ན་ཞེས་པ་ཡི་དམ་ཡབ་ཡུམ་གྱི་བདུད་རྩི་མིག་ཏུ་བབས་པས་དྲི་མ་དག་པར་བལྟས་
ན་མཐོང་བ་དག་པར་གྱུར་པས་འགྲོ་བ་སྐྱེ་བ་བདུན་ཤེས་པར་འགྱུར་རོ་ཞེས་གང་ཡིན་ངོས་ཟིན་པར་བྱེད་དོ། །རང་དང་གཞན་གྱི་ཚེ་དང་དབང་ཐང་གི་རིམ་པ་ཤེས་པར་བྱ་བ་ནི། གང་དང་གང་ཚེ་ཟད་ཅིང་ཡུལ་ཉེ་རིང་ཐམས་ཅད་དུ་འཆི་བ་ཉིད་དུ་སྣང་བ་ཡང་། ཚེ་རིང་བ་སྟེ་ཚེ་འཕེལ་བར་བྱ་བར་ནུས་པ་དང་། ཡང་བླ་དང་ཚེ་
སྲོག་དང་བཅས་པ་ཉམས་ལ་འཆར་བས་སྣང་བར་འགྱུར་རོ་ཞེས། འཆི་བ་སླུ་བ་ལ་འབད་པས་ཚེ་གཟུགས་བརྟག་ཅིང་ལེའུ་སོ་བཞི་པར་ཤེས་པར་བྱའོ། །ཡང་དཔལ་ཧེ་རུ་ཀའི་ཡི་གེ་བདུན་པས་མིག་ལ་མངོན་པར་བསྔགས་ནས་ཞེས་རང་དང་མདུན་གྱི་ལྷ་གཉིས་ཀའི་སྤྱན་དབུ་མ་ལ་ཤེས་པ་གཏད་དེ།
དམིགས་པས་གང་ལ་བལྟས་པའི་ལྐོག་ཏུ་འགྱུར་བའི་རྫས་ལ་སོགས་པ་དེ་དག་དབང་པོས་མངོན་སུམ་ལྟར་མཐོང་བར་འགྱུར་རོ་ཞེས་དུས་གསུམ་གྱི་སྤྱོད་ཡུལ་རྟོགས་པའོ། །ཡང་མི་སྣང་བ་བསྒྲུབ་པ་བསྟན་པ་ལ་དཔའ་བོ་ཤི་བའི་ཞེས་པ་ནས་གསུངས་པ་ཡིན་ནོ་ཞེས་པའི་བར་གྱི་དོན་ནི། དཔའ་བོ་ཤི་བ་
ཞེས་བྱ་བ། །དཔའ་བོ་དྲག་པོ་དབང་ཕྱུག་ཆེ། །དེ་ཉིད་བསྒྲལ་བའི་ལུས་པོ་ནི། །ཧེ་རུ་ཀ་ཡི་གདན་གྱུར་པ། །སུམ་བལྟ་བ་གྱུར་པའི་རྐང་མཐིལ་གྱིས། །གྱེན་བསྟན་གཉིས་པོ་གྲི་གུག་གིས། །བཅད་པར་བསམས་པ་དེ་བླངས་དང་། །དེ་ཡི་ཁྲག་ནི་གཡས་རྩ་ལས། །མཚན་མོ་དབང་བྱེད་མིག་ཡིན་ཏེ། །དྲི་ང་
Vol. 18 · folio 56b
བ་ནི་རོ་ཙ་ན། །གླ་རྩི་སིཧླ་འབྱུང་བ་ཡི། །མེ་ཏོག་རླུང་གསུམ་ཚ་གྲང་དང་། །བརྟན་བྱེད་རི་ལུ་སྔགས་འབྲུ་ཡང་། །ལྷག་གནས་འདུད་ལས་རྒྱལ་བ་སྟེ། །ཀུན་འདར་བརྒྱུད་དེ་བརྒྱ་རྩ་བརྒྱད། །རླུང་འགོག་རང་ཉིད་ལག་གཡོན་གྱིས། ཧེ་རུ་ཀ་ནི་སྙིང་གར་གནས། །ཡབ་ཡུམ་ཞལ་དུ་ཆུད་གྱུར་པས། །ཐབས་
དང་ཤེས་རབ་ཁ་སྦྱར་བས། །འོད་གསལ་ངང་དུ་མི་སྣང་འགྱུར། །ལྷ་མི་ཀུན་གྱིས་མི་མཐོང་བ། །གཟུང་འཛིན་རྟོག་པས་མི་ཕྱེད་པའོ། །ཞེས་རྣལ་འབྱོར་མ་མངོན་པར་དགའ་བའི་སྙིང་པོའི་རྒྱུད་ལས་གསུངས་པའི་དོན་ཏོ། །དེ་ལས་གལ་ཏེ་ཁ་ལས་བཏོན་ན་ནི་ཡབ་ཡུམ་ཧེ་རུ་ཀ་བདེ་སྟོང་གི་ཞལ་འོད་
གསལ་ངང་ལས། སྣང་བ་ཟུང་འཇུག་ཏུ་འགྱུར་རོ། །ཡང་ཕྱི་དོན་དུ་ནི་ལྷ་ལ་སོགས་པ་ལ་འཁྲུལ་འཁོར་མིང་སྤེལ་ཚིག་དང་བཅས་པ་ཙནྡན་གུར་ཀུམ་གྱིས་བྲི། ཙནྡན་དམར་པོའི་རྡུལ་ལས་གཟུགས་བརྙན་བྱས་ལ་སྙིང་གར་གཞུག། །རང་ཁ་ནུབ་ཏུ་བལྟས་པས་སོ། །ཤིང་ཨ་ཤྭ་ཀའི་མྱུ་གུས་བྲི། །སྐུད་པ་གསང་
གནས་ནས་དབྱུང་། །རང་ལྷར་གསལ་བའི་སྣ་གཡས་པ་ནས་ཁཎྜ་རོ་ཧི་ཕྱག་ན་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་སྤྲོས་ལ། བསྒྲུབ་བྱ་ནི་སེང་གེ་ལ་ཞོན་པ་རང་དབང་མེད་པར་མདུན་དུ་འོང་བར་བསམས་པས་འགྲུབ་པའོ། །གལ་ཏེ་མ་འོངས་ན་གཟུགས་སྦྲ་ཚིལ་གྱིས་གཏུམས་ལ་སེང་ལྡེང་གི་མེ་ལ་བསྲོ་བར་
བྱའོ། །རྒྱ་མཚོ་ལ་སོགས་པ་སྐེམ་པ་ལ་རང་གི་སྙིང་གའི་ཧཱུཾ་གི་འོད་ཀྱིས་བསྐམས་པར་བསམ་མོ། །གནོན་པ་ལ་རེངས་པའི་འཁོར་ལོས་སོ། །འདི་ཆུ་ལ་ནི་ཉེ་སྙིང་པོ། །ཆུ་ནི་རང་གི་མི་བསྐྱོད་པའོ། །དེས་རང་གི་མིག་ལ་བསྐུས་ལ། ལག་པ་གཡོན་པའི་སྲིན་ལག་ལ་འཁྲུལ་འཁོར་བཀོད་ནས། ཤྲོ་ཏ་
ཨ་རྫའི་ཕྱེ་མ་དང་དུར་ཁྲོད་ཀྱི་རས་ལ་བྱས་པའི་སྡོང་བུ་ཟད་པའི་ཐལ་བ་དང་བདུད་རྩི་ལྔ་བསྲེས་ནས་ཉེ་སྙིང་འབུམ་ཕྲག་གཅིག་བཟླས་ནས་མིག་ལ་བྱུགས་པས་འགྲུབ་པོ། །ཡང་བདུད་རྩི་ལྔ་དང་ཁྲག་ཏུ་བཅས་པའི་འདག་པ་ལ་ཌཱ་ཀི་མའི་གཟུགས་བྱས་ལ། དགུག་གཞུག་བྱས་ནས། དེའི་གདོང་ལག་
པ་གཡོན་པས་བཀབ་ནས་འཁྲུལ་འཁོར་ལ་རང་སྲུང་བ་གསུམ་དང་རཀྵ་སྤེལ་ནས་རང་གིས་བཟུང་ནས། ཉེ་སྙིང་གི་གཤམ་དུ་ཌཱ་ཀི་ནི་སརྦ་ཨཱ་ཀརྵ་ཡ་ཝ་ཤཾ་ཀུ་རུ་ཧོ། ཞེས་ཁྲི་བཟླས་པས་གཟུགས་དེ་གཡོ་འགུལ་བྱུང་ན། གང་འདོད་པ་བཀའ་བསྒོས་པས་འགྲུབ་ལ། ཁྱད་པར་དུ་མཁའ་འགྲོ་མ་
Vol. 18 · folio 57a
འགྲུབ་པའོ། །ཡང་མི་སྣང་བར་བྱེད་པ་ལ། དཔའ་བོ་ཤི་བའི་རྐང་མཐིལ་གྱི་པགས་པ་དང་། དེའི་ཁྲག་དེའི་ཐོད་པར་བཞག་ལ། ལིག་བུ་མིག་སྨན་གུར་གུམ་དང་། གི་ཝང་དང་ལྡོང་རོས་བསྣོས་ལ་རི་ལུ་བྱས་པ་ལྕགས་གསུམ་གྱིས་དཀྲིའོ། །ལྷག་པར་གནས་པ་ནི་རི་ལུ་དེའི་དཀྱིལ་
འཁོར་དུ་དཔལ་བདེ་མཆོག་གི་ལྷ་ཚོགས་བསྐྱེད་ལ། མཆོད་པ་ལ་སོགས་པ་བསྙེན་སྒྲུབ་སྐར་མ་རྒྱལ་ལ་བྱའོ། །རོ་ལངས་བསྒྲུབ་པ་ལ། དེ་ཉིད་ཧེ་རུ་ཀར་བསྐྱེད་ལ། དེའི་ཁར་རི་ལུ་བཅུག་ལ་ལག་པ་གཡོན་པས་ཁ་བཀབ་སྟེ། དེ་ནས་རི་ལུ་རང་གི་ཁར་བཅུག་པས་མི་སྣང་བ་ཐོབ་པོ། །ཁྲག་དགུག་
པ་ལ། མཛུབ་མོ་གཡོན་པ་ལ་ཧཱུཾ་བཀོད་ལ་ཐོད་པ་ལ་འགུགས་པའི་འཁྲུལ་འཁོར་བྲི། གཡས་པའི་མཛུབ་མོས་མཉེ་ཞིང་སྔགས་བཟླས་པས་ཁྲག་ཁུགས་སོ། །མཛུབ་མོ་གཡོན་པ་ལ་ཧཱུཾ་བཀོད་དེ་སྔགས་བཟླས་ནས་མཉེས་ན་སླར་འཇུག་པར་འགྱུར་རོ། །མངོན་པར་བཟླས་ཏེ། དུར་སོལ་གྱིས་
སྣག་ཚ་བྱ། བ་རུ་རའི་ཤིང་གིས་མྱུ་གུ་བྱས་ལ་ཐོད་པ་ལ་འཁྲུལ་འཁོར་བྲི། དེ་ལ་ཁུ་ཚུར་བསྣུན་པས་ཀླད་པ་འགས་སོ། །འོ་མས་ཞི་བར་བྱེད་དོ། །གི་ཝང་དང་དཔའ་བོ་གཡུལ་དུ་བསད་པའི་ཁྲག་དང་བསྲེས་པས་དཔྲལ་བར་ཐིག་ལེ་བྱས་པས་འགྲུབ་པོ། །མཛུབ་མོའི་ཁྲག་གིས་གསང་བའི་འཁོར་ལོ་བྲིས་ལ་
གཟུགས་བརྙན་གྱིས་སྙིང་གར་གཞུག །དུག་སྐེ་ཚེ་ཚྭས་བྱུགས་གཡོན་པའི་སྡིགས་མཛུབ་ཀྱིས་གཟུང་ལ་གཡས་པའི་སྡིགས་མཛུབ་ཀྱིས་ཕུབ་མའི་མེས་བདུགས་ན་འཆི་བར་བྱེད་དོ། །ཆུས་སླར་སོས་སོ། །ཡང་ན་བྲམ་ཟེའི་ཐོད་པའི་ནང་དུ་གསད་པའི་འཁྲུལ་འཁོར་བྱས་པ་དུར་ཁྲོད་དུ་སྦ་བའི་དུས་སུ་རྐང་པ་
གཡས་པ་ལ་མངོན་སྤྱོད་འཁོར་ལོ་བསམས་ལ་དེས་མནན་ཅིང་སྔགས་བཟླས་པས་འཆིའོ། །ཆུ་འོ་མས་གསོ་བའོ། །གདུག་པ་སྟོང་ལ་ཞེས་རེངས་པའི་འཁོར་ལོ་བྲིས་ལ་སྡིགས་མཛུབ་བྱ་སྟེ་སྔགས་བཟླས་པས་རེངས་པར་བྱེད། བདེན་ཚིག་གིས་གྲོལ་ལོ། །སྨེ་ཤ་ཅན་ཞེས་པ་ལ་ད་དུ་ར་དང་ཨེ་རཎྜའི་
འདབ་མ་དང་འབྲས་བུ་ལ་སྔགས་ལྡན་པས་སྦྱིན་སྲེག་བྱས་པའི་ཐལ་བ་འཆང་བས་བྱུགས་པས་འགྲུབ་པོ། །སྦྱིན་སྲེག་གི་མེའི་ཐལ་བ་ནི་ཤིང་ཨ་རྐ་ལ་བུད་ཤིང་བྱས་པའོ། །བཟླས་བརྗོད་ནི་ཉེ་བའི་སྙིང་པོའོ། །བསྣུན་པ་ནི་བསྒྲུབ་བྱ་ལ་ཐལ་བ་དེས་སོ། །ཆུ་ནི་མི་བསྐྱོད་པའོ། །གཏོར་བ་ནི་བསྒྲུབ་བྱ་
Vol. 18 · folio 57b
འམ་ཡང་ན་དེའི་གཟུགས་བརྙན་ལའོ། །ཐོད་པའི་ཕྱག་རྒྱ་ནི་འགུགས་པའི་འཁོར་ལོ་བྲིས་ལ་གཟུགས་བརྙན་གྱི་སྙིང་གར་གཞུག །འགུགས་བྱེད་རྫས་ནི་ཤིང་སྲིན་བུས་ཟོས་པའི་རྗེས་ཤུལ་དང་། ཤིང་ཕྱེས་ཉི་མའི་རྗེས་སུ་འགྲོ་བའི་ཤིང་ལ། ད་དུ་རས་འཁོར་ལོ་བྲིས་ལ་ཁྱི་སྨྱོན་ཤི་བའི་ཐོད་པ་ཁ་
སྦྱར་དུ་བཅུག་ལ་དུར་ཁྲོད་དུ་སྦས་ན་འགྲུབ་བོ། །སེམས་ཀྱིས་གྲོལ་བའོ། །གང་གིས་ནི། གཙུག་ཕུད་བཅིངས་པས་ཌཱ་ཀི་མ་འདུ་བར་འགྱུར་བའོ། །ཁང་སྟོང་དུ་སོང་སྟེ་ཞེས་པས་དུར་ཁྲོད་ཀྱི་ཐོད་པའི་སྟེང་དུ་གྲོག་མཁར་གྱི་ས་དང་། གདོལ་བ་མོའི་ལག་པར་དེ་ཉིད་བྱིན་ཏེ། ས་དེ་ལ་མཆིལ་མས་
འདག་པ་བྱེད་དུ་བཅུག་ལ། དེའི་ནང་དུ་འཁྲུལ་འཁོར་བཅུག་ལ་རི་ལུ་བྱས་ལ་རང་གི་སྤྱི་བོར་བཞག །མིག་བགྲད་ལ་བཟླས་པ་བྱས་པས་མི་སྣང་བའོ། །སྟན་དང་མལ་ཁྲི་ལ་ཞེས་པས། རྔ་མོའི་རུས་པ་ལ་བུ་ག་བྱས་པར་མི་རུས་ཀྱི་ཕུར་པ་བཅུག་ལ་སྔགས་བཟླས་པས་འགྲུབ་པའོ། །ཐོད་པ་
དང་བཅས་པ་ནི། འཁྲུལ་འཁོར་ཕྱིན་ཅི་ལོག་ཏུ་བྲི། །གྱོ་མོའི་ཕྱེ་མ་དང་བསྒྲུབས་པའི་ཡུངས་ཀར་བླུགས་ནས་སྔགས་ཀྱིས་འགྲུབ་པའོ། །སྟེང་དུ་བལྟས་ཏེ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་ཕུལ་བའི་མེ་ཏོག་གིས་སྦྱིན་སྲེག་བྱས་པས་འགྲུབ་པའོ། །གཞན་གྱི་དཔུང་བཟློག་པར་བྱ་བ་ལ་ལག་པ་གཡོན་
པའི་མཐིལ་དུ་ལྡོང་རོས་སམ་ཡུང་བས་འཁྲུལ་འཁོར་བྲིས་ཏེ། ཁུ་ཚུར་བཅངས་ནས་གཡུལ་འགྱེད་པའི་ཕྱོགས་སུ་བསྟན་ན་རེངས་པར་འགྱུར་བའོ། །བྲམ་ཟེའི་ཐོད་པར་རོ་བསྲེགས་པའི་སས་བཀང་ལ། སྨན་གྱིས་བོན་ཨ་པ་ར་མི་ཏ་དང་། ད་དུ་ར་དང་ལྡན་པའི་བདུད་རྩི་ལྔ་དང་། སྨེ་ཤ་ཅན་གྱི་བུ་
མོའི་རང་བྱུང་གིས་བསྐུས་ལ། དགུག་སྟེར་ལ་ས་བོན་བཏབ་ལ། མཱ་མ་ཀཱིའི་སྔགས་ཀྱི་ཆུས་བྲན། སྒྲོན་མའི་སྔགས་ཀྱིས་གཏོར་མ་འཕུལ་བ། སྐར་མ་རྒྱལ་དང་དྲང་སྲོང་ཉི་མ་ལ་འབྲས་བུ་སྨིན་པ་ས་ལ་མ་ལྷུང་བར་ཏེ། སྨན་གྱི་ཐུམ་བུ་མགུལ་བར་བཏགས་སམ་སྤྱི་བོར་བཅིངས་སམ་ལུས་ལ་
བཅངས་ན་མཚོན་བཟློག་གོ། །རྡོ་རྗེའི་ལུས་ཅན་དུ་འགྱུར་རོ་ཞེས་པས། ནགས་ཀྱི་རས་བལ་ལ། བུ་མོ་གཞོན་ནུས་བཀལ་བའི་སྐུད་པ་ལ་ཉེ་སྙིང་བཟླས་ཤིང་རྡོ་རྗེའི་མདུད་པ་བྱས་པ་ལུས་ལ་འཆང་ན་ཐུབ་པ་མེད་པར་འགྱུར་བའོ། །དེ་ཉིད་ནང་དང་ཕྱིའི་བྱེ་བྲག་གི་ལས་ཉེར་ལྔ་བསྟན་པའོ། །ཉེ་བའི་
Vol. 18 · folio 58a
སྙིང་པོའི་ལས་ཀྱི་ཆོ་ག་ནི་ལས་རབ་འབྱམས་སོ། །ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ལ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་སྤྱིར་རྒྱས་པར་རྣལ་འབྱོར་དུ་བྱེད་པས་སམ། ཡང་ན་བྱེ་བྲག་ཏུ་གོ་ཆ་ཉིད་ཀྱི་ལྷ་དང་སྔགས་ལམ་དུ་གྱུར་པས། དུས་
དང་གྲངས་སམ། མཚན་མའི་བསྙེན་པ་གྲུབ་པས་དེ་ཉིད་ཀྱི་བྱ་བ་ལས་ཚོགས་སྒྲུབ་པ་ལ་འཇུག་པའི་ཕྱིར། དེ་ནས་ཞེས་སྨོས་ཏེ། ཕྱི་དང་ནང་གི་ཁྱད་པར་གྱི་གོ་ཆའི་ལས་ཉེ་བར་འགྲུབ་པའི་ཕྲིན་ལས་རྣམས་ནི་ལས་དང་དངོས་གྲུབ་ཐམས་ཅད་དོ། །འཇིག་རྟེན་གསུམ་ན་གང་ཡོད་པ་ནི་ཕྱི་སྲིད་གསུམ་
ནང་དུ་རྩ་ཡི་གེ་ཐིག་ལེ་རླུང་གི་ནུས་པ་ས་བོན་ཚུལ་དུའོ། །ཡིད་ལ་འདོད་པ་ཀུན་གྲུབ་པ་ནི་གྲུབ་པ་བརྒྱད་མཁའ་སྤྱོད་དང་བཅས་པ། ལུས་ངག་ཡིད་ལ་རྡོ་རྗེ་ལྟར་ནུས་པ་དང་མངོན་པར་ཤེས་པ་ཐོགས་པ་མེད་པ་འབྱུང་བའོ། །སྐྱེ་མཆེད་རྣམས་བྱིན་གྱིས་རློབ་ཅིང་། གསང་བའི་སྲུང་བ་གོ་རིམས་བཞིན་
དུ་བཤད་པར་བྱ་ཞེས་བཤད་པའི་རྒྱུད་ཨ་བྷི་དྷ་ན་ལ་སོགས་པ་ལས་ཤེས་པར་བྱ་སྟེ། གོ་ཆའི་ལྷ་དཔའ་བོ་དྲུག་དང་། དཔའ་མོ་དྲུག་ལས། ལམ་དུ་གཙོ་བོ་གོ་འཕོ་ཡབ་ཡུམ་ཅན་གྱི་དཀྱིལ་འཁོར་དང་། གཙོ་བོ་ཡབ་ཡུམ་ཅན་ལ་འཁོར་ལྔ་ལྷ་རྐྱང་པར་འདོད་པ་དང་ཐམས་ཅད་ཡབ་ཡུམ་ཅན་དུ་གནས་པ་
དང་། དེ་དག་ལ་མངལ་སྐྱེས་རྫུས་སྐྱེས་སོ་སོའི་དབྱེ་བས་རྟོགས་པར་བྱ་བའོ། །དེས་མདོར་བསྟན་ནས་རྒྱས་པར་བཤད་པའི་ལས་བསྟན་པའི་ཕྱིར། དེ་ལ་གོ་ཆ་ཟློས་བཞིན་དུ་ཞེས་པ་རང་ཉིད་ལྷག་པའི་ལྷའི་འཁོར་ལོར་གསལ་བའི་ངང་ལས། རྡོ་རྗེ་བཟླས་པས་ལྷ་དང་སྔགས་དབྱེར་མེད་དུ་ལུས་ཀྱི་གནས་
རྣམས་སུ་བཀོད་པ་ལ། ཡང་བའི་ལམ་དུ་ཞུགས་ན་ཡང་བར་ཆད་ཀྱི་གནོད་པས་མི་ཚུགས་ཏེ། མིའི་རྐུན་མ་དང་ནི་ཆོམ་པོ་པའམ། འབྱུང་པོ་ཕྲ་མོའི་གནོད་པ་མི་འབྱུང་ཞིང་། སྟག་ལ་སོགས་པ་དག་གིས་ལྐོག་ཏུ་གྱུར་པའི་ནུས་ལྡན་དག་ལ་ཡང་འཇིགས་པར་མི་འགྱུར་བ་དེ་དག་གིས་མི་མཐོང་
ཞིང་མི་སྣང་བར་འགྱུར་རོ་ཞེས་གནས་སྐབས་ཀྱིའོ། །ཡང་ན་གྲོ་ག་ལ་རོའི་སེན་མོ་དང་གུར་གུམ་དང་། གི་ཝང་གིས་སྐར་མ་བཟང་པོ་ལ་པདྨ་འདབ་མ་དྲུག་གི་ཕྱི་རོལ་དུ་རྡོ་རྗེ་རྩེ་གསུམ་པ་དྲུག་བྲི། ལྟེ་བ་ལ་མིང་བསྐུལ་ཚིག་དང་བཅས་པ་དང་། འདབ་མ་ལ་གོ་ཆའི་སྔགས་དང་། རྡོ་རྗེ་རྭ་དབུས་མ་ལ་
Vol. 18 · folio 58b
ཉེ་བའི་སྙིང་པོའི་ཧཱུཾ་གཅིག་བཞག་པ་དྲུག་བྲིས་ལ། དམ་ཚིག་གི་ལྷ་སྔགས་ལ་ཡེ་ཤེས་དགུག་བསྟིམ་མཆོད་བསྟོད་བྱས་ནས་ལུས་ལ་བཅངས་ན་སྲུང་བ་ཆེན་པོར་འགྱུར་བའོ། །ཡང་ན་དབྱི་མོའི་ཤིང་གི་འབྲས་བུ་བྱ་རོག་གིས་ཟར་བཅུག་ལ་དེའི་བྲུན་དང་འབྲུ་བྲམ་ཟེའི་ཐོད་པར་བསྐྱེད་ལ་དེའི་འབྲས་བུ་ཟླ་བ་
སྒྲ་གཅན་གྱིས་ཟིན་པའི་ཚེ་བླངས་ལ། ལྕགས་གསུམ་གྱིས་དཀྲིས་ནས་ཁར་བཅུག་ན་ཡང་འགྲོ་བ་གཞན་གྱིས་མི་མཐོང་ངོ་། །རྒྱལ་པོའི་ཕོ་བྲང་དུ་ཞེས་པ་ཁྱི་ནག་པོའི་ཆུའི་ས་རློན་པ་ལས་གོ་ཆའི་འཁྲུལ་འཁོར་བྲིས་ནས་དེའི་དཀྱིལ་འཁོར་དུ་བཅུག་ནས་ལྕགས་གསུམ་གྱིས་དཀྲིས་ལ་ཁར་བཅུག་ནས་སྔགས་བཟླས་
ན་ཡང་འགྲུབ་པའོ། །རེངས་པའི་ལས་ལ། གོ་ཆའི་སྔགས་ལན་བདུན་ཟློས་པའི་སྔགས་པས་ཞེས་པ་ནི། དུར་ཁྲོད་ཀྱི་མེ་འགྲམ་དུ་འཁྲུལ་འཁོར་བྲིས་ལ། དུར་ཁྲོད་ཀྱི་ས་དང་ཐལ་བ་ལས་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ་འཁོར་ལོ་སྙིང་གར་གཞུག། །རང་གི་ལག་པ་ལ་རེངས་པའི་འཁོར་ལོ་བྲིས་པའི་
ལག་པས། དུར་ཁྲོད་དུ་སྦས་ལ་དེའི་སྟེང་དུ་གཞི་མཉམ་གྱིས་བཀབ་ལ་བཞག་པས་འགྲུབ་བོ། །ཁྲག་དགུག་པ་ལ་རང་གི་སྲིན་ལག་གི་ཁྲག་གིས་འགེགས་ནས་ཤི་བའི་ཐོད་པར་བཞག་ལ་སྔགས་བཟླས་ཏེ། རང་གི་དཔྲལ་བར་ཐིག་ལེ་བྱས་ན་འགྲུབ་པར་འགྱུར་རོ། །གང་གི་ཁྱིམ་དུ་ཞེས་པ་དུར་ཁྲོད་ཀྱི་
རས་ལ་དྲག་པོའི་རྫས་ཀྱིས་འཁོར་ལོ་བྲིས་ལ། ཟག་རྫས་ལ་གཟུགས་བརྙན་བྱས་ཏེ། དགུག་བསྟིམ་བྱས་པས་དུར་སོལ་མེ་ལ་བསྲོ་བས་གདུང་ཞིང་སྔགས་བཟླས་ནས་དུར་ཁྲོད་དུ་སྦས་ན་འགྲུབ་པའོ། །གང་གི་གདོང་ལ་བལྟས་ཏེ་ཞེས་པ་ལ། བསྒྲུབ་བྱའི་ཟག་རྫས་ལས་བྱས་པའི་གཟུགས་ཀྱི་སྙིང་གར།
དུར་རས་ལ་དུག་གིས་འཁྲུལ་འཁོར་བྲིས་པའི་སྤེལ་ཚིག་བཅུག་ཅིང་བཟླས་པས་ཁྲོ་བོའི་བལྟ་བ་དང་བཅས་པས་ངེས་པར་འགྲུབ་བོ། །ཆུ་བོ་དང་རྫིང་བུར་ནི། ཤོ་མ་ལའི་ཤིང་ལ་ལྕང་ལྷམ་བྱ་སྟེ། པདྨ་དང་སྦལ་པའི་ཚིམ་བུ་སྦྲུལ་གྱི་ཁྲག་གསེར་གྱི་མེ་ཏོག་ལ་སྦགས་པ་ལྷམ་ནང་དུ་བཅུག་སྟེ་དེ་ལ་སྔགས་
བཟླས་ཤིང་། འབྱུང་བཞིའི་སྟེང་དུ་བཅགས་ན་ཆུ་ལ་ཐང་བཞིན་དུ་འགྲོ་བར་འགྱུར་བའོ། །ཆུ་སྦྲུལ་གྱི་ཁྲག་སྤྲ་ཚིལ་གྱིས་གཏུམས་ལ་རང་གི་ཁར་བཅུག་སྟེ་སྔགས་སྤེལ་ཚིག་དང་བཅས་པས་བཟླས་ན་འགྲོ་བའམ་གནས་པ་ལ་ལུས་ལ་གནོད་པ་མི་འབྱུང་ངོ་། །གནས་གསུམ་གྱི་རྣལ་འབྱོར་མའི་དབང་ཕྱུག་
Vol. 18 · folio 59a
བྱ་བར་འདོད་པས། ལག་པ་གཉིས་ཀྱི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་ལ་དབང་དུ་བྱ་བའི་འཁྲུལ་འཁོར་གུར་གུམ་གྱིས་བྲིས་ནས། དུར་ཁྲོད་ཀྱི་རོ་ཟས་ཟོས་པའི་ལྷག་མ་ཞིབ་མོར་བྱས་པ་དང་བསྲེས་པས་ཉེད་བཞིན་དུ་ནི་དྲིལ་ཕྱིས་བྱས་ནས། གསང་སྔགས་ལན་སྟོང་བཟླས་ནས་ལྷ་མོ་
ལ་སོགས་པའི་མིང་སྤེལ་ཚིག་བཅུག་སྟེ་ཨ་མུ་ཀཾ་མེ་པ་ཤཾ་ཀུ་རུ་མ་ན་ཡ་ཧོ་ཞེས་འགྲུབ་བོ། །མཁའ་འགྲོ་མ་གང་ཡིན་པ་ནི་རྣལ་འབྱོར་མ་སྣ་ཚོགས་ཞེས་པ་ལ་སོགས་པས་སྙིང་པོའི་རྣལ་འབྱོར་མ་སྟེ། དབྱིབས་ལྟར་ན་སྙིང་གི་འཁོར་ལོའི་རྩ་ཕྱོགས་བཞིན་གནས་པ། སྔགས་ལྟར་ན་འབྱུང་བ་
བཞི་རླུང་ཁ་དོག་སོ་སོ་བ་ཉིས་བརྒྱ་ཉེར་ལྔ་པ་ཕྲག་བཞི་དང་། ཆོས་ལྟར་ན་དྲན་པ་ཉེ་བར་གཞག་པ་བཞི་ལས། ཡང་ཐམས་ཅད་ནི་མཁའ་འགྲོ་མ་རྡོ་རྗེའི་རིགས་ལ་སོགས་པ་དང་ཁ་གདོང་མ་ལ་སོགས་པ་ཡང་འགྱུར་བའོ། །ད་ནི་གོས་ཀྱི་རྣལ་འབྱོར་ལམ་དུ་བྱེད་པས་ཕྱོགས་བཅུ་ཀུན་དུ་འགྲོ་བའི་
དབང་ཕྱུག་ཐོབ་པར་བྱ་བ་ནི། སྐར་མ་རྒྱལ་ལ་རས་བྱས་ལ། ཞེས་པ་ལ་སོགས་པའི་དོན་ནི། དུར་ཁྲོད་ལ་སོགས་པར་སྦྲུལ་གྱི་རོ་བཙལ་ལ། ལུས་དཀར་ནག་གི་མཚམས་སུ་རྡོ་རྗེ་གྲི་གུག་གིས་སོར་བཞི་བཞིར་གཏུབས་ལ་ཞག་བྱུང་བ་མ་འདྲེས་པར་རས་བལ་གྱི་ས་བོན་ལ་བསྐུས་ཏེ། དེ་མ་ཐག་ཏུ་བསྐོམས་
ལ། མ་འདྲེས་པར་དུར་ཁྲོད་ཐག་ཉེ་བར་བསྐྲུན་པ་ཡིན་ན་བཟང་ངོ་། །གལ་ཏེ་མ་ཡིན་ན་རང་གི་ཁང་པ་དབེན་སར་དུར་ཁྲོད་ནས་ས་བླངས་ཏེ་སྐར་མ་རྒྱལ་གྱི་ཉིན་པར་ལྷ་མོ་སྤྱན་མའི་སྔགས་ཀྱིས་བཙུགས་པ་ནག་པོ་ཟླ་བ་མར་ངོའི་དུས་དང་། ཡང་མཱ་མ་ཀཱིའི་སྔགས་བཟླས་པས་ཡར་ངོ་དཀར་པོའི་ཤ་དང་
ཞག་ལས། གོས་དཀར་མོའི་ཁཎྜ་རོ་ཧིའི་སྔགས་ཀྱིས་བསྲུང་ཞིང་། བར་ཆད་བསྲུང་ཞིང་གོ་ཆའི་སྔགས་བཟླས་ཤིང་མཆོད་གཏོར་དང་ལྡན་པས་བསྐྱེད་དོ། །དེ་ནས་ཡུན་རིང་ཞིག་ནས་རས་བལ་དུ་གྱུར་པ་དང་། བུ་མོ་མ་ཉམས་པས་དཀར་མོ་ལ་ཡང་སེམས་བསྐྱེད་དབང་ཐོབ་དམ་ཚིག་ལྡན་པས་དཀར་
མོའི་ཞག་བགོས་པ་བླངས་ལ་ཡར་ངོའི་རྒྱལ་ལ་འཐག་ཏུ་གཞུག་པ་སྟོད་གཡོགས་དང་། ཡང་གདོལ་བའི་བུ་མོ་ལ་སྔར་ལྟར་སྟེ་ནག་པོའི་ཞག་བགོས་པ་མར་ངོའི་རྒྱལ་ལ་འཐག་ཏུ་བཅུག་སྟེ་རས་ཡུག་ཏུ་གྲུབ་པའི་ཚེ་ན། ཞག་སོ་སོས་ཡང་བྱུགས་ལ། གུ་གུལ་དཀར་ནག་གི་དུད་པས་བདུག་ཅིང་གྲྭར་
Vol. 18 · folio 59b
ཕྲིན་ལས་ཀྱི་འཁྲུལ་འཁོར་ཡང་བྲིས་ལ་གོ་ཆའི་སྔགས་སྟོང་ཕྲག་བཅུ་སོ་སོར་བཟླས་ནས་བླ་གོས་དང་མཐང་གོས་སུ་བྱས་ཏེ་གར་འགྲོ་ཡང་མི་སྣང་ཞིང་རིག་འཛིན་གྱི་དངོས་གྲུབ་ཐོབ་སྟེ། རྒྱ་མཚོ་དང་འོག་མིན་གྱི་མཐར་ཐུག་པར་འགྲོ་བས་འགྲུབ་པར་འགྱུར་བའོ། །ནང་དོན་དུ་སྟོད་གཡོགས་གླང་པོའི་
པགས་པ་དང་། སྨད་གཡོགས་སྟག་གི་ཤམ་ཐབས་སུ་བྱིན་གྱིས་བརླབས་ཏེ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། ཕྱོགས་ལས་རྣམ་རྒྱལ་ཀྱི་སྤྱོད་པ་བྱ་བ་ཉིད་དོ། །རྣམ་ཤེས་ལྡན་པའི་ལུས་ལྗོན་ཤིང་དུ་བསྒྱུར་བའི་བྱེད་པ་བསྟན་པ་ལ། ཤིང་ཡོངས་འདུའི་ཞེས་ཕོ་ཉ་ལ་བརྟེན་པའམ། རྣལ་འབྱོར་
གྱི་ལམ་པས། ལུས་ཀྱི་རྩ་ཀུན་འདར་མ་ལས་བྱུང་བའི་ཁུ་བཅུད་བྱང་སེམས་ཙཎྜ་ལཱི་སྤར་བས་བླངས་ལ་ཐུར་ལ་བབ་པ། གྱེན་དུ་བཟློག་ཅིང་དྲང་བ། ཧཱུཾ་གིས་རླུང་དྲག་པོར་དྲངས་པའོ། །བཟླས་བརྗོད་སྟོང་བྱས་ཏེ་ནི་ཧཱུཾ་ཧཱུཾ་ཞེས་འདྲེན་པ་རིམ་པས་ལྟེ་བ་ནས་ཡར་གང་ལ་སྟེ་ལུས་ཀྱི་དཔྲལ་བར་ཐིག་ལེ་བྱས་
པས་འོག་ཏུ་འཕོ་བར་མི་འགྱུར་བས་དེ་ཉིད་དཔག་བསམ་གྱི་ཤིང་ལྟར་ཡོན་ཏན་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ་ནི་ལེའུ་ཞེ་དགུ་པར་ཡང་བསྟན་པའོ། །དེ་ཉིད་བསམ་གཏན་ཞི་གནས་བདེ་བ་ལ་མ་སད་པ་ལ། ཆུ་ལ་ནི་རླུང་སྲོག་རྩོལ་བསྐུལ་བས་བཟླས་ཏེ་འཁྲུལ་འཁོར་གྱིས་གཏོར་ན་ལུས་ཐམས་ཅད་
དུ་ཁྱབ་པར་བྱས་པས་སླར་འཚོ་བར་འགྱུར་བའི་ཏིང་ངེ་འཛིན་ལས་ལྡང་བའོ། །སྟོབས་ཁྱད་པར་བྱེད་པ་ལ་འདི་དག་ནི་སྔ་མའི་དོན་གྱི་ཡེ་ཤེས་སོ། །གླང་པོ་ཆེའི་ལུས་ལྟར་བསྒྲུབ་པ་ལ་རྐང་རྗེས་ནི་ས་རླུང་རིགས་བཞི་ལམ་དུ་བྱ་བས་བཟླས་བརྗོད་སྟོང་བཟླས་པས་ནི་སྔགས་དང་རླུང་དབྱེར་མེད་ཀྱིས་འཕྲལ་བ་ན་བྱང་
སེམས་ཧཾ་གི་རྡུལ་བླངས་ཏེ་ཞེས་ཁ་བ་ལྟར་བབ་པས། གང་ལ་བསྣུན་པ་དེ་ནི་འོག་ཏུ་ཙཎྜ་ལཱི་ལ་སྟེ། གླང་པོ་ཆེ་ལྟ་བུའི་སྟོབས་ཀྱིས་ཐེག་པ་ཆེན་པོ་གཞན་གྱི་སྡུག་བསྔལ་ཁུར་དུ་འཁུར་བའི་བཟོད་པ་ཐོབ་པར་འགྱུར་བའོ། །དེ་ལས་གོང་དུ་བསྟན་པའི་རྩ་སྔགས་སྙིང་པོ་ཉེ་སྙིང་གོ་ཆའི་ལས་ཚོགས་གྲུབ་པའི་
ཁྱད་པར་གསང་བ་བླ་ན་མེད་པ་བསྟན་པ་ནི། དབང་པོ་གང་དང་གང་ལམ་གྱུར། །ཞེས་པས་དང་པོ་ལྷའི་རྣལ་འབྱོར་ལྟར་ན་དབང་པོ་ནི་སྒོ་ལྔའི་རྣམ་པར་ཤེས་པ་སྟེ། མིག་ལ་སོགས་པ་གཏི་མུག་རྡོ་རྗེ་ལ་སོགས་པ་དང་། ཡིད་ཀྱི་སྐྱེ་མཆེད་དབང་ཕྱུག་རྡོ་རྗེ་ཀུན་དུ་བཟང་པོའི་སྤྱོད་ཡུལ་ལོ། །གང་དང་གང་
Vol. 18 · folio 60a
ལམ་གྱུར་ནི་ལྷ་མོ་གཟུགས་རྡོ་རྗེ་མ་ལ་སོགས་པ་ཕྲ་རགས་སྣ་ཚོགས་སྣང་བའོ། །ཡེ་ཤེས་ཀྱི་རོལ་པར་འཆར་བ་དེ་དང་དེའི་རང་བཞིན་ཐབས་ཤེས་རབ་གཉིས་མེད་དུ་འགྲོ་བ་དེ་ཁོ་ན་ཉིད་ཀྱི་མཆོད་པར་རོ། །མཆོག་ཏུ་ནི་བདེ་བ་ཆེན་པོ་མཉམ་གཞག་གིས་ལྷར་གསལ་བ། རྗེས་
ཐོབ་དང་རོ་མཉམ་དུ་སྦྱོར་བ་ཡིས་ནི་བརྟན་གཡོ་ཐམས་ཅད་དཀྱིལ་འཁོར་པའི་སངས་རྒྱས་ལ་སོགས་པའི་རང་བཞིན་སྣང་སེམས་གཉིས་མེད་ལས་གཞན་དུ་མི་འགྱུར་བའོ། །རྫོགས་པའི་རིམ་པར་དབང་པོ་གང་དང་གང་ལམ་གྱུར་ནི། རླུང་སེམས་དབྱེར་མེད་ལས། སྣང་བ་དང་སྣང་བ་མཆེད་པ་དང་སྣང་
བ་ཐོབ་པ་ཐམས་ཅད་དེ་དང་དེའི་རང་བཞིན་འགྲོ་ནི་ཤེས་རབ་ཐབས་རྒྱུ་འབྲས་དབྱེར་མེད་དུ་འོད་གསལ་བར་འགྲོ་བའོ། །དེ་ཉིད་མཆོག་ཏུ་ནི་ཆོས་ཉིད་ངང་དུ་མཉམ་གཞག་བདེ་ཆེན་ལས་སྦྱོར་བ་ཡིས་ནི་ཟུང་འཇུག་སྟེ། སངས་རྒྱས་སྐུ་གསུམ་ཡེ་ཤེས་ལྔ་ཐམས་ཅད་རྫོགས་པའི་རང་བཞིན་དུ་འགྱུར་བ་
ལྷུན་གྲུབ་མི་འགྱུར་བའོ། །ཁྱད་པར་སྙིང་པོའི་དོན་དུ་ནི། དབང་པོ་གང་དང་གང་ལམ་གྱུར་ནི་སྒོ་ལྔ་རྟོག་མེད་དུ་འཆར་བ་ཡུལ་གཟུགས་ལ་སོགས་པ་ལ། དགའ་བ་དང་མཆོག་དགའི་ངོ་བོ་བདེ་བ་དེ་དང་དེའི་རང་བཞིན་རྟོག་པ་ཐམས་ཅད་དང་བྲལ་བས་འགྲོ་འོང་མེད་པའི་རང་བཞིན་དུ་བདེ་བ་ཆེན་པོའི་
མཆོག་ལྷན་ཅིག་སྐྱེས་པའི་དགའ་བ་མི་འགྱུར་བ་རོ་མཉམ་དུ་མཉམ་གཞག་སྟོང་པ་ཉིད་དང་གཉིས་སུ་མེད་པ་དག་འབྲལ་ཞུ་བདེའི་སྦྱོར་བ་བས་རྗེས་ཐོབ་སྣང་གྲགས་བདེ་བར་འཆར་བས་སངས་རྒྱས་སྐུ་བཞི་ཡེ་ཤེས་ཀྱི་རང་བཞིན་དུ་འགྱུར་བ་ཉིད་དོ། །དེ་ཉིད་ཕྱག་རྒྱ་ཆེན་པོ་ལྟར་ན། དབང་པོ་ནི་རྣམ་
པར་ཤེས་པ་རང་རིག་པའོ། །གང་དང་གང་ལམ་གྱུར་ནི་ཚོགས་དྲུག་ཡུལ་དང་ཡུལ་ཅན་དུ་སྣང་བ་ཐམས་ཅད་དོ། །སྣང་བ་སྣ་ཚོགས་དེ་དང་དེའི་ནི་རང་སེམས་སྟོང་པ་ཉིད་ཀྱི་ཆོ་འཕྲུལ་དུ་ཤེས་པས། ཐམས་ཅད་སྐྱེ་བ་མེད་པའི་རང་བཞིན་དུ་ཤར་བས་རྣམ་པར་མི་རྟོག་པའི་ནམ་མཁའ་ལྟ་བུའི་རྒྱུ་འབྲས་བུ་
འགྲོ་བ་རྟེན་འབྲེལ་ཉིད་དེ། བདེ་ཆེན་མཆོག་ཏུ་གྱུར་པས། མཉམ་གཞག་རྗེས་རོ་གཅིག་རབ་ཏུ་མི་གནས་པས། དོན་གྱི་ཡེ་ཤེས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དབྱིངས་ཡེ་ཤེས་དབྱེར་མེད་དུ་འགྱུར་བས་ན། འགྲོ་བ་འདི་ཀུན་སངས་རྒྱས་མངའ་བདག་ཉིད། །གར་མཁན་
Vol. 18 · folio 60b
དག་དང་རི་མོ་མཁན་ལྟར་སྣང་། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་པའི་དོན་ཏོ། །གོ་ཆའི་སྔགས་ཀྱི་ཆོ་གའི་ལེའུ་ནི་ཐབས་དང་ཤེས་རབ་ཀྱི་སྲུང་བ་ཆེན་པོའི་དཀྱིལ་འཁོར་གསང་བ་བསྟན་པ་སྟེ། བཅུ་གསུམ་པའི་རྣམ་པར་བཤད་
པའོ།། །།ད་ནི་གོང་དུ་ཐུན་མོང་དུ་ལས་བསྒྲུབ་པའི་རྩ་བའི་སྔགས་ལས་ཚོགས་དང་བཅས་པ་བསྟན་ཅིང་། བཅོམ་ལྡན་འདས་ཀྱི་སྙིང་པོའི་ལས་སྟོན་པ་ལས། བྱེ་བྲག་ཁྱད་པར་དུ་ལས་རབ་འབྱམས་ཀྱི་གྲུབ་པ་བྱེ་བྲག་ཏུ་འཆི་བདག་བཟློག་པ་དུས་ཀྱི་ངེས་པ་དང་བཅས་པས་འགྲུབ་པར་གསུངས་པ་
ནི་དེ་ནས་ཞེས་སྨོས་ཏེ། གང་གིས་སྒྲུབ་པ་པོ་ནི་བསྙེན་སྒྲུབ་སྔོན་དུ་སོང་བའི་ཁྱད་པར་དང་ལྡན་པའི་དེ་ཉིད་ལས། འགྲུབ་པའི་རིམ་པ་གསང་བ་ཕྱི་དང་ནང་གི་བྱེད་པའོ། །གང་འགྲུབ་པར་བྱ་བ་ཧེ་རུ་ཀ་བོང་བུའི་རྣལ་འབྱོར་བདག་ཅེས་ལྷའི་རྣམ་པ་གཞན་དུ་བྱེད་པ་རྡོ་རྗེ་རྟོག་པས་མི་ཕྱེད་པའོ། །ཡིད་ཀྱི་གཟུགས་ཀྱིས་
འཇུག་བྱའི་ཕྱིར་ནི། བཅོམ་ལྡན་འདས་ཀྱིས་ཐོག་མར་དམ་བཅས་པ་ལས་བསྐུལ་བར་བྱ་བས། གང་ཟག་ཉམས་སུ་ལེན་པ་དག་ལ་ཐུགས་རྗེས་སྐུ་གསུང་ཐུགས་རྡོ་རྗེའི་བྱིན་རླབས་འཇུག་པའི་ཐབས་ཀྱི་བསྒྲུབ་པའི་རིམ་པ་དེ་ནི་བཤད་པར་བྱ་ཞེས་ཐབས་བླ་ན་མེད་པ་མདོར་བསྟན་པའོ། །དེ་ཉིད་ཀྱི་དོན་ལ།
བཛྲ་ཌཱ་ཀི་རྒྱ་མཚོ་ལས། །འཁོར་ལོ་སྡོམ་པའི་རྣལ་འབྱོར་པས། །མཚན་དང་དཔེ་བྱད་ལྡན་པ་ཡིན། །ཞལ་ལ་ཞེན་པ་སྤོང་བ་དང་། །དངོས་པོ་གང་དང་གང་ལ་ཡང་། །དུས་གསུམ་ཤེས་པར་བྱ་བའི་ཕྱིར། །ཧེ་རུ་ཀ་ནི་བདེ་ཆེན་གྱི། །འཁོར་ལོའི་གཙོ་བོ་དེ་ཉིད་བོང་བུའི་ཞལ་དུ་བསྒྱུར་ལ་བསྒྲུབ། །འདིས་
ནི་ལས་དང་དངོས་གྲུབ་ཀུན། །ཐོགས་པ་མེད་པར་འགྲུབ་པར་འགྱུར། །ཐུགས་ཀྱི་འཁོར་ལོ་མཁའ་ལྡིང་གདོང་། །གསུང་གི་རྨ་བྱ་སྐུ་སེང་གེ། །མི་ཕྱེད་ལྷ་མོ་ཤ་བ་དང་། །མ་ཧེ་སྟག་དང་འུག་པའི་གདོང་། །སྒོ་བ་སྔ་མ་ཉིད་ཡིན་ནོ། །ཌཱ་ཀི་མ་ནི་བོང་བུའི་ཞལ། །ལཱ་མ་སེང་གེ་གླང་པོ་ཆེ། །ཕྲག་རྒོད་དུམ་
སྐྱེས་རཱུ་པི་ནི། ས་གསུམ་དབང་ཕྱུག་གཏེར་ལོངས་སྤྱོད། །གྲུབ་པ་ཀུན་དུ་བསྒྱུར་བའོ། །ཞེས་པའི་དོན་གྱིས་བསྟན་ཏོ། །དེ་ཡང་སྒྲུབ་པའི་རིམ་པ་ནི་གནས་དབེན་པར་དཀྱིལ་འཁོར་བཤམས་པ་ལ། ལྷག་པར་གནས་པ་བཞིན་དུ་དྲིའི་བྱུགས་པ་ལ་ཚོམ་བུ་བཀོད་པའམ། རྡུལ་ཚོན་གྱིས་ཕྱག་རྒྱ་དགོད་
Vol. 18 · folio 61a
པ་ལ། །ལྷག་པའི་ལྷར་བསྒྲུབ་པ་མཆོད་པ་དང་བསྟོད་པ་བྱས་ལ་འཁྲུལ་འཁོར་བྱ་བ་ནི། གྲོ་གའམ་ཤིང་ཤུན་ལ་ལྟེ་བ་ལ་ཧཱུཾ་བཾ་བྲི། གུར་ཀུམ་གྱིས་བྱས་ཏེ། ཕྱོགས་ལ་སྙིང་པོ་ཉེ་སྙིང་བྲི། མཚམས་སུ་ཐོད་པ་བདུད་རྩི་ཅན་དང་། འཁོར་ལོའི་རྩིབས་ལ་དཔའ་བོའི་རྩ་སྔགས། སྒོའི་
ནང་དུ་སུམྦྷ་ནི་སོགས། རྡོ་རྗེ་ར་བའི་ཕྱི་རོལ་དང་མུ་ཁྱུད་ཀྱི་མཚམས་ཐམས་ཅད་དུ་སྔགས་ཐམས་ཅད་བྲི། ར་བ་ཟླུམ་པོ་ལ་ཡུམ་གྱི་རྩ་སྔགས། ཕྱི་རོལ་གྱི་ར་བ་ལ་སྤེལ་ཚིག་དང་བཅས་པ་སྟེ། དཀྱིལ་འཁོར་གྱི་སྟེང་ནས་དབུབ་པར་བྱའོ། །དཀྱིལ་འཁོར་གྱི་དབུས་སུ་འབྲས་སཱ་ལུའམ་བག་ཕྱེ་ལ་མིའི་
གཟུགས་བོང་བུའི་མགོ་ཅན་བྱ་སྟེ། ཡང་ན་འཁྲུལ་འཁོར་བྲིས་པ་སྤེལ་ཚིག་ནི་ཨ་མུ་ཀ་ཤུ་བྷ་ཤུ་བྷ་ནི་མི་ཏྲཾ་ཏི་ཀ་ཀུ་རུ་དང་། ཨཱ་མོ་ཀ་ས་པྟ་ཛ་མ་ཏྲི་ཤ་ཀུ་རུ་ཞེས་པ་དང་། འཁྲུལ་འཁོར་གཟུགས་ཀྱི་སྙིང་གར་བཅུག་ལ། དེ་ལ་ཧེ་རུ་ཀ་བསྟིམ་སྟེ་བསྒོམ་བཟླས་བྱས་ནས་ཞུན་ཆེན་གྱི་མར་མེ་བལྟམས་ལ། བཟླས་
པ་ཁྲི་ཕྲག་རེ་སོང་བ་དང་མེ་ལོང་ནང་དུ་གཟུགས་བརྙན་དེ་འཆར་བར་བྱ་སྟེ། ལྷོ་སྒོར་བཞག་ལ་མཚན་ལྟས་བརྟག་པས་མེ་ལོང་ནང་དུ་གཟུགས་བརྙན་འཆར་བས་དུས་གསུམ་དང་སྐྱེ་བ་བདུན་པ་ལ་སོགས་པ་དེར་ཤེས་པར་འགྱུར་བའོ། །རྒྱས་པར་བསྟན་པ་ལ་རྣལ་འབྱོར་པས་ནི་བདག་དང་ལྷ་ཐ་མི་དད་པར་
བལྟས་པས་སོ། །ལཱ་མའི་གཟུགས་ཏེ་ཞལ་རྣམ་པར་འགྱུར་བའོ། །དེ་བཞིན་དུ་ནི་མཁའ་འགྲོ་མ་ནི་རི་བོང་གི་ཞལ་ཅན་ཤར་དུ། དུམ་སྐྱེས་མ་ནུབ་ཏུ། འདོད་གཟུགས་ཅན་ལྷོ་ཕྱོགས་སུའོ། །མཁའ་འགྲོ་མ་དེ་དག་ནི་གྲི་གུག་ཐོད་པ་དང་། ཌ་མ་རུ་རྩེ་གསུམ་
ལག་ན་ཐོགས་ཞེས་པས་རྒྱན་ལ་སོགས་པ་སྤྱིའོ། །དེ་ལ་དྲན་པ་དང་རིག་པ་ཕྲ་མོ་འཆར་བ་ནི། ཚེ་ཟད་པ་ཡང་སྟེ་སྒྲུབ་པ་འདིས་འཆི་བདག་ལས་རྒྱལ་བར་འགྱུར་ལ། ཚེ་རིང་བར་ནི་ཅུང་ཟད་ནུས་པ་སྐྱེས་པས་ཚེ་ལ་དབང་བས། ལྟས་ངེས་པ་སྒྲུབ་པ་ཉིད་ཀྱི་ཉམས་
སྣང་ལ་གསལ་བ་ཡིན་ཞེས་དུས་གསུམ་ཤེས་པ་འབྱུང་བའོ། །འདིར་ནི་བོང་འདྲའི་རྣལ་འབྱོར་མ། །དེ་ཚེ་བོང་བུ་འདྲ་བལྟའི་གནས་སྐབས་སུ་རང་དང་གཞན་གྱི་སྐྱེ་བ་དང་འཆི་འཕོ་བ་མངོན་སུམ་དུ་ཤེས་པར་འགྱུར། ཡང་ན་སྐྱེ་བ་སྔ་ཕྱི་རྟགས་ལ་བརྟེན་ནས་རྗེས་སུ་དཔག་པའོ། །གླང་པོ་ཉིད་དུ་སྔོན་དུ་གང་། །
Vol. 18 · folio 61b
མཐོང་སྟེ་གླང་པོའི་གཟུགས་ཅན་ཡིན། །ཞེས་བྷ་ག་བཱན་གྱིས་སྔོན་གླང་པོ་ངེས་པར་སྐུ་སྐྱེ་བ་ཞེས་པ་དེ་དང་མཚུངས་པ་འམ། བོ་དྷིས་ཧྭ་རི་བོང་དུ་སྐྱེ་བ་བཞེས་པ་ལྟར། གང་དང་གང་གི་སྐྱེ་བ་ནི། སྔོན་གྱི་སྐྱེ་བར་གྱུར་པ་དག་འགྲོ་བ་རིགས་དྲུག་གི་སྣང་བ་མཐོང་བས་ཟག་བཅས་ཟག་མེད་ཀྱི་ཉམས་སྣང་ངོ་། །
རྒྱུ་མཐུན་གྱི་འབྲས་བུ་དེ་ནི་དེ་འདྲའི་གཟུགས་དག་ཏུ་ཞེས་རྒྱུ་འབྲས་ཀྱི་བྱེ་བྲག་མི་འདྲེས་པར་རྣལ་འབྱོར་པས་ནི་འདིར་མཐོང་འགྱུར་རྟེན་འབྲེལ་གྱི་ཆེ་བ་སྟོན་པའོ། །དེ་ནི་གྲུབ་པའི་སྐྱེས་བུས་ཏེ་དེ་ནི་གནས་སྐབས་དང་མཐར་ཐུག་གི་དབང་ཕྱུག་ཡོན་ཏན་ནོ། །ཁྱད་པར་དུ་སྐྱེ་བ་བདུན་པའི་ཤ་ཁ་ན་མ་ཐོ་བ་
མེད་པ་ལ་ཚོགས་འཁོར་དང་གཏོར་མ་བྱས་པའི་ནུས་པ་བསྟན་པ་ལ། སྐྱེ་བ་བདུན་གྱི་རིམ་པ་ཞེས་གནད་ལ་བོར་བ་ཁྱད་པར་དུ་བྱ་བས། དེའི་ཤ་དེས་ཚོགས་དང་གཏོར་མ་དང་སྦྱིན་སྲེག་ཏུ་བྱས་ནས་ལོངས་སྤྱོད་པས་སྒྲུབ་པ་པོ་ལ་གྲུབ་པར་འགྱུར་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་དུ་མ་ཐོང་
པའོ། །དེ་ལས་མཁའ་སྤྱོད་གྲུབ་པ་ནི། དེ་བཞིན་དཔག་ཚད་བརྒྱ་ཕྲག་ནི་རྫུ་འཕྲུལ་གྱིས་བགྲོད་པ་སྟོང་གི་སྟེང་དུ་སྟེ་ལྷ་གནས་གོང་མ་ཐམས་ཅད་དུ་ནུས་པའི་སྟོབས་ཀྱིས་སྐད་ཅིག་ཙམ་ལ་འགྲོ་བ་ལུས་ཤིན་ཏུ་དངས་པར་འགྱུར་བའི་ཁྱད་པར་རོ། །ཡང་དེ་ཉིད་ཁྱད་པར་དུ་བྱེད་པ་ལ་རྣལ་འབྱོར་སྔགས་
མཆོག་དམ་པ་སྟེ་ནི་ནང་དོན་ལྟར་ན། རྣལ་འབྱོར་པའི་རྡོ་རྗེ་ལུས་ཀྱི་བྱེད་པ་ལས་སྔགས་ནི། ཨ། ཧཾ་མཆོག་གི་རྩ་དབུ་མའི་གདོང་སྟེ་ཤེས་རབ་ཀྱི་ཆ་བོང་བུའི་གདོང་རྩ་ཁ་ཁྭ་མུ་ཁའོ། །ཐབས་ཀྱི་བོང་བུའི་གདོང་ནི་སྤྱི་བོ་བདེ་བ་ཆེན་པོའི་ཧཾ་མགོ་ཐུར་དུ་བལྟ་བའོ། །དམ་པ་ནི་རྩ་གསུམ་འདོམ་པ་ནས་ཙཎྜ་ལཱི་འབར་
བའོ། །མཁའ་འགྲོ་མ་ནི། སྟེང་འོག་གི་ཙཎྜ་ལཱི་དེ་རླུང་གིས་བསྐུལ་བས་རྩ་ཀུན་འདར་མ་ནམ་མཁའི་རྩའི་ནང་བརྒྱུད་དེ་གྱེན་དུ་འགྲོ་བ་ལས་མེའི་མདངས་ཕྲོག་པས། སྦྱོར་བ་ནི་ཧཾ་ལས་བདུད་རྩི་བབ་པས་བདེ་སྟོང་གྲུབ་པར་བྱེད་པ་ཡེ་ཤེས་འཆར་བ་ལ། རྣལ་འབྱོར་གྱི་བསམ་གཏན་གྱིས་འབད་ན་
མཚན་མ་རླུང་སེམས་ལས་སུ་རུང་བས། དུ་བ་ལ་སོགས་པའི་ཉམས་སྣང་བ་དཔག་ཏུ་མེད་པ། གང་གིས་རླུང་སྔགས་གཉིས་མེད་དུ་བཟློག་པ་དེས་ནི་རྟགས་བཅུ་ལ་སོགས་པ་ཟླ་བ་གཅིག་གིས་ཏེ། འབྱུང་བ་ལྔ་དབང་པོ་ལྔ་ཡུལ་ལྔ་ཉིན་མཚན་དུ་འབད་པས་ཡེ་ཤེས་ཆེན་པོ་འགྲུབ་པར་འགྱུར་
Vol. 18 · folio 62a
བ་ཉིད་ངེས་པའོ། །གསང་བའི་ལུས་ཀྱི་རྩ་གསུམ་ལས་ཉམས་འཆར་བ། སྔགས་འདི་ཡིན་ནི་རླུང་འགྲོ་གསུམ་གཅིག་ཏུ་གྱུར་པའི་ནུས་པའོ། །སྙིང་པོ་ནི་ཉམས་ཞི་གནས་ཀྱིས་འཇིག་རྟེན་པའི་ལམ། ལྷག་མཐོང་གིས་འདས་པའི་ལམ་ཆོད་ཤིན་ཏུ་དགེ་བ་ཡིན་ནི་ཐོག་མ་བར་དང་
མཐའ་མར་རོ། །གང་ཞིག་རྣལ་འབྱོར་བས་དེ་ཉིད་ཡེ་ཤེས་ཀྱི་རིམ་པ་ཤེས་པས་ནི། དེང་འདིར་གསང་བ་གྲུབ་པའི་རྣལ་འབྱོར་གྱི་དབང་ཕྱུག་བདེ་ཆེན་ཡེ་ཤེས་ཉིད་ཐོབ་པར་གྱུར་པས། འདི་ལ་ཐེ་ཚོམ་སོམ་ཉི་མེད་དེ་ལམ་ཕྱིན་ཅི་མ་ལོག་པ་འདི་ཉིད་ནི་མཁའ་ཆོས་ཉིད་སྟོང་པ་ལ་འགྲོ་སྙིང་རྗེ་དང་དབྱེར་མེད་
དུ་གྱུར་པས། གཞན་དོན་དུ་འབྲེལ་པ་དྲ་བ་ལྟར་འཆར། དེ་ཉིད་བདེ་མཆོག་ཕྱག་རྒྱ་ཆེན་པོ་གྲུབ་པ་ཡིན་ནོ། །དེ་ལྟར་ཡང་། མི་གཡོ་རྣམ་པར་མི་འཁོར་བས། །རྣམ་པར་མི་འགྱུར་གོས་པ་མེད། །སྒྲིབ་པ་ལྔ་ནི་རྣམ་དག་པས། །རང་ཉིད་ཧེ་རུ་ཀ་དཔལ་གྱུར། །ཞེས་དང་། ལྷ་ཕྱོགས་སྐྱོང་བཅུ་གདུལ་
བའི་དོན་དུ་སྟེ། དྲང་སྲོང་སྤྱོད་པས་རི་བོང་དུ། །ཚངས་པ་དབང་པོ་ཕྱོགས་སྐྱོང་བ། །གདུལ་ཕྱིར་དམན་པའི་ཞལ་བརྙན་ཏེ། །སྡོམ་པས་མངོན་པར་ཤེས་པ་བསྒྲུབ། །ཅེས་པ་ཌཱ་ཀི་མ་དུས་འབྱུང་བ་ལས་བྱུང་བས། དུས་གསུམ་ཤེས་པར་བྱ་བའི་ཕྱིར། །གསང་བའི་རིག་པ་ཆེན་པོ་བསྒྲུབ། །ཅེས་འབྱུང་
བའི་དོན་ཏོ། །དཔལ་ཧེ་རུ་ཀ་བོང་བུའི་རྣམ་པར་མཛད་པའི་ཆོ་གའི་ལེའུ་ནི་གནས་སྐབས་དང་དུས་དང་གདུལ་བྱ་ལ་དགོངས་པའི་གསང་བའི་ཐུན་མོང་མ་ཡིན་པའི་ཕྲིན་ལས་བསྟན་པའོ། །བཅུ་བཞི་པའི་རྣམ་པར་བཤད་པའོ།། །།ད་ནི་དཔལ་འཁོར་ལོ་སྡོམ་པའི་རྒྱུད་འདིར། རྗེ་བཙུན་མ་རྣལ་འབྱོར་མ་ལྷ་
མོ་སུམ་ཅུ་རྩ་དྲུག་དང་བཅས་པ་རྣམ་པར་འགྱུར་བས་དུ་མའི་ཆོ་འཕྲུལ་གྱིས་འགྲོ་བ་འདུལ་བར་མཛད་པས་དེ་ཉིད་ཀྱི་རྣམ་འཕྲུལ་ངོ་ཤེས་ཤིང་མཆོད་པར་བྱ་བ་ལ། རིགས་ལྡན་རྣམས་ནི་མཆོད་པར་བྱ། །ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ། །ཅེས་ལེའུ་དང་པོར་བསྟན་པའི་དོན་ལས། དབུགས་འབྱིན་
པར་མ་མཆོག་དག་དང་། །ཞེས་པ་ལ་སོགས་པས་མདོར་བསྟན་ཅིང་། འདི་ནས་ལེའུ་བཅུས་རྒྱས་པར་བཤད་པ་བསྟན་པའི་ཕྱིར་དེ་ནས་ཞེས་སྨོས་ཏེ། དེ་ཡང་བཅོ་ལྔ་པ་ནས་ཉེར་བཞི་པ་ལ་ཐུག་པའི་བར་དུ་རིགས་ལྡན་མའི་བརྡ་དང་མཚན་ཉིད་བསྟན། དེ་ལ་གནས་ཉི་ཤུ་རྩ་བཞི་ལ་སོགས་པའི་ས་ཆེན་
Vol. 18 · folio 62b
པོ་ལ་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལྷ་མོའི་གཟུགས་སུ་སྤྲུལ་ནས་གནས་པའི་མཚན་ཉིད་བརྟག་པའི་སྒོ་ནས་བརྡའི་ལེའུ་འདི་བསྟན་པའོ། །སྡོམ་པ་ནི་སམྦྷ་རའི་སྒྲས་བླ་ན་མེད་པ་ལུས་ངག་ཡིད་ཡེ་ཤེས་ཀྱི་ངང་དུ་གནས་ཤིང་། སྡོམ་པ་ཐམས་ཅད་ལ་ཞེས་ཐ་མལ་
པའི་ཚུལ་བཞིན་མ་ཡིན་པ་རྣམ་པར་དག་པའོ། །གང་ཞིག་བརྡ་ནི་ཤེས་གྱུར་བ་ནི་ངོ་བོ་བསམ་གཏན་དང་ལྡན་པའི་རྣམ་པར་འགྱུར་བ། སྒྲ་འཇུག་པའི་དོན་སང་གྷེ་ཏ་ན་དོན་ཟབ་པ་སྟོན། དབྱེ་བ་ནི་ལུས་བརྡ་ལ་འདུས་པ་དང་ཡན་ལག་རེ་རེ་བའོ། །ངག་བརྡ་ལ་ཡི་གེ་རེ་རེའི་བརྡ་འདི་ནས་སྟོན། འདུས་པ་
འོག་ནས་སྟོན། ཡུལ་རྣལ་འབྱོར་མ་རྣམས་སོ། །དུས་ནི་སྤྱོད་པ་དབང་དང་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་ཁྱད་པར་རོ། །དགོས་པ་དམ་ཚིག་མི་ཉམས་པའི་ཡན་ལག་དང་། བར་ཆད་མི་འབྱུང་བ་དང་། གསང་བ་མི་འཕེལ་བ་དང་། མྱུར་དུ་བྱིན་གྱིས་བརླབ་ཅིང་དངོས་གྲུབ་སྟེར་བ་ལ། རང་
རིག་ངོ་ཤེས་པར་འགྱུར་བའོ། །དེ་ཉིད་ཀྱི་དེ་འགྲུབ་པ་ནི་ཞེས་ལྷན་ཅིག་སྐྱེས་མ། ཞིང་སྐྱེས་དང་། སྔགས་སྐྱེས། ཡེ་ཤེས་དང་། དམ་ཚིག་ལ་གནས་པ་དག་ལ་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པའོ། །ཐེ་ཚོམ་མེད་པར་བཤད་པ་བྱ་བ་ནི་བརྡའི་རྟགས་ཀྱི་བྱེ་བྲག་ཤེས་པས་རིགས་ལྡན་ཡིན་པར་
སོམ་ཉི་ཟ་བ་མེད་པས། དངོས་གྲུབ་མྱུར་དུ་འགྱུར་བའི་ཐབས་བསྟན་པ་སྟེ། དེ་ཉིད་རྒྱས་པར་བཤད་པ་ནི། ཌཱ་ཞེས་བྱ་བ་ལ་སོགས་པས། དཔའ་བོ་དང་། རྣལ་འབྱོར་མ་འདུ་བའི་གནས་དང་ལོངས་སྤྱོད་དང་རྫས་ཀྱི་བྱེ་བྲག་འགའ་ཞིག་དང་སྤྱོད་ཚུལ་ཐ་དད་དུ་བྱའོ། །དེ་ཁོ་ན་ཉིད་ལྟར་ན། སྐྱེས་བུར་བཤད་
པ་ཐབས་དཔའ་བོ། །ཡང་ན་ཕྱོགས་བདག་གོ། །ཌཱི་ཞེས་བྱ་བ་ལྷ་མོ་ཡིན། ཌཱ་ཀི་ནི་སྟེ་ཤེས་རབ་ཡུལ་ལོ། །སྤྱོད་པའི་ཁྱད་པར་སུ་ཞེས་བྱ་བ་གནོན་པ་ཡིན་ནི་བྱང་སེམས་འཛིན་པས། རྟོགས་པས་ལྡང་མི་ནུས་པར་བྱེད་པའོ། །སུ་ཞེས་བྱ་བ་ཟ་བར་བྱ་བ་ཉིད་དེ། ག་ཎ་ཙཀྲའི་དུས་སུ་མྱོང་བའི་
དགའ་བ་བདེ་བར་ཟ་བས་ཐིག་ལེ་མ་ཟིན་ན་རྣམ་རྟོག་ཟས་སུ་ཟ་བའོ། །མ་ཞེས་ནི་བདག་བྱིན་གྱིས་བརླབས་པས་ཆོས་དབྱིངས་ཡེ་ཤེས་བསྐྱེད་པའོ། །ཡོ་ཞེས་ཡོ་གི་དམ་ཚིག་ཅན་གྱི་རྣལ་འབྱོར་པ་ལ་དགའ་བ་བསྐྱེད་པའོ། །བྷི་ཞེས་བྷི་ག་ཧ་སྟེ་སྣང་བ་དང་སྟོང་པ་ཡེ་ཤེས་མཉམ་དུ་སྐྱེས་པའོ། །
Vol. 18 · folio 63a
ཝི་ཞེས་བྷྲི་ས་ཏི་ཏ་སྟེ་ཡེ་ཤེས་ཐོད་རྒལ་ཅན་སྣང་སྟོང་དབྱེར་མེད་ལྷན་ཅིག་སྐྱེས་པ་བདེ་ཆེན་མ་རྟོགས་ན་སངས་མི་རྒྱའོ། །ལུས་ཞེས་པ་ལུས་ཚེ་ལྡན་ཡེ་ཤེས་ཕྲ་མོས་རྣམ་རྟོག་ཉོན་མོངས་གཅོད་པའོ། །ཡང་ན་ལུ་ཏི་ཏ་དེ་ཤེས་པའི་སྟོབས་དང་མི་འཇིགས་པ་འཇོ་བའོ། །སྲི་ཞེས་
ཤྲཱི་ང་བྷ་ས་སྟེ་སྙིང་རྗེའི་ཆགས་པ་ཆེན་པོས་སེམས་ཅན་སྨིན་པར་བྱེད་པའོ། །སོ་མ་ཞི་བའི་བརྡུང་བ་སྟེ་སོ་སོ་ལ་སྟེ་རྣམ་རྟོག་སྐེམས་ཤིང་ས་དྷེ་ན་ས་སྟེ་ཉོན་མོངས་པ་དག་པར་བྱེད་པའོ། །པེ་ནི་པ་ཡ་ནས་སྨན་བཏུང་བ་སྟེ་རྟོག་པ་ནུབ་པ་ཉིད་དོ། །པའི་གྷ་པི་ས་ཡ་ན་སྒྲོན་མ་སྟེ་ཤ་ལྔ་བསྟན་པའོ། །ཧེ་ཞེས་བྱ་
བདག་པ་ཉིད་ནི་ཧེ་ནི་ཧ་ཏུ་བྷི་གྷ་ཏས་ཆོས་ཐམས་ཅད་རྒྱུ་དང་བྲལ་བའོ། །བྷ་ཞེས་བྷ་ག་ཏ་རྣམ་རྟོག་ཐམས་ཅད་བདེ་བར་ཟ་བ་དཔའ་བོའི་སྟོན་མོ་དང་ལྡན་པའོ། །བྷུ་ཞེས་པ་རྣམ་རྟོག་ཟ་བ་སྟེ། ཐབས་ཤེས་རབ་གཉིས་མེད་དུའོ། །ཀ་ལྡན་ངང་པ་ཉིད་དུ་བརྗོད་པ་སྟེ་རྒྱ་མཚོ་ལ་འཚོ་བ་སྟེ་ཟབ་པའི་ཡེ་ཤེས་སོ། །
པི་ཞེས་པ་ཐབས་ཤེས་རབ་རོ་གཅིག་པ་རྟོག་པ་དང་བྲལ་བས་རྟོག་མེད་དུའོ། །བྷུ་ཞེས་རོ་ལངས་བསྒྲུབ་པས་ཡེ་ཤེས་ལ་ལོངས་སྤྱོད་པའོ། །བྷ་ག་ཞེས་བྱ་རུང་ཉིད་དོ། །ཀ་ཏུ་ར་ནི་ལེན་པར་བརྗོད་པ་སྟེ། ཁ་དོག་པར་རང་འབྱུང་བ་དང་། ཁམས་ཀྱི་བདུད་རྩི་རྡོ་རྗེས་དབང་དུ་བྱེད་པའོ། །ཌཱི་ཞེས་ཏེ་ཡ་
ཏ་ཡེ་ཤེས་མཁའ་འགྲོ་མའོ། །གྷ་ནི་སྒྲོལ་བྱེད་ཀྱི་ཏིང་ངེ་འཛིན་ནོ། །ཡང་ན་ལ་ཞེས་པ་ར་ལ་ཏ་ལས་དྲངས་པས་སེམས་ཅན་ཐམས་ཅད་སྨིན་པར་བྱེད་པའོ། །ཏྲི་ནི་འདོད་པའི་གཟུགས་རཱུ་པི་སྟེ་མཚན་དཔེ་ལྡན་པའོ། །ཡང་ན་ཧ་ན་བྷ་ཧ་ན་སྟེ་ཧེ་ནི་བཞད་པ་མས་དངོས་གྲུབ་སྟེར་བར་བྱེད་པ་སྐྱེ་འཇིག་མེད་
པའོ། །ཀུ་ཞེས་པ་རིག་བྱེད་ཀུ་རུ་ལས་ཏེ་རིགས་ཀྱི་ས་ལ་གནས་པའོ། །ཛཱ་ནི་སྤྱོད་པ་མཐའ་གཉིས་དག་པའི་ཐབས་ཤེས་རབ་ལྡན་པའོ། །བྷ་ནི་བདེ་ཆེན་དུ་སྨྲ་བ་ཉིད་དོ། །སྭ་ཞེས་འགྲོ་འོང་གནས་པ་ཞི་བ་ཉིད་དོ། །མི་ཞེས་རྡོ་རྗེའི་ལུས་ལ་གནས་པའི་རྒྱ་མཚོར་འཕྱོ་བའི་ཆུ་སྲིན་ཉ་མིད་དག་པ་ཡེ་
ཤེས་ལ་རོལ་པའོ། །བྷྱ་ཞེས་པ་ནི་བདུད་རྩི་སྙིང་པོ་ལུས་ལ་སྨིན་པར་བྱའོ། །ཕོ་ཞེས་འགྲིབ་མེད་བཏུང་མཆོག་ནམ་མཁའ་ཉིད་དོ། །གྷ་ནི་སྤྱོད་པས་གཉིས་འཛིན་དག་པའོ། །ཀ་ཞེས་པ་གཟུགས་སོགས་ཡུལ་འདོད་ཡོན་དག་བྱའོ། །ས་ཞེས་རིགས་གཞན་གྱི་དབང་དུ་མི་འགྲོ་བའི་ཡེ་ཤེས་སོ། །
Vol. 18 · folio 63b
ར་ཞེས་རང་བསྲུང་བ་སྟེ་དཔའ་མོ་རང་དབང་ཅན་ནོ། །དུ་ཞེས་སྨྲི་ཏི་དུན་ཏེ་དྲན་པ་མི་བརྗེད་གཟུངས་ཐོབ་པའོ། །སུ་ཞེས་གཉུག་མ་རྟོག་མེད་བདེ་ཆེན་ནོ། །ན་ཞེས་རྟོག་པའི་ཆ་རང་སར་དག་པའོ། །ས་ནི་གདོད་མ་ནས་འདའ་བ་མེད་པའོ། །མ་ཞེས་མཱ་ནུ་སེམས་ཅན་སྒྲོལ་བྱེད་དྲག་མོའོ། །ཨ་ནི་འགག་
པ་མེད་པའི་ཡེ་ཤེས་སོ། །ན་སྟོང་པ་ཉིད་ཕྱི་མ་སྐྱེ་བ་མེད་པའོ། །སོ་ནི་འདོད་ཡོན་ལམ་དུ་བྱེད་པས་རྣམ་པར་དག་པ་ཉིད་དེ། བྷཱི་ར་ནི་མི་འཇིགས་པ་དཔའ་བོ་ནི་རྣལ་འབྱོར་པ་སྲིང་མོ་ཡིན་ནི་ཌཱ་ཀི་མ་དམ་ཚིག་ལ་གནས་པ་ལ་འདུ་བ་མཚོ་ལ་ངང་པ་འདུ་བ་ལྟར་རོ། །ད་ནི་གཞུང་ཉེ་བར་བསྡུ་བ་སྟེ། འདི་དག་
ནི་ཡི་གེ་རེ་རེ་ཞིང་གི་བརྡ་ཡིན་ཏེ། མཚོན་པ་ཙམ་ཟུར་གྱིས་གོ་བར་བྱ་བ་ཉིད་དོ། །དད་པ་དང་མི་ལྡན་པ་རྣམས་ལ་སྦྱིན་པར་མི་བྱའི་ཞེས་སྐལ་བ་དམན་པ་ལ་གསང་བའོ། །དམ་ཚིག་གི་མཆོག་ཡིད་མཐུན་པ་ལ་ནི་སྐལ་བར་ལྡན་པ་སྟེ་དགོངས་པ་དང་ནི་ལེགས་པར་བརྟགས་ལ་དད་པ་རྣམས་ལ་
རྡོ་རྗེའི་ཐེག་པ་གསང་བ་སྦྱིན་པར་བྱའོ། །བརྡའི་ཆོ་གའི་ལེའུ་ནི་གསང་ཞིང་སྙིང་པོའི་རིམ་པ་ལེའུ་བཅོ་ལྔ་པའི་རྣམ་པར་བཤད་པའོ།། །།དེ་ཡང་སྔ་མའི་བརྡ་དེ་དག་གིས་རིགས་ལྡན་ཉིད་དུ་ངོ་ཤེས་པར་གྱུར་ཀྱང་། དེ་དག་གི་ཁྱད་པར་བདེ་བར་གཤེགས་པའི་རིགས་བདུན་ལ་སོགས་པའི་ངེས་
པའི་ཁྱད་པར། སྤྱི་དང་བྱེ་བྲག་གི་རིགས་ཀྱི་དབྱེ་བ་ཤེས་པར་བྱ་བ་ལ། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་སྨོས་ཏེ། འདིར་ཕོ་ཉའི་མཚན་ཉིད་ལེའུ་གཉིས་ཀྱིས་རིག་པར་བྱ་སྟེ། དངོས་གྲུབ་ཆེན་པོའི་གསང་བ་གང་ནི། མ་བླ་ན་མེད་པའི་རྒྱུད་འདིར་མཆོག་ཐུན་མོང་གི་སྒྲུབ་པ་མྱུར་དུའོ། །
སྐལ་ལྡན་ཡིད་འོང་སྐལ་མིན་པ་ནི་སྔ་མ་ནི་རྒྱུད་འདིར་ཞུགས་པའི་ལས་འཕྲོ་ཅན་བརྡ་དང་སྤྱོད་ཡུལ་ཅན་ནོ། །ཡང་ན་ལྷན་ཅིག་སྐྱེས་མ་ལ་སོགས་པའི་རྣལ་འབྱོར་མའི་རིགས་ཀྱི་ཁྱད་པར་ཤེས་པའོ། །ཕྱི་མ་ནི་བརྡ་མ་རྟོགས་པའི་གང་ཟག་གོ། །ཡང་ན་རིགས་དང་མི་ལྡན་པ་དམན་པ་ཡོན་ཏན་མེད་པ་
རྣམས་སོ། །སྒྲུབ་པ་པོ་ལ་བཤད་བྱ་བ་ནི་རིགས་ལྡན་མཚན་ཉིད་དང་ལྡན་པའམ། རིགས་མ་ངེས་པ་དང་དམན་པར་ཤེས་པར་བྱ་བའོ། །དད་པ་རབ་དང་ལྡན་པ་ནི་གང་ཟག་སྣོད་གསུམ་གྱི་སྐྱོན་དང་བྲལ་བ། གསང་བ་འདིར་ཤིན་ཏུ་མོས་གུས་ལྡན་པ་ལའོ། །མཆོག་ཏུ་དམ་ཚིག་བསྟན་པ་ལ་ནི།
Vol. 18 · folio 64a
རིགས་སོ་སོའི་སྡོམ་པ་དང་བསྲུང་བྱ་སྤྱད་པ་བཟའ་བ་ལ་སོགས་པ་མི་འབྲལ་བའི་བསླབ་པ་ལ་གནས་པས་སོ། །དེ་ལ་རབ་ཏུ་བསྟན་པར་བྱ་བ་ནི་ཁྱད་པར་ཤེས་པས་གསང་ཆེན་རིམ་པ་ཉིད་སྦྱིན་པའོ། །བཟའ་བ་ཡིད་དགའ་ཕན་བྱེད་པ་ནི་ཕྱི་དང་ནང་ལས་བདུད་རྩི་བསྟེན་པའོ། །
བཟའ་བ་རབ་ཏུ་བསྟེན་པ་ནི་ཕྱི་ནང་དུ་བསྟེན་པ་ལུས་སེམས་ཚིམ་པར་བྱེད་པའོ། །དཔའ་བོ་གཉིས་མེད་རྣལ་འབྱོར་བ་ནི་དཔལ་ཧེ་རུ་ཀའི་བརྟུལ་ཞུགས་ལ་བརྟེན་པའོ། །རིགས་ཀྱི་བྱེ་བྲག་གསང་བ་དང་ནི་རིགས་བསྡུས་པ་དང་། རིགས་བྱེ་བྲག་པའི་ཁྱད་པར་ཤེས་པའོ། །དད་པས་རབ་ཏུ་བསྟེན་པ་
དང་ནི་དཀྱིལ་འཁོར་འཁོར་ལོའི་ལམ་ལ་མོས་པའོ། །བསྟེན་པ་དྲི་ལ་སོགས་པ་དང་། རྣལ་འབྱོར་མ་ནི་མདོག་དང་ལུས་ཀྱི་དྲིའི་བྱེ་བྲག་ཐ་དད་པ་ཀུན་ནོ། །གཉིས་མེད་དཔའ་བོ་བསྟེན་ཞེས་བྱ་བ་ནི་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པས་སོ། །གང་ཞིག་ཤེས་པ་ཙམ་གྱིས་ནི་བརྡ་དང་བརྡ་ལན་ལ་སོགས་
པའི་རྟེན་ཚུལ་ལོ། །སྒྲུབ་པ་པོ་རྣམས་དངོས་གྲུབ་ཆེ་ནི་དབང་གི་དུས་མེ་ཏོག་གང་ལ་ཕོག་པ་དེའི་རིགས་ངེས་པར་མྱུར་དུ་འགྲུབ་པའོ། །ཐོབ་འགྱུར་མཆོག་ནི་བཤད་པར་བྱ། །ཞེས་པ་ལས་དང་དངོས་གྲུབ་གཏེར་ལྟ་བུའི་གྲུབ་པ་ལ་དབང་བྱེད་པ་ཉིད་དོ། །དེས་མདོར་བསྟན་པའོ། །ད་ནི་རྒྱས་པར་
བཤད་པ་ལ། རྣལ་འབྱོར་མ་རིགས་བདུན་སོ་སོའི་མཚན་ཉིད་བཤད་པ་ལས། ལྷ་མོ་རེ་རེ་ལ་ཡང་། ཁ་དོག་དང་། དབྱིབས་དང་། སྤྱོད་པའི་ཚུལ་དང་། དྲིའི་བྱེ་བྲག་དང་། རྣམ་པར་འགྱུར་པ་སྟོན་པ་ལས། བུད་མེད་པད་ཙ་ལྟར་དཀར་ཞིང་། །ཞེས་པ་ལ་སོགས་རྡོ་རྗེ་སེམས་དཔའི་རིགས་ལྡན་དུ་ཤེས་
པར་བྱའོ། །བུད་མེད་གང་བཙོ་མའི་གསེར་ཞེས་པ་ལ་སོགས་པས་རིན་ཆེན་རིགས་བསྟན་པའོ། །ཐམས་ཅད་ཨུཏྤལ་ལྟ་བུ་ནི་དཔལ་ཧེ་རུ་ཀའི་རིགས་གཡུང་མོའོ། །གཡུང་མོ་ལས་མི་བསྐྱོད་པའི་རིགས་ནི་པད་དཀར་འདྲ་མདོག་ནི་ཞེས་པས་བསྟན་ཏོ། །དམར་ཞིང་སེར་བ་ནི་འོད་དཔག་མེད་གོས་
དཀར་མོའི་རིགས་སོ། །སེར་ཞིང་ལྗང་བའི་དོན་ཡོད་གྲུབ་པ་ལས་ཀྱི་རིགས་སུ་ཤེས་པར་བྱའོ། །གང་ཞིག་ཁ་དོག་དམར་ཞེས་པས་སངས་རྒྱས་རྣམ་སྣང་གི་རིགས་སོ། །ད་ནི་དེ་དག་གི་དོན་ཉེ་བར་བསྡུ་བ་བསྟན་པ་ནི། རྣལ་འབྱོར་མའི་ཞེས་པ་ལ་སོགས་པས་བསྟན་པ་སྟེ། འདི་དག་རང་གི་
Vol. 18 · folio 64b
ཕྱག་རྒྱ་ཆེན་པོའི་རྟགས་ཀྱི་མདོག་གིས་ཁྱབ་པ་རིགས་སུ་ངེས་པའི་དོན་ཏོ། །ངེས་པར་དམ་ཚིག་ཅན་ཡིན་ནོ་ཞེས་པའི་བར་གྱིས་ཕྱི་དང་བྱེ་བྲག་རིགས་ལྡན་ཁྱད་པར་དུ་གྲུབ་པའི་ཡེ་ཤེས་ཀྱི་གར་གྱི་རྣམ་པར་འགྱུར་བ་བསྟན་པའོ། །ད་ནི་ལེའུའི་མཚན་ནི། རྣལ་འབྱོར་མ་བདུན་གྱི་ངེས་པར་བརྟགས་པའི་
མཚན་གྱི་ཆོ་གའི་ཞེས་པས་རྣལ་འབྱོར་མ་ཐམས་ཅད་ས་གསུམ་དུ་ཀུན་དུ་ཁྱབ་པའི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱ་བཞི་ལྡན་དུ་རྒྱས་བཏབ་པས་རིགས་སྤྱི་དང་བྱེ་བྲག་གི་གནས་བཤད་པ་སྟེ་ལེའུ་བཅུ་དྲུག་པའི་རྣམ་པར་བཤད་པའོ།། །།དེ་ལ་རྣལ་འབྱོར་མ་བླ་ན་མེད་པ་ལས་ཁྱད་པར་དུ་དཔལ་འཁོར་ལོ་
སྡོམ་པའི་རྒྱུད་ཀྱི་དགོངས་པ། དཔལ་རྡོ་རྗེ་རྣལ་འབྱོར་མ་དང་བཅས་པའི་ཆོས་འདི་ཤིན་ཏུ་དཀོན་པར་བསྟན་པའི་ཕྱིར། དེ་ནས་རྙེད་དཀའི་རྣལ་འབྱོར་མ། །ཞེས་པས་ལེའུ་དང་པོར་ཡང་འཇིག་རྟེན་གསུམ་དུ་རྙེད་དཀའ་བ་ཞེས་པའི་དོན་ཏོ། །དེ་བཞིན་མཁའ་འགྲོ་མ་རྣམས་ཀྱིས་ནི། བརྡའི་ནི་དཀྱིལ་
འཁོར་དུ་བཀོད་པ་རྣམས་ཐམས་ཅད་དོ། །དོན་ནི་སེམས་ཉིད་རྣམ་པར་དག་པ་བྱང་ཆུབ་ཀྱི་དཀྱིལ་འཁོར་དང་། ལུས་རྩའི་དཀྱིལ་འཁོར་དུ་པཱུ་ཛ་ལ་སོགས་པའི་རྟེན་དང་བརྟེན་པར་བཅས་པ་དང་། བདེ་ཆེན་བྱང་ཆུབ་སེམས་ཐབས་ཤེས་རབ་གཉིས་མེད་རྣམ་པར་དག་པའོ། །བདུད་རྩི་ལྔ་རྣམས་ནི་
འབྱུང་བ་དང་རིགས་དག་པ་འཁོར་ལོ་ལྔ་ལྡན་ཡེ་ཤེས་ལྔར་འཆར་བའོ། །ཡང་དག་འབྱུང་ནི་ཐབས་ཤེས་རབ་རོལ་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ལས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་བ་ཉིད་དོ། །དེ་ལ་རྣལ་འབྱོར་མ་ཐུན་མོང་དུ་སྤྱིར་གྲགས་པ་ནི་ཡ་མ་ནི་ཉིད་ནི་རྒྱལ་རིགས་ལས་བྱུང་བ་ཉིད་དེ་
རྡོ་རྗེ་སེམས་དཔའི་རིགས་སོ། །སྐྲག་བྱེད་མ་ནི་བཙོ་བླག་མ་རིན་ཆེན་རིགས་སོ། །འདོད་ལྡན་ནགས་ཚལ་མ་ནི་ལས་ཀྱི་རིགས་རྗེ་རིགས་ལས་བྱུང་ངོ་། །ཕག་མོ་ནི་མི་བསྐྱོད་པའི་རིགས་གདོལ་བ་མོའོ། །འཇིགས་གཟུགས་མ་ནི་གར་མཁན་མ་དེ་ཤེས་པ་སངས་རྒྱས་ཀྱི་རིགས་སོ། །ཀུན་སྤྱོད་མ་ནི་
བྲམ་ཟེ་སྟེ་འོད་དཔག་མེད་མའི་རིགས་སོ། །དམངས་རིགས་ཧེ་རུ་ཀ་དང་དབྱེར་མེད་བྷ་སུ་ར་སྟེ་ཕྱི་དང་ནང་དུ་ཉེ་བར་སྤྱོད་པ་ཅན་ནོ། །མཁའ་འགྲོ་མ་ནི་རྣམ་པ་བདུན་རིགས་ཀྱི་བྱེ་བྲག་ཏུ་གྱུར་པ་བྱང་ཆུབ་ཡན་ལག་གིས་ངེས་པར་རྒྱས་གདབ་པར་བྱའོ། །བསྡུས་པའི་མཚན་ཉིད་འདིར་བཤད་བྱ། །ཞེས་
Vol. 18 · folio 65a
ཡོངས་སུ་སྡུད་པར་བྱ་བ་དང་། སྡུད་པར་བྱེད་པ་སྡུད་པའི་ཁྱད་པར་དུ་རྒྱས་གདབ་པར་བསྟན་པའོ། །ཁྱད་པར་གསང་ཆེན་དུ་གྲགས་པའི་རྣལ་འབྱོར་མ་ནི། གཟུགས་ཅན་མ་ནི་སྡུག་པ་རྗེས་སུ་འཛིན་མི་སྡུག་པ་ཚར་གཅོད་པ་སྟེ། མངོན་པར་ཞེན་པས་ཞེས་པ་ནས་ཚིག་
རྐང་དྲུག་གིས་རྒྱས་པར་བཤད་ལ། མཁའ་འགྲོ་འཇིགས་པའི་གཟུགས་ཅན་མ། །སྒྲིབ་པ་ཐམས་ཅད་མྱུར་འཇོམས་པས། །དེ་བཞིན་གཤེགས་པ་ཀུན་ཁྱབ་མ། །རིགས་ཀྱི་དབང་ཕྱུག་གྱུར་པའོ། །ཙུམྦི་ཀ་ནི་བདེ་བའི་སྦྱོར་བ་གསང་བ་ཉེ་བར་སྟོན་པ་ཉིད་དོ། །སྡུག་པའམ་ཡང་ན་ཞེས་
པ་ནི་ཚིག་རྐང་བཞིས་བསྟན་པ་ལ། མ་མོའི་མཁའ་འགྲོ་སྙིང་པོ་ཆེ། །བདེ་སྟེར་ཙུམྦིཀ་པ་མོ། །ཆོས་བདག་པདྨ་འབར་བ་ལས། །དབང་ཕྱུག་མཆོག་མ་དགའ་བ་མོ། །ལཱ་མ་ནི་ཚད་མེད་སྤྲོས་པ་མེད་པའི་བདག །སྒྲོལ་བྱེད་ཡེ་ཤེས་སྙིང་རྗེ་ཆེ། །ནགས་ཚལ་རྒྱུ་བ་ཡེ་ཤེས་ཡུམ། །སྐྱོབ་
མཛད་ཕྲིན་ལས་སྣ་ཚོགས་མཛད། །ལཱ་མ་ནི་ཕོངས་པ་ཐམས་ཅད་ཐུགས་རྗེས་སྐྱོབ་པ་སྡུག་བསྔལ་ལས་དབུགས་འབྱིན་པར་མཛད་པ། ཟས་མི་ཟ་བར་ཞེས་པ་ནས་ཚིག་རྐང་ལྔ་ཡིས་བསྟན་པའོ། །ཡོངས་སུ་གྱུར་མ་ནི་གཟུགས་དུ་མར་སྟོན་པས་འགྲོ་བའི་ཡིད་ཚིམ་པར་བྱེད་མ། ཕག་དང་
དྲེད་དང་ཞེས་པས་ཚིག་རྐང་བཞིས་བསྟན་ལ། རྡོ་རྗེ་ཕག་མོ་ས་གསུམ་སྤྱོད། །ཞི་བ་གདུག་པ་འདུལ་ཞེས་འཛིན། །དགའ་བ་ཆེན་པོ་རིགས་འབྱུང་མ། །འདོད་ཡོན་རོལ་པ་སྟོན་པའོ། །བྱིས་བཅས་མ་ནི་བདེ་བ་ཆེན་པོས་རྒྱུད་རྒྱས་པ་ཟག་མེད་ཀྱི་དགའ་བ་སྤེལ་བ་སྟེ། ཤིན་ཏུ་དགའ་བ་ཞེས་
པ་ཚིག་བཞིས་ཁཎྜ་རོ་ཧི་མར་བསྟན་པ་ལ། བྷུ་སུ་ར་སྟེ་སྦྱིན་པའི་བདབ། །བྱིས་བཅས་རྒྱས་འདེབས་དཔའ་མོ་ཆེ། །ཡོན་ཏན་མི་བཟད་རྔམ་པ་སྟེ། །དགྱེས་སྡེ་མ་ནི་བྱིན་རླབས་བདག །མི་ལྡོག་མ་ནི་ཕྱིར་མི་ལྡོག་པའི་དོན་ཡང་དག་པར་དབྱིངས་ལ་འཇུག་པ་སྟོང་པ་ཉིད་མའོ། །ཡིད་ནི་ཀུན་དུ་
སྐྱོབ་པ་ཞེས་ཚིག་རྐང་དྲུག་གིས་ཞེས་པ་ལ་ཡིད་སྐྱོབ་པ་སྟེ། མི་ཕྱེད་ཡེ་ཤེས་དཔལ་དང་ལྡན། །དགའ་སྐྱོང་ཡེ་ཤེས་སེམས་མ་ཆེ། །རིགས་ལྡན་རོལ་པ་བླ་ན་མེད། །སྤྲོས་པ་སྤྱོད་བྱེད་ཁྲོ་མོ་ཉིད། །ཨེ་ཧི་ཀི་ལྷ་མོ་ནི་ཚར་བཅད་པ་དང་རྗེས་སུ་འཛིན་པ་གསལ་བར་བྱེད་པ་ཉིད། དགའ་བའི་
Vol. 18 · folio 65b
དབང་མོ་སྟེ། དགོད་པར་བྱེད་པ་སྟེ་ཚིག་རྐང་བཞིས་སྙིང་པོ་ཟླ་མེད་ཡང་དག་པ་མངའ་བ་སྟེ། དགའ་བའི་གནས་སུ་ཁྲིད་ཅིང་འཛིན། །མཉམ་སྦྱོར་ལྷན་ཅིག་སྐྱེས་སྐུ་དང་། །རོ་མཉམ་དྲག་མོ་འབར་བ་ཆེ། །སྟོབས་ཆེན་བླ་མེད་སྙོམས་འཇུག་པའོ། །ལྷ་མོ་ནི་རིགས་ཀྱི་བདག་པོ་རྡོ་རྗེ་འཛིན་པ་
དང་གཉིས་སུ་མེད་པ་ཡོངས་སུ་བསྡུས་པའི་ངོ་བོ་ཉིད་དེ། ཁྱིམ་གནས་ནམ་མཁའ་གསལ་བྱེད་མ། །ཆོས་དབྱིངས་པདྨ་གར་བསྒྱུར་བས། །མཆོད་པ་དགའ་བ་བསྐྱེད་པའི་བདག །ཡེ་ཤེས་ཕ་རོལ་ཕྱིན་མར་གྱུར། །ལྷ་མོ་གསོང་པོར་སྨྲ་བ་སྟེ། །ཞེས་པ་ཚིག་རྐང་དྲུག་གིས་བསྟན་
པའོ། །དེ་ལས་གསང་བ་ཁྱད་པར་གྱི་རྟགས་ངོས་གཟུང་བས་མཚན་མ་ཤེས་པར་བྱ་བ་ནི། མཁའ་འགྲོ་མའི་རིགས་ནི་འདིར་དཔག་ཏུ་མེད་པ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡེ་ཤེས་བདེ་བ་ཆེན་པོའི་རིགས་སུ་བསྡུས་པའོ། །དཔའ་བོའི་དབང་སོགས་ཡིན་ཞེས་བྱ། །ཞེས་དཔའ་
བོ་ཐབས་སྣང་བའི་ཆ་དང་དབང་ཕྱུག་ཤེས་རབ་སྟོང་ཉིད་ཀྱི་ཆ་ལས་བདེ་ཆེན་གཉིས་མེད་ཡེ་ཤེས་སུ་རྒྱས་གདབ་པ་སྟེ། དེ་ལ་ཕྱག་རྒྱའི་ངེས་པ་བདུན་དུ་ཤེས་པར་བྱས་ལ། ཐོད་པ་ནི་བདེ་བའི་བདུད་རྩི་མྱང་བར་བྱ་བ་པདྨ་བྷཾ་ཛའོ། །དགྲ་སྟ་ནི་སྐྱེ་བའི་ལྗོན་ཤིང་གཅོད་པས་མ་རིག་པ་ལ་སོགས་རྩད་
ནས་གཅོད་པའོ། །མཆེ་བ་བཞི་ལྡན་ནི་རྣམ་རྟོག་ཟས་སུ་ཟ་བས་བདུད་བཞི་འཇོམས་པའོ། །རལ་གྲི་ནི་སྤང་བྱ་མ་ལུས་པ་གཅོད་ཅིང་དངོས་གྲུབ་ཆེན་པོ་སྟེར་བའི་བརྡའོ། །ཀུན་དུ་སྐྲག་བྱེད་ནི་མདུང་ཐུང་སྟེ་ལྟ་བ་ངན་པའི་ཕྱོགས་རིགས་པས་འབིགས་པའོ། །རྡོ་རྗེ་ནི་རྟོག་པས་མི་ཕྱེད་པའི་ཡེ་
ཤེས་སོ། །འབུད་དུང་ཉིད་དག་ནི་རང་འབྱུང་དྲི་མ་མེད་པ་ཆོས་ཀྱི་སྒྲ་སྒྲོགས་པ་ཉིད་ཕྱོགས་བཅུ་རྣམས་སུའོ། །རིགས་བསྡུས་ནི་དཔལ་རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་པའི་གསང་བ་ཡིན་པར་བཤད་ཅེས་སྙིང་པོ་འདུ་བའི་དོན་བསྟན་པའོ། །ད་ནི་ལེའུའི་མཚན་བསྟན་པ་
ནི་དཔལ་འཁོར་ལོ་སྡོམ་པར་བརྗོད་པ་ནི་བསྡུས་པའི་རྒྱུད་ཚིག་དོན་བཅས་པ་ལས་རྣལ་འབྱོར་མའི་གཟུགས་ཡོངས་སུ་བརྗེ་བ་ནི་འཇིག་རྟེན་པ་དང་འདས་པའོ། །ཕྱག་མཚན་ནི་རིགས་སོ་སོ་བའི་བྱེ་བྲག་གོ། །ཕྱག་རྒྱ་བསྟན་པ་ནི་སྐུ་གསུང་ཐུགས་ལ་ཕྱག་རྒྱ་བཞི་ལྡན་དུ་རྒྱས་གདབ་པའི་གསང་
Vol. 18 · folio 66a
བ་བདུན་པོའི་ཆོ་གའི་ཁྱད་པར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའི་རྣམ་པར་བཤད་པའོ།། །།འདིར་རྣལ་འབྱོར་མ་བླ་ན་མེད་པའི་གསང་ཆེན་འདི་ཉིད་དུ་མཁའ་འགྲོ་མའི་རིགས་བདུན་དུ་ངེས་པ་དང་། བསྡུས་པ་ལ་དཔལ་རྡོ་རྗེ་རྣལ་འབྱོར་མས་རྒྱས་གདབ་པ་གོང་དུ་བསྟན་པའི་
རྗེས་ཐོགས་ལ་དེ་ནས་ཞེས་སྨོས་ཏེ། དེ་དག་སྤྱིར་བསྟན་ལ། ཁྱད་པར་དུ་རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་མ་དང་དམ་ཚིག་གི་རིགས་ཀྱི་ལཱ་མའི་ཁྱད་པར་དམིགས་བསལ་བ་སྟོན་པ་ནོ། གཞན་ཡང་བཤད་བྱ་བ་ནི་བརྗོད་བྱ་དང་རྗོད་བྱེད་དོ། །མཁའ་འགྲོ་མ་རྣམས་ཀྱི་མཚན་ཉིད་ནི་སྤྱོད་པའི་བྱེད་ལས་
རྣམ་པར་གྱུར་པ་དང་། རིགས་ཀྱི་ཁྱད་པར་བསྟན་པའོ། །གང་ཞིག་ནི་གནས་གསུམ་གྱིས་བསྡུས་པའོ། །ཡང་དག་ཤེས་པ་ཡིས་ནི་ལྷན་ཅིག་སྐྱེས་མ་ལ་སོགས་པའི་ཁྱད་པར་རོ། །མཁའ་འགྲོའི་ཡེ་ཤེས་གསང་བའི་སྡོམ་པ་དང་དམ་ཚིག་ལ་རྣལ་འབྱོར་པས་གནས་པ་ན་དངོས་གྲུབ་ཐམས་
ཅད་མྱུར་དུ་སྟེར་བར་འགྱུར་བ་ཉིད་དོ། །དེས་མདོར་བསྟན་ནས། རྒྱས་པར་བཤད་པ་ལ་དང་པོར་པདྨའི་རིགས་ཀྱི་མཁའ་འགྲོའི་ཁྱད་པར་ངོས་གཟུང་བ་དང་། དཔལ་ཧེ་རུ་ཀའི་རིགས་ཀྱི་མཁའ་འགྲོ་དང་། དཀོན་མཆོག་དཔལ་གྱི་རིགས་དང་། དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་མ་
དང་། མི་བསྐྱོད་པའི་རིགས་དང་། དཔལ་རྡོ་རྗེ་སེམས་དཔའི་རིགས་དང་། དཔལ་ཧེ་རུ་ཀའི་རིགས་དང་། དམ་ཚིག་རྒྱལ་པོའི་རིགས་ཀྱི་རྣལ་འབྱོར་མ་ངོས་གཟུང་བ་བསྟན་པའོ། །གསང་བའི་དབང་ཕྱུག་འདོད་ཡོན་མི་འཆི་ཡེ་ཤེས་དག་པ་རང་བཞིན་རིགས་ལྡན་ཡོན་ཏན་དབང་ལས་ནི། །ལྷ་མོ་སངས་
རྒྱས་རིགས་སྐྱེས་ཕྱག་རྒྱ་བཞི་ལྡན་རྒྱས་གདབ་དེ་ཉིད་གསང་བ་འཕོ་ཚུལ་ཡེ་ཤེས་ཐུབ་པ་ནི། །ཐུན་མོང་གསང་བ་ལས་ནི་མི་འདའ་གདུང་ནི་སོ་སོའི་རིགས་གྱུར་སྤྱོད་ཡུལ་རིམ་པས་བདེ་སྟེར་འཕེལ་བ་གང་། །ཞི་དྲག་ཚར་བཅད་རྗེས་འཛིན་ཕྲིན་ལས་མཁའ་འགྲོ་ཡུལ་དང་དུས་ཀུན་བདེ་བར་རོལ་པའོ། །
ལེའུའི་མཚན་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་ཁ་དོག་གི་མཚན་ཉིད་དང་སྤྱོད་ཡུལ་གྱི་མཚན་མའི་ཆོ་གའི་ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ནས་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་དང་དེ་ཉིད་ཀྱི་ལན་ཁྱད་པར་དུ་སྟོན་པ་ནི། དེ་ནས་ཞེས་པ་ནས། སྒྲུབ་པ་པོའི་ལཱ་མའི་མཚན་ཉིད་ཅེས་པ་
Vol. 18 · folio 66b
ལ་སོགས་པ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་ལས་རིན་ཆེན་དང་། པདྨའི་རིགས་དང་། དེ་བཞིན་གཤེགས་པའི་རིགས་དང་། མི་བསྐྱོད་རྡོ་རྗེ་དང་། ལས་ཀྱི་རིགས་ཀྱི་མཚན་ཉིད་བསྟན་པའོ། །རྡོ་རྗེ་ཕག་མོ་ལ་ཞེས་པས་གཞུང་བསྡུ་བའོ། །ལེའུ་བཅུ་དགུ་པའི་རྣམ་པར་བཤད་པའོ།། །།
ད་ནི་གོང་དུ་བསྟན་པའི་རིགས་ལྡན་གྱི་མཚན་ཉིད་དང་ཁྱད་པར་གྱི་ངོ་བོ་ཉིད་ཡོངས་སུ་ཤེས་པ་དེ་ཉིད་ཀྱིས་ལེའུ་ཉི་ཤུ་པ་འདིར་ཡན་ལག་གི་ཕྱག་རྒྱའི་བརྡ་སྟོན་པའོ། །ཐ་སྙད་པའི་བརྡ་ལས་འདས་པ་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་བརྡ་སྟོན་པ་ཉིད་དེ། ཡེ་ཤེས་ཡང་དག་མཚོན་ཕྱིར་བརྡ་དང་ཆོ་ག་ཐེ་ཚོམ་
བྲལ་བྱེད་གསང་ཆེན་སྤྱོད་པའི་དེ་ཉིད་དོན། །བརྟུལ་ཞུགས་ཆེན་པོས་ཟག་མེད་བདེ་ཆེན་མཚོན་བྱེད་ཕྱག་རྒྱ་གར་གྱིས་དྲིས་དང་ལན་བསྟན་པའོ། །འདི་ཉིད་ལ་དགོངས་པ་ཁྱད་པར་ཅན་གསང་བ་ཡང་དག་པར་སྟོན་པ་དང་། རིགས་ལྡན་གྱི་བརྡལ་བརྟེན་པའི་ཟབ་པ་དང་རྒྱ་ཆེ་བའི་སྙིང་པོ་དང་།
ཁྱད་པར་དང་སྤྱིའི་བརྡ་གསལ་བ་བྱེ་བྲག་ཏུ་རྣམ་པར་གསལ་བས་ངེས་པར་བྱ་བ་དེ་ཁོ་ན་ཉིད་ཀྱིས་ཡེ་ཤེས་ཀྱི་གསང་བ་བླ་ན་མེད་པ་བསྟན་པའོ། །ལེའུ་ཉི་ཤུ་པའི་རྣམ་པར་བཤད་པའོ།། །།ད་ནི་མི་འགྱུར་བ་གསང་བའི་རྒྱས་འདེབས་པར་བྱེད་པ། ཡེ་ཤེས་བདེ་བ་ཆེན་པོ་མཚོན་པར་བྱེད་པ་ཕྱག་རྒྱ་ཆེན་པོ་
གཉིས་སུ་མེད་པའི་དོན་ལ་བློ་ངེས་པར་བྱ་བ་སྟེ། ཕྱོགས་ལས་རྣམ་རྒྱལ་རྣལ་འབྱོར་པ་ཡི་བརྡས་མཚོན་དེ་ཉིད་ལམ་གྱི་འཇུག་ལྡོག་སྤྱོད་པ་སྟེ། ཉེར་བསྟན་བསྡུས་པའི་བརྡ་གང་ནུས་ལྡན་དགེ་བའི་ཆོས་ཉིད་རོ་མཉམ་བདེ་ཆེན་མངོན་དུ་བྱེད་པར་འགྱུར་བའོ། །གསང་བ་བདེ་ཆེན་ཡེ་ཤེས་སྟོན་པའི་མཚན་
ཉིད་ངེས་པ་སྟེ། དེ་བཞིན་གཤེགས་པས་ཉེ་བར་གདམས་པ་དང་། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཡུལ་དང་རྣམ་པར་ཕྱེ་བ་བྱེ་བྲག་ཏུ་ཁྱད་པར་རྟོགས་པར་བྱ་བ། འདི་དག་ལྟ་བའི་བརྡ་བསྟན་པ་གསང་བའོ། །ལེའུ་ཉེར་གཅིག་པའི་རྣམ་པར་བཤད་པའོ།། །།ད་ནི་ཡན་ལག་འདུས་པའི་བརྡ་ལས་ཡེ་ཤེས་ཀྱི་
གསང་བ་སྟོན་པ་དེ་ཁོ་ན་ཉིད་བདེ་ཆེན་གྱི་ཀུན་དུ་སྤྱོད་པ་སྟོན་པ་ལ། ཡང་དག་ཕྱག་རྒྱ་གསང་བ་ཁྱད་པར་བླ་ན་མེད་པ་བསྟན་པ་ཉིད་དེ། འདིས་ནི་བཀས་གནང་མཆོད་བྱའི་ལྷ་མོས་འཁོར་བ་སྒྲོལ་བྱེད་ཡན་ལག་གསང་བ་ཕྱག་རྒྱས་བསྡུས་པ་སྟེ། གང་སྟོན་ལམ་བྱེད་ཐུན་མོང་སྤྱོད་ཡུལ་དུ་ནི་རབ་ཏུ་བསྒྲུབ་
Vol. 18 · folio 67a
སྟེར་བག་ཆགས་མ་འཁྲུལ་ལམ་སྦྱང་ཕྱིར། །དེ་ཁོ་ན་ཉིད་ཀྱི་སེམས་ཡེ་ཤེས་མངོན་དུ་བྱེད་པ་ཐེ་ཚོམ་མེད་པར་གདམས་པ་སྟེ། གང་ཐབས་དང་ཤེས་རབ་ཀྱི་བྱེད་པ་རྣམ་པར་འགྱུར་བས་ཡེ་ཤེས་རྟོགས་པར་བྱེད་པ་ལ་གསང་བ་ཉེ་བར་གདམས་པས་གཞུང་བསྡུས་པ་སྟེ། ལེའུ་
ཉེར་གཉིས་པའི་རྣམ་པར་བཤད་པའོ།། །།འདིར་སྙིང་པོའི་གསང་བ་བདེ་ཆེན་ཡེ་ཤེས་ཀྱི་སྡོམ་པ་ལས་རིགས་ལྡན་མའི་རིགས་ཀྱི་ཕྱག་རྒྱའི་བྱེ་བྲག་ངེས་པ་བསྟན་པ་ལས། གང་གིས་གང་དུ་རྣལ་འབྱོར་པ་དང་རྣལ་འབྱོར་མ་ནི་རྗེས་ཆགས་བདེ་བར་ཀུན་སྤྱོད་རོལ་པའི་ཆགས་ཚུལ་དུ་མ་དེ་ལས་ནི། །
དེ་ཉིད་རིམ་པ་ཕྱག་རྒྱས་མི་འགྱུར་ཡོན་ཏན་རྒྱས་བྱེད་རྟགས་ནི་གསང་བ་མཉམ་རྗེས་གཉིས་མེད་རོལ། །ཉེ་བར་གདམས་པས་ཡུལ་བདེ་བའི་འབྱུང་གནས་ཏེ། ཡེ་ཤེས་ཀྱི་ཁྱད་པར་རྗེས་སུ་ཆགས་པའི་སྤྱོད་ཡུལ་གྱིས་ཉེ་བར་སྤྱད་པའི་ཚུལ་གྱིས་བདེ་བའི་མཚན་མ་འཆར་བ་ཉིད་ལས། ཕྱི་དང་ནང་གི་
རྣམ་པར་འགྱུར་བས་ཁམས་འདུ་བའི་བྱེད་པ་སྟོན་པ་གང་ཡིན་པ་གསལ་བར་གྱུར་པ་སྟེ། རིགས་ལྡན་གྱི་སྤྱོད་པའི་ཚུལ་གྱིས་བླ་ན་མེད་པ་ཕྱག་རྒྱའི་གྲུབ་པ་ཡེ་ཤེས་མངོན་བྱ་བ་གང་ཡིན་པ། རྣམ་པར་འཕོ་འགྱུར་འཇུག་ལྡོག་གསང་བར་རང་བྱིན་གྱིས་བརླབས་པས་ལུས་ཀྱི་བྱ་བ་ཉིད་དང་། རྣམ་
པར་འགྱུར་བས་ཡེ་ཤེས་བདེ་བ་བསྐྱེད་ཅིང་། སྔགས་ངག་གི་རྣམ་པར་དབྱངས་སྒྲ་བརྙན་ལྟ་བུ་དང་། རིགས་ཀྱི་ཕྱག་རྒྱས་ཉམས་སུ་མྱོང་བ་སྐྱེས་ཚུལ་ངོས་གཟུང་བ། སྒྱུ་མ་ལྟ་བུའི་ཚུལ་ལ་གནས་པས་གཟུགས་ལ་སོགས་པ་ཡུལ་ལ་ཚོགས་དྲུག་བདེ་བར་རོལ་པའི་སྤྱོད་པ་ཨ་བ་དྷཱུ་ཏཱི་པའི་སྤྱོད་པ་
བྱ་བའོ། །ལྷ་དང་སྔགས་ཡེ་ཤེས་མཆོག་ཏུ་གསང་བའི་བདེ་བ་ཆེན་པོ་ཉིད་མི་འགྱུར་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རོལ་པ་ལས། སྐུའི་ཕྲིན་ལས་དང་། གསུང་གི་བརྗོད་པ། ཐུགས་ཀྱི་བསམ་གཏན་གྱི་བྱེད་པ་བསྟན་ཅིང་གཞུང་བསྡུ་བ་སྟེ་ལེའུ་ཉེར་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ལ་
གོང་དུ་རིགས་ལྡན་གྱི་ཁྱད་པར་རྟགས་ཀྱི་བྱེད་པ་རྣམ་པ་དང་མཚན་ཉིད་རྟོགས་པས། རྣལ་འབྱོར་པ་གསང་བའི་སྤྱོད་པ་ལ་གནས་པས། གནས་དང་ཉེ་བའི་གནས་ལ་སོགས་པར་བགྲོད་པའམ། ཡང་ན་དུར་ཁྲོད་ལ་སོགས་པར་དབེན་པར་ག་ཎ་ཙཀྲ་ལ་སོགས་པའི་དུས་སུ་བརྡའི་སྒོ་ནས་འདོད་པའི་
Vol. 18 · folio 67b
ཡོན་ཏན་ལྔ་ལམ་དུ་འགྱུར་བས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱུར་དུ་རྟོགས་པར་འགྱུར་བ་སྟེ། དེ་ཉིད་སྟོན་པ་ནི་དེ་ནས་ཞེས་བརྟུལ་ཞུགས་བླ་ན་མེད་པ་ཉིད་ལས། གཞན་ཡང་བཤད་བྱ་བ་སྟེ། སྔར་ལེའུ་བཅོ་ལྔ་པར་ཡི་གེ་རེ་རེ་པའི་བརྡ་བསྟན་པས་ངག་གི་བརྡ་སྤྱིར་བསྟན་ལ། འདིར་ངག་གི་
བརྡའི་རབ་ཏུ་བྱེད་པ་ཡི་གེ་འདུས་པའི་དོན་ཏོ། །ལུས་བརྡ་ནི་གོང་དུ་བསྟན་ཅིང་སྒྲུབ་པ་པོའི་བརྡ་ཁྱད་པར་དུ་བྱེད་པ་རྣམས་ཏེ། དེ་ཉིད་རྣམ་དབྱེ་ཤེས་པར་བྱ་བའོ། །དཔལ་འཁོར་ལོ་སྡོམ་པའི་དཔའ་བོ་དང་རྣལ་འབྱོར་མ་སྤུན་དང་སྲིང་མོར་ངེས་པ་ནི་ཡུལ་དང་སྐད་མི་གཅིག་པ་ཡང་ལྷ་དང་སྔགས་
དཀྱིལ་འཁོར་གཅིག་པའི་དོན་གྱིས་ལྷན་ཅིག་ཏུ་ཚོགས་གང་གིས་བརྡ་དག་གིས་ངེས་པར་ངོ་ཤེས་པར་འགྱུར་བ་སྟེ། འདིར་ཀླ་ཀློའི་སྐད་ལྟ་བུ་སྒྲ་མཁན་དང་རྟོག་གེ་བས་མི་ཤེས་པར་འགྱུར་བའི་དགོས་པ་བསྟན་པའོ། །རྒྱས་པར་བཤད་པ་ལ། དང་པོ་དྲི་བ་དང་ལན་གྱི་ཚུལ་དུ་སྟོན་པའི་བརྡའ་ངོ་འཕྲོད་
པར་བྱ་བ་དང་། །བརྡ་ཕལ་པ་རྣམས་ཀྱིས་སྣ་ཚོགས་ཆོས་ཉིད་རོ་མཉམ་དུ་སྟོན་པ་དང་། སྤྱོད་པའི་བྱེ་བྲག་གིས་ཡེ་ཤེས་རྟོགས་པར་འགྱུར་བ་དང་ཁྱད་པར་དུར་ཁྲོད་ལ་སོགས་པའི་གནས་ཀྱི་རིམ་པ་བསྟན་པ་དང་། ལུས་ཀྱི་རྣམ་པར་འགྱུར་བའི་ཚུལ་དང་། རིགས་ལ་དགོངས་པ་བསྟན་པའོ། །པོ་
ཏང་གི་ཞེས་བྱ་བ་ནི་གསོང་པོར་སྨྲ་བ་ནི་གནས་ལུགས་ཆོས་ཉིད་ཀྱི་བབ་སྟེ་རྟོག་པ་གཅོད་པས་སོ། །པྲ་ཏི་པོ་ཏཾ་གི་ཞེས་བྱ་བ་ནི་གསོང་བོར་སྨྲ་བའི་ལན་ནི། རྟོག་པ་དེ་སེམས་སྟོང་ཉིད་དུ་རྟོགས་པར་བྱ་བ་ཆོས་ཐམས་ཅད་ལ་བདེན་པར་རྟོགས་པས་ཡང་དག་པའི་དོན་ཟུང་འཇུག་རབ་ཏུ་མི་གནས་པར་སྟོན་
པའོ། །ག་མུ་ཞེས་བྱ་བ་ནི་འགྲོ་པོ་ཞེས་པ་སྐྱོབ་པ་སྟེ། ཕྱིར་ཐབས་ཀྱི་ཚུལ་དུ་ཡང་དག་པའི་ལམ་ལའོ། །ལུཾ་བཾ་ཞེས་བྱ་བ་ནི་སྙིང་པོ་ཡང་དག་པར་ན་ཤེས་རབ་ཏུ་འོང་ངོ་ཞེས་བྱ་བ་དབུ་མ་ཡིན་ནོ། །ཀུ་ཏ་ནི་གནས་ག་གེ་མོ་ནས་འོངས་སོ་ཞེས་བྱ་བ་ལུས་ཀྱི་རྩ་གནས་ཐམས་ཅད་དུ་རླུང་འགྲོ་འོང་མེད་པ་ནི་རྣམ་
པར་མི་རྟོག་པ་ལ་སོགས་པའོ། །དེ་ཧི་ཞེས་བྱ་བ་ནི་ཟས་ཞེས་སྨྲ་བ་ཡིས་ནི་ནང་གི་ཤ་ལྔ་བདུད་རྩི་ལྔ་བསྟེན་པས། མཐའ་གཉིས་ལ་མི་གནས་པར་ཉམས་སུ་མྱོང་བའོ། །ལྕེ་སོ་ལ་རེག་པས་ལྟོགས་པར་སྟོན་པ་ནི། མགྲིན་པར་རོ་དྲུག་ལ་ལོངས་མ་སྤྱད་ཅེས་པའོ། །ཁ་ལ་རེག་པས་ཟོས་སོ་ནི་ཉམས་
Vol. 18 · folio 68a
མྱོང་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཤེས་པའོ། །ལྕེ་རྩེ་ལ་རེག་པ་ནི་ཚིམ་ཞིང་བདེ་བས་ཁེངས་པས་ངོམས་སོ་ཞེའོ། །གྲྀཧྞ་ཞེས་བྱ་བ་ནི། བྲམ་ཟེ་སྨྲ་བ་ནི་གཙང་མའི་དྲང་སྲོང་སྟེ། རྩ་ཀུན་འདར་མཆོག་ཏུ་གནས་པ་ཡིན་ནོ། །སྙི་རཱ་བྲ་མ་ཞེས་པ་སྙིང་པོ་ཉིད་དོ་ནི་དྲན་པ་
ཐམས་ཅད་སེམས་སུ་རོ་གཅིག་པའི་ཧའི་ད་ཡ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལས་ཡེ་ཤེས་ཀྱི་སྙིང་པོ་ལེན་པ་ཉིད་དུ་སྟོན་པའོ། །ས་གམ་ནི་མིའོ་ཞེས་གཟུགས་རྡོ་རྗེ་མ་དང་རྣལ་འབྱོར་མའི་གཟུགས་སོ། །ཤྲ་བི་ཎི་རྣ་བའོ་ནི་ཆོས་ཐམས་ཅད་ལ་སྒྲ་བརྙན་ལྟར་རོ། །མཱ་རཱ་ཎ་ནི་སྒྲ་ངན་ཉོན་མོངས་པ་དང་
རྟོག་པ་ཐམས་ཅད་རྩད་ནས་གཅོད་པས་དངོས་པོར་འཛིན་པ་སྤོང་བ་ལའོ། །གྷནྡྷ་ཞེས་པ་ནི་དྲིའི་མཆོག་བླ་ན་མེད་པ་སྟེ། ཤིང་ཀརྞི་ཀའོ་ཞེས་སིམ་པས་ལུས་སེམས་ལ་བདེ་བ་བསྐྱེད་པ་སྟེ་སིཧླ་དང་པདྨ་དབང་གི་དྲི་བྲོ་བས། ཏྲིཥྚ་ན་དྲིས་བསྒོ་བ་ནི་ཡེ་ཤེས་ཉམས་པ་མེད་པའི་དྲིའོ། །གྷྲི་ཧ་ར་ནི་རྡོ་རྗེའི་
ཆུ་གཏོང་བ་སྤྱི་བོ་ནས་འབབ་པའི་རོ་རྡོ་རྗེའོ། །ཡིནྟ་ན་ནི་དཀྱིལ་འཁོར་ཏེ་ལྷའི་ཚོམ་བུའོ། །ཨ་གུ་ལི་ནི་ཡན་ལག་སྟེ་ཐམས་ཅད་བྱང་ཆུབ་སེམས་ཀྱིས་རབ་ཏུ་གང་བས་མཚན་དཔེ་གྲུབ་པའོ། །ཨ་མྲྀ་ཏ་སྭ་ན་ནི་སྲུབ་པ་སྟེ། ར་ས་ཡ་ནཱ་ནི་བདུད་རྩིའི་སྦྱོར་བས་བདེ་ཆེན་དུའོ། །གང་དང་ལྷན་ཅིག་
ཏུ་ན་ཊ་ལ་ཀ་སྟེ་མཁའ་འགྲོ་མ་ནི་རིགས་བདུན་གྱི་ལུས་ཀྱིས་སྒོ་གསུམ་དུ་སྡུད་པར་བྱེད་པའི་ཕྱག་རྒྱ་ཅན་ནོ། །ཏྲི་བ་པ་ནི་ཞུ་བ་སྟེ་སྤྱི་བོའི་ཧཾ་ལས་ཐིག་ལེ་འབབ་པས་སོ། །ད་ན་ད་ནི་ཆར་འབབ་པ་བཟློག་པ། གཏུམ་མོའི་མེ་དང་འཁྲུལ་འཁོར་གྱིས་བདུད་རྩིའི་རྒྱུན་བཟློག་པའོ། །ན་ར་ཀ་ནི་ནང་ལུས་
ཀྱི་དཀྱིལ་འཁོར་ཏེ་ཡང་ན་ཆོས་ཉིད་ལའོ། །ཥ་ནམ་ནི་བཞི་མདོ་སྟེ་རྩ་གསུམ་འདུས་པའི་རོ་གཅིག་པའོ། །དེར་རྣམ་ཤེས་དག་པའི་ཚུལ་ཨ་མོ་ཀ་ནི་དུར་ཁྲོད་ཅེས་རྣམ་པར་རྟོག་པ་འགགས་ཤིང་མི་རྟོག་པའི་ཡེ་ཤེས་སྐྱེ་བ་ཉིད་དོ། །ཀ་ཀི་ལ་ནི་དཀྱིལ་འཁོར་སྒོ་བཞི་ཞིང་གི་རྣམ་ཐར་བཞིའོ། །
པ་ཤུ་ལི་ཀ་ནི་ཁྱིམ་སྟེ་འཁོར་ལོ་ལྔའི་ཡུལ་ཉེར་བཞིའི་ནང་དུའོ། །དེར་རྣལ་འབྱོར་མ་ཌཱ་ཀི་ནི་སྲིང་མོ་ལྷ་མོ་སུམ་ཅུ་སོ་བདུན་ཀུན་སྤྱོད་མའོ། །མེ་ཏ་ཀ་ནི་ཆུ་བོ་བདུད་རྩིའི་རྒྱུན་ཞག་འབབ་པ་ལྟར་རོ། །ཤི་རོ་ནི་བརྫུན་ནོ་ཞེས་ཐམས་ཅད་ལ་སྒྱུ་མ་ལྟ་བུར་རྟོགས་པའོ། །ཀརྞ་ནི་ལྟེ་བ་སྟེ། ཆོས་ཉིད་དབུ་མའི་
Vol. 18 · folio 68b
སྙིང་པོ་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །པཱ་རཱ་ནི་སྐྲ་སྟེ། སྣ་ཚོགས་དུ་མ་ཏིང་ངེ་འཛིན་དུ་རོ་གཅིག་པའོ། །ཏེ་ཙ་ནི་མཆོད་རྟེན་ནོ་ཞེས་ཡེ་ཤེས་སྟོང་ཉིད་ཞི་བ་ཉིད་དོ། །སྲོག་ཆགས་ལ་ཀུཾ་བྷིར་ནི་ཆུ་སྲིན་ཏེ། ཆུའི་དྲི་མས་མ་གོས་པའོ། །ཀྲི་ཎ་རི་ནི་མེ་ཏོག་ནི་ཡཾ་ལས་བྱུང་བའི་ལུས་ཀྱི་ཁམས་སོ། །
དུ་མུལ་ནི་རྒོད་པ་སྟེ་བདེ་བ་ལམ་དུ་འགྱུར་བའོ། །དུར་དྷྱ་ནི་ཆུ་འཛིན་ཕྱིའི་སྤྲིན་ཏེ། ནང་ནི་ཧཾ་ལས་རླུང་སེམས་འདྲེས་པའི་ཐིག་ལེའི་འབྱུང་གནས་སོ། །དྷུ་བ་ནི་མེ་ཙཎྜ་ལཱི་ལས་བྱུང་བའི་དུ་བས་བདུག་པའོ། །ལུས་ལ་ས་ནུ་ཞེས་རི་བོ་བཅུ་གཉིས་ཡེ་ཤེས་རྒྱས་པར་སྟོན་པའི་གནས་སོ། །ལུས་ལས་འབྱུང་
བས་རི་ཏ་ནི་ཆུ་བོ་ཕྱི་ནང་དུ་ཆེན་པོ་བཞི་ལ་སོགས་པ་འབབ་པའོ། །ན་ར་དྷ་ས་ནི་རོའོ་ཞེས་རོ་ལངས་རྟོག་པ་འགགས་པར་ལོངས་སྤྱོད་པའོ། །བྷ་དན་ཀི་ནི་གདོང་ངོ་ཞེས་ལྷའི་ཞལ་མི་འདྲ་བ་གླང་པོ་ཆེ་སྟོབས་ལྡན་མི་ལྡོག་པའོ། །ངག་དག་པར་སྟོན་པར་ཛཱི་ཀི་ནི་ཞེས་མགྲིན་པར་ཨཱ་ལི་ཀཱ་ལི་ལ་དབང་ཐོབ་
པའོ། །ཨཱདྷཱ་ན་ནི་སོའི་བཅུ་དྲུག་གཉིས་ཀྱི་ཐིག་ལེ་རྩ་བར་འབབ་པའོ། །བྷཱ་ཀྵི་ནི་རྒྱལ་མཚན་ཏེ་རླུང་སེམས་གཉིས་མེད་འཁྱམས་མཐོང་བའོ། །ཙྪ་དོ་ནི་ཡི་གེ་རླུང་སྔགས་ཀྱི་ཕྲེང་བའི་རྣམ་པ་ཅན་ནོ། །ཙ་ལ་ནི་རྒྱུ་བའི་རླུང་འགྲོ་འོང་གི་སྒྲའོ། །པ་ཤུ་ནི་རི་དགས་བྱིང་རྒོད་དང་བྲལ་བའོ། །རིགས་ལ་
དགོངས་པ་རྒྱུད་ངེས་པ་བསྟན་པ། ཤ་ས་བྷྲ་མ་ནི་བྲམ་ཟེའི་རིགས་གཟུངས་སྔགས་སོ། །བ་རི་དྷི་ནི་རྒྱལ་རིགས་གསང་སྔགས་སོ། །བྷི་ར་ཏི་ནི་རྗེ་རིགས་སོ། །ཀྲུ་ར་ནི་དམངས་རིགས་བླ་མའི་སྔགས་སོ། །ཨན་ཏསྠ་ནི་སྨེ་ཤ་ཅན་གྱི་གྲོང་སྟེ་རྩ་བའི་འཁོར་ལོ་ལྔའོ། །ཕལ་གུ་ཤཾ་ནི་འབྲས་བུ་སྐྱེ་བ་
སུམ་ཅུ་རྩ་གཉིས་ཕྱི་ནང་དུ་ཡེ་ཤེས་འཆར་བའོ། །མ་ཧཱ་ཀྵ་ར་མ་ནི་བ་ཤུ་སྟེ། ཕྱུགས་ཆེན་པོ་ནི་སྒྲུབ་པ་པོ་སྟེ་ལམ་རིམ་ལ་མྱུར་དུ་སྦྱོར་བའོ། །གཙེར་ནི་ར་སྐྱེས་མེ་འབར་བའི་གནས་སོ། །ན་ར་ནི་ནི་རྩ་གཡས་སྟོང་ཆའོ། །གྷོ་དྷ་ནི་ཁྱུ་མཆོག་རྩ་གཡོན་པ་བདེ་བའོ། །མ་ན་མ་ཧེ་སྟེ་དབུ་མར་ལྡན་
བདེ་ཆེན་ནོ། །བྷ་ནི་ཤ་ཟ་བ་ཅན་ཡེ་ཤེས་རོ་མཉམ་དུའོ། །དྷ་ནི་རྣམ་གྲངས་ཡེ་ཤེས་ཐིག་ལེ་བཅུ་དྲུག་གོ། །ཨ་དྷྱ་ནི་རང་རིག་པའི་རྒྱལ་པོའོ། །གྷ་ཏ་ནི་རིགས་པའི་གནས་དང་ཉེ་བའི་གནས་ལ་སོགས་པའོ། །ཎ་དྷ་སྟེ་ནི་སྟོང་པ་ཉིད་བཅུ་དྲུག་རྟོགས་པའོ། །ཧྲི་ནི་ཏིང་ངེ་འཛིན་མེད་པ་ན་ངོ་ཚ་བའོ། །
Vol. 18 · folio 69a
ཧོ་ཧི་ཏི་ནི་ཆོས་ཐམས་ཅད་ལ་མ་འདྲེས་པར་མིང་རྒྱུ་འབྲས་སོ་སོའི་བྱེ་བྲག་གོ། །ཆོས་འབྱུང་སྟོང་པ་ལ་རེག་པ་ནི་མེ་ཐུན་གྱི་གཅིག་པ་འབར་འཛག་གིས་ཁམས་རྒྱས་པའོ། །བླ་ལ་རེག་པ་ནི་སྟོང་ཉིད་དུ་སྟེ་གོང་ནས་གོང་དུ་འགྲོ་བ་སྟེ་འོག་མིན་གྱི་བར་དུ་ཁྱད་པར་དུ་འོག་ན་མེད་པའོ། །
ད་ནི་ཡོངས་སུ་བསྡུ་བ་ཕྱག་རྒྱའི་རིགས་ལྡན་ནོ། །ཕྱག་རྒྱ་ལན་དཔའ་བོ་རྣལ་འབྱོར་པས། དཔལ་ཧེ་རུ་ཀའི་གསུང་གི་ཡན་ལག་གི་བརྡ་ནི་ཞི་གནས་ལྷག་མཐོང་དབྱེར་མེད་དུ་ཤིན་ཏུ་བསྟན་པ་གསང་བའི་དོན་ཏོ། །གང་གིས་གསང་བ་བླ་ན་མེད་པའི་བརྟུལ་ཞུགས་ཆེན་པོ་ངག་གི་བརྡ་རྣམས་རྒྱུད་ཆེན་
ཀུན་དུ་སྦས་པའི་ཕྱག་རྒྱ་བཞི་ལྡན་སྙིང་པོ་ངེས་པ་རྣམ་དག་རིམ་པ་བསྟན་པ་མཁའ་འགྲོའི་སྤྱོད་ཡུལ་ལྔ་དང་ལྷ་མོ་ཡིན་ཞེས་པའི་དོན་ཏོ། །ད་ནི་ལེའུའི་མཚན་བསྟན་པ་ལ། རིགས་བཞིའི་མཚན་ཉིད་ཅན་གྱིས་ནི་ཡེ་ཤེས་ལས་སྐྱེས་ལ་སོགས་པའམ་ཡང་ན། ཌཱ་ཀི་མ་རྡོ་རྗེའི་རིགས་ལ་སོགས་པའི་
བརྡའི་ཚིག་ལུས་ངག་ཡེ་ཤེས་ཀྱི་བརྡར་བཏགས་པའི་ཆོ་གའི་ལེའུ་སྟེ། ཉེར་བཞི་བའི་རྣམ་པར་བཤད་པའོ།། །།ད་ནི་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་དགོངས་པ་ཐུན་མོང་མ་ཡིན་པའི་གསང་སྔགས་ལས། དེ་ནས་ཞེས་སྨོས་ཏེ། གང་ཟག་བརྩོན་འགྲུས་ཅན་མངོན་པར་འདོད་པའི་དོན་ཀུན་བསྒྲུབ་
པའི་ཞེས་པ་ལས་དང་དངོས་གྲུབ་ཤིན་ཏུ་མྱུར་བར་བསྒྲུབ་པ་ནི་འདིར་འཇུག་པ་ངེས་པ་ཉིད་དོ། །སྦས་པ་ནི་སྣོད་དང་མི་ལྡན་བསྐལ་པ་ངན་པའི་འགྲོ་བ་ལའོ། །ཡང་ན་གོང་དུ་བསྡུ་བ་འབྱུང་ཡང་ནི་ཤིན་ཏུ་གསལ་བར་མ་སྨོས་པའོ། །བརྒྱད་པའི་མཐར་སྦྱར་བར་བྱ་བ་ནི་བཅོམ་ལྡན་འདས་ཀྱི་རྩ་སྔགས་རྐང་
པ་བརྒྱད་པའི་རྗེས་སུ་འབྲེལ་བ། །འཁོར་ལོ་གསུམ་གྱིས་དཔའ་བོ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྩ་བའི་སྙིང་པོ་གསལ་བར་བསྟན་པ་ལས། ཐོག་མར་ཨོཾ་དཔལ་ཕུན་སུམ་ཚོགས་བསྒྲུབ་པ་སྟེ། མཐར་ཧཱུཾ་ཧཱུཾ་ཕཊ་དང་བཅས་པ་སོ་སོར་བྱེ་བྲག་ཏུ་མ་ཕྱེད་པར་རིགས་གཅིག་ཏུ་བསྡུས་པའི་གསང་བ་བླ་
ན་མེད་པ་བསྟན་པ་ལས། མོས་པ་དམན་པའི་སེམས་ཅན་གང་དག་སྦས་པ་རྟོགས་པར་དཀའ་བའི་ཕྱིར། འདིར་ནི་ཤིན་ཏུ་གསལ་བར་གསུངས་པ་ནི་རྨོངས་ཤིང་སྟེ་དབང་པོ་རྟུལ་པོའི་དོན་དུའོ། །མི་ཤེས་པ་ནི་ཆོས་འདི་ལ་མོས་པ་ཡོད་ཀྱང་བློ་ནུས་པ་མེད་པ། བྱམས་པ་དང་། སྙིང་རྗེའི་སེམས་
Vol. 18 · folio 69b
ཅུང་ཟད་དང་ལྡན་པ་ལའོ་ཞེས་དེ་དག་ལ་ཉེ་བར་གདམས་པའོ། །དེ་ལས་གསང་སྔགས་བླ་ན་མེད་པའི་དོན་བསྟན་པ་ལ། དཔའ་བོ་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཉིད་དང་རྣལ་འབྱོར་མ་ནི་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པའི་སྐུ་ལྔ་དབྱེར་མེད་ལས། །དེ་ཉིད་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་
རྡོ་རྗེའི་གསང་བ་གོང་དུ་བསྡུ་བ་ལས་རང་གི་ངོ་བོ་མི་གསལ་བར་དཀྱིལ་འཁོར་པའི་ས་བོན་གྱི་ཚུལ་དུ་གསུངས་པའི་དོན་གྱི་སྙིང་པོའི་གསང་སྔགས་ནི་འདི་ཡིན་ཏེ་ཞེས་འགྲོ་ལྡིང་བའི་ཚུལ་གྱིས་སྒྲ་བཤད་ཀྱི་ཚུལ་ལས་འདས་པའི་ལྷའི་རྣལ་འབྱོར་གྱི་བསམ་གཏན་དང་ལྡན་པས་བཟླས་པར་བསྟན་
པའོ། །དཔའ་བོ་དང་རྣལ་འབྱོར་མ་རྣམས་ལུས་ཀྱི་དཀྱིལ་འཁོར་བཀོད་ཅིང་གསལ་བྱས་འཁོར་ལོ་ལྔ་ཡི་བདག་ཉིད་ཅན། །སྒྲ་བཅས་འཁོར་བར་གྱུར་པ་ལས་ཀྱང་སྲོག་རྩོལ་འགོག་པའི་བཟླས་པ་གཞན་དུ་ཡ་སྡེ་བརྒྱད་པ་ཐབས་ཤེས་དབྱེར་མེད་འགྱུར། །རྩ་བའི་གསང་སྔགས་རིག་པ་
ཆེན་པོ་འདི་ཡིས་ཡེ་ཤེས་ལྷ་རྣམས་མ་ལུས་འབེབས་པར་འགྱུར་བ་སྟེ། །རང་འབྱུང་གསང་སྔགས་ཟུང་འགྱུར་སྐུ་གསུང་ཐུགས་འཁོར་དམ་ཚིག་སྙིང་པོ་དག་པ་རྡོ་རྗེ་བསྟན་པའོ། །ད་ནི་ལེའུའི་མཚན་བསྟན་པའི་ཕྱིར། རྩ་བའི་སྔགས་ཀྱིས་ནི་དཔལ་ཧེ་རུ་ཀ་ཉིད་དང་གཞན་ཡང་སྐུ་གསུང་ཐུགས་
ཀྱི་འཁོར་ལོའི་དཔའ་བོ་ཉི་ཤུ་རྩ་བཞི་དང་བཅས་པའི་དཀྱིལ་འཁོར་བའི་གསང་བའི་ཆོ་གའི་དོན་གཏན་ལ་ཕབ་པའི་ཆོས་ཉིད་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའི་རྣམ་པར་བཤད་པའོ།། །།དེ་ལ་ལམ་གྱི་གཞི་དམ་ཚིག་ལ་གནས་པར་བྱ་བ་ནི། ལེའུ་དང་པོ་ལས། ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །
དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །ཞེས་མདོར་བསྟན་པ་ཡིན་ལ། དེ་ཉིད་རྒྱས་པར་བཤད་པ་ལེའུ་འདིས་སྟོན་ལ། ཡང་བཟློག་པའི་སྒོ་ནས་བསྟན་པ། དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར། །ཞེས་པས་སོ། །ཡང་དྲ་བསྡོམ་པ་ལས་ཀྱང་། སྔགས་
པ་དམ་ཚིག་མེད་པ་ལ། །ལྷ་ཡིས་བསྲུང་བར་མི་འགྱུར་ཞིང་། །གལ་ཏེ་དམ་ཚིག་སྡོམ་གནས་ལ། །ཡེ་ཤེས་ཅན་གྱིས་ལེགས་སྐྱབས་ཡིན། །ཞེས་གསུངས་པའི་དོན་གྱིས་དེ་ཡང་བསྲུང་བར་བྱ་བ་དང་། མི་འབྲལ་བ་དང་། བཟའ་བ་དང་། སྤྱོད་པར་བྱ་བ་དང་། བརྟུལ་ཞུགས་བླ་ན་མེད་པ་བསྟན་
Vol. 18 · folio 70a
པའོ། །དེ་ནས་ཞེས་པ་ལེའུ་ཉེར་ལྔ་པ། རྩ་བའི་སྔགས་བསྟན་པའི་རྗེས་ཐོགས་ལའོ། །གཞན་ཡང་ནི་རྡོ་རྗེ་ཐེག་པའི་ལམ་ལ་གནས་པ་ལ་ཁྱད་པར་དུ་དམ་ཚིག་ལ་གནས་པར་བྱ་བའོ། །འཇིག་རྟེན་གསུམ་པོ་དག་ལ་ཞེས་ཕྱིའི་ཀླུ་དང་མི་དང་ལྷའི་གནས་རྣམས་སོ། །ནང་
དུ་མི་གནས་གསུམ་པོའི་སྐྱེ་བ་རྣམ་པ་བཞི་པོ་ལ་མ་གྲགས་པའོ། །གསང་བ་ལྟར་ན་ལུས་ཅན་གྱི་སྒོ་གསུམ་སྤྱོད་ཡུལ་ལོ། །ཡོད་མིན་པ་ནི་བྱ་བ་ལ་སོགས་པའི་རྒྱུད་དུ་ཟབ་པ་དང་རྒྱ་ཆེ་བ། བླ་ན་མེད་པའི་དམ་ཚིག་སྦས་པའོ། །གཞན་ལས་ཁྱད་པར་དུ་བསྟན་པའི་ཕྱིར། ཤྲཱི་ཧེ་རུ་ཀའི་སྔགས་
ཞེས་པ་ཡིད་ཅན་ཤེས་པ་སྐྱོབ་པ་སྟེ། སྔགས་ཀྱི་རང་བཞིན་ལྷ་དང་ཐ་དད་མེད་པའི་ཕྱིར་རོ། །དེ་ཉིད་ཤེས་ན་ཞེས་བདག་དང་ལྷ་སྔགས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཐ་མི་དད་དུ་ཤེས་པས་དབྱེར་མེད་དུ་འགྱུར་བའི་དོན་ཏོ། །རྒྱུད་གཞན་དུ་བསྟན་པའི་གཟུངས་དང་རིག་སྔགས་ལ་ལྟོས་པ་མེད་པར་བསྟན་པ་
ནས་གསང་སྔགས་ཐམས་ཅད་ཡོངས་སུ་འདོར་བའོ་ཞེས་གླང་པོ་རྙེད་ནས་གླང་པོའི་རྗེས་མི་ཚོལ་བ་ལྟ་བུའོ། །ད་ནི་དངོས་གཞི་ལམ་གྱི་དོན་དངོས་པོ་ལས། རིགས་ལྡན་གྱི་ཁྱད་པར་ཇི་ལྟར་གནས་པའི་ཚུལ་གསང་བ་བསྟན་པ་ལས། ལུགས་འབྱུང་ནི་རབ་ཏུ་གཏུམ་མོ་ནས་བརྩོན་འགྲུས་ཆེན་
མོའི་བར་དུ་རིམ་པ་ཇི་བཞིན་ལའོ། །ལུགས་བཟློག་པ་ལྷ་མོ་བརྩོན་འགྲུས་ཆེན་མོ་ནས་ལྷ་མོ་རབ་ཏུ་གཏུམ་མོའི་བར་དུ་གོ་བཟློག་ནས་བསྟན་པ་ལ་དགོངས་པའོ། །དེ་ཉིད་ལ་རིམ་པ་ལས་ཟློག་པ་ཞེས་ཀྱང་ཟེར་རོ། །དེ་དག་རང་གི་ངོ་བོ་གང་ཚུལ་ཇི་ལྟར་གནས་ཤེ་ན། ཕོ་ཉ་མོ་རྣམས་ཞེས་པས་རྣལ་
འབྱོར་མ་རྣམས་སོ། །ཡང་དག་གནས་ནི་དཔའ་བོ་རྣམས་དང་གཉིས་སུ་མེད་པར་དཀྱིལ་འཁོར་དུ་གནས་པའོ། །འོག་གི་ནི་ས་འོག་གི་ཀླུ་དབང་དུ་བྱ་སྟེ། ལྷ་མ་ཡིན་གྱི་ཕུག་ལ་སོགས་པའོ། །སྟེང་གི་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་རལ་གྲི་ལ་སོགས་པའི་གྲུབ་པའི་དངོས་གྲུབ་སྟེར་བ་ལྷ་
རྣམས་དབང་དུ་བྱེད་པའོ། །ཡང་ན་འོག་གི་གཏུམ་མོ་འབར་བས་ས་སྟེང་ས་བླའི་ཁམས་བདུད་རྩིར་དབབ་པ། དངོས་གྲུབ་སྟེར་ནི་བདེ་སྟོང་གི་ཉམས་རང་བྱུང་དུ་འཆར་བའོ། །ཕོ་ཉ་མོ་རྣམས་ནི་ལུས་ཀྱི་གནས་ལ་སོགས་པར་ཙཎྜ་ལཱི་འབར་བའོ། །ཡང་དག་གནས་ནི་རྩ་དང་ཐིག་ལེ་རླུང་དབྱེར་མེད་
Vol. 18 · folio 70b
བདེ་བར་སྦྱོར་བས་སོ། །རིགས་ལྡན་ཕྱག་རྒྱ་བཞི་ལྡན་དུ་འགྱུར་བ་ནི་བདག་གི་ཕོ་ཉམ་ཀུན་འགྲོ་བ་ནི། ཕོ་ཉ་ལྷན་སྐྱེས་མ་དང་། ཞིང་སྐྱེས་མ་དང་སྔགས་སྐྱེས་མ་སྟེ། བདག་གི་བདེ་བ་དེས་ས་གསུམ་ཁྱབ་པར་སྟོང་ཉིད་དུ་གནས་ཞེས་པའོ། །དེ་ནི་ལས་ཀྱི་ཕྱག་རྒྱའོ། །བྱང་སེམས་ཕ་དང་མ་ལས་ཐོབ་
པའི་དེའི་བྱང་སེམས་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་རྟེན་དང་བརྟེན་པ་ཚུལ་གཅིག་ཏུ་ཁྱབ་པར་རྒྱུ་བ་ཆོས་རྒྱའོ། །ལུས་ཀྱི་ཁམས་དངས་མའི་ཆ་དང་སྙིགས་མའི་ཆ་འབྱེད་པར་བྱེད་པས་རྩ་གནས་སུམ་ཅུ་རྩ་གཉིས་པོ་ཀུན་དུ་འགྲོ་འོང་རླུང་གི་ནུས་པ་ལས་འབྱུང་བ་ནི་དམ་ཚིག་གོ། །རང་
ལུས་སྒྱུ་མ་ལྟ་བུ་དེ་ཉིད་ལས། རིགས་ཀྱི་ཕོ་ཉ་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པས་འོད་གསལ་ཆོས་ཉིད་ཀྱི་དང་དུ་ཀུན་དུ་འགྲོ་བས་ཕྱག་རྒྱ་ཆེན་པོ་ཉིད་ཐོབ་པའོ། །དེ་ལས་ཕན་ཡོན་འབྱུང་བ་ནི། ཕོ་ཉ་མ་དེས་དངོས་གྲུབ་སྟེར། །ཞེས་པས་དེ་ལས་ལུས་སེམས་བདེ་བར་གནས་སྤྲོས་པ་མེད་པས་ཞི་གནས། ཡེ་ཤེས་
བདེ་ཆེན་མངོན་དུ་བྱས་པ་ལྷག་མཐོང་སྟེར་བ་སྟེ། ཕྱག་རྒྱ་བཞི་ལྡན་ཉམས་སུ་བླངས་པས་ནུས་པ་ཐོགས་མེད་དུ་འབྱུང་བས་དངོས་གྲུབ་ཀྱི་དབང་ཕྱུག་རབ་ཏུ་སྟེར་བའོ། །དེས་གྲུབ་པའི་ཁྱད་པར་རོ། །ད་ནི་མངོན་པར་དད་པའི་ཁྱད་པར་བསྟན་པའི་ཕྱིར། རྣལ་འབྱོར་གནས་ཀྱི་ཁྱད་པར་ནི། དམ་
ཚིག་མེད་པའི་སྐྱེ་བོས་དབེན་པར་སྒྲུབ་པ་པོས། རང་བྱིན་གྱིས་བརླབ་པར་བྱ་སྟེ། རང་ལུས་ལྷར་གསལ་ཞིང་དཔལ་རྡོ་རྗེ་རྣལ་འབྱོར་མའི་བདེ་བ་ལམ་དུ་བྱ་བའོ། །ཙུམྦི་ནི་ཞེས་རླུང་སྲོག་རྩོལ་འགོག་པས། འོག་རླུང་གྱེན་ལ་དྲང་བའི་སྦྱོར་བ་དང་། ལྷག་པར་འཁྱུད་པ་ལུས་ཀྱི་མེ་མ་དང་གཉིད་མ་རྩེ་སྤྲད་ཅིང་
ཀུན་འདར་རོ་མ་རྐྱང་མ་གཉིས་འཁྱུད་པ་ལྟར་རྩ་གསུམ་འདུས་པའོ། །དེ་ལས་མཐོང་བ་ནི་ཙཎྜ་ལཱི་ཅུང་ཟད་བསྐུལ་བ་མཐོང་བས་མེ་ལྕེ་འབར་བའོ། །དེ་དང་རེག་པ་དེ་བཞིན་ནི། ཀུན་འདར་ནས་བརྒྱུད་དེ་རིམ་གྱིས་གྱེན་ལ་གཤགས་པས་བདེ་ཆེན་གྱི་ཧཾ་ལ་རེག་པས་ཇི་སྙེད་ནི་བྱང་སེམས་འབབ་པའོ། །
རྣལ་འབྱོར་ཚོགས་རྣམས་ནི། ཐིག་ལེ་བཅུ་དྲུག་འབབ་པ་ལས། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་པ་ལ་ཐམས་ཅད་དངོས་གྲུབ་སྟེ། སྐད་ཅིག་མ་ལ་ནུས་པ་མངོན་དུ་བྱེད་པར་ཞེས་ལམ་ལ་གདམས་པའོ། །ལམ་ཉེ་བར་བསྒྲུབ་པའི་ཡུལ་བསྟན་པའི་ཕྱིར་བདེན། དངོས་པོ་ཐམས་ཅད་
Vol. 18 · folio 71a
སྦྱིན་བྱེད་པ། །ཞེས་པས་འཇུག་པ་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་དངོས་པོ་སྣང་ལ་རང་བཞིན་མེད་པར་སྟོན་ལ། ལྡོག་པ་དོན་དམ་པའི་བདེན་པ་ཐམས་ཅད་འོད་གསལ་དུ་སྟོན་པར་བྱེད་པའོ། །གཞན་དུ་ནམ་ཡང་མ་ཡིན་ནོ་ཞེས་དངོས་པོ་དང་མཚན་མར་འཛིན་
པ་ཅན་ཐམས་ཅད་ལ་དགག་པ་ཉིད་དོ། །དེ་ཡང་ལྷག་པའི་ལམ་བསྒྲུབ་པ་ལ། ཕོ་ཉ་རྣམས་ཞེས་པ། མ་ནི་ཀུན་འདར་ཐོག་མར་ཆགས་པས་ཐུགས། སྲིང་མོ་རོ་མ། བུ་མོ་རྐྱང་མ་སྟེ་སྐུ་དང་གསུང་། །རིག་མ་ནི་དེ་གསུམ་ལ་བརྟེན་ནས་འཁྲུལ་འཁོར་དང་ལྡན་པར་བྱས་ལ། གང་ཞིག་ཙཎྜལཱི་འབར་བ། །
རྟག་ཏུ་འབར་འཛག་ལ་དམིགས་པས་སྔགས་སྦྱིན་པ་སྲོག་རྩོལ་འགོག་པའི་སྦྱོར་བས། དེའི་དེ་ཉིད་བདེ་བ་དང་སྟོང་པ་དབྱེར་མེད་པའི་ཉམས་མྱོང་དྲོད་རྟགས་འཆར་བ་ལ་ཆོ་གར་བཤད་ཅེས་སྐུ་གསུང་ཐུགས་གཉིས་མེད་ཡེ་ཤེས་གྲུབ་པའི་ཐབས་སུ་བསྟན་པའོ། །ད་ནི་བསྲུང་བར་བྱ་བའི་དམ་ཚིག་
དངོས་བསྟན་པའི་ཕྱིར། དེ་ནས་རྣལ་འབྱོར་རྒྱུད་འདིར་ནི། །རྙེད་དཀའི་དམ་ཚིག་ང་ཡིས་བཤད། །ཅེས་པས། ཐུན་མོང་གི་རྒྱུད་ལས་མཆོག་ཏུ་འགྱུར་བའི་ཐབས་ཤེས་རབ་གཉིས་མེད་སྟོན་པའི་རྒྱུད་འདིར་ནི། སྐལ་བ་དང་མི་ལྡན་པས་རྙེད་དཀའ་བའི་དམ་ཚིག་ཁྱད་པར་བ་ང་ཡིས་བཤད་ཅེས་
པས། དམ་ཚིག་གི་ངོ་བོ་སྒྲ་འཇུག་པ་དང་། བྱེད་ལས་དབྱེ་བ་མི་ཉམས་པར་བྱ་བའི་ཕྱིར་ཐབས། ཉམས་ན་ཕྱིར་བཅོས་པ་ལ་འཇུག་པར་བྱའོ། །དེ་ལ་ཐོག་མར་རྣལ་འབྱོར་མའི་རྒྱུད་དུ་ཤེས་རབ་ཁོ་ན་གཙོ་ཆེ་བར་བསྟན་པའི་ཕྱིར། སྐྱེས་པ་བུད་མེད་གཡོན་ནས་འགྲོ། །ཞེས་པ་སྨོས་ཏེ། གང་ཡང་
ངོ་བོ་ཉིད་ཀྱིས་རྡོ་རྗེ་རྣལ་འབྱོར་མ་མཛེས་མའི་བདག་ཉིད་བདེ་ཆེན་པོ་དང་ལྡན་པ་ནི། གཡོན་པའི་ཀུན་དུ་སྤྱོད་པ་ལ་ནི་གནས་པས་བདེ་སྟོང་དབྱེར་མེད་དུ་གནས་པའི་བརྡ་གོ་བར་བྱའོ། །དེས་རིགས་ལྡན་རྣམས་ནི་མཆོད་པར་བྱ། །ཞེས་པས་རིགས་ལྡན་ཡེ་ཤེས་ཀྱི་ལྷ་མོ་མཛེས་མ་རྣམས་སྟོང་པ་ཉིད་
བཅུ་དྲུག་གི་ངོ་བོ་མཆོད་པར་འགྱུར་བའོ། །དེའི་ཕན་ཡོན་ནི། འདོད་པའི་དངོས་གྲུབ་སྟེར་བར་བྱེད། །ཅེས་པ་གནས་སྐབས་དང་མཐར་ཐུག་ཏུ་བླ་ན་མེད་པའི་དོན་སྩོལ་བར་འགྱུར་བའོ། །དཔལ་འཁོར་ལོ་སྡོམ་པའི་རྒྱུད་འདིར་ཞུགས་ཤིང་གནས་པ་མཆོད་པར་འོས་པ་ལ་དུས་རྣམས་ཀུན་དུ་
Vol. 18 · folio 71b
མཆོད་པར་བསྟན་པ་ནི། ཧེ་རུ་ཀ་དཔལ་རྣལ་འབྱོར་མཆོག་ནི་རིམ་པ་གཉིས་ལ་གནས་པའི་གང་ཟག་དེ་བརྟུལ་ཞུགས་དང་ལྡན་པ། དེ་ལས་སྦྱོར་གཞན་མེད་པ་ནི་འཁོར་བ་ལས་སྐྱོབ་པ་མཉེན་པ་ལྟ་བུ་ཡིན་པའོ། །སློབ་དཔོན་དེ་རང་གི་རྒྱུད་ལ་ཡོན་ཏན་བསྐྱེད་ཅིང་ཡང་དག་པའི་ལམ་ལ་ཁྲིད་པའོ། །
གསང་བའི་དབང་གི་དུས་སུ་ནི་རྣལ་འབྱོར་མ་དེ་ཉིད་ཀུན་གྱི་ཡུམ་ཡེ་ཤེས་སྐྱེད་བྱེད་ཡིན། སློབ་མའི་ཁམས་རྒྱུད་བྱིན་གྱིས་བརླབས་པའོ། །ཁྱིམ་དང་ཞིང་དུ་རྣམ་པར་གནས་པ་ནི་འཁོར་ལོ་ལྔ་ལ་གནས་པའི་ཕྱི་ནང་གི་རྡོ་རྗེ་རྣལ་འབྱོར་མ་ཕོ་ཉ་ལྷན་ཅིག་སྐྱེས་མ་ལ་སོགས་པ་རྣམས་ཀྱིས་སྒྲུབ་པ་པོ་
རྣམས་ཤིན་ཏུ་རིང་བ་འོག་མིན་ལ་སོགས་པ་ན་གནས་ཀྱང་ཤེས་པར་འགྱུར་བ་ནི་མངོན་པར་ཤེས་པས་སོ། །ཡང་ན་རྣལ་འབྱོར་པས་ལྷན་ཅིག་སྐྱེས་མ་དང་། ཞིང་སྐྱེས་མ་རྟགས་ཀྱི་སྒོ་ནས་ཤེས་པར་འགྱུར་བའོ། །དཔལ་བདེ་མཆོག་གི་རྒྱུད་འདི་རུ་ནི་གང་ཞུགས་པ་དེ་དག་སྒྲུབ་པ་པོ་ཁྱད་པར་དུ་གྱུར་
པ་ཡིན་ཏེ། ངེས་པར་ལོགས་པའི་ལམ་ཁྱད་པར་བ་ལ་གནས་པར་འགྱུར་བ་ཉིད་དུ་ཤེས་པར་བྱ་བའི་ཕྱིར། །བླ་མ་དང་མཆོད་པར་འོས་པ་རྡོ་རྗེ་སྦུན་ལ་སོགས་པ་ལ་བརྙས་མི་བྱ་ཞིང་སྤང་མི་བྱ། ལུས་ཀྱིས་གུས་འདུད། ངག་གིས་སྙན་པ་བརྗོད། སེམས་ཀྱིས་སྙིང་བརྩེ་བར་བྱ་བ་སྟེ། ནུས་པ་ཡིས་ནི་
མཆོད་པར་བྱ་བ་ལྷག་པའི་ལྷ་དང་དབྱེར་མེད་དུ་བལྟ་བས་ཚེས་བཅུ་ཕྲག་གཉིས་ལ་སོགས་པ་ལ་མཆོད་པར་བྱའོ། །ཤེས་རབ་ཀྱི་རང་བཞིན་ཌཱ་ཀི་མའི་ཚོགས་ལ་མ་གུས་པ་སྤང་ཞིང་གུས་པ་བསྒྲུབ་པ་ནི། ཁྭ་གདོང་ལ་སོགས་བརྒྱད་པོ་ནི། །ཞེས་པས་ཌཱ་ཀི་དེ་དག་དང་ཆོས་མཐུན་དུ་གྱུར་པའི་
སེམས་ཅན་དུད་འགྲོའི་སྐྱེ་གནས་ལ་ཡང་མི་སྨད་ན་མིར་གྱུར་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། གལ་ཏེ་སྨད་པར་བྱེད་ན་ཉེས་བྱས་སུ་འགྱུར་བའོ། །དེ་ཉིད་ལ་གུས་པས་ནུས་པ་ནི་རྣམ་ཤེས་ཀྱི་ལས་མོས་པ་འཕེལ་བས་ལས་མ་དག་པ་དག་ལ། དད་པ་འཕེལ་བར་བྱེད་པ་ཡེ་ཤེས་ཀྱི་ལས་ཀྱི་ཉོན་
མོངས་པའི་སྒྲིབ་པ་དག་པར་བྱེད་པའོ། །དུས་རྒྱུན་ཆད་མེད་པར་རྟག་པར་དངོས་གྲུབ་གཉིས་ལ་སོགས་པ་རྣམས་ཐོབ་པར་བྱེད་པ་དག་གི་རྒྱུའམ་གཞི་རྟེན་ཆོས་ཀྱི་འབྱུང་གནས་ཏེ། ཡེ་ཤེས་མཆོག་ཏུ་འགྱུར་བ་སྤྲོས་མེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་གྱི་ཡུམ་ལ་མོས་པར་བྱ་བ་བསྟན་པའོ། །དེ་
Vol. 18 · folio 72a
ཉིད་དུ་དམ་ཚིག་ལ་གནས་པའི་གང་ཟག་ལ་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་ཐུགས་ཀྱིས་རྗེས་སུ་འཛིན་པས་ན། དམ་ཚིག་རྣམས་ནི་སྐྱོང་བྱེད་པ། །ཞེས་དཔལ་བདེ་མཆོག་ཉིད་ཀྱིས་འགྲོ་བ་འདུལ་བའི་དོན་དུ་སྣ་ཚོགས་གཟུགས་ཅན་དུ་བསྟན་ཅིང་། སློབ་དཔོན་ཌོམ་བྷི་
བས་རྩ་བ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་ལ་གནས་པར་བྱ་བ་སྟེ། མཉམ་རྗེས་གཉིས་སུ་མེད་པས་གནས་པར་བྱ་ཞེས་སོ། །ཁྱད་པར་དུ་རིགས་ལྡན་སྤང་བར་མི་བྱ་བ་སྟེ། ལྷ་མོ་གཞན་དང་ཀུན་སྦྱོར་བ། །ཞེས་བདག་ཉིད་དཔལ་ཧེ་རུ་ཀར་བྱ་སྟེ། ལྷ་མོ་བཅུ་གཉིས་པོ་ལ་སོགས་པ་ཐམས་
ཅད་ཀྱང་རྡོ་རྗེ་རྣལ་འབྱོར་མ་ཉིད་དུ་བསྐྱེད་ཅིང་མཉམ་པར་སྦྱོར་བ་ལས། དཀྱིལ་འཁོར་དུ་མ་གཏོགས་པ་གཞན་ལ་བརྟེན་པར་མི་བྱ་བ་ཡུལ་གྱི་དབྱེ་བས་ཤེས་པར་བྱ་བའོ། །འདོད་པས་ཆགས་པར་བྱ་བ་མིན། །ཞེས་སྨོས་པས། ཐ་མལ་འཇིག་རྟེན་པའི་སྤྱོད་པས་བརྟེན་པ་ནི་ལྟུང་བར་འགྱུར་
བས་དགག་བྱའོ། །ད་ནི་བཟའ་བར་བྱ་བའི་དམ་ཚིག་ལ་གཉིས་སུ་མེད་ཅེས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་ལ་བླང་དོར་སྤངས་པས་རོ་མཉམ་དུ་སྤྱོད་ལ། ཐོགས་པ་མེད་ཅེས་གསང་བར་བྱ་བའི་རྫས་དང་མཆོད་པའི་ཡོ་བྱད། ག་ཎ་ཙཀྲའི་བྱེད་པ་དང་རྟེན་ལ་སོགས་པ་གཞན་ལ་མི་བསྟན་ཅིང་
གསང་བ་བསྒྲག་པར་མི་བྱ་བའོ། །དམ་ཚིག་སྤྱོད་པའི་སྤྱད་བྱ་བ་ནི། དམ་ཚིག་ཅན་ལེགས་པར་བརྟགས་པས། བསྙེན་སྒྲུབ་ཀྱི་ཡན་ལག་གིས་སྦྱངས་ནས་སྤྱོད་པའི་རིམ་པ་ལ་གནས་པར་བྱ་བའོ། །གསང་བའི་སྤྱོད་པ་ཡེ་ཤེས་བསྒྲུབས་པས་གནས་པ་བསྟེན་པའི་ཕྱིར་ལྷ་མོའི་དབང་ཕྱུག་
ལེགས་པར་སྦྱོར་བ་ནི་སྔགས་སྐྱེས་ཀྱི་རིགས་ལྡན་ལེགས་པར་སྦྱངས་པ་སྟེ། དང་པོ་གསོ་སྦྱོང་སྦྱིན་པ་ནས་བསླབ་པ་དང་། ཐོས་བསམ་དབང་དང་བསམ་གཏན་ཡབ་ཡུམ་གྱི་སྙིང་པོ་དགོད་པ་དང་བྱིན་གྱི་རླབས་དང་ལྡན་པས་བསྟེན་པའོ། །དེ་བཞིན་བསམ་གཏན་གྱི་ཚངས་སྤྱོད་ཅེས་ཚད་
མེད་བཞི་དང་ལྡན་པས་དེ་བཞིན་ཉིད་ལྷ་དང་ཡེ་ཤེས་ཀྱི་བསམ་གཏན་བདེ་བ་ལ་སྟོང་པས་རྒྱས་འདེབས་ཚངས་པར་སྤྱོད་པ་བདེ་སྟོང་གཉིས་མེད་དུ་གྱུར་པ་ལ་སོགས་པ་སོ་སོ་ཐར་པའི་ལྟུང་བ་ལྟ་བུས་གོས་པ་མེད་དོ། །ཉོན་མོངས་པ་ཟིལ་གྱིས་མནན་པའི་ཕྱིར་རོ། །ཁྲོ་མེད་བུ་གར་ཀུན་སྤྱོད་པ། །
Vol. 18 · folio 72b
ཞེས་པ་དགོས་པ་དང་མི་ལྡན་ཞིང་ཡོན་ཏན་མེད་བཞིན་དུ་བྱང་སེམས་རྩེ་མོ་ལས་དབྱུང་བར་མི་བྱ་བ་སྟེ། རྟེན་དང་བརྟེན་པ་མེ་ཏོག་དང་དྲི་ལྟ་བུ་སྟེ་དེ་དང་འགལ་ན་ལྟུང་བའོ། །དེའི་ཉམས་མྱོང་ལ་དད་པ་ཉིད་ཀྱིས་གལ་ཏེ་ལྟུང་ན་ཞེས་བླང་གི །མིག་དང་ལག་པས་མ་ཡིན་ནོ་ཞེས་དགག་བྱའོ། །དེ་
དག་གི་གཞུང་ཉེ་བར་བསྡུ་བའི་ཕྱིར། འདི་བརྒྱད་དམ་ཚིག་ཀུན་སྤྱོད་མིན། །ཞེས་པས་གཡོན་པ་ཀུན་སྤྱོད་བླ་མ་དང་མཆོད་འོས་མཆོད་པ། ཤ་ལྔ་བདུད་རྩི་ལ་བླང་དོར་མེད་པས་ཚེས་བཅུ་དང་། རྒྱུད་འདིར་ཞུགས་པ་ལ་མི་སྨད་པ། དུད་འགྲོའི་སྐྱེས་གནས་ལ་སྨད་པ་སྤང་བ། ཀུནྡ་མི་སྤང་ཞིང་
སྤེལ་བ། དམ་ཚིག་གཉིས་འཛིན་རྟོག་པ་སྤོང་བ། ཚངས་པར་སྤྱོད་པ་ཅན་ནོ། །རྣལ་འབྱོར་པས་བསྙེན་པ་དང་སྒྲུབ་པ་དང་། ཉེ་བར་སྒྲུབ་པ་ལ་གནས་པ་ནི་ཡན་ལག་བཞི་ལྡན་དུ་སྤྱོད་པའོ། །སྒྲུབ་པ་པོས་ནི་རྟག་ཏུ་ལུས་ཀྱིས་མཐོ་རིས་དང་སེམས་ཀྱིས་ཐར་པ་མཆོག་ཤེས་པས་གནས་པར་བྱ་བའོ། །
རྒྱུད་རྣམས་ཐམས་ཅད་ཐུན་མོང་དུ་ནི། བྱ་བ་སྤྱོད་པ་རྣལ་འབྱོར་བླ་ན་མེད་པ་ཐམས་ཅད་དུ་དམ་ཚིག་གསང་བ་སྤྱོད་པའོ། །རྒྱུ་མེད་པར་ནི་བཅོམ་མི་བྱ། །ཞེས་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པའི་རྒྱུའི་གཙོ་བོ་སྡོམ་པ་དང་དམ་ཚིག་ལ་གནས་པར་བྱ་བ། ལྟུང་བ་མི་བཅབ་ཡོན་ཏན་མི་བསྒྲག །
བསམ་གཏན་ལ་གནས་པ་ལ་བསླབ་པའོ། །བདེ་བ་ཁྱད་པར་གྲུབ་པ་ཉེ་བར་གྱུར་པ་ནི། ཕོ་ཉ་མ་རྣམས་ནི་ལྷན་སྐྱེས་ཞིང་སྐྱེས་སྔགས་སྐྱེས་རྣམས་སོ། །ཡང་དག་གནས་པ་ནི་ལུས་ངག་ཡིད་བདེ་བར་སྐྱོབ་པའོ། །ཤེས་རབ་མའི་མཆོག་གི་གསང་རྩ་བློ་ལྡན་རྣལ་འབྱོར་པས། མཐེ་ཆུང་བསྐྱོད་པ་ནི་
གཡོན་ངོས་ཀྱི་རྡོ་རྗེ་དབྱིངས་ཕྱུག་མའི་རྩ་ལམ་དུ་གྱུར་པས། བདེ་བ་ཆེན་པོར་གནས་པར་བྱ་བ་གསང་བའི་སྤྱོད་པ་བསྟན་པའོ། །ཡང་ན་ཌཱ་ཀི་མ་རིགས་ལྔ་ལས་འཇིག་རྟེན་གྱི་ཌཱ་ཀི་མས་ཚར་བཅད་རྗེས་འཛིན་གྱི་ཕྲིན་ལས་བྱེད་པ་སྟེ། མཐེ་ཆུང་ལྟ་བུ་བློ་ལྡན་གྱིས་བསྐྱོད་པ་ནི་རྣལ་འབྱོར་པས་ཌཱ་ཀི་
དབང་དུ་གྱུར་པའོ། །དེར་ནི་ཕོ་ཉ་མོ་རྣམས་ཡང་དག་གནས་པ། ཕྱི་ནང་གི་སྲིད་པ་གསུམ་ལ་གནས་ནས་དངོས་གྲུབ་སྩོལ་བའོ། །ད་ནི་འཇིག་རྟེན་གྱི་གང་ཟག་བསྟན་པ་ལ། རྒྱུད་འདིར་འཇུག་པའི་གང་ཟག་ངོས་གཟུང་བའི་དབང་དུ་བྱས་ནས་མ་དག་པ་ལ་གཉིས་ལས། རང་བཞིན་གྱིས་མ་དག་པ་
Vol. 18 · folio 73a
དབང་པོ་དམན་པ་འཇིག་རྟེན་འཁྲུལ་བའི་དབང་དུ་སོང་བ་དངོས་འཛིན་ཤས་ཆེ་བའོ། །མ་སྦྱངས་པས་མ་དག་པ། ལས་དང་པོ་བསླབ་པ་དང་ལམ་དང་དབང་གིས་མ་སྦྱངས་པ་དེས་ནི་ཉེས་བྱེད་ཅེས། དད་པའི་རྗེས་སུ་འབྲང་ཞིང་བླ་མ་བསྟེན་ཅིང་ཐུན་མོང་པ་ལ་བློ་རིམ་གྱིས་སྦྱང་པ་ལ་
བསླབ་པར་བྱའོ། །གཉིས་པ་དག་པ་ནི་རང་བཞིན་གྱིས་དད་པ་ཤེས་རབ་སྙིང་རྗེ་ཅན། དངོས་འཛིན་ཤས་ཆུང་བ། ཟབ་མོ་ལ་ལྷག་པར་མོས་པའོ། །སྦྱངས་པས་དག་པ་ནི་བསླབ་པ་ལམ། དབང་གིས་སྨིན་པས་རྒྱུད་རྣམ་པར་དག་པ་ཆོས་ཀྱི་རྗེས་སུ་འབྲང་བ། ཡེ་ཤེས་མྱུར་དུ་སྐྱེར་རུང་བའི་གང་
ཟག་གོ། །དེ་ཉིད་ངོ་བོ་ཉིད་ཀྱི་ཡོན་ཏན་དང་ལྡན་པ་མི་དམན་པའི་ཆོས་ལ་ངང་གིས་གནས་སོ། འདྲེས་པ་སྟེ་ཞེས་པས། དབང་པོ་འབྲིང་དུ་གྱུར་པ། རིགས་མ་ངེས་པ། རྐྱེན་དབང་ཅན་ལ། གསལ་བྱེད་ནི་གྲོགས་བཟང་པོ་དང་མ་བྲལ་བཞེས་ཏེ། བསྒོམ་པ་ལ་འབད་ནས་ལྷའི་ཏིང་ངེ་འཛིན་ལ་
སོགས་པ་ལ་ནུས་པ་ཅུང་ཟད་གསལ་བར་འབྱུང་བའོ། །དེ་དག་ལ། སྒྲུབ་པ་པོ་ནི་གསུམ་དུ་གནས། །ཞེས་པས་དབང་པོ་རབ་འབྲིང་གསུམ་དུ་ངེས་པ། ཡང་ན་ཐོས་བསམ་སྒོམ་པ་བྱེད་པའོ། །དེས་རྒྱུའི་རྒྱུད་དུ་བསྟན་པ་ཡང་ཡིན་ནོ། །ལེའུའི་མཚན་ལ། སློབ་མ་ཡོངས་སུ་བརྟག་པ་སྣོད་
ཀྱི་བྱེ་བྲག་ཤེས་པར་བྱ་བ་དང་། སྡོམ་པའི་ཆོ་ག་ནི་ཁྱད་པར་གྱི་སྡོམ་པས་དམ་ཚིག་ལ་གནས་པར་བྱའོ། །ལེའུ་ཉེར་དྲུག་པའི་རྣམ་པར་བཤད་པའོ།། །།ལེའུ་འདིས་ནི་སྤྱོད་པ་གཙོ་བོར་སྟོན་ཏེ། དེ་ཡང་ལེའུ་དང་པོར། མཆོག་དང་འབྲིང་དང་ཐ་མ་སྟེ། །ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ། །
ཅེས་པས་མདོར་བསྟན་ལ། རྒྱས་པར་བཤད་པ་ལེའུ་ལྔས་སྟོན་པ་ལས་སྤྱོད་པ་རང་གི་ངོ་བོ་དང་། ངེས་པའི་ཚིག་དང་། བྱེད་ལས་དང་། སྤྱོད་པ་མ་བྱས་པའི་སྐྱོན་དང་། སྤྱོད་པ་བྱ་བའི་དུས་དང་། སྤྱོད་པའི་ཕན་ཡོན་བསྟན་པ་དང་། སྤྱོད་པའི་དབྱེ་བའོ། །དེ་ལ་དང་པོ་ནི་ཏིང་ངེ་འཛིན་གོང་
ནས་གོང་དུ་བོགས་འདོན་པར་བྱེད་ཅིང་བླང་དོར་མེད་པས་ཆོས་ཐམས་ཅད་ལ་རོ་མཉམ་པ་ཉིད་དུ་སྤྱོད་པའོ། །ནུས་པས་གཞན་མ་དད་པ་བཟློག་པས་རྡོ་རྗེ་ཐེག་པའི་ཆེ་བ་སྟོན་པའོ། །ངེས་པ་སྒྲ་འཇུག་པའི་རྒྱུ་མཚན་ནི་ཡོ་ག་ཙཱརྱ་སྟེ་ལྷའི་བརྟུལ་ཞུགས་ཀྱི་ཐ་མལ་གྱི་རྟོག་པ་བཙན་
Vol. 18 · folio 73b
ཐབས་སུ་སྤྱོད་པའོ། །བྱེད་ལས་ནི་བག་ལ་ཉལ་རྩ་བ་ནས་འདག་ལ། འཇིག་རྟེན་གྱི་ཆོས་བརྒྱད་ཟིལ་གྱིས་མནན་ཞིང་རོ་སྙོམས་པ་དང་། རྣམ་ཤེས་ཀྱི་ཚར་བཅད་པ་དང་། ཡེ་ཤེས་ཀྱི་ལས་ཀྱིས་བསད་པ་གསོ་བར་ནུས་པས་བྱེད་པ་བསྟན་པའོ། །སྤྱོད་པ་བྱ་བའི་དུས་ཚོད་ནི་ཚོགས་ལམ་
མངོན་དུ་གྱུར་ནས། སྦྱོར་བའི་ལམ་དྲོད་ཆེན་པོ་ཐོབ་ནས་སྤྱོད་པ་བྱའོ། །འདི་ཉིད་ཀྱི་ལེའུ་ཉེར་དགུ་པ་ལས། ཇི་སྲིད་དྲོ་བའི་བྱ་བ་དག །མངོན་པར་བརྩོན་པས་རྟོགས་པར་བྱ། །ཞེས་པ་དང་། ཀྱེའི་རྡོ་རྗེ་ལས་ཀྱང་། ཅུང་ཟད་དྲོད་ནི་ཐོབ་པ་ན། །སྤྱོད་པ་འདི་ནི་སྤྱད་པར་བྱ། ཞེས་གསུངས་པའི་
དོན་ཏོ། །སྤྱོད་པ་མ་བྱས་པའི་སྐྱོན་ནི་ལས་ཀྱི་སྒྲིབ་པ་མྱུར་དུ་མི་སྤོང་ཞིང་འབྲས་བུ་དང་རྒྱང་རིང་བར་འགྱུར་བའོ། །ཕན་ཡོན་ནི་འབྲས་བུ་མྱུར་དུ་ཐོབ་པས་མཚན་ཉིད་ཐེག་པ་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པའོ། །སྤྱོད་པའི་དབྱེ་བ་བསྟན་པ་ལ། ཀུན་དུ་བཟང་པོ་དང་མགོན་པོ་ཀུན་སྤྱོད་
དང་དཔལ་ལྡན་རྒྱལ་ཚབ་ཀྱི་སྤྱོད་པ་དང་། གསང་སྤྱོད་སྦས་པའི་ཚུལ་དང་། མཉམ་གཞག་ཆེན་པོ་དང་། རིག་པ་བརྟུལ་ཞུགས་དང་། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའོ། །རིག་པ་བརྟུལ་ཞུགས་ལ་གསུམ་སྟེ། སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའོ། །དང་པོ་
མདོར་བསྟན་པ་ནི། དེ་ནས་ཞེས་སྤྱོད་པ་རང་གི་ངོ་བོ་རྣལ་འབྱོར་སྤྱོད་བརྟུལ་ཞུགས་ཞེས་སྨོས་ཏེ་ཐབས་དང་ཤེས་རབ་དབྱེར་མེད་དུ་སྦྱོར་བ་ལྷ་ཡབ་ཡུམ་ལ་དམིགས་པ་སྟེ། ལྷའི་རྣལ་འབྱོར་བདེ་བ་སྒྱུ་མ་ལྟ་བུ་དང་སྟོང་པ་ཉིད་གཉིས་མེད་དུ་སྦྱོར་བས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་གོམས་པར་བྱེད་
པས་སྤྱོད་པ་ཡང་རང་གི་བློའི་འཇུག་པས་རིམ་གྱིས་པ་དང་ཅིག་ཅར་བར་བཞེད་དོ། །རྣལ་འབྱོར་མ་ཀུན་རབ་སྒྲུབ་བྱེད། །ཅེས་པ་ལས་ཀྱི་ཕྱག་རྒྱ་དང་ཆོས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་ལུས་སེམས་གྲུབ་བདེ་གཅིག་པ་ལ། བདེ་བ་དང་། གསལ་བ་མི་རྟོག་པ། རོ་
གཅིག་ལྷན་ཅིག་སྐྱེས་པ་མི་འགྱུར་བ་རབ་གྲུབ་འགྱུར་བའོ། །དངོས་གྲུབ་མྱུར་དུ་ཐོབ་བྱེད་པ། །ཞེས་པས་དགོངས་པ་ཁྱད་པར་ཅན་བསྟན་པ་སྟེ། ལས་ཆེན་ཐམས་ཅད་དང་། དངོས་གྲུབ་བླ་ན་མེད་པའི་མཆོག་སྩོལ་པས་བདེ་བ་ཆེན་པོ་འཐོབ་པའོ། །ཆོ་ག་ཐམས་ཅད་ཤེས་པར་བྱ། །
Vol. 18 · folio 74a
ཞེས་ཨ་ཝ་དྷཱུ་ཏཱི་པའི་སྤྱོད་པ་དང་། བྷུ་སུ་ཀུ་དང་། སྨྱོན་པ་ལྟ་བུ། ཉི་མ་ལྟ་བུ་ལ་སོགས་པ་མངོན་དུ་བྱ་བའོ། །དེ་ཡང་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་གནས་པས་གཙང་སྦྲའི་གནས་ལ་འཇུག་པ་བསྟན་པའི་ཕྱིར། ཕྱག་རྒྱ་སྔགས་བཅས་སྒྲུབ་པ་པོས། །ཞེས་སྨོས་
ཏེ། བདག་དང་ལྷ་ཡབ་ཡུམ་ལྡན་པ་དང་། སྔགས་དང་། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པས། མཉམ་རྗེས་ཐ་མི་དད་དུ་གནས་པར་བྱ་ཞེས་སོ། །བདག་དང་ལྷ་དབྱེར་མེད་དུ་བྱ་བའི་བསམ་གཏན་གྱི་སྤྱོད་པར་ཡང་། མཆོད་པ་ཉིད་ལ་རབ་ཏུ་འཇུག། །ཅེས་པས་དབང་
པོས་ཡུལ་ལ་ལོངས་སྤྱོད་པ་ཐབས་ཤེས་རབ་གཉིས་མེད་དུ་རོལ་བའི་བདེ་བས་བདག་གཞན་བརྟན་གཡོ་ཁྱབ་པ་ལའོ། །འདི་ལས་གཞན་པའི་མཆོད་པ་མེད། །ཅེས་ཕྱི་དང་ནང་དེ་ཁོ་ན་ཉིད་དང་ལྡན་པས་སོ། །དེ་ཉིད་བསྟན་བཅོས་ངེས་པ་ཡིན། །ཞེས་སྒྱུ་མ་བདེ་མཆོག་ལ་སོགས་པར་ཆགས་
སོགས་རོལ་མོ་རྒྱ་ཆེན་པོ་དང་ལྡན་པ་ཡང་འདིར་འཇུག་པའི་མཆོག་གི་སྤྱོད་པ་ལྷ་མོ་ཉི་ཤུ་དང་སྤྱོད་པ་བསྟན་ཏོ། །བདེ་བ་གཙོ་བོར་སྒྲུབ་པ་ནི་ཕོ་ཉའི་ལམ་ལ་དགའ་བ་དང་ནི། དཀྱིལ་འཁོར་འཁོར་ལོའི་ལམ་བསྟན་པའོ། །མི་རྟོག་པའི་ཡེ་ཤེས་ལམ་དུ་བྱེད་པ་ནི། སྒྲུབ་པ་པོ་ནི་དངོས་གྲུབ་
བརྩོན་པ། རྣམ་པར་མི་རྟོག་པ་རང་བྱིན་གྱིས་བརླབ་པའི་ལམ་གནས་པས་སོ། །ཕྱག་རྒྱར་ཡང་དག་ལྡན་རིག་སྔགས། །ཞེས་པ་ནི་བདག་ཉིད་དཔལ་ཧེ་རུ་ཀ་དང་དཔལ་རྡོ་རྗེ་རྣལ་འབྱོར་མ་དང་དབྱེར་མེད་དུ་སྦྱོར་བས་སྒོ་གསུམ་རྡོ་རྗེ་གསུམ་ལྡན་དུ་སྦྱོར་བའོ། །འདིར་ཁྱད་པར་གྱི་ཚོགས་ཀྱི་འཁོར་
ལོ་ལ་སྤྱད་པར་བསྟན་པའི་ཕྱིར། སྒྲུབ་པ་པོས་ནི་ལེགས་པ་ཉིད་ནི་དུར་ཁྲོད་ལ་སོགས་པའི་གནས་ཁྱད་པར་ཅན་དེར་ཚོགས་ཀྱི་དཀྱིལ་འཁོར་བཀོད་པ་སྟེ། རྣལ་འབྱོར་པ་དང་རྣལ་འབྱོར་མ་ལྷ་གྲངས་དང་མཉམ་པའི་ཚོགས་པ་ལས་མཆོད་པ་དང་གཏོར་མ་ཚོགས་རྫས་ལ་སོགས་པ་ཕུན་སུམ་
ཚོགས་པ་དང་ལྡན་པས་མཉམ་པར་གཞག་པས་ཐམས་ཅད་ལྷའི་བསམ་གཏན་དང་ལྡན་པར་བྱས་ལ། དང་པོར་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་ཞིང་གོ་བགོ་དབང་བསྐུར་བ་དང་ལྡན་པ་ལ། ཕྱི་ནང་དེ་ཁོ་ན་ཉིད་ཀྱིས་མཆོད་པས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པས། དྲིའི་བྱུག་པ་
Vol. 18 · folio 74b
སྔོན་དུ་འགྲོ་བས་ཀུན་ཀྱང་ལྷའི་ཏིང་ངེ་འཛིན་དུ་གནས་པ་ལས། ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་བཟའ་བར་བྱ་བ་དང་བཟའ་བར་བྱ་བ་མ་ཡིན་པ་མི་རྟོག་པས། རྟོག་པ་ཐམས་ཅད་རྣམ་པར་སྤངས་ལ། བ་ལ་དང་མ་ད་ན་ལ་སོགས་པ་ལ། ཀུན་ལ་ཉེ་བར་སྤྱད་བྱ་ཞིང་ནི་གླུ་དང་གར་ལ་སོགས་པའི་
མཐར། ཕོ་ཉ་རིགས་ལྡན་རྣམས་ལ་ནི། །ཞེས་པས་བདག་ཉིད་ཧེ་རུ་ཀར་གནས་པས་ཕྱོགས་ཀྱི་ལྷ་མོ་བཞིར་འབྱུང་བ་བཞི་དག་པས་སྦྱོར་ལ། མཚམས་ཀྱི་ལྷ་མོ་གཤིན་རྗེ་བརྟན་མ་ལ་སོགས་པས་གཟུགས་རྡོ་རྗེ་སྒྲ་རྡོ་རྗེ་དྲི་རྡོ་རྗེ་རོ་རྡོ་རྗེ་མའི་རྣམ་པར་སྤྱོད་ལ། སྒོ་སྲུང་བཞི་ནི། དགུག་གཞུག་
དབང་དུ་བྱ་བ་དགྱེས་པ་བསྐྱེད་པའི་ཚུལ་གྱིས་སྤྱོད་པར་འགྱུར་ལ། རེག་བྱ་རྡོ་རྗེ་ནི་དཔལ་རྡོ་རྗེ་རྣལ་འབྱོར་མ་ཉིད་དེ། རྣལ་འབྱོར་མ་བཅུ་གསུམ་གཙོ་བོ་དང་རོལ་ལ། གཞན་དཔའ་བོ་དང་རྣལ་འབྱོར་མ་རྣམས་སོ་སོར་མཉམ་པར་རོལ་པ་སྟོན་པ་ལས། དེ་ཉིད་དུ་ནི་དབྱེར་མེད་ཅེས་པས་འཁོར་ལོ་ལྔའི་
ལྷ་ཚོགས་ཐབས་ཤེས་རབ་གཉིས་སུ་མེད་པའི་བདེ་བ་དེ་ཡིས་ཚོགས་ཁྱད་པར་ཅན་རྫོགས་པའོ། །དེ་ལས་ཁྱད་པར་ཕྱག་རྒྱ་བཞི་ལྡན་ནི། ཕོ་ཉ་མ་ནི་གཉིས་བསྒྲུབ་བྱ། །ཞེས་པས་ཆོས་ཀྱི་ཕྱག་རྒྱ་བསྐྱེད་རིམ་དུས་ཀྱི་རིག་མ་དང་ལས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་འཁོར་ལོའི་དུས་ཀྱིའོ། །དེ་དག་
དང་བདེ་བ་བསྒྲུབ་པར་བྱ་བ་བསྟན་པའོ། །དངོས་གྲུབ་ཆོ་ག་ལ་སྤྱོད་ཚེ་ནི་ཆོས་ཐམས་ཅད་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་དཀྱིལ་འཁོར་ལྷག་པའི་ལྷ་དང་གཉིས་སུ་མེད་པ་དམ་ཚིག་ཕྱག་རྒྱ་ལས་མི་འདའ་བའོ། །ཕོ་ཉ་གཅིག་པུ་ཁོ་ན་ཡིན་ནི་དཔལ་རྡོ་རྗེ་རྣལ་འབྱོར་མ་ཕྱག་རྒྱ་ཆེན་པོ་བླ་
ན་མེད་པའི་ཡེ་ཤེས་སུ་སྦྱར་བས་འགྲུབ་པའོ། །སྤྱོད་པའི་ཡུལ་གནས་ཀྱི་ཁྱད་པར་ལས་བྱུང་བའི་རྟག་པ་བསྟན་པའི་ཕྱིར། ཡུལ་དང་ཡུལ་དེར་བགྲོད་ནས་ནི། །ཕོ་ཉའི་གཟུགས་ནི་མཚོན་པར་བྱ། །ཞེས་པས་འདི་ལའང་ཕྱི་དང་ནང་གི་དཀྱིལ་འཁོར་ལས། ཕྱིའི་ནི་གནས་སུམ་ཅུ་རྩ་གཉིས་
ལ་སོགས་པར་སྤྱོད་པར་བྱ་སྟེ། ཕོ་ཉ་ཞིང་སྐྱེས་མ་དང་ལྷན་ཅིག་ཏུ་སྤྱོད་པ་བྱས་པས་ལམ་མྱུར་དུ་བགྲོད་ལ། ནང་ལུས་ཀྱི་དཀྱིལ་འཁོར་ཀུན་དུ་སྤྱོད་པ། ཐུན་ཕྱེད་པ་རེའི་བར་དུ་འཕོ་བ་ངོས་ཟིན་པས། གནས་འདི་རྣམས་སུ་རྣལ་འབྱོར་མ། །རྩ་གཟུགས་མཛེས་པས་ཡང་དག་གནས། །ཞེས་
Vol. 18 · folio 75a
པས་ལམ་དུ་བྱ་བའོ། །ཕོ་ཉ་རལ་གྲིའི་སོ་འདྲ་ཞིང་། །དག་བྱེད་བསོད་ནམས་འཕེལ་བྱེད་ཡིན་ནོ། །དབང་བཞི་ལམ་དང་ལྡན་པ་དང་སྦྱར་བའོ། །དེ་བཞིན་ཕོ་ཉ་ལོགས་འདྲེས་པ། །ཞེས་པ་རྣམ་པ་གསུམ་དུ་ནི། ལྷན་སྐྱེས། ཞིང་སྐྱེས། སྔགས་སྐྱེས་གསུམ་གཅིག་ཏུ་
བྱ་བའོ། །རྣམ་པ་བཞི་ནི་ཕྱག་རྒྱ་བཞི་དང་རྣལ་འབྱོར་པ་རྒྱུད་གཅིག་ཏུ་སྦྱོར་བའོ། །སྒྲུབ་པ་པོས་དངོས་གྲུབ་ཐོབ་པ་ནི། །བསམ་གཏན་གྱི་ཉེར་བསྡོགས་ཐོབ་པས། བསམ་གཏན་གྱི་དངོས་གཞི་སྐྱེས་ནས་ཡོན་ཏན་དུ་མ་འབྱུང་བའོ། །ནང་གི་དོན་མངོན་དུ་གྱུར་པས་ཕྱི་རོལ་ལྟོས་པ་མེད་པར་
བསྟན་པའི་ཕྱིར། རིག་སྔགས་ཀྱི་བཟླས་བརྗོད་དང་། ཕྱི་རོལ་གྱི་ལྷ་མཆོད་པའི་རིམ་པའི་དངོས་པོ་མཚན་མའི་བསམ་གཏན་མེད་པར་ཡང་། མྱུར་བ་ཉིད་དུ་འགྲུབ་པར་འགྱུར་བ་རང་གར་གྲུབ་པ་བསྟན་པའོ། །དེ་ལས་གནས་ལ་སོགས་པར་བགྲོད་པས་ཡོན་ཏན་འཆར་བ་དང་། ནང་དུ་ལུས་ཀྱི་
གནས་དང་ཉེ་བའི་གནས་ལ་སོགས་པར། རླུང་སེམས་ལ་གནད་དུ་ཚུད་པས། ས་དང་པོའི་བདེན་པ་མངོན་དུ་བྱེད་པར་འགྱུར་བ་ནི། རབ་དགའ་ཉིད་དང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་ལུས་ཀྱི་རྩ་མདུད་གྲོལ་བས། དེར་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་སུ་འགྱུར། །རླུང་གནས་པ་ལ་དབང་
ཐོབ་པས། སྒྲུབ་པ་དག་སྣང་སྟོང་གཉིས་མེད་སྒྱུ་མ་ལྟ་བུ་ལས། ཉེ་བར་སྒྲུབ་པ་གསལ་སྟོང་དང་། སྒྲུབ་པ་བདེ་སྟོང་དང་། སྒྲུབ་པ་ཆེན་པོ་གཉིས་མེད་ཡེ་ཤེས་མངོན་དུ་འགྱུར་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུ་སྐྱེས་ཏེ། རྒྱུ་རང་ལ་གནས་པའི་དེ་བཞིན་གཤེགས་པའི་སྙིང་པོ་ལ། རྒྱུད་བླ་
མ་བརྒྱུད་པའི་རིམ་པས་བྱིན་རླབས་ཐོབ་པས། དབང་བསྐུར་བ་སྔོན་དུ་འགྲོ་བས་རྒྱུད་སྨིན་པར་གྱུར་པས་ནི་རྟེན་འབྲེལ་གྱི་ཆེ་བས་སྔགས་ལེགས་ལྡན་མོས་གུས་ཆེན་པོས། བརྩོན་འགྲུས་བརྩམས་པས་ལམ་གྱི་རིམ་པ་ཐམས་ཅད་ཡང་དག་རྫོགས་པ་སྟེ་མྱུར་དུ་བླ་ན་མེད་པ་ཐོབ་པོའོ། །
ཁྱད་པར་གྱི་ལམ་ལས། གཏོང་བ་ནི་སྦྱིན་པའོ། །ཚུལ་ཁྲིམས་ནི་སྡོམ་པ་གསང་བའོ། །ལྡན་པ་ནི་བཟོད་པ་དང་པོ། །ཆགས་མེད་ནི་བརྩོན་འགྲུས་ཐོགས་པ་མེད་པ་དང་། ཚུལ་ལྡན་ནི་བསམ་གཏན་ཕྱག་རྒྱ་ཆེན་པོ། །ཤེས་རབ་ལེགས་སྦྱོར་ནི་ཐབས། འདུ་འབྲལ་མེད་པར་སྦྱོར་བ་
Vol. 18 · folio 75b
སྟོབས། ཡང་དག་ནི་སྨོན་ལམ། ཕོ་ཉ་ནི་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་དོན་དང་ལྡན་པའོ། །ཕོ་ཉ་རྣམས་ནི་ཁྱད་པར་ས་བཅུ་རྫོགས་པས་ཕ་རོལ་ཏུ་ཕྱིན་པ་བཅུའོ། །ད་ནི་ལམ་ཐམས་ཅད་མྱུར་དུ་གཅོད་པ་ལ་ཕོ་ཉ་ཞེས་མིང་དུ་གྲགས་པའོ། །ད་ནི་ལམ་གྱི་རིམ་པ་མངོན་པར་རྟོགས་
པ་གོ་རིམས་བཞིན་དུ་དམིགས་པར་བྱ་བའི་ཕྱིར། རེ་ཞིག་བདག་ཉིད་ལྡང་བ་ལས། །ཞེས་པ་ནི་རྣལ་འབྱོར་པས་ཉལ་བ་འོད་གསལ་ཆོས་སྐུ། རྨི་ལམ་ལོངས་སྐུ་ལྟ་བུ། །སད་པ་སྤྲུལ་པའི་སྐུའི་ཚུལ་དུ་ཌ་མ་རུའི་སྒྲས་བསྐུལ་བ་ལས་ཐུགས་རྗེའི་ངང་ལས་བཞེངས་པ་སྟེ། རྣལ་འབྱོར་དང་བདག་དང་གནས་
བསྲུང་བ་དང་ཚོགས་གཉིས་དང་ལྡན་པ་སྔོན་དུ་འགྲོ་བས་གཟུགས་ཀྱི་བྱ་བ་ཀུན་བྱ་སྟེ། རྟེན་འབྱུང་བཞི་རིམ་བརྩེགས་ནས། རྟེན་གཞལ་ཡས། བརྟེན་པ་ལྷའི་འཁོར་ལོ་དང་བཅས་པ་ཅིག་ཅར་དུ་རྫོགས་པ་བསྐྱེད་པ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ་ཤིན་ཏུ་སྤྱད་པ་ནི་ཡེ་ཤེས་སེམས་དཔའི་
དཀྱིལ་འཁོར་ཕྲག་གཉིས་སྤྱན་དྲངས་པའོ། །ལུས་ཀྱི་ནི་ཕྱག་རྒྱ་དང་། རྐང་པ་མནན་པ། མིག་གྱེན་དུ་བལྟ་བ་ལ་སོགས་པའོ། །རྟག་ཏུ་སྔགས་ནི་བརྗོད་པར་བྱ་བ་ནི། ཨོཾ་ཨཱཿ་ཧཱུཾ་སརྦ་བཱི་ར་ཡོ་གཱི་ནཱི་ཀཱ་ཡ་བཱཀ་ཙིཏྟ་བཛྲ་སྭ་བྷཱ་ཨཱ་ཏྨ྅ཀོ། ཞེས་པས་སྟོང་པ་ཉིད་དང་། ཧཾ་ཞེས་པས་བདེ་བ་ཆེན་པོ་སྟེ་བདེ་
སྟོང་དབྱེར་མེད་དུ་ལྷན་སྐྱེས་ཞིང་སྐྱེས། འཇིག་རྟེན་དམ་ཚིག་གི་དཔའ་བོ་རྣལ་འབྱོར་མ་རྣམས་མཉམ་པ་ཉིད་དུ་རོ་གཅིག་པར་གྱུར་པར་བལྟའོ། །སྐུ་གསུང་ཐུགས་རྡོ་རྗེ་མི་ཕྱེད་པས་ལུས་ལ་གནས་པ་ནི་བདག་གི་ལུས་ཀྱི་དཀྱིལ་འཁོར་བ་རྣམས་དང་གཉིས་མེད་དུ་བྱ་བའོ། །ཨོཾ་བཛྲ་ཤུདྷས་བརྟན་པར་
གྱུར་པ་ལ། དག་བྱེད་བྱས་པ་ནི་དབང་བསྐུར་བའོ། །ལུས་ལ་ཤིན་ཏུ་མཚོན་ཆ་ནི་གོ་ཆ་གསུམ་བགོ་བའོ། །རྒྱས་གདབ་པ་དང་ལྡན་པ་ལ། རྣལ་འབྱོར་གནས་རྣམས་ནི་བྱང་ཆུབ་ཕྱོགས་ཆོས་བསམ་པའོ། །ངེས་བརྟན་ཞིང་ནི་རྡོ་རྗེ་འཛིན་ལ་གནས་པས་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་རྗེས་སུ་འབྲེལ་བའོ། །
ཡང་སྔགས་ནི་བརྗོད་པར་བྱ་བ་བཟླས་པའི་རྣལ་འབྱོར་རོ། །མངོན་པར་ཕྱོགས་པས་གནས་པར་བྱ་བ་ནི་བདུད་རྩི་མྱང་ཞིང་དཀྱིལ་འཁོར་ཉེ་བར་བསྡུ་བ་བསྟན་པའོ། །ད་ནི་སྤྱོད་པའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། གྲོལ་བའི་དོན་དང་བདེ་དོན་དུ་ནི་རིམ་པ་བླ་ན་མེད་པའི་བསམ་གཏན་ལ་གནས་པ་
Vol. 18 · folio 76a
དང་ལྷན་ཅིག་སྐྱེས་པ་ཡེ་ཤེས་ཀྱི་རོལ་པ་ལ་གནས་པར་བྱ་བའོ། །དེ་དང་ནི་རིག་མའོ། །ལྷན་ཅིག་བདེ་བ་བྱ་བ་ནི་དཀྱིལ་འཁོར་འཁོར་ལོའི་ལམ་བསྟན་པའོ། །འདི་དང་ལྷན་ཅིག་སྤྱོད་པ་བྱ་བ་ནི་འདོད་པའི་ཡོན་ཏན་ལྷ་མོ་གཟུགས་རྡོ་རྗེ་མ་ལ་སོགས་པས་ཡེ་ཤེས་
ལ་རོལ་པའི་སྤྱོད་པ་བསྟན་པའོ། །གཞན་དམ་ཚིག་གི་སྤྱོད་པ་བསྟན་པ་ནི། མཚོན་བྱ་རྣམས་ནི་འགོམ་མི་བྱ་བ་ནི་རྡོ་རྗེ་དྲིལ་བུ་ལ་སོགས་པ་ལྷའི་ཕྱག་མཚན་དུ་གྱུར་པ་རྣམས་ཏེ། ནང་དོན་དུ་རིགས་ལྔའི་ཆ་ཤས་ཀྱི་རྟགས་དང་ལྡན་པའི་རྣལ་འབྱོར་པ་ལའོ། །རྡོ་རྗེ་སྤུན་ལ་སོགས་པ་དང་རིག་མ་བདེ་
ཆེན་བརྒྱད་དག །དམ་ཚིག་ཅན་ལ་ཁྲོ་མི་བྱ། །ཞེས་བསྲུང་བའི་དམ་ཚིག་ལ་གནས་པར་བྱ་བ་བསྟན་ཏོ། །ད་ནི་བརྟུལ་ཞུགས་ཀྱི་སྤྱོད་པ་ཇི་ལྟར་སྤྱོད་པ་བསྟན་པ་ལ། མཚན་མོ་རྟག་པར་ནམ་མཁའི་གོས་ནི་རྣལ་འབྱོར་པ་དང་རིག་མ་དག་དུར་ཁྲོད་དུ་རྒྱུ་ཞིང་གཅེར་བུར་བྱ་བའོ། །གནག་
དང་དམར་བར་རྟགས་བསྒྱུར་བྱ་བ་ལུས་རྣལ་མ་མི་ཤེས་པར་བྱ་བའི་དོན་དུའོ། །ནང་དོན་དུ་དཔལ་ཧེ་རུ་ཀ་དང་རྡོ་རྗེ་རྣལ་འབྱོར་མའི་ང་རྒྱལ་དུ་བྱ་བའོ། །གོས་ཀྱི་བྱེ་བྲག་ཇི་ལྟར་བགོ་བ་ནི། སྲོག་ཆགས་ཡན་ལག་ལས་བྱུང་གྱོན། །ཞེས་པ་གླང་ཆེན་ཞིང་ལྤགས་སྟོད་གཡོགས་སྣམ་སྦྱར། སྨད་
ལ་དུར་ཁྲོད་རས་དང་སྟག་གི་ཤམ་ཐབས་དང་ལྡན་པའི་བྱིན་གྱིས་བརླབས་པའི་གོས་འཆང་བའོ། །བདེ་བ་འདོད་པས་བདེ་ཐོབ་འགྱུར་བ་ནི། ཟག་བཅས་ཀྱི་བདེ་བ་ལ་བརྟེན་ནས་ཟག་མེད་ཡེ་ཤེས་ཀྱི་བདེ་བ་དམ་པ་ཐོབ་པའོ། །ད་ནི་ཕྱག་རྒྱ་དྲུག་གི་རྒྱན་འཆང་བས་རྒྱས་གདབ་པ་བསྟན་
པའི་ཕྱིར། ཕྱི་རོལ་པས་བཏགས་པའི་ཕྱིར། མཆོད་ཕྱིར་ཐོགས་པ་ནི་ཡོངས་སྤངས་གཙང་ཞེས་པ། དཔལ་བདེ་ཆེན་ཡེ་ཤེས་ཀྱི་རྒྱན་ཚངས་སྐུད་བསྒྲིལ་མ་འཆང་བས་ཨཱ་ལི་ཀཱ་ལིས་བརྒྱན་པའོ། །ཤྲཱི་ཧེ་རུ་ཀས་བྱིན་གྱིས་བརླབ་པ་ནི། རིགས་དྲུག་པའི་བདག་ཉིད་ཀྱིས་སོ། །ཕྱག་རྒྱ་
ལྔ་དང་ཡང་དག་ལྡན་ནི་དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་དྲུག་པ་ཐལ་ཆེན་གྱིས་བྱུག་པ་མེད་དེ། རིགས་ལྔས་རྒྱས་གདབ་པ་ཉིད་དོ། །ལམ་བསྒོམ་པའི་དུས་སུ་ནི་སྔགས་བརྗོད་པ་ཉིད་རྒྱན་དུ་འགྱུར་བས་ཡང་དུས་ཀུན་དུ་སྤྲོས་བཅས་ལ་སོགས་པར་དེ་དག་ཐམས་ཅད་དུ་ནི་ཡང་དག་སྤྱད་པ་རྒྱན་
Vol. 18 · folio 76b
སྔགས་དང་ལྷའི་རྒྱས་གདབ་མཚོན་པའོ། །ད་ནི་དཔའ་བོའི་ཕྱག་རྒྱ་དྲུག་བསྟན་པའི་ཕྱིར། མགུལ་རྒྱན་ནི་རྡོ་རྗེ་རྣལ་འབྱོར་མའི་རྩ་བའི་སྔགས་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། གདུ་བུ་དང་དཔུང་རྒྱན་དཔའ་བོ་ལྔའི་གོ་ཆའི་སྔགས་ཀྱིས་སྦྱིན་པ། རྣ་བའི་རྒྱན་ནི་ཧེ་རུ་ཀའི་ཉེ་བའི་སྙིང་
པོས་བཟོད་པ། སྤྱི་བོར་འཁོར་ལོས་རྣམ་པར་བརྒྱན་པ་ཐོད་པ་ལྔ་དང་ལྡན་པ་ནི་རྡོ་རྗེ་རྣམ་སྣང་མཛད་མས་བརྩོན་འགྲུས་ཚངས་པའི་སྐུད་པ་ནི་ཐོགས་མེད་ལྡན་ཏེ། དཔའ་བོ་ཉི་ཤུ་རྩ་བཞིའི་རྩ་སྔགས་ཀྱིས་སོ་མོ་དོ་སྟེ་སྣ་ཚོགས་ནོར་བུའི་དོ་ཤལ་འཆང་བས་ཏེ་ཞབས་གདུབ་དང་བཅས་པའོ། །སྐ་
རགས་འོག་པག་སིལ་སིལ་སྒྲ་སྒྲོགས་པ་ནི། རྣལ་འབྱོར་མ་གོ་ཆའི་སྔགས་ཀྱིས་བསམ་གཏན་ནོ། །མགོ་བོའི་ཕྲེང་བས་མགུལ་དུ་དཔྱངས་པ་ནི། བདུད་རིས་བསྒྲལ་བའི་ཐོད་པ་རློན་པ་ལྔ་བཅུའི་ཕྲེང་བ་སྟེ། ཤྲཱི་ཧེ་རུ་ཀའི་སྙིང་པོས་བྱིན་གྱིས་བརླབས་པའོ། །དཔའ་བོའི་ལུས་ཐལ་ཆེན་
གྱིས་ཁྱབ་པར་བྱུག་པ་ནི། དཔལ་རྡོ་རྗེ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའོ། །རྡོ་རྗེ་ནི་སྒོ་གསུམ་ལྷའི་ང་རྒྱལ་ལོ། །ཐོད་པ་ནི་མཆོད་ཡོན་སྣོད་དོ་། ཁ་ཊྭཱཾ་ག་ནི་ལྷ་སྐུ་སྒྱུ་མ་མཚོན་པའོ། །ཌ་མ་རུ་དང་ལྡན་པ་ནི་ཆོས་སྒྲའོ། །ཧཱུཾ་སྒྲ་སྒྲོགས་པ་ནི་བདུད་ཚོགས་ཟིལ་གྱིས་གནོན་
པར་མཛད་པའོ། །དུས་ཀུན་དུ་ནི་རྣམ་པར་གནས་པ་ནི། ཐོག་མ་བར་དང་ཐ་མ་ཀུན་དུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྟེ། ཨོཾ་ཤྲཱི་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀུ་ལས་མུཙྪ་བཛྲ་ཨ་དྷིཥྛ་ན་ས་མ་ཡ་སྟྭཱ་ཅེས་ཐམས་ཅད་བདེ་ཆེན་ཡེ་ཤེས་གཅིག་པའི་ངོ་བོར་སྡོམ་པའོ། །མཚན་མོ་རྟག་པར་གསལ་བྱ་
ཞིང་ནི་དུར་ཁྲོད་ལ་སོགས་པར་རྒྱུ་བར་མོས་པ་བྱ་བ་རྗེ་བཙུན་མས་བྱིན་གྱིས་བརླབས་པའོ། །ཉིན་པར་གསལ་བ་ཉིད་དུ་བྱ་བ་དཔལ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་དུས་བྱིན་གྱིས་བརླབས་པ་རྣམ་དག་བསྟན་པའོ། །དཔའ་བོ་རྣལ་འབྱོར་གོ་ཆས་བརྒྱན། །ཞེས་པ་ནི་ཐབས་ཀྱི་གོ་ཆ། ཤེས་རབ་
ཀྱི་གོ་ཆ། གོ་ཆ་ཆེན་པོ་དག་གིས་རབ་ཏུ་བརྒྱན་པར་འགྱུར་བའོ། །དེས་བརྟུལ་ཞུགས་ཀྱི་སྤྱོད་པའི་དེ་ཁོ་ན་ཉིད་བསྟན་ཅིང་། ད་ནི་བདེན་པ་གཉིས་དག་པའི་དོན་ལ། དབྱེ་བའི་ཡེ་ཤེས་ཤིན་ཏུ་སྦས། །ཞེས་སྨོས་ཏེ། འཇུག་པ་ཀུན་རྫོབ་ཀྱི་ཡེ་ཤེས་ལས་ལྡོག་པ་དོན་དམ་པའི་ཡེ་ཤེས། དག་པ་
Vol. 18 · folio 77a
འཇིག་རྟེན་པ་ལས། དཔེ་དོན་གྱིས་བྱེད་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་གཟུང་བ་བསྟན་ཏེ། དེ་ནི་ཡེ་ཤེས་ཡོངས་སུ་དག་པའི་ལམ་བསྟན་པར་བྱ་བའི་ཕྱིར། གཙང་སྦྲ་གསུམ་དུ་ཤེས་བྱ་ཞིག་ཞེས་སྨོས་ཏེ། འདི་ལ་ཐུན་མོང་བ་དང་ཁྱད་པར་བ་གཉིས་ལས། དང་པོ་ནི་
ཐུན་མོང་གི་གཙང་སྦྲ་བྱ་བ་དང་། སྤྱོད་པའི་རྒྱུད་བཞིན་དུ་རྣམ་པར་གནས་པ་ནི། ཉེ་རེག་དང་མཐོར་འཐུང་ལ་སོགས་པ་ལྷར་མོས་པ་ཙམ་དང་རིག་སྔགས་ཀྱི་བཟླས་བརྗོད་ཙམ་གྱིས་གང་ཟག་གི་ལུས་ངག་ཡིད་དག་པར་བྱེད་པ་ཡིན་ལ། རྣལ་འབྱོར་གྱི་རྒྱུད་བཞིན་དུ་ལྕེ་དང་ལག་པ་བྱིན་གྱིས་བརླབ་
པ་ནས་སྒོ་གསུམ་ནུས་པ་མཐུ་ལྡན་དུ་བྱིན་གྱིས་རློབ་པ་དང་། གོ་བགོ་ཞིང་བཀའ་ནན་བཅིང་བ་ལ་སོགས་པས་དག་པར་བྱེད་པའོ། །ཁྱད་པར་གསང་བ་བླ་ན་མེད་པའི་རྒྱུད་འདི་ཉིད་བཞིན་ལྷ་དང་ཡེ་ཤེས་གཉིས་མེད་ལྷན་ཅིག་སྐྱེས་པའི་རྣམ་པར་གནས་པས། ཐབས་ཤེས་རབ་གཉིས་མེད་ཀྱི་
བདེ་བ་བསྒྲུབ་པའི་དོན་གྱིས་བདེ་སྟོང་དང་མ་བྲལ་བར་སྤྱོད་པས་ཡེ་ཤེས་ལ་གནས་པར་བྱ་བའོ། །རིགས་དང་ནི་ཞེས་རང་རིག་གི་ནང་དོན་གྱི་ལྷ་དང་སྔགས་ལས་བྱུང་བ་དང་། རིགས་མིན་ཏེ་གཞན་པའི་ལྷ་ཕྱིའི་སྔགས་ལས་བྱུང་བའི་ཡུལ་སྤང་བླང་གི་ངོར་མི་བལྟ་བར་ཐམས་ཅད་གསང་ཆེན་
རིགས་གཅིག་ཏུ་གནས་པར་བྱའོ། །ཕོ་ཉའི་གཙང་སྦྲ་དང་པོ་ཡིན། །ཞེས་པ་ལ་དོན་ཁྱད་པར་དུ་བྱེད་པ་ལ་བཞི་སྟེ། བུམ་དབང་ལྷའི་རྣལ་འབྱོར་གྱི་ཕོ་ཉ་དང་། གསང་དབང་བདག་བྱིན་གྱིས་བརླབ་པའི་ཕོ་ཉ་དང་། དབང་གསུམ་པ་རང་རིག་པའི་ཕོ་ཉ་དང་། བཞི་པ་རང་རིག་པའི་སྐྱེས་བུ་ཡེ་
ཤེས་ཀྱི་ཕོ་ཉ་བསྟན་པའོ། །གཉིས་པ་ཞི་བའི་བཏུང་བ་ཡིན། །ཞེས་པ་དང་པོས་ལྷ་དབང་བསྐུར་བས་དག་བྱེད་བཏུང་བ། གཉིས་པས་འཆི་མེད་བདུད་རྩི་མྱང་བ། གསུམ་པས་བདེ་ཆེན་རོ་མཉམ་དུ་བཏུང་བ། བཞི་པས་སྤྲོས་མེད་འོད་གསལ་དུ་བཏུང་བར་བྱའོ། །སྣོད་གཅིག་ཏུ་ནི་ཟ་བ་
ནི། །ཞེས་པས་དང་པོས་སྣང་སྟོང་གཉིས་མེད་རོ་མཉམ་དུ་ཟ་བ། གཉིས་པས་གསལ་སྟོང་གཉིས་མེད་རོ་མཉམ་དུ་ཟ་བ། གསུམ་པས་བདེ་སྟོང་གཉིས་མེད་རོ་མཉམ་དུ་ཟ་བ། བཞི་པས་དངོས་པོ་དང་དངོས་མེད་ཐམས་ཅད་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ངང་དུ་ཟ་བའོ། །དེས་ཉམས་རྟོག་
Vol. 18 · folio 77b
གཉིས་མེད་དུ་སྤྱད་པའོ། །གཙང་སྦྲ་བཞི་པ་ཡིན་པར་བཤད། །ཅེས་པ་རྣལ་འབྱོར་པའི་སྒོ་གསུམ་སྦྱང་བའི་དོན་དུ་གྲངས་དང་གོ་རིམས་ངེས་པའོ། །དེ་ནི་དེ་ཁོ་ན་ཉིད་རྣམ་དག་གསང་བའི་སྤྱོད་པ་བསྟན་པའི་ཕྱིར། །རྣལ་འབྱོར་པས་རྟག་པར་ནི་མཉམ་གཞག་མཉམ་ལངས་ཀྱི་དུས་རྣམ་དག་ལ་
གནས་ལ་དྲི་མས་མ་གོས་པར་སྤྱོད་པའོ། །གཙང་སྦྲ་འདི་དག་རབ་བསྐྱངས་པས། །ཞེས་པ་ནས། རིགས་སྐྱེས་ཆོས་ལྡན་རྒྱལ་པོར་འགྱུར། །ཞེས་པའི་བར་དུ་ལམ་ལ་བསླབ་པའི་ཡོན་ཏན་དང་། སྤྱོད་པའི་ཁྱད་པར་གྱི་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་འབྱུང་བ་བསྟན་པ་དང་། ལམ་གྱི་
ཁྱད་པར་གྱི་རིམ་པ་གསང་བ་གྲུབ་ཅིང་ཡེ་ཤེས་འཐོབ་ཚུལ་དང་། གསང་ཆེན་གྱི་སྤྱོད་པ་ལ་གནས་པའི་ནུས་པ་ཐོབ་ལ། ས་ལམ་བགྲོད་ཚུལ་གྱིས་མངོན་དུ་འགྱུར་བ་སྟོན་པའོ། །དེ་ཉིད་སྤྱོད་པའི་བརྟུལ་ཞུགས་དང་ལྡན་པས་གཙང་སྦྲའི་དོན་བསྟན་ནས། དེ་ལྟར་རྟག་ཏུ་མཆོད་བྱས་ནས། དེས་ཞི་
བའི་བཏུང་བ་བདེ་ཆེན་ཡེ་ཤེས་སུའོ། །བཟའ་བཅའ་བཏུང་ལ་སོགས་ལྡན་པས། །ཞེས་གང་དུ་རྣལ་འབྱོར་པ་དམ་ཚིག་འདུས་པའི་ཚོགས་ལ། ཚོགས་ཀྱི་མཆོད་པས་མཉེས་པར་བྱ་བ་ལ། བདག་ཉིད་སངས་རྒྱས་ཀུན་སོགས་མཆོད་ནི་བདག་ཉིད་དང་གྲོགས་དག་དང་བཅས་པས་དཀྱིལ་འཁོར་
བའི་ལྷའི་རྣལ་འབྱོར་དང་ལྡན་པས་ཕྱི་ནང་དེ་ཁོ་ན་ཉིད་ཀྱི་རིམ་པས་མཉེས་པར་བྱ་བ་བསྟན་ཏོ། །དེ་ཡང་ཚོགས་སོག་པ་ཕྱི་རོལ་མཆོད་པ་མཎྜལ་ཚོམ་བུ་བཀོད་པ་དང་། ཞེང་སྐྱོང་གི་མཎྜལ་དང་། ཌཱ་ཀའི་མཎྜལ། བླ་མ་མཆོད་པ་སྟ། ཅི་འབྱོར་པའི་རྫས་རིམ་པར་བཤམས་ལ་ལག་མཆོད་བྱ་ཞིང་། དད་
པ་ཡིས་ནི་གཏོར་མ་དབུལ། །ཞེས་པས་དང་པོར་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བ་ལ་དབུལ་བའོ། །གཉིས་པ་ཌཱ་ཀིའི་ཚོགས་དང་ཞིང་སྐྱོང་རྣམས་ལ། གསུམ་པ་ཆོས་སྐྱོང་ལ་སོགས་པ་དུར་ཁྲོད་ན་གནས་པ་ཐམས་ཅད་ལ་དབུལ་བར་བྱ་བ་སྟེ། དེ་ལྟར་ཡང་། གྲུ་གསུམ་དཀྱིལ་
འཁོར་དུ་ནི་དགོད། །དམར་པོ་མེ་ཏོག་སྤོས་ཚོགས་ཀྱིས། །བདུད་རྩི་ལྔ་ཡི་ཁྱད་པར་ལས། །འབྱུང་པོ་འདུལ་བྱེད་ཧེ་རུ་ཀས། །བྱིན་རླབས་ཁྱད་པར་ལྡན་པ་ཡིས། །སྔོན་བཞིན་དམ་ཚིག་དགུག་བསྟིམ་གྱིས། །གཉིས་མེད་གནས་ལ་ལེགས་མཆོད་དོ། །ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་
Vol. 18 · folio 78a
དང་། །རི་བོ་བྲག་དང་ཕུག་རྣམས་ལ། །བཞི་མདོ་དང་ནི་ལམ་སྲང་ཞིང་། །ལྷ་ཁང་ཁྱད་པར་ཁྱིམ་སྟོང་གནས། །བས་མཐའ་ཆུ་དང་ཐང་སྟོང་དང་། །ས་སྟེང་གདོལ་བའི་ཁྱིམ་གནས་སོགས། །ནག་པོ་དྲག་པོ་དྲག་ཆན་པོ། །ལྷ་སྦྱིན་མ་རུངས་མཉམ་རྟེན་དང་། །ནག་པོ་གཙིགས་
པ་འཇིགས་སྟོན་པ། །དགའ་བ་ལས་འདས་བགེགས་རྒྱལ་པོ། །རྒན་བྱེད་མ་དང་དྲག་མོ་དང་། །འཇིགས་བྱེད་མ་དང་ཨུ་མས་བསྟོད། །རྒྱལ་མོ་རྣམ་པར་རྒྱལ་མོ་དང་། །ཐུབ་བྱེད་གཞན་གྱིས་མི་ཐུབ་མ། །ནག་པོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་སྔོ་བསངས་རྣལ་འབྱོར་མ། །དགའ་
བྱེད་མ་དང་ཟ་བྱེད་མ། །དྲག་མོ་སྡང་བྱེད་ལམ་པ་ཀི །འཕྲོག་བྱེད་མ་དང་མར་མེ་མ། །འཇོམས་བྱེད་ཡུལ་གནས་རྣལ་འབྱོར་མ། །དྲག་པོའི་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཅན་མ། །ཐོད་ཕྲེང་མགོ་བོའི་ཕྲེང་ཅན་མ། །ཁ་ཊྭཱཾ་ག་མ་རྫུ་འཕྲུལ་ཆེ། །རལ་གྲི་དགྲ་
སྟ་ལག་འཛིན་དང་། །རྡོ་རྗེ་དེ་བཞིན་གཞུ་ལག་ཅན། །མཁའ་འགྲོ་ལྔ་ཡི་བདག་ཉིད་ཆེ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པའི། །སྦྱོར་བའི་དཀྱིལ་འཁོར་རྒྱལ་པོ་ཆེ། །རྡོ་རྗེ་དབང་ཕྱུག་དེ་བཞིན་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་པོ། །གོས་མེད་སྦྱོར་བ་སྐྱེད་བྱེད་མ། །རྡོ་རྗེ་དབང་ཕྱུག་མ་
བཀའ་ཡིས། །རྡོ་རྗེ་ཁྲོ་བོ་ཁྲོ་བོ་ཆེ། །རབ་ཏུ་འབར་བ་འཇིགས་པའི་ཚོགས། །བྱང་ཆུབ་སེམས་ཀྱིས་རྟོགས་མཛད་མ། །རྡོ་རྗེ་སེམས་དཔའི་དངོས་གྲུབ་ལྡན། །གུས་པས་བདག་ལ་བཀའ་དྲིན་སྐྱོབས། །རྡོ་རྗེ་དྲིལ་བུ་མངོན་བསྒྲགས་ནས། །བསྟོད་པ་འདི་ཡིས་ཉེ་བར་མཆོད། །ཅེས་པས་
བསྐུལ་བར་བྱ་བའོ། །དེ་ནས་ལྷ་ཚོགས་དེ་དག་ལ་ཕྲིན་ལས་བཅོལ་བ་ནི་རང་འདོད་པའི་ལས་རྣམས་ལ་ཞེས་མངོན་པར་འདོད་དོན་གསོལ་བ་གདབ་པའོ། །ཇི་ལྟར་ཆོ་གའི་སྦྱོར་བ་ཡིས། །ཞེས་པ་ནི་དང་པོར་བླ་མ་མཆོད་པ། དེ་ནས་དཀྱིལ་འཁོར་པ་ལ་རིག་མ་ལྷ་མོ་བཅུ་དྲུག་ལ་སོགས་པས་མཆོད་
བསྟོད་ཅིང་སྡིག་པ་བཤགས་པ་ལ་སོགས་པ་བྱ་བའོ། །དེ་ནས་དཔལ་ཧེ་རུ་ཀ་དང་རྗེ་བཙུན་མའི་སྙིང་པོ་ཉེ་སྙིང་། མཆོད་སྔགས་ཡབ་ཡུམ་ཐ་དད་པའི་སྔགས་ཀྱིས་དང་། ཕྲེང་སྔགས་དང་། རྩ་བའི་རྐང་པ་བརྒྱད་པའི་དང་། ཐུགས་གསུང་སྐུའི་འཁོར་ལོའི་རྩ་སྔགས་དང་། དམ་ཚིག་འཁོར་ལོས་ཀྱང་
Vol. 18 · folio 78b
ངོ་། །ཡུམ་རྗེ་བཙུན་མའི་རྩ་སྔགས་རིང་པོ་དང་བཅས་པས་མཆོད་པར་བྱའོ། །དེ་ནས་དཀྱིལ་འཁོར་པ་ལ་གསོལ་བ་གདབ་ཅིང་། ལྷ་དང་བླ་མ་ཌཱ་ཀི་ཐམས་ཅད་ལས་འོད་ཟེར་དུ་མ་དང་། གཉིས་མེད་སྦྱོར་བ་ལས་བྱུང་བའི་བདུད་རྩི་འབབ་པ་བདག་ཉིད་ལ་བསྟིམ་མོ། །དུས་ནི་མཚན་མོ་སྟེ་སྤྱོད་
ལམ་ནི་སྒྲུབ་པོ་སྐྲ་གྲོལ་ཞིང་གཅེར་བུར་གྱུར་པས་ལྷའི་རྣལ་འབྱོར་བརྟུལ་ཞུགས་ཅན་གྱིས་གཏོར་མ་སྦྱིན་ཞེས་སོ། །དད་པས་ཅི་འདོད་དབུལ་བར་བྱ་བ་ལས་དང་དངོས་གྲུབ་གསོལ་བར་བྱེད་པའོ། །དུས་རྒྱུན་དུའམ། ཕུན་སུམ་ཚོགས་པའི་ཁྱད་པར་ནི་མར་གྱི་ངོའི་ཚེས་བཅུ་དང་བཅུ་བཞི་ལ་སྒྲིབ་པ་
འདག་པར་བྱེད་ལ། ཟླ་བ་ཡར་ངོའི་གང་འགྱུར་ལ། །ཞེས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་བས། དཔའ་བོ་དང་རྣལ་འབྱོར་མ་རྣམས་འདུ་བའི་དུས་ཀྱི་ངེས་པ་ཉིད་ལས་སྒྲུབ་པ་པོས་མྱུར་དུ་འབད་པས་ཞེས་བརྩོན་འགྲུས་དང་ལྡན་པས་མཆོད་བྱ་སྟེ་ཞེས་ཕྱི་ནང་དེ་ཁོ་ན་ཉིད་ཀྱིས་སོ། །
རྡོ་རྗེ་ནི་དཔལ་ཧེ་རུ་ཀ་ཐབས་ཀྱི་ངོ་བོ་ལྷ་མོ་ནི་རྡོ་རྗེ་བཙུན་མོ་ལ་སོགས་པས་ཏེ་མྱོས་བྱེད་མ་ད་ནང་གིས། །ཞེས་སྟོབས་སྟེར་བ་བ་ལ་ཞེས་སོ། །དེར་འདུས་པའི་སྐྱེ་བོ་རྣམས་ཀྱིས་བླ་མ་དང་ལྷག་པའི་ལྷ་ཐ་མི་དད་པ་ལ་མཆོད་པ་བྱ་ཞིང་། །དཀྱིལ་འཁོར་བའི་ཡེ་ཤེས་གཤེགས་དམ་ཚིག་རང་ལ་བསྡུས་ལ་
ཡི་གེ་བརྒྱ་བ་བརྗོད་པར་བྱ་བའོ། །མཐར་བསྔོ་ཞིང་སྨོན་ལམ་གདབ་པར་བྱ་བ་ནི། ཧེ་རུ་ཀ་དཔལ་མངོན་དགའ་བའི། །ཞེས་ངོ་བོ་ཉིད་ཀྱིས་དཀྱིལ་འཁོར་བའི་ལྷ་ཚོགས་དག་པའི་ཞིང་ན་གནས་པ་རྣམས་སོ། །མགུ་བའི་སེམས་མཆོག་དག་དང་ནི་ལྷན་ཅིག་སྐྱེས་པ་དང་ཞིང་སྐྱེས་ལ་སོགས་པ་
དགྱེས་པར་འགྱུར་བའི་དོན་གྱིས། །དེ་རྣམས་ལག་ནས་མི་འཕྲོགས་མཆོག་ནི་གནས་ཞེས་ཡོན་ཏན་དངོས་གྲུབ་ནུས་པ་ཐོབ་པ་ནི་གཞན་འབྱུང་པོས་གླགས་མི་རྙེད་པའི་དོན་ཏོ། །དེ་ལས་ཕན་ཡོན་བླ་ན་མེད་པ་ནི། ཤྲཱི་ཧེ་རུ་ཀའི་བདག་ཉིད་ནི་རྣལ་འབྱོར་པ་དང་ཐ་མི་དད་པར་གྱུར་པའི་སྦྱོར་བས་མ་མོ་རྣམས་
མཉེས་འགྱུར་གནས་སུམ་ཅུ་རྩ་གཉིས་ན་གནས་པའི་ཌཱ་ཀི་མ་རྣམས་དང་ཞིང་སྐྱོང་ལ་སོགས་པ་རྣམས་དགྱེས་པར་འགྱུར་བ་ཞེས་པའི་དོན་ཏོ། །ད་ནི་ལེའུའི་མཚན་བསྟན་པ་ལ། སྤྱོད་པ་ནི་སྤྲོས་བཅས་སོགས། བརྟུལ་ཞུགས་ནི་དཔའ་བོའི་སྟོན་མོ་ལ་སོགས་པ། མཆོད་པ་ཕྱི་ནང་གསང་བ་དེ་ཉིད་དོ། །
Vol. 18 · folio 79a
གཏོར་མའི་ཆོ་ག་ནི་འཇིག་རྟེན་པ་དང་འདས་པ་ལ་དབུལ་ལོ། །ལེའུ་ཉེར་བདུན་པའི་རྣམ་པར་བཤད་པའོ།། །།ད་ནི་རང་བཞིན་གྱི་དོན་བླ་ན་མེད་པའི་དགོངས་པའི་ཡེ་ཤེས་བསྒྲུབ་པའི་གསང་བ་བསྟན་པ་ལ། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། མཆོད་པ་རྣམ་དག་དངོས་ནི་ཐབས་
ཤེས་རབ་དབྱེར་མེད་ཡེ་ཤེས་བདེ་ཆེན་དུའོ། །མྱ་ངན་འདས་པར་ངེས་འབྱུང་ཉིད་ནི་ཆོས་ཀྱི་དབྱིངས་ལས་སེམས་ཅན་གྱི་དོན་དུ་ལོངས་སྐུ་དང་སྤྲུལ་སྐུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བྱོན་ནས་སོ། །དེ་བཞིན་དཔའ་བོ་དང་རྣལ་འབྱོར་མའི་བདག་ཉིད། །ཤྲཱི་ཧེ་རུ་ཀའི་ང་རྒྱལ་དུ་གནས་པ་ལ་མཆོད་པ་བྱ་བ་ཉིད་
རྣམ་གྲངས་སྒོ་དུ་མ་ནས་སོ། །སྤྲུལ་པ་ལས་བྱུང་དཔའ་བོ་རྣམས་ནི་དཀྱིལ་འཁོར་བ་རྣམས་ཐམས་ཅད་དོ། །དེས་མདོར་བསྟན་ནས་རྒྱས་པར་བཤད་པ་ལ། རྣལ་འབྱོར་པ་ཉིད་ལྷ་ཚོགས་ཐམས་ཅད་ཚད་མེད་པའི་སྒོ་ནས་མཆོད་པར་བྱ་བ་སྟེ། སངས་རྒྱས་ཀུན་སོགས་སྲས་བཅས་ནི་ཕུང་པོ་ཁམས་
དང་སྐྱེ་མཆེད་ཀྱི་རང་བཞིན་རྣམས་ལའོ། །རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་ལ་བསྟན་པ་ནི་ལྷའི་གཞལ་ཡས་ཁང་རང་ཆས་སོ། །དེ་དག་ལྷའི་ཕོ་བྲང་དང་གཡོ་བ་ནི་གོང་གི་དཔའ་བོ་བྱང་སེམས་ཁམས་དག་པའི་ཆ་ཀུན་དང་རྣལ་འབྱོར་མ་ནི་རྩ་གནས་སུ་པུ་ཛཱ་སོགས་ཡི་གེའི་ཆ་ཤས། །ཡང་འཕེལ་འགྲིབ་བྱེད་
པའི་ཐིག་ལེའོ། །ཟླ་བ་ཉི་མ་འདུས་ལེགས་གནས་ནི་ལུས་ཀྱི་གཡོན་ལ་དཀར་ཆ་འཕེལ་ལ། གཡས་ལ་ནག་པོའི་ཕྱོགས་དམར་ཆར་འཕེལ་བ། གཉི་ག་ཡང་ཀུན་འདར་དུ་ཐབས་ཤེས་རབ་ཟབ་པ་བདེ་ཆེན་དུ་གནས་པས་ཟུང་འཇུག་ཏུའོ། །སྤུན་ནི་སྲོག་རྩོལ་སྡུག་གུ་ནི་འབྱུང་འཇུག་གནས་པ་མཆོད་
པའོ་ཞེས་པ་རླུང་སེམས་འདྲེས་པའི་ཐིག་ལེ་འཁོར་ལོ་དག་ཏུའོ། །གསང་ཆེན་གཞན་ལ་མི་བསྟན་པ་ནི་ལས་ཀྱི་སྤྱོད་པས་འབྲེལ་པ་ལ་གསང་བ་གང་ཟག་དམན་པ་ལ་མི་སྦྱིན་ཞིང་དབང་པོ་རིགས་དང་མི་ལྡན་པ་ལ་གསང་བའོ། །གང་སྐལ་ལྡན་རྗེས་སུ་གཟུང་བར་བྱ་བ་ལས། ཡང་རིགས་ལྡན་བསྟེན་པར་
བྱ་བ་ཡོན་ཏན་བསྒྲུབ་པ། དཀྱིལ་འཁོར་འཁོར་ལོའི་སྒོ་ནས་གྲུབ་པ་ཀུན་དུ་སྤྱོད་པ་སྟེ། རྣལ་འབྱོར་མའི་དམ་ཚིག་གཡོན་པ་ཀུན་སྤྱོད་ལ་གནས་པར་བྱའོ། །རིགས་ཀྱི་ཞེན་པ་སྤང་བས་མཆོད་པ། ཤ་ལྔ་ལ་བརྟེན་པའི་ནང་གི་སྦྱིན་སྲེག་དེ་ཁོ་ན་ཉིད་ཀྱི་མཆོད་པ་བསྟན། ཀུནྡ་ལྟ་བུའི་བྱང་སེམས་
Vol. 18 · folio 79b
མི་ཉམས་པར་བྱ་བ། འདི་ཉིད་གསང་བ་མི་འགྱུར་བར་གདམས་པས། རྣམ་པར་མི་རྟོག་པའི་དོན་གྱིས་ལམ་གྲུབ་པ་ཁྱད་པར་དུ་གདམས་པའོ། །གཞུང་ཉེ་བར་བསྡུ་བ་ནི། བླ་མའི་མན་ངག་ལ་དགའ་ཞིང་ནི་གོང་དུ་བསྟན་པའི་ལམ་གྱི་རིམ་པ་ལ་བརྟེན་པས་ཉམས་མྱོང་མཆོག་སྐྱེ་བས་ན། དེའི་དོན་ནི་
མཆོག་མཚུངས་པའོ། །ཞེས་སྤྱོད་པ་དང་གྲོལ་བ་བླ་ན་མེད་པའི་ཐོབ་པ་ཉིད་དོ། །ད་ནི་ལེའུའི་མཚན་བསྟན་པ། ནང་གི་སྦྱིན་སྲེག་ནི་ཙཎྜ་ལཱི་དང་ཕོ་ཉའི་ལམ་མོ། །རིགས་དང་ལྡན་པའི་ཆོ་ག་ནི་སྤྱོད་པ་དང་རྗེས་སུ་འབྲེལ་པའི་དོན་གསང་ཆེན་གྲུབ་པ་བསྟན་པའོ། །ལེའུ་ཉེར་བརྒྱད་པའི་རྣམ་པར་བཤད་
པའོ།། །།དཔལ་ལྡན་ཕྱག་རྒྱ་ཆེན་པོ་མི་ཕྱེད་མཆོག་གི་ཤེས་རབ་མཚན་ཉིད་དོན་རྟགས་ཤེས་འགྱུར་མི་འདའ་བ། །རོ་རྐྱང་ཀུན་འདར་བདག་པོ་རིག་པ་མེ་ལྕེ་འབར་བ་བློ་མིག་གིས་ཏེ་ཡུལ་ནི་དམར་སེར་ཉིད། །རྩ་ནི་འཇམ་རྩུབ་སྤུ་ནི་སྒྲ་གཅན་ཨ་བ་དྷཱུ་ཏཱིར་ལམ་བྱེད་ཡོན་ཏན་དབང་ལས་ཏེ། །སྲོག་རྩོལ་
འགོག་པར་བཟླས་པ་བརྟུལ་ཞུགས་ཏིང་འཛིན་ལམ་མཆོག་ལས། །ཕྱི་ནང་མཁའ་འགྲོ་ཞུ་བདེ་གཅིག་གྱུར་དེ་ལས་མཆོག་ཐོབ་རྩ་བ་ཡན་ལག་སྙིང་པོ་ཉེ་སྙིང་དོན་ཀུན་སྩོལ། །བདུད་བཞི་འཇོམས་བྱེད་འཆི་མེད་ཡན་ལག་བདེ་བ་གཞན་དུ་རྙེད་མི་འགྱུར། །ཞེས་པའི་དོན་ཏོ། །དེ་ཉིད་ལས་རྣལ་འབྱོར་
པས་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་གནས་པས། རིགས་དང་རྗེས་སུ་མཐུན་པའི་རིག་མ་དང་། ལྷན་ཅིག་ཏུ་བདེ་བ་ཆེན་པོ་ལ་རོལ་པའི་སྤྱོད་པ་སྤྱད་པ་ལས། དེ་ཡང་སྤྲོས་བཅས་པས་འདོད་པའི་ཡོན་ཏན་ལ་རོལ་པ་རྒྱས་པ་དང་། སྤྲོས་མེད་པས་བསྡུས་པའི་སྤྱོད་པ་ལྷ་མོ་ལྔའམ། ཤིན་ཏུ་སྤྲོས་པ་
མེད་པས་ལྷ་མོ་གཅིག་དང་རོལ་པའི་སྤྱོད་པས་སྦྱོར་ཐབས་དགའ་བ་བཅུ་དྲུག་སྐྱེས་པའི་རྟེན་དང་། སྦྱོར་ཐབས་ཀྱི་དབྱེ་བ་དུ་མའི་སྒོ་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་སུ་འཆར་བའི་ཐབས་ལ་འབད་པ་སྟེ་རིག་མའི་རྣམ་པའི་ཁྱད་པར་རྟོགས་པར་བྱ་བའི་ཕྱིར། དེ་ནས་གཞན་ཡང་གསང་བ་
བསྟན་པ། ཕོ་ཉའི་མཚན་ཉིད་རིགས་རྣམས་ཏེ། །ཞེས་སྨོས་ཏེ། རིག་མའི་མཚན་ཉིད་ནི་ལོ་གྲངས་དང་ངང་ཚུལ་དང་སྤྱོད་ལམ་ལ་རྡོ་རྗེའི་རིགས་མཆོག་ཏུ་ཤིས་ལ། རིགས་གཞན་པ་ཡང་གཟུང་དུ་རུང་ངོ་། །དམ་ཚིག་ལ་ངོ་བོ་ཉིད་ཀྱིས་གནས་པ་བྱང་ཆུབ་སེམས་ཀྱི་ངང་ལས་མཁའ་འགྲོ་ཀུན་དུ་སྤྱོད་པ་མར་
Vol. 18 · folio 80a
གྱུར་པའོ། །དེ་ཡང་གང་ཟག་དེས་གང་གིས་ཞེས་ཁྱད་པར་དུ་རིགས་ལྡན་གསང་བའི་ལམ་ལ་གནས་པའི་དོན་ཤེས་པར་གྱུར་པའོ། །དེས་མདོར་བསྟན་ནས་རྒྱས་པར་བཤད་པ་ལ། རྣལ་འབྱོར་པ་ལ་ཡུལ་ཉེ་བར་སྤྱོད་པ་བསྟན་པ་ནི། མིང་པོ་ནི་ཤིན་ཏུ་རྩེ་བས་ཀུན་ནས་བསླང་བའོ། །ཡང་ན་ཕ་ནི་
བསྐྱེད་བྱ་བསྐྱེད་བྱེད་དུ་དམིགས་པས་ཉེ་བར་གྱུར་པའི་བདག་པོ་ནི་ལྷན་ཅིག་ཏུ་དམིགས་པས་འདུ་འབྲལ་མེད་པར་བལྟ་བས། ཚོགས་པའི་སྐད་ཅིག་ལ་ཡེ་ཤེས་དེ་ཉིད་དུ་སྦྱོར་བ་སྐད་ཅིག་ལ་ཡེ་ཤེས་མཐོང་བས་ཡོན་ཏན་སྐྱེ་བ་ལ་ཕྱོགས་པའོ། །འདིར་རིག་མ་རྡོ་རྗེའི་རིགས་བྱེ་བྲག་ཏུ་བསྟན་པའི་
ཕྱིར། ལུས་ཀྱི་ཁྱད་པར། །ལྕེ་སྦོམ་ནི་ལྗགས་ཟླུམ་པ་རིང་བ་མིག་ནི་དམར་སེར་ལ་ཞེས་འུག་པའི་ལྟར་འདུག་པ་ཡངས་ཤིང་དཀྱུས་རིང་བ། སྐྲ་ནི་རྩུབ་ཅིང་གནག་ལ་ལུས་ཀྱི་བ་སྤུ་ཐམས་ཅད་དམར་སེར་གྱེན་དུ་ལངས་པའམ་འཁྱིལ་བ་ཡིན་ཏེ། ཡོན་ཏན་དང་ལྡན་པའོ། །དངོས་གྲུབ་ནི་མཆོག་མངོན་
དུ་བྱེད་ཅིང་། ཐུན་མོང་གྲུབ་པ་རལ་གྲི་རོ་ལངས་བུམ་པ་རྐང་མགྱོགས་གསེར་འགྱུར་བཅུད་ལེན་མི་སྣང་བ་ནམ་མཁར་འགྲོ་བ་ཀུན་ཤུགས་ལས་གྲུབ་པ་སྟེ། ཐུན་མོང་ནི་སྔགས་སྐྱེས་སུའོ། །བརྟུལ་ཞུགས་ནི་ལྷག་པའི་ང་རྒྱལ་དུ་གནས་པ་སྟེ། བཟླས་པའི་སྙིང་པོ་ཉེ་སྙིང་བཞི་པོ་ལ་སོགས་པའོ། །དེ་དག་ལ་
དགའ་བ་ནི་དབང་ཐོབ་ནས་དུས་རྒྱུན་དུ་ཡིད་ལ་བྱེད་པའོ། །དྲན་པ་དང་ནི་ཡང་དག་ལྡན། །ཞེས་པ་ལུས་དྲན་པ་ཉེ་བར་གཞག་པ་རང་ལུས་ལྷ་སྐུར་རོ། །ཚོར་བ་ནི་བདེ་བ་ལ་གནས་པ་ཆོས་ནི་བདེ་བ་ལ་སྟོང་པས་རྒྱས་བཏབ་པས་ཡེ་ཤེས་ངང་དུའོ། །སེམས་ནི་གཉིས་མེད་རང་གྲོལ་སྐྱེ་མེད་སྤྲོས་པ་མེད་པ་ཉིད་དུ་
གནས་པ་ཡང་དག་པའི་དོན་དྲན་པའོ། །ཕོ་ཉ་མོ་སོགས་ནི་ལྷན་སྐྱེས། ཞིང་སྐྱེས་དམ་ཚིག་ལས་སྔགས་སྐྱེས་སོ། །ཡང་ན་རྣལ་འབྱོར་མའི་རིགས་བདུན་པོ་དག་གོ། །གནས་དང་བཅས་ནི་ཕྱིའི་གནས་ས་འོག་ས་སྟེང་ས་བླ་བའི་གནས་སོ། །ནང་དུ་ལུས་ཀྱི་གནས་ཉི་ཤུ་རྩ་བཞི་ལ་སོགས་པར་གནས་ནས་
དཔའ་བོ་དང་ལྷན་ཅིག་བཅས་པ་རྣམས་སོ། །དེར་རྣལ་འབྱོར་པས་རྡོ་རྗེའི་ལུས་ལ་བརྟེན་ནས་གནད་བཅིངས་པས། རླུང་དྲག་ཏུ་ཆུན་པས་རྩ་ཡི་གེ་པུ་ཛཱ་ཨོ་ཨ་ལ་སོགས་པ་ལ་གནད་དུ་བསྣུན་པས། རླུང་སེམས་གཅིག་ཏུ་འདྲེས་པས་ལུས་གནད་རྩའི་མཁའ་འགྲོ་མ་ཐམས་ཅད་ཡི་གེའི་རྣམ་པར་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words