རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྣམ་པར་བཤད་པ
Sanskrit title (Tibetan script, as in the text) ཤྲཱི་བཛྲ་ཌཱ་ཀི་ནཱ་མ་མ་ཧཱ་ཏནྟྲ་རཱ་ཛ་སྱ་བི་བྲྀཏྟི
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 19 · folio 57b
ལྟར་ལུས་སྦྱིན་པར་གཏོང་བའི་ཕྱིར་རོ། །སྦྱིན་པ་ཆེན་པོ་ཞེས་བྱ་བ་ནི་ལུས་ཀྱི་སྦྱིན་པ་སྟེ། རབ་ཏུ་གཏོང་བ་ཞེས་བྱ་བ་ནི་ལུས་འདི་སེམས་ཅན་ཐམས་ཅད་ལ་བདག་གིས་བཏང་གིས་སུ་ཇི་ལྟར་དགའ་བ་བཞིན་སྤྱོད་ཅིག་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། བསྐྱབ་པའི་ཕྱིར་ཏེ་ཕན་པའི་ཕྱིར་རོ། །སེམས་
ཅན་རྣམས་ལ་བྱིན་གྱིས་བརླབས་པ་ནི་སྔར་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་ནས་ཞེས་བྱ་བ་སྟེ། ཕན་པར་བྱས་ནས་ཞེས་བྱ་བའི་བར་དུའོ། །ཤཱཀྱ་ཐུབ་པ་བཞིན་དུ་ཞེས་བྱ་བ་ནི་རོའི་ལུས་འབྱུང་བ་ལས་གྱུར་པའི་གཟུགས་ཀྱིས་ཀྱང་ཕན་པར་བྱ་བའི་ཕྱིར་མྱུར་དུ་མྱ་ངན་ལས་འདའ་
བའོ། །ཁ་ཅིག་ན་རེ་ལུས་ཀྱི་སྦྱིན་པ་འདི་ལས་བདག་གི་བསོད་ནམས་གང་འབྱུང་བ་དེས་སེམས་ཅན་ཐམས་ཅད་སངས་རྒྱས་པར་གྱུར་ཅིག་ཅེས་བསོད་ནམས་ཡོངས་སུ་བསྔོ་བའི་བདེན་པའི་བྱིན་གྱི་རླབས་ཀྱིས་སེམས་ཅན་ལ་བྱིན་གྱིས་བརླབས་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་ཟེར་རོ། །མདུན་
དུ་བདར་བ་དང་ཡང་དག་པར་ལྡན་ཞེས་བྱ་བ་ནི་རོ་དེ་ཉིད་ལ་དགའ་ལྡན་ལ་སོགས་པའི་ལྷའི་བུ་རྣམས་ལྷགས་ནས་མདུན་དུ་བདར་ཏེ་མེ་ཏོག་དང་བདུག་པ་ལ་སོགས་པའི་ཆར་ཕབ་ནས་མཆོད་ཅིང་རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་ཅེས་བྱ་བའི་སྒྲ་དང་རྔ་བོ་ཆེ་ལ་སོགས་པའི་སྒྲ་རྣམས་ཀྱིས་ཡང་
དག་པར་མཆོད་པ་དང་། འདི་ལྟར་ཉི་མ་གང་ལ་ཤི་བའི་ཉི་མ་དེ་ལ་གནས་དེར་ཐོག་ལ་སོགས་པ་འབབ་པ་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐྱེ་བ་བདུན་པའི་མཐུ་གཞན་ཡང་གསུངས་པ་ལྷ་མོ་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ་དེ་ནི་རོའོ། །གོམས་པར་བྱ་བས་ན་ཡོན་ཏན་ཏེ་འབྱུང་གནས་
ནི་དེ་དག་སྐྱེད་པར་བྱེད་པའོ། །ཅེ་སྤྱང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྒྲུབ་པ་པོ་ཤིན་ཏུ་མཉམ་པར་གཞག་པ་ཞེས་བྱ་བ་ནི་རྣལ་འབྱོར་པ་ལུས་ལ་སོགས་པ་ཤིན་ཏུ་བསྡམས་པའོ། །ཆོ་ག་དེ་ལྟར་ཤེས་པར་བྱས་ནས་ཞེས་བྱ་བ་ནི་དེའི་ལུས་སེམས་ཅན་ཐམས་ཅད་ལ་ཕན་པར་
ཤེས་ནས་སོ། །རང་གི་སྙིང་པོ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་སྙིང་པོ་སྟེ་ཡི་གེ་ཉི་ཤུ་གཉིས་པའོ། །ཉེ་བར་མཚོན་པ་འདིས་ན་སྔར་བསྟན་པའི་རྡོ་རྗེ་ཕག་མོའི་སྔགས་སམ་བཅོམ་ལྡན་འདས་ཀྱི་ཉེ་བའི་སྙིང་པོས་བསྒྲུབ་པ་ལ་ཡང་སྐྱོན་མེད་དོ། །ལས་འདིས་ཐམས་ཅད་ལ་ཡང་སྒྲུབ་པ་
Vol. 19 · folio 58a
པོ་བློ་དང་ལྡན་ཞིང་དད་པ་ཅན་གྱིས་བསྒོམས་པ་དང་བཟླས་པར་ལྡན་པས་བསྒྲུབ་པར་བྱའོ། །གླུའི་སྔགས་ཐམས་ཅད་ནི་སྔར་བསྟན་པའི་སྔགས་ཀྱི་ཚོགས་རྣམས་སོ། །རབ་ཏུ་སྦྱོར་བ་ནི་ལས་ཀྱི་ཆོ་ག་སྟེ་བསྒོམས་པ་དང་བཟླས་པ་ལ་སོགས་པའོ། །དོན་དེ་གསལ་
བར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་དྲུག་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་དྲུག་གི་རྣམ་པར་བཤད་པའོ།། །།རྣལ་འབྱོར་པ་གནས་ལ་སོགས་པར་བགྲོད་པ་ན་རྣལ་འབྱོར་མ་རྣམས་ཀྱིས་བརྡ་བསྟན་པའི་
ཚེ་བརྡའི་ལན་བསྟན་པས་དེ་རྣམས་མཉེས་པར་འགྱུར་བས་རྣལ་འབྱོར་མ་རྣམས་ཀྱི་ཕྱག་རྒྱ་ལ་སོགས་པ་ཤེས་པར་བྱ་བའི་ཕྱིར་ལག་པའི་ཕྱག་རྒྱ་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བདུན་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སྔགས་ཀྱི་མཐུ་
ལ་སོགས་པ་བསྟན་པའི་འོག་ཏུའོ། །འདིས་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། བརྡ་རྣམས་དགོས་པ་ཡིན་པ་དེའི་ཕྱིར་མཚན་ཉིད་བཤད་པར་བྱ་ཞེས་བྱ་བར་སྦྱར་རོ། །ཅི་ཞེ་ན། ལག་པའི་ཕྱག་རྒྱ་ཞེས་པ་གསུངས་ཏེ། ལག་པ་བསྐྱོད་པའི་བརྡ་ཉིད་ཕྱག་རྒྱའོ། །སྤྱི་གཙུག་
ཕྲེང་ཞེས་བྱ་བ་ནི་སྤྱི་བོའི་ཙོག་ཙོག་པོའོ། །སྐྱེ་གནས་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་སོ། །གལ་ཏེ་སྐྱེས་པ་ནང་གི་སྟོན་པ་དེའི་ཚེ་མཐེ་བོ་དང་མཛུབ་མོ་རྣམས་ཀྱི་རྩེ་སོ་སོར་སྤྲད་ལ་སོར་མོ་ལྷག་མ་ཅུང་ཟད་བསྐུམ་པའི་ཕྱག་རྒྱ་བསྟན་པར་བྱའོ། །མཐིལ་ཞེས་བྱ་བ་ནི་རྐང་པའི་མཐིལ་ལོ། །ཉི་མ་ཞེས་
བྱ་བ་ནི་ཁ་ཅིག་ན་རེ་གཞོགས་གཡས་པ་ཡིན་ནོ་ཞེས་ཟེར་རོ། །ཆུ་བོ་ཞེས་བྱ་བ་ནི་ལག་པས་ནམ་མཁའ་ལ་རི་མོ་གྱ་གྱུ་འདྲི་བའོ། །རྒྱ་མཚོ་ཞེས་བྱ་བ་ནི་སོར་མོ་རྣམས་བརྐྱང་སྟེ་སྤྲུག་ཅིང་ནམ་མཁར་བསྐྱོད་པའོ། །དེ་ནས་ཞེས་བྱ་བ་ནི་ཐུན་མོང་གི་བརྡ་བསྟན་པའི་འོག་ཏུའོ། །འཕྲོག་བྱེད་མ་ལ་སོགས་
པའི་ཞེས་བྱ་བ་ནི་འཕྲོག་བྱེད་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་ཀྱིའོ། །ཟིན་དང་གྲོལ་བ་ཞེས་བྱ་བ་ལ་ཟིན་པ་ནི་བཟུང་བ་སྟེ་དེ་རྣམས་ཀྱིས་གང་ཞིག་བསྟན་པའི་བརྡའོ། །དགྲོལ་བ་ནི་སླར་གཤེགས་སུ་གསོལ་བ་སྟེ། ལན་བདུན་བསྟན་པའི་བརྡའོ། །བཟུང་བའི་རྗེས་ལ་དེ་དགྲོལ་བའི་
Vol. 19 · folio 58b
བརྡ་བཤད་པར་བྱ་ཞེས་བྱ་བར་སྦྱར་རོ། །ཡང་ན་གཟུང་བ་དང་དགྲོལ་བ་ནི་ཟིན་པ་དང་དགྲོལ་བ་སྟེ། དེ་དག་གི་བརྡ་བསྟན་པའོ། །ཅིའི་ཕྱིར་ཞེ་ན། ཤི་བ་དང་གསོ་བ་ཞེས་བྱ་བ་ལ་སོགས་པས་འབྲས་བུ་བསྟན་ཏེ་ཤི་བ་ནི་བརྒྱལ་བའོ། །གསོ་བ་ནི་བརྡ་བསྟན་པས་སླར་བསླང་བའོ། །གསོན་པོ་
ནི་གསོན་པོ་ཉིད་དོ། །ནད་མེད་སྤེལ་བ་ནི་ཚེ་སྤེལ་བའོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་བརྡ་དང་ལན་གྱི་བརྡ་སྟེ། བསྟན་པ་དང་རྗེས་སུ་བསྟན་པའོ། །ལྷག་མ་ནི་གོ་སླའོ། །ཁྲག་གི་གནས་ཞེས་བྱ་བ་ནི་སྙིམ་པས་ཁྲག་འཐུང་བ་ལྟར་བྱེད་པའོ། །གཅི་བ་དང་བཤང་བ་དང་ཡང་གཅི་བ་
དང་བཤང་བ་སྟེར་བའི་ཚུལ་དུ་བྱེད་པའོ། །ད་ནི་དེ་དག་གི་རང་བཞིན་གྱིས་གྲུབ་པའི་མཚན་མ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁུར་བ་ཞེས་བྱ་བ་ནི་འགྲམ་པ་སྟེ། ཕག་པའི་མཆེ་བའི་དབྱིབས་ལྟ་བུའོ། །ཤཀྟི་ནི་མཚོན་ཤཀྟི་སྟེ་དེའི་དབྱིབས་སོ། །
བཟློག་ཅིང་བལྟ་ཞེས་བྱ་བ་ནི་ཡོན་པོར་བལྟ་བའོ། །ཁ་ཅིག་ན་རེ་བཟློག་སྟེ་བལྟ་བའོ་ཞེས་ཟེར་རོ། །ནུ་མ་མཐོ་ཞེས་བྱ་བ་ནི་ནུ་མ་མི་མཉམ་པའོ། །ཁ་ཅིག་ནི་མཁྲང་བའོ་ཞེས་ཟེར་རོ། །ལྟེ་བ་ཡངས་ཞེས་བྱ་བ་ནི་ལྟེ་བ་ཁ་ཡངས་པའོ། །ཁ་ཅིག་ནི་གཏིང་རིང་བ་ཞེས་ཟེར་རོ། །རབ་བྱེད་སྨད་ནི་རྣམ་
པར་འགྱུར། །ཞེས་བྱ་བ་ལ་རབ་བྱེད་ནི་རབ་ཏུ་བྱེད་པ་སྟེ། སྐྱེ་བོས་དབེན་པའི་གནས་སུ་རབ་ཏུ་དགོད་པར་བྱེད་པའོ། །ཡང་ན་རབ་བྱེད་ནི་རྣམ་པ་སྟེ། ཤིས་པ་དང་མི་ཤིས་པའི་ལས་རྣམ་པ་དུ་མ་བྱེད་པའོ། །སྨད་ནི་རྣམ་པར་འགྱུར་ཞེས་བྱ་བ་ནི་ལྟེ་བའི་འོག་གི་ཆ་མི་གསལ་བ་ཡིན་ནོ། །ཅི་ཞིག་ཅེ་ན།
རི་མོ་གསུམ་པོ་ཡོངས་སུ་ཟླུམ། །ཞེས་བྱ་བ་སྟེ་ལྟེ་བའི་འོག་ན་རི་མོ་གསུམ་སྦས་ནས་ཡོད་པའོ། །ཁ་ཅིག་ལས། རབ་བྱེད་འོག་ནི་ཀུན་དུ་འཁྱིལ། །ཞེས་འབྱུང་སྟེ། ལྟེ་བ་ཅུང་ཟད་འཕྱང་ཞིང་རི་མོ་གསུམ་དུ་གསལ་ལ་གཡས་ནས་ཀུན་དུ་འཁྱིལ་བ་སྟེ། རི་མོ་གསུམ་ཟླུམ་པོར་འཁྱིལ་བས་
ཀུན་དུ་བརྒྱན་པ་དེ་ལ་དེ་སྐད་ཅེས་བྱའོ། །མཁའ་འགྲོ་མ་ནི་ཉེར་འགྲོ་བ། །ཞེས་བྱ་བ་ནི་གང་གི་ཚེ་འགྲོ་བའི་དུས་སུ་འོག་ནས་འབྱུང་བའི་མཚན་ཉིད་འདི་དག་ཤེས་པར་བྱའོ། །མཚན་ཉིད་དེ་དག་གང་ཞེ་ན། སོང་བའི་ས་ལས་ཞེས་བྱ་བ་ལ། གང་དུ་སོང་བའི་ས་དེ་ནས་ཐ་མལ་པར་སླར་མི་
Vol. 19 · folio 59a
ལྡོག་པའོ། །ལྡོག་པའི་རྒྱུ་གསུངས་པ་རྒྱུ་མེད་པར་ཞེས་བྱ་བ་ལ་སོགས་པ་ལ་རྒྱུ་མེད་པ་ནི་རྒྱུ་མཚན་མེད་པ་སྟེ་གློ་བུར་དུའོ། །དུ་བ་ནི་ཉེ་བར་མཚོན་པ་སྟེ་གློ་བུར་དུ་སྐྱོ་བ་སྐྱེས་ཤིང་ཁྲོ་བ་དང་བཅས་པར་ངུས་ཤིང་གནས་དེ་ནས་ལྡོག་པའོ། །ལྷག་མ་ནི་གོ་སླའོ། །སྒྱུ་མ་ཆེ་
དང་མཉམ་སྦྱོར་བ། །ཞེས་བྱ་བ་ལ་སྒྱུ་མ་ཆེན་མོ་ནི་རྡོ་རྗེ་ཕག་མོ་སྟེ་དེ་དང་མཉམ་པར་སྦྱོར་བ་ནི་རྡོ་རྗེ་མཁའ་འགྲོ་མ་ཡིན་ལ་དེ་ལས་སྐྱེས་པའི་མཁའ་འགྲོ་མ་དེ་ལ་དེ་སྐད་ཅེས་བྱའོ། །འབར་བའི་མཆོག་ཅེས་བྱ་བ་ནི་དེའི་རིགས་ཀྱི་མཁའ་འགྲོ་མ་རྣམས་མི་མོའི་ཚུལ་དུ་གནས་པ་གང་ཞིག་གིས་མཐོང་བ་དེ་
མཐའ་ཡས་པའི་བསོད་ནམས་ཐོབ་པར་གྱུར་པའམ་ཡང་ན་དེ་ལྟ་བུར་གྱུར་པ་དེས་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལག་པའི་ཕྱག་རྒྱའི་སྦྱོར་བ་ནི་སྤྱི་གཙུག་ཏུ་རེག་པའི་བརྡ་ལ་སོགས་པའོ། །འཕྲོག་བྱེད་མའི་རྟགས་ནི་ཤཀྟི་ལ་སོགས་པའོ། །དེ་རྣམས་ཉིད་
མཚོན་པར་བྱ་བས་ན་མཚན་ཉིད་དོ། །དོན་དེ་གསལ་བར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་བདུན་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བདུན་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་
ནས་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་དང་ཞིང་ལས་སྐྱེས་པའི་རྣལ་འབྱོར་མ་རྣམས་ཀྱི་བརྡ་ལ་སོགས་པ་བསྟན་པའི་འོག་ཏུ། སྔགས་ཀྱི་རིགས་པ་ཞེས་བྱ་བ་ནི་སྔགས་ལས་སྐྱེས་པའི་རྣལ་འབྱོར་མ་རྣམས་སོ། །དེ་དག་ཉིད་ལྷ་མོ་སྟེ་གཟུགས་སྣ་ཚོགས་སུ་གསལ་བའི་ཕྱིར་རོ། །མཚན་ཉིད་ནི་
མཚོན་པར་བྱེད་པ་སྟེ་བརྡ་རྣམས་སོ། །གང་ཞིག་ཅེས་བྱ་བ་ནི་གང་གི་ཚེའོ། །ཕྱག་འཚལ་བ་ནི་འདུད་པའོ། །ལྟོགས་པ་ནི་བཀྲེས་པའོ། །སོར་མོས་སོར་མོ་སྟོན་པ་ནི་སོར་མོ་ནང་ཕན་ཚུན་དུ་སྟོན་པའོ། །ལྷག་མ་ནི་གོ་སླའོ། །གང་ཞིག་ཁྲོ་གཉེར་ལ་རེག་པ་ཞེས་བྱ་བ་ནི་སྨིན་མའི་དབུས་སུ་
ལག་པ་བརྡེགས་པའོ། །མཁའ་ལྡིང་ནི་སྣའོ། །ཁ་ཅིག་ན་རེ་པུས་མོ་གཉིས་ས་ལ་བཙུགས་ཏེ། ལག་པ་གཉིས་ཀྱིས་ནམ་མཁའ་ལ་གཡོབ་པ་ལྟར་བྱེད་པ་ནི་མཁའ་ལྡིང་ངོ་ཞེས་ཟེར་རོ། །གཏོར་མ་བཟའ་ཞེས་བྱ་བ་ནི་གཏོར་མ་ལ་ལོངས་སྤྱོད་པའོ། །ངག་གི་བརྡ་ཞེས་བྱ་བ་ལ་དག་
Vol. 19 · folio 59b
ནི་ཚིག་ཏུ་བརྗོད་པའོ། །བརྡ་ནི་མཚོན་པར་བྱེད་པ་སྟེ། ཚིག་ཏུ་བརྗོད་པས་བརྡར་བྱས་པའོ། །པོ་ཏང་གི་ཞེས་བྱ་བ་ནི་པོ་ཏང་གི་ཞེས་བྱ་བ་ཚིག་ཏུ་འདོན་པའོ། །པྲ་ཏི་པོ་ཏང་གི་ཞེས་བྱ་བ་ལ་པྲ་ཏི་སླར་བཟློག་པ་སྟེ་ལན་ནོ། །ག་མོ་ཞེས་བྱ་བ་ལ་སོགས་པ་ཡང་ཚིག་ཏུ་བརྗོད་པར་བལྟ་བར་བྱའོ། །
འོང་ཞེས་བྱ་བ་ནི་འོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བྱིན་ཅིག་པ་ནི་སློང་བའོ། །ལོང་ཤིག་པ་ནི་ཁྱེར་ཅིག་པ་སྟེ་སྟེར་བའོ། །དཔའ་བོ་ནི་དཔའ་བོ་ཡིན་པའོ། །ཀུ་རུ་བ་ནི་ཤི་བ་ཞེས་བྱ་བ་ལ་འདིར་བརྡ་ནི་ཀུ་རུ་བའོ། །དེ་བཞིན་དུ་ཀར་ནི་ཀ་བརྡ་ཡིན་གྱི་དྲིལ་བུ་ནི་མ་ཡིན་ནོ། །མགོ་བོ་ནི་མགོ་
ཉིད་དོ། །སྐྲ་ནི་སྐྲ་ཞེས་བྱ་བར་གྲགས་པའོ། །མནྠ་ནི་བདུད་རྩིའོ་ཞེས་བྱ་བ་ནི་བདུད་རྩི་ལ་མནྠ་ཞེས་བྱ་བའི་དོན་ཏོ། །མཁའ་འགྲོ་མ་ནི་ནམ་མཁའ་ལ་འཕུར་བ་རྣམས་སོ། །དུར་ཁྲོད་ནི་དུར་ཁྲོད་ཅེས་བྱ་བའོ། །བྲམ་ཟེ་ནི་བྲམ་ཟེར་གྲགས་པའོ། །རྒྱལ་རིགས་ནི་ཐར་མཚམས་པ་རྣམས་སོ། །
དམངས་རིགས་ནི་རིགས་སྣ་ཚོགས་དང་ལྡན་པ་རྣམས་སོ། །ཕྱུགས་ནི་ཕྱུགས་རྣམས་ཏེ་མང་པོའི་ཚིག་མི་མངོན་པ་ཡིན་ནོ། །འདའ་ཀི་ནི་སྲིང་མོའོ་ཞེས་བྱ་བ་ལ་འདའ་ཀི་ནི་དང་ཏ་ལི་ཀ་དང་སྲིང་མོ་རྣམས་ནི་དོན་གཅིག་གོ། །མེ་ཏ་ཀ་ནི་གླུམ་མོ་ཞེས་བྱ་བ་ལ་གླུམ་ནི་སྦང་མའོ། །ལྕེ་ནི་ལྕེ་ཉིད་དོ། །སོ་
ནི་སོ་ཉིད་དོ། །གང་ནས་ཞེས་བྱ་བ་ནི་གནས་གང་ནས་ཞེས་པའོ། །ཆེ་གེ་མོ་ནས་ཞེས་བྱ་བ་ནི་གནས་ཆེ་གེ་མོ་ནས་འོངས་པའོ། །ལམ་པོ་དར་ཞེས་བྱ་བ་ལ་དར་ནི་འཇིགས་པ་སྟེ་དེ་ཉིད་ལ་ལམ་པོའོ་ཞེས་བརྗོད་དོ། །ཚིམ་པ་ནི་ཚིམ་པ་ཉིད་དོ། །དྷུ་མ་པྲི་ཡ་ནི་ཆུ་འཛིན་ནོ་ཞེས་བྱ་བ་ལ་ཆུ་འཛིན་པ་ནི་སྤྲིན་ནོ། །
ས་ནུ་ནི་རི་བོ་ཞེས་བྱ་བ་ལ་རི་བོ་ནི་རི་རྣམས་སོ། །ས་རི་ནི་ཆུ་བོ་ཞེས་བྱ་བའི་སྒྲ་ཇི་བཞིན་ནོ། །ཆ་ཤས་ཞེས་བྱ་བ་ནི་ཉིང་ལག་གོ། །གདོང་ཞེས་བྱ་བ་ནི་གདོང་པ་སྟེ་གདོང་པ་མི་མངོན་པའོ། །ཕྲེང་བ་ནི་མེ་ཏོག་གི་ཕྲེང་བའོ། །ཕྱུགས་ནི་ཕྱུགས་ཆེན་པོའོ། །མནྡ་ལ་ནི་མཉམ་པའོ་ཞེས་བྱ་བ་ལ་མནྡ་
ལ་དང་མཉམ་པ་དང་། ན་ར་ཀ་ནི་རྣམ་གྲངས་སོ། །ཕྱུགས་ཆེན་པོ་ཞེས་བྱ་བ་ནི་གླང་པོ་ཆེ་ལ་སོགས་པའོ། །ཨ་བྱ་ཀ་ནི་ཞེས་བྱ་བ་ནི་ཨ་བྱ་ཀའི་སྒྲའོ། །དེ་བཞིན་དུ་སྠ་ཡང་སྒྲར་ཤེས་པར་བྱའོ། །ལྷག་མ་ནི་གོ་སླའོ། །མཁའ་འགྲོ་མ་ཐམས་ཅད་ནི་སྔགས་ལས་སྐྱེས་པ་རྣམས་སོ། །དེ་རྣམས་
Vol. 19 · folio 60a
ཀྱི་བརྡ་ནི་དེ་རྣམས་ཀྱི་ལུས་དང་ངག་གི་མཚན་མའོ། །དོན་དེ་གསལ་བར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་བརྒྱད་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བརྒྱད་པའི་རྣམ་པར་བཤད་པའོ།། །།ད་ནི་
རྐང་པ་བཞི་པའི་སྔགས་དང་འབྲེལ་པའི་འཁྲུལ་འཁོར་ཀྱི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་བརྡ་བསྟན་པའི་འོག་ཏུའོ། །ལྷ་མོ་ཐམས་ཅད་ཅེས་བྱ་བ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་མཁའ་འགྲོ་མ་རྣམས་སོ། །བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པ་
ཞེས་བྱ་བ་ལ་ཐོག་མ་ནི་སྐྱེ་བའོ། །ཐ་མ་ནི་འགག་པའོ། །གང་གི་རང་བཞིན་ཡང་དག་པར་སྐྱེ་བ་དང་འགག་པ་མེད་པ་དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ་དོན་དམ་པར་རོ། །གཉིས་པར་ན་བཅོམ་ལྡན་འདས་ཉོན་མོངས་པ་ལ་སོགས་པ་དང་བྲལ་བས་དེ་དག་གི་དབང་གིས་སྐྱེ་བ་དང་འཆི་བ་མི་མངའ་
བས་ཐོག་མ་དང་ཐ་མ་མེད་པ་སྟེ་ཀུན་རྫོབ་ཏུའོ། །རྡོ་རྗེའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞེས་བྱ་བ་ལ། རྡོ་རྗེ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལས་བྱུང་བའི་བདེ་བ་དམ་པའི་འཁོར་ལོས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་སྟེ་དེ་ཉིད་སྟོང་པ་ཉིད་ལ་
སོགས་པ་འདུས་པའི་རང་བཞིན་པས་རྣལ་འབྱོར་རོ། །དེ་སུ་ལ་ཡོད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་རྣལ་འབྱོར་པའོ། །དེ་རྣམས་ཀྱི་དབང་ཕྱུག་ནི་བདག་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཉིད་དོ། །གསོལ་བ་བཏབ་པ་ནི་
བཀུར་སྟི་སྔོན་དུ་འགྲོ་བས་ཞུས་པའོ། །དེ་ཉིད་གསུངས་པ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ཀྱིས་བསྐྱེད་དུ་གསོལ་ཞེས་བྱ་བ་དང་འབྲེལ་ཏོ། །ཅི་ཞིག་ཅེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་ཞེས་བྱ་བ་ནི་སྙིང་པོ་དམ་
པའོ། །སྡང་བ་ཐམས་ཅད་ནི་ཉོན་མོངས་པ་རྣམས་སོ། །འདུལ་བ་ནི་འཇོམས་པའོ། །འཁྲུལ་འཁོར་ནི་སྔགས་རྣམས་བཀོད་པའི་འཁོར་ལོ་གཉིས་གཉིས་ཁ་སྤྲད་པ་སྟེ། ལེའུ་ནི་དོན་སྟོན་པའི་གཞུང་ངོ་ཞེས་བྱ་བ་ནི་བརྣག་པ་ཡོངས་སུ་རྫོགས་པའི་ཚིག་གོ། །བསྐྱེད་དུ་གསོལ་ཞེས་བྱ་བ་ནི་དངོས་གྲུབ་བསྐྱེད་པའམ་
Vol. 19 · folio 60b
བདག་ཅག་གི་དབང་དུ་སྒྲུབ་པ་སྟེ་བསྟན་དུ་གསོལ་ཞེས་བྱ་བའི་བར་དུའོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་འོག་ཏུའོ། །རིན་ཆེན་ཁ་སྦྱོར་ཞེས་བྱ་བ་ལ་རིན་ཆེན་ནི་དངོས་གྲུབ་རྣམས་སོ། །ཁ་སྦྱོར་ནི་སྣོད་དེ་དེ་དང་འབྲེལ་བའོ། །གསུངས་སོ་ཞེས་བྱ་བ་ནི་སྡུད་པ་པོའི་ཚིག་གོ། །དེ་ཉིད་བསྟན་
པའི་ཕྱིར། མདོར་བསྡུས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ལྡན་ནི་ཀླུའི་ཁྱད་པར་རོ། །རྟ་ནི་རྟ་ཉིད་དེ་འཁྲུལ་འཁོར་གང་དུ་སྔགས་རྣམས་རིགས་ལྡན་དང་རྟའི་འགྲོས་དག་གིས་དགོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཤིན་རྗེ་ཡི་དགས་དེ་བཞིན་ཏེ། །ཞེས་བྱ་བ་ལ་གཤིན་རྗེ་ནི་
འཁྲུལ་འཁོར་གང་དུ་སྔགས་གཤིན་རྗེའི་དབྱུག་པ་ལྟར་བཀོད་པའོ། །ཡི་དགས་ནི་ཡི་དགས་ཀྱི་ཚུལ་དུའོ། །དེ་བཞིན་དུ་རོ་ལངས་ཟུང་ནི་རོ་ལངས་ཟུང་གི་ཚུལ་དུ་བྲིས་པའོ། །སྲིན་པོ་ནི་སྲིན་པོ་ལྟར་རྣམ་པར་གཙིགས་པའི་ཕྱིར་རོ། །དེ་ནས་རིམ་དང་ཕྱི་རོལ་རིམ། །ཞེས་བྱ་བ་ནི་ཕྱི་རོལ་དང་སྙིང་པོའི་
རི་མོ་དག་གོ། །དེས་འཇོམས་སྒོ་དང་སྟོང་པ་དང་། །ཞེས་བྱ་བ་ལ་སྟོང་པ་ནི་ཕྱི་རོལ་པདྨའི་རི་མོའོ། །གྲྭ་ཡི་མཐའ་ནི་རྡོ་རྗེར་ལྡན། །ཞེས་བྱ་བ་ནི་གྲྭ་རྣམས་སུ་རྡོ་རྗེས་མཚན་པའོ། །སྔགས་ཀྱི་ཕྲེང་བ་ཞེས་བྱ་བ་ནི་ཨོཾ་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའོ། །ཁྱད་པར་ཞེས་བྱ་བ་ལ་འཁྲུལ་འཁོར་
ནི་གཉིས་ཏེ། ཡི་གེའི་གནས་དང་། སྔགས་བྲི་བའི་འཁྲུལ་འཁོར་རོ། །དེ་ལ་ཁྱད་པར་ནི་ཡི་གེའི་གནས་ཀྱི་འཁྲུལ་འཁོར་ལ་སྔགས་ཀྱི་ཕྲེང་བ་དེ་བྲི་བས་ཁྱད་པར་དུ་བྱས་པའོ། །འཁྲུལ་འཁོར་ཆེན་པོ་བཅུ་གཉིས་ནི་ལེའུ་གཞན་ལས་གསུངས་པའི་བཅིང་བ་དང་། རྨོངས་པ་དང་། རྨུགས་
པ་དང་། གནོད་པ་དང་། གཞོམ་པ་དང་། ཉེ་འབྱེད་དང་། བསྐྲད་པ་དང་། གསད་པ་དང་། ཞི་བ་དང་། རྒྱས་པ་དང་། དབང་དང་། དགུག་པའི་མཚན་ཉིད་ཀྱི་ལས་རྣམས་ཀྱི་དབྱེ་བས་དེ་དག་སྒྲུབ་པར་བྱེད་པའི་འཁྲུལ་འཁོར་བཅུ་གཉིས་ཡིན་ནོ། །ཉེ་བར་མཚོན་པ་འདིས་གཞན་དག་ཀྱང་ཤེས་
པར་བྱ་སྟེ། དེ་ཉིད་ཀྱིས་ནི་རིམ་པ་དེ་བཞིན་བརྗོད་པ་ཡིན་ཞེས་སོ། །ཡི་གེའི་གནས་ཀྱི་འཁྲུལ་འཁོར་གསུངས་པ། གྲུ་བཞི་ཞེས་བྱ་བ་ལ་སོགས་པ་ལ་ཚད་ལྡན་ཞེས་བྱ་བ་ནི་ཡི་གེའི་གྲངས་ཀྱི་ཚད་དང་ལྡན་པ་སྟེ་ལྷག་ཆད་མེད་པའོ། །དེ་ཉིད་ཀྱིས་ན། རེའུ་མིག་བཞི་བཅུ་དགུར་ལྡན་པ། །ཞེས་
Vol. 19 · folio 61a
བྱ་བ་གསུངས་ཏེ། རེའུ་མིག་ནི་རེའུ་ཆའོ། །བཞི་བཅུ་དགུ་ནི་གྲངས་ཏེ་ལྔ་བཅུར་གཅིག་གིས་མ་ཚང་བར་བྲི་བའོ། །སྔགས་པ་ཞེས་བྱ་བ་ནི་རིག་པ་ཟློས་པ་པོའོ། །མཉམ་པར་གཞག་པ་པོ་ནི་ལྷའི་རྣལ་འབྱོར་ཅན་ནོ། །དང་པོ་ནི་ཕྲེང་བ་གཉིས་ཞེས་བྱ་བ་ནི་རེའུ་མིག་
བདུན་བདུན་པའི་ཕྲེང་བ་དང་པོ་གཉིས་སོ། །མཆོག་ནི་ཕྲེང་བ་གསུམ་པའི་རེའུ་མིག་གཉིས་སོ། །ཨ་ལ་སོགས་པ་ནི་དབྱངས་ཀྱི་ཡི་གེ་བཅུ་དྲུག་གོ། །ལྷག་མ་ནི་གོ་སླའོ། །དབུས་ཀྱི་རེའུ་མིག་སྟོང་པ་ལ། །ཞེས་བྱ་བ་ནི་ཕྱོགས་མཚམས་ཀུན་དུ་རེའུ་མིག་གསུམ་གསུམ་བོར་བའི་དབུས་མ་
གང་ཡིན་པ་ནི་སྟོང་པའི་རེའུ་མིག་སྟེ་དེར་བྲི་ཞེས་བྱ་བ་དང་འབྲེལ་ཏོ། །ཅི་ཞིག་ཅེ་ན། ཀ་ཥ་ཞེས་བྱ་བ་སྟེ་ཀྵའོ། །ཡང་ཅི་ཞིག་ཅེ་ན། པ་ཞེས་བྱ་བ་སྟེ། ཀྵའི་དབུས་སུ་པ་བྲིའོ། །འཁོར་ལོ་རི་མོ་གཉིས་བསྐོར་ལ། །ཞེས་བྱ་བ་ནི་དེའི་འོག་ཏུ་ཕྱི་རོལ་རི་མོ་གཉིས་ཀྱིས་བསྐོར་བའོ། །དེའི་ཕྱི་རོལ་
དུ་ནི་པདྨ་འདབ་མ་བརྒྱད་པ་སྟེ། དེ་ཉིད་ཀྱིས་ན་ཕྱི་རོལ་ལ། །ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་ཕྱི་རོལ་དུ་གྲུ་བཞི་སྒོ་བཞི་པ་བྲིས་ཏེ། དེ་ཡང་འོག་ནས། སླར་ཡང་ཕྱི་རོལ་གྲུ་བཞི་པ། །ཞེས་བྱ་བ་གསུངས་པའི་ཕྱིར་རོ། །ད་ནི་རེའུ་མིག་བཞི་བཅུ་རྩ་དགུ་པའི་ཕྱི་རོལ་དུ་ཡི་གེ་རྣམས་དགོད་
པ་གསུངས་པ། རི་མོའི་བར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། རི་མོ་གཉིས་པོ་བསྐོར་བའི་བར་དུའོ། །འཕེལ་བ་ལ་སོགས་པ་ཞེས་བྱ་བ་ནི་མ་ནིང་གི་ཡི་གེ་བཞི་མ་གཏོགས་པ་དབྱངས་ཀྱི་ཡི་གེ་བཅུ་གཉིས་རིམ་པ་བཞིན་དུ་བྲི་བའོ། །དབང་པོར་ཀ་ཞེས་བྱ་བ་ལ་དབང་པོའི་ཕྱོགས་ནི་དབང་པོ་སྟེ་
དབང་པོའི་ཕྱོགས་ན་གནས་པའི་པདྨའི་འདབ་མ་ལ་ཡང་དེ་སྐད་ཅེས་བྱའོ། །ཀ་ཞེས་བྱ་བ་ནི་དེར་ཀ་བྲི་བའོ། །ལུས་ངན་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། དེས་ན་བྱང་ཕྱོགས་དང་ནུབ་ཕྱོགས་དང་ལྷོ་ཕྱོགས་རྣམས་ཀྱི་འདབ་མ་ལ་ཙ་དང་ཊ་དང་ཏ་རྣམས་བྲི་བའོ། །དེ་ཉིད་ཀྱི་
ཕྱིར་བ་ནི་དབུ་མ་སྟེ། ཀ་ལ་སོགས་པ་ཕྱོགས་བཞི་ན་གནས་པའི་དབུས་སུ་གནས་པའི་ཕྱིར་རོ། །ཀ་ལ་སོགས་པ་ནི་ཉེ་བར་མཚོན་པ་སྟེ། མན་ངག་གིས་ན་སྡེ་ཚན་ཐམས་ཅད་གཟུང་བར་བྱའོ། །དེ་ལྟར་ཡ་ར་ལ་ཝ་དགོད། །ཅེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་ནི་རིམ་པ་དེ་ལྟར་དེ་རླུང་
Vol. 19 · folio 61b
མཚམས་ཀྱི་འདབ་མ་ལ་ནི་ཡའོ། །མེ་མཚམས་སུ་ནི་རའོ། །དབང་ལྡན་གྱི་མཚམས་སུ་ནི་ལའོ། །བདེན་བྲལ་དུ་ནི་ཝའོ། །དེ་དག་ཅི་ཞིག་ཅེ་ན། རླུང་དང་མེ་དང་དབང་ལྡན་ཆུ། །ཞེས་བྱ་བ་སྟེ། རླུང་ལ་སོགས་པའི་དཀྱིལ་འཁོར་རྣམས་ཀྱི་ས་བོན་དུ་གྱུར་པའོ། །འདི་ཉིད་ཀྱིས་ན། འབྱུང་
བ་ཆེན་པོའི་ཁམས་ཞེས་བྱ། །ཞེས་གསུངས་ཏེ། ཆུའི་ས་བོན་ནི་ཝའོ། །སའི་ནི་ལའོ། །མེའི་ནི་རའོ། །རླུང་གི་ནི་ཡའོ། །རླུང་དང་མེ་དང་བདུད་རྩི་རོ། །ཞེས་བྱ་བ་ལ་རླུང་ནི་ཧ་སྟེ། ཕྱི་རོལ་གྲུ་བཞིའི་རླུང་མཚམས་སུ་བྲི་བར་བྱའོ། །མེ་ནི་ཤ་སྟེ་དེ་ཡང་མེ་མཚམས་སུ་དགོད་དོ། །བདུད་རྩི་
ནི་ཥ་སྟེ་དབང་ལྡན་དུའོ། །རོ་ནི་ས་སྟེ་བདེན་བྲལ་དུའོ། །དེ་ཉིད་གསུངས་པ། གཤིན་རྗེ་འཇོམས་མ་ལ་སོགས་ཏེ། ཤ་ཥ་ས་ཧར་བསྟན་པ་དགོད། །ཅེས་བྱ་བ་ལ་འདིར་རིམ་པ་བཞིན་དུ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཤ་ནི་གཤིན་རྗེ་བརྟན་མའོ། །ཥ་ནི་གཤིན་རྗེ་ཕོ་ཉ་མའོ། །ས་ནི་གཤིན་རྗེ་
མཆེ་བ་ཅན་མའོ། །ཧ་ནི་གཤིན་རྗེ་འཇོམས་མ་སྟེ། དང་ཞེས་བྱ་བ་ནི་བསྡུ་བ་ཡིན་ནོ། །ཅི་ཞིག་ཅེ་ན། རླུང་དང་མེ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་ཏེ། ཤར་ལ་སོགས་པ་འདི་དག་གཤིན་རྗེ་འཇོམས་མ་ལ་སོགས་པའི་བརྡས་བསྟན་པར་མ་ཟད་ཀྱི། རླུང་ལ་སོགས་པའི་བརྡས་ཀྱང་
ངོ་། །རྀ་རཱྀ་ལྀ་ལཱྀ་ཞེས་བྱ་བ་ནི་དབྱངས་ཀྱི་ཡི་གེ་མ་ནིང་གི་མིང་ཅན་བཞིའོ། །སྒོ་བཞི་རུ་ནི་དགོད་པར་བྱ། །ཞེས་བྱ་བ་ནི་ཤར་ལ་སོགས་པའི་སྒོར་གཡོན་སྐོར་གྱིས་བྲི་བའོ། །ཆོ་གའི་སྦྱོར་བ་དེ་ལྟ་བུས། །ཞེས་བྱ་བ་ལ་ཆོ་ག་ནི་ཡི་གེའི་གནས་ཀྱི་འཁྲུལ་འཁོར་རེའུ་མིག་བཞི་བཅུ་རྩ་དགུ་ནས་
གྲུ་བཞིའི་བར་གྱི་ཆོ་ག་བྱའོ། །སྦྱོར་བ་ནི་དེར་ཨ་ལ་སོགས་པ་དང་ཀ་ལ་སོགས་པའི་ཡི་གེ་བཞི་བཅུ་རྩ་དགུ་བཀོད་པའོ། །དེ་ལྟ་བུ་ནི་འདྲ་བ་སྟེ་སྔགས་ཀྱི་འཁྲུལ་འཁོར་གཉིས་པ་ཡང་ཐམས་ཅད་དེ་དང་འདྲ་བར་བྲི་བ་ལས་ཁྱད་པར་དུ་སྔགས་ཀྱི་རྒྱལ་པོ་དགོད་པའོ། །དེ་ཉིད་
གསུངས་པ། འབུགས་པ་ཞེས་བྱ་བ་ལ་སོགས་པ་ལ། འདིས་ནི་རྣམ་པར་སྣང་མཛད་བཏུ་བ་བསྟན་ཏེ། འབུགས་པ་ནི་ཨོའོ། །རྨི་ལམ་ནི་ཨཾ་ངོ་། །ཟླ་ཚེས་ནི་གྲགས་པར་ཟད་དེ། བསྡུས་པས་ཨོཾ་ཞེས་བྱ་བར་འགྱུར་རོ། །དང་པོ་ནི་སྔགས་ཀྱི་འཁྲུལ་འཁོར་གྱི་རེའུ་མིག་དང་
Vol. 19 · folio 62a
པོའོ། །གཉིས་པ་ཡང་སྔགས་ཀྱི་འཁྲུལ་འཁོར་གྱི་རེའུ་མིག་གཉིས་པ་སྟེ། འོག་ནས་འབྱུང་བ་གཞན་དག་ཏུ་ཡང་འདི་ལྟར་བལྟའོ། །བདེན་བྲལ་གྱི་ཕྱི་རོལ་ཞེས་བྱ་བ་ནི་ཡི་གེའི་གནས་ཀྱི་འཁྲུལ་འཁོར་གྱི་ཕྱི་རོལ་གྲུ་བཞི་བདེན་བྲལ་གྱི་ཕྱོགས་ལ་བྱ་
སྟེ། དེ་ཡང་འདིར་ཡི་གེ་ས་ཡིན་ཏེ། དེ་དེ་ན་གནས་པའི་ཕྱིར་རོ། །འདི་ཡང་འོག་ནས་འབྱུང་བ་གཞན་དག་ལ་ཡང་བལྟ་བར་བྱའོ། །རུས་སྦལ་ཞེས་བྱ་བ་ནི་ཨུའོ། །བསྡུས་པས་སུ་ཞེས་བྱ་བར་འགྱུར་རོ། །རེའུ་མིག་གསུམ་པ་ལ་གནས་པ། །ཞེས་བྱ་བ་ནི། དེ་བཞིན་
སྔགས་ཀྱི་རེའུ་མིག་གསུམ་པ་ལ་གནས་པ་སྟེ། ཅི་ཞིག་ཅེ་ན། དབུ་མ་ཡི་ནི་མཐའ་མ་གཟུང་། །ཞེས་བྱ་བ་ལ་ཡི་གེ་མ་དང་། དེ་ཉིད་ཀྱི་ཞེས་བྱ་བ་དབུ་མའི་སྡེ་ཚན་ཏེ་དེའི་བཞི་པ་བྷའོ། །བསྡུས་པས་སུམྦྷ་ཞེས་བྱ་བར་འགྱུར་རོ། །རེའུ་མིག་བཞི་པར་གནས་ཞེས་བྱ་བ་ལ་ཡང་སྔ་མ་
བཞིན་ནོ། །ལྷོ་མཐའ་ཞེས་བྱ་བ་ནི། ཏའི་སྡེ་པའི་མཐའ་མ་ནའོ། །བཟང་པོ་ནི་ཨིའོ། །བསྡུས་པས་ནི་ཞེས་བྱའོ། །རེའུ་མིག་ལྔ་པ་ཞེས་བྱ་བ་ལ་སོགས་པས་ནི་ཡང་སུ་ཞེས་བྱ་བར་འགྱུར་རོ། །དྲུག་པ་ཞེས་བྱ་བ་ལ་སོགས་པས་ཀྱང་མྦྷ་ཞེས་བྱ་བར་འགྱུར་རོ། །བདུན་པ་ཞེས་བྱ་བ་ལ་
སོགས་པ་ནི་ཧཱུྃ་ངོ་། །བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ནི་ཡའོ། །རེའུ་མིག་ལ་གནས་ཞེས་བྱ་བ་ནི་རེའུ་མིག་ཉིད་ཀྱི་བརྡའོ། །དགུ་པ་ཞེས་བྱ་བ་ལ་སོགས་པ་ལ། དང་པོའི་གསུམ་པ་ནི་གའོ། །མ་ནིང་གི་དང་པོ་ནི་རྀའོ། །སྟན་དུ་བྱ་བ་ནི་དེའི་འོག་ཏུ་སྦྱར་བའོ། །བཅུ་པ་ཞེས་བྱ་བ་ལ་
སོགས་པ་ནི་ཧྞཱ་ཞེས་བྱའོ། །ཉི་ཤུ་རྩ་གཅིག་པ་ཞེས་བྱ་བ་ནི་ཡི་གེ་པ་སྟེ། བཅུ་གཅིག་པ་ལ་དགོད་པ་ནི་བྲི་བའོ། །བཅུ་གཉིས་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཡའོ། །བཅུ་གསུམ་ཞེས་བྱ་བ་ལ་སོགས་པས་ཀྱང་སླར་ཧཱུྃ་གཟུང་ངོ་། །བཅུ་བཞི་པ་ཞེས་བྱ་བ་ལ་སོགས་པ་ལ། དེས་
ཞེས་བྱ་བ་ནི་ཧཱུྃ་ཉིད་ཀྱིས་སོ། །བཅོ་ལྔ་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་པའོ། །བཅུ་དྲུག་པ་ལ་སོགས་པ་ནི་བའོ། །བཅུ་བདུན་པ་ཞེས་བྱ་བ་ལ་སོགས་པ་ནི་ནའོ། །བཅོ་བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ནི་དྱའོ། །བཅུ་དགུ་པ་ཞེས་བྱ་བ་ལ་སོགས་པ་ནི་མེ་ནི་རའོ། །བརྒྱད་པ་ནི་
Vol. 19 · folio 62b
མཛེས་པ་སྟེར་ཞེས་བྱ་བར་འགྱུར་རོ། །ཉི་ཤུ་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཧཱུྃ་ངོ་། །ཉི་ཤུ་གཅིག་པ་ཞེས་བྱ་བ་ལ་སོགས་པ་ནི་ཕའོ། །ཉི་ཤུ་གཉིས་པ་ཞེས་བྱ་བ་ལ་སོགས་པ་ནི་ཧའོ། །ཉི་ཤུ་གསུམ་པ་ཞེས་བྱ་བ་ལ་སོགས་པ་ནི་གའོ། །ཉི་ཤུ་བཞི་པ་ཞེས་བྱ་བ་ལ་
སོགས་པ་ནི་ཨ་དང་བྲལ་བའི་ཊ་སྟེ། ཡི་གེ་ཕྱེད་ཡིན་ནོ། །ཉི་ཤུ་དྲུག་པ་ཞེས་བྱ་བ་ལ་སོགས་པ་ནི་ཛའོ། །ཉི་ཤུ་བདུན་པ་ཞེས་བྱ་བ་ལ་སོགས་པ་ནི་ཕའོ། །ཉི་ཤུ་བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཊ་སྟེ། སྔ་མ་བཞིན་ནོ། །ཉི་ཤུ་དགུ་པ་ཞེས་བྱ་བ་ལ་སོགས་པ་ནི་གྲྀའོ། །
སུམ་ཅུ་པ་ཞེས་བྱ་བ་ལ་སོགས་པ་ནི་བྷའོ། །སུམ་ཅུ་གཅིག་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཕའོ། །སུམ་ཅུ་གཉིས་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཧཱུཾ་ངོ་། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་ཧཱུྃ་ཉིད་ཀྱིས་སོ། །སུམ་ཅུ་བཞི་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཊ་སྟེ་ཕའི་ཐ་མ་
ཡིན་པས་ཕྱེད་པའོ། །སུམ་ཅུ་ལྔ་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སུམ་ཅུ་དྲུག་པ་ཞེས་བྱ་བ་ལ་སོགས་པ་ནི་ཨོཾ་མོ། །སུམ་ཅུ་བདུན་པ་ཞེས་བྱ་བ་ལ་སོགས་པ་ནི་ཧོའོ། །སུམ་ཅུ་བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཡའོ། །སུམ་ཅུ་དགུ་པ་ཞེས་བྱ་བ་ལ་སོགས་པ་ནི་ནའོ། །
བཞི་བཅུ་པ་ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་ཨཱའོ། །བཞི་བཅུ་གཅིག་པ་ཞེས་བྱ་བ་ལ་སོགས་པ་ནི་ཨོཾ་མོ། །བཞི་བཅུ་གཉིས་པ་ཞེས་བྱ་བ་ལ་སོགས་པ་ནི་གྲྀའོ། །བཞི་བཅུ་གསུམ་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཌའོ། །བཞི་བཅུ་བཞི་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཕའོ། །
བཞི་བཅུ་ལྔ་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཧཱུྃ་ངོ་། །བཞི་བཅུ་དྲུག་པ་ཞེས་བྱ་བ་ལ་སོགས་པ་ཡང་ཧཱུྃ་ཉིད་དོ། །བཞི་བཅུ་བདུན་པ་ཞེས་བྱ་བ་ལ་སོགས་པ་ན་ཧྞཱིའོ། །བཞི་བཅུ་བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ནི་གྲྀའོ། །བཞི་བཅུ་དགུ་པ་ཞེས་བྱ་བ་ནི་སླར་ཡང་ཧྞཱ་སྟེ། འདི་ནི་ཀླུ་རིགས་
ལྡན་གྱི་འགྲོས་ལྟར་སྔགས་གྱ་གྱུར་བཀོད་པས་རིགས་ལྡན་གྱི་འགྲོས་ཞེས་བྱ་བའི་འཁོར་ལོའོ། །དགྲ་རྣམས་ཐམས་ཅད་འཆིང་བ་དང་། །ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་བཞི་བཅུ་རྩ་བརྒྱད་བཀོད་པའི་དབུས་ཀྱི་རེའུ་མིག་སྟོང་པ་ལ་ལྷ་སྦྱིན་བནྡྷ་མོ་ཧ་ཡ་ཞེས་དགོད་པའོ། །འཁོར་ལོ་ཡང་
Vol. 19 · folio 63a
འགྲོ་བ་ལ་སོགས་པ་ལ། ལས་དང་རྗེས་སུ་མཐུན་པའི་སྣག་ཚས་གཉིས་བྲིས་ལ་ཁ་སྦྱར་ཏེ་རྗེས་སུ་མཐུན་པའི་སྐུད་པས་བཅིངས་ནས་མུངྐ་ལ་སོགས་པ་དང་བཅས་པར་དུར་ཁྲོད་ཀྱི་ས་ལ་སོགས་པར་བཞག་ལ། ལས་ཀྱི་རྗེས་སུ་མཐུན་པའི་མཆོད་པས་ཆོ་ག་བཞིན་དུ་མཆོད་
དེ། རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་པས་ང་རྒྱལ་བསྒྱིངས་ནས་སྔགས་དེ་ཉིད་བཟླས་པར་བྱའོ། །ཁྱད་པར་གྱིས་ཞེས་བྱ་བ་ནི་བསམ་པའི་ཁྱད་པར་གྱིས་ཏེ། སྒྲུབ་པ་པོའི་བསམ་པའི་ཁྱད་པར་གྱིས་ཞི་བ་ལ་སོགས་པ་ཡང་བྱ་བར་སྟོན་ཏོ། །གྲོལ་བ་ཞེས་བྱ་བ་ནི་ལྕགས་ཀྱི་ཐོ་བ་ལྟར་འཇོམས་པར་
བྱེད་པས་སོ། །ཆོ་གའི་སྦྱོར་བ་ཞེས་བྱ་བ་ནི་ལས་ཀྱི་རབ་ཏུ་སྦྱོར་བའོ། །ཁ་ཅིག་ན་རེ་ག་ཎ་ཞེས་བྱ་བ་ནི་ལས་མང་པོའི་ཚོགས་ལ་བྱའོ་ཞེས་ཟེར་རོ། །ད་ནི་སྲིན་པོའི་གདོང་དང་གཤིན་རྗེའི་དབྱུག་པ་ལྟ་བུའི་འཁྲུལ་འཁོར་གསུངས་པ། སླར་ཡང་ཞེས་བྱ་བ་ལ་སོགས་པ་ལ། འདི་དག་ཀྱང་རེའུ་
མིག་བཞི་བཅུ་རྩ་དགུ་ལ་བྲི་བ་སྟེ། རེའུ་མིག་དང་པོ་ལ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །བཅུ་གཅིག་པ་ལ་ཡི་གེ་དེ་ཞེས་བྱ་བ་ནི། དེ་བ་དཏྟ་ཛམྦྷ་ཡ་པ་ཏ་ཡ་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བ་ལས་རྨོངས་པ་དང་། ལྟུང་བ་ལ་སོགས་པའི་ལས་ཀྱི་བསྐུལ་བ་དང་། སྤེལ་བར་
བྲིས་ཏེ་གཞན་དུ་ཡང་དེ་ལྟར་བལྟ་བར་བྱའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་ལས་རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་ཞི་བ་ལ་སོགས་པའོ། །གནོན་པ་ནི་ཞེས་བྱ་བ་ནི་རླག་པར་བྱེད་པའོ། །དྲི་མ་མེད་ཅེས་བྱ་བ་ནི་ཧ་སྟེ་རང་བྱུང་བའོ། །ཡང་ན་ནི་ཀ་ལ་ཞེས་བྱ་བ་ཆ་ཤས་མེད་པའོ། །ལྷག་མ་ནི་གོ་
སླའོ། །བསྡུས་པས་ཧཱུྃ་ཞེས་བྱ་བར་འགྱུར་རོ། །རྡོ་རྗེ་ཡི་ནི་སྟེང་ན་གནས། །ཞེས་བྱ་བ་ལ་སོགས་པ་ལ། དེ་ནི་སྤངས་ནས་སུ་ཞེས་བྱ་བ་ནི་ཡང་ན་ཧཱུྃ་དང་རྡོ་རྗེ་སྤངས་ལ་ཕཊ་བྲི་བའོ། །ཕཊ་ཀྱི་གནས་སུ་སྦྱར་བར་བྱ། །ཞེས་བྱ་བ་ནི། སྔ་མ་ཉིད་དེ་རྡོ་རྗེ་དང་ཧཱུྃ་བྲི་བའོ། །འདི་དག་གིས་ནི་འདི་
སྐད་དུ་དབུས་ཀྱི་རེའུ་མིག་སྟོང་པ་ལ་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྲིས་ལ་དེའི་སྙིང་གར་རྡོ་རྗེ་བྲིའོ། །དེའི་ལྟེ་བར་ནི་ཧཱུྃ་ངོ་། །ཧཱུྃ་གི་ལྟེ་བར་ནི་བསྒྲུབ་པར་བྱ་བའི་མིང་བསྐུལ་ཚིག་དང་བཅས་པར་བྲིས་ལ། དཔའ་བོ་ལ་སོགས་པའི་ཐོད་པ་ཁ་སྦྱར་བར་འཁྲུལ་འཁོར་ཁ་སྦྱར་བ་བཞག་ལ་དུར་
Vol. 19 · folio 63b
ཁྲོད་ལ་སོགས་པའི་ས་ཕྱོགས་སུ་ཇི་ལྟ་བ་བཞིན་དུ་བཞག་སྟེ། དེ་ཉིད་བསྒྲུབ་པར་བྱ་བའི་ལུས་སུ་བསམས་ནས་ཁྲོ་བོའི་རྣལ་འབྱོར་ལ་གནས་ཏེ། སྔགས་སྤེལ་བ་དང་བཅས་པར་ཟློས་ཤིང་། རང་གི་ལག་པ་གཡས་པར་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་འབར་བར་བསམས་ནས་དེ་ལ་ཡང་དང་
ཡང་དུ་བརྡེགས་པར་བསམས་ན་འཆི་བར་འགྱུར་རོ་ཞེས་སྟོན་ཏོ། །དཔའ་བོ་འཕྲལ་གྱི་བུམ་པ་ཞེས་བྱ་བ་ནི་དཔའ་བོའི་ཐོད་པ་རློན་པའོ། །བྲམ་ཟེའི་བུམ་པ་ཡང་བྲམ་ཟེའི་ཐོད་པའོ། །ཆོ་ག་བཞིན་དུ་བྲི་ཞེས་བྱ་བ་ནི་དེར་དུག་དང་ཙི་ཏྲ་ཀའི་ཁུ་བ་ལ་སོགས་པས་བྲི་བའོ། །འབྱུང་པོ་ཀུན་གྱི་གཏོར་
མ་ཞེས་བྱ་བ་ནི་ལས་ཐམས་ཅད་ལ་བལྟ་བར་བྱའོ། །ད་ནི་རྟའི་འགྲོས་ཀྱིས་དགོད་པ་དང་གཤིན་རྗེའི་དབྱུག་པ་ལྟ་བུའི་འཁྲུལ་འཁོར་གསུངས་པ། སླར་ཡང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ལྷ་མོ་ཞེས་བྱ་བ་ལ་སོགས་པ་ལ་རྟ་དང་མ་ཧེའི་བུམ་པ་ཞེས་བྱ་བ་ནི། དེ་གཉིས་ཀྱི་ཐོད་
པ་སྟེ། དེར་ཡང་སྤེལ་བ་དང་བཅས་པའི་སྔགས་བཟླ་བར་བྱའོ། །ད་ནི་ཡི་དགས་ཀྱི་གདོང་ལྟ་བུའི་འཁོར་ལོ་དགོད་པ་གསུངས་པ། འབུགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ཀྱང་གོ་སླའོ། །འཁོར་ལོ་འདི་ནི་ལྷ་མོ་ཆེ། །མཆོག་ཏུ་རྣོ་སྟེ་ཞེས་བྱ་བ་ནི། ཡི་གེའི་གནས་ཀྱི་
འཁོར་ལོ་ཡང་རྣོ་བ་སྟེ། ལས་ཐམས་ཅད་ལ་འཇེབས་པ་ཡིན་ནོ། །འབྱུང་པོའི་མཚན་མོ་ཞེས་བྱ་བ་ནི་མར་ངོའི་བཅུ་བཞི་ལའོ། །ལྷོ་ཕྱོགས་སུ་ཁ་བལྟས་པ་ནི་གཤིན་རྗེའི་ཕྱོགས་སུ་ཁ་བལྟས་པའོ། །དུག་ལ་སོགས་པ་ནི་དྲག་པོའི་ལས་ཀྱི་སྣག་ཚ་སྟེ། ཞི་བ་ལ་སོགས་པ་ལ་ནི་གཞན་
ལས་འབྱུང་བ་ལྟར་གྲོ་ག་ལ་སོགས་པའི་གཞི་ལ་གོ་རོ་ཙ་ན་དང་། གུར་ཀུམ་ལ་སོགས་པས་ཀྱང་བྲི་བར་བྱའོ། །དམར་པོའམ་ནི་སྔོན་པོའི་གོས། །ཞེས་བྱ་བ་ལ་དབང་དང་དགུག་པའི་ལས་ནི་གོས་དམར་པོ་བགོ་བར་བྱས་ལ་དྲག་པོའི་ལས་ནི་སྔོན་པོ་བགོའོ། །ཁྱད་པར་གྱི་ཞེས་བྱ་བ་ནི་ལས་
ཀྱི་ཁྱད་པར་གྱི་སྟེ། རྒྱས་པ་དང་བཅིངས་པ་ལ་ནི་སེར་པོ་བགོ་ཞེས་བྱ་བ་ལ་སོགས་པ་དང་། སྦྱར་བར་བྱའོ། །དྲག་པོའི་ལས་ལ་གཤིན་རྗེ་ལ་སོགས་པའི་ཚུལ་དུ་བསྒོམ་པ་བསྟན་པའི་ཕྱིར། གསད་ལ་གཤིན་རྗེའི་རྒྱལ་པོ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །
Vol. 19 · folio 64a
སྟོང་ལ་སྟོང་པའི་པདྨ་ཡིས། །ཞེས་བྱ་བ་ལ། སྟོང་པ་ནི་ཡི་གེའི་གནས་ཀྱི་འཁྲུལ་འཁོར་རོ། །སྟོང་པའི་པདྨ་ནི་རི་མོ་གཉིས་ཀྱི་ཕྱི་རོལ་གྱི་པདྨའོ། །ངེས་པར་འཇོམས་པའི་གྲྭ་རུ་ནི། །ཞེས་བྱ་བ་ལ། ངེས་པར་འཇོམས་པ་ནི་རླག་པར་བྱེད་པ་སྟེ། ཉེ་བར་མཚོན་པ་འདིས་
ལས་གཞན་དག་དང་འབྲེལ་བའི་འཁྲུལ་འཁོར་ཡང་གཟུང་བར་བྱ་སྟེ། འཁྲུལ་འཁོར་དེ་དག་གི་གྲྭ་སྟེ། ཕྱི་རོལ་གྱི་སྣམ་བུ་ལ་སྔགས་ཕྲེང་སྟེ། ཀ་ར་ཀ་ར་ལ་སོགས་པ་དང་། དེ་བཞིན་ཕྲེང་སྟེ། རྡོ་རྗེ་མཁའ་འགྲོའི་སྙིང་པོ་དང་། ཉེ་བའི་སྙིང་པོ་ལ་སོགས་པ་བྲིའོ། །སྔགས་ཚིག་
བཞི་ཡིས་རྣམ་བརྒྱན་པ། །ཞེས་བྱ་བ་ནི། སུམྦྷ་ནི་སུམྦྷ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཚིག་བཞིའོ། །འཁྲུལ་འཁོར་ཆེན་པོ་བཅུ་གཉིས་ནི། །ཞེས་བྱ་བ་ནི་ལས་བཅུ་གཉིས་དང་འབྲེལ་བའི་བྱེ་བྲག་གིས་སོ། །འདི་ནི་ཞེས་བྱ་བ་ནི་སྔགས་འདི་སྟེ། འཇིགས་བྱེད་མི་བཟད་ཡིན་ཞེས་
བྱ་བ་དང་འབྲེལ་ཏོ། །སུ་ཞིག་གི་ཞེ་ན། དྲག་པོའི་ལས་ཀུན་གྱི་ཞེས་བྱ་བ་སྟེ། བླ་མ་དང་སངས་རྒྱས་ལ་སོགས་པ་ལ་གནོད་པར་བྱེད་པའི་ལས་རྩུབ་མོ་ཅན་རྣམས་ཀྱིའོ། །དེ་ལྟ་མོད་ཀྱི་ཐམས་ཅད་དུ་གསད་པར་ནི་མི་བྱའོ། །འོན་ཀྱང་འཆི་བ་ལ་ཐུག་གི་བར་དུ་ཚར་བཅད་ནས་སླར་བཟློག་པར་བྱའོ། །
གཏོར་མ་ལ་སོགས་པའི་ལས་ཀྱི་དུས་སུ་ཤ་རྣམས་ལ་ལོངས་སྤྱོད་པ་བསྟན་པར་བྱ་བའི་ཕྱིར། ཡང་དག་ཆོ་ག་གང་གིས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྲོག་གཅོད་པ་ལ་སོགས་པ་མ་གཏོགས་པར། ཤ་རྣམས་བསྒྲུབ་པ་བསྟན་པའི་ཕྱིར། །ཕྱུགས་རྣམས་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། ཕྱུགས་རྣམས་དག་ནི། རྒྱུ་མཚན་མེད་པས་གཞོམ་པར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །རྒྱུ་མཚན་མེད་པ་ཞེས་བྱ་བ་ལ་རྒྱུ་མཚན་ནི་མཚོན་ཆའོ། །མེད་པ་ནི་དགག་པ་སྟེ་ཁ་ན་མ་ཐོ་བ་དང་བཅས་པ་སྤངས་པའི་དོན་ཏོ། །དེ་ཉིད་ཀྱིས་ན། སྒྲུབ་པོས་སྔར་བསྟན་
རིམ་པར་བྱ། །ཞེས་བྱ་བ་གསུངས་སོ། །བཅོམ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པར་རྙེད་པའོ། །གཉིས་པར་ན་དོན་དམ་པའི་ཆ་བསྟན་པ་ཡིན་ཏེ། ཕྱུགས་ཞེས་བྱ་བ་དོན་དམ་པར་རོ། །རྒྱུ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། རྒྱུ་དང་འབྲས་བུ་དག་གཞོམ་པ་སྟེ་མེད་པ་ཡིན་ནོ། །དེ་ཡང་འདི་
Vol. 19 · folio 64b
ལྟར་ཚད་མ་དང་ལུང་གིས་རྣམ་པར་དཔྱད་ན་རྒྱུ་དང་འབྲས་བུ་དག་དོན་དམ་པར་མ་གྲུབ་པར་སྔར་བསྟན་པ་ཡིན་ཏེ་རྒྱ་ཆར་ཤེས་པར་བྱའོ། །དེ་ལྟར་རིགས་པ་དང་ལུང་གིས་རྣམ་པར་དཔྱད་ན་རྒྱུ་དང་འབྲས་བུ་ལ་སོགས་པ་རང་བཞིན་མེད་དུ་ཟིན་ཀྱང་ཉམས་སུ་མྱོང་བ་བཟློག་དཀའ་བས་ཁམས་
གསུམ་པོ་མ་ལུས་པ་རང་གི་སེམས་ཀྱི་སྣང་བ་ཙམ་དུ་གདོན་མི་ཟ་བར་ཤེས་པར་བྱའོ། །རྒྱུ་མཚན་ཞེས་བྱ་བ་ནི་བྱེད་པ་པོ་སྟེ། ཉེ་བར་མཚོན་པའི་དོན་གྱིས་ན་བྱེད་པ་དང་བྱ་བ་གསུམ་བཅོམ་ནས་མི་དམིགས་པ་ཉིད་དུ་བྱ་བ་འདི་ནི་སྒྲོལ་བའི་ཆོ་ག་ཐམས་ཅད་ལ་བལྟ་བར་བྱའོ། །ཕྱུགས་
རྣམས་དགུག་པ་ཞེས་བྱ་བ་ལ་དགུག་པ་ནི་རང་གི་གྲུབ་པའི་མཐའ་ལ་སྦྱར་བའོ། །གང་གིས་ཤེ་ན། སྒྲུབ་པ་པོས་སྔར་བསྟན་རིམ་པས་ཞེས་བྱ་བ་སྟེ། ཞི་བ་དང་དྲག་པོའི་ལས་རྣམས་ཀྱིས་འོག་ནས་འབྱུང་བའི་ཕྱུགས་རྣམ་པ་ལྔ་ལ་སོགས་པ་བཏུལ་ཏེ་རང་གི་བསྟན་པ་ལ་གཟུད་པར་བྱའོ། །
ཕྱུགས་རྣམས་དག་ནི་རྣམ་པ་ལྔ། །ཞེས་བྱ་བ་ནི་བླ་མ་དང་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་གནོད་པར་བྱེད་པ་དག་དང་། དམ་པའི་ཆོས་སྨོད་པ་རྣམས་སོ། །ལྷག་མ་ནི་གོ་སླའོ་ཞེས་བྱ་བ་ནི་འཁྲུལ་འཁོར་བསྟན་པ་ཡོངས་སུ་རྫོགས་པའོ། །འཁྲུལ་འཁོར་ཐམས་ཅད་ཅེས་བྱ་བ་ནི་
ཡི་གེའི་གནས་ལ་སོགས་པའི་འཁྲུལ་འཁོར་རོ། །འབྱུང་བ་ནི་ཚོགས་སོ། །དེ་སྟོན་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་དགུ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་དགུ་པའི་རྣམ་པར་བཤད་པའོ།། །།ད་ནི་རླུང་གི་དེ་ཁོ་ན་ཉིད་ལ་
སོགས་པའི་ལེའུ་བསྟན་པར་བྱ་བའི་ཕྱིར། ཚེ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚེ་སྤེལ་བ་ནི་ཚེ་བསྲིང་བའོ། །ནད་མེད་པ་ནི་ནད་མེད་པ་ཉིད་དོ། །ཚེ་དང་ནད་མེད་པ་སྤེལ་བའི་ཕྱིར་དབུགས་ཀྱི་ལས་ལ་སོགས་པའི་མཚན་ཉིད་བཤད་ཀྱིས་ཉོན་ཅིག་ཅེས་བྱ་བར་སྦྱར་རོ། །བྱ་དང་
བྱ་མིན་ཞེས་བྱ་བ་ནི་འབྱུང་བའི་མཚན་ཉིད་ཁྱད་པར་ཅན་ནོ། །བྱ་མིན་ནི་འཇུག་པའི་མཚན་ཉིད་ཁྱད་པར་ཅན་ནོ། །སྦྱོར་བ་ནི་རླུང་ལ་སོགས་པའི་མཚན་ཉིད་གང་ལ་དབྱེ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དབུགས་ནི་འབྱུང་བ་དང་འཇུག་པའི་རླུང་ངོ་། །དེའི་ལས་ནི་འབྱུང་བ་དང་འཇུག་པ་ཉིད་
Vol. 19 · folio 65a
དེ་མཚན་ཉིད་ནི་དེའི་རང་བཞིན་ནོ། །སྐལ་ཆེན་མ་ཞེས་བྱ་བ་ནི་ཡོན་ཏན་ཆེན་པོའི་སྐལ་བ་དང་ལྡན་པའི་ཕྱིར་རོ། །མཚན་ཉིད་དེ་གསུངས་པ་ཉི་ཁྲི་དང་ནི་ཞེས་བྱ་བ་ལ་སོགས་པ་ལ། གྲངས་ཁྲི་ཕྲག་གཉིས་དང་སྟོང་ཕྲག་གཅིག་དང་། བརྒྱ་ཕྲག་དྲུག་སྟེ་བརྒྱ་ཕྲག་
དྲུག་དང་བཅས་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གོ། །ཅིའི་གྲངས་ཤེ་ན། དབུགས་རྣམས་ཀྱི་ཞེས་བྱ་བ་དང་སྦྱར་ཏེ། དབུགས་འབྱུང་བའི་འོ། །ཅི་ཙམ་ཞིག་གི་ཞེ་ན་ཆུ་ཚོད་དྲུག་ཅུ་ཞེས་བྱ་བ་སྟེ། ཆུ་ཚོད་དྲུག་ཅུ་པོ་རྣམས་ཀྱང་ཉིན་མཚན་ཏེ་ཞག་གཅིག་གི་ཡིན་ནོ། །དེ་དག་ན་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་
རྒྱུ་བ་ཉིད་ལ་ཆུ་ཚོད་དྲུག་ཅུ་དང་ཉིན་མཚན་ཕྲུགས་གཅིག་ལ་སོགས་པར་བརྗོད་པ་ཡིན་ནོ། །ཉིན་མཚན་ཕྲུགས་གཅིག་པོ་གཅིག་ཁོ་ནར་མ་ཟད་ཀྱི་གཞན་དག་གི་ཡང་ཡིན་པར་བསྟན་པའི་ཕྱིར། ལོ་རུ་ཞེས་བྱ་བ་གསུངས་ཏེ། གཉིས་པའི་དོན་གྱིས་བདུན་པ་ཡིན་ནོ། །ལོ་
རུ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། བསྐལ་པ་གྲངས་མེད་པའི་བར་དུ་ཡང་ཉིན་མཚན་གྱི་དབུགས་ཀྱི་གྲངས་ནི་དེ་སྐད་དུ་ཤེས་པར་བྱའོ། །འབྱུང་བ་ནི་དབུགས་ཕྱིར་འཕྲོའོ། །འཇུག་པ་ནི་ནང་དུ་སྡུད་པའོ། །འབྱུང་བའི་མཚན་མས་བགྲང་བར་བྱ། །ཞེས་བྱ་བ་ནི་ཕྱིར་འགྲོ་བའི་
དུས་སུ་ཡོན་ཏན་གྱིས་བརྩི་བར་བྱའོ། །བློ་དང་ལྡན་པ་ཞེས་བྱ་བ་ནི་བཤེས་གཉེན་ཅན་གྱིས་སོ། །འཇུག་པ་འབྱུང་ལ་ཐིམ་པར་བྱ། །ཞེས་བྱ་བ་ནི་བག་ལ་ཞ་བར་བྱ་བ་སྟེ། འཇུག་པ་དང་འབྱུང་བ་དང་། གཅིག་ཏུ་བྱས་ནས་འབྱུང་བའི་མཐར་བགྲང་བའོ། །གནས་བཅུ་གཉིས་ཞེས་བྱ་
བ་ལ་གནས་བཅུ་གཉིས་ནི་ས་བཅུ་གཉིས་ཏེ། འདི་ལྟར་ཕན་ཚུན་དུ་རིམ་པ་བཞིན་ཐིག་གཉིས་གཉིས་བཏབ་ལ་སླར་ཡང་གྲྭ་བཞིར་ཐིག་རེ་རེ་བཏབ་པས། དབུས་ཀྱི་ལྟེ་བ་མ་གཏོགས་པ་རེའུ་མིག་བཅུ་གཉིས་སུ་འགྱུར་རོ། །ཕྱི་རོལ་ཞེས་བྱ་བ་ནི་ཕྱི་རོལ་གྱི་རྩིབས་ཏེ། དབུས་
ལ་སོགས་པའི་མཚན་མ་རི་མོར་བྲི་བའོ། །དེ་ལ་འཕེལ་བ་དང་ཆུ་སྲིན་ལ་ནི་ཆུ་ཚོད་གསུམ་གྱིའོ། །གཏི་མུག་དང་རུས་སྦལ་ལ་ནི་བཞིའིའོ། །བཟང་པོ་དང་ཁྱུ་མཆོག་ལ་ནི་ལྔའིའོ། །ཡུགས་ས་མོ་དང་འདོད་པ་ལའང་ལྔའི་འོ། །འབུགས་པ་དང་འཕོ་བ་ལ་ནི་དྲུག་གིའོ། སྨེ་བ་དང་རྨི་ལམ་ལ་ནི་བདུན་གྱི་སྟེ།
Vol. 19 · folio 65b
ཤར་ཕྱོགས་ཀྱི་རེའུ་ཆ་ལ་ནི་གསུམ་མོ། །མེ་མཚམས་སུ་ནི་བཞིའོ། །ཡང་མེ་མཚམས་སུ་ནི་ལྔའོ། །ལྷོ་ཕྱོགས་སུ་ནི་ལྔའོ། །བདེན་བྲལ་དུ་ནི་བཞིའོ། །ཡང་བདེན་བྲལ་དུ་ནི་གསུམ་མོ། །ནུབ་ཏུ་ནི་ལྔའོ། །རླུང་མཚམས་སུ་ནི་བདུན་ནོ། །ཡང་རླུང་མཚམས་སུ་དྲུག་གོ། །བྱང་དུ་ཡང་དྲུག་གོ། །དབང་
ལྡན་དུ་བདུན་ནོ། །ཡང་དབང་ལྡན་དུ་ལྔ་སྟེ། ཆུ་ཚོད་ཀྱི་གྲངས་དེ་དག་ཉིད་ལ་འཕེལ་བ་ལ་སོགས་པར་བརྗོད་པ་ཡིན་ནོ། །ཚེས་གྲངས་བྱེ་བྲག་ཅེས་བྱ་བ་ནི་ཟླ་བའི་གྲངས་དང་འཕེལ་བ་ལ་སོགས་པའི་ཚེས་གྲངས་ཀྱི་དབྱེ་བ་མཐུན་པར་བརྩིའོ། །དབྱངས་ཀྱི་བྱེ་བྲག་ཅེས་བྱ་བ་ནི་མ་
ནིང་གི་ཡི་གེ་སྤངས་པའི་ཨ་ལ་སོགས་པའི་དབྱངས་ཀྱི་ཡི་གེ་བཅུ་གཉིས་པོ་ཉིད་གོ་རིམས་བཞིན་འཕེལ་བ་ལ་སོགས་པ་མིང་དུ་བརྗོད་པའོ། །གཟའ་དང་སྐར་མ་རྣམས་ཀྱི་རྒྱུ་བ་ནི་དེ་རྣམས་སོ་སོར་རྒྱུ་བའི་རྩིས་སོ། །དུག་གི་དུས་ཞེས་བྱ་བ་ནི་མཆེ་བ་ལ་སོགས་པའི་དུག་གི་དུས་ཀྱི་དབྱེ་བ་
བཅུ་གཉིས་སོ། །རིམ་པ་འདི་ཞེས་བྱ་བ་ནི་དེ་དག་རིམ་བཞིན་དུ་འཕེལ་བ་ལ་སོགས་པས་ཤེས་པར་བྱ་བའམ། རྩིས་གཞན་དག་ཅི་ཡོད་པ་ཐམས་ཅད་ཀྱང་རྩིས་འདིས་ཤེས་པར་བྱའོ། །དཔྱིད་ཟླ་འབྲིང་པོ་ཞེས་བྱ་བ་ལ་སོགས་པ་ནི་དཔྱིད་ཟླ་འབྲིང་པོ་ནས་བཟུང་བའི་ཟླ་བ་རྣམས་ལ་
རིམ་བཞིན་དུ་རོ་ཧི་ཏ་ལ་སོགས་པར་ཤེས་པར་བྱའོ། །ཉི་མ་བྱང་དུ་འགྲོ་བའི་དུས། །ཞེས་བྱ་བ་ནི་ཟླ་བ་བཅུ་གཉིས་ལས་དྲུག་སྟེ་ཉེ་བར་གཟུང་བ་ཡིན་ཏེ། དཔྱིད་ཟླ་ཐ་ཆུངས་ཀྱི་ཡ་མཚམས་ནས་སྟོན་ཟླ་འབྲིང་པོའི་བར་ཡིན་ནོ། །ལྷག་མ་ནི་གོ་སླའོ། །སྔ་དྲོ་ཞེས་བྱ་བ་ནི་ཐོ་རངས་ཀྱི་དུས་
ནས་བརྩི་བར་བྱའོ། །ལྷག་མ་ནི་གོ་སླའོ། །འཕེལ་བའི་ཉི་མ་ལ་ཞེས་བྱ་བ་ནི་འཕེལ་བའི་ཟླ་བ་དང་། འཕེལ་བའི་ཚེས་དང་། འཕེལ་བའི་སྐད་ཅིག་དག་ལས་ཅི་སྟེ་གསུམ་ཀ་འཛོམ་པ་དང་། མ་འཛོམ་ན་ཡང་འཕེལ་བའི་སྐད་ཅིག་གཟུང་བར་བྱའི། ཟླ་བ་དང་ཚེས་ནི་མ་ཡིན་ཏེ། དེས་ན་
གསུམ་ག་འཛོམ་པ་དང་། སྐད་ཅིག་དེ་ལས་སྐྱེས་པ་ནི་ཇི་སྐད་བཤད་པའི་མཚན་ཉིད་དུ་འགྱུར་གྱི་གཞན་ནི་མ་ཡིན་ནོ། །སྐད་ཅིག་དེ་ཡང་སྔར་བསྟན་པའི་ཆུ་ཚོད་ཀྱི་རི་མོས་ཤེས་པར་བྱའོ། །དེ་ཡང་འདི་ལྟར་ཞག་གཅིག་ལ་རྣམ་པ་བཅུ་གཉིས་སུ་འགྱུར་ཏེ། ཐོ་རངས་ཀྱི་ཆུ་ཚོད་གསུམ་ནི་
Vol. 19 · folio 66a
འཕེལ་བའོ། །དེ་ནས་བཞི་ནི་གཏི་མུག་གོ། །དེའི་འོག་མ་ལྔ་ནི་བཟང་པོའོ། །ཁྱུ་མཆོག་གི་ཡང་དེ་བཞིན་ནོ། །དེ་ནས་བཞི་ནི་རུས་སྦལ་ལོ། །དེའི་འོག་མ་གསུམ་ནི་ཆུ་སྲིན་ནོ། །དེའི་འོག་མ་ལྔ་ནི་ཡུགས་ས་མོའོ། །དེའི་འོག་མ་བདུན་ནི་སྨེ་བའི་འོ། །དེའི་
འོག་མ་དྲུག་ནི་འབུགས་པའི་འོ། །འཕྱོ་བ་ནི་ཡང་དེ་བཞིན་ནོ། །དེའི་འོག་མ་བདུན་ནི་རྨི་ལམ་མོ། །དེའི་འོག་མ་ལྔ་ནི་སའི་དབང་ཕྱུག་གོ། །དེ་ལ་འཕེལ་བ་ནི་ལུག་གོ། །གཏི་མུག་ནི་ཁྱུ་མཆོག་གོ། །བཟང་པོ་ནི་འཁྲིག་པའོ། །ཁྱུ་མཆོག་ནི་ཀརྐ་ཊའོ། །རུས་སྦལ་ནི་སེང་གེའོ། །ཆུ་
སྲིན་ནི་གཞོན་ནུ་མའོ། །ཡུགས་ས་མོ་ནི་སྲང་ངོ་། །སྨེ་བ་ནི་སྡིག་པའོ། །འབུགས་པ་ནི་གཞུའོ། །འཕྱོ་བ་ནི་ཆུ་སྲིན་ནོ། །རྨི་ལམ་ནི་བུམ་པའོ། །མའི་དབང་ཕྱུག་ནི་ཉའོ། །དེ་ལ་ལུག་གི་ཆུ་ཚོད་གསུམ་ལ། ཐ་སྐར་དང་། བྲ་ཉེ་དང་། སྨིན་དྲུག་གི་བཞི་ཆ་གཅིག་སྟེ་དགུའོ། །དེའི་
འོག་མ་ཁྱུ་མཆོག་གི་ཆུ་ཚོད་བཞི་ལ་སྨིན་དྲུག་བཞི་ཆ་གསུམ་དང་། སྣར་མ་དང་མགོའི་ཕྱེད་དོ། །དེའི་འོག་ཏུ་འཁྲིག་པའི་ཆུ་ཚོད་ལྔ་ལ་མགོའི་ཕྱེད་དང་། ལག་དང་ནབ་སོའི་བཞི་ཆ་གསུམ་མོ། །དེའི་འོག་ཏུ་ཀརྐ་ཊའི་ཆུ་ཚོད་དེ་དང་འདྲ་བ་ལ་ནབ་སོའི་བཞི་ཆ་གཅིག་དང་རྒྱལ་དང་སྐག་གོ། །དེའི་
འོག་ཏུ་སེང་གེའི་ཆུ་ཚོད་བཞི་ལ་མཆུ་དང་གྲེ་དང་དབོའི་བཞི་ཆ་གཅིག་གོ། །དེའི་འོག་ཏུ་བུ་མོའི་ཆུ་ཚོད་གསུམ་ལ་དབོའི་བཞི་ཆ་གསུམ་དང་མེ་བཞི་དང་ནག་པའི་ཕྱེད་དོ། །དེའི་འོག་ཏུ་སྲང་གི་ཆུ་ཚོད་ལྔ་ལ་ནག་པའི་ཕྱེད་དང་ས་ག་དང་ས་རིའི་བཞི་ཆ་གསུམ་མོ། །དེའི་འོག་ཏུ་སྡིག་པའི་ཆུ་ཚོད་བདུན་
ལ་ས་གའི་བཞི་ཆ་གཅིག་དང་ལྷ་མཚམས་དང་སྣྲོན་ནོ། །དེའི་འོག་ཏུ་གཞུའི་ཆུ་ཚོད་དྲུག་ལ་སྣུབས་དང་ཆུ་སྟོད་དང་། ཆུ་སྨད་ཀྱི་བཞི་ཆ་གཅིག་གོ། །དེའི་འོག་ཏུ་ཆུ་སྲིན་གྱི་ཆུ་ཚོད་དེ་དང་འདྲ་བ་ལ་ཆུ་སྨད་ཀྱི་བཞི་ཆ་གསུམ་དང་གྲོ་བཞིན་དང་། མོན་གྲུའི་ཕྱེད་དོ། །དེའི་འོག་ཏུ་བུམ་པའི་ཆུ་ཚོད་
བདུན་ལ་མོན་གྲུའི་ཕྱེད་དང་མོན་གྲེ་དང་ཁྲུམས་སྟོད་ཀྱི་ཆ་གསུམ་མོ། །དེ་ནས་ཉའི་ཆུ་ཚོད་ལྔ་ལ་ཁྲུམས་སྟོད་ཀྱི་ཆ་གཅིག་དང་ཁྲུམས་སྨད་དང་ནམ་གྲུའོ། །དེ་ལྟར་ན་ལུག་ལ་སོགས་པའི་ཉི་མ་རྣམས་ནི་སྐར་མ་གསུམ་གསུམ་ལ་ལོངས་སྤྱོད་པར་བལྟ་བར་བྱའོ། །ཤི་ཆད་དུ་མ་གྱུར་ན་
Vol. 19 · folio 66b
ཞེས་བྱ་བ་ལ་ཆད་པ་ནི་དུས་མ་ཡིན་པར་འཆི་བ་སྟེ། ཉི་མ་དང་ཟླ་བ་དང་ལོ་དགུའི་བར་དུ་ཤི་ཆད་དུ་མ་གྱུར་ནའོ། །ཕྱུག་ཅིང་སྐལ་བ་བཟང་པོ་དང་། །ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་བསྟན་པ་འདི་དག་ཀྱང་འཕེལ་བའི་ཆུ་ཚོད་དང་པོ་ལ་ནི་མ་ཡིན་གྱི། གཉིས་པ་དང་གསུམ་པ་ཡོངས་སུ་
རྫོགས་པ་ཡིན་པར་བལྟ་བར་བྱའོ། །དེ་ལྟར་འོག་ནས་འབྱུང་བ་ཐམས་ཅད་ལ་སྦྱར་རོ། །ལྷག་མ་ནི་གོ་སླའོ། །སའི་དབང་ཕྱུག་གི་ཉི་མ་ལ་འཆི་བར་འགྱུར་རོ་ཞེས་བྱ་བ་ནི། ལོ་བརྒྱད་ཅུ་རྩ་གཅིག་བཟླས་ནས་སའི་དབང་ཕྱུག་གི་ཟླ་བ་དང་ཚེས་དང་སྐད་ཅིག་དེ་ལ་འཆི་བར་འགྱུར་ཏེ་ཐམས་ཅད་ལ་དེ་ལྟར་
བལྟའོ། །སའི་དབང་ཕྱུག་ཅེས་བྱ་བ་ནི་འདོད་པའོ། །འདིས་ནི་འཕེལ་བ་ལ་སོགས་པ་གཡོན་སྐོར་དུ་དགོད་པའོ། །ཡང་ན་གཡོན་སྐོར་དུ་བརྩི་བའོ། །ལྷག་མ་ནི་གོ་སླའོ། །ཆོས་ཤེས་པ་ཞེས་བྱ་བ་ལ། ཆོས་ནི་མཐོ་རིས་དང་། བྱང་གྲོལ་གྱི་རྒྱུ་སྟེ་བསོད་ནམས་ཀྱིས་ཆོས་སོ། །ཤེས་
པ་ནི་བྱེད་པའོ། །མཁས་པ་ཞེས་བྱ་བ་ནི་རྟོག་གེ་དང་ལུང་ཤེས་པའོ། །ཚངས་པར་སྤྱོད་ཅིང་ཞེས་བྱ་བ་ནི་ཆང་དང་བུད་མེད་ལ་སོགས་པ་སྤོང་བའོ། །བཟོ་ཤེས་པ་དང་ཞེས་བྱ་བ་ནི་གླུ་དང་གར་དང་རོལ་མོའི་སྦྱོར་བ་ལ་མཁས་པའོ། །བསྟན་བཅོས་ཐམས་ཅད་རྒྱས་པར་འགྱུར་བ་ཞེས་བྱ་བ་ལ་
བསྟན་བཅོས་ཐམས་ཅད་ནི་སྒྲའི་བསྟན་བཅོས་ལ་སོགས་པའོ། །རྒྱས་པ་ནི་དེ་དག་གི་སྦྱོར་བ་ལ་མཁས་པའོ། །ཐེ་ཚོམ་མེད་པ་ནི་བདེན་པའོ། །ཉི་མ་བཞིའམ་ལྔའམ་ཞེས་བྱ་བ་ལ་སོགས་པ་ནི་ཤི་ཆད་དུ་མ་གྱུར་ན་ཞེས་བྱ་བ་དང་འབྲེལ་ཏོ། །ཚིག་རྩུབ་སྨྲ་བ་ཞེས་བྱ་བ་ནི་ཚིག་བརླང་པོ་
སྨྲ་བ་སྟེ། གང་གིས་བརླང་པོ་སྨྲ་བར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྡིག་པའི་ལས་ལ་ནན་ཏན་བྱེད་པ་ཞེས་བྱ་བ་ནི་བརྣབ་སེམས་དང་གནོད་སེམས་དང་། ལོག་པར་ལྟ་བ་ཕུན་སུམ་ཚོགས་པ་དང་ལྡན་པའོ། །འཕྱ་བ་ཞེས་བྱ་བ་ནི་མ་དཔྱད་པར་བྱེད་པའོ། །སེང་གེ་དང་འདྲ་བ་ཞེས་བྱ་བ་ནི་མཐོན་པོ་
ལ་བརྟེན་པ་ཉིད་དང་། རང་གིས་བསྒྲུབ་པའི་ཡོ་བྱད་ལ་ལོངས་སྤྱོད་པའོ། །སྡུག་བསྔལ་མང་བ་ཞེས་བྱ་བ་ནི་ཐོག་མ་དབུལ་ཞིང་སྡུག་བསྔལ་བའོ། །ཡོ་བྱད་འཕེལ་ཞིང་ཞེས་བྱ་བ་ནི་དེའི་ཚེ་སྨད་ལ་ཕྱུག་པོར་གྱུར་པ་སྟེ། དེ་ཉིད་གསུངས་པ་ནོར་དང་ཕྱུགས་མང་བ་ལ་ཞེས་བྱ་བ་ལ་ནོར་རྣམས་
Vol. 19 · folio 67a
དང་ཕྱུགས་རྣམས་ཞེས་ཟླས་ཕྱེ་ནས་ཕྱིས་མང་བ་ཞེས་གཅིག་ཏུ་མཚམས་སྦྱར་བའམ། ཡང་ན་ནོར་ཕྱུགས་མང་བ་ཞེས་ཁྱད་པར་དུ་བསྡུ་བར་བྱའོ། །ཅུང་ཟད་ཙམ་གྱིས་ཁྲོ་བ་ཞེས་བྱ་བ་ནི་སྐད་ཅིག་གིས་ཁྲོ་ཞིང་སྐད་ཅིག་གིས་ཞི་བའོ། །ང་རྒྱལ་ཆེ་བ་ནི་ཁེངས་སེམས་ཆེ་བའོ། །དགྲ་རྣམས་ལ་འཇིགས་
ཞེས་བྱ་བ་ནི་དགྲ་རྣམས་ཀྱིས་འཇིགས་པ་སྟེ། ཁོང་སྡར་བའོ། །ཁེ་སྤོགས་ཀྱིས་འཚོ་བ་ནི་ཚོང་གིས་འཚོ་བའོ། །རྨོངས་པ་དང་སྡིག་པའི་བསམ་པ་དང་ལྡན་པ་ཞེས་བྱ་བ་ནི་རྨོངས་པ་ནི་སྨྲ་མི་མཁས་པའོ། །སྡིག་པའི་བསམ་པ་དང་ལྡན་པ་ནི་བྱ་བ་ངན་པ་ལ་འཇུག་པའི་བསམ་པ་ཅན་ནོ། །ངང་ཚུལ་ངན་པ་ནི་སྤྲོ་ཐུང་བའོ། རང་གི་
རིགས་བསྟོད་ཅིང་ཞེས་བྱ་བ་ནི་རིགས་མཐོན་པོར་སྐྱེ་བའོ། །བསྟན་བཅོས་ཕུན་སུམ་ཚོགས་ཞེས་བྱ་བ་ནི་རྒྱལ་ཁྲིམས་ལ་སོགས་པའི་ལུགས་ཀྱི་བསྟན་བཅོས་ཕུན་སུམ་ཚོགས་པའོ། །བཟོ་སྣ་ཚོགས་རིག་པ་ནི་གར་ལ་སོགས་པའི་བཟོ་སྣ་ཚོགས་ལ་མཁས་པའོ། །གཡོ་སྒྱུ་ཅན་ཞེས་བྱ་བ་ལ་གཡོ་དང་སྒྱུ་ནི་གཡོ་སྒྱུ་སྟེ། དེ་
སུ་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བྱ་བ་ཐམས་ཅད་ཡང་བ་ཞེས་བྱ་བ་ནི་དགོས་སོ་ཅོག་མྱུར་དུ་འགྲུབ་པའོ། །བདེ་བར་འཚོ་ཞེས་བྱ་བ་ནི་ཅུང་ཟད་ཀྱིས་བདེ་བ་རྙེད་པའོ། །རྒྱལ་པོའི་ཆད་པས་གཅོད་ཅིང་ཞེས་བྱ་བ་ནི་རྒྱལ་པོའི་ཁྲིམས་ལས་འདའ་ཞིང་ཆད་པའི་གནས་སུ་གྱུར་པའོ། །དོར་ཐབས་ཀྱི་བཟོ་ཞེས་བྱ་བ་ནི་
རོལ་མོ་ལ་སོགས་པ་འཁྲུལ་འཁོར་གྱི་བཟོའོ། །རྟག་ཏུ་སེམས་ཁྲལ་ཅན་ཞེས་བྱ་བ་ནི་རྟག་ཏུ་གཞན་གྱི་ཆེད་ལ་ཞུགས་པའོ། །བུ་དང་ཆུང་མ་གསོད་པ་ཞེས་བྱ་བ་ནི་ཆུང་མ་བླངས་པ་དང་བུ་སྐྱེས་པ་རྣམས་མྱུར་དུ་འཆི་བར་འགྱུར་ཞིང་རིང་དུ་མི་འཚོ་བའོ། །སེམས་ཆུང་བ་ནི་སེམས་སྲབ་པའོ། །བསམ་པ་ངན་པ་
ནི་རྟག་ཏུ་སེམས་སྡུག་པའོ། །འཕེལ་བའི་ཉི་མ་ལ་ཞེས་བྱ་བ་ལ་སོགས་པས་ནི་སྐད་ཅིག་གང་ལ་ནད་ཀྱིས་ཟིན་པའི་དགེ་བ་དང་སྡིག་པའི་མཚན་ཉིད་བསྟན་པ་སྟེ་གོ་སླའོ། །དུག་བཟློག་པ་བཤད་པར་བཞེད་ནས་གསུངས་པ། གང་གི་ཞེས་བྱ་བ་ལ་སོགས་པ་ལ། གང་གི་མཆེ་བས་མངོན་ཟིན་ན། །འཆི་བདག་
དང་ནི་མཉམ་པར་འགྲོགས། །ཞེས་བྱ་བ་ནི་གསོར་མི་རུང་བ་བསྟན་པ་ཡིན་ཏེ་རྭ་ཅན་བཞི་ལ་ཟིན་པ་དག་འཆི་བདག་གིས་སྒོར་གཞོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་སོ། །ཇི་ལྟར་འགྲུབ་པར་འགྱུར་ཞེས་བྱ་བ་ནི་ཇི་ལྟར་བཀྲ་ཤིས་པར་འགྱུར་བ་སྟེ། དེ་ཉིད་གསུངས་པ། ཚེ་
Vol. 19 · folio 67b
དང་ནད་མེད་ཅེས་བྱ་བ་ལ་སོགས་པ་ལ། ཚེ་ནི་སྲོག་གོ། །སྤེལ་བ་ནི་ཡུན་རིང་དུ་འཚོ་བའོ། །གཞན་ལ་ཞེས་པ་ནི་གསོར་རུང་བ་སྟེ་བརྒྱད་པོ་དག་ལའོ། །དུག་བསྡུ་བའི་སྦྱོར་བའི་ཆོ་ག་ཇི་ལྟར་སྦྱར་ཞེས་བྱ་བར་འབྲེལ་ཏོ། །དེ་ལ་དུག་བསྡུ་བ་ནི་དུག་དབྲོག་པའོ། །སྦྱོར་བ་ནི་ཏིང་ངེ་འཛིན་གྱི་མཆན་ཉིད་དོ། །དེ་དག་གིས་ནི་འདི་
སྐད་དུ་བཀྲ་ཤིས་ཀྱི་དངོས་གྲུབ་ཚེ་དང་ནད་མེད་པ་སྤེལ་བ་དང་། །དུག་གིས་ཟིན་པ་གསོར་རུང་བ་གཞན་དག་ལ་དུག་བསྡུ་བའི་ཆོ་ག་ཇི་ལྟར་བགྱི་ཞེས་གསོལ་བ་བཏབ་པ་སྟོན་ཏོ། །བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ལ། ཆུའི་སྦྱིན་སྲེག་ཅེས་བྱ་བ་ནི་ཆུར་མཆོད་སྦྱིན་བྱ་བ་སྟེ། དེའི་ཆོ་ག་བྱ་བ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ཉིད་
གསུངས་པ། སའི་ཆ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཁ་དོག་དཀར་པོའི་དྲི་ནི་ཙནྡན་དཀར་པོ་ལ་སོགས་པའོ། །བྱུག་པ་ནི་ཁྲུ་བཞི་ཙམ་དུ་ཡངས་པར་གྲུ་བཞི་པར་བྱུག་པ་སྟེ། གྲུ་བཞི་ཤིན་ཏུ་ཡངས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །རྩ་བ་ནག་པོ་ར་རི་མེད། །ཅེས་བྱ་བ་ནི་ཞབས་བརྟན་ཞིང་རི་མོ་སྔོན་པོ་དང་བྲལ་བ་སྟེ། དོན་
གྱིས་ན་བུམ་པ་རྣམས་དཀར་པོ་བྱ་བ་ཡིན་ནོ། །སོགས་ཀྱིས་ནི་ལྟོ་ཆེ་བ་དང་མཆུ་འཕྱང་བ་ལ་སོགས་པ་གཟུང་ངོ་། །བུམ་པ་ཞེས་བྱ་བ་ནི་རིགས་ཀྱིས་ན་གཅིག་གི་ཚིག་ཏུ་བྱས་པ་ཡིན་ཏེ། དངོས་སུ་ན་བུམ་པ་དགུར་བལྟ་བར་བྱའོ། །ཆུ་ཡིས་བཀང་ཞེས་བྱ་བ་ལ་ཕྱོགས་མཚམས་ཀྱི་བུམ་པ་བརྒྱད་ནི་དྲི་ཞིམ་པོའི་ཆུས་བཀང་ལ་དབུས་
ཀྱི་བུམ་པ་ཞི་བའི་ཐབ་ཁུང་གི་རྣམ་པ་ལྟ་བུ་ལས་བྱས་པའི་བུམ་པ་ནི་དྲི་ཞིམ་པོའི་ཆུ་དང་འོ་མར་བསྲེས་པས་དགང་ངོ་། །ཆུ་ནི་ཉེ་བར་མཚོན་པ་སྟེ། ཤིང་གི་ལོ་མས་ཁ་བརྒྱན་པ་ལ་སོགས་པ་གཟུང་བར་བྱའོ། །དེ་ཡང་གསུངས་པ། དྲི་ཡི་ཆུས་ནི་རབ་བཀང་ཞིང་། །ཤིང་ལོས་ཁ་ནི་བརྒྱན་པ་ཡི། །བུམ་པ་བརྒྱད་ནི་བཤམས་ནས་
སུ། །ཕྱོགས་བརྒྱད་དག་ཏུ་གཞག་པར་བྱ། །དྲི་ཆུ་འོ་མར་བསྲེས་པ་ཡི། །བུམ་པ་དགུ་པ་དབུས་སུའོ། །ཞེས་སོ། །དེའི་དབུས་སུ་ཞེས་བྱ་བ་ནི་དབུས་དང་ཤར་ལ་སོགས་པའི་བུམ་པ་རྣམས་ཀྱི་ནང་དུའོ། །ལྷ་མོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའོ། །པདྨའི་ཕྲེང་བས་མཛེས་
པར་བྱས། །ཞེས་བྱ་བ་ནི་མགྲིན་པར་པདྨའི་ཕྲེང་བ་འཕྱང་བའོ། །གངས་དང་ཀུནྡ་ཟླ་འདྲ་བ། །ཞེས་བྱ་བ་ནི་ལྷ་མོ་རྣམས་ཀྱི་ཁ་དོག་སྟེ་བསམ་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །མཁའ་འགྲོ་མའི་འཁོར་ལོ་ཞེས་བྱ་བ་ནི་དཀྱིལ་འཁོར་པའི་ལྷ་སྟེ། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའོ། །དེ་དག་གིས་ནི་འདི་སྐད་དུ་སྒྲུབ་ཐབས་
Vol. 19 · folio 68a
ཀྱི་རིམ་གྱིས་བདག་ཉིད་ཡེ་ཤེས་མཁའ་འགྲོ་མར་བྱས་ནས་དབུས་ཀྱི་བུམ་པའི་སྣོད་ལ། ཨོཾ་ཀ་མ་ལ་བྷེ་སྭཱ་ཧཱ་ཞེས་པའི་སྔགས་བརྗོད་ཅིང་ལག་པ་གཡས་གཡོན་པདྨར་བསྐོར་བའི་ཕྱག་རྒྱ་བསྟན་པས་དེའི་ནང་དུ་པདྨའི་གདན་བསྐྱེད་ལ་དེར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་གི་ས་བོན་ལས་བསྐྱེད་པའི་
ཡེ་ཤེས་མཁའ་འགྲོ་མ་མདོག་དཀར་མོ་ཕྱག་གཉིས་ན་རྡོ་རྗེས་མཚན་པའི་དབྱུག་པ་བསྣམས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་སྟེང་ན་གདུགས་དཀར་པོ་ལྡིང་བ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་བསྒོམས་ལ་ཡེ་ཤེས་ཀྱི་སེམས་དཔའ་བཅུག་ནས་ལག་པ་གཉིས་ཁུ་ཚུར་བཅིངས་ཏེ་རྒྱབ་སྤྲད་ལ་མཛུབ་མོ་
གཉིས་ལྕགས་སྒྲོག་ལྟར་བཅིངས་པའི་དམ་ཚིག་གི་ཕྱག་རྒྱ་བསྟན་ཞིང་ས་མ་ཡ་ཏིཥྛ་ཧཱུྃ་ཕཊ་ཅེས་བྱ་བའི་སྔགས་བརྗོད་པར་བྱའོ། །ཤར་ཕྱོགས་ཀྱི་བུམ་པར་ནི་རྡོ་རྗེ་མཁའ་འགྲོ་མ་ས་བོན་སུཾ་གྱིས་བསྐྱེད་པར་བྱའོ། །བྱང་དུ་ནི་དྲག་མོ་སྟེ་ས་བོན་ཀྵུཾ་གིས་བསྐྱེད་དོ། །ནུབ་ཏུ་ནི་རོ་ལངས་མ་སྟེ་ས་བོན་ཡུཾ་གིས་བསྐྱེད་དོ། །
ལྷོར་ནི་གཏུམ་མོ་སྟེ་ས་བོན་ཧཱུྃ་གིས་བསྐྱེད་དོ། །དབང་ལྡན་དུ་ནི་སེང་གེ་མ་སྟེ་ས་བོན་སྨྼྻུཾ་གིས་བསྐྱེད་དོ། །མེ་མཚམས་སུ་སྟག་མོ་སྟེ་ས་བོན་ཧྨྼྻུཾ་གིས་བསྐྱེད་དོ། །བདེན་བྲལ་དུ་ནི་ཅེ་སྤྱང་མོ་སྟེ་ས་བོན་ཡྨྼྻུཾ་གིས་བསྐྱེད་དོ། །རླུང་མཚམས་སུ་ནི་འུག་པ་མོ་སྟེ་ས་བོན་ཀྵྨྼྻུཾ་གིས་བསྐྱེད་དོ། །དེ་དག་ཐམས་ཅད་ཀྱང་སྔ་མ་ལྟར་
མདོག་དཀར་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ་སོགས་པར་བསྒོམ་མོ། །དེ་ནས་སོ་སོར་ཕྱག་རྒྱ་བསྟན་པར་བྱ་སྟེ། ལག་པ་གཡོན་པའི་ཁུ་ཚུར་སྙིང་གར་གན་རྐྱལ་དུ་བཞག་ལ། གཡས་པའི་ཁུ་ཚུར་དེའི་སྟེང་དུ་བཞག་པ་དེ་ནི་ཐུན་མོང་གི་དམ་ཚིག་གི་ཕྱག་རྒྱ་སྟེ། ཨོཾ་ཛུཾ་ཧཱུྃ་
སྭཱ་ཧཱ་ཞེས་བྱ་བའི་སྔགས་བརྗོད་དོ། །སྔགས་འདིས་ནི་སྔོན་དུ་འབུམ་ཕྲག་གསུམ་དུ་བསྙེན་པ་བྱས་ནས་ལས་བརྩམ་པར་བྱའོ་ཞེས་མན་ངག་ལས་བཤད་དོ། །དེ་ནས་ཉེ་བའི་ལོངས་སྤྱོད་ཀྱི་གཏོར་མ་ལ་སོགས་པ་ཕུལ་ནས་སྔགས་དེ་ཉིད་ཀྱིས་མེ་ཏོག་དཀར་པོའི་ནང་དུ་དཱུར་བ་སར་པའི་རྩ་བ་བཙུགས་ལ་
སྔར་བསྟན་པའི་ཆུ་སྣོད་དུ་བསྒོམས་པའི་ཡེ་ཤེས་མཁའ་འགྲོ་མའི་རྡོ་རྗེ་དབུ་རྒྱན་གྱི་རྩེ་མོར་བསྣུན་པའི་སྦྱིན་སྲེག་བྱས་ན་རྒྱས་པ་ལ་སོགས་པར་འགྱུར་རོ། །སྦྱིན་སྲེག་ཁྲིས་ནི་ཚེ་འཕེལ་བར་འགྱུར་རོ། །ནཱ་ག་གེ་སར་གྱི་སྦྱིན་སྲེག་ཁྲི་བྱས་ན་ཡུལ་ཕྱོགས་ཞི་བར་འགྱུར་རོ། །ཐབ་ཁུང་དེར་ཡེ་ཤེས་
Vol. 19 · folio 68b
མཁའ་འགྲོ་མ་དེ་ཉིད་བསྒོམས་ནས་ཆུ་སྐྱོར་བརྒྱ་རྩ་བརྒྱད་རྒྱུན་དུ་ཕུལ་ན་ཡང་རྒྱས་པར་འགྱུར་རོ། །ད་ནི་དུས་གཞོམ་པའི་ཆོ་ག་གསུངས་པ་བདུད་རྩི་ཆུ་རྒྱུན་ཞེས་བྱ་བ་ལ་སོགས་པ་ལ། སྔོན་དུ་བསྒྲུབ་པར་བྱ་བ་རྡོ་རྗེ་མཁའ་འགྲོ་མར་བསྒོམས་ཏེ་དུག་གིས་ཟིན་པའི་ཡན་ལག་བརྒྱད་ལ་མཁའ་འགྲོ་མའི་ས་
བོན་བརྒྱད་དགོད་པར་བྱའོ། །དེ་ལ་མགོ་བོར་ནི་ཀྵུཾ། རྣ་བ་དང་སྣ་དག་ལ་ནི་ཡུཾ། མིག་གཉིས་ལ་ནི་ཧཱུཾ། ལྐོག་མར་ནི་སུཾ། མགྲིན་པར་ནི་སྨྼྻུཾ་། ཕྲག་པ་གཉིས་སུ་ནི་ཧྨྼྻུཾ། སྙིང་གར་ནི་ཡྨྼྻུཾ། ལྟེ་བར་ནི་ཀྵྨྼྻུཾ་བསྒོམ་ཏེ། ས་བོན་དེ་དག་ཁ་དོག་སྣ་ཚོགས་ཡིན་དུ་ཟིན་ཀྱང་དུག་བསྡུ་བའི་སྐབས་སུ་ནི་
ཐམས་ཅད་དཀར་པོར་བསམས་ལ་འོད་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་བསྒྲུབ་བྱའི་ལུས་ལ་བཀྲུས་ཏེ་དུག་སེལ་བར་བསམ་མོ། །དེ་ནས་ཡང་སྒྲུབ་པ་པོས་དུག་ནི་རང་གི་རྟོག་པ་ཙམ་དུ་བསམས་ནས་དེའི་སྙིང་གར་པདྨ་དཀར་པོའི་སྟེང་དུ་ཡི་གེ་ཧཱུྃ་ལས་བདུད་རྩིའི་ཆུ་རྒྱུན་
འཛག་པར་བསྒོམ་མོ། །དེ་ནས་ཆུ་དང་འོ་མ་བསྲེས་པས་བཀང་བའི་ནང་དུ་པདྨ་དཀར་པོ་འདབ་མ་བརྒྱད་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་སུཾ་ལས་རྡོ་རྗེ་མཁའ་འགྲོ་མ་མདོག་དཀར་མོ་གདུགས་དཀར་མོ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་གཉིས་ན་ཁ་ཏྭཱཾ་ག་དང་ཐོད་པ་བསྣམས་ཤིང་པདྨ་འདབ་མ་
བརྒྱད་ལ་ཀླུ་ཆེན་པོ་བརྒྱད་གནས་པའི་མགོ་ཟླ་བའི་དཀྱིལ་འཁོར་གྱི་གདན་འོག་ཏུ་བཅུག་ནས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམ་མོ། །དེ་ལ་ཤར་དུ་ནི་ནོར་རྒྱས་ཀྱི་བུ་དཀར་པོའོ། །བྱང་དུ་ནི་འཇོག་པོ་སེར་པོའོ། །ནུབ་ཏུ་ནི་སྟོབས་ཀྱི་རྒྱུ་དམར་པོའོ། །ལྷོར་ནི་པདྨ་སྔོན་པོའོ། །དབང་ལྡན་
དུ་ནི་པདྨ་ཆེན་པོ་དཀར་སེར་རོ། །མེ་མཚམས་སུ་ནི་དུང་སྐྱོང་སེར་ནག་གོ། །བདེན་བྲལ་དུ་ནི་རིགས་ལྡན་དམར་ནག་གོ། །རླུང་མཚམས་སུ་ནི་ཧུ་ལུན་ད་སེར་དམར་ཏེ་དེར་མཆོད་པ་ལ་སོགས་པ་བྱས་ལ་རྨ་བྱའི་སྒྲོའི་ཆུན་པོ་ལ། ཨོཾ་ཧྲི་ཏ་ཌནྡ་ར་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདི་མངོན་པར་
བཟླས་ནས་བསྒྲུབ་བྱའི་མགོ་ནས་རྐང་པའི་བར་དུ་བྱབ་ཅིང་བུམ་པའི་ཆུར་སྤྲུག་གོ། །སྔགས་འདིས་ནི་སྔོན་དུ་བསྙེན་པ་སུམ་འབུམ་བྱས་ནས་ལས་བརྩམ་མོ་ཞེས་བཤད་དོ། །དེ་ནས་དུག་ལ་བྱབ་པའི་ཚེ་ནི་མིང་དང་སྤེལ་བར་བྱ་སྟེ། ཨོཾ་བ་སུ་ཀི་ཧྲི་ཏ་ཌནྡ་ར་ཆེ་གེ་མོ་ནིརྦི་ཤཾ་ཀུ་རུ་
Vol. 19 · folio 69a
ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་ཤིང་བྱབ་པོ། །དེ་ལྟར་ཀླུ་གཞན་གང་དག་གི་སྔགས་སྤེལ་བ་ཡང་བལྟ་བར་བྱའོ། །དེ་ནས་ཅི་སྟེ་འོ་མ་ནག་པོར་གྱུར་ན། མེ་ཏོག་དཀར་པོ་དང་ཡུངས་ཀར་དཀར་པོ་དང་། ཙནྡན་དཀར་པོ་ལ་སྔགས་ཐམས་ཅད་མངོན་པར་བཟླས་ནས་
སྙིང་གར་བརྡེག་པར་བྱའོ། །སླར་ཡང་བདུག་པས་བྱ་ཞེས་བྱ་བ་ནི་དེ་ནས་དབབ་པའི་ཕྱིར་ཡུངས་ཀར་དཀར་པོ་ལ་སོགས་པས་བདུག་པ་དེ་དག་ཉིད་ཀྱིས་བདུགས་ན་འདར་ཞིང་ཡན་ལག་བསྐྱོད་ལ་མིག་འབྱེད་པར་གྱུར་པ་དང་། དེ་ནས་ཧཱུྃ་ཞེས་བྱ་བས་རྣམ་པར་ཤེས་པ་བསྡམས་ན་དུག་མེད་པར་འགྱུར་
རོ། །དཔྱིད་ཟླ་འབྲིང་སོགས་རིམ་བཞིན་དུ། །ཞེས་བྱ་བ་ལ་འཕེལ་བ་ལ་སོགས་པ་དང་། དཔྱིད་ཟླ་འབྲིང་པོ་ལ་སོགས་པ་རིམ་བཞིན་དུ་སྦྱར་བའོ། །ཉི་མ་བྱང་དུ་འགྲོ་བའི་ཚེ། །ཞེས་བྱ་བ་ནི་དཔྱིད་ཟླ་འབྲིང་པོ་དེ་ཉིད་ནས་བརྩམས་ནས་ཉི་མ་བྱང་དུ་འགྲོ་བ་ཡིན་ལ་དེ་ཉིད་ནི་ལོའི་དང་པོ་དང་དུས་ཀྱི་མཆོག་
གོ། །ཇི་ལྟའི་དུས་བཞི་ཞེས་བྱ་བ་ནི་དཔྱིད་དང་། སོས་ཀ་ལ་སོགས་པའི་དུས་ཏེ། དེ་དག་ཏུ་འཕེལ་བ་དང་འབྲི་བར་སྦྱར་བར་བྱའོ། །མཚན་མ་ནི་གྲངས་ཀྱི་རི་མོའོ། །རིམ་གྱིས་རིམ་གྱིས་ཞེས་བྱ་བ་ནི་ཉི་མ་ནས་ཉི་མ་དང་ཟླ་བ་ནས་ཟླ་བར་ཆུ་ཚོད་རིམ་གྱིས་འཕེལ་ཞིང་འབྲི་བ་སྟེ། དེ་ཉིད་
གསུངས་པ། ཉིན་མོ་ཡི་ནི་ཆུ་ཚོད་དག །ཅེས་བྱ་བ་ལ་སོགས་པ་ལ། ཟླ་བ་དང་པོ་དེ་ཉིད་ཀྱི་ཉིན་མོའི་ཆུ་ཚོད་ནི་བཞི་དང་བཅུ་གཉིས་བསྒྱུར་ཞེས་བྱ་བ་ལ། བཅུ་ཕྲག་གཉིས་དང་བཞི་སྟེ་ཉི་ཤུ་རྩ་བཞིར་བརྩིའོ། །ལྷག་མ་ནི་གོ་སླའོ། །དབུས་ཀྱི་བི་ཤུ་གཉི་གར་སྦྱར། །ཞེས་བྱ་བ་ནི་
དཔྱིད་ཟླ་འབྲིང་པོ་ཟླ་བའི་མགོ་ལ་ཉིན་མོ་དང་མཚན་མོའི་ཆུ་ཚོད་མཉམ་པའོ། །དེ་བཞིན་དུ་བི་ཤུ་གཉིས་པ་ཡང་། དགུན་ཟླ་འབྲིང་པོའི་དང་པོ་ལ་ཉིན་མོ་དང་མཚན་མོ་མཉམ་པའོ། །ཆུ་ཚོད་གཅིག་གི་དབུགས་ཀྱི་གྲངས་ཀྱི་ངེས་པ་བསྟན་པའི་ཕྱིར་སུམ་བརྒྱ་དྲུག་ཅུ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། དབུགས་འབྱུང་བ་དྲུག་ཅུ་དང་བཅས་པའི་སུམ་བརྒྱའོ། །དུས་རྣམས་འདའ་ཞེས་བྱ་བ་ནི་ཆུ་ཚོད་གཅིག་ལ་ཇི་ལྟ་བ་བཞིན་དུ་ཉིན་མཚན་གྱི་ཆུ་ཚོད་དྲུག་ཅུ་པོ་གཞན་དག་ལ་ཡང་དེ་ལྟར་སྦྱར་བའི་དོན་ཏོ། །ཆུ་ཚོད་དབུགས་ནི་རྫོགས་དང་པོ། །ཞེས་བྱ་བ་ལ། ཆུ་ཚོད་ཀྱི་
Vol. 19 · folio 69b
དབུགས་རྫོགས་པ་ནི་གྲངས་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པ་སྟེ། དེ་ཉིད་རིམ་གྱིས་འཕེལ་བ་ཡིན་ནོ། །དང་པོ་ནི་མཆོག་སྟེ་དགེ་བའི་མཚན་མའོ། །རིམ་གྱིས་འབྲི་བ་ནི་དེ་ལས་བཟློག་པ་སྟེ། དབུགས་ཇི་སྐད་སྨོས་པ་ལས་བྲི་ཞིང་འཆད་པ་ཡིན་ནོ། །ལས་དང་ལས་མིན་ཞེས་བྱ་བ་
ནི་སྲོག་གནས་པ་དང་འགག་པའོ། །ཡང་ན་རིམ་གྱིས་འཕེལ་ཞིང་འབྲི། །ཞེས་བྱ་བ་ནི་ཇི་ལྟར་གནས་པ་ལས་ཅིག་ཤོས་བྲི་བ་གང་ཡིན་པ་ཉིད་ཅིག་ཤོས་འཕེལ་བ་སྟེ། །དེས་ལས་དང་ལས་མིན་ཞེས་བྱ་བ་དགེ་བ་དང་སྡིག་པའི་མཚན་མར་བྱ་བའོ། །བྱེ་བྲག་བཞིན་ཞེས་པ་ནི་ཚེས་དང་ཟླ་
བ་དང་ལོའི་བྱེ་བྲག་གོ། །དབུགས་ནི་རིམ་གྱིས་གཟུང་བར་བྱ། །ཞེས་བྱ་བ་ནི་བྱེ་བྲག་དེ་དག་གི་རིམ་པ་ཇི་བ་བཞིན་དུ་གཟུང་བ་སྟེ་ཤེས་པར་བྱའོ། །འདི་དག་ནི་འོག་ནས་སྟོན་མོད་ཀྱི་འདིར་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་ལ་ཕན་ཚུན་དུ་ཐིག་གཉིས་གཉིས་བྲིས་པས་རེའུ་མིག་
དགུར་འགྱུར་ལ་དེ་ནས་ཡང་མཚམས་ཀྱི་རེའུ་མིག་བཞི་ལ་ཐིག་རེ་རེ་བྲིས་པས་རེའུ་མིག་བཅུ་གསུམ་དུ་བྱའོ། །དེ་ནས་ཕྱི་རོལ་ཀུན་དུ་བསྐོར་བས་འཁོར་ལོ་རིམ་པ་གསུམ་དུ་བྱས་ལ་དེ་ལས་ཕྱི་རོལ་གྱི་རིམ་པའི་རེའུ་མིག་དང་པོ་ལ་གྲངས་ལྔའི་མཚན་མ་བྲིའོ། །གཉིས་པ་ལ་ནི་བཅུའོ། །
གསུམ་པ་ལ་ནི་བཅོ་ལྔའོ། །བཞི་པ་ལ་ནི་ཉི་ཤུའོ། །ལྔ་པ་ལ་ནི་ཉི་ཤུ་རྩ་ལྔའོ། །དྲུག་པ་ལ་ནི་ཉི་ཤུ་རྩ་དྲུག་གོ། །བདུན་པ་ལ་ནི་ཉི་ཤུ་རྩ་བདུན་ནོ། །བརྒྱད་པ་ལ་ནི་ཉི་ཤུ་རྩ་བརྒྱད་དོ། །དགུ་པ་ལ་ཡང་རྩ་དགུའོ། །བཅུ་པ་ལ་ནི་སུམ་ཅུའོ། །བཅུ་གཅིག་པ་ལ་ནི་སུམ་ཅུ་རྩ་གཅིག་གོ། །
བཅུ་གཉིས་པ་ལ་ནི་སུམ་ཅུ་རྩ་གཉིས་སོ། །དབུས་སུ་ནི་སུམ་ཅུ་གསུམ་མོ། །རིམ་པ་གཉིས་པའི་རེའུ་ཆ་དང་པོ་ལ་གསུམ་མོ། །གཉིས་པ་ལ་གཉིས་སོ། །གསུམ་པ་ལ་གཅིག་གོ། །བཞི་པ་ལ་དྲུག་གོ། །ལྔ་པ་ལ་ཡང་གསུམ་མོ། །དྲུག་པ་ལ་ཡང་གཉིས་སོ། །བདུན་པ་ལ་
ཡང་གཅིག་གོ། །བརྒྱད་པ་ལ་ཡང་བཅོ་ལྔའོ། །དགུ་པ་ལ་ཡང་བཅུའོ། །བཅུ་པ་ལ་ལྔའོ། །བཅུ་གཅིག་པ་ལ་ཡང་གསུམ་མོ། །བཅུ་གཉིས་པ་ལ་ཡང་གཉིས་སོ། །དབུས་སུ་ནི་གཅིག་གོ། །དེ་ལ་ཉི་མ་ལྔར་རླུང་ཕྱིན་ཅི་ལོག་ཏུ་རྒྱུ་ན་ལོ་གསུམ་ན་འཆིའོ། །དེ་བཞིན་དུ་ཉི་མ་
Vol. 19 · folio 70a
བཅུས་ནི་ལོ་གཉིས་ན་འཆིའོ། །ཉི་མ་བཅོ་ལྔས་ནི་ལོ་གཅིག་ན་འཆིའོ། །ཉི་མ་ཉི་ཤུས་ནི་ཟླ་བ་དྲུག་ན་འཆིའོ། །ཉི་མ་ཉི་ཤུ་རྩ་ལྔས་ནི་ཟླ་བ་གསུམ་གྱིས་འཆིའོ། །ཉི་མ་ཉི་ཤུ་དྲུག་གིས་ནི་ཟླ་བ་གཉིས་ཀྱིས་འཆིའོ། །ཉི་མ་ཉི་ཤུ་བདུན་གྱིས་ནི་ཟླ་གཅིག་ན་འཆིའོ། །ཉི་
མ་ཉི་ཤུ་བརྒྱད་ཀྱིས་ནི་ཟླ་བ་ཕྱེད་ཀྱིས་འཆིའོ། །ཉི་མ་ཉི་ཤུ་དགུ་ཡིས་ནི་ཉི་མ་བཅུ་ཡིས་འཆིའོ། །ཉི་མ་སུམ་ཅུས་ནི་ཉི་མ་ལྔ་ན་འཆིའོ། །ཉི་མ་སུམ་ཅུ་གཅིག་གིས་ནི་ཉི་མ་གསུམ་ན་འཆིའོ། །ཉི་མ་སུམ་ཅུ་གཉིས་ཀྱིས་ནི་ཉི་མ་གཉིས་ན་འཆིའོ། །ཉི་མ་སུམ་ཅུ་གསུམ་གྱིས་ནི་ཉི་མ་གཅིག་ན་སྟེ།
འདི་དག་གི་དོན་ཡང་ལྔ་དང་ཞེས་བྱ་བ་ལ་སོགས་པས་འོག་ནས་བསྟན་པས་དེར་ཤེས་པར་བྱའོ། །བར་བར་གྱི་ཉི་མ་དག་ཀྱང་དེ་ཉིད་དུ་བལྟའོ། །ད་ནི་ལོའི་དབུགས་ལ་སོགས་པའི་གྲངས་ཀྱི་ངེས་པ་གསུངས་པ། མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་ལ། ཁ་ཞེས་པ་ནི་ཉི་ཤུ་རྩ་བཞིའོ། །ག་
ཞེས་བྱ་བ་ནི་དྲུག་ཕྲག་གཉིས་ཀྱིས་སོ། །དེ་ཉིད་གསུངས་པ། དུས་ཚིགས་གཉིས་ཞེས་བྱ་བ་སྟེ། དུས་དྲུག་པོ་གཉིས་སུ་བྱ་བའོ། །དེ་དག་ནི་ཉི་ཤུ་རྩ་བཞི་དང་དྲུག་ཕྲག་གཉིས་ཀྱི་མཚན་མ་བྱ་ཞེས་བྱ་བའི་དོན་ཏོ། །བགྲོད་པ་གཉིས་ཀྱིས་མཚོན་པར་བྱ། །ཞེས་བྱ་བ་ནི་ཉི་ཤུ་བཞི་པོ་དང་།
དྲུག་ཕྲག་གཉིས་ཀྱི་མཚན་མ་དག་གཅིག་ཏུ་བསྲེས་ཏེ་སུམ་ཅུ་རྩ་དྲུག་གི་མཚན་མ་བྱ་བའོ། །གཉིས་པོ་ཞེས་བྱ་བ་ནི་དེ་ཡང་སླར་བཅོ་བརྒྱད་པ་ཕྲག་གཉིས་སུ་བགོས་ཏེ་མཚན་མ་བྱ་བའོ། །བཅུ་རུ་བསྒྱུར་ཞེས་བྱ་བ་ནི་གཉིས་པོ་དེ་དག་བཅུ་བཅུར་བསྒྱུར་བ་བརྩིས་ཏེ། བརྒྱ་བརྒྱ་བཅུ་ཕྲག་
གཉིས་སུ་འགྱུར་རོ། །དེ་ལ་བརྒྱ་ཕྲག་གཉིས་གཅིག་ཏུ་བསྲེས་ཏེ་ཉིས་བརྒྱའི་མཚན་མ་བྱ། །བཅུ་དྲུག་ཕྲག་བརྒྱད་པ་གཉིས་ལས་བཅུའི་མཚན་མ་དང་དྲུག་གི་མཚན་མ་སོ་སོར་བྱས་ལ་བཅུ་དྲུག་གི་མཚན་མ་བྱའོ། །དེའི་རྩར་ཐིག་ལེ་གཉིས་བཞག་པས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་
འགྱུར་ཏེ། ལོའི་ཆུ་ཚོད་ཀྱི་གྲངས་ཀྱི་མཚན་མར་འགྱུར་རོ། །དེའི་མཚན་མ་དེ་ཉིད་ཀྱིས་ཉིན་མཚན་གྱི་དབུགས་ཀྱི་གྲངས་ཀྱི་མཚན་མ་ཡང་བསྟན་པ་ཡིན་ཏེ། སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱར་འགྱུར་རོ། །ངག་གི་དབང་ཕྱུག་ཀུན་བཟང་ནས། །ཞེས་བྱ་བ་ལ་འདྲི་བ་པོའི་
Vol. 19 · folio 70b
ངག་གི་ཡི་གེའི་གྲངས་ཇི་སྙེད་ཡོད་པའི་མཚན་མ་བྱ་བ་སྟེ། དྲུག་འགྱུར་དུ་ནི་བཞག་ནས་སུ། །ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བ་དང་སྦྱར་རོ། །དེས་ནི་ངག་གི་ཡི་གེ་དེ་རྣམས་དྲུག་འགྱུར་དུ་བྱ་བ་སྟོན་ཏོ། །ལྔ་པ་དེ་ནི་སུམ་འགྱུར་བྱ། །ཞེས་བྱ་བ་ནི་དྲུག་ཆ་ལྔ་པོ་ཉིད་སུམ་འགྱུར་དུ་བྱ་བའོ། །
སུམ་བརྒྱ་དྲུག་ཅུས་བསྲེས་ནས་སུ། །ཞེས་བྱ་བ་ནི་གྲངས་དེ་སྙེད་ལྷག་པར་བསྣན་པའོ། །ས་བཞིན་དུ་ནི་བཅད་ནས་སུ། །ཞེས་བྱ་བ་ནི་གྲངས་བཅུ་གཉིས་བཅུ་གཉིས་སུ་བཅད་པའོ། །ལྷག་མ་བཟུང་བ་ནི་དེའི་ལྷག་མའི་དབྱངས་ཀྱི་ཡི་གེ་སྟེ། དེའི་མཚན་ཉིད་ཇི་སྐད་སྨོས་པ་བཞིན་དུ་
འགྱུར་རོ། །ཡང་ན་ངག་གི་དབང་ཕྱུག་དེ་སུམ་འགྱུར་དུ་བྱའི་སྔ་མ་ལྟར་དྲུག་འགྱུར་ལ་སོགས་པ་ནི་མི་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དྲུག་འགྱུར་དུ་བྱ་བ་ནི་བཅུ་གཉིས་སུ་བཅད་པའི་ཁ་བསྐང་བའོ། །སའི་དབང་ཕྱུག་ཀུན་དུ་གཞག །ཅེས་བྱ་བ་ལས་ནི་རེའུ་མིག་བཅུ་གཉིས་སོ། །དབང་
ཕྱུག་ནི་ཨ་ལ་སོགས་པའི་དབྱངས་ཀྱི་ཡི་གེ་བཅུ་གཉིས་ཏེ་དེ་བྲི་བའོ། །དེ་ཉིད་ཀྱིས་ན། མ་ནིང་གཉིས་ནི་སྤངས་ནས་སུ། །དབྱངས་ཀྱི་མཚན་མ་མངོན་པར་གཞག །ཅེས་བྱ་བ་སྟེ། མ་ནིང་ནི་རྀ་རཱྀ་ལྀ་ལཱྀའོ། །ཨའི་རིམ་པ་ལ་འབབ་ནས། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དྲུག་འགྱུར་
ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། ས་བཞིན་དུ་ཞེས་བྱ་བ་ནི་གྲངས་བཅུ་གཉིས་སུའོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། རང་གི་ལྷའི་སྔགས་ཀྱིས་ཐོད་ལོ་ཀོར་ལ་མངོན་པར་བཟླས་ལ་གླང་གི་གཅིན་རྗེས་ལྟ་བུའི་རི་མོ་ཇི་ཙམ་འདོད་པར་སེམས་ཀྱིས་དྲངས་ལ། རི་མོ་དེའི་འབུར་
བ་རྣམས་སུ་འབུར་བ་ཐ་མའི་བར་དུ་བརྩིས་ཏེ། དབྱངས་ཀྱི་ཡི་གེའི་གྲངས་བཞིན་དུ་ཐ་མ་དེའི་ཕན་ཡོན་དུ་འགྱུར་རོ། །ཡང་ན་མེ་ཏོག་ཅེས་བྱ་བ་ལ་སོགས་པ་ལ་འདྲི་བ་པོའི་ལག་པས་མེ་ཏོག་འདོར་དུ་བཅུག་སྟེ། མེ་ཏོག་དེ་དབྱངས་ཡིག་གི་གནས་སུ་གང་ལྷུང་བ་དེའི་ཕན་ཡོན་བསྟན་པར་བྱའོ། །
ཡང་ན་ཞེས་བྱ་བ་ནི་རྣམ་པ་གཞན་བསྟན་པ་སྟེ། ཤིན་ཏུ་མཉམ་པར་གཞག་པའི་རྣལ་འབྱོར་པས་འཕེལ་བ་ལ་སོགས་པའི་དུས་གང་ལ་འདྲི་བའི་དུས་དེ་ཉིད་ཀྱིས་སྔར་བསྟན་པའི་ཚུལ་དུ་དགེ་སྡིག་བསྟན་པར་བྱའོ། །གང་ལས་ཤེ་ན། རྣལ་འབྱོར་བསྟན་བཅོས་ལས་ཏེ་སྔགས་ཀྱི་ཚུལ་རབ་ཏུ་རྒྱས་
Vol. 19 · folio 71a
པ་ལས་སོ། །སྔ་དྲོ་ཞེས་བྱ་བ་ནི་སྔར་ཐལ་བའི་ཕྱི་རོལ་གྱི་མཚན་མས་བརྩིས་པ་ཐམས་ཅད་སྔ་དྲོའི་ཆུ་ཚོད་གསུམ་གྱི་དུས་སུ་བརྩིའོ། །རྩི་བ་པོ་ཞེས་བྱ་བ་ནི་རྩིས་མཁན་གྱིས་སོ། །སེམས་ནི་བསྐྱེད་པའི་ཆོ་ག་བཤད། །ཅེས་བྱ་བ་ལ་སོགས་པ་ལ་སེམས་བསྐྱེད་པ་ནི་
སེམས་རྒྱུ་བའི་བྱེ་བྲག་གོ། །དེའི་ཆོ་ག་ནི་གནས་བཅུ་གཉིས་སུ་ལག་པས་རེག་པའི་བྱེ་བྲག་གིས་དེའི་སེམས་ཀྱི་རྒྱུ་བ་ཤེས་པར་བྱ་བའོ། །རོ་ཧི་ཏའི་དུས་ཞེས་བྱ་བ་ལ་སོགས་པས་ནི། ཡང་རོ་ཧི་ཏ་ལ་སོགས་པའི་དུས་གང་ལ་འདྲི་བ་དེས་སྔ་མ་བཞིན་སེམས་ཀྱི་དགེ་སྡིག་ཤེས་པར་བྱའོ། །འཕེལ་
བ་ནོར་རྒྱས་བུ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། ནོར་རྒྱས་ཀྱི་བུ་ལ་སོགས་པ་འཕེལ་བ་ལ་སོགས་པའི་སྒྲས་ཤེས་པར་བྱའོ། །ལོའི་གནས་ཞེས་བྱ་བ་ནི་ཟླ་བ་བཅུ་གཉིས་ཏེ་དེ་དག་ཀྱང་དེའི་བརྡས་བསྟན་པའོ། །རྟེན་འབྲེལ་བཅུ་གཉིས་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་སྟེ། དེ་དག་
ཀྱང་དེའི་རང་བཞིན་གྱིས་ཤེས་པར་བྱའོ། །དེ་ལྟར་ས་རྣམས་ཞེས་བྱ་བ་ནི་སྔར་བསྟན་པ་ལྟར་ས་རྣམས་དང་རིམ་བཞིན་སྦྱར་བ་སྟེ། མོས་པ་སྤྱོད་པའི་ས་ནི་འཕེལ་བའོ། །རབ་ཏུ་དགའ་བ་ནི་གཏི་མུག་གོ། །དྲི་མ་མེད་པ་ནི་བཟང་པོའོ། །འོད་བྱེད་པ་ནི་ཁྱུ་མཆོག་གོ། །འོད་འཕྲོ་བ་ཅན་ནི་
རུས་སྦལ་ལོ། །ཤིན་ཏུ་སྦྱང་དཀའ་བ་ནི་ཆུ་སྲིན་ནོ། །མངོན་དུ་གྱུར་པ་ནི་ཡུགས་ས་མོའོ། །རིང་དུ་སོང་བ་ནི་སྨེ་བའོ། །མི་གཡོ་བ་ནི་འབུགས་པའོ། །ལེགས་པའི་བློ་གྲོས་ནི་ཁྱུ་མཆོག་གོ། །ཆོས་ཀྱི་སྤྲིན་ནི་རྨི་ལམ་མོ། །སངས་རྒྱས་ཀྱི་ས་ནི་འདོད་པའོ། །དགེ་དང་མི་དགེ་བརྟག་པར་
བྱ། །ཞེས་བྱ་བ་ནི་དེ་ལྟར་ཕོ་ཉ་གནས་གང་དང་གང་དུ་རེག་པ་ལས་ནོར་རྒྱས་ཀྱི་བུ་ལ་སོགས་པའི་དུག་གིས་ཟིན་པ་གསོར་རུང་བ་དང་། མི་རུང་བ་བསྟན་པ་ལ་སོགས་པའོ། །དེ་ནས་དུས་སུ་བགྲོད་པ་ནི། །ཞེས་བྱ་བ་ནི་དགའ་བ་ལ་སོགས་པའི་དུས་ཤེས་པའོ། །དེ་ཉིད་གསུངས་པ། དགའ་
བ་ཞེས་བྱ་བ་ལ་སོགས་པ་སྟེ། དགའ་བ་ནི་ཅུང་ཟད་བདེ་བ་དགའ་བ་སྟེ། །མཆོག་ཏུ་དགའ་བ་དེ་ལས་ལྷག །ཁྱད་པར་དགའ་བ་ཤིན་ཏུ་ཆགས། ལྷག་མ་ལྷན་ཅིག་སྐྱེས་དགའ་བ། །ཞེས་བྱ་བའི་ཚིགས་སུ་བཅད་པའི་དོན་གྱིས་བླ་མས་བསྟན་པ་ལས་ཤེས་པར་བྱའོ། །སྐད་ཅིག་ཉིད་ཅེས་
Vol. 19 · folio 71b
བྱ་བ་ཡང་རྣམ་པ་སྣ་ཚོགས་པ་དང་རྣམ་པར་སྨིན་པ་དང་། རྣམ་པར་འཇོམས་པ་དང་། རྣམ་པའི་མཚན་ཉིད་ཀྱི་སྐད་ཅིག་གོ། །འབྲས་བུ་ཞེས་བྱ་བ་ནི་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པ་དང་། སྐྱེས་བུ་བྱེད་པ་དང་བྲལ་བའི་འབྲས་བུའོ། །ཡན་ལག་ནི་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་
དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་རྣམས་དང་། བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་རྣམས་སོ། །སུམ་འགྱུར་ཞེས་བྱ་བ་ནི། སྙིང་སྟོབས་དང་། རྡུལ་དང་མུན་པ་རྣམས་ཏེ་དེ་ཐམས་ཅད་དགའ་བ་ལ་སོགས་པ་གསུམ་པོ་རྣམས་དེས་
རྣམ་པར་གཞག་པའོ། །ཀུན་ལ་རྐང་པ་བཞི་ཡིས་དགང་། །ཞེས་བྱ་བ་ལ། རྐང་པ་ཞེས་བྱ་བ་ནི་ཆ་ཤས་བཞི་པ་སྟེ། ལྷན་ཅིག་སྐྱེས་པའོ། །དགང་བ་ནི་རྫོགས་པ་སྟེ། དགའ་བ་གསུམ་གྱིས་རིམ་གྱིས་འབྲས་བུར་གྱུར་པའི་ལྷན་ཅིག་སྐྱེས་པ་སྐྱེ་བའི་མཐར་ཐུག་ཅིང་རྫོགས་པར་འགྱུར་བའོ། །
མདུད་པ་ཞེས་བྱ་བ་ནི་རླུང་འཕྲོ་བའི་སྨིན་མའི་དབུས་ཀྱི་རྩའོ། །བཅད་པ་ཞེས་བྱ་བ་ནི་གསལ་བའོ། །འཆར་བ་ཞེས་བྱ་བ་ནི་རླུང་འཕོ་བ་ཉིད་དོ། །དུས་ནི་དེ་ལྟར་བརྗོད་པ་ཡིན། །ཞེས་བྱ་བ་ལ། དུས་ནི་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སྐད་ཅིག་མས་རྩ་གསལ་བར་གྱུར་ཅིང་རླུང་འཕོ་
བར་གྱུར་པ་དེའི་ཚེ་དེ་ལྟར་ཞེས་བྱ་བ་དགའ་བ་རྣམས་འཆར་བ་ཡིན་ནོ། །བརྗོད་པ་ཡིན་ཞེས་བྱ་བ་ནི་ཞར་ལ་འོངས་པ་དེ་དག་བསྟན་ཏོ་ཞེས་བྱ་བར་བལྟའོ། །འཕེལ་བ་ལ་སོགས་པའི་དུས་སུ་བྱ་བའི་ཁྱད་པར་བསྟན་པའི་ཕྱིར་ཆད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཆད་པ་ནི་རྒྱལ་པོ་
ལ་སོགས་པའི་ཆད་པས་གཟིར་ཞིང་འདུལ་བའོ། །བགེགས་ནི་ཚོགས་བདག་སྟེ་གདོན་གྱི་བྱེ་བྲག་གོ། །གཟའ་ནི་ཉི་མ་ལ་སོགས་པ་སྟེ། དེ་རྣམས་ཀྱི་གནོད་པ་བཟློག་པ་ལ་འཕེལ་བ་ལ་སོགས་པའི་དགེ་བ་དང་མི་དགེ་བའི་མཚན་མ་བལྟས་ནས་ཆོ་ག་སྦྱར་བར་བྱའོ། །མདུང་ཞེས་བྱ་བ་
ནི་གཟིར་བའོ། །དགྲ་རྣམས་ལྟུང་བ་ཞེས་བྱ་བ་ནི་སྨ་དབབ་པའོ། །ཁྱིམ་སའི་དཔྱད་ནི་ཁྱིམ་རྩོམ་པ་སྟེ། ཉེ་བར་མཚོན་པའི་དོན་གྱིས་ན་གཙུག་ལག་ཁང་ལ་སོགས་པ་གཟུང་ངོ་། །ལྟོ་འཕྱེའི་ལྟོར་བརྐོ་བ་ནི་ས་བརྐོ་བ་སྟེ། རྫིང་དང་ཁྲོན་པ་ལ་སོགས་པ་བྱེད་པའོ། །འགྲོ་འོང་ནི་མགྲོན་དུ་
Vol. 19 · folio 72a
འགྲོ་བའོ། །སྦྱོར་བ་ནི་སྨན་སྦྱོར་བའོ། །བྱེ་བྲག་ནི་ནོར་བསྒྲུབ་པའོ། །ཚེ་དང་ནད་མེད་སྤེལ་བ་ནི་ཆུའི་སྦྱིན་སྲེག་ལ་སོགས་པའོ། །ས་བོན་གདབ་པ་ནི་ཤིང་དང་འབྲུ་ལ་སོགས་པའི་ས་བོན་གྱི་ཚོགས་གཟུགས་པའོ། །ཕྱུགས་འདུལ་བ་ནི་བླ་མ་དང་སངས་རྒྱས་ལ་སོགས་
པ་ལ་གནོད་པ་བྱེད་པ་རྣམས་ཚར་གཅད་པའོ། །འབྲལ་དང་འདུ་ཞེས་བྱ་བ་ནི་སོང་བ་སླར་དགུག་པ་སྟེ། ཤི་བ་རྣམས་སླར་གསོ་ཞེས་བྱ་བའི་དོན་ཏོ། །རྒྱལ་སྲིད་ནི་རྒྱལ་ཐབས་ལ་དགོད་པའོ། །རྙེད་པ་སྤང་བ་ནི་ཐ་མལ་པའི་རྒྱུ་བ་དགག་པའོ། །དེས་ཅི་ཞིག་བྱ་ཞེ་ན། ཡིད་ལས་བྱུང་
བ་དང་། ཞེས་བྱ་བ་ལ་ཡིད་ཀྱིས་འབྱུང་བ་ནི་ཡིད་ལས་འབྱུང་བ་སྟེ། ཏིང་ངེ་འཛིན་ཏོ། །འདིར་དྲུག་པ་མི་མངོན་པ་དང་། མ་ནིང་གི་རྟགས་སུ་བྱ་བ་ནི་ལུང་གི་དོན་ཏོ། །གཡུལ་འགྱེད་པ་ནི་གྲགས་པར་ཟད་དོ། །སྡོང་པོའི་ཕུང་པོ་ནི་གཏེར་བརྐོ་བ་ལ་སོགས་པའི་སྡོང་བུ་ཉིད་དོ། །དུས་དང་
ཚོད་ལ་སོགས་པ་ཉིད། །ཅེས་བྱ་བ་ལ་དུས་ནི་དུས་མིན་ནོ། །ཚོད་ནི་དྲོད་དོ། །དེ་དག་ཐམས་ཅད་ཅེས་བྱ་བ་ནི་འཕེལ་བ་ལ་སོགས་པའི་དུས་ཀྱི་བྱེ་བྲག་གི་བྱ་བར་བསྟན་པའི་ཕྱིར། ཉིན་དང་ཉིན་གྱིས་དབྱེ་བར་བྱ། །ཞེས་གསུངས་ཏེ། འཕེལ་བ་ལ་སོགས་པའི་དུས་ཚོད་དེ་དང་དེ་ལ་བྱ་
ཞེས་བྱ་བའི་དོན་ཏོ། །བཅུད་ཀྱིས་ལེན་དང་རྩི་རྣམ་གཉིས། །ཞེས་བྱ་བ་ལ་བཅུད་ཀྱིས་ལེན་ནི་ལུས་དང་ཚེ་འཕེལ་བར་བྱེད་པའི་སྨན་ནོ། །རྩི་རྣམ་པ་གཉིས་ནི་རྩི་རྣམ་གཉིས་ཏེ་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། ལས་ནི་ཡོངས་སུ་སྨིན་པའི་ཕྱིར་ཏེ། ཐར་པ་ཐོབ་པའི་ཕྱིར་རོ། །
གཉིས་པོ་དེ་ཅི་ཞིག་ཅེ་ན། སེམས་འཕེལ་མཉམ་པར་འཇུག་པ་ཡིས། །ཞེས་བྱ་བ་ལ་སེམས་འཕེལ་བ་ནི་ཉེ་བར་མཚོན་པ་སྟེ། ལུས་འཕེལ་བའང་གཟུང་བར་བྱའོ། །འཕེལ་བ་ནི་རྒྱས་པའོ། །མཉམ་པར་འཇུག་པ་ནི་གང་དུ་གཅིག་ཏུ་འདྲེས་པའོ། །དེ་ལ་སེམས་འཕེལ་བ་ནི་མྱ་
ངན་ལས་འདས་པ་ཡིན་ལ་ལུས་འཕེལ་བ་ནི་སྲིད་པ་ཡིན་ནོ། །བློ་ལྡན་ཞེས་བྱ་བ་ནི་གཉིས་སུ་མེད་པའི་བློ་དང་ལྡན་པས་ཏེ། དེས་རྩི་རྣམ་པ་གཉིས་སྦྱར་བར་བྱ་ཞེས་བྱ་བའི་དོན་ཏོ། །དབུགས་བརྩི་བ་ཞེས་བྱ་བ་ལ་སོགས་པ་ལ། དབུགས་བརྩི་བ་ནི་དབུགས་ཀྱི་རྒྱུ་བ་བགྲང་བའོ། །དེ་
Vol. 19 · folio 72b
གཞུང་གང་དུ་འབྱུང་བ་དེ་ནི་དབུགས་བརྩི་བ་ཞེས་བྱ་བའི་རིམ་པར་ཕྱེ་བ་སྟེ་བཅུ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་པའི་རྣམ་པར་བཤད་པའོ།། །།ཕྲ་མོའི་རྣལ་འབྱོར་མ་གཏོགས་པར་རགས་པས་དོན་མི་འགྲུབ་པས་ཕྲ་
མོའི་རྣལ་འབྱོར་བསྟན་པར་བྱ་བའི་ཕྱིར་ལེའུ་བཅུ་གཅིག་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་དེ་ནི་རགས་པའི་རྣལ་འབྱོར་བསྟན་པའི་འོག་ཏུའོ། །དེའི་ཕྱིར་ཞེས་བྱ་བ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་ཕྲ་མོ་མ་གཏོགས་པར་རགས་པས་མི་འགྲུབ་པ་དེའི་ཕྱིར་རོ། །ཡང་
དག་བཤད་པར་བྱ་ཞེས་བྱ་བ་ནི་འཁོར་ལོ་དང་ས་བོན་ལ་སོགས་པའི་གཟུགས་རྣམས་ཡང་དག་པ་སྟེ་སོ་སོར་ཕྱེ་ནས་བཤད་པར་བྱའོ། །དངོས་གྲུབ་མཆོག་གི་རིག་པ་ལས། །ཞེས་བྱ་བ་ལ་དངོས་གྲུབ་མཆོག་ནི་སངས་རྒྱས་ཀྱི་གོ་འཕང་ངོ་། །དེ་ཉིད་ནི་རིག་པར་བྱ་བས་ན་རིག་པ་སྟེ། ལས་
སུ་སྦྱར་བའོ། །སྒྱུ་མ་ཆེན་པོ་ཞེས་བྱ་བ། །ཞེས་པ་ལ་རྣམ་པར་རྟོག་པའི་རྒྱུ་འཇོམས་པས་ན་སྒྱུ་མ་སྟེ། བྱེད་པ་པོར་སྦྱར་བ་ཡིན་ནོ། །ཆེན་པོ་ཡང་དེ་ཉིད་དེ་རྣམ་པར་རྟོག་པ་མ་ལུས་པར་འཕྲོག་པའི་ཕྱིར་རོ། །དེ་ལྟར་ན་སྒྱུ་མ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སྒྱུ་མ་ཆེ་སྟེ་རིག་པ་
ཞེས་བྱ་བ་ནི་གསལ་བས་ན། སྒྱུ་མ་ཆེན་པོ་སྟེ་རིག་པའོ་ཞེས་བྱ་བ་ནི་གསལ་བར་བྱས་ཏེ། མིང་དེ་སྐད་ཅེས་བྱ་བའོ། །གསང་བ་ཆེན་པོའི་དབང་ཕྱུག་སྟེ། །ཞེས་བྱ་བ་ལ། གསང་བ་ཆེན་པོ་ནི་སངས་རྒྱས་ཀྱི་གོ་འཕང་ངོ་། །དེའི་དངོས་གྲུབ་སྟེར་བས་ན་དེའི་དབང་ཕྱུག་སྟེ་རིག་པའོ། །
སེམས་ཅན་ཐམས་ཅད་འདུལ་མཛད་གཉེན། །ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ནི་སེང་གེ་དང་འཕྲོག་བྱེད་ལ་སོགས་པ་སྟེ་དེ་རྣམས་འདུལ་བར་མཛད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལུས་དང་ངག་དང་སེམས་ཀྱི་མངོན་པར་འདོད་པའི་དངོས་གྲུབ་ངེས་པར་སྟེར་བས་ན་གཉེན་ནོ། །དེ་ཉིད་
ཀྱི་ཕྱིར། དབང་ཕྱུག་ཐམས་ཅད་བྱེད་པ་པོ། །ཞེས་གསུངས་ཏེ། ཐམས་ཅད་ཅེས་བྱ་བ་ལྷ་དང་མི་ལ་སོགས་པའི་དབང་ཕྱུག་ཏུ་སྒྲུབ་པ་པོ་བྱེད་པའི་ཕྱིར་རོ། །འདི་ནི་རིག་པ་ཆེན་པོའི་མཆོག །ཅེས་བྱ་བ་ལ་འདི་ནི་ཞེས་བྱ་བ་ནི་སྒྱུ་མ་ཆེན་པོ་སྟེ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ནོ། །
Vol. 19 · folio 73a
དེ་ཉིད་ཆེན་པོ་སྟེ་རྫོགས་པའི་སངས་རྒྱས་ཉིད་ཉམས་སུ་མྱོང་བའི་ཕྱིར་རིག་པའོ། །ཅི་འདྲ་ཞེ་ན། མཆོག་ཅེས་བྱ་བ་སྟེ་དེ་ཁོ་ན་ཉིད་ཆེན་པོ་ཕྱིན་ཅི་མ་ལོག་པ་སྟེ་དེ་ངས་བཤད་པར་བྱ་ཞེས་བྱ་བར་སྦྱར་རོ། །དེ་ཡང་གསུངས་པ། སྐྱེ་བོ་ཡོན་ཏན་ལྡན་པ་ཡིས། །ཡོན་ཏན་
རྣམས་ནི་ཤེས་པར་བྱ། །གསོལ་བ་བཏབ་གང་དེ་ཉིད་ཚེ། །ཕྱིན་ཅི་མ་ལོག་དེ་ཉིད་གསུངས། །ཞེས་སོ། །བདག་ཅག་གིས་ཤེས་པ་མེད་པར་བསྟན་པའི་ཕྱིར། །མིང་ཙམ་མཆོག་ཏུ་རྙེད་དཀའ་བ། །ཞེས་གསུངས་ཏེ། རིག་པ་འདིའི་མིང་ཙམ་ཡང་མཆོག་ཏུ་སྟེ་ཉན་ཐོས་ལ་སོགས་
པས་རྙེད་དཀའ་བ་སྟེ་དཀའ་བས་ན་རྙེད་དཀའ་བའམ་ཡང་ན་མི་རྙེད་པ་ཡིན་ནོ། །དེས་ནི་འདི་སྐད་དུ། འདིའི་མིང་ཙམ་ཡང་ཐོས་པ་ཡང་འབད་པ་དྲག་པོ་མ་གཏོགས་པར་རྙེད་པར་མི་འགྱུར་རོ་ཞེས་སྟོན་ཏོ། །གང་དུ། དངོས་གྲུབ་མཆོག་གི་རིག་པ་སྟེ། །ཞེས་འབྱུང་བ་དེར་ནི་འདི་
བྱེད་པ་པོ་ཡིན་པར་སྦྱར་ཏེ། སྒྱུ་མ་ཆེན་པོ་ལ་སོགས་པའི་ཁྱད་པར་དང་ལྡན་པའི་རིག་པ་ཡང་དག་བཤད་པར་བྱ་ཞེས་བྱ་བ་དང་སྦྱར་ཏེ་ཞེས་བྱ་བ་ནི་གསལ་བར་བྱེད་ཅེས་པའི་དོན་ཏོ། །ལྷག་མ་ནི་སྔ་མ་བཞིན་ནོ། །རིག་པ་དེ་འདིར་ཡང་སྒྱུ་མ་ཆེན་པོ་ཞེས་གསུངས་ལ། གཞན་དག་ཏུ་
ནི་གཏུམ་མོ་ཞེས་པ་བསྟན་ཏོ། །དེ་ཉིད་གསུངས་པ། དང་པོ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་སྣ་ཚོགས་མདུད་པའི་འཆར་བ་ཆེན་པོར་པདྨའི་སྟེང་དུ་ཟླ་བ་ལ་བསྒོམ་པར་བྱ་ཞེས་བྱ་བ་འབྲེལ་ཏོ། །སྣ་ཚོགས་མདུད་པ་ཞེས་བྱ་བ་ནི་དེའི་དབུས་ཏེ། རྩ་
གཅིག་པོ་ཉིད་ཀྱི་གཡས་དང་གཡོན་གྱི་ཆ་གཉིས་སུ་གྱེས་པ་ལས་གཡས་ཀྱི་ཆ་ན་གནས་པ་ནི་གཡོན་ནས་བསྐོར་ནས་སྟེང་དུ་རྒྱུ་ལ་གཡོན་ན་གནས་པ་ཡང་གཡས་ནས་བསྐོར་ནས་སྟེང་དུ་རྒྱུ་ཞིང་། དེ་བཞིན་དུ་འོག་ཏུ་རྒྱུ་བ་གཉིས་ཀྱང་ཕན་ཚུན་བསྐོར་ནས་རྒྱུ་བ་སྟེ། དེ་ལྟར་ཀུན་
དུ་འཁྱིལ་བའི་རྩིའི་གནས་ནི་སྣ་ཚོགས་མདུད་པའོ། །དེ་ཉིད་འཆར་བ་ཆེན་པོ་སྟེ་སེམས་ཅན་ཐམས་ཅད་འབྱུང་བར་བྱེད་པའི་ཕྱིར་འཆར་བ་ཆེན་པོ་ཞེས་བྱ་བ་འདི་ནི་ཡན་ལག་ལ་མིང་ཉེ་བར་བཏགས་པས། སྐྱེས་བུ་དང་པོའི་མཚམས་སྦྱར་བ་སྐྱེ། དཔེར་ན་ནོར་བུ་ལ་ཟླ་བ་ཞེས་བྱ་བ་
Vol. 19 · folio 73b
བཞིན་ནོ། །དེ་ནས་ཡི་གེ་དགོད་ཅེས་བྱ་བ་ལ་ཡི་གེ་དགོད་པ་ནི་ས་བོན་གྱི་ཡི་གེ་རྣམས་ཉེ་བར་གཞག་པའོ། །བརྗོད་པ་ནི་རྣམ་པ་སྣ་ཚོགས་ཀྱིས་འཛིན་པའོ། །དགོད་པ་དེ་ཉིད་གསུངས་པ། དབྱངས་ཡིག་དང་པོ་ཞེས་བྱ་བ་ལ་སོགས་པ་ལ། མན་ངག་གིས་ན་ཟླ་ཚེས་དང་བཅས་པའི་
དབྱངས་ཡིག་དང་པོ་དང་ཐིག་ལེ་སྟེ་འོག་ནས་འབྱུང་བའི་བསྒོམ་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །གང་དུ་ཞེ་ན། པདྨའི་སྟེང་དུ་སྟེ་འདབ་མ་དྲུག་ཅུ་རྩ་བཞི་པའི་པདྨ་ཁ་སྟེང་དུ་བལྟ་བར་རོ། །ཡང་དག་གནས་ཞེས་བྱ་བ་ནི་དེར་ཡི་གེ་སྟེང་དུ་བལྟས་ཏེ་གནས་པའོ། །རྟག་ཏུ་དབུགས་ཀྱི་ངོ་བོ་སྟེ། །ཞེས་
བྱ་བ་ནི་དབུགས་སྟེང་དུ་རྒྱུ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །འབྱུང་བ་རུ་ནི་བྱེད་པ་ཡིན། །ཞེས་བྱ་བ་ནི་དེ་ཉིད་ཀྱི་བཤད་པ་སྟེ་སྒྱུ་མ་ཆེན་པོ་དེ་ཉིད་དབྱངས་ཡིག་དང་པོའི་གཟུགས་ལས་མེའི་རང་བཞིན་དུ་འབར་ཏེ། སྟེང་དུ་འབར་ཞིང་དབུགས་ཕྱིར་རྒྱུ་བའི་ཕྱིར་རོ། །རྟག་ཏུ་ཞེས་བྱ་བ་ནི་ཇི་སྲིད་འཚོའི་
བར་དུའོ། །འབར་བའི་ཕྲེང་བས་མཛེས་པའི་མདོག །ཅེས་བྱ་བ་ལ། འབར་བའི་ཕྲེང་བ་ནི་ཐིག་ལེ་ལས་མེ་ལྕེའི་ཚོགས་འབར་བས་འཇུ་བར་བྱེད་པའོ། །མཛེས་པ་ནི་རྣོ་བའོ། །མདོག་ནི་ཁ་དོག་སྟེ་དཀར་པོའོ། །དེ་དག་ནི་དབྱངས་ཡིག་དང་པོའི་མཚན་ཉིད་དོ། །ཟླ་བའི་དབུས་གནས་
བསྒོམ་པར་བྱ། །ཞེས་བྱ་བ་ལ་པདྨའི་སྟེང་དུ་ཟླ་བའི་དབུས་སུ་དབྱངས་ཡིག་དང་པོ་ཟླ་ཚེས་དང་ཐིག་ལེར་བཅས་པའོ། །ཤར་ལ་སོགས་པའི་འདབ་མ་རྣམས་ལ་ནི་ཟླ་བ་ལ་གནས་པར་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་ཟླ་ཚེས་དང་ཐིག་ལེ་དང་བཅས་པར་བསྒོམ་མོ། །དེ་ལྟར་བཀོད་པ་དང་
འོག་ནས་འབྱུང་བ་དག་གིས་མདོར་བསྡུས་ཏེ། ཅིར་འགྱུར་བ་བསྟན་པའི་ཕྱིར། ཀུན་དུ་འགྲོ་བ་ཐོབ་འགྱུར་བ། །ཞེས་བྱ་བ་སྟེ། ཀུན་དུ་འགྲོ་བ་ནི་ཐམས་ཅད་མཁྱེན་པའོ། །འདི་ནི་སངས་རྒྱས་ལྟར་རྙེད་དཀའ། །ཞེས་བྱ་བ་ལ། འདི་ནི་ཞེས་བྱ་བ་ནི་བསམ་གཏན་འདིའོ། །རྙེད་དཀའ་བ་ནི་
བསྐལ་པ་མང་པོས་ཀྱང་སངས་རྒྱས་ལྟར་རྙེད་པར་དཀའ་བའི་ཕྱིར་རོ། །དེ་ཉིད་སྤངས་པས་ཡི་གེ་མེད། །ཅེས་བྱ་བ་ལ་དེ་ཉིད་ནི་ཡི་གེ་རྣམས་ཏེ་སྤངས་པ་ནི་ཉེས་པ་དང་བྲལ་བའོ། །ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་འགྱུར་བ་མེད་པ་སྟེ་
Vol. 19 · folio 74a
འཇིགས་པ་མེད་པའི་ཕྱིར་རོ། །རྙོག་པ་མེད་ཅེས་བྱ་བ་ནི་ཉོན་མོངས་པའི་བག་ཆགས་དང་བྲལ་བའི་ཕྱིར་རོ། །དུང་དང་ཟླ་འདྲ་ཞེས་བྱ་བས་ནི་དེ་དག་གི་ཁ་དོག་བསྟན་ཏོ། །དྲི་མ་མེད་ཅེས་བྱ་བས་ནི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པར་སྟོན་ཏོ། །བྱང་ཆུབ་སེམས་
ཞེས་དེ་ལ་བྱའོ། །ཞེས་བྱ་བ་ལ་བྱང་ཆུབ་འདོད་པས་རྟོགས་པར་བྱ་བ་ནས་བྱང་ཆུབ་ནི་ལྷ་སྟེ་དངོས་པོའི་ཆའོ། །དེ་ཉིད་གཟུང་བ་ལ་སོགས་པ་དང་བྲལ་བའི་སྟོང་པ་ཉིད་ཀྱི་ཆ་ནི་སེམས་ཏེ་བྱང་ཆུབ་ཀྱང་ཡིན་ལ་སེམས་ཀྱང་ཡིན་པས་ན་བྱང་ཆུབ་ཀྱི་སེམས་ཏེ། སྙིང་རྗེ་དང་སྟོང་པ་ཉིད་དབྱེར་མེད་
པའི་སེམས་སོ། །དེ་ཡང་གསུངས་པ། དངོས་ལས་སྟོང་ཉིད་གཞན་མ་ཡིན། །དེ་མ་གཏོགས་པའི་དངོས་ཀྱང་མེད། །ཅེས་བྱ་བའོ་ཞེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་ཀྱི་ཚིག་སྟེ། དེ་ལ་ཡི་གེར་བྲིས་པའི་གཟུགས་ནི་དངོས་པོའི་ཆ་སྟེ་སྙིང་རྗེའོ། །དེ་ཉིད་དོན་དམ་པར་གཅིག་དང་དུ་མ་དང་བྲལ་བ་
ནི་དངོས་པོ་མེད་པའི་ཆ་སྟེ་སྟོང་པ་ཉིད་དོ། །སྤྲུལ་པའི་འཁོར་ལོའི་འོག་ཏུ་ཆོས་ཀྱི་འཁོར་ལོ་གསུངས་པ། རང་གི་སྙིང་གའི་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཞེས་བྱ་བ་ནི་པདྨ་སྟེ་པདྨའི་སྟེང་དུ་ཟླ་བའི་དབུས་སུ་གྱུར་པར་ས་བོན་ཞེས་བྱ་བ་ཡི་གེ་ཧཱུྃ་གངས་དང་འདྲ་བར་འཇིག་པ་ཞེས་བྱ་བ་ཁ་ཐུར་དུ་
བལྟས་ནས་གངས་དང་ཤེལ་ལྟ་བུའི་ཆུ་རྒྱུན་འཛག་པའོ། །ས་བོན་བཏུ་བ་བསྟན་པའི་ཕྱིར། །ཡི་གེ་དགོད་པས་དགོད་པར་བྱ། །ཞེས་གསུངས་ཏེ། དགོད་པ་ནི་རྣམ་པར་གཞག་པའོ། །ཅི་ཞིག་ཅེ་ན། ཡི་གེ་དེ་ཧཱུྃ་ངོ་། །དེ་ཉིད་གསུངས་པ། མཆོག་ཏུ་ཞི་བའི་ཧ་ལ་ནི། །ཞེས་བྱ་བ་ལ་
སོགས་པ་ལ། མཆོག་ནི་དམ་པའོ། །ཞི་བ་ནི་དགེ་བའོ། །དབྱངས་ཡིག་དྲུག་པ་ནི་ཨཱུའོ། །ཐིག་ལེས་སྟེང་དུ་བརྒྱན་པ་ནི་ཟླ་ཚེས་དང་བཅས་པ་སྟེ་དེ་དག་གིས་ཧཱུྃ་བྱེ་བྲག་ཏུ་བྱའོ། །རྣལ་འབྱོར་པ་ཡི་དབུགས་རྔུབ་བྱེད། །ཅེས་བྱ་བ་ནི་རླུང་འཇུག་པའི་ལམ་ནས་གཏུམ་མོའི་འོད་ཟེར་
འོག་ཏུ་ཟློག་པར་བྱེད་པའི་ཕྱིར་རོ། །དངོས་དང་དངོས་མེད་རྣམས་སྤངས་པ། །ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པར་ཞེན་པ་མེད་པའི་ཕྱིར་རོ། །དེ་དག་གིས་ནི་འདི་སྐད་དུ་སྙིང་གའི་པདྨ་དཀར་པོའི་ཟླ་བའི་དབུས་སུ་ཁ་ཐུར་དུ་བལྟ་བའི་ཧཱུྃ། ཕྱོགས་ཀྱི་འདབ་མ་རྣམས་ལ་ནི་དབྱངས་ཡིག་དང་
Vol. 19 · folio 74b
པོ་དང་གསུམ་པ་དང་། ལྔ་པ་དང་བཅུ་གཅིག་པ་རྣམས་ཁ་ཐུར་དུ་བལྟས་ཤིང་ཐིག་ལེ་དང་ཟླ་ཚེས་ཀྱིས་བརྒྱན་པའོ། །དབང་ལྡན་ལ་སོགས་པའི་མཚམས་ཀྱི་འདབ་མ་ལ་ནི་ཡ་ཝ་ར་ལ་རྣམས་རིམ་བཞིན་སྔ་མ་ལྟར་དགོད་དོ་ཞེས་སྟོན་ཏོ། །ཆོས་ཀྱི་འོག་ཏུ་ལོངས་སྤྱོད་ཀྱི་འཁོར་ལོ་
གསུངས་པ། རང་གི་མགྲིན་དབུས་ཞེས་བྱ་བ་ལ་སོགས་པ་ལ། པདྨ་དམར་པོ་ཀུན་འོད་མཛེས། །ཞེས་བྱ་བ་ནི་པདྨ་མདོག་དམར་པོ་འདབ་མ་བཅུ་དྲུག་པ་ཁ་སྟེང་དུ་བལྟས་པའོ། །དེར་ནི་ཞེས་བྱ་བ་ནི་པདྨའི་སྟེང་དུ་ཟླ་བ་ལ་དབྱངས་ཡིག་བཅུ་གསུམ་པ་ཐིག་ལེ་དང་ཟླ་ཚེས་ཀྱིས་བརྒྱན་པ་ཁ་
ཐུར་དུ་བལྟས་ཤིང་གངས་ཀྱི་སྙིང་པོ་ལྟར་འཛག་པའོ། །ཕྱོགས་དང་མཚམས་ཀྱི་འདབ་མ་རྣམས་ལ་ཡང་དབྱངས་ཡིག་གཉིས་པ་དང་བཞི་པ་དང་དྲུག་པ་དང་བཅུ་གཉིས་པ་རྣམས་ཐིག་ལེ་དང་ཟླ་ཚེས་སུ་བཅས་ཤིང་ཁ་ཐུར་དུ་བལྟས་ནས་ཁ་བ་ལྟ་བུ་འཛག་པ་དང་ཡ་ར་ལ་ཝ་རྣམས་
དགོད་དོ། །དེ་ཉིད་གསུངས་པ། དེར་ནི་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་པདྨ་རྣམས་སྟེང་དུ་བལྟ་བ་ཡིན་གྱི་ཡི་གེ་རྣམས་ནི་མ་ཡིན་ནོ། །པུ་ལུ་ཏ་ཞེས་བྱ་བ་ནི་ཨོཾ་སྟེ་སུམ་འཕར་དུ་བརྗོད་པའི་ཕྱིར་རོ། །བདེ་བ་ཆེན་པོའི་འཁོར་ལོ་གསུངས་པ་མགོའི་ཞེས་བྱ་བ་ལ་སོགས་པ་ལ།
མགོའི་དབུས་ནི་སྨིན་མའི་དབུས་སོ། །ཀླད་པ་ཞེས་བྱ་བ་ནི་ཧཾ་ངོ་། །དེ་ཉིད་ཐིག་ལེའི་གཟུགས་ཅན་ཏེ་མགོ་མེད་ཅིང་ཐིག་ལེས་བརྒྱན་པའོ། །མི་ཤིགས་པ་ཞེས་བྱ་བ་ལ་མི་ཤིགས་པ་ནི་མི་གཙེས་པ་སྟེ་མགོ་དང་བྲལ་བའོ། །དེ་ཉིད་ཀྱིས་ན་སྟོང་པ་ཉིད། །ཅེས་གསུངས་པ། ཨ་ཏ་སཱ་ཡི་
མེ་ཏོག་བཞིན། །ཞེས་བྱ་བ་ལ་ཨ་ཏ་སཱ་ནི་ལྡུམ་བུའི་བྱེ་བྲག་ཞིག་གོ། །འདྲ་བ་ནི་དབྱིབས་འདྲ་བ་ཡིན་གྱི་ཁ་དོག་ནི་མ་ཡིན་ནོ། །འཁོར་ལོ་ཞེས་བྱ་བ་ནི་འདབ་མ་སུམ་ཅུ་རྩ་གཉིས་པའི་པདྨ་བཅུ་དྲུག་གི་ཁ་ཡར་བལྟས་ལ་བཅུ་དྲུག་ནི་མར་བལྟས་པའི་ཁ་དོག་སྣ་ཚོགས་པའོ། །དབྱངས་
ཡིག་གིས་ནི་ཁྱད་པར་སྦྱར། །ཞེས་བྱ་བ་ནི་དབྱངས་ཀྱི་ཡི་གེ་བཅུ་དྲུག་གོ། །ཅི་འདྲ་ཞེ་ན། རང་གི་ཕྱག་རྒྱར་མངོན་ལྡན་པ་སྟེ་ཐིག་ལེ་དང་ཟླ་ཚེས་སུ་ལྡན་པའོ། །དེ་ལ་སྨིན་མའི་དབུས་སུ་འདབ་མ་བཅུ་དྲུག་ཁ་ཐུར་དུ་བལྟས་པའི་དབུས་ཀྱི་ཟླ་བ་ལ་ནི་ཧྃ་
Vol. 19 · folio 75a
མགོ་ཐུར་དུ་བལྟས་པའོ། །དེ་ནས་གྱེན་དུ་བལྟས་པའི་བར་བར་གྱི་འདབ་མ་བོར་བའི་ཐུར་དུ་བལྟས་པའི་འདབ་མ་རྣམས་ལ་དབྱངས་ཡིག་རྣམས་ཁ་ཐུར་དུ་བལྟས་ཤིང་བདུད་རྩི་འཛག་པའོ། །སངས་རྒྱས་བྱང་ཆུབ་རབ་ཏུ་སྟེར། །ཞེས་བྱ་བ་ནི་ཡི་གེ་ཐམས་ཅད་ཀྱིས་ཡེ་ཤེས་སྟེར་
བའོ། །འདིའི་དོན་ནི། ལྟེ་བར་གཏུམ་མོ་འབར་བྱས་པས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་ལ་སོགས་པ་བསྲེག་པར་བྱ། །བསྲེགས་པས་ཧྃ་ལས་ཟླ་བ་འཛག །ཅེས་བྱ་བ་འདིས་བསྟན་ཏེ། དེའི་དོན་ཡང་ཨོཾ་གྱི་ཐིག་ལེའི་འོད་ཟེར་གྱིས་ཧཱུྃ་བསྐུལ་ཞིང་ཧཱུྃ་གི་ཐིག་
ལེའི་འོད་ཟེར་གྱིས་ཀྱང་ཨོཾ་གྱི་ཐིག་ལེ་བཞུ་ནས་སླར་ཡང་ཨོཾ་གྱི་ཐིག་ལེ་ལ་གཞུག་པར་བྱ་སྟེ། ཡང་དང་ཡང་དུ་བསྒོམ་པར་བྱ་བ་འདི་ཡིན་ནོ། །དེ་ཡང་རྡོ་རྗེ་མཁའ་འགྲོའམ་གཞན་དུའང་རུང་སྟེ། རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་
འབྱོར་ཆེན་པོའི་ཆོ་གས་དཀྱིལ་འཁོར་དང་བཅས་པ་བསྐྱེད་ལ་སྔོན་དུ་སྔགས་བཟླས་ཏེ། རྣལ་འབྱོར་འདི་བྱའོ། །ཇི་ལྟར་འདོད་པ་བཞིན་སྤྱོད་པ་བསྟན་པའི་ཕྱིར། དེའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རགས་པ་དང་ཕྲ་མོའི་རྣལ་འབྱོར་འདིར་གུས་པའི་སྒོམ་ཆེན་གྱིས་བརྟུལ་
ཞུགས་ལ་སོགས་པ་ངེས་པ་མེད་པའོ། །གཟུང་བ་ནི་གྲངས་གཟུང་བའོ། །གཅིག་ནས་གཅིག་ཏུ་ལྡོག་པར་འགྱུར། །ཞེས་བྱ་བ་ནི་རིམ་གྱིས་ལྡོག་པའོ། །ཡང་ན་གཟུང་བ་ནི་བགྲང་ཕྲེང་གི་སྔགས་བཟླས་པའོ། །གཞན་དང་གཞན་ཞེས་བྱ་བ་ནི་ཕྱི་རོལ་ཏེ་དེ་ལྡོག་པའོ། །དེ་ཅིའི་ཕྱིར་ཞེ་ན།
གཏུམ་མོའི་རྣལ་འབྱོར་གྱི་སྒོ་ནས་སྔགས་ཏེ་ཨོཾ་ལ་སོགས་པ་ཉིད་དུ་གཟུང་བ་སྟེ། སྒོམ་པ་ཕྲེང་བ་སྟེ་ཡང་དང་ཡང་དུ་གོམས་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་སྦྱིན་སྲེག་ལས་ཀྱང་གཞན་ཏེ། ཕྱི་རོལ་བའི་མར་ལ་སོགས་པ་བསྲེག་པ་ལྡོག་པར་འགྱུར་རོ། །འདི་ལྟར་རང་བཞིན་གྱིས་
གྲུབ་པའི་གཏུམ་མོའི་མེ་ལ་རྡོ་རྗེ་ཧཾ་བཞུ་བའི་མར་གྱི་སྦྱིན་སྲེག་བྱེད་པའི་ཕྱིར་རོ། །སྒྱུ་མ་ཆེན་པོའི་རྣལ་འབྱོར་འདི་བྱེ་བྲག་གསུམ་དུ་བསྟན་པའི་ཕྱིར་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ནི་ཨོཾ་ལ་སོགས་པའོ། །དེ་ཉིད་ཀྱི་དཀྱིལ་འཁོར་ཏེ་འཁོར་ལོ་བཞིའི་ཚུལ་ཅན་
Vol. 19 · folio 75b
པས་སོ། །དབྱིབས་ནི་དེ་རྣམས་ཀྱི་གནས་ཏེ་པདྨ་ལ་སོགས་པའི་གཟུགས་སོ། །འཛིན་པས་ན་ཆོས་ཏེ་འོད་ཟེར་གྱི་འགྲོ་བ་དང་འོང་བ་བསྟན་པའོ། །དེ་ལྟར་ན་རྣལ་འབྱོར་གང་གིས་ཁྱད་པར་སྔགས་ཀྱི་དཀྱིལ་འཁོར་དང་དབྱིབས་དང་ཆོས་ཡིན་པ་ལ་ད་སྐད་ཅེས་བྱའོ། །འདོད་པའི་
ལོངས་སྤྱོད་ཐམས་ཅད་ལ། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཤེས་རབ་ཐབས་ལ་སོགས་རྣམས་ཀྱིས། །དགའ་དང་བདེ་བས་འགྲུབ་པར་འགྱུར། །ཞེས་བྱ་བའི་དོན་འདིར་བསྟན་པའི་ཕྱིར། །དུག་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲིད་པའི་ལོངས་སྤྱོད་
མཆོག་འདིར་བསྟན་པར་བྱ། །ཞེས་བྱ་བར་འབྲེལ་ཏོ། །རྣལ་འབྱོར་པས་ཞེས་ཤེས་པར་བྱའོ། །དེ་ལ་ལས་དང་ཉོན་མོངས་པའི་དབང་གིས་བྱུང་བས་ན་སྲིད་པ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དེའི་མཆོག་ནི་དམ་པ་སྟེ་ལོངས་སྤྱོད་ཀྱི་ཡུལ་རྣམས་སོ། །འོ་ན་དེ་ནི་འཁོར་
བའི་རྒྱུར་གྱུར་པ་ཡིན་ནོ། །ཅིའི་ཕྱིར་བསྟེན་ཅེ་ན། བསྟེན་བྱ་ཞེས་བྱ་བ་གསུངས་ཏེ། བསྟེན་བྱ་ནི་བསྟེན་པར་བྱ་བ་ཉིད་དོ། །མཁས་པའི་ཐར་པའི་རྒྱུ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བསྟེན་ཞེ་ན། ཡུལ་མེད་བྱས་ནས་ཞེས་གསུངས་པ་སྟེ། ཡུལ་ནི་སྤྱོད་ཡུལ་ལོ། །མེད་པ་ནི་
དགག་པའི་ཚིག་སྟེ། ཡུལ་རྣམས་རང་བཞིན་གྱིས་ངོ་བོ་ཉིད་མེད་པའོ། །འབད་པ་ནི་དེ་ཤེས་པའོ། །ཡང་ན་བི་ཥ་ནི་དུག་སྟེ་ཡུལ་དེ་རྣམས་ལ་གཟུང་བ་ལ་སོགས་པའི་མངོན་པར་ཞེན་པ་ཉིད་དུག་སྟེ། དེས་ཡུལ་རྣམས་དུག་ལྟར་ལོངས་སྤྱོད་པའི་དུས་སུ་བདེ་ལ་སྨིན་པའི་འོག་ཏུ་སྡུག་
བསྔལ་བར་བྱེད་པའི་ཕྱིར་རོ། །དེ་ཡང་གསུངས་པ། གང་ཞིག་དེ་ཉིད་མཐོང་མེད་པའི། །ཕྱིན་ཅི་ལོག་གི་བློ་ཉིད་དུག །དེ་ཉིད་ཕྱིན་ཅི་མ་ལོག་པའི། །དེ་ཁོ་ན་མཐོང་བློ་དུག་མིན། །ཞེས་སོ། །ཅི་སྟེ་འཛིན་པ་ལ་སོགས་པ་དུག་ཡིན་ན་དེ་ཇི་ལྟར་མེད་པར་བྱ་ཞེ་ན། དུག་མེད་ཅེས་བྱ་བ་
གསུངས་ཏེ། །འཛིན་པའི་དུག་མེད་པ་ཉིད་ཀྱིས་ཡུལ་གྱི་དུག་མེད་པར་འགྱུར་རོ། །དེ་ཡང་ཇི་ལྟར་བྱ་ཞེ་ན་ནན་ཏན་དུ་ཞེས་བྱ་བ་སྟེ། རང་བཞིན་མེད་པའི་ལྷའི་རྣལ་འབྱོར་གྱིས་སོ། །དག་འགྱུར་ཞེས་བྱ་བ་ནི་ཡུལ་ཐམས་ཅད་ཀྱི་དྲི་མ་དག་པ་སྟེ། སྲིད་པའི་ཉེས་པས་གོས་མི་འགྱུར། །ཞེས་བྱ་བ་
Vol. 19 · folio 76a
དང་འབྲེལ་ཏོ། །སྲིད་པའི་ལོངས་སྤྱོད་དུག་མེད་པར་བྱས་པས་སོ། །སུ་ཞིག་ཅེ་ན། སྲིད་པས་སྲིད་པ་མཆོག་གི་བདག །ཅེས་བྱ་བ་ལ་སྲིད་པའི་དངོས་པོ་མཆོག་ཏུ་ཞུགས་པའི་བདག་ཉིད་དམ། མཆོག་གི་སྲིད་པ་ལ་ཞུགས་པའི་མཆོག་གི་རྣལ་འབྱོར་པའི་བདག་ཉིད་
དེ་རྣལ་འབྱོར་པ་ཞེས་བྱ་བ་བར་གྱི་ཚིག་མི་མངོན་པ་ཡིན་ནོ། །ཡང་ན་སྲིད་པའི་སྲིད་པ་སྟེ་སྟོང་པ་ཉིད་ལ་སོགས་པའི་ཡེ་ཤེས་ཅན་གྱི་མཁས་པའོ། །དེ་ཉིད་ཕུལ་དུ་བྱུང་བས་ན་མཆོག་གི་བདག་ཉིད་ཅན་ནོ། །ཁ་ཅིག་ནི་མཆོག་ཏུ་ཞེས་བྱ་བའི་སྒྲ་དངོས་པོར་སྦྱར་རོ་ཞེས་ཟེར་རོ། །དངོས་པོའི་
སྒྲ་ཡང་སྐྱེ་བ་ལ་བྱའོ། །དེས་དངོས་པོར་འཛིན་པས་སྲིད་པར་སྐྱེ་བར་འགྱུར་རོ་ཞེས་ཟེར་རོ། །དེ་ལྟ་ན་ཡང་སྲིད་པའི་ཉེས་པས་མི་གོས་པའི་རྒྱུ་གསུངས་པ་ཡེ་ཤེས་རྣམ་པ་གསུམ་ཞེས་བྱ་བ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་གྱི་ཡེ་ཤེས་ཀྱིས་སོ། །ཡང་ན་སྔགས་ཀྱི་དཀྱིལ་འཁོར་ལ་
སོགས་པའི་ཡེ་ཤེས་ཀྱིས་སོ། །ཅུང་ཟད་ཙམ་གྱིས་གཡེང་བ་དང་བཅས་པས་གོམས་པར་བྱའམ་ཞེ་ན། གསུངས་པ། རྣལ་འབྱོར་པ་ཡིས་ཞེས་བྱ་བ་ལ་སོགས་པ་ལ་རྟག་ཏུ་ཞེས་བྱ་བ་ནི་ཉིན་རེ་ཞིང་ངོ་། །རྒྱུན་དུ་ཞེས་བྱ་བ་ནི་དེ་ཉིད་རྒྱུན་ཆགས་སུའོ། །འོ་ན་དུས་རིང་པོར་གོམས་པས་
སམ་ཞེ་ན་མ་ཡིན་ཏེ། གསུངས་པ་ཟླ་དྲུག་ཙམ་གྱིས་ཞེས་བྱ་བ་ལ་སོགས་པའོ། །ད་ནི་དགུག་པ་གསུངས་པ། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་ཐབས་ཀྱི་རིམ་པ་བཞིན་རང་གི་ས་བོན་སྙིང་གར་བསམས་ཏེ། དེའི་འོད་ལས་བྱུང་བའི་མཆོད་པས་བླ་མ་ལ་
སོགས་པ་ཡང་དག་པར་མཆོད་ཅིང་སྡིག་པ་བཤགས་པ་ལ་སོགས་བྱས་ནས་སྟོང་པ་ཉིད་བསྒོམས་ཏེ། རི་བོ་ལྷུན་པོའི་སྟེང་དུ་གནས་པའི་བྷྲཱུྃ་ལས་བྱུང་བ་ཁང་པ་བརྩེགས་མའི་ནང་དུ་གནས་པའི་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བ་ལ་ཆོས་ཀྱི་འབྱུང་གནས་དེའི་སྟེང་དུ་དབྱངས་ཡིག་དང་པོ་
ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་ཨ་ལ་སོགས་པ་དང་ཀ་ལ་སོགས་པའི་དབུས་སུ་མཾ་ལས་བྱུང་བའི་ཞགས་པ་བསམས་ཏེ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བདག་ཉིད་སྒྱུ་འཕྲུལ་ཆེན་མོར་བསྒོམ་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། ཟླ་བའི་དཀྱིལ་འཁོར་
Vol. 19 · folio 76b
ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡི་དབུས་གྱུར་ས་བོན་ནི། །ཞེས་བྱ་བ་ནི་ཡི་གེ་མཾ་མོ། །སྔོ་ཞིང་ཅུང་ཟད་དམར་བའི་འོད། །ཅེས་བྱ་བ་ནི་མདོག་སྔོ་ཞིང་འོད་ཟེར་ཅུང་ཟད་དམར་བའོ། །འོད་ཟེར་སྔོན་པོ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་ངེས་པར་བསྟན་པའོ། །འདམ་སྐྱེས་
སྔོན་པོ་ཞེས་བྱ་བ་ལ་སོགས་པ་ལ། མགོ་སྐྱེས་ཁམ་པ་གྱེན་དུ་འགྲེང་ནི་སྐྲ་དམར་སེར་གྱེན་དུ་འཁྱིལ་བའོ། །འདིར་བསྟན་པ་དང་འོག་ནས་འབྱུང་བའི་ལྷ་རྣམས་ལ་གཡོན་བརྐྱང་གིས་བཞུགས་པ་ནི་མན་ངག་གོ། པདྨའི་འདབ་མ་བརྒྱད་རྣམས་ལ་ནི་ལྷ་མོ་བརྒྱད་དེ། དེ་དག་དབུས་
ཀྱི་གཙོ་མོ་དང་བཅས་པར་དུས་གཅིག་ཏུ་བསྐྱེད་པར་མན་ངག་གིས་བལྟ་བར་བྱའོ། །དེ་ནས་ཆོ་ག་ལ་སོགས་པ་ཐམས་ཅད་བྱ་སྟེ། ཨོཾ་ཨྃ་མྃ་ཧཱུྃ་ཞེས་བྱ་བའི་སྔགས་བཟླས་སོ། །དེ་ལྟར་དུས་རིང་པོར་གུས་པ་དང་གནས་པས་རྒྱུན་དུ་སྔར་བསྙེན་པ་བྱས་ནས་འོག་ནས་འབྱུང་
བ་ལྟར་བསྒྲུབ་པར་བྱའོ། །དེ་ཉིད་གསུངས་པ་ཨིནྡྲ་ནཱི་ལ་ཞེས་བྱ་བ་ལ་སོགས་པ་ལ། དང་པོའི་ཡི་གེ་ནི་ཕྱག་འཚལ་བའི་ཡི་གེ་སྟེ། ཡི་གེ་དེ་རང་གི་སྙིང་གར་ཆོས་འབྱུང་བའི་ནང་དུ་ཟླ་བའི་དཀྱིལ་འཁོར་ལ་ཨིནྡྲ་ནཱི་ལའི་མདོག་སྟེ་འོད་ཟེར་སྔོན་པོར་འཕྲོ་ཞིང་ཅུང་ཟད་དམར་བར་བསྒོམ་མོ། །
དེ་ནས་འོད་ཟེར་དམར་པོ་རང་གི་སྣ་སྒོ་གཡས་ནས་སྤྲོས་ལ་བསྒྲུབ་པར་བྱ་བའི་སྣ་སྒོ་གཡོན་པར་ཞུགས་ཏེ། དེའི་རྣམ་པར་ཤེས་པ་མདོག་དམར་པོ་ནས་ཀྱི་འབྲུ་གུ་ཙམ་སྙིང་ག་ན་གནས་པ་དང་འདྲེས་ནས་བཟུང་སྟེ། དེའི་སྣ་སྒོ་གཡས་པ་ནས་འོངས་པ་བདག་གི་སྣ་སྒོ་གཡོན་པ་ནས་སྙིང་
གར་བཅུག་སྟེ། རང་གི་རྣམ་པར་ཤེས་པ་དང་གཅིག་ཏུ་བྱས་ལ་ཞལ་ནས་སྔགས་ཟློས་ཤིང་དུས་དེ་ཉིད་དུ་བསྒྲུབ་པར་བྱ་བ་སྐྱེས་པ་ཡང་རུང་བུད་མེད་ཀྱང་རུང་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ལ་འོངས་པར་བསྒོམས་ན་གདོན་མི་ཟ་བར་འགུགས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་
པ། གང་གི་རིག་པ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཞེས་བྱ་བ་ནི་གང་དང་གང་གི་ཕྱིར་རོ། །རིག་པ་ཞེས་བྱ་བ་ནི་རྣལ་འབྱོར་པས་བདག་ཉིད་སྒྱུ་འཕྲུལ་ཆེན་མོར་བསྒོམ་མོ། །རབ་ཏུ་སྦྱོར་བ་ནི་སྦྱོར་བའི་བྱེ་བྲག་སྟེ། དེ་བས་ན་དེ་མ་ཐག་ཏུ་སྟེ་དེའི་མོད་ལ་རིང་པོར་མི་ཐོགས་པར་
Vol. 19 · folio 77a
འགུགས་པ་སྟེ། མཉམ་པར་བཞག་མ་ཐག་ཏུ་འོང་བར་འགྱུར་རོ། །དམར་པོ་རུ་ནི་བསྒོམས་ནས་སུ། །ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བ་དེ་ཉིད་ཁ་བསྐང་བ་སྟེ། ཡི་གེ་ཨོཾ་ཉིད་ཀྱི་མདོག་ཅུང་ཟད་དམར་བར་བྱའོ། །དེ་ནས་ཆོ་ག་བཞིན་དུ་བྱ། །ཞེས་བྱ་བ་ནི་
སྔར་བསྙེན་པའི་དུས་སུ་བཅོམ་ལྡན་འདས་མ་སྔོ་ཞིང་དམར་བར་བསྒོམས་ལ་ཕྱིས་བསྒྲུབ་པའི་དུས་སུ་ནི་དམར་པོར་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དབྱངས་ཡིག་གཉིས་པ་དང་ལྡན་པར། །ཞེས་བྱ་བ་ལ་དབྱངས་ནི་ཨ་ལ་སོགས་པའོ། །གཉིས་པ་ནི་ཨཱའོ། །ལྡན་པ་ནི་
ཐིག་ལེ་གཉིས་དང་བཅས་པ་སྟེ། དེ་ནི་ཨཱཿཞེས་བྱ་བར་འགྱུར་རོ། །དེས་ཅི་ཞིག་བྱ་ཞེ་ན། སྲིད་པ་གསུམ་པོ་བསྒོམ་པར་བྱ། །ཞེས་བྱ་བ་གསུངས་ཏེ། སྔ་མ་ལྟར་ཐམས་ཅད་བསྒོམས་ལ་སྙིང་གར་ཟླ་བ་ལ་གནས་པའི་ཨཱཿམདོག་དམར་པོ་བསྒོམས་ནས་སྲིད་པ་གསུམ་པོ་སྟེ་སྐུ་
དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་འོད་ཟེར་བསམ་མོ། །འབད་པ་བསྒྲུབ་བྱ་སྣང་བྱས་ཏེ། །ཞེས་བྱ་བ་ནི་སྔ་མ་ལྟར་འོད་ཟེར་འབྱུང་བ་དང་འཇུག་པས་བསྒོམ་ཞིང་སྔགས་བཟླས་ན་གདོན་མི་ཟ་བར་དབང་དུ་འགྱུར་རོ། །དེ་ཉིད་གསུངས་པ་དེས་ནི་ཞེས་བྱ་བ་ལ་སོགས་པ་ལ་ཀུན་དུ་
ཞེས་བྱ་བ་ནི་ཐམས་ཅད་དེ། །གང་དང་གང་གི་ལུས་ལ་ས་བོན་གྱི་སྦྱོར་བས་སྣང་བར་བྱས་པ་དེ་དང་དེ་ཐམས་ཅད་དབང་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ངེས་པར་བསྟན་པའི་ཕྱིར་གསུངས་པ། ས་གསུམ་མ་ལུས་པ་ཞེས་བྱ་བ་སྟེ། ས་བླ་དང་ས་སྟེང་དང་ས་འོག་པ་རྣམས་ཀྱིའོ། །
དེ་ཉིད་ཀྱི་སླར་ཡང་བཤད་པ་ནི། ཚངས་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ་སོགས་ཀྱིས་ན་གཤིན་རྗེ་དང་མི་ལ་སོགས་པ་གཟུང་ངོ་། །ཆུང་མ་དང་ནི་བཅས་ཏེ་དགུག །ཅེས་བྱ་བ་ནི་སྐྱེས་པ་འབའ་ཞིག་མ་ཡིན་གྱི་འདིས་བུད་མེད་རྣམས་ཀྱང་འགུགས་པའོ། །ཡི་གེ་ཕན་ཚུན་བསྐུལ་བ་ཡིས། །
ཞེས་བྱ་བ་ལ་ཡི་གེ་ནི་ཧཱུྃ་ངོ་། །ཕན་ཚུན་ནི་ཨོཾ་དང་ཨཱཿའོ། །བསྐུལ་བ་ནི་ཨོཾ་དང་ཨཱཿདང་ཧཱུཾ་དུ་སྤེལ་བ་སྟེ། ས་བོན་མྃ་དང་བསྒྲུབ་པར་བྱ་བའི་མིང་དུ་བཅས་པ་སྤེལ་ཏེ་སྔགས་བཟླས་པའོ། །ཅི་ཞིག་ཅེ་ན་གསུངས་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་ཅེས་བྱ་བ་
Vol. 19 · folio 77b
ནི་ཡི་གེ་གསུམ་གྱི་སྔགས་ཏེ། དེ་ཉིད་བཅོམ་ལྡན་འདས་མའི་སྤྱོད་པ་ཞེས་བྱ་བ་ནི་གར་ཞེས་བྱ་བ་ལས་རྒྱས་པའི་མཚན་ཉིད་ཀྱི་གཙོ་བོ་སྟེ། སྒྲུབ་པ་པོ་ལ་རྫོགས་པར་བྱེད་པར་ཤེས་པར་བྱ་ཞེས་པ་དང་འབྲེལ་ཏོ། །དེ་ལྟར་རྐང་པས་དགུག་པ་སྔར་བསྟན་ནས་ད་ནི་གོང་བུས་དགུག་པ་
གསུངས་པ། དེ་ནས་དབུ་མའི་མཐའ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་རྐང་པས་དགུག་པའི་འོག་ཏུ་སྟེ། ད་ནི་གོང་བུས་དགུག་པ་བརྗོད་པར་བྱའོ་ཞེས་ཤེས་པར་བྱའོ། །དབུ་མའི་མཐའ་ནི་མའོ། །ལྡན་པ་ནི་དེ་དང་མཚུངས་པར་ལྡན་པའོ། །དེ་ཡང་ཅི་
འདྲ་ཞེ་ན། ཐིག་ལེ་སྒྲ་ཡིས་ཡང་དག་མནན་པ་སྟེ་དེས་ནི་མཾ་ཞེས་བྱ་བར་འགྱུར་རོ། །དེ་དང་ལྡན་པ་ཅི་ཞིག་ཅེ་ན། གོང་བུ་དགུག་པའི་ལས་ཀྱི་ཆོ་གའོ། །དེ་ལྟར་ས་བོན་བཏུ་བ་བསྟན་ནས་བྱ་བ་གསུངས་པ། སྐུ་གསུང་ཐུགས་ལ་ལེགས་གནས་པར། །ཞེས་བྱ་བ་ལ་སོགས་པ་ལ།
བདག་ཉིད་སྔ་མ་ལྟར་སྒྱུ་འཕྲུལ་ཆེན་པོར་བསྒོམས་ལ། བསྒྲུབ་པར་བྱ་བ་མེའི་དཀྱིལ་འཁོར་ལ་བཞག་ལ་རླུང་གི་དཀྱིལ་འཁོར་གྱིས་བསྐུལ་ཏེ། བཀུག་ནས་དབང་ཆེན་གྱི་དཀྱིལ་འཁོར་ལ་བཞག་སྟེ། མི་གཡོ་བར་བྱས་ལ་ཆུའི་དཀྱིལ་འཁོར་གྱིས་བཀྲུས་ནས་མགོ་བོ་དང་མགྲིན་པ་
དང་སྙིང་ག་དང་ནུ་མའི་འོག་རྣམས་སུ་རླུང་དང་ཆུ་དང་མེ་དང་དབང་ཆེན་གྱི་དཀྱིལ་འཁོར་བཞི་ལ་ས་བོན་མཾ་བཀོད་དེ་ཡི་གེ་དེ་དག་ཉིད་བཟླས་ན་འགུགས་པར་འགྱུར་རོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །ཁུ་བ་དགུག་པ་གསུངས་པ། བྷ་གའི་ཞེས་བྱ་བ་ལ་སོགས་
པ་ལ་སྒྲུབ་ཐབས་ཀྱི་རིམ་གྱིས་བྷ་གའི་དབུས་སུ་ཡེ་ཤེས་ཀྱི་རྒྱ་མཚོ་བསྒོམས་ལ། དཔའ་བོ་སྟེ། རྡོ་རྗེ་མཁའ་འགྲོ་བསྒོམ་པར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །ཡི་གེ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་སྟེ། འགྱུར་བ་མེད་པའི་ཕྱིར་རོ། །དེའི་ཡི་གེ་ནི་ཧཱུྃ་སྟེ་རྫོགས་པ་ནི་དེས་རྡོ་རྗེ་མཁའ་འགྲོ་
བསྐྱེད་པའོ། །ལྷག་མ་ནི་གོ་སླའོ། །གཤོར་ཞེས་བྱ་བ་ནི་ཉ་ཕྱིས་ཀྱི་རྣམ་པ་ལྟ་བུ་ཐོད་པའོ། །པདྨའི་ཕྱོགས་ཀྱི་འདབ་མ་རྣམས་ལ་ནི་འདིར་ལྟུང་བྱེད་མ་ལ་སོགས་པའི་རྣལ་འབྱོར་མ་བཞི་ཐོད་པའི་ནང་དུ་བསྟན་ལ་གནས་པར་བཀོད་པའི་དབུས་སུ་བཅོམ་ལྡན་འདས་ཏེ། དེ་དག་མངོན་
Vol. 19 · folio 78a
པར་བྱང་ཆུབ་པ་ལྔ་ལས་དུས་མཚུངས་པར་བསྒོམ་པར་བྱ་བ་འདི་ནི་བསྡུས་པའི་དོན་ཡིན་ནོ། །དེ་ཉིད་ཀྱིས་ན་སྤྲོ་བའི་བདག་ཉིད་ཅན་གྱི་སྤྲོ་བ་ཞེས་བྱ་བ་སྟེ། རྣལ་འབྱོར་མའི་འཁོར་ལོ་ཞེས་བྱ་བ་ནི་ལྷག་མའོ། །དབུགས་མི་གཡོ་བར་བསྒོམ་པར་བྱ། །ཞེས་བྱ་བ་ནི་ཇི་
སྲིད་དུ་དབུགས་བརྟན་པར་འགྱུར་བ་དེ་སྲིད་ཀྱི་བར་དུ་བསྒོམ་པའོ། །རུང་དང་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་པ་བཞིན་དུ་བསྒོམ་པ་སྟེ། ཁྱད་པར་དུ་སྐུ་གསུང་ཐུགས་པ་གནས་པའི་མཾ་མདོག་དཀར་པོར་བྱ་བའོ། །འབད་དེ་བསྒྲུབ་བྱ་དམིགས་ནས་ནི། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཕྱག་
མཚན་གྱི་གཙོ་བོ་རྡོ་རྗེས་བསྒྲུབ་པར་བྱ་བ་ཇི་ལྟ་བ་བཞིན་དུ་དམིགས་ནས་སྨིན་མའི་དབུས་སུ་ཕུག་ལ་ཁུ་བ་དྲངས་ནས་རང་གི་ལག་ན་གནས་པའི་ཐོད་པ་བཀང་བར་བསམ་ཞིང་ཡི་གེ་གསུམ་པོ་ཧཱུྃ་དང་བཅས་པ་བཟླས་པར་བྱའོ། །ཆང་དགུག་པ་གསུངས་པ། རྩི་ཞེས་བྱ་བ་ལ་སོགས་པ་ལ་རྩི་ཉིད་ཡེ་
ཤེས་ཏེ། རྣམ་པར་དག་པའི་རང་བཞིན་གྱི་ཕྱིར་རོ། །ལས་བྱུང་བ་ནི་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ལྟེ་བར་དེ་ཉིད་ཀྱིས་མཚན་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་བསྒོམ་པར་བྱའོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །སྡིགས་མཛུབ་རྡོ་རྗེ་ཞགས་པ་མ། །ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་
ཞགས་པས་བསྡིགས་པ་སྟེ། བཅོམ་ལྡན་འདས་ཀྱི་ཕྱག་གཡོན་དུ་བསྒོམ་པའོ། །རྟའི་ཞལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་གང་གི་ཞལ་རྟའི་ཚུལ་ཅན་ཏེ། ལྷན་ཅིག་སྐྱེས་པའི་ཞལ་ཅན་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ནི་དེ་ལྟ་བུར་གྱུར་པའི་ཞལ་དང་སྐུ་མདོག་ལ་སོགས་པར་བསྒོམ་ཞིང་
གྱུར་ནས་ཆང་དགུག་པར་བྱ་ཞེས་སྟོན་ཏོ། །ཁྲག་དགུག་པ་གསུངས་པ། རའི་ཞེས་བྱ་བ་ལ་སོགས་པ་ལ། ཅེ་སྤྱང་གི་ནི་གདོང་ཅན་ཏེ། །ཞེས་བྱ་བ་ནི་སྤྱང་ཀིའི་ཁྱད་པར་ཅེ་སྤྱང་ཞེས་བྱ་བ་ཉིད་ཀྱི་གདོང་པ་བྱ་བའོ། །ཁྲག་གིས་གང་བའི་ལུས་ཅན་བསྒོམ། །ཞེས་བྱ་བ་ནི་བདག་ཉིད་
རྡོ་རྗེ་མཁའ་འགྲོ་མདོག་དམར་པོར་བསྒོམ་པའོ། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །ཞེས་བྱ་བ་ནི་སྒྲུབ་པའི་ཐབས་ཀྱི་རིམ་གྱིས་ཨཱ་ལི་དང་ཀཱ་ལི་དང་རྃ་ལས་བྱུང་བའི་རྡོ་རྗེ་རལ་གྲིས་མཚན་པ་དག་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ལྟུང་བྱེད་མ་ལ་སོགས་པའི་རྣལ་འབྱོར་མ་དང་ཐོད་
Vol. 19 · folio 78b
པར་བཅས་པ་དུས་མཚུངས་པར་སྤྲོ་བ་སྟེ། བསྐྱེད་ཅེས་བྱ་བའི་དོན་ཏོ། །རྡོ་རྗེ་ཕྲ་མོས་ཕུག་ནས་སུ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཕྱག་ན་གནས་པར་གྱུར་པའི་རྡོ་རྗེའི་མཚོན་ཆ་ཕྲ་མོས་བསྒྲུབ་པར་བྱ་བའི་རྩའི་གནས་ཀྱི་སྙིང་ག་ཕུག་པའོ། །འཇིམ་པ་ཉིད་དུ་རབ་བསྒོམས་ན། །ཞེས་
བྱ་བ་ནི་སྒྲུབ་པའི་དུས་སུ་མཁའ་འགྲོ་མ་རྣམས་ཀྱང་ཅེ་སྤྱང་གི་གདོང་ཅན་དུ་བསྒོམས་ལ་སྔར་རྡོ་རྗེ་ཕྲ་མོས་ཕུག་པའི་རྨ་ནས་བདག་དང་མཁའ་འགྲོ་མ་རྣམས་ཀྱི་ཅེ་སྤྱང་གི་ཁས་རུས་པ་དང་པགས་པ་སྐམ་པོ་ཙམ་མ་ལུས་པའི་བར་དུ་ཡང་འཇིབ་པར་བསྒོམ་ཞེས་བྱ་བའི་དོན་ཏོ། །ལས་དེ་དག་
ཐམས་ཅད་ནི་གུས་པས་རྒྱུན་མི་འཆད་པར་ཡུན་རིང་དུ་བསྒོམ་པ་དང་བཟླས་པས་འགྲུབ་ཀྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལས་ཡོངས་སུ་རྫོགས་པའོ། །སྒྱུ་མ་ཀུན་ནི་རྣལ་འབྱོར་མ་ཐམས་ཅད་དོ། །རྣམ་པར་འཕྲུལ་བ་ནི་དེ་རྣམ་པར་རོལ་ཅིང་རྩེ་བའོ། །མན་ངག་དེ་སྟོན་པའི་གཞུང་
ནི་རིམ་པར་ཕྱེ་བ་སྟེ་བཅུ་གཅིག་པའོ། །རྒྱུད་ཀྱི་རྒྱལ་ལོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་གཅིག་པའི་རྣམ་པར་བཤད་པའོ།། །།ད་ནི་རྡོ་རྗེ་མཁའ་འགྲོའི་ཚུལ་གཞན་གྱི་སྒྲུབ་ཐབས་སྟོན་པའི་ལེའུ་གསུངས་པ། རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ལ་སོགས་
པ་ལ་ཉོན་ཞེས་བྱ་བ་ནི་སྔོན་དུ་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ་གང་ཡིན་པ་དེ་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །དང་པོར་རོ་ནི་བསྒོམ་བྱ་སྟེ། །ཞེས་བྱ་བ་ལ་མཆོད་པ་ལ་སོགས་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྗེས་ལ་རི་བོ་ལྷུན་པོའི་སྟེང་དུ་ཁང་པ་བརྩེགས་མའི་ནང་དུ་པདྨའི་
སྟེང་ན་གནས་པར་བསྒོམ་པའོ། །དང་པོ་ཞེས་བྱ་བ་ནི་ཨ་ལ་སོགས་པ་དང་ས་བོན་ཧཱུྃ་ལ་སོགས་པ་ལ་ལྟོས་པའི་ཚིག་གོ། །མཁས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་རྟོགས་པའི་སྒྲུབ་པ་པོའོ། །ཆོས་ཀྱི་དབྱིངས་རང་བཞིན་ཞེས་བྱ་བ་ལ་ཆོས་
ནི་ཕུང་པོ་ལ་སོགས་པའོ། །དབྱིངས་ནི་རང་བཞིན་ཏེ་དོན་དམ་པར་གཟུང་བ་ལ་སོགས་པའི་རང་བཞིན་དང་བྲལ་བའི་སྟོང་པ་ཉིད་དོ། །དེ་ཡང་འདི་ལྟར་སེམས་འབའ་ཞིག་པོ་ཉིད་ཐོག་མ་མེད་པའི་དུས་ནས་སྤྲོས་པའི་བག་ཆགས་ཀྱིས་དཀྲུགས་པས་ཕྱི་རོལ་ལྟ་བུར་གཉིས་སུ་སྣང་བ་ཡིན་
Vol. 19 · folio 79a
གྱི། དངོས་པོ་རྣམས་བདེན་པར་ཡོད་པ་མ་ཡིན་པར་སྔར་བསྟན་ཏོ། །ཡང་གསུངས་པ། ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་དེ། །དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །དེ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཞེས་སོ། །དེ་ནས་ཐམས་ཅད་དུ་རྣམ་པར་
ཤེས་པའི་སྣང་བའི་ཡན་ལག་ཉིད་དམིགས་པ་ཡིན་གྱི་བརྫུན་ཀྱང་ཕྱི་རོལ་ཉིད་དུ་འོངས་པ་ནི་མ་ཡིན་ཏེ། བེམས་པོ་དང་ཉམས་སུ་མྱོང་བ་འགལ་བའི་ཕྱིར་རོ། །དེས་ན་ཐམས་ཅད་དུ་གཟུང་བ་ལ་སོགས་པས་སྟོང་པར་ལེགས་པར་གྲུབ་པ་ཡིན་ནོ། །དེ་ཡང་གསུངས་པ། ཇི་ལྟར་བྱིས་པས་རྣམ་བརྟགས་
པ། །དེ་ལྟར་ཕྱི་རོལ་དོན་ཡོད་མིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བར་ཡང་དག་འབྱུང་། །ཞེས་སོ། །སྟོང་པ་ཉིད་ཀྱི་ཆོས་ཀྱི་དབྱིངས་དང་འདྲ་བས་རོ་ཡང་ཆོས་ཀྱི་དབྱིངས་ཏེ། རྟོག་པ་དང་བྲལ་བའི་ཕྱིར་རོ། །དེས་ནི་ཆོས་ཀྱི་དབྱིངས་བསྒོམ་པ་ཉིད་དུ་སྟོན་ཏོ། །རྣལ་
འབྱོར་པ་ཞེས་བྱ་བ་ནི་སྔར་བསྟན་པའི་མཆོད་པ་ལ་སོགས་པ་སྦྱོར་བ་དང་ལྡན་པའོ། །དེར་གནས་ཞེས་བྱ་བ་ནི་རོའི་སྟེང་དུ་གནས་པ་སྟེ། འདིས་ནི་དེ་བཞིན་ཉིད་ལ་གནས་ནས་སྤྲོས་པ་རྣམས་བསྒོམ་པར་སྟོན་ཏོ། །གོ་འཕང་མཆོག་ནི་ཞེས་བྱ་བ་ལ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་
པའི་ཕུན་སུམ་ཚོགས་པའི་གཞིར་གྱུར་པས་ན་གོ་འཕང་སྟེ། རྡོ་རྗེ་མཁའ་འགྲོ་དེ་ཉིད་གཉིས་སུ་མེད་པས་ན་མཆོག་གོ། །བསྒོམ་པ་ནི་དེར་བསྐྱེད་པ་སྟེ་འོག་ནས་བཤད་པར་བྱའོ། །དེ་ནི་སྒོམ་པ་ལ་རྩོམ་པ་གསུངས་པ། རང་སྙིང་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པས་རང་གི་སྙིང་གར་
ཟླ་བའི་དབུས་སུ་དེ་ཉིད་ཐམས་ཅད་ཅེས་བྱ་བ་ཡི་གེ་ཧཱུྃ་དགོད་པར་བྱ་སྟེ། ཅིའི་ཕྱིར་ཏེ། དེ་ཉིད་ཐམས་ཅད་ཡིན་ཞེ་ན། རྡོ་རྗེ་འཛིན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་འོད་ཟེར་ཞེས་བྱ་བ་ནི་ཧཱུཾ་ལས་བྱུང་བའི་འོད་དོ། །མཁའ་འགྲོ་མ་ལ་སོགས་ཞེས་བྱ་བ་ནི། མཁའ་འགྲོ་མ་དང་། མཛེས་
མ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་སོ། །མཆོད་པ་ནི་ཡིད་ཀྱིས་རྡོ་རྗེ་བླ་མ་ལ་སོགས་པ་ལ་ཡང་དག་པར་མཆོད་པའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །བྱང་ཆུབ་ནི་ལྷ་རྣམས་ཀྱི་ཚོགས་ཏེ། གང་
Vol. 19 · folio 79b
གིས་དེ་དག་རང་གི་སེམས་ཡིན་པར་ཤེས་ཤིང་གང་ལ་དེའི་རྣམ་པ་ཅན་གྱི་སེམས་ཡོད་པའི་སློབ་བཞིན་པའི་སྒྲུབ་པ་པོ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཀུན་ནས་ཞེས་བྱ་བ་ལ་སོགས་པ་ལ། དགོངས་སུ་གསོལ་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བ་དང་བཅས་པས་བྱིན་གྱིས་རློབ་ཅིང་
བདག་གིར་མཛད་པ་ནི་དགོངས་པའོ། །བདག་མིང་འདི་ཞེས་བྱ་བ་ནི་རང་གི་མིང་ནས་སྨོས་པ་སྟེ། ཤིན་ཏུ་ཁས་ལེན་པའི་ཕྱིར་རོ། །དུས་འདི་ནས་བཟུང་ཞེས་བྱ་བ་ལ་དུས་འདི་ནི་གནས་སྐབས་འདི་སྟེ། བཟུང་པ་ནི་ཉེ་བར་བརྩམས་པའོ། །ཡང་ན་བཟུང་བ་ནི་སངས་རྒྱས་ལ་སོགས་པས་བྱིན་
གྱིས་བརླབས་པ་ཉེ་བར་བླངས་ཤིང་རྒྱུར་བྱས་པའོ། །ཇི་སྲིད་ཅེས་བྱ་བའི་སྒྲ་ནི་དུས་ཇི་སྙེད་ཀྱི་བར་དུ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་ཞེས་བྱ་བ་དང་འབྲེལ་ཏོ། །དུས་ཇི་སྙེད་ཅིག་ཏུ་བསྐྱེད་པར་བྱ་ཞེ་ན། བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །ཞེས་བྱ་བ་ལ་བྱང་ཆུབ་སྙིང་པོ་ནི་དམ་པ་སྟེ།
མི་གནས་པའི་མྱ་ངན་ལས་འདས་པའོ། །མཆིས་པ་ནི་དེར་གནས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་ཀྱི་བར་དུའོ། །བྱ་བ་གསུངས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། དུས་གསུམ་ཞེས་བྱ་བ་ནི་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ཏེ། དུས་
དེ་རྣམས་སུ་སྤྱོད་པའི་གཤེགས་པ་དང་། གཤེགས་བཞིན་པ་དང་། བྱོན་པའི་སངས་རྒྱས་རྣམས་སོ། །དེ་བཞིན་ཉིད་སྐྱོབ་པས་ན་མགོན་པོའོ། །ཡང་དག་བྱང་ཆུབ་ངེས་མཛད་པ། །ཞེས་བྱ་བ་ལ། ངེས་མཛད་ནི་སྦྱིན་པ་ལ་སོགས་པའི་ཚོགས་མ་ལུས་པ་བསགས་པར་བྱ་བའི་མཚན་ཉིད་
དོ། །ཅིའི་ཕྱིར་ཞེ་ན། ཡང་དག་བྱང་ཆུབ་ཀྱི་ཕྱིར་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་ཆེད་དུའོ། །འདིར་ཆེད་ཀྱི་བདུན་པ་མི་མངོན་པ་ཡིན་ནོ། །བླ་མེད་བྱང་ཆུབ་སེམས་ཞེས་བྱ་བ་ལ་བྱང་ཆུབ་ཀྱི་སེམས་ནི་སྨོན་པའི་བྱང་ཆུབ་ཀྱི་སེམས་དང་
འཇུག་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་སྨོན་པའི་བྱང་ཆུབ་ཀྱི་སེམས་ནི་བདག་རྡོ་རྗེ་མཁའ་འགྲོར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱང་གོ་འཕང་དེ་ལ་དགོད་པར་བྱའོ་སྙམ་པའི་འདོད་པ་དང་བཅས་པའི་སྨོན་ལམ་མོ། །འཇུག་པ་བྱང་ཆུབ་ཀྱི་སེམས་ནི་དེའི་ལམ་སྦྱིན་པ་ལ་སོགས་པ་
Vol. 19 · folio 80a
ཉམས་སུ་ལེན་པའི་རང་བཞིན་ཏེ། དེ་གཉིས་ནི་བླ་ན་མེད་པའི་འབྲས་བུ་སྒྲུབ་པར་བྱེད་པས་ན་བླ་ན་མེད་པའོ། །དེ་བཞིན་བསྐྱེད་པར་བགྱི་ཞེས་བྱ་བ་ནི་ཇི་ལྟར་དུས་གསུམ་གྱི་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའི་གནས་སྐབས་ན་བྱང་ཆུབ་ཀྱི་ཕྱིར་ཐུགས་བསྐྱེད་པ་མཛད་
པ་དང་། སྐྱེད་པ་དང་། བསྐྱེད་པར་འགྱུར་བར་ལྟར་བདག་གིས་ཀྱང་བསྐྱེད་པའོ། །ཡང་ན་མགོན་པོ་ནི་བྱང་ཆུབ་སེམས་དཔའ་སྟེ། སངས་རྒྱས་ཀྱི་གནས་སུ་གྱུར་པའི་ཕྱིར་རོ། །དེ་ཡང་གསུངས་པ། དེ་ལྟར་བྱང་ཆུབ་སེམས་བསྐྱེད་པ། །གང་ཡིན་སངས་རྒྱས་ཉིད་ཅེས་བྱ། །ཞེས་
གསུངས་པའི་ཕྱིར་རོ། །དེ་རྣམས་ཀྱི་སེམས་ནི་སྨོན་པ་སྔོན་དུ་འགྲོ་བའི་འཇུག་པའི་སེམས་ཏེ། དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་བླ་ན་མེད་པའོ། །སངས་རྒྱས་རྣལ་འབྱོར་སྐྱེས་སྡོམ་པ། །ཞེས་པ་ལ་སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །སྐྱེས་པ་ནི་དེའི་རིགས་ཀྱི་
སྒྲུབ་པ་པོའོ། །སྡོམ་པ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་མཚན་ཉིད་ཅན་ཏེ། ལུས་ལ་སོགས་པ་བྱ་བ་མ་ཡིན་པ་ལས་བཟློག་ཅིང་སྡུད་པའི་ཕྱིར་བླ་ན་མེད་པའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་དང་། ཉོན་མོངས་པ་དང་།
ཤེས་བྱའི་སྒྲིབ་པའི་བག་ཆགས་བསལ་བས་ན་སངས་རྒྱས་ཏེ་རྣམ་པར་སྣང་མཛད་ལ་སོགས་པའོ། ཆོས་ནི་འཛིན་པས་ན་ཆོས་ཏེ། ལུང་དང་རྟོགས་པའི་རང་བཞིན་ནོ། །འདུས་པ་ནི་དགེ་འདུན་ཏེ། འཇམ་དཔལ་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའོ། །བླ་ན་མེད་པའི་
དཀོན་མཆོག་གསུམ། །ཞེས་བྱ་བ་ལ་གསུམ་ནི་ལུས་དང་ངག་དང་ཡིད་དེ། དེ་རྣམས་ཀྱི་དགའ་བ་དང་རྒྱས་པར་བྱེད་པས་ན་དཀོན་མཆོག་གོ། །ཡང་ན་སངས་རྒྱས་ལ་སོགས་པ་ཉིད་དཀོན་པ་སྟེ། གསུམ་པོ་དེ་དག་ཉིད་དཀོན་པའི་ནང་ན་གཙོ་བོ་ཡིན་པས་མཆོག་གོ། །དེ་ཉིད་ཀྱི་
ཕྱིར་བླ་ན་མེད་པ་སྟེ། གཟུང་ཞེས་བྱ་བར་འབྲེལ་ཏོ། །འདིར་གཟུང་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་སྟེ། དང་པོ་སྐྱབས་སུ་སོང་ནས་དེའི་འོག་ཏུ་མངོན་སུམ་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །བསླབ་པ་ཞེས་བྱ་བ་ལ་སོགས་པ་ལ་ཚུལ་ཁྲིམས་གསུམ་ཞེས་བྱ་བ་ནི་བསླབ་པའི་ཚུལ་ཁྲིམས་
Vol. 19 · folio 80b
ལ་སོགས་པ་དེ་དག་ཉིད་དེ་མི་དགེ་བ་ལས་ལྡོག་པ་དང་། དགེ་བ་ལ་འཇུག་པ་དང་། གཞན་གྱི་དོན་བྱེད་པའི་མཚན་ཉིད་ཅན་ནོ། །བདག་གིས་སོ་སོར་བརྟན་པོར་གཟུང་། །ཞེས་བྱ་བ་ལ་བདག་ནི་བདག་ཉིད་དེ་འགྲོ་བ་རྣམས་བསྒྲལ་བའི་ཕྱིར་ཁས་བླང་ཞིང་ང་རྒྱལ་བྱ་བའོ། །སོ་སོར་གཟུང་
བ་ནི་ཡང་དང་ཡང་དུ་འཇུག་པའོ། །བརྟན་པོར་གཟུང་བ་ནི་ཕྱིར་མི་ལྡོག་པ་སྟེ་སངས་རྒྱས་ལ་སོགས་པ་ལ་བརྟེན་པའི་སྨོན་ལམ་དང་འཇུག་པ་དེ་དག་ལས་མི་ཤེས་པའི་དབང་གིས་སླར་ལྡོག་པར་མི་བྱའོ། །དེ་ལྟར་འོག་ནས་འབྱུང་བ་ཀུན་ལ་སྦྱར་བར་བྱའོ། །རྡོ་རྗེ་རིགས་མཐོ་ཆེན་པོ་
ལ། །ཞེས་བྱ་བ་ལ་རྡོ་རྗེ་མཐོ་ནི་མི་བསྐྱོད་པའོ། །རིགས་ནི་དེ་དང་འབྲེལ་བའི་སྒྲུབ་པ་པོ་སྟེ་དེའི་སྡོམ་པ་ཡིན་པའམ་ཡང་ན་སྡོམ་པ་ཉིད་རྡོ་རྗེ་རིགས་མཐོ་ཆེན་པོ་སྟེ་མི་བསྐྱོད་པའི་རང་བཞིན་ནོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཞེས་བྱ་བ་ལ་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོའོ། །ཡང་དག་པ་ཉིད་དུ་གཟུང་བ་ནི་
ཡང་དང་ཡང་དུ་གཟུང་བའོ། །སློབ་དཔོན་ནི་བླ་མ་སྟེ་བླ་མ་སློབ་དཔོན་ཞེས་བྱ་བར་མཁས་པ་རྣམས་ཀྱིས་ཡོངས་སུ་བསྒྲགས་ཞེས་ཟེར་བའི་ཕྱིར་རོ། །ཡང་ན་རྡོ་རྗེ་ལ་སོགས་པ་ནི་རྡོ་རྗེ་ལ་སོགས་པའི་དམ་ཚིག་གོ། །སློབ་དཔོན་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །རིན་ཆེན་ཞེས་བྱ་བ་ལ་
སོགས་པ་ལ། ཚིགས་སུ་བཅད་པ་ཕྱེད་སྔ་མ་འདིས་ནི་རིགས་ཀྱི་ཐ་སྙད་བསྟན་པ་ཡིན་ཏེ། དེ་ལ་རིན་ཆེན་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ལས་བྱུང་བས་ན་རིགས་ནི་རིན་ཆེན་འབྱུང་ལྡན་ནོ། །རྣལ་འབྱོར་ནི་དེའི་རིགས་ཀྱི་སྒྲུབ་པ་པོ་སྟེ། དེའི་རྣམ་པར་ཡང་དང་ཡང་དུ་སེམས་
རྩེ་གཅིག་གིས་སྦྱོར་བའི་ཕྱིར་རོ། །དམ་ཚིག་ནི་འདའ་བར་མི་བྱ་བར་ཉམས་སུ་བླང་བའོ། །ཡིད་དུ་འོང་བ་ནི་སྦྱིན་པ་ལ་སྦྱོར་བས་སོ། །ཅི་ཞིག་ཅེ་ན། ཉིན་རེ་ཞེས་བྱ་བ་ལ་སོགས་པ་ལ། སྦྱིན་པ་རྣམ་པ་བཞི་ནི་ཟང་ཟིང་དང་། ཆོས་དང་། མི་འཇིགས་པ་དང་། བྱམས་པའོ། །ཡང་ན་ནོར་དང་ནོར་
གྱི་སྙིང་པོ་དང་། ཡན་ལག་དང་ཡན་ལག་གི་སྙིང་པོའོ། །དེ་ལ་ནོར་ནི་གསེར་ལ་སོགས་པའོ། །ནོར་གྱི་དང་པོ་ནི་བུ་དང་བྲན་ལ་སོགས་པའོ། །ཡན་ལག་ནི་རྐང་པ་ལ་སོགས་པའོ། །ཡན་ལག་གི་དང་པོ་ནི་མགོ་ལ་སོགས་པའོ། །བྱང་ཆུབ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ།
Vol. 19 · folio 81a
བྱང་ཆུབ་ཆེན་པོ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཞེས་བྱ་བ་ལ་སོགས་པས་སོ་སོར་རྟོག་པའི་ཡེ་ཤེས་ཡིན་ལ་འབྱུང་བ་ནི་དེ་ལས་སྐྱེས་པའོ། །སུ་ཞིག་ཅེ་ན། པདྨའི་རིགས་ཆེན་ཞེས་བྱ་བ་ལ་སོགས་པ་སྟེ། པདྨ་ཆེན་པོ་དག་པ་ནི་སྣང་བ་མཐའ་ཡས་སོ། །ཅིའི་
ཕྱིར་ཞེ་ན། གཟུང་བ་ལ་སོགས་པར་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །རིགས་ནི་དེའི་བདག་ཉིད་ཅན་ནོ། །ཕྱི་ནང་ཞེས་བྱ་བ་ལ་སོགས་པ་ནི་ཀྲྀ་ཡ་ལ་སོགས་པ་གསང་སྔགས་ཀྱི་ཐེག་པའོ། །ཐེག་པ་གསུམ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པའི་ཐེག་པ་སྟེ། འདིས་
དེའི་རིགས་ཅན་གྱི་སྐྱེ་བོ་རྣམས་འགྲོ་བས་ན་ཐེག་པའོ། །དམ་ཆོས་ཞེས་བྱ་བ་ནི་དེ་དག་ཉིད་དམ་པ་ནི་སངས་རྒྱས་སོ། །དེས་བསྟན་པའི་ཆོས་ནི་དམ་ཆོས་སོ། །ལས་ཀྱི་རིགས་ཆེན་མཐོན་པོ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་བདག་ཉིད་དོ། །ཅི་ནུས་བགྱི་ཞེས་བྱ་བ་ནི་རང་གི་སྟོབས་བཞིན་ཁས་
བླངས་པའོ། །མཆོད་པ་དེ་ཉིད་ཁྱད་པར་དུ་བྱ་བའི་ཕྱིར། སྡོམ་པ་ཐམས་ཅད་ལྡན་པར་ནི། །ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ནི་ཕྱི་དད་གསང་བའི་མཆོད་པ་རྣམས་སོ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་གཉིས་ནི་སྡོམ་པ་ལྔའི་ཉེ་བར་བསྡུ་བའོ། །
བླ་ན་མེད་པའི་བྱང་ཆུབ་སེམས། །ཞེས་བྱ་བ་ལ་སོགས་པས་ནི་སེམས་བསྐྱེད་པ་གཉིས་ཀྱི་བྱ་བ་སྟོན་པ་ཡིན་ནོ། །མ་རྒལ་བ་རྣམས་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་ལྡན་པས་སོ། །མ་གྲོལ་བ་ནི་ཚངས་པ་ལ་སོགས་པའོ། །དབུགས་མ་ཕྱིན་
པ་ནི་དམྱལ་བ་ལ་སོགས་པར་འགྲོ་བའོ། །ཀུན་ཞེས་བྱ་བ་ནི་དེ་དག་ཐམས་ཅད་དོ། །མྱ་ངན་ལས་འདས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ནས་ཞེས་བྱ་བ་ནི་དེ་ལྟར་དམ་བཅས་ནས་སོ། །ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཏེ། སརྦྦ་དྷརྨྨཱཿཞེས་བྱ་བ་ནི་ཕུང་པོ་ལ་སོགས་
པའི་ཆོས་རྣམས་སོ། །སྭ་བྷཱ་བ་ཤུདྡྷ་ནི་དེ་དག་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའོ། །ཨ་ཧཾ་ནི་བདག་ཉིད་སྟེ་བདག་གི་རང་བཞིན་དེ་ཡིན་ནོ། །དེ་ནས་ཚིག་འདི་བརྗོད་ནས་ཞེས་བྱ་བ་ལ་དེ་ནས་ཞེས་བྱ་བ་ནི་རང་བཞིན་དག་པའི་འོག་ཏུ་སྟེ། བཅོམ་ལྡན་འདས་བསྒོམ་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཡང་
Vol. 19 · folio 81b
ན་ཚིག་འདི་ཀུན་དུ་བརྗོད། །ཅེས་བྱ་བ་ལ་ཚིག་ནི་གནས་ཏེ་རང་བཞིན་དག་ཅིང་བདག་མེད་པ་ཉིད་དོ། །ཨ་ནི་དགག་པ་སྟེ་བརྗོད་དུ་མེད་པའི་རང་བཞིན་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་བྱ་བ་ལ་དེ་ཉིད་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའི་སྨོན་ལམ་བྱེད་པའི་རྣལ་
འབྱོར་པ་ཉིད་དོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་བྷ་ག་དང་སྦྱར་བའི་ཕྱིར་རོ། །དེ་ཉིད་རྡོ་རྗེ་ཅན་ཏེ་དེ་ཡང་འདི་ལྟར་རྡོ་རྗེ་འཛིན་དང་དབྱེར་མེད་པའི་ཕྱིར་ཏེ་ཇི་སྐད་དུ་བྱང་ཆུབ་ཀྱི་སེམས་དང་རྡོ་རྗེ་སློབ་དཔོན་ནི་གཉིས་སུ་མེད་ཅིང་དབྱེར་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་
ནི་བརྩོན་འགྲུས་བརྟན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཡིན་ཞིང་རང་བཞིན་རྣམ་པར་དག་པ་ཐོབ་པས་ན་དེ་བཞིན་གཤེགས་པ་ཡང་ཡིན་ནོ། །དེས་ཆོས་ཐམས་ཅད་བདག་མེད་པར་བལྟ་ཞེས་བྱ་བ་སྔ་མ་དང་སྦྱར་ཏེ། ཆོས་རྣམས་བདག་མེད་པར་བལྟ་བའོ། །ཡང་ན་ཆོས་རྣམས་བདག་མེད་
པ་ལྷན་ཅིག་ཏུ་བལྟ་བའོ། །སྐུ་མདོག་སྔོན་པོ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་མཁའ་འགྲོ་བསྒོམ་པ་བསྟན་ཏེ། འོག་ནས་འབྱུང་བའི་པདྨའི་ལྟེ་བར་དགོད་པར་བྱའོ། །གར་དང་ལྡན་པ་ཞེས་བྱ་བ་ནི་གཡས་བརྐྱང་བས་བཞུགས་པའོ། །ཡེ་ཤེས་རྒྱ་མཚོ་ནི་རྡོ་རྗེ་མཁའ་འགྲོའོ། །ཤར་
ནི་ཞེས་བྱ་བ་ལ་སོགས་པས་ནི་ལྟུང་བྱེད་མ་ལ་སོགས་པའི་ལྷ་མོ་བཞིས་གསུངས་པ་ཡིན་ཏེ་དབུས་ཀྱི་པདྨའི་ཕྱོགས་ཀྱི་འདབ་མ་བཞི་ལའོ། །མཚམས་ཀྱི་འདབ་མ་རྣམས་ལ་ནི་བདུད་རྩི་ལྔའི་ཐོད་པ་རྣམས་སོ། །ཕྱི་རོལ་གྱི་པདྨ་རིམ་པ་གསུམ་པ་ལ་ནི་སྔར་བསྟན་པ་བཞིན་རབ་
ཏུ་གཏུམ་མོ་ལ་སོགས་པ་རྣམས་དགོད་དོ། །ཤར་ལ་སོགས་པའི་སྒོ་བཞིར་ནི་ཁྭ་གདོང་མ་ལ་སོགས་པ་བཞི་དགོད་དོ། །དབང་ལྡན་ལ་སོགས་པའི་མཚམས་སུ་ནི་གཤིན་རྗེ་བརྟན་མ་ལ་སོགས་པའོ། །ལྷག་མ་ནི་སྒྲུབ་ཐབས་སུ་བལྟའོ། །ཐོད་པ་རྣམ་པ་བཞི་པོ་ཞེས་བྱ་བ་ནི་བདུད་
རྩི་ལྔའི་ཐོད་པ་སྟེ་དབུས་ཀྱི་པདྨའི་མཚམས་བཞིར་དགོད་པའོ། །སངས་རྒྱས་གཟུགས་ཀྱིས་རྣམ་བརྒྱན་པ། །ཞེས་བྱ་བ་ཉིད་ཀྱིས་བཤད་པ་ནི་སྤྱི་གཙུག་ཅེས་བྱ་བ་ལ་སོགས་པ་སྟེ། །སྤྱི་གཙུག་ཅེས་བྱ་བ་ནི་ཐོད་པའོ། །གསལ་བ་ཞེས་བྱ་བ་ལ་ནམ་མཁའ་ལས་འོངས་པས་ན་གསལ་བ་སྟེ། །
Vol. 19 · folio 82a
དེའི་སྟེང་དུ་གནས་པའི་ཟླ་མཚན་ནོ། །ཡང་དག་ལྡན་པ་ནི་བདུད་རྩིའོ། །ལྷག་མ་རྣམས་ཏེ་རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་དང་། མི་བསྐྱོད་པ་དང་། དོན་ཡོད་གྲུབ་པ་རྣམས་གཟུང་ངོ་། །བདུད་རྩི་ལྔ་སྦྱང་བ་གསུངས་པ། དང་པོ་ཞེས་བྱ་བ་ལ་སོགས་པ་ལ།
དང་པོའི་ཡི་གེ་ནི་ཨོཾ་མོ། །དེ་དང་ལྡན་པ་ནི་ཐོད་པའོ། །བསྒོམ་པ་ནི་ཐོད་པ་དང་བྷྲཱུྃ་ལ་སོགས་པ་བསྒོམ་པའོ། །དེས་ཅིར་འགྱུར་ཞེ་ན་གསུངས་པ། སྐད་ཅིག་དེ་ལ་འབར་ཞེས་བྱ་བ་སྟེ་འབར་བའོ། །དེས་ཀྱང་ཅིར་འགྱུར་ཞེ་ན། རྫས་ཀྱི་དངོས་གྲུབ་འབྲས་རབ་སྟེར། །ཞེས་བྱ་བ་སྟེ་གོ་སླའོ། །
འདིར་དང་པོར་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་ལ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་དེའི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པ་དེའི་ནང་དུ་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུྃ་གི་ས་བོན་ལས་སྐྱེས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་གྱི་བདུད་རྩི་ལྔའོ། །དེའི་སྟེང་དུ་ནི་ཨོཾ་བར་སྣང་ལ་ཧཱུྃ་གིས་བསྐྱེད་
པའི་རྡོ་རྗེ་དེ་ནས་རླུང་གིས་འབར་བའི་མེས་བསྐོལ་ནས་དེའི་དྲོད་ཀྱིས་རྡོ་རྗེ་ཡང་བཞུ་སྟེ། དེ་ཉིད་དུ་བབས་ནས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ་བདུད་རྩི་འབར་བར་གྱུར་ན་དངོས་གྲུབ་སྟེར་བར་འགྱུར་རོ། །སྦྱོར་བའི་དངོས་གྲུབ་རིག་པ་ཆེ། །ཡིད་ཆེས་ཡང་དག་འཇུག་པར་འགྱུར། །ཞེས་
བྱ་བ་ལ་སྦྱོར་བས་གྲུབ་པའི་དངོས་གྲུབ་ནི། སྦྱོར་བའི་དངོས་གྲུབ་སྟེ་གསུམ་པའི་དོན་གྱིས་དྲུག་པ་ཡིན་ནོ། །ཅི་ཞིག་གི་སྦྱོར་བ་ཡིན་ཞེ་ན། རིགས་པ་ཆེན་པོ་སྟེ་སྔགས་ལ་སོགས་པའི་རིགས་སོ། །ཡིད་ཆེས་ནི་ཡང་དག་པའི་རྟོག་པའོ། །འཇུག་པ་ནི་སྐྱེ་བ་སྟེ་རྡོ་རྗེ་མཁའ་འགྲོའི་བསམ་
གཏན་གྱི་བྷྲཱུཾ་ལ་སོགས་པ་དང་། ཡི་གེ་གསུམ་པོ་སྔོན་དུ་བཟླས་ནས་བསྒྲུབས་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ། །འབྲས་བུ་དེ་གསུངས་པ་མི་སྣང་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་མཁའ་འགྲོའི་བསམ་གཏན་གྱི་ཉེ་བར་ལེན་པའི་རྒྱུ་དང་། དམ་ཚིག་གི་ལྷན་ཅིག་བྱེད་པའི་གྲོགས་ལས་
ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་བར་ཤེས་པར་བྱའོ། །ཐམས་ཅད་དང་ཞེས་བྱ་བ་ནི་རིལ་བུ་དང་མིག་སྨན་ལ་སོགས་པའོ། །སྒྲུབ་པ་པོས་སྐད་ཅིག་གིས་མཐོང་འགྱུར་ཞེས་བྱ་བ་ནི་རིལ་བུ་ལ་སོགས་པའི་འབྲས་བུ་མི་སྣང་བའི་བྱ་བ་བསྟན་པ་ཡིན་ཏེ། རྒྱལ་པོའི་བཙུན་མོའི་ཕོ་བྲང་གི་
Vol. 19 · folio 82b
ནང་དུ་ཞུགས་ནས་བདག་གིས་ཐམས་ཅད་མཐོང་ཞིང་ལོངས་སྤྱོད་པ་དང་གཞན་གྱིས་མི་མཐོང་བ་དང་། ལྷ་མཆོག་ལས་སྐྱེས་ཏེ་བརྒྱ་བྱིན་ལས་སྐྱེས་པའི་བུ་མོ་རྣམས་བླངས་ནས་སངས་རྒྱས་ཀུན་གྱི་བུ་མོ་སྟེ། སྒྱུ་འཕྲུལ་ཆེན་མོ་ལ་སོགས་པར་བྱིན་གྱིས་བརླབས་པ་ལ་ལོངས་སྤྱོད་པ་སྟེ། དབང་
བསྐུར་བ་ལ་སོགས་པ་བྱའོ། །ཡང་ན་སངས་རྒྱས་ཀུན་ལས་འཕྲོགས། །ཞེས་བྱ་བར་སྦྱར་ཏེ། དེ་དག་གི་ཡོན་ཏན་དང་ལྡན་པར་བྱས་པས་སངས་རྒྱས་དང་འདྲ་ཞེས་བྱ་བའི་བར་དུའོ། །དེ་ལྟར་མི་མཐོང་བ་དང་མཐོང་བའི་འབྲས་བུ་བསྟན་ནས་ལྷའི་མིག་གི་འབྲས་བུ་བསྟན་པའི་ཕྱིར།
གངྒཱའི་བྱེ་མ་སྙེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་གསུམ་གྱི་གནས་བཞུགས་པ། །ཞེས་བྱ་བ་ལ་རྡོ་རྗེ་ནི་མི་ཕྱེད་པ་སྟེ་དམ་ཚིག་མཆོག་ལ་གནས་པའོ། །གནས་ནི་ཕུང་པོའོ། །གསུམ་ནི་ཚོགས་གསུམ་སྟེ། གངྒཱའི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཚོགས་གཅིག་དང་
གཉིས་དང་གསུམ་གྱི་བར་དུའོ། །རྡོ་རྗེ་མིག་གིས་མཐོང་བར་འགྱུར། །ཞེས་བྱ་བ་ལ་རྡོ་རྗེ་ནི་ཤིན་ཏུ་རྣོ་བ་སྟེ། གསལ་ཞིང་དྲི་མ་མེད་པ་དེས་མཐོང་བའོ། །ཇི་ལྟར་ཞེ་ན། ལག་ཏུ་ཤིང་ཏོག་བཞག་པ་བཞིན་ཏེ་ལག་པའི་མཐིལ་ན་གནས་པའི་སྐྱུ་རུ་རའི་འབྲས་བུ་ལྟར་རོ། །ཡང་ན་རྡོ་རྗེ་གསུམ་
ནི་སྐུ་ལ་སོགས་པ་སྟེ། དེ་རྣམས་ཀྱི་གནས་ཀྱི་སངས་རྒྱས་ཀྱི་ཞིང་ངོ་། །ལྷག་མ་ནི་སྔར་བཤད་པ་བཞིན་ནོ། །ལུས་ཀྱི་རྫུ་འཕྲུལ་ཤེས་པ་གསུངས་པ། གངྒཱའི་བྱེ་མ་སྙེད་ཅེས་བྱ་བ་ལ་སོགས་པ་སྟེ། ཉེ་བར་མཚོན་པ་འདིས་ན་བར་ན་གནས་པ་གསུམ་ཡང་གཟུང་ངོ་། །སྔགས་ཀྱི་ཡི་གེ་གོ་
བཟློག་པས། །ཞེས་བྱ་བ་ལ་སྔགས་ཀྱི་ཡི་གེ་ནི་སྙིང་པོའི་སྔགས་ཡི་གེ་ཉི་ཤུ་རྩ་གཉིས་པའོ། །གོ་བཟློག་པ་ནི་གོ་རིམས་བཟློག་སྟེ་བཟླས་པའོ། །རྒྱུད་ཅེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་བསམ་གཏན་བསྒོམ་པ་སྟེ་བསམ་གཏན་དེས་སྔགས་སྔ་མ་ཉིད་ཀྱི་དངོས་གྲུབ་ནི་སྣ་ཚོགས་བསྒྲུབ་པར་བྱ་ཞེས་
བྱ་བའི་དོན་ཏོ། །ཡང་ན་རྒྱུད་ནི་རྒྱུད་འདིར་རོ། །སྔགས་ནི་སྔགས་ཐམས་ཅད་དེ་སྔགས་དེ་རྣམས་ཀྱི་ཡི་གེ་བསྟན་པའི་དུས་སུ་ནི་ལུགས་སུ་འབྱུང་བར་བྲི་ལ་ཟློས་པའི་དུས་སུ་ནི་ལུགས་ལས་བཟློག་སྟེ་བཟླའོ། །དེ་དག་ཅེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོས་བདུད་རྩི་རྣམ་པ་ལྔ་སྦྱང་བའོ། །བཤད་
Vol. 19 · folio 83a
པ་ཡིན་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཀྱིས་བཤད་པ་སྟེ། དེ་ཉིད་ཀྱིས་ན་གུས་པར་བྱ་བ་ཉིད་དུ་སྟོན་ཏོ། །ད་ནི་ཕྱི་རོལ་རི་མོའི་དཀྱིལ་འཁོར་བྲི་བའི་བྱ་བ་གསུངས་པ། ཐོ་རངས་ཞེས་བྱ་བ་ལ་སོགས་པ་ལ། བྱམས་པའི་སེམས་ནི་བསྐྱེད་ནས་སུ། །ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ།
སྙིང་རྗེ་ལ་སོགས་པ་དག་ཀྱང་གཟུང་བར་བྱའོ། །དེ་ལ་བྱམས་པ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའོ། །སེམས་ནི་དེ་ལས་བྱུང་བའི་བསམ་པའམ་དེའི་རྣམ་པ་ཅན་གྱི་ཡིད་དོ། །བསྐྱེད་པ་ནི་བསྒོམ་པའོ། །དེ་ནས་ཞེས་བྱ་བ་ནི་དེའི་འོག་ཏུའོ། །ཁ་ཅིག་ན་རེ་ནི་མཆོད་པ་ལ་
སོགས་པ་སྔོན་དུ་འགྲོ་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བ་ལ་སོགས་པ་སྡོམ་པ་གཟུང་བ་དང་། སེམས་བསྐྱེད་པའི་སྨོན་ལམ་གྱི་བར་དུ་སྔར་བསྟན་པ་རྣམས་བྱ་སྟེ། དེ་ནས་དཀྱིལ་འཁོར་བྲི་བར་བྱ། །ཞེས་ཟེར་རོ། །གྲུ་བཞི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེའི་
ནང་དུ་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྲུ་བཞིའི་ནང་དུའོ། །འཁོར་ལོའི་ཕྲེང་བས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་སྙིང་པོའི་དཀྱིལ་འཁོར་ཏེ། རྡོ་རྗེ་དཀར་པོའི་ཕྲེང་བས་ཀུན་ནས་ཟླུམ་པོར་བསྐོར་བའོ། །དེའི་དབུས་འགྱུར་ཞེས་བྱ་བ་ནི་རྡོ་རྗེའི་ཕྲེང་བའི་ནང་དུ་སྟེ། པདྨ་དཀར་པོ་འདབ་མ་བརྒྱད་པ་
ནི་སྐུ་རྡོ་རྗེའི་རང་བཞིན་གྱི་ཕྱིར་རོ། །དེའི་དབུས་འགྱུར་ཞེས་བྱ་བ་ནི་སྐུའི་འཁོར་ལོའི་ནང་དུ་སྟེ། པདྨ་དམར་པོ་ཞེས་བྱ་བ་ནི་གསུང་རྡོ་རྗེའི་རང་བཞིན་གྱི་ཕྱིར་པདྨ་དམར་པོ་འདབ་མ་བརྒྱད་པ་རྡོ་རྗེ་དམར་པོའི་ཕྲེང་བ་དང་བཅས་པར་བྲི་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། ཐུགས་ཀྱི་
དཀྱིལ་འཁོར་གསུངས་ཏེ། རྡོ་རྗེ་ཕྲེང་བ་ཀུན་འཁྲིགས་བྲི། །ཞེས་བྱ་བ་ནི་ཐུགས་རྡོ་རྗེའི་རང་བཞིན་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཡང་པདྨ་ལྟར་ཨིནྡྲ་ནཱི་ལར་བྲིའོ། །འཁོར་ལོ་གསུམ་པོ་ཀུན་གྱི་ཡང་རྡོ་རྗེ་རྣམས་རྩེ་མོ་ལྔ་པར་བྲི་ཞིང་རྩེ་མོ་ལྔ་ལྔ་ལ་ཡང་ཐིག་ལེ་ལྔ་ལྔ་དགོད་པར་བྱའོ་ཞེས་བསྟན་
པའི་ཕྱིར། རྡོ་རྗེ་ཀ་བའི་ནང་ལོགས་སུ། །དཀྱིལ་འཁོར་ལྔས་ནི་རྣམ་བརྒྱན་པ། །ཞེས་བྱ་བ་གསུངས་ཏེ། འདིར་ཀ་བའི་སྒྲ་ནི་རྩེ་མོ་ཡིན་ལ་དེ་ལ་བརྒྱན་པས་ན་དཀྱིལ་འཁོར་ཏེ་ཐིག་ལེའོ། །རི་རབ་ལྷུན་པོའི་སྟེང་དུ་ནི། །ཞེས་བྱ་བ་ལ་རི་མོའི་དཀྱིལ་འཁོར་དེ་ཉིད་དངོས་གྲུབ་ཀྱི་རིན་པོ་
Vol. 19 · folio 83b
ཆེ་སྣ་ཚོགས་ཀྱི་གནས་ཡིན་པས་ན་རི་རབ་བོ། །ཕྱིར་རྒོལ་བ་རྣམས་ཀྱིས་མི་འགུལ་བས་ན་ལྷུན་པོ་སྟེ། གསང་སྔགས་ཀྱི་ཐེག་པའོ། །སྟེང་ན་དེའི་བླ་མར་གྱུར་པ་སྟེ། རྣལ་འབྱོར་མའི་རྒྱུད་ཆེན་པོའོ། །སྣ་ཚོགས་པདྨ་ནི་དེའི་ཚུལ་གྱིས་དཀྱིལ་འཁོར་ཏེ། འདོད་ཆགས་ལ་སོགས་པའི་
ཉོན་མོངས་པའི་དྲི་མ་དང་བྲལ་བའི་སེམས་རྣམ་པར་དག་པ་ཡིན་པའི་ཕྱིར། ཡིད་འོང་ནི་ཡིད་འཕྲོག་པའོ། །བསམ་པ་ནི་བྲི་བའོ། །ཁ་ཅིག་ནི་འདི་དག་ནི་སྒྲ་ཇི་བཞིན་ཡིན་ཏེ། རྡོ་རྗེ་མཁའ་འགྲོའི་ཏིང་ངེ་འཛིན་ལ་རྟེན་གྱི་དཀྱིལ་འཁོར་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །ལྷག་མ་ནི་གོ་སླའོ། །
རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་ལ་འབྱུང་བ་ནི་བསྐྱེད་པའོ། །གཞུང་གང་གི་རྡོ་རྗེ་མཁའ་འགྲོའི་འབྱུང་བ་སྟོན་པ་དེ་ནི་རིམ་པར་ཕྱེ་བ་སྟེ་བཅུ་གཉིས་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། །།
རྡོ་རྗེ་མཁའ་འགྲོའི་བསམ་གཏན་གྱི་སྔགས་མང་དུ་བཟླས་ན་དཔའ་བོ་དང་གཉིས་སུ་མེད་པའི་རྣམ་འབྱོར་མ་རེ་རེའི་སྦྱོར་བས་ཀྱང་ལས་རྣམས་འགྲུབ་པོ་ཞེས་བསྟན་པའི་ཕྱིར། ལེའུ་བཅུ་གསུམ་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་འབྱུང་བ་
བསྟན་གྱི་འོག་ཏུའོ། །དེ་ལས་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་བསམ་གཏན་སྔོན་དུ་སོང་བ་དེ་ལས་ཏེ། གཞན་དུ་ན་ཅུང་ཟད་ཙམ་ཡང་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་ཐམས་ཅད་རབ་བསྒྲུབ་པ། །ཞེས་བྱ་བ་ནི་སྦྱོར་བའི་ཁྱད་པར་ཏེ། བཤད་པར་བྱ་ཞེས་བྱ་བ་སྔ་མ་དང་
འབྲེལ་ཏོ། །དེ་ལ་དངོས་གྲུབ་ཐམས་ཅད་ནི་ཞི་བ་ལ་སོགས་པའི་ལས་རྣམས་ཏེ། རབ་ཏུ་བསྒྲུབ་པ་ནི་ཁྱད་པར་དུ་བསྒྲུབ་ཅིང་སྒྲུབ་པ་པོ་ལ་བྱེ་བྲག་ཏུ་བསྐྱེད་པའོ། །ཅི་ཞིག་ཅེ་ན། གང་ཞིག་ཤེས་པ་ཙམ་གྱིས་ནི། །ཞེས་བྱ་བ་ལ། གང་གི་ནི་ཆོ་ག་གང་གི་སྟེ་ཤེས་པ་ནི་ཁོང་དུ་ཆུད་ནས་ཕྱིས་
གོམས་པར་བྱས་པའོ། །ཇི་སྲིད་དུ་ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་བྱ་བ་གསུངས་པ། ཨ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྣའི་རྩེ་མོ་ནི་བྱ་མཆུའི་སྒོ་སྟེ། དེར་ཟླ་བའི་དཀྱིལ་འཁོར་ལ་ཨ་བསྒོམ་པའོ། །དེ་བཞིན་དུ་ཡང་ལིངྒའི་ལྟེ་བ་སྟེ། རྡོ་རྗེ་ནོར་བུའི་ཟླ་བ་ལ་དགོད་པར་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words