རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྣམ་པར་བཤད་པ
Sanskrit title (Tibetan script, as in the text) ཤྲཱི་བཛྲ་ཌཱ་ཀི་ནཱ་མ་མ་ཧཱ་ཏནྟྲ་རཱ་ཛ་སྱ་བི་བྲྀཏྟི
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 19 · folio 110b
ཤྲི་ཕ་ལ་ནི་བིལ་བའི་འབྲས་བུའོ། །པོ་སོན་ཆ་ནི་པོ་སོན་ཆའི་འབྲས་བུའོ། །ལ་གུ་ཙ་ནི་དུ་ཧུའི་འབྲས་བུའོ། །ཀུ་བ་ནི་ཀུ་བ་ཁན་དེའི་འབྲས་བུའོ། །པརྟ་ཀི་ནི་བ་ཛ་ཀིའོ། །མ་ར་ཙ་ནི་ཨ་བ་ཀུ་ཙེ་ཞེས་བྱ་བའོ། །རཻ་ཎུ་ཀ་ཡང་འབྲས་བུའི་སྡེར་བལྟ་བར་བྱ་སྟེ། འོག་ནས་མེ་
ཏོག་གི་སྡེར་བསྟན་མོད་ཀྱི་ཁྱད་པར་དུ་རཻ་ཎུ་ཀ་ལ་དང་ཞེས་ཕྱ་བས་བསྡུ་བ་བསྟན་པའི་ཕྱིར་རོ། །འོག་ནས་འབྲས་བུ་བཅུ་དྲུག་ཏུ་བསྟན་མོད་ཀྱི་དོན་གྱིས་ནི་བཅུ་བདུན་དུ་ཤེས་པར་བྱའོ། །དེ་ལྟར་ཤྲི་ཕ་ལ་ནས་པི་པི་ལིང་ཡན་ཚད་ནི་འབྲས་བུའི་སྡེའོ། །བཅའ་བ་ཞེས་བྱ་བ་ལ་སོགས་པ་ནས་བཅའ་བ་
ནས་མཚན་མོའི་ཤིང་ཞེས་བྱ་བ་ཡན་ཆད་ནི་རྩ་བའི་སྡེའོ། །བཅའ་བ་ལ་སོགས་པ་ནི་གྲགས་པར་ཟད་དོ། །བཅའ་སྒ་ཞེས་བྱ་བ་ནི་རྭ་ཅན་ནོ། །རླན་ཅན་གྱི་དྭ་བ་ཞེས་བྱ་བ་ནི་ཆུ་ནང་དུ་སྐྱེས་པའི་དྭ་བར་གྲགས་པའོ། །ནཱ་ག་པཱ་ལ་ཞེས་བྱ་བ་ནི་བ་ལང་སྐྱོང་གི་འབྲས་ཞེས་བྱའོ། །དཀར་པོ་
ཞེས་བྱ་བ་ནི་ཨ་པ་རཱ་ཛི་ཏ་དཀར་པོའོ། །རྒན་པོ་གཞོན་ནུར་བྱེད་པ་ནི་གྲགས་པར་ཟད་དོ། །འོག་ནས་འབྱུང་བའི་བྱིས་པ་དང་སྟུག་པོ་དང་མཚན་མོའི་ཤིང་དང་གསུམ་ཡང་རྩ་བའི་སྡེར་གཏོགས་པ་ཡིན་ཏེ། འོག་ནས་བ་ལི་ཀ་དང་། མཚན་མོའི་ཤིང་བཅུ་གཉིས་རྩ་བའི་སྡེ་ཞེས་
ཟེར་བའི་ཕྱིར་རོ། །དེ་ལ་བྱིས་པ་ནི་གྲགས་པར་ཟད་དོ། །སྟུག་པོ་ནི་གླ་སྒང་ངོ་། །མཚན་མོའི་ཤིང་ནི་ཡུང་བ་ནག་པོའོ། །བྱིས་པ་དང་སྟུག་པོ་ནི་ཆུའི་སྡེར་ཡང་གཏོགས་པ་ཡིན་ནོ། །དེ་བཞིན་ཞེས་བྱ་བའི་སྒྲས་ནི་རལ་པ་ལ་སོགས་པ་མ་སྨོས་པ་ཡང་བཟུང་བ་ཡིན་ནོ། །གླང་
ཆེན་སྒྲ་ཞེས་བྱ་བ་ནས། མྱུར་འགྲོ་དང་ཞེས་བྱ་བའི་བར་དུ་ནི་རྩ་བ་དང་ཡན་ལག་ལ་སོགས་པ་དང་བཅས་པ་སྟེ་ཆུའི་སྡེའོ། །གླང་ཆེན་སྒྲ་ཞེས་བྱ་བ་ནི། དངུལ་ཆུ་གསོད་པ་ཞེས་བྱ་བའོ། །རི་མཛེས་ནི་འབྱུང་པོའི་སྐྲའོ། །འཛག་པ་ནི་རྟག་ཏུ་ངུའོ། །རལ་པ་དམར་པོ་ནི་དམར་པོ་བསྐྲད་པ་
ཞེས་བྱ་བའོ། །སྨྱོ་བྱེད་ནི་ད་དུ་རའོ། །མྱུར་འགྲོ་ནི་ཨ་ཤྭ་གནྡྷའོ། །ཀ་ཏམྤ་ཞེས་བྱ་བ་ལ་སོགས་པ་བརྒྱད་ནི་ཤུན་པའི་སྡེའོ། །ཀ་ཏམྤ་ལ་སོགས་པ་ནི་གྲགས་པར་ཟད་དོ། །ཤི་ཀྲུ་ནི་སོ་པཉྫའོ། །པི་ལ་སི་ནི་བེ་ཏ་ཞེས་བྱ་བར་གྲགས་པའོ། །ཀ་ཏུ་མ་ཛ་ཞེས་བྱ་བ་ལ་སོགས་པ་ལ་
Vol. 19 · folio 111a
ཀ་ཏུ་མ་ཛའི་རི་ཞེས་བྱ་བ་ནི་ཀ་མ་ཛ་རི་ཉིད་དོ། །བ་ལ་ཤ་ཞེས་བྱ་བ་ལ་སོགས་པ་ལ། བ་ལ་ཤ་ནི་མེ་ཏོག་གི་སྡེར་བལྟའོ། །ལྷག་མ་གསུམ་ནི་སྡོང་པོའི་སྡེའོ། །བུ་རམ་ཞེས་བྱ་བ་ལ་སོགས་པ་ལ། གུར་ཤིང་ནི་གུར་ཤིང་ལས་བྱུང་བའི་ཁུ་བའོ། །མོ་ཀྵ་ནི་པ་ར་ཞེས་བྱ་བ་སྟེ།
ཐལ་སྨན་གྱི་སྡེའོ། །པུཥྐ་ར་ནི་པུཥྐ་ར་མཱུ་ལ་ཁའི་ཁུ་བའམ་པུཥྐ་རའི་ཤིང་གི་ཆུའོ། །དེ་ལྟར་མོཀྵ་མ་གཏོགས་པ་ལྔའི་སྟེང་དུ་ལོ་ཏྲའི་ཁུ་བ་བསྣན་པ་དྲུག་པོ་དེ་དག་ནི་བཅུད་ཀྱི་སྡེ་ཞེས་བྱའོ། །བསྡུས་པའི་དོན་གསུངས་པ། མེ་ཏོག་ཅེས་བྱ་བ་ལ་སོགས་པའི་ཤིང་ངོ་ཞེས་བྱ་བ་ནི་སྡོང་
པོ་སྟེ། ངོ་ཞེས་བྱ་བ་ནི་སྡེ་ཚན་ཡོངས་སུ་རྫོགས་པའི་ཚིག་གོ། །ཁུ་བྱུག་ཅེས་བྱ་བ་ལ་སོགས་པ་ལ། ཟངས་ཀྱི་གཙུག་ཕུད་ཅན་ནི་ཁྱིམ་བྱའོ། །བྱ་རོག་ནི་བྱ་རོག་ཆེན་པོའོ། །ཀ་ར་ཀ་ར་ནི་བྱ་བྱེའུའི་ཁྱད་པར་ཞིག་གོ། །དྲང་སྲོང་བུ་ནི་ནེ་ཙོའོ། །སྟོབས་འཕེལ་བར་བྱེད་ཅེས་བྱ་བ་ལ་
བཅུད་ཀྱིས་ལེན་ལ་དེ་དག་གི་ཤ་ཁུ་ཟོས་ན་སྟོབས་འཕེལ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་དག་ནི་འདབ་མ་ཅན་གྱི་སྡེའོ། །ཕྱུགས་ཀྱི་སྡེ་གསུངས་པ། ར་དང་རི་བོང་རི་དགས་དང་། །ཞེས་བྱ་བ་ལ་སོགས་པ་ལ། རི་དགས་ཞེས་བྱ་བ་ནི་ཤ་བའི་རིགས་སུ་གཏོགས་པ་རྣམས་
སོ། །ཕག་ཅེས་བྱ་བ་ནི་ཕག་གི་ཁྱད་པར་ཞིག་སྟེ། པ་སི་ལ་ཀ་ཞེས་བྱ་བར་གྲགས་པར་ཟད་དོ། །ལྷག་མ་ནི་གོ་སླ་སྟེ་ཤའི་སྡེའོ། །མེ་ཏོག་ཅེས་བྱ་བ་ལ་སོགས་པས་ནི་ཆང་གི་སྡེ་གསུངས་པ་ཡིན་ཏེ། མེ་ཏོག་ཅེས་བྱ་བ་ལ་སོགས་པས་ནི་ཆང་ཞེས་བྱ་བ་དང་སྦྱར་རོ། །དེ་
ལ་མེ་ཏོག་གི་ཆང་ནི་ཏཱ་ལའི་མེ་ཏོག་ལ་སོགས་པ་ལས་བྱུང་བའོ། །འབྲས་བུའི་ཆང་ནི་རྒུན་འབྲུའི་ཁུ་བ་ལ་སོགས་པའོ། །ཤུན་པའི་ཆང་ནི་ཤིང་ཤུན་དང་འབྲས་ཆན་དུ་བསྲེས་པ་ལས་བྱུང་བ་སྟེ་ཛི་བོའོ། །འབྲུའི་ཆང་ནི་གོ་བར་ཟད་དོ། །གཞན་ཡང་ཆང་གི་བྱེ་བྲག་དག །
ཅེས་བྱ་བ་ནི་བུར་ཤིང་གི་ཁུ་བའི་ཆང་དང་ཟན་ཆང་ལ་སོགས་གཟུང་ངོ་། །མདོར་བསྡུས་ནས་ཞེས་བྱ་བ་ནི་ཤིན་ཏུ་བསྡུས་པ་སྟེ། རྒྱས་པ་ནི་འོག་ནས་སྟོན་ཏོ། །འདི་དག་ཅེས་བྱ་བ་ནི་ཆང་རྣམས་སོ། །སྨན་ཞེས་བྱ་བ་ནི་ནད་ཀྱི་མཐུ་འཇིག་པའི་ཕྱིར་རོ། །དེ་དག་ཇི་ལྟར་བསྟེན་
Vol. 19 · folio 111b
པར་བྱ་བ་གསུངས་པ། བཟའ་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། གོ་སླའོ། །དྲུག་ཅུ་རྩ་བཞི་ཞེས་བྱ་བ་ནི་མེ་ཏོག་ཙམ་པ་ཀ་ནས་བྱི་བའི་ཤའི་བར་གྱི་རྫས་རྣམས་སོ། །བཅོ་བརྒྱད་ཅེས་བྱ་བ་ནི་ག་པུར་ནས་སྙིང་པོའི་བར་གྱི་རྫས་རྣམས་སོ། །དེ་རྣམས་ཀྱིས་ཇི་ལྟར་ཕན་གདགས་ཤེ་ན།
སྦོམ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦོམ་པོ་ནི་མཆོག་གོ། །ཕྲ་མོ་ནི་ཐ་མའོ། །ཅི་ཞིག་ཅེ་ན། སྐྱེས་པ་དང་ནི་བུད་མེད་ཀྱང་སྟེ། ན་སོ་དང་མེ་དྲོད་ལ་སོགས་པའི་བྱེ་བྲག་གིས་མཆོག་དང་ཐ་མ་དང་དོན་གྱིས་ན་བར་མ་དང་གསུམ་དུ་གཟུང་བར་བྱ་སྟེ། སྒྲུབ་པ་པོའི་བྱེ་བྲག་དེ་ལྟར་
གསུམ་དུ་ཤེས་པར་བྱས་ནས་རྫས་ཀྱི་ཚད་ཆེ་ཆུང་རྣམ་པ་གསུམ་གྱིས་སོ་སོར་ཕན་གདགས་པར་བྱའོ། །དེ་ཡང་འདི་ལྟ་སྟེ། ཐ་མ་ལ་ནི་སྲང་གཉིས་ཏེ། །བར་མ་ལ་ནི་དེ་བཞིན་བཞི། །མཆོག་ལ་སྲང་ནི་རྣམ་པ་དྲུག །སྨན་མར་དག་ནི་བསྐོལ་བར་བྱ། །ཞེས་པ་ལྟ་བུའོ། །དེ་བཞིན་དུ་
ནང་རྣམས་ཀྱང་ཆེ་འབྲིང་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། དེ་ཉིད་ཀྱི་ཕྱིར་གསུངས་པ། རླུང་དང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེ་ལྟར་ན་རྫས་རྣམས་ཀྱིས་ནད་བསལ་བ་འབའ་ཞིག་ཏུ་མ་ཟད་ཀྱི་རྣལ་འབྱོར་མ་རྣམས་ཀྱི་སྒྲུབ་པ་པོའི་ཐ་མལ་པའི་དབྱེ་བ་སྦོམ་པོ་དང་བར་བ་དང་། ཕྲ་མོ་
རྣམས་ཚེ་སྤེལ་བ་ལ་སོགས་པའི་ཕྱིར་ཡང་ཅི་རིགས་པའི་སྦྱོར་བས་ཕན་གདགས་པར་བྱའོ། །སོགས་ཀྱིས་ནི་ཆུ་སེར་ལ་སོགས་པ་གཟུང་བར་བྱ་སྟེ། རླུང་ལ་སོགས་པ་དེ་དག་དང་འཕེལ་འབྲིར་གྱུར་པ་ཉིད་ནད་ཡིན་ནོ། །དེ་ལ་གང་བ་དང་། ཞོམ་པ་དང་། གཟུང་བ་དང་། བསྐྱོད་པ་དང་། བུད་
པ་རྣམ་པ་ལྔ་ནི་རླུང་གི་མཚན་ཉིད་དོ། །ཆགས་པ་དང་། དྲོད་དང་། གཟི་བརྗིད་དང་། དྲི་མ་དང་། མེ་དྲོད་སྐྱེད་པར་བྱེད་པ་ནི་མཁྲིས་པའི་མཚན་ཉིད་དོ། །ཚིགས་སྦྱར་བ་དང་། མཆིལ་སྣབས་དང་སྣུམ་པ་དང་། ལྕི་བ་དང་། བརྟན་པར་བྱེད་པ་ནི་བད་ཀན་གྱི་མཚན་ཉིད་དོ། །ཚིམ་པར་བྱེད་པ་ནི་
ཆུ་སེར་རོ། །འཚོ་བར་བྱེད་པ་ནི་ཁྲག་གོ། །ཤ་ནི་ཕྱི་རོལ་བརྟན་པར་བྱེད་པའོ། །ཚིལ་གྱིས་སྣུམ་པའོ། །མཁྲང་ཞིང་འཛིན་པ་ནི་རུས་པའོ། །སྦུ་གུའི་ནང་འགེངས་པ་ནི་རྐང་ངོ་། །ཉམས་སྟོབས་འཕེལ་ཞིང་སྲོག་འཛིན་པ་ནི་ཁུ་བའོ། །ཆུ་སོའི་གནས་གཟེར་བར་བྱེད་པ་ནི་གཅི་བའོ། །
Vol. 19 · folio 112a
ཞུ་བའི་གནས་ན་གནས་ཤིང་མེ་དང་རླུང་གཟུང་བ་སྟེ། ཚིམ་པར་བྱེད་པ་ནི་བཤང་བའོ། །པགས་པ་བརྟན་པར་བྱེད་པ་ནི་རྡུལ་ལོ། །ཁ་ཟས་ལེན་པ་ནི་སྙིང་པོའོ། །ནུ་མ་མཁྲང་ཞིང་འཕྱིག་པར་བྱེད་པ་ནི་ནུ་མ་ཅན་ནོ། །ལུས་ཟུངས་བཅུ་དྲུག་པ་ཕྲ་མོས་ནི་མེ་འབར་ཞིང་སྲོག་
འཛིན་པ་སྟེ། དེ་དག་ནི་རླུང་ལ་སོགས་པ་ལུས་ཟུངས་བཅུ་དྲུག་གི་མཚན་ཉིད་དོ། །དེ་དག་འབྲི་བ་དང་། འཕེལ་བ་ནི་མི་མཐུན་པར་གནས་པ་ལས། འབྲི་ཞིང་ཟད་པ་བཤད་པར་བྱ་སྟེ། །དེ་ལ་རླུང་བྲི་བས་ནི་སྨྲ་བ་ཉུང་བ་དང་། ཡན་ལག་ཉམ་ཆུང་བ་དང་། སེམས་བླུན་ཞིང་རྨོངས་བག་ཏུ་
འགྱུར་རོ། །མཁྲིས་པ་བྲི་བས་ནི་ཕྱིའི་དྲོད་ཆུང་བ་དང་། ནང་གི་མེ་དྲོད་ཉམས་པ་དང་། མདངས་མེད་པར་འགྱུར་རོ། །བད་ཀན་བྲི་བས་ནི་ཁོང་ཚ་བ་དང་སེམས་འཕྱར་བ་དང་། ཁོང་སྐྱ་བ་དང་། རྩ་རྣམས་སྟོང་པར་འགྱུར་རོ། །ཆུ་སེར་བྲི་བས་ནི་ལུས་སྐེམ་ཞིང་སྙིང་འཆུ་བ་དང་།
འདར་བ་དང་ཁ་ཟས་ཡི་གར་མི་འོང་བར་འགྱུར་རོ། །ཁྲག་ཟད་པས་ནི་ལུས་ཀྱི་མདངས་ཉམས་པ་དང་པགས་པ་སྐེམ་པ་དང་། རྩ་ལྷོད་པ་དང་སེམས་བྱིང་བར་འགྱུར་རོ། །ཤ་ཟད་པས་ནི་རྐུབ་ཚོས་དང་བརླ་དང་། དཀུ་ན་བ་དང་སྐྱུག་བྲོ་ཞིང་སྐེམ་པར་འགྱུར་རོ། །ཚིལ་ཟད་པས་ནི་
མཆིལ་མ་འཕེལ་ཞིང་ཚིགས་འཁྲོག་པ་དང་། ཁོང་སྐྱ་བ་དང་། ཤ་ལྷོད་པར་འགྱུར་རོ། །རུས་པ་ཟད་པས་ནི་རུ་ཤིང་ན་བ་དང་། །སོ་དང་སེན་མོ་མདངས་མེད་ཅིང་འགྲུབ་པར་འགྱུར་རོ། །རྐང་ཟད་པས་ནི་ཁུ་བ་ཉུང་བ་དང་། རོ་རྒྱབ་ན་ཞིང་རུ་ཤིང་འཁོར་བ་ཡིན་ནོ། །ཁུ་བ་ཟད་པས་ནི་
ཆུ་སོ་དང་ཕོ་མཚན་ན་ཞིང་འདོད་པ་སྤྱོད་མི་ནུས་པ་དང་། ཁུ་བ་ཡུན་རིང་པོ་ཞིག་ནས་འབྱུང་བ་དང་། ཁུ་བ་ཕྲ་ཞིང་ཁྲག་ཏུ་སྣང་བའོ། །གཅི་བ་ཟད་པས་ནི་ཆུ་སོ་གཟེར་བ་དང་། གཅི་བ་ཉུང་བར་སྣང་ངོ་། །བཤང་བ་ཟད་པས་ནི་སྙིང་ག་དང་རྩིབ་ལོགས་སུ་ཟུག་ཅིང་དབུགས་མི་བདེ་བ་དང་།
དཀུ་འབྱར་བ་ཡིན་ནོ། །རྔུལ་ཟད་པས་ནི་བ་སྤུ་ལངས་པ་དང་། པགས་པ་ཚོར་བ་ཆུང་བར་འགྱུར་རོ། །སྙིང་པོ་ཟད་པས་ནི་ལྟོ་འབྱར་བ་དང་ལུས་ཕྲ་བ་དང་དཀུ་ཟད་པར་འགྱུར་རོ། །ནུ་མ་ཅན་ཟད་པས་ནི་ནུ་མ་ཉམས་ཤིང་ན་བར་འགྱུར་རོ། །ལུས་ཟུངས་ཕྲ་མོ་ཟད་པས་ནི་དབང་པོ་མི་གསལ་
Vol. 19 · folio 112b
བ་དང་། རླུང་ཉམས་པར་འགྱུར་རོ། །ཡིད་གཞུངས་ཤིང་མེ་དྲོད་བསྐྱེད་པའི་ཕྱིར། དེ་ལྟར་རླུང་ལ་སོགས་པ་ལུས་ཟུངས་ཕྲ་མོའི་མཐར་ཐུག་པ་དེ་དག་གི་ཟད་པའི་སྐྱེ་གནས་དང་། ཡིད་གཞུངས་ཤིང་མེ་དྲོད་བསྐྱེད་པའི་ཕྱིར་དེ་དག་སྐྱོང་བར་བྱེད་པའི་རྫས་བཤད་པར་བྱ་སྟེ། དེ་ལ་གསལ་བ་
དང་། སྐྱ་བ་དང་། ཡང་བ་དང་། རྩུབ་པ་དང་། མཁྲེགས་པའི་ཡོན་ཏན་དང་ལྡན་པ་རྣམས་ནི། རླུང་གི་ཐུན་མོང་གི་སྐྱེ་གནས་ཏེ། དེ་དག་ཀྱང་རོ་བསྐ་བ་དང་སྦྱར་རོ། །དེ་ཡང་བསིལ་བས་ནི་བསིལ་བ་མངོན་པར་སྤེལ་བའོ། །དེ་བཞིན་དུ་སྐྱ་བ་ལས་ནི་སྐྱ་བོར་རོ། །ཡང་བ་ལས་ནི་ཡང་བར་
རོ། །རྩུབ་པ་ལས་ནི་རྩུབ་པར་རོ། །མཁྲེགས་པ་ལས་ནི་མཁྲེགས་པར་རོ། །དེ་ལ་རྣོ་བ་དང་། སྐྱ་བ་དང་། ཡང་བ་དང་། རྩུབ་པའི་ཡོན་ཏན་རྣམས་ནི་མཁྲིས་པའི་ཐུན་མོང་གི་སྐྱེ་གནས་ཏེ། རོ་ནི་ཚ་བ་དང་སྦྱར་རོ། །དེ་ཡང་རྣོ་བ་ལས་ནི་རྣོ་བར་རོ། །སྐྱ་བ་ལས་ནི་སྐྱ་བར་རོ། །རྩུབ་པ་
ལས་ནི་རྩུབ་པར་རོ། །དེ་ལ་མངར་བག་དང་། སྣུམ་བག་དང་། ལྕི་བ་དང་། བསིལ་བ་དང་། སྤྱི་བག་གི་ཡོན་ཏན་ཅན་རྣམས་ནི་བད་ཀན་ཅན་གྱི་སྐྱེ་གནས་ཏེ། རོ་ནི་མངར་བ་དང་སྦྱར་རོ། །དེ་ཡང་མངར་བག་གིས་ནི་མངར་བག་ཅན་ནོ། །སྣུམ་པས་ནི་སྣུམ་པར་རོ། །ལྕི་བས་ནི་ལྕི་
བར་རོ། །བསིལ་བ་ལས་ནི་བསིལ་བར་རོ། །སྤྱི་བག་ལས་ནི་སྤྱི་བག་ཅན་དུ་བྱའོ། །ད་ནི་མི་མཐུན་པའི་སྐྱེ་གནས་བཤད་པར་བྱ་སྟེ། དེ་ལ་རོ་ཚ་བ་ནི་བད་ཀན་གྱི་མི་མཐུན་པ་སྟེ། རོ་ཚ་བས་མངར་བའི་རོ་ཟིལ་གྱིས་གནོན་པའི་ཕྱིར་རོ། །དེ་བཞིན་དུ་སྐྱ་བ་ནི་སྣུམ་པའི་གཉེན་པོའོ། །
ཡང་བ་ནི་ལྕི་བའོ། །རྣོ་བ་ནི་བསིལ་བའོ། །རྩུབ་པ་ནི་སྤྱི་བག་གིའོ། །དེ་ལྟར་རླུང་གི་མི་མཐུན་པའི་སྐྱེ་གནས་ནི་མངར་བ་ལ་སོགས་པ་སྟེ། དེས་བསྐ་བ་ལ་སོགས་པ་ཟིལ་གྱིས་གནོན་པའི་ཕྱིར་རོ། །མཁྲིས་པའི་མངར་བ་དང་ཁ་བའོ། །དེ་ཡང་གསུངས་པ། མངར་དང་སྐྱུར་དང་ལན་
ཚྭའི་རོས། །རླུང་ནི་འཇོམས་པར་བྱེད་པ་ཡིན། །མཁྲིས་པ་མངར་དང་ཁ་དང་བསྐས། །ཚ་དང་ཁ་བས་བད་ཀན་ནོ། །ཞེས་སོ། །དེ་ལ་ཚིམ་པ་དང་། ཁར་ཆགས་པ་དང་། མྱུག་མྱུག་པོ་རྣམས་ནི་མངར་བའི་རོའོ། །སོ་བརྩེ་བ་དང་། འགྲམ་ཆུ་ལྡོང་བར་བྱེད་པ་ནི་སྐྱུར་བའོ། །ཁ་ཟས་
Vol. 19 · folio 113a
ཡི་གར་འོང་བ་དང་། མཆིལ་མ་འཛག་པ་དང་། འབུགས་པར་བྱེད་པ་ནི་ལན་ཚའི་རོའོ། །ལྕེ་དང་རྐན་དང་། མིག་དང་སྣ་ལ་སོགས་པ་ཚ་ཞིང་སྲེག་ལ་མཆི་མ་འཛག་པར་བྱེད་པ་ནི་ཚ་བའིའོ། །ཁ་རྩུབ་པ་དང་། གྲེ་བ་སྐམ་པ་དང་། ཁ་ཟས་ཡི་གར་འོང་བར་བྱེད་པ་ནི་ཁན་ཏེའོ། །
ལྕེ་རྩུབ་པ་དང་། གྲེ་བར་ཆགས་པ་དང་། སྙིང་ག་ན་བར་བྱེད་པ་རྣམས་ནི། བསྐ་བའི་མཚན་ཉིད་དོ། །དེ་ལ་རོ་མངར་བ་ནི་ཁྲག་དང་ཚིལ་དང་། ཤ་དང་། རུས་པ་དང་། རྐང་དང་། ཁུ་བ་དང་། ནུ་མ་རྣམས་འཕེལ་བར་བྱེད་ལ། མིག་དང་སྐྲའི་མདོག་བཟང་བར་བྱེད་དེ་ཁྲག་དང་རླུང་འཇོམས་པར་
བྱེད་ཅིང་བྱིས་པ་དང་རྒན་པོ་དང་། ཉམས་སྟོབས་ཟད་པ་ལ་ཕན་ཏེ། སྦྲང་རྩི་དང་པི་པི་ལིང་དུ་བསྲེས་ན་ཡིད་དུ་འོང་བ་དང་། ཚ་བ་དང་བརྒྱལ་བ་རྣམས་འཇོམས་པར་བྱེད་ཅིང་དབང་པོ་རྣམས་དག་པར་བྱེད་དེ། དེ་ཡང་ཤིན་ཏུ་བསྟེན་དྲགས་པས་ནི་གློ་དང་དབུགས་མི་བདེ་བ་དང་། སྐྱུག་བྲོ་བ་དང་།
སྐད་ཀྱི་གསང་མི་སྙན་པ་དང་། སྲིན་བུ་དང་ལྐོག་འབྲས་རྣམས་སྐྱེ་བར་འགྱུར་རོ། །སྐྱུར་བས་ནི་འཇུ་ཞིང་སྨིན་པ་དང་། མཆིལ་མ་སྣབས་ལ་སོགས་པས་དྲི་མ་འབྱིན་པ་དང་། རླུང་ལུགས་སུ་རྒྱུ་བ་དང་། ཁོང་གི་ཚ་བ་ཕྱིར་འབྱིན་པ་དང་། གྲང་བ་འཇོམས་ཤིང་ཡིད་དུ་འོང་བ་ཡིན་ཏེ། ཤིན་ཏུ་
བསྟེན་དྲགས་པས་ནི་སོ་ན་ཞིང་བརྩེ་བ་དང་། མིག་རབ་རིབ་ཏུ་འགྱུར་བ་དང་། བ་སྤུ་བརྩེ་བ་ལ་སོགས་པ་བྱེད་པར་འགྱུར་རོ། །ལན་ཚའི་རོས་ནི་དྲི་མ་འབྱིན་པ་དང་། འཇུ་ཞིང་སྨིན་པ་དང་། ཚིམ་པ་དང་། ཁོང་ལྷོད་པ་དང་། ལུས་ཀྱི་དྲོད་སྐྱེད་པ་དང་། བུ་གའི་སྒོ་སྦྱོང་བ་དང་། ལུས་ཀྱི་ཡན་
ལག་ཐམས་ཅད་དུ་ཁྱབ་པས་མཉེན་པར་བྱེད་དེ། ཤིན་ཏུ་བསྟེན་དྲགས་པས་ནི་ལུས་གཡའ་ཞིང་ཟ་བ་དང་། ཁ་ལྐོག་སྐམ་པ་དང་། སྐོམ་དད་ཆེ་ཞིང་ཕོ་དང་མོའི་དབང་པོ་འཇོམས་ལ་རླུང་དང་ཁྲག་དང་། མཁྲིས་པ་སྐྱེད་པར་བྱེད་དོ། །རོ་ཚ་བས་ནི་མེ་དྲོད་བསྐྱེད་པ་དང་། སྨྱིན་པ་དང་། ཁ་ཟས་ཡི་གར་འོང་བ་
དང་། ཚ་ཆེས་པ་དང་། ལུས་ལྟམ་ལྟམ་པོར་བྱེད་པ་དང་། སྲིན་བུ་དང་། དུག་དང་། མཛེ་དང་། ཟ་འབྲུམ་ལ་སོགས་པ་སེལ་བར་བྱེད་དེ། ཤིན་ཏུ་བསྟེན་དྲགས་པས་ནི། གྲེ་བ་དང་། རྐན་དང་། མཆུ་རྣམས་སྐམ་ཞིང་མགོ་འཁོར་བར་འགྱུར་རོ། །རོ་ཁ་བས་ནི། མེ་དྲོད་སྐྱེད་ཅིང་ཡི་གར་འོང་བ་དང་།
Vol. 19 · folio 113b
དྲི་མ་སྦྱོང་བ་དང་། གཞན་ཡང་ཟ་འབྲུམ་ལ་སོགས་པ་དང་། སྐོམ་དད་ཆེ་བ་དང་། རྨོངས་པ་དང་། རིམས་རྣམས་སེལ་བར་བྱེད་ཅིང་ལུས་སྦྱོང་ལ་བཤང་བ་དང་གཅི་བ་དང་ཚིལ་སྐེམས་པར་བྱེད་དོ། །ཤིན་ཏུ་བསྟན་དྲགས་པས་ནི་ལུས་འཁྲུག་པ་དང་། མགོ་འཁོར་བ་དང་ཁང་ཟུག་པ་དང་། ཡན་
ལག་འབུགས་པ་སྙམ་བྱེད་པར་འགྱུར་རོ། །རོ་བསྐ་བས་ནི་དྲི་མ་རྣམས་སྡུད་པ་དང་། སྒོ་རྣམས་འགེགས་པ་དང་། སྦྱོང་བ་དང་། ཟློག་པ་དང་། འཚིར་བ་དང་། དྲི་མ་ཕལ་ཆེར་འབྱིན་པར་བྱེད་དེ། ཤིན་ཏུ་བསྟེན་དྲགས་པས་ནི་སྙིང་མི་དགའ་བ་དང་། ངལ་ཞིང་དུབ་པ་དང་། སྨྲ་མི་གསལ་བ་དང་། ལུས་ཐམས་ཅད་བེར་བེར་
པོར་བྱེད་པར་འགྱུར་རོ། །ད་ནི་དེ་དག་གི་སྡེ་ཚན་བཤད་པར་བྱ་སྟེ། དེ་ལ་ཀ་ཀོ་ལ་ལ་སོགས་པ་དང་། འོ་མ་དང་། མར་དང་། ཞག་དང་། རྐང་དང་། སཱ་ལི་དང་། ནས་དང་། གྲོ་དང་། མོན་སྲན་གྲེའུ་དང་། སྲིང་ག་ཏ་ཀ་དང་། ཀ་སེ་རུ་དང་། ཀ་ལི་ཡ་ལ་དང་། པུཥྐ་རའི་ས་བོན་དང་།
གུར་ཀུམ་དང་། སྦྲང་རྩི་དང་། རྒུན་འབྲུམ་དང་། ཁ་རྫུར་དང་། རྒྱལ་པོས་བྱིན་དང་། ན་རི་ཀེ་ལ་དང་། བུར་ཤིང་ལས་གྱུར་པའི་བྱེ་བྲག་དང་། བལ་དང་། ཨ་ཏི་བ་ལ་དང་། ཨཏྨ་གུཔྟ་དང་། རྒྱ་ཤུག་དང་། འོ་མ་ཅན་དང་། གཟེ་མ་དང་། ཁྲིར་མོ་ད་ཀ་དང་། མ་དུ་ལི་ག་དང་། ཀུས་སྨན་ཏ་ལ་
སོགས་པ་ནི་མངར་བའི་སྡེ་ཚན་མདོར་བསྡུས་པའོ། །བལ་པོ་སེའུ་དང་། སྐྱུ་རུ་ར་དང་། མ་དུ་ལུང་ག་དང་། ཨ་མྲ་དང་། ཀ་བིཏྟ་དང་། ཀ་ར་མ་ཏ་དང་། བ་ད་ར་དང་། ག་ར་པྲ་ཙི་དང་། ཨ་མ་ལ་ཀ་དང་། སྦའི་འབྲས་བུ་དང་། ཤིནྟི་ཏི་ཀ་དང་། ཀ་དམྦ་དང་། སྟར་བུ་དང་། དྷཱ་དཱ་ཤ་ཐ་དང་། ཞོ་
དང་དར་བ་དང་། ཆང་དང་། ཚྭ་དང་། སིངས་པོ་དང་། རྩབས་ལ་སོགས་པ་ནི་སྐྱུར་པོའི་སྡེའོ། །ལྕེ་མྱང་ཚ་དང་། སོ་རྫི་ཀ་དང་། ལན་ཚྭ་དང་། པ་ཙི་ཀ་དང་། ཚ་ལ་དང་། ནས་ཚིག་འཁུས་པའི་ཐལ་བ་དང་། སུ་རྩ་ཙི་ཀ་ལ་སོགས་པ་ནི་ལན་ཚྭའི་སྡེའོ། །པི་པི་ལིང་དང་། སུ་ར་ས་ལ་སོགས་པ་
དང་། སྦྲང་རྒོད་དང་། སི་ཀྲུ་དང་། ལ་ཕུག་དང་། སྒོག་པ་དང་། སུ་མུ་ཁ་དང་། རུ་རྟ་དང་། དེ་བ་ད་རུ་དང་། ཧ་རེ་ཎུ་ཀ་དང་། བ་ལ་གུ་ཚའི་འབྲས་བུ་དང་། སྐེ་ཚེ་དང་། གུ་གུལ་དང་། གླ་སྒང་ལ་སོགས་པ་ནི་ཚ་བའི་སྡེའོ། །ཨ་ར་ཀ་བ་ཐ་དང་། སླེ་ཏྲེས་ལ་སོགས་པ་དང་། མ་དུ་ཀ་པ་དི་ར་ན་
Vol. 19 · folio 114a
དང་། སྦའི་ལྡུམ་བུ་དང་། སྨྱིག་མའི་ལྡུམ་བུ་དང་། སེར་པོ་གཉིས་དང་། དབང་པོའི་གནས་དང་། བ་རུ་ན་དང་། ས་དུ་དང་། ཀ་དུ་ཀ་དང་། སྠ་ཏ་པ་ར་ནི་དང་། བྲྀ་ཧ་ཏི་གཉིས་དང་། ཤང་གི་ནི་དང་། ཀརྐོ་ཏ་ཀ་དང་། ཀ་ར་བིལ་བ་དང་། བ་ཏ་ཀུ་དང་། ཀ་ར་བཱི་ར་དང་། སུ་མ་ན་དང་།
ཤང་ཁ་པུཥྤ་དང་། ཨ་པ་མརྒ་དང་། ཏྲ་ས་མན་དང་། བུ་ཙེ་ཤེལ་དང་། བི་ཙ་ཡནྡི་དང་། སུ་བརྩལ་དང་། བྲི་ཙི་ཀ་ལ་དང་། ཛོ་ཏི་སྨ་ཏི་ལ་སོགས་པ་ནི་ཁན་ཏེའི་སྡེའོ། །ནྱ་གྲོ་དྷ་ལ་སོགས་པ་དང་། ཨ་བ་ཐ་ལ་སོགས་པ་དང་། པྲི་ཡང་ཀུ་ལ་སོགས་པ་དང་། འབྲས་བུ་གསུམ་དང་། ས་ལ་ཀི་དང་།
ཛམྦུ་དང་། ཨ་མྲ་དང་། ཏེནྡུ་ཀ་ལ་སོགས་པ་དང་། ས་གའི་འབྲས་བུ་དང་། བ་ཤ་ན་བེ་ཏ་ཀ་དང་། བ་ན་ཡ་ཏའི་འབྲས་བུ་དང་། པྲ་ཡ་ས་དང་། ཀུ་རུ་པ་ཀ་དང་། ཀོ་པི་ད་ར་དང་། ཛི་བནྟི་དང་། ཞོ་མ་དང་། སོ་ནི་ཤ་ཀ་ལ་སོགས་པ་དང་། བ་ར་ཀ་དང་། མོན་སྲན་སྡེའུ་ལ་སོགས་པ་ནི་བསྐ་
བའི་སྡེའོ། །དེ་ལྟར་རོ་དེ་རྣམས་ཉེ་བར་བསྟན་པས་མི་མཐུན་པའི་ཕྱོགས་ཀྱི་ཉེས་པ་རྣམས་ཞི་བར་འགྱུར་རོ། །དེ་ཡང་གསུངས་པ། རོ་དྲུག་དག་ནི་བཟློག་བསྟན་པས། །ཤིན་ཏུ་སྟོབས་ལྡན་ནད་རྣམས་ཀྱི། །ཉེས་པ་ཇི་ལྟར་འཁྲུགས་གྱུར་ཀྱང་། །དེ་ནི་ཞི་བར་ཉེ་བར་འགྲོ། །ཞེས་སོ། །ལུས་
ཟུངས་རྣམས་འཕེལ་བའི་མཚན་ཉིད་བརྗོད་པར་བྱ་སྟེ། རླུང་འཕེལ་བས་ནི་ལུད་པ་དང་། འདར་བུ་དང་། གྲང་ཤུམ་དང་། གཉིད་མེད་པ་དང་། སྟོབས་ཆུང་བ་དང་། རྟུག་སྐམ་ལ་སོགས་པར་འགྱུར་རོ། །མཁྲིས་པ་འཕེལ་བས་ནི་མདོག་སེར་པོར་སྣང་བ་དང་། ཚ་ཞིང་གྲང་བར་འདོད་པ་
དང་། གཉིད་ཆུང་བ་དང་། མྱོས་པ་དང་། སྟོབས་ཆུང་བ་དང་། བཤང་གཅི་མདོག་སེར་བར་འགྱུར་རོ། །བད་ཀན་འཕེལ་བས་ནི་མཆིལ་སྣབས་མང་བ་དང་། ལུས་ལྕི་བ་དང་། ལྟམ་ལྟམ་པོར་བྱེད་པ་དང་། སྐད་འཛེར་བ་དང་། གཉིད་ཆེ་བར་འགྱུར་རོ། །ཆུ་སེར་འཕེལ་བས་ནི་སྙིང་
གཟེར་བ་དང་། རྡུལ་ཆེ་བར་འགྱུར་རོ། །ཁྲག་འཕེལ་བས་ནི་མིག་དམར་པོར་འགྱུར་རོ། །ཤ་འཕེལ་བས་ནི་རྐུབ་ཚོས་དང་། བརླ་དང་། བྱིན་པ་དང་། དཔུང་པ་ལ་སོགས་པ་འཕེལ་ཞིང་ལྕི་བར་འགྱུར་རོ། །ཚིལ་འཕེལ་བས་ནི་ལུས་སྣུམ་པ་དང་། ལྟོ་བ་དང་རྩིབ་ལོགས་འཕེལ་ཞིང་
Vol. 19 · folio 114b
ལུད་པ་དང་། དབུགས་དྲི་མི་ཞིམ་པ་ཡིན་ནོ། །རུས་པ་འཕེལ་བས་ནི་སེན་མོ་མཁྲང་ཞིང་། སོ་ལྷག་ལ་སོགས་པ་སྐྱེ་བར་འགྱུར་རོ། །རྐང་འཕེལ་བས་ནི་ལུས་ཐམས་ཅད་དང་མིག་ལྕི་བར་འགྱུར་རོ། །ཁུ་བ་འཕེལ་བས་ནི་ཁུ་བ་རྡོ་ལྟར་སྲ་བ་དང་། ཆུ་སེར་རྡེའུ་ཆགས་པར་འགྱུར་རོ། །གཅི་བ་འཕེལ་
བས་ནི། ཆུ་རྡེའུ་དང་། ཆུ་སོ་ཚ་བྲེད་བྲེད་པོར་བྱེད་ཅིང་དབྲེ་བསྣམས་པར་འགྱུར་རོ། །བཤང་བ་འཕེལ་བས་ནི། དཀུ་ན་བ་དང་། ཁ་དྲི་མི་ཞིམ་པ་དང་། ཁ་ཟས་མི་ལེན་པར་འགྱུར་རོ། །རྡུལ་འཕེལ་བས་ནི་ཟས་ཚག་དང་། ལུས་ཀྱི་དྲི་མི་ཞིམ་པར་འགྱུར་རོ། །ནུ་མ་ཅན་གྱི་ནི་ནུ་མ་སྐྲང་ཞིང་
ཡང་ཡང་དུ་ཕྱི་ས་འབྱུང་བ་དང་། ལུས་ཚ་བར་འགྱུར་རོ། །སྙིང་པོས་ནི་གསུས་པ་རློ་ཞི་རྡུལ་འབྱུང་བར་འགྱུར་རོ། །ཕྲ་མོས་ནི་ལུས་ཐམས་ཅད་འཁོལ་ཞིང་ཉམས་སྟོབས་ཆུང་བར་འགྱུར་རོ། །དེ་ལྟར་ཟད་པ་དང་འཕེལ་བ་དག་བྱ་བའི་ཁྱད་པར་གྱིས་བཟློག་ནས་ལུས་ཟུངས་ཉམས་པར་བྱ་སྟེ། དེ་
ཡང་གསུངས་པ། གོང་ནས་གོང་དུ་འཕེལ་བ་དང་། །དེ་ལས་བཟློག་སྟེ་བྲི་བ་དག །ནང་ཡིན་པས་ན་དེ་བཟློག་ནས། །ལུས་ཟུངས་སྙོམས་པ་བར་མར་བྱ། །ཞེས་སོ། །ད་ནི་མཁྲིས་པ་ནས་ཁུ་བའི་བར་དུ་ལུས་ཟུངས་རྣམས་ཤིན་ཏུ་འཕེལ་བ་དང་འབྲི་བ་བཟློག་ནས་ལུས་ཟུངས་སྙོམས་པར་བྱ་བའི་
ཐབས་བཤད་པར་བྱ་སྟེ། བཟའ་བ་དང་བཏུང་བ་དང་སྨན་ལ་སོགས་པའི་སྦྱོར་བ་རྣམས་ཀྱིས་ཁམས་སྙོམས་པར་འགྱུར་ཞིང་དེས་ཡུན་རིང་དུ་འཚོ་བར་འགྱུར་ཏེ། གང་གི་ཕྱིར་བཟའ་བ་དང་། བཏུང་བ་དང་། སྨན་ལ་སོགས་པའི་སྦྱོར་བས་ཇི་ལྟར་རིགས་པས་བསྟེན་པ་འདིས་བཅུད་དང་མདངས་མ་ལུས་པ་
ཐམས་ཅད་དུ་ཁྱབ་པར་འཇུག་པས་སྟོབས་འཕེལ་ཞིང་སོགས་པའི་ཕྱིར་ཤིན་ཏུ་ཕྲ་ཞིང་རིང་བ་ཡང་མ་ཡིན། ཤིན་ཏུ་སྦོམ་པ་ཡང་མ་ཡིན་པར་བར་མར་འགྱུར་ཏེ། བྱ་བ་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ། །དེ་ལྟར་ཡང་གསུངས་པ། སྦྱོར་བ་ཅི་རིགས་བསྟེན་པ་ཡིས། །བཅུད་ནི་ལུས་ལ་
རིམ་གྱིས་འཕོ། །ལུས་ཟུངས་སྙོམས་པ་བར་མར་འགྱུར། །བྱ་བ་ཀུན་ལ་ཐོགས་པ་མེད། །བཀྲེས་དང་སྐོམ་དང་གྲང་དང་ཚ། །རླུང་དང་ཆར་པ་ཚང་སོགས་བཟོད། །སླར་ཡང་སྟོབས་དང་ལྡན་པར་འགྱུར། །ཤིན་ཏུ་ཕྲ་རིང་སྦོམ་པའི་མི། །གཉིས་པོ་འདི་དག་སྤང་བར་བྱ། །དམ་པའི་ལས་ལ་
Vol. 19 · folio 115a
བར་མ་མཆོག །གཞན་དུ་འདི་ཉིད་ཆོས་གནས་ཡིན། །ཞེས་སོ། །ད་ནི་རླུང་ལ་སོགས་པའི་གནས་བཤད་དེ། རླུང་གི་གནས་ནི་ཆུ་སོ་དང་། རྒྱུ་ཞབས་མན་ཆད་ལུས་ཀྱི་སྨད་དང་རྣ་བ་ཡིན་ནོ། །མཁྲིས་པའི་གནས་ནི་ཞུ་བའི་གནས་ནས་སྙིང་ག་མན་ཆད་ལུས་ཀྱི་བར་དང་མིག་དག་ཡིན་
ནོ། །བད་ཀན་གྱི་ནི་ནམ་ཚོད་དང་མགྲིན་པ་ལ་སོགས་པ་ལུས་ཀྱི་སྟོད་དང་། ཚིགས་རྣམས་དང་ལྕེ་ཡིན་ནོ། །དེ་དག་སྙོམས་པར་འཇུག་པས་ལུས་འདི་བརྟན་པར་འཛིན་པ་ཡིན་ཏེ། ཇི་སྐད་དུ། ཆུ་དང་མེ་དང་རླུང་རྣམས་ནི། །གོང་ནས་གོང་དུ་སྙོམས་འཇུག་པས། །འགྲོ་བ་ཡང་དག་འཛིན་པ་
ལྟར། །རླུང་མཁྲིས་བད་ཀན་ལུས་དེ་བཞིན། །ཞེས་གསུངས་པ་ཡིན་ནོ། །ད་ནི་དེ་དག་གི་རྒྱུ་མཚན་བརྗོད་པར་བྱ་སྟེ། དེ་ལ་རླུང་འཁྲུགས་པའི་རྒྱུ་མཚན་ནི་སྟོབས་བགྱེད་པ་དང་། མང་དུ་སྨྲ་བ་དང་། རྩོལ་བ་མང་བ་དང་། ཡུན་རིང་དུ་འགྲོ་བར་བྱས་པ་དང་། བང་དང་མཆོངས་པ་དང་། གཡང་
ཁ་མཐོན་པོར་ཕྱིན་པ་དང་། ཆུ་ལ་ཡུན་རིང་དུ་རྒལ་ཞིང་རྐྱལ་པ་དང་། ཤིང་རྟ་ལ་སོགས་པ་ལ་ཞོན་པ་དང་། ཁ་བ་དང་། བསྐ་བ་དང་། ཡང་བ་དང་། རྩུབ་པ་དང་། བསིལ་བ་དང་། གཞན་ཡང་ལོ་མ་སྐམ་པོའི་ཚོད་མ་དང་། བ་རུ་རའི་ཁུ་བ་དང་། ཤ་མ་དང་། ཀ་ར་བཱི་ར་དང་། སྲན་མུད་ག་དང་།
སྲན་ཆུང་དང་། སྲན་ཨ་ད་ཀི་དང་། སྲན་ཟླུམ་ལ་སོགས་པའི་ཁ་ཟས་དང་། སེར་བུ་ཡུན་རིང་དུ་བསྟེན་པ་དང་། བཤང་གཅི་དང་། ཁུ་བ་ཟད་པ་དང་། མྱ་ངན་དང་། སེམས་ངལ་སོགས་པ་དང་། ཤིན་ཏུ་གྲང་བ་དག་ཡིན་ནོ། །དེ་ལྟར་ཡང་གསུངས་པ། ཤིན་ཏུ་གྲང་དང་གྲང་བའི་དུས། །ཁྱད་
པར་དུ་ཡང་སོས་ཀའི་མཐའ། །ཐོ་རངས་དང་ནི་ཕྱི་དྲོའི་དུས། །ཞུ་རྗེས་རླུང་ནི་འཁྲུག་པར་འགྱུར། །ཞེས་སོ། །མཁྲིས་པ་འཁྲུག་པའི་རྒྱུ་མཚན་ནི། །དཀའ་ཐུབ་དང་། སྨྱུང་བ་དང་། རྩོལ་བ་དྲགས་པ་དང་། འདོད་ཆགས་ལ་དགའ་བ་དང་། ཤིན་ཏུ་དྲོ་ཞིང་ཚ་བ་བསྟེན་པ་དང་། ཁ་ཟས་ཡང་བ་
དང་། རྩུབ་པ་དང་། ཏིལ་མར་དང་། བི་ན་ཀ་དང་། སྲན་ཀུ་ལངྠ་དང་། ཡུངས་ཀར་དང་། སྔོ་ཚོད་དང་། ཕག་ཤ་དང་། ཉ་ཤ་དང་། ཉ་བི་ཀ་སངས་དང་། ཞོ་དང་། ཞོ་ག་ཆུ་དང་། དར་བ་དང་། སིངས་པོ་དང་། ཆང་གི་བྱེ་བྲག་དང་། སྐྱུར་པོ་དང་། ལན་ཚྭ་ལ་སོགས་པའི་ཁ་ཟས་དང་། མྱ་ངན་
Vol. 19 · folio 115b
དང་། གདུང་བ་དང་།ཁྲོ་བ་དང་། ཤིན་ཏུ་དྲོ་བདག་ཡིན་ནོ། །དེ་ཡང་གསུངས་པ། ཤིན་ཏུ་དྲོ་དང་དྲོ་བའི་དུས། །ཁྱད་པར་དུ་ཡང་སེར་ཁ་དང་། །ཉི་མའི་གུང་དང་མཚན་ཕྱེད་ལ། །འཇུ་བའི་དུས་སུ་མཁྲིས་པ་འཁྲུག །ཅེས་སོ། །བད་ཀན་འཁྲུག་པའི་རྒྱུ་མཚན་ནི། །ཉིན་མོ་གཉིད་ལོག་པ་དང་། ལེ་ལོ་དང་
སྙོམ་ལས་ཆེ་བ་དང་། མངར་བག་དང་། ལན་ཚྭ་དང་། སྐྱུར་པོ་དང་། སྣུམ་བག་དང་། སྤྱི་བག་དང་། ཛ་བ་ཀ་དང་། ཨུ་ཏྐ་ཏ་དང་། སྲན་མ་ཤ་དང་། མ་ཤ་ཆེན་པོ་དང་། གྲོ་དང་། ཏིལ་དང་། ཁུར་བ་རྣམས་དང་། འོ་མ་དང་། ཞོ་དང་། ཕྲུམ་དང་། གུར་ཤིང་ལས་གྱུར་པའི་རྫས་རྣམས་དང་། ཤ་རྙིང་
པ་དང་། ཞག་དང་། པདྨའི་རྩ་བ་དང་། པདྨའི་སྣལ་མ་དང་། ཀ་ཤེ་རུ་དང་། སྲིང་ག་ཏ་ཀ་དང་། སྦྲང་རྩི་དང་། འབྲས་བུ་མངར་པོ་རྣམས་དང་། བ་ལི་ཕ་ལ་སོགས་པའི་ཁ་ཟས་ཟ་བ་དང་། མུན་པ་ཡིད་ལ་བྱེད་ཅིང་རྨོངས་བག་ཏུ་གནས་པ་དང་། ཤིན་ཏུ་གྲང་བ་དག་ཀྱང་ངོ་། །དེ་ལྟར་ཡང་
གསུངས་པ། ཤིན་ཏུ་གྲང་ཤིང་གྲང་བའི་དུས། །ཁྱད་པར་དུ་ཡང་དཔྱིད་དང་ནི། །སྲོད་དང་ཐོ་རངས་དག་ལ་ནི། །ཟོས་མ་ཐག་ཏུ་བད་ཀན་འཁྲུག །ཅེས་སོ། །སློབ་དཔོན་ནཱ་གཱ་རྫུ་ནའི་ཞལ་སྔ་ནས་ཀྱང་། རླུང་ལ་སོགས་པའི་ལས་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ། རླུང་གི་ལས་ནི། རྩུབ་
པ་དང་། ཞུམ་པ་དང་། གླང་སྣ་དང་། བུད་མེད་དང་། རེག་པ་ལས་རྡུལ་འབྱུང་བ་དང་། གཉིད་ཡར་བ་དང་། མལ་དུ་ཞུགས་ནས་གྲང་བ་དང་། སྐབས་སྐབས་སུ་ཚ་བ་ལ་སོགས་པ་དེ་དག་ནི་རླུང་གི་ལས་སུ་ཤེས་པར་བྱའོ། །མཁྲིས་པའི་ལས་ནི་དེ་བཞིན་དུ་རྡུལ་འཛག་པ་དང་། གཉིད་ཡར་
བ་དང་། རེག་ན་ཚ་བ་དང་། པགས་པ་བེམ་བེམ་པོར་བྱེད་པ་དང་། ཆགས་པ་སྤྱོད་ན་དྲི་མི་ཞིམ་པ་འབྱུང་བ་དང་། མང་དུ་སྨྲས་ན་བརྒྱལ་བར་འགྱུར་བ་དང་མདོག་སེར་བ་དང་སེར་པོར་སྣང་བ་ལ་སོགས་པ་དག་ནི་མཁྲིས་པའི་ལས་དང་མཚན་མར་ཤེས་པར་བྱའོ། །རྨ་ཤུ་ལ་སོགས་པ་སླ་
ཞིང་འཛག་པ་དང་། ཤ་རུལ་པ་ལ་སོགས་པ་དྲི་མི་ཞིམ་པ་དང་། སྐྲངས་འབུར་དང་། རྣག་མང་བ་དང་། ཡན་ལག་དང་ཉིང་ལག་གི་ཚིགས་རྣམས་སུ་འབྲུམ་པ་དམར་པོ་མྱུར་དུ་འབྱུང་ཞིང་མྱུར་དུ་ཞི་བ་དང་། མིག་གློ་གློར་སེར་བ་དང་། སྐབས་སྐབས་སུ་སྐྱ་རླེག་ཏུ་འདུག་པ་དང་། མགོ་
Vol. 19 · folio 116a
འཁོར་བ་དང་། ལུས་ལྕི་ཞིང་ཟ་བ་དང་། ལུས་རླན་པ་ལ་སོགས་པ་ནི་བད་ཀན་ཀྱི་ལས་སུ་ཤེས་པར་བྱའོ། །དེ་ལ་སྣུམ་དྲོན་མོ་མགོ་ལ་བསྐུ་བ་དང་། ལུས་ཁྲུས་བྱས་ཏེ་ཏིལ་མར་གྱིས་བྱུག་པ་དང་། སྣུམ་གྱི་དྲིལ་ཕྱིས་བྱ་བ་དང་། ལུས་མཉེ་བ་དང་། ལན་ཚྭ་དང་། སྐྱུར་བ་དང་། ཤ་དང་།
ཉ་ཤ་དང་། ཆང་དང་། སྣུམ་བག་བཟའ་བ་དང་། སྣུམ་གྱི་དུགས་བྱ་བ་དང་། རླུང་མེད་པའི་གནས་སུ་ཉལ་བ་དང་། བསྲོ་བ་དང་། དྲོད་བསྟེན་པ་དང་། སེམས་ལས་བསྐྱུང་བ་དང་། བྱ་བ་བསྐྱུང་བ་དང་། ཁ་ཟས་བསྟེན་པས་གནས་པ་འདི་ནི་རླུང་འཇོམས་པར་བྱེད་པ་ཡིན་ནོ། །སེར་བུ་གྲང་མོ་
བསྟེན་པ་དང་། གྲིབ་མ་ལ་འདུག་པ་དང་། བསིལ་ཡབ་ཀྱིས་བྱབ་པ་དང་། ཟླ་བའི་འོད་ལ་ཉལ་བ་དང་། ཆུའི་འཁྲུལ་འཁོར་གྱིས་གཏོར་བ་དང་། བུད་མེད་དང་རེག་པ་བསྟེན་པ་དང་། མར་སར་དང་། འོ་མའི་བཀྲུ་སྨན་བཏང་བ་དང་། ཁྲག་གཏར་བ་དང་། ཙནྡན་ལ་སོགས་པའི་དྲིས་
བསྒོ་བ་དང་། ཁ་བ་དང་བསྐ་བ་ལ་སོགས་པ་དང་། པདྨ་ལ་སོགས་པའི་རླན་ཅན་གྱི་ཁ་ཟས་བཟའ་བས་གནས་པ་འདི་ནི་མཁྲིས་པ་སེལ་བར་བྱེད་པ་ཡིན་ནོ། །འགྲོ་ལས་དང་། རྩོལ་བ་དང་། གཉིད་བསྐྱུང་བ་དང་། སེམས་ལས་དང་། ཁ་ཟས་རྩུབ་པ་དང་། བསིལ་བ་བསྟེན་པ་ལ་སོགས་པ་ནི་བད་
ཀན་སེལ་བར་བྱེད་པའི་བྱ་བའི་ཆོ་ག་སྟེ། སྔར་བཤད་ཟིན་ཏོ། །དུས་རྣམས་ཀྱང་སྔར་བཤད་མོད་ཀྱི་ཡང་གསུངས་པ། དབྱར་དང་དགུན་སྟོད་དགུན་སྨད་རྣམས། །རླུང་གི་དུས་སུ་ཤེས་པར་བྱ། །ཆར་མཐའ་སྟོན་ནི་མཁྲིས་པའི་དུས། །བད་ཀན་མེ་ཏོག་རྒྱས་སོས་ཀ །ཞེས་གསུངས་
སོ། །དེ་ལ་སྨན་རྣམས་ཀྱང་སྔར་བཤད་མོད་ཀྱི། །འདིར་གཙོ་བོའི་རླུང་ཅན་གྱིས་ནི་དགུན་གྱི་དུས་སུ་འཇམ་རྩི་མས་གཏོང་བ་ལ་སོགས་པ་ལ་བསྟེན་པར་བྱའོ། །མཁྲིས་པ་ཅན་གྱིས་ནི་སྟོན་གྱི་དུས་སུ་སྤྲིན་དངས་པ་དང་། བཀྲུ་སྨན་དྲག་པོ་མས་གཏོང་བ་ལ་སོགས་པ་བསྟེན་པར་བྱའོ། །བད་
ཀན་ཅན་གྱིས་ནི་དཔྱིད་ཀྱི་དུས་སུ་རླུང་ཉེ་བར་ཞི་བ་དང་། སྐྱུག་སྨན་གཏང་བར་བྱ་སྟེ། དེ་ཡང་གསུངས་པ། རླུང་ཅན་འཇམ་རྩི་བཅུད་ཀྱིས་གསོ་བར་བྱ། །མཁྲིས་པ་བཀྲུ་སྨན་མས་གཏང་ལ་སོགས་བསྟན། །བད་ཀན་ཚིགས་སུ་བབ་ན་སྐྱུག་སྨན་གཏོང་། །འདུ་འཕྲོད་ལྡན་པ་འདྲེན་
Vol. 19 · folio 116b
མས་གསོ་བར་བྱ། །ཞེས་སོ། །འདི་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་འདིར་རྒྱས་པར་མ་གསུངས་མོད་ཀྱི། མར་དང་མར་ནག་བཀྲུ་སྨན་སོགས། །ཞེས་བྱ་བ་ལ་སོགས་པ། མདོར་བསྡུས་ཏེ་གསུངས་པ་ལ་བརྟེན་ཏེ་བསྟན་པ་ཡིན་ནོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་ལྷུར་
ལེན་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་བཞིན་དུ་ཕྱི་ནང་གི་སྨན་གྱི་སྦྱོར་བ་རྣམས་བསླབ་པར་བྱ་སྟེ། སྦྱོར་བ་དེ་དག་སྨན་དཔྱད་ཀྱི་བསྟན་བཅོས་གཞུང་རྒྱས་པ་གཞན་དག་ལས། འཇམ་རྩི་མས་གཏོང་བ་ལ་སོགས་པའི་ཆོ་ག་བཤད་པ་རྣམས་དང་། ཁྱད་པར་དུ་ཡང་སློབ་
དཔོན་ནཱ་གཱ་རྫུ་ནའི་ཞལ་སྔ་ནས་མཛད་པའི་སྦྱོར་བ་བརྒྱ་པ་ལ་གོམས་པར་བྱའོ། །དེ་ལྟར་ལུས་ཟུངས་རྣམས་ཤིན་ཏུ་བྲི་ཞིང་རིང་བ་དང་། ཤིན་ཏུ་འཕེལ་ཞིང་རྒྱས་པ་དག་སྤངས་ཏེ། ལུས་ཟུངས་སྙོམས་པར་བསྲུང་བར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རེ་རེ་ཞིང་ཡང་ཞེས་བྱ་བ་ལ་སོགས་པ་གོ་
སླ་སྟེ། ནག་པོ་དཀར་པོ་སྔོ་བསངས་ཏེ། །ཞེས་བྱ་བ་ལ་ནག་པོ་དང་དཀར་པོ་དང་སྔོ་བསངས་རྣམས་ནི་གསུམ་པའི་གཉིས་ཀྱི་ཚིག་གམ་དྲུག་པའི་མང་པོའི་ཚིག་ཏུ་སྦྱར་བར་བྱའོ། །དེ་ལ་ནག་པོ་ནི་རླུང་གི་རང་བཞིན་གྱི་བུ་མོའོ། །དཀར་མོ་ནི་མཁྲིས་པའི་རང་བཞིན་གྱི་བུ་མོའོ། །སྔོ་བསངས་ནི་
བད་ཀན་གྱི་རང་བཞིན་གྱི་བུ་མོ་སྟེ། ལོ་བརྒྱད་ནས་བརྩམས་ཏེ་ལོ་ཉི་ཤུ་རྩ་ལྔའི་བར་གྱི་བུ་མོ་ཁམས་སྙོམས་པའི་བཅུད་ཀྱི་སྨན་དུ་སྦྱར་བར་བྱའོ། །དེ་ལ་བྱང་ཆུབ་སེམས་ལ་སོགས་པ་གང་ཡིན་པ་དེས་འཛག་པ་སྟེ། ཁམས་རྣམས་སྙོམས་པར་གྱུར་པ་ནི་འཛག་པ་ཞེས་བྱའོ། །ཇི་ལྟར་ཞེ་ན།
འཕོ་བ་ཞེས་བྱ་བ་ལ། འདི་ལྟར་རྩ་ཐམས་ཅད་ཡོངས་སུ་སྦྱང་ན་མཁྲིས་པ་ལ་སོགས་པ་དང་། ཆུ་སེར་ལ་སོགས་པའི་ལུས་ཟུངས་རྣམས་རིམ་གྱིས་འདྲེན་ཞིང་ཐམས་ཅད་དུ་ཁྱབ་པར་སྙོམས་པ་ནི་འཕོ་བའོ། །དེས་བྱང་ཆུབ་ཀྱི་སེམས་ལ་སོགས་པ་གོམས་པས་ལུས་ཡུན་རིང་དུ་འཚོ་ཞིང་
བརྟན་ལ་སྟོབས་ལ་སོགས་པ་འཕེལ་བར་འགྱུར་རོ། །དེ་ལྟར་རྣམ་པར་དག་པས་ཕྱིའི་སྨན་རྣམས་ཀྱིས་ཀྱང་ཕན་འདོགས་པར་འགྱུར་རོ། །དེ་ལ་ནག་མོ་ནི་ཟླ་བ་མར་ངོ་ལ་ཟླ་མཚན་འཛག་ལ་སེར་སྐྱ་མ་དང་སྔོ་བསངས་མ་ནི་ཟླ་བ་ཡར་ངོ་ལ་སྟེ། དེ་དག་གི་ཟླ་མཚན་དང་བྱང་ཆུབ་ཀྱི་སེམས་ལ་སོགས་
Vol. 19 · folio 117a
པས་བཅུད་རྣམས་འཛག་པར་འཕོ་བར་འགྱུར་རོ། །དེ་ལ་ཡོངས་སུ་དག་པའི་རྔུལ་ཆུར་ཏི་གཅིག་ལ་སོགས་པ་རིམ་གྱིས་འཕེལ་བ་དང་སྦྱར་ཏེ། ནག་མོའི་ཟླ་མཚན་ནི་ཟླ་བ་མར་ངོ་ལ་སྣ་སྒོ་གཡས་པ་ནས་རླུང་རྒྱུ་བའི་དུས་སུ་སྒོ་དེ་ཉིད་ནས་བརྔུབ་པར་བྱ་ལ། སེར་སྐྱ་མ་དང་སྔོ་
བསངས་མ་ནི་ཟླ་བ་ཡར་ངོ་ལ་སྣ་སྒོ་གཡོན་པ་ནས་བརྔུབ་པར་བྱའོ། །འདི་ལྟར་ཁུ་བ་ཡང་ཟླ་བ་ཡར་ངོའི་ཚེས་གཅིག་ལ་རང་གི་ལག་པའི་མཐིལ་དུ་བླུགས་ལ་བརྟག་པར་བྱ་སྟེ། གལ་ཏེ་དེ་ན་རི་མོ་ནག་པོ་ཐིག་ལེ་ལྟ་བུ་གཅིག་སྣང་བ་ཡིན་ན་ནི། ཟླ་བ་བཅུ་གཉིས་ན་འཆི་བར་འགྱུར་རོ། །གཉིས་
ཀྱིས་ནི་བཅུ་གཅིག་ནའོ། །གསུམ་གྱིས་ནི་བཅུ་ནའོ། །བཞི་ཡིས་ནི་དགུ་ནའོ། །ལྔ་ཡིས་ནི་བརྒྱད་ནའོ། །དྲུག་གིས་ནི་བདུན་ནའོ། །བདུན་གྱིས་ནི་དྲུག་ནའོ། །བརྒྱད་ཀྱིས་ནི་ལྔ་ནའོ། །དགུ་ཡིས་ནི་བཞི་ནའོ། །བཅུ་ཡིས་ནི་གསུམ་ནའོ། །བཅུ་གཅིག་གིས་ནི་གཉིས་ནའོ། །བཅུ་གཉིས་
ཀྱིས་ནི་གཅིག་ནའོ། །བཅུ་གསུམ་གྱིས་ནི་ཟླ་བ་ཕྱེད་ནའོ། །བཅུ་བཞིས་ནི་ཉི་མ་བརྒྱད་ནའོ། །བཅོ་ལྔས་ནི་ཉི་མ་བཞི་ནའོ། །བཅུ་དྲུག་གིས་ནི་ཉི་མ་གཉིས་ནའོ། །བཅུ་བདུན་གྱིས་ནི་ཉི་མ་གཅིག་ནའོ། །དེ་ནས་ཐིག་ལེ་ནག་པོ་རྣམས་བསལ་ཏེ། ཁུ་བ་དེ་དང་རྔུལ་ཆུར་ཏི་གཅིག་ལ་
སོགས་པ་སྣ་སྒོ་གཡོན་པ་ནས་བརྔུབས་ན་འཆི་བ་སླུ་བར་འགྱུར་རོ། །སྤེལ་བའི་དབང་དུ་བྱས་པ་ལ་ཡང་དེ་ལྟར་སྦྱར་བར་བྱའོ་ཞེས་བསྟན་པའི་ཕྱིར། ཡང་ནག་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁ་ཅིག་ནི་ནག་མོ་དང་སྔོ་བསངས་ནི་ཚེ་སྤེལ་བ་ཡིན་ལ་སེར་སྐྱ་ནི་འཛག་པ་དང་།
འཕོ་བ་ལ་སྦྱར་བར་བྱའོ་ཞེས་ཟེར་ཏེ། འདི་ནི་བཅོམ་ལྡན་འདས་ཀྱི་བཀའ་དང་འགལ་ལོ། །དགྲ་དང་ཞེས་བྱ་བ་ལ་སོགས་པ་ནི་སྡེ་ཚན་ཞེས་བྱ་བ་དང་སྦྱར་ཏེ། དགྲ་བོའི་སྡེ་ཚན་དང་མཛའ་བོའི་སྡེ་ཚན་དང་། བར་མའི་སྡེ་ཚན་རྣམས་ཏེ། དེ་དག་གིས་རབ་ཏུ་སྦྱོར་བའི་སྤྱོད་ཡུལ་
ཤེས་པར་བྱའོ། །ཅི་ཞིག་གི་ཞེ་ན། ཁམས་ཀྱི་སྡེ་རྫས་རྣམས་ཀྱི་སྡེ་ཚན་ཏེ་རང་བཞིན་ནོ། །དཔའ་བོ་གཅིག་ཅེས་བྱ་བ་ནི་རང་སྐྱུར་ཀཉྫི་འམ་དཔའ་བོ་གཅིག་འགྲེང་ཉིད་དོ། །སྐྱེ་གཉིས་ཞེས་བྱ་བ་ནི་སོའོ། །རྩ་བ་ནི་རྩ་བ་ཉིད་དོ། །འབྲས་བུ་ཆེན་པོ་བསྐ་བ་གསུམ། །ཞེས་བྱ་བ་ནི་འབྲས་བུ་གསུམ་
Vol. 19 · folio 117b
མོ། །ནང་གི་བཤད་པར་བྱ་སྟེ་དཔའ་བོ་གཅིག་ཅེས་བྱ་བ་ནི་ཁྲག་གོ། །ཅི་ཞེ་ན། སྐྱེ་གཉིས་ཏེ་ཟླ་མཚན་གྱིའོ། །རྩ་བ་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སོ། །ལྷང་ཚེར་བཞི་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའོ། །དངུལ་ཆུ་བཞི་ཞེས་བྱ་བ་ནི་བཅུད་ཅན་ལ་
སོགས་པ་བཞིའོ། །བདུད་རྩི་ཡི་ནི་སྙིང་པོ་ལྔ། །ཞེས་བྱ་བ་ནི་རྩ་བ་རུ་ཚ་དང་ནས་ཚིག་འཁུས་པའི་ཐལ་བ་དང་། ཐལ་སྨན་སོ་རྫི་ཀ་དང་། ལྕེ་མྱང་ཚ་དང་། ཁ་རུ་ཚ་རྣམས་སོ། །དུས་དྲུག་ཅེས་བྱ་བ་ནི་དཔྱིད་ལ་སོགས་པའི་དུས་དྲུག་པོ་རྣམས་ཏེ། དེ་དག་གིས་སོ་སོའི་རྫས་གཟུང་བར་བྱའོ། །
ནམ་ཞེ་ན། དེ་བཞིན་དྲུག་ཅུ་སྟེ་ཞེས་བྱ་བ་དབྱུག་ཚོད་དྲུག་ཅུའི་འོ། །བདུན་པོ་ཡལ་ག་འདབ་སོགས་བཅས། །ཞེས་བྱ་བ་ནི་གླང་ཆེན་སྐྲ་ལ་སོགས་པ་བདུན་ནི་འདབ་མ་ལ་སོགས་པ་དང་བཅས་པར་གཟུང་ངོ་ཞེས་བྱ་བའི་དོན་ཏོ། །སྐམས་དད་ནི་རླན་ཅན་ཡུལ། །ཞེས་བྱ་བ་ལ། སྐམས་
ནི་ཆུ་མེད་པའོ། །རླན་ཅན་ནི་ཆུ་དང་བཅས་པ་སྟེ། དེ་ལ་སྐམས་ལས་སྐྱེས་པའི་སྨན་ནི་མཐུ་ཆེ་ལ་རླན་ཅན་ནི་མཐུ་ཆུང་བའོ་ཞེས་བྱ་བར་སྦྱར་རོ། །མར་དང་མར་ནག་བཀྲུ་སྨན་ནི། །ཞེས་བྱ་བ་ལ། མར་དང་མར་ནག་ནི་འཇམ་རྩི་སྦྱར་བ་ཡིན་ཏེ། དེ་ལ་མར་ནི་ཕྱི་རོལ་གྱི་ཤ་ལ་སོགས་པ་ལས་བྱུང་
བའོ། །མར་ནག་ནི་ནང་གི་སྟེ་རྐང་ལ་སོགས་པ་ལས་བྱུང་བའོ། །རྣོ་དང་དངུལ་ཆུ་ཟས་སུ་སྦྱིན། །ཞེས་བྱ་བ་ལ། ཟས་ནི་བཟའ་བ་སྟེ། རྣོན་པོ་དང་ནི་དངུལ་ཆུའི་བཟའ། །ཞེས་བྱ་བའི་བར་དུའོ། །དེ་གལ་ཏེ་བཅིང་བར་འགྱུར་ན་རང་སྐྱུར་ཞེས་བྱ་བ་ལ་སོགས་པ་སྟེ། རང་སྐྱུར་ཀཉྫི་དང་ཡུང་བ་ཆ་
བསྙམས་པའི་ཁུ་བ་བཏུང་བར་བྱིན་ན་རྣོན་པོ་ཡང་རུང་དངུལ་ཆུ་ཡང་རུང་སྟེ། སྨིན་ཅིང་ཡོན་ཏན་དང་ལྡན་པར་འགྱུར་རོ། །ཉི་མའི་འོད་ཅེས་བྱ་བ་ལ་སོགས་པ་ལ་ཉི་མ་ནི་ཟངས་ཀྱི་ཕྱེ་མའོ། །འོད་ནི་ཨ་བ་རཱ་ཛི་ཏ་དཀར་པོའོ། །གཟེར་ནི་རང་སྐྱུར་ཀཉྫིའོ། །དེ་དག་ནི་ཉེ་བར་མཚོན་པ་ཙམ་སྟེ། གཞན་
གྱི་ཁུ་བ་དག་དང་ཡང་སྦྱར་བས་དངུལ་ཆུར་བླུགས་ཏེ། བརྡུང་བ་དང་། དཀྲུག་པ་དང་། མཉེ་བ་ལ་སོགས་པ་དང་ཡང་སྦྱར་རོ། །དྲོན་མོར་སྦྲང་རྩི་ཐིགས་པ་བླུགས། །ཞེས་བྱ་བ་ལ། དྲོན་མོ་ནི་དངུལ་ཆུ་དྲོན་མོར་སྦྲང་རྩིའི་ཐིགས་པ་བླུགས་ལ། ཡང་མཉེ་བ་ལ་སོགས་པ་བྱས་ན་རྣམ་པར་དག་པར་
Vol. 19 · folio 118a
འགྱུར་རོ། །ཁ་ཅིག་ནི་ཉི་མའི་འོད་ཟེར་ལ་དངུལ་ཆུ་བསྲོས་ནས་སྦྲང་རྩི་དྲོན་མོའི་ཐིགས་པ་བླུགས་ཏེ། དཀྲུག་པ་ལ་སོགས་པ་བྱའོ་ཞེས་ཟེར་རོ། །རོ་ནི་བསྐ་བ་རྣམས་དང་། ལྷང་ཚེར་དཀར་པོའི་སྐྱོ་མ་སྦྱིན། །ཞེས་བྱ་བ་ནི་འབྲས་བུ་གསུམ་གྱི་ཁུ་བ་དང་། ལྷང་ཚེར་དཀར་པོའི་ཕྱེ་མར་
བཅས་པའི་སྐྱོ་མར་བླུགས་ཏེ་མཉེས་པས་སྦྱང་བར་བྱ་ཞེས་བྱ་བའི་དོན་ཏོ། །ཐལ་སྨན་ལན་ཚྭས་བུ་གར་བསྒྲུབ། །ཅེས་བྱ་བ་ལ་སྦྱང་བ་བྱས་ནས་བཅིང་བར་བྱ་བའི་ཕྱིར་ཚྭ་དང་། ཐལ་སྨན་དང་། ཙནྡྲ་དང་། ར་ས་ལ་སོགས་པའི་སྨན་དང་། ལྟོ་སྐྱེས་མ་རྙིང་རྫས་ཀྱི་ལས། །ཞེས་བྱ་བ་ནི་ཤ་ཁུ་དང་
བཅས་པར་འཁྲུལ་འཁོར་གྱི་བུམ་པར་བླུགས་ནས་བཙོས་ཏེ་སླར་ཡང་སྦུ་གུ་ཞེས་བྱ་བ་རྐང་གི་སྦུ་གུར་བླུགས་ནས་བཅིང་བར་བྱའོ། །དེ་དག་ནི་གཞུང་གི་དོན་བསྡུས་པ་ཙམ་སྟེ། རྒྱས་པར་ནི་འོག་ཉིད་ནས་སྟོན་པར་འགྱུར་རོ། །དངུལ་ཆུ་དྲུག་ཅར་བྱ་ཞེས་བྱ་བ་ནི་དངུལ་ཆུ་ཆ་གཅིག་དང་སྨན་
ཆ་ལྔ་སྟེ་དྲུག་པོ་དེ་དག་གཞུག་པར་བྱའོ། །ལྟོ་སྐྱེས་ཀྱི་རྫས་ཀྱིས་བསྒྲུབས་པས་ཅིར་འགྱུར་ཞེ་ན། སྐྱེད་བྱེད་དོན་ནི་རྒ་བའང་འཇོམས། །ཞེས་བྱ་བ་ལ་སྐྱེད་བྱེད་ནི་ཕའོ། །དེའི་དོན་ནི་རྒ་བ་འཇོམས་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྔར་བསྟན་པ་ལྟར་སྦྱངས་པའི་བཅུད་ཟླ་བ་དྲུག་པ་དང་
ལྡན་པ་ཟོས་པས་སྐྲ་དཀར་དང་གཉེར་མ་ལ་སོགས་པ་འཇོམས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆ་ནི་ཚད་དང་ལྡན་པས་བཅིང་། །ཞེས་བྱ་བ་ནི་ཐལ་སྨན་སྲང་བརྒྱ་རྩ་བརྒྱད་དང་བཅས་པས་བཅིང་ངོ་། །འབྲས་བུ་བྱ་བ་བྱེད་པར་འགྱུར། །ཞེས་བྱ་བ་ལ། འབྲས་བུ་ནི་འབྲས་བུ་ལས་བྱུང་བའི་
མར་ནག་སྟེ། བྱ་བ་བྱེད་པ་ནི་དེས་ཕན་བཏགས་པའོ། །སྔོན་དུ་གསེར་ཤོག་བླུགས་པ་ཡི། །ཞེས་བྱ་བ་ནི་གསེར་ཤོག་གི་ཕྱེ་མ་དང་ལྷན་ཅིག་ཏུ་བཞུ་བའོ། །སྐྱོན་འཇོམས་རང་གི་ཆོ་ག་ཡིན། །ཞེས་བྱ་བ་ལ་སྐྱོན་ནི་ཞ་ཉེ་ལ་སོགས་པའི་སྐྱོན་ཞུགས་པའོ། །འཇོམས་པ་ནི་འགྲོ་བའོ། །
རང་ནི་རང་གི་རང་བཞིན་ཏེ་རོ་ཁན་ཏེར་འགྱུར་བའོ། །དྲོན་མོ་ཞེས་བྱ་བ་ལ་སོགས་པ་ལ། བཅུད་དྲོན་མོ་ཟོས་ནས་མི་བསྐྱོད་པ་དྲོན་མོ་འཐུངས་ན་སྐྲ་དཀར་ལ་སོགས་པ་སྐྱེའོ་ཞེས་བྱ་བའི་དོན་ཏོ། །སྦྱང་བའི་ཐབས་གསུངས་པ། དེ་ནས་ཆུ་ཡི་ལན་ཚྭ་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཆུ་ནི་
Vol. 19 · folio 118b
འཛག་པའི་འཁྲུལ་འཁོར་གྱི་བུམ་པའོ། །ལན་ཚྭ་ནི་ལྕེ་མྱང་ཚ་ལ་སོགས་པའོ། །ཐལ་བའམ་རྡུལ་ནི་བླུགས་པར་བྱ། །ཞེས་བྱ་བ་ལ། ཐལ་བ་ནི་ཡ་བཀྵ་ར་ལ་སོགས་པའོ། །རྡུལ་ནི་སོ་ཕག་ལ་སོགས་པའི་ཕྱེ་མའོ། །གླང་ཆེན་མགོའི་བཅུད་ཅེས་བྱ་བ་ནི། སྨན་གླང་སྣའི་ཁུ་བའོ། །
སེང་གེའི་ཚད་དུ་བཙོ་བར་བྱ། །ཞེས་བྱ་བ་ནི་ཇི་སྲིད་དུ་དངུལ་ཆུ་ཁྲོས་ཏེ་ཁྲོལ་ཁྲོལ་གྱི་སྒྲ་འབྱིན་གྱི་བར་དུ་བཙོ་བ་འདི་ནི་སེང་གེའི་ཚད་དུ་བཙོ་བའོ། །དེས་འདི་སྐད་དུ་སྟོན་ཏེ་དངུལ་ཆུ་སེང་གེའི་ཚད་དུ་བཙོས་ནས། དེའི་འོག་ཏུ་སྨན་གླང་སྣའི་ཁུ་བ་བླུགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནས་སླར་ཡང་ཕྱུང་
ནས་སུ། །ཨརྐའི་ཤིང་གི་ཁུ་བ་བླུགས། །ཞེས་བྱ་བ་ལ། དེ་ལྟར་བསྐོལ་གྱི་འོག་ཏུ། ཨརྐའི་ཤིང་སྟེ་དང་པོར་བྱུང་བའི་ཁྲག་དང་ཁུ་བ་སྟེ་བྱང་ཆུབ་ཀྱི་སེམས་ཏེ་གཉིས་པོ་དེ་དག་བླུགས་སོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་ཤིང་ཨརྐའི་འདབ་མའི་ཁུ་བ་བླུགས་སོ་ཞེས་ཟེར་རོ། །གཞན་དག་ནི་ལྕམ་
པའི་ཁུ་བ་བླུགས་སོ་ཞེས་ཟེར་རོ། །བཙོས་པས་སྙིང་དང་མིག་ནི་འཇོམས། །ཞེས་བྱ་བ་ནི་བཙོས་མ་ཐག་གི་དྲོན་མོ་ཟོས་པས་སྙིང་མི་དྲན་པ་དང་། མིག་མི་གསལ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །ཙནྡྲ་ཞེས་བྱ་བ་ལ་སོགས་པ་ལ། ཙནྡྲ་ནི་ཤེས་པ་ལི་ཀའོ། །ར་ས་ན་ནི་སྨན་བ་ལང་ལྕེའོ། །
སྒོག་སྐྱ་ནི་སོ་པཉྫ་ནའོ། །ཀེ་ས་ནི་འབྱུང་པོའི་སྐྲའོ། །ཨང་ཏྲ་ནི་བ་ཀྲ་སེ་ནའོ། །དེ་དག་གི་འདབ་མ་དང་རུས་པ་སྟེ། རྐང་དང་མེ་ཏོག་རྣམས་གཟུང་ངོ་། །གཞན་ཡང་བྱ་ཀྲྀ་དང་ཞེས་བྱ་བ་ལ་སོགས་པ་ལ། བྱ་གྲི་དང་། ཀུན་དུ་རུ་དང་། ཤ་རི་བ་ནི་གྲགས་པར་ཟད་དོ། །སེན་མོ་ཞེས་བྱ་བ་ནི་སྨན་
སྟག་གི་སེན་མོ་ཞེས་བྱའོ། །ནོར་བུ་ནི་མུ་མེན་ལ་སོགས་པའོ། །ཟླ་འོད་ནི་ཟླ་ཤེལ་ལོ། །གེ་སར་ནི་བ་ཀུ་ལའོ། །ཐིགས་པའི་རྒྱུན་ཞེས་བྱ་བ་ནི་སྐྱུ་རུ་རའི་ཁུ་བ་སྟེ། རྒྱུན་ཞེས་བྱ་བ་ནི་རྒྱས་པའོ། །ཐིག་ལེ་ཞེས་བྱ་བ་ནི་སྐྱུ་རུ་རའོ། །ཤི་ཤུ་ཞེས་བྱ་བ་ནི་སྣུ་ཧའོ། །བཅས་ཞེས་བྱ་བ་ནི་སྡེ་
ཚན་ཏེ། ཙནྡྲ་ནས་བཟུང་སྟེ་འཛག་པའི་བར་རྣམས་ཀྱིས་སྦྱང་བར་བལྟ་བར་བྱའོ། །དེ་དག་ཀྱང་འོག་ནས་རྒྱས་པར་སྟོན་པར་འགྱུར་རོ། །ཕྱུང་ན་སྦྲུལ་གྱི་གཟུགས་ལྟར་འགྱུར། །ཞེས་བྱ་བ་ནི་དེ་ལྟར་སྦྱངས་པའི་དངུལ་ཆུ་སྦྲུལ་དང་འདྲ་བར་འགྱུར་རོ། །ཡང་གསུངས་པ། ཁྲག་དང་ཞེས་བྱ་བ་ལ་
Vol. 19 · folio 119a
སོགས་པ་ལ་སྨྱོ་བྱེད་ཅེས་བྱ་བ་ནི་ད་དུ་རའི་ཁུ་བའོ། །མཚན་མོའི་ཤིང་ཞེས་བྱ་བ་ནི་ཡུང་བ་སྟེ། དེའི་ཁུ་བར་ཤེས་པར་བྱའོ། །དེ་དག་གིས་ཀྱང་སྦྱང་ན་སྦྲུལ་ལྟར་འགྱུར་ཞེས་བྱ་བ་སྔ་མ་དང་སྦྱར་རོ། །དེས་ཅིར་འགྱུར་ཞེ་ན། སྐྲ་དཀར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་
འབའ་ཞིག་གིས་སྐྲ་དཀར་གྱི་ཉེས་པ་འཆིང་བར་བྱེད་དོ། །ཐལ་སྨན་རྣོན་པོར་བཅས་པ་ཡིས། །རྒས་དང་འཆི་ནད་སེལ་བར་བྱེད། །ཅེས་བྱ་བ་ལ། དང་པོ་ཐལ་སྨན་རྣོན་པོ་དང་བཅས་པའི་དངུལ་ཆུས་བྱུགས་ལ་དེའི་འོག་ཏུ་ཐལ་སྨན་གྱི་ཆུས་བཀྲུས་ན་ཉེས་པ་གཉིས་པོ་དེ་འཇོམས་པར་བྱེད་དོ། །
བཀྲུས་ཤིང་བསྐུས་ན་གཞང་འབྲུམ་འཇོམས། །ཞེས་བྱ་བ་ལ། བསྐུ་བ་དང་བཀྲུ་བ་སྔ་མ་ལྟར་བྱས་ལ་སྨན་བ་ལང་ལྕེའི་ཁུ་བས་དངུལ་ཆུ་མཉེས་ལ་མེར་བསྲེགས་ཏེ་གཞང་འབྲུམ་ལ་བྱུགས་ན་དེ་སེལ་བར་འགྱུར་རོ། །ལྟོ་སྐྱས་མར་རྙིང་རྫས་ཀྱི་ལས། །ཞེས་བྱ་བ་ལ། ལྟོ་སྐྱེས་ནི་ཟླ་བ་དྲུག་དང་
བརྒྱད་ལོན་པའི་བྱིས་པའི་རོ་དང་པོར་བྱུང་བའོ། །མར་རྙིང་པ་ནི་འབུ་ལ་སོགས་པའི་སྐྱོན་དང་བྲལ་བའོ། །བཅུད་དང་བཅུད་ལེན་མར་ཞག་བསྔགས། །ཞེས་བྱ་བ་ལ། བཅུད་ནི་འདས་མ་ཐག་པའི་ཤ་ཁུའོ། །བཅུད་ལེན་ནི་དངུལ་ཆུ་འཕོ་བ་སྟེ། དེ་ཡང་བཅུད་ནི་དངུལ་ཆུ་ཡིན་ལ། ཨ་པ་ན་ན་འཕོ་
ཞིང་ཁྱབ་པའོ། །དེས་ན་བྱིས་པའི་བཅུད་ཀྱིས་དངུལ་ཆུ་འཕོ་བའི་ཡོན་ཏན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མར་ཞག་བསྔགས་ཞེས་བྱ་བ་ལ་མར་ནི་མར་ནག་སྟེ། འབྲས་བུ་ལས་བྱུང་བ་དང་། ཤལ་སོགས་པ་ལས་བྱུང་བའོ། །ཞག་ནི་མར་དང་ཀླད་པ་ལ་སོགས་པ་ལས་བྱུང་བ་སྟེ། དེ་གཉིས་
ཀྱང་སྔ་མ་ལྟར་དངུལ་ཆུ་ལ་བསྔགས་ཤིང་གནང་བ་ཡིན་ནོ། །ཤི་རི་ཤ་ཡི་རྩས་ཀྱང་གཟགས། ཅེས་བྱ་བ་ལ། གསེར་ཤོག་དང་དངུལ་ཆུ་མེའི་ནང་དུ་བཙོས་ཏེ་གཟགས་པ་ལ་ཤི་རི་ཤའི་རྩ་བའི་ཁུ་བ་སྦྱིན་ནོ་ཞེས་བྱ་བའི་དོན་ཏོ། །ཀྱང་ཞེས་བྱ་བ་ནི་ལྷང་ཚེར་ལ་སོགས་པའི་འདབ་མ་གཟགས་
པ་ལ་ཡང་བལྟ་བར་བྱའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། མདོག་དམར་དངུལ་ཆུ་རྨོངས་པ་གསོ། །ཞེས་བྱ་བ་ལ་སོགས་པ་ནི་འཕོ་ཞིང་ཁྱབ་པ་སྟེ་དེ་ཁྱུ་བའོ། །ཅི་ཞེ་ན། མདོག་དམར་ཏེ་གསེར་བསྒྱུར་བའི་ལས་སོ། །དེ་ཡང་གསེར་བཙག་དང་། གསེར་རྡོ་དང་། ལྡོང་རོས་རྣམས་ལྷན་ཅིག་ཏུ་
Vol. 19 · folio 119b
གཟགས་ན་འགྱུར་ཏེ། དེ་ཉིད་རྨོངས་ཤིང་འཕོ་བ་ཡིན་ནོ། །དངུལ་ཆུའི་ཚད་གསུངས་པ། མགོར་གནས་ལས་སྐྱེས་ལྡན་པར་བྱ། །ཞེས་པ་ལ། ལྡན་པ་ནི་ཤི་རི་ཤའི་རྩ་བའི་ཁུ་བ་ཆ་ལྔ་དང་། དངུལ་ཆུ་ཆ་གཅིག་ཏུ་བྱས་པའོ། །མགོར་གནས་ཞེས་བྱ་བ་ལ་སོགས་པ་ལ། དངུལ་ཆུ་བསད་
པ་དང་། སླར་གསོ་བ་དང་། རྨོངས་པར་བྱ་བ་དང་། གཟགས་པ་དག་ལ་མགོར་གནས་ལ་སྐྱེས་ཏེ། སྨན་རི་མཛེས་དང་། གླང་ཆེན་སྐྲ་དང་། རྟག་ཏུ་འཛག་ལ་སོགས་པ་དང་། ཡང་དེ་དག་གི་འདབ་མ་ལས་སྐྱེས་པའི་ཁུ་བ་དག་གཟུང་ངོ་ཞེས་བྱ་བའི་དོན་ཏོ། །འཁྲུས་པར་གྱུར་ན་འབྲས་བུའི་ལམ། །
ཞེས་བྱ་བ་ལ་འཁྲུས་པ་ནི་བཤང་བ་སྟེ། བཤང་བ་དང་རབ་ཏུ་བཤང་བ་དང་། ཤིན་ཏུ་བཤང་ན་འབྲས་བུའི་ལམ་སྟེ་བྱ་བ་བྱེད་པར་འགྱུར་རོ། །དེ་ལ་བཤང་བ་ནི་བའི་ནུ་མའི་དབྱིབས་ལྟ་བུའི་ཞི་གའི་རྫར་མར་ནག་གིས་བཀང་ལ་བསྲོ་བ་དང་། བརྡུང་བ་དང་། མཉེ་བ་ལ་སོགས་པ་བྱས་པའི་
དངུལ་ཆུ་དེར་བླུགས་ཏེ། ཞ་ཉེ་དང་རོ་ཉེ་དང་གསེར་ཅུང་ཟད་བླུགས་ནས་བཙོས་ན་བཤང་བར་འགྱུར་ཏེ། རབ་ཏུ་བཤང་བ་ལ་སོགས་པའང་དེ་ལྟར་བལྟ་བར་བྱའོ། །ཚད་ལས་འདས་ན་དུག་ཏུ་འགྱུར། །ཞེས་བྱ་བ་ནི་སྨན་རྣམས་ཀྱི་ཚད་འདོད་པ་ལས་བཟློག་ན་དུག་དང་འདྲ་བར་འགྱུར་རོ། །གཞུང་
ཁ་ཅིག་ལས། སྨན་ནི་ཆ་ལྔའི་ཚད་དུ་བྱ། །ཞེས་འབྱུང་སྟེ་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཁ་དང་བསྐ་དང་མངར་བ་དང་། །ཞེས་བྱ་བ་ནི་འབྲས་བུ་ལ་སོགས་པའི་སྨན་དེ་དག་གི་རོ་ཁ་བ་ལ་སོགས་པ་རྣམས་མཁྲིས་པ་དང་བད་ཀན་དང་རླུང་ཅན་གྱི་མི་ལ་རིམ་བཞིན་དུ་དངུལ་ཆུ་
དང་སྦྱར་བའོ། །ཚ་བ་དང་ནི་སྐྱུར་པོའི་ཆུས། །ཞེས་བྱ་བ་ནི་བད་ཀན་ཅན་ལ་ནི་ཚ་བ་གཏང་ངོ་། །རླུང་ཅན་ལ་ནི་སྐྱུར་བ་གཏང་ངོ་། །མཁྲིས་པ་ཅན་ལ་ནི་ཆུ་འབའ་ཞིག་གཏང་ངོ་། །ཁ་མེད་རྫར་ནི་བཙོ་བར་བྱ། །ཞེས་བྱ་བ་ལ་སོགས་པ་ལ། ཁ་དང་བཅས་པ་ཞེས་བྱ་བ་ནི་སའི་འཁྲུལ་འཁོར་ཞེས་བྱ་
སྟེ། མེ་ཐབ་ཁ་ཡེལ་བར་གནས་པའོ། །དེར་བསྲེག་པ་དང་། ཚར་བཅད་པ་དང་། མནན་པ་དག་བྱའོ། །ཁ་མེད་ཅེས་བྱ་བ་ལ་སོགས་པ་ནི་བཙོ་བའི་ཞི་ག་རྫ་བསྟན་པ་ཡིན་ཏེ། བཙོ་བ་རྣམ་པ་བཞི་བྱས་ཀྱི་འོག་ཏུ་སྨན་གླང་སྣའི་ཁུ་བ་སྦྱིན་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །བཙིར་དང་ཞེས་
Vol. 19 · folio 120a
བྱ་བ་ལ་སོགས་པ་ནི་དངུལ་ཆུ་སྦྱང་བ་བསྟན་པ་ཡིན་ཏེ། དེ་ཡང་གསུངས་པ། བསྲོ་བ་མ་གཏོགས་རྣོན་པོ་ཡིན། །མ་མཉེས་པ་ཡང་དྲི་མེད་ཡིན། །མ་བསྲོས་པར་ཡང་སྟོབས་ལྡན་ཡིན། །མ་གཟགས་པར་ཡང་འཆི་མི་འགྱུར། །ཞེས་སོ། །མཉེས་པས་དྲི་མའི་རྡུལ་
འཐོར་འགྱུར། །ཞེས་བྱ་བ་ནི་དངུལ་ཆུ་མཉེ་བ་ལ་སོགས་པས་དྲི་མ་མེད་པར་འགྱུར་བའོ། །དེའི་འོག་ཏུ་ཡང་བཙོ་བ་བསྟན་པ། རྣོན་པོ་རུ་ནི་བཙོ་བར་བར་བྱ། །ཞེས་བྱ་བ་སྟེ། ཤིན་ཏུ་ཡང་བཙོ་བའོ། །བློ་གྲོས་འཁྲུལ་བ་མེད་པ་ཡིས། །རིམ་གྱིས་རིམ་གྱིས་མཉེ་བར་བྱ། །ཞེས་བྱ་བ་ནི་
གཡེང་བ་མེད་པས་ཚད་ལ་བབ་ཀྱི་བར་དུ་འབད་དེ་མཉེ་བའོ། །ཆ་དང་མཉམ་པས་གསོ་བ་ནི། །དག་ན་འགྱུར་གྱི་གཞན་དུ་མིན། །ཞེས་བྱ་བ་ལ་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་མཉེ་བས་དག་པར་གྱུར་ན་ཆ་གཞན་དེ་རྫས་གཞན་གསོ་བ་སྟེ། གཞན་པ་ཟ་བར་ནུས་ཀྱི་གཞན་
དུ་ནི་མ་ཡིན་ནོ། །དེ་ནས་ཆ་གཞན་བཅས་པ་ལ། །ཞེས་བྱ་བ་ལ་སོགས་པ་ནི་དེ་ཉིད་བསྟན་པ་ཡིན་ཏེ། གོ་རི་ཀརྞི་ཀའི་ཕྱེ་མ་དང་ལྷན་ཅིག་ཏུ་མཉེ་བས་དྲི་མ་སྦྱང་བ་མ་གཏོགས་པར་ཆ་གཞན་སྦྱིན་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ལུགས་ལས་བཟློག་པའི་ལམ་གྱིས་གཟུགས། །ཞེས་བྱ་
བ་ལ། ལུགས་ལས་བཟློག་པ་ནི་དྲི་མ་སྦྱང་བའོ། །ལམ་ནི་གཟུགས་པ་ལ་སོགས་པའི་ཐབས་སོ། །གཟུགས་པ་ནི་དེ་དག་གི་བསྒྲུབ་པའོ། །ཇི་ལྟ་ཞེ་ན། བྱ་བ་ཚད་དང་ལྡན་པས་བཙོ། །ཞེས་བྱ་བ་ལ་བྱ་བ་ནི་སྨན་རྣམས་ཏེ། ཚད་ནི་དེ་རྣམས་ཀྱི་ངེས་པའོ། །ཞི་ག་རྫར་བཙོས་ཤིང་ཟགས་
པ་དང་། ཏུ་ར་ཀ་ལ་སོགས་པ་སྦྱིན་པར་བྱའོ་ཞེས་བསྟན་པའི་ཕྱིར་ཏུ་ར་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་དག་གི་ནི་རྟོགས་བྱས་ལ། །ཡིད་ལ་སེམས་པའི་འཁྲུལ་འཁོར་གྱིས། །ཞེས་བྱ་བ་ལ། དེ་དག་གི་ཞེས་བྱ་བ་ནི་སྔར་སྨོས་པའི་བུ་མོ་རྣམས་ཏེ། རྟོགས་པར་བྱ་བ་ནི་དེ་
རྣམས་ཀྱི་བསམ་པ་ཤེས་པར་བྱ་བའོ། །ཡིད་ལ་སེམས་པའི་འཁྲུལ་འཁོར་ནི་ཤིང་ལ་སོགས་པ་ལས་ཕོ་མཚན་བྱ་བ་སྟེ། སོ་སོའི་ལུས་ཀྱི་རྩ་དང་མཐུན་པར་བྱས་པའི་ཕོ་མཚན་དང་སྦྱར་བས་དྲངས་པའོ། །དེ་དག་གིས་ནི་ཤེས་རབ་ཀྱི་བྱ་བ་བསྟན་པ་ཡིན་ནོ། །གཅིག་དང་གཉིས་དང་
Vol. 19 · folio 120b
ཞེས་བྱ་བ་ལ་སོགས་པས་ནི་གཟགས་པ་ལ་སོགས་པའི་བསྒྲུབ་པའི་གྲངས་བསྟན་པ་ཡང་ཡིན་ནོ། །ལྷང་ཚེར་དངུལ་ཆུ་བཅིངས་ནས་ནི། །དེ་ཚེ་ཤིང་ཆེན་འབྲས་བུར་སྨིན། །ཞེས་བྱ་བ་ལ་ལྷང་ཚེར་ལ་སོགས་པ་བཅིངས་པར་ནུས་པ་དེའི་ཚེ་འབྲས་བུ་སྨིན་ཅིང་བྱ་བ་བྱེད་པ་ཡིན་ནོ། །ཤིང་ཆེན་ཞེས་
བྱ་བ་ནི་དངུལ་ཆུ་ཉིད་དོ། །བྱ་བ་ཀུན་གྱི་ལམ་གྱིས་ནི། །ཞེས་བྱ་བ་ནི། དངུལ་ཆུ་སྦྱང་བ་ལ་སོགས་པའི་སྨན་སྣ་ཚོགས་ཀྱིས་བསྒྲུབས་ཤིང་གསོས་ན་དེའི་ཚེ་བྱེད་པ་པོ་སྟེ་གཞན་གྱི་དོན་བྱེད་པ་དང་། ཟ་བ་པོ་སྟེ་རང་གི་དོན་བྱེད་པར་འགྱུར་རོ། །ལྷ་ཡིས་རྒྱ་མཚོ་བསྲུབས་པ་བཞིན། །ཞེས་བྱ་བ་ནི་ལྷ་
རྣམས་ཀྱིས་འོ་མ་ཅན་གྱི་རྒྱ་མཚོ་བསྲུབས་པ་ལས་བདུད་རྩི་མེ་ཏོག་བ་རི་ཛ་ཏ་ཀ་དང་། དཔལ་མོ་ལ་སོགས་པའི་ལོངས་སྤྱོད་ཐོབ་པ་བཞིན་དུ་དངུལ་ཆུའི་རྒྱ་མཚོ་གཟགས་པ་ལ་སོགས་པའི་བསྲུབས་ཤིང་བསྲུབས་ན་སུམ་ཅུ་གསུམ་པའི་བདག་པོའི་མིག་སྔ་ན་གནས་པའི་མེ་ཏོག་པ་རི་ཛ་ཏ་ཀ་ཡང་འཕྲོག་པར་
ནུས་སོ་ཞེས་བྱ་བའི་དོན་ཏོ། །སྟོབས་ལྡན་བཟུང་བ་ཡི་ནི་གནས། །ཞེས་བྱ་བ་ལ། སྟོབས་ལྡན་ནི་ཡོན་ཏན་ཅན་གྱི་བུ་མོའོ། །བཟུང་བ་ནི་བདག་གིར་བྱ་བའོ། །གནས་ནི་ཡོན་ཏན་གྱི་རྟེན་ནོ། །རྫུ་འཕྲུལ་གྱི་ནི་ཆ་དང་ལྡན། །ཞེས་བྱ་བ་ལ་རྫུ་འཕྲུལ་ནི་ནམ་མཁར་འཕུར་བ་ལ་སོགས་པའོ། །ཆ་
ནི་དེའི་དོན་གྱི་སྨན་ཏེ། དངུལ་ཆུ་ལ་སོགས་པའོ། །རྫས་རྣམས་ཀྱི་དངུལ་ཆུ་གཟགས་པའི་མཚན་ཉིད་གསུངས་པ། རྨ་བྱ་ཡི་ནི་མགྲིན་འདྲ་དང་། །ཞེས་བྱ་བ་ལ་སོགས་པ་སྟེ། སྦལ་པ་དང་སྦྲུལ་དང་། ཆུ་འཛིན་རྣམས་ནི་དེ་དག་གི་འགྲོས་དང་འདྲ་བའི་དབྱིབས་སུ་ཤེས་པར་བྱའོ། །སཱ་ལི་
ལྟ་བུར་དྲི་ཞིམ་དང་། དེ་བཞིན་ཆང་དང་སྦྲང་རྩི་དང་། །ཞེས་བྱ་བ་ལ་ཆང་རྣོན་པོ་ལ་སོགས་པའི་དྲི་ཉིད་སཱ་ལི་ལས་སྐྱེས་པ་ལྟར་དྲི་ཞིམ་པའོ། །ཆ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་བུ་མོའི་རྐེད་པའི་ཁྱད་པར་བསྟན་པ་ཡིན་ཏེ། གཞན་ལ་ལྟོས་ནས་རྐེད་པ་ཉིས་འགྱུར་སུམ་འགྱུར་དུ་ཕྲ་བའོ། །མདོག་
ཉམས་ཞེས་བྱ་བ་ནི་སྣུམ་བག་མེད་ཅིང་སྐྱ་བའོ། །ལྷག་མ་ནི་གོ་སླའོ། །སྦྲང་རྩི་ལྟ་བུའི་དྲི་དང་ལྡན། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དྲིའོ། །སྒྲུབ་པོའི་དབང་པོའི་ཡོན་ཏན་བྱེད། །ཅེས་བྱ་བ་ནི་སྒྲུབ་པ་པོའི་ཡོན་ཏན་ཐོབ་པར་བྱེད་པའོ། །ཅིས་ཤེ་ན། དེ་རྣམས་ཐབས་ཀྱིས་སྦྱངས་
Vol. 19 · folio 121a
ནས་ནི། །ཞེས་བྱ་བ་སྟེ། སྔགས་ལ་སོགས་པས་སྦྱངས་ནའོ། །དེ་དང་འཁྱུད་ལ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། སེན་མོ་གདབ་པ་ལ་སོགས་པ་གཟུང་བར་བྱའོ། །རྣོན་པོ་དང་ནི་ལྷང་ཚེར་དང་། །ཐུན་མོང་དུ་ནི་བསྟེན་ནས་སུ། །ཞེས་བྱ་བ་ལ། ཐུན་མོང་དུ་ནི་མཚུངས་པ་
སྟེ་གཅིག་ཏུ་གྱུར་པའོ། །གང་གི་ཚེ་རྣོན་པོ་དང་། ལྷང་ཚེར་དང་ཞ་ཉེ་རྣམས་གཅིག་ཏུ་འདྲེ་བར་ནུས་པ་དེའི་ཚེ་ཞ་ཉེ་ཙམ་གྱིས་ཀྱང་མེའི་ནང་དུ་བཙོས་ན་འཆིང་བར་ནུས་པའོ། །དེའི་མཚན་ཉིད་གསུངས་པ། རོ་ནི་ཁ་དང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །བཙོས་ན་ཞེས་བྱ་བ་ནི་རང་སྐྱུར་དྲོན་མོའི་
ནང་དུའམ། ལྕི་བ་ཁ་སྦྱར་གྱི་ནང་དུའོ། །སྦྱང་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སླར་ཡང་ཙཱུ་ཏ་ཛཱ་ནི་ཏ་ཞེས་བྱ་བ་ནི་ས་ཧྭ་ཛ་ག་རའི་ཁུ་བའོ། །ཚྭ་དང་དམར་པོ་ཉིད་དང་ནི། །ཞེས་བྱ་བ་ནི་ག་རའོ། །པཉྫ་ར་ནི་ཀརྞི་ཀ་རའོ། །ཙམ་པ་ཀ་ནི་བརྣ་དའོ། །སྨྱོ་བྱེད་ནི་དུ་རུ་ར་ཀའོ། །
ཆ་སྙོམས་དངུལ་ཆུ་རིན་ཆེན་ཞེས་བྱ་བ་ལ། ཚད་དམར་པོ་ལ་སོགས་པ་དེ་དག་གིས་བརྡུང་བ་དང་མཉེ་བ་ལ་སོགས་པས་དངུལ་ཆུ་དག་པར་རིག་པར་བྱ་སྟེ། རྣལ་འབྱོར་པས་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །དེ་དང་མཉམ་པའི་སྦྲང་རྩི་ཞེས་བྱ་བ་ནི་ཕག་གི་ཁྲག་ལ་སོགས་པ་དང་མཉམ་པའི་སྦྲང་
རྩི་སྟེ། དེར་མཉེ་བ་ལ་སོགས་པས་དག་པར་འགྱུར་རོ། །ནམ་མཁའ་ཆར་ཆུ་ཞེས་བྱ་བ་ལ་ཆར་ཆུ་ནི་སྨན་གྱི་ཁུ་བའོ། །ནམ་མཁའ་ནི་ལྷང་ཚེར་རོ། །མ་ཧེའི་རྨིག་པར་ནི་ཞེས་བྱ་བ་ནི་བཙོ་ཞེས་བྱ་བ་དང་འབྲེལ་ཏོ། །བཙོ་ཞེས་བྱ་བ་ནི་ཆུ་སྐམ་གྱི་བར་དུ་བཙོ་བའོ། །ཟངས་ཀྱི་ཕྱེ་མ་ཞེས་བྱ་བ་
ལ་སོགས་པ་ལ་ཁར་བ་ཞེས་བྱ་བ་ནི་བརྒྱད་དེ་སྲང་བརྒྱད་དོ། །ཅི་ཞིག་ཅེ་ན། ཟངས་ཀྱི་ཕྱེ་མའོ། །མིག་སྨན་ཞེས་བྱ་བ་ནི་མིག་སྨན་དྲི་མ་མེད་པའོ། །སྦྲང་རྩི་དང་ནི་བཙོས་ནས་གཞིལ། །ཞེས་བྱ་བ་ལ། ཟངས་ཕྱེ་དང་མིག་སྨན་དུ་བཅས་པར་བཙོས་ནས་དང་ལ་སྦྲང་རྩི་བླུགས་ཏེ། འབྱུང་པོའི་སྐྲ་ལ་
སོགས་པའི་ཁུ་བས་ཚ་བ་གཞིལ་ཞིང་བླུགས་ན་བཅིང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཁྲག་ནི་ཆ་བདུན་གྱིས། །སྦྱངས་ནས་ཞེས་བྱ་བ་ནི་ཁྲག་ཆ་བདུན་གྱིས་དངུལ་ཆུ་དག་པར་བྱ་བའོ། །ཁ་ཅིག་ན་རེ་ཁྲག་ཆ་བདུན་གྱིས་གསེར་རྡོ་ལ་སོགས་པ་སྦྱང་བར་བྱའོ་ཞེས་ཟེར་རོ། །སླར་ཡང་ཆ་མཉམ་
Vol. 19 · folio 121b
ཁྲག་དང་ནི། །ཞེས་བྱ་བ་ནི་སྦྲང་རྩི་དང་ཁྲག་ཆ་མཉམ་པར་བྱས་ལ་དངུལ་ཆུ་མཉེ་བའོ། །སྣུམ་ཞིང་རྩུབ་འགྱུར་ཉེས་པ་མང་། །ཞེས་བྱ་བ་ལ་ཉེས་པ་ནི་སྐྱོན་ཏེ། དེ་དག་བསལ་བས་རྩུབ་པ་ལ་སོགས་པར་འགྱུར་བ་ཡིན་ནོ། །སེན་མོ་ཞེས་བྱ་བ་ནི་སྨན་གོ་ས་ལི་ཀ་ཞེས་བྱ་བའོ། །མ་ཧ་ཧ་ཏ་ནི་གསེར་
གྱི་འབྲས་བུའོ། །མོ་ཀྵ་ནི་གནྡ་བ་ར་ལིའོ། །པུསྐ་རི་ནི་ཁ་ར་ཀཾ་ངོ་། །ལྷག་མ་ནི་གོ་སླའོ། །དེ་ནས་ལྷང་ཚེར་དངུལ་ཕྱེ་དང་། །ཞེས་བྱ་བ་ལ། དངུལ་ཕྱེ་ནི་དཀར་པོ་སྟེ། ལྷང་ཚེར་དཀར་པོ་བླུགས་པའོ། །གང་དུ་ཞེ་ན། རྩི་ལ་སྟེ་དངུལ་ཆུ་ལའོ། །དེས་བཅིངས་པས་ནི་དངུལ་གྱི་བྱ་བ་བྱེད་པར་འགྱུར་རོ། །
པནྡུ་ཞེས་བྱ་བ་ནི། པནྡུ་ལས་སྐྱེས་པ་སྟེ་ས་ཧ་དེ་བའོ། །སྐྱོ་མར་བཅས་པའི་ནང་དུ་བརྡུང་། །ཞེས་བྱ་བ་ནི་འབྱུང་པོའི་སྐྲ་ལ་སོགས་པའི་སྨན་གྱི་ཁུ་བ་བླུགས་པ་སྔོན་དུ་འགྲོ་བས་ལྷང་ཚེར་དཀར་པོ་དང་། ས་ཧ་དེ་བའི་སྐྱོ་མའི་ནང་དུ་མཉེས་པས་བཅིང་བར་སྟོན་ཏོ། །ལྷང་ཚེར་དངུལ་ཆུ་སྔོན་པོ་ཡི། །ཞེས་བྱ་བ་ནི་
དངུལ་ཆུ་ལྷང་ཚེར་གྱིས་བཅིང་བ་ལྟར་རྣོན་པོས་ཀྱང་བཅིང་བ་སྟོན་ཏོ། །སོ་སོར་ཞེས་བྱ་བས་ནི་སོ་སོར་རེ་རེ་ཞིང་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཅུང་ཞིག་ངལ་བསོ་བྱ་ཞེས་བྱ་བ་ནི་དེའི་འོག་ཏུ་བཞག་ལ་ཅུང་ཞིག་དབུགས་དབྱུང་བའོ། །གཞག་པའི་གནས་གསུངས་པ། གཞག་པ་ཞེས་བྱ་བ་ལ་
སོགས་པའོ། །དངུལ་ཆུའི་ཞ་ཉེ་ལ་སོགས་པའི་སྐྱོན་ཤེས་པར་བྱ་བ་གསུངས་པ། མྱོང་དང་ཞེས་བྱ་བ་ལ་སོགས་པ་སྟེ། ལྕེས་མྱོང་བས་རོ་ཁ་བ་ལ་སོགས་པ་ཤེས་པར་བྱའོ། །བལྟ་བ་ནི་མིག་གིས་གཟུགས་སྣུམ་པ་ལ་སོགས་པ་ཤེས་པར་བྱའོ། །སོགས་ཀྱིས་ནི་ལུས་ཀྱིས་རེག་པས་ལྕི་བ་ལ་
སོགས་པ་ཤེས་པར་བྱའོ། །སྒྲ་དང་དྲི་ཞེས་བྱ་བ་ནི་མཆོད་པའི་དུས་སུ་བརྟག་པ་སྟེ། དྲི་སྦྲང་རྩི་དང་འདྲ་བ་ལ་མནམ་པ་ལ་སོགས་པ་མཆོད་པའི་དུས་སུ་ཤེས་པར་བྱའོ། །ལྷག་མ་ནི་གོ་སླའོ། །ཉེས་པ་དག་ནི་བརྒྱད་ལྡན་པ། །ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ལྷང་ཚེར་ལ་སོགས་པའི་ཉེས་པ་
དུ་མ་དང་ལྡན་པའི་ཕྱིར་བློ་གྲོས་དང་ལྡན་པས་ནན་ཏན་དུ་དཔྱད་དེ། གང་གི་ཚེ་ནམ་མཁའ་ལྟར་སྔོ་བསངས་དང་ནག་པོར་གྱུར་པ་དེའི་ཚེ་བཟའ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླ་སྟེ། །འདི་ལྟར་བཅོམ་ལྡན་འདས་ཉིད་ཀྱིས་འོག་ནས་རྒྱས་པར་སྟོན་པར་འགྱུར་རོ། །བཅུད་ཀྱིས་
Vol. 19 · folio 122a
ལེན་ཞེས་བྱ་བ་ལ་སོགས་པ་ལ། ཆོ་ག་ནི་བཅུད་ཀྱིས་ལེན་བཅིང་བ་ལ་སོགས་པའི་བྱ་བའོ། །དོན་དེ་སྟོན་པར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་བཅུ་བདུན་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས། ལེའུ་བཅུ་བདུན་པའི་རྣམ་པར་
བཤད་པའོ།། །།ངེས་པར་འདུ་བའི་ལེའུ་བསྟན་པའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་བཅུད་ཀྱིས་ལེན་གྱི་ཆོ་ག་བསྟན་གྱི་འོག་ཏུའོ། །དེ་ལས་ཞེས་བྱ་བ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་རྣལ་འབྱོར་མ་མཉེས་པར་བྱ་བའི་ཕྱིར་ངེས་པར་བཤད་པར་
བྱའོ་ཞེས་བྱ་བར་སྦྱར་རོ། །སྦས་པ་ནི་གབ་པའོ། །གང་དུ་ཞེ་ན། རྒྱུད་དུ་སྟེ། རྒྱུད་གཞན་དུའོ། །ཡང་དག་བསྡུས་པ་ནི་འདུ་བའི་གནས་ཏེ་དེ་དང་གཏོར་མའི་མཆོད་པའོ། །ཅི་འདྲ་ཞེ་ན། སྒྲུབ་པ་པོ་རྣམས་ཏེ་མཆོད་པའི་ཆོ་ག་འདིས་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པས་ན་སྒྲུབ་པ་པོ་སྟེ་
གསལ་བའི་བྱེ་བྲག་གིས་མང་པོའི་ཚིག་ཡིན་ནོ། །བདེ་མཆོག་བླ་མ་ཞེས་བྱ་བ་ལ། རྒྱུད་བདེ་མཆོག་གི་བླ་མ་སྟེ། ཡང་དག་པར་སྦྱོར་བ་དང་། ཀུན་དུ་སྤྱོད་པ་ལ་སོགས་པའོ། །ཡང་ན་བདེ་མཆོག་གི་རྒྱུད་ཉིད་བླ་མ་སྟེ། མང་པོའི་ཚིག་ནི་ཞེ་སར་བྱས་པ་ཡིན་ནོ། །དེ་ཅི་ཞིག་ཅེ་ན། གནས་
ལ་སོགས་པའི་མཁའ་འགྲོ་མ་སྟེ་སོགས་ཀྱིས་ནི་ཉེ་བའི་གནས་ལ་སོགས་པ་གཟུང་ངོ་། །འདི་ལྟར་གནས་ལ་སོགས་པ་དེ་དག་ཏུ་བདེ་མཆོག་བླ་མའི་མཁའ་འགྲོ་མ་རྣམས་ཀྱིས་ཁྱབ་པའོ། །རང་སྐྱེའི་གནས་ཞེས་བྱ་བ་ནི་དེ་དག་བྲམ་ཟེ་ལ་སོགས་པའི་སྐྱེ་གནས་ལས་བྱུང་བའོ། །ཁྱབ་པ་དེ་ཉིད་
གསུངས་པ། ཡུལ་དང་ཡུལ་དུ་ཞེས་བྱ་བ་སྟེ། པུལླི་ར་ལ་སོགས་པའི་ཡུལ་དུའོ། །སུ་ཞིག་ཅེ་ན། རྡོ་རྗེ་དཀྱིལ་འཁོར་གཙོ་མོ་སྟེ། །ཐུགས་ཀྱི་འཁོར་ལོ་ལ་སོགས་པ་ལ་གནས་པའི་རབ་ཏུ་གཏུམ་མོ་ལ་སོགས་པའི་མཁའ་འགྲོ་མ་རྣལ་འབྱོར་མ་དྲུག་གི་རིགས་ལས་བྱུང་བ་ཉི་ཤུ་རྩ་བཞི་པོ་དག་
ཡིན་ནོ། །སྒྲུབ་པ་པོས་ཞེས་བྱ་བ་ནི་མཁའ་འགྲོ་མ་མཉེས་པར་འདོད་པས་སོ། །བརྡ་ཡི་སྐད་དུ་བཤད་པ་ཡིན། །ཞེས་བྱ་བ་ནི་བརྡར་བཏགས་པའི་ཚིག་བསྟན་པར་བྱའོ། །དེ་དག་གི་དབྱེ་བ་གསུངས་པ། ཀུ་ལུ་ཏཱ་ཞེས་བྱ་བ་ལ་སོགས་པ་ལ། མ་མོ་ཞེས་བྱ་བ་ནི་ཕག་མོའི་རིགས་ལས་བྱུང་བའོ། །
Vol. 19 · folio 122b
རིགས་ཀྱི་གཙོ་མོ་ཞེས་བྱ་བ་ནི་གཤིན་རྗེ་མའི་རིགས་ལས་བྱུང་བའོ། །རིགས་ཀྱི་ལྷ་མོ་ཞེས་བྱ་བ་ནི་རྨོངས་བྱེད་མའི་རིགས་ལས་བྱུང་བའོ། །བྱིས་བཅས་མོ་ཞེས་བྱ་བ་ནི་སྐྱོང་བྱེད་མའི་རིགས་ལས་བྱུང་བའོ། །ལྷན་ཅིག་སྐྱེས་པའི་བུ་མོ་ཞེས་བྱ་བ་ནི་སྐྲག་བྱེད་མའི་རིགས་ལས་བྱུང་བའོ། །བརྟུལ་ཞུགས་
འཛིན་མ་ཤ་ཆེན་ཟ། །ཞེས་བྱ་བ་ནི་གཏུམ་མོའི་རིགས་ལས་བྱུང་བའོ། །སྦོམ་དབང་ཕྱུག་ཁཎྜ་རོ་ཧ་ཞེས་བྱ་བ་ནི་ཡང་ཕག་མོའི་རིགས་སོ། །ཙཎྜ་ལཱིའི་བུད་མེད་ཅེས་བྱ་བ་ནི་ཡང་གཤིན་རྗེ་མའི་རིགས་སོ། །བུ་མོ་ཆེན་མོ་ཞེས་བྱ་བ་ནི་ཡང་རྨོངས་བྱེད་མའི་རིགས་སོ། །བུ་མོ་ཡང་འདོད་ཅེས་བྱ་བ་ནི་
ཡང་སྐྱོད་བྱེད་མའི་རིགས་སོ། །མཁའ་འགྲོ་མ་ཡི་དབང་ཕྱུག་མཆོག །ཅེས་བྱ་བ་ནི་ཡང་སྐྲག་བྱེད་མའི་རིགས་སོ། །དེ་བཞིན་ནོ་ཞེས་བྱ་བ་ནི་ཡང་གཏུམ་མོའི་རིགས་སོ། །དེ་ལ་པཉྩ་ལཱིའི་ཡུལ་ཞེས་བྱ་བ་ན་མེལ་བེའོ། །པུལླིའི་རི་ཞེས་བྱ་བ་ནི་པུལླི་ར་དང་མཱ་ལ་ཡའོ། །ལྷག་མ་ནི་གོ་
སླའོ། །ཡང་རྣམ་པར་དབྱེ་བར་བྱ་སྟེ། ཀུ་ལུ་ཏཱ་དང་། མ་རུ་དང་། པྲེ་ཏ་པུ་རི་དང་། ཏྲི་ཤ་ཀུ་ནེ་རྣམས་ཀྱི་བུ་མོ་ནི་ཕག་མོའི་རིགས་སོ། །སིནྡྷུ་དང་། ན་ག་ར་དང་། པུལླིའི་རི་དང་། ཛཱ་ལནྡྷ་ར་རྣམས་ཀྱི་ནི་གཤིན་རྗེ་མའི་རིགས་སོ། །ལམྦཱ་ཀ་དང་། སཽ་རཱཥྚ་དང་། ཨོ་ཊེ་དང་། ཀ་མ་རཱུ་པ་རྣམས་ཀྱི་
ནི་རྨོངས་བྱེད་མའི་རིགས་སོ། །ཧེ་མ་གི་རི་དང་། ཀཱཉྩི་དང་། དེ་བཱི་ཀོ་ཊ་དང་། རཱ་མེ་ཤྭ་རི་རྣམས་ཀྱི་ནི་སྐྱོད་བྱེད་མའི་རིགས་སོ། །པཉྩ་ལ་དང་། གྲྀ་ཧ་དེ་བ་ཏ་དང་། གོ་དཱ་བ་རི་དང་། ཨརྦུ་ད་རྣམས་ཀྱི་ནི་སྐྲག་བྱེད་མའི་རིགས་སོ། །ཀ་ལིངྒ་དང་། ཀོ་ས་ལ་དང་། སུ་བརྞ་དྭཱི་པ་དང་། ཨོ་ཌི་ཡ་ན་
རྣམས་ཀྱི་ནི་གཏུ་མོའི་རིགས་ཏེ། དེ་དག་ནི་རྣལ་འབྱོར་མའི་རིགས་སུ་འདུས་པ་ཡིན་ནོ། །ཡུལ་འདི་རྣམས་ཀྱི་བུ་མོ་གང་ཞེས་བྱ་བ་ནི་ཁྱབ་པ་ཞེས་བྱ་བ་དང་སྦྱར་རོ། །དེ་ལ་བུ་མོ་ཞེས་བྱ་བ་ནི་དེ་དག་གི་ཚེ་ཚད་མེད་པའི་ཕྱིར་རོ། །དཔའ་བོ་གཉིས་མེད་ཁྱབ་པ་ཞེས་བྱ་བ་ནི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་དཔའ་
བོ་དང་བཅས་པར་ཁྱབ་པ་སྟེ། བྱེད་པའི་ཚིག་མི་མངོན་པའི་ཕྱིར་རོ། །དེ་དག་གིས་ནི་འཁོར་ལོ་གསུམ་ལ་དབང་བསྒྱུར་བ་ཐབས་དང་བཅས་པར་བསྟན་ཅིང་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་དྲུག་གི་རིགས་སུ་འདུས་པར་སྟོན་ཏོ། །ཡང་འདི་ལྟར་པུལླི་ར་མ་དང་། ཛཱ་ལནྡྷ་ར་དང་། ཨོ་ཌི་ཡ་ན་དང་། །
Vol. 19 · folio 123a
ཨརྦུ་ད་དང་། གོ་དཱ་བ་རི་དང་། རཱ་མེ་ཤྭ་རི་དང་། དེ་བཱི་ཀོ་ཊ་དང་། མཱ་ལ་བ་དང་། ཀ་མ་རཱུ་པ་དང་། ཨོ་ཊེ་དང་། ཏྲི་ཤ་ཀུ་ནེ་དང་། ཀོ་ས་ལ་དང་། ཀ་ལིངྒ་དང་། ལམྤཱ་ཀ་དང་། ཀཱཉྩི་ར་དང་། ཧི་མཱ་ལ་ཡ་དང་། པྲེ་ཏ་པུ་རི་དང་། གྲྀ་ཧ་དེ་བ་དང་། སཽ་རཱཥྚ་དང་། སུ་བརྞ་དྭཱི་པ་དང་། ན་ག་ར་
དང་། སིནྡྷུ་དང་། མ་རུ་དང་། ཀུ་ལུ་ཏཱ་སྟེ། འཁོར་ལོ་གསུམ་པོ་དེ་དག་གི་རིགས་འཕོ་བ་རིམ་བཞིན་དུ་སླར་ཡང་བཤད་པར་བྱ་སྟེ། དེ་ལ་རབ་ཏུ་གཏུམ་མོ་དང་། གཏུམ་མིག་མ་ནི་ཕག་མོའི་རིགས་ལས་བྱུང་བའོ། །འོད་ལྡན་མ་དང་། སྣ་ཆེན་མོ་ནི་རྨོངས་བྱེད་མ་དང་། གཏུམ་མོའི་རིགས་ལས་
བྱུང་བའོ། །དཔའ་བོའི་བློ་མ་དང་། མིའུ་ཐུང་མ་ནི་སྐྲག་བྱེད་མ་དང་། སྐྱོད་བྱེད་མའི་རིགས་ལས་བྱུང་བའོ། །ལངྐའི་དབང་ཕྱུག་མ་དང་། ལྗོན་གྲིབ་མ་ནི་སྐྱོད་བྱེད་མ་དང་། སྐྲག་བྱེད་མའི་རིགས་སོ། །ས་སྲུང་མ་དང་། འཇིགས་བྱེད་ཆེན་མོ་ནི་རྨོངས་བྱེད་མའི་རིགས་སོ། །རླུང་ཤུགས་མ་
དང་། ཆང་འཐུང་མ་ནི་ཕག་མོ་དང་གཏུམ་མོའི་རིགས་སོ། །ལྷ་མོ་སྔོ་བསངས་མ་དང་། ཤིན་ཏུ་བཟང་མོ་ནི་གཏུམ་མོ་དང་རྨོངས་བྱེད་མའི་རིགས་སོ། །རྟ་རྣ་མ་དང་། བྱ་གདོང་མ་ནི་སྐྱོད་བྱེད་མའི་རིགས་སོ། །འཁོར་ལོའི་ཤུགས་ཅན་མ་དང་། དུམ་སྐྱེས་མ་ནི་ཕག་མོ་དང་སྐྲག་བྱེད་མའི་རིགས་སོ། །
གླང་སྣ་མ་དང་། འཁོར་ལོའི་གོ་ཆ་མ་ནི་རྨོངས་བྱེད་མ་དང་། གཏུམ་མོའི་རིགས་སོ། །ཤིན་ཏུ་དཔའ་མོ་དང་སྟོབས་ཆེན་མ་ནི་གཤིན་རྗེ་མའི་རིགས་སོ། །འཁོར་ལོས་སྒྱུར་མ་དང་། བརྩོན་ཆེན་མ་ནི་ཕག་མོའི་རིགས་ཏེ། འདི་ནི་རབ་ཏུ་གཏུམ་མོ་ལ་སོགས་པ་རྣམས་ཀྱི་རྣལ་འབྱོར་མ་དྲུག་གི་རིགས་འཕོ་
བའོ། །ཀུན་ཀྱང་འདོད་པའི་གཟུགས་ཅན་མ། །ཞེས་བྱ་བ་ནི་ཇི་ལྟར་འདོད་པའི་གཟུགས་སུ་འཛིན་པའོ། །དེ་ཉིད་ཀྱིས་ན་ཡིད་ཀྱི་ཤུགས་ཅན་ཏེ། གང་དག་ལ་ཡིད་ཀྱི་ཤུགས་ཀྱིས་འགྲོ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལོག་མ་ཡིན་ཞེས་བྱ་བ་ནི་འཁོར་བ་ལས་ལྡོག་པའོ། །ལྷག་མ་ནི་གོ་
སླའོ། །དེ་ཉིད་ཆེན་མོ་མཁའ་འགྲོ་ལྔ། །ཞེས་བྱ་བ་ལ་མཁའ་འགྲོ་ལྔ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་ལྔའོ། །དེ་དག་དེ་ཉིད་ཆེན་མོ་སྟེ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ལ་སོགས་པ་ཡིན་པའི་ཕྱིར་རོ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པ། །ཞེས་བྱ་བ་ནི་དེ་དག་གིས་ཞི་བ་ལ་སོགས་
Vol. 19 · folio 123b
པའི་ལས་ཐམས་ཅད་གྲུབ་པར་བྱེད་པའི་ཕྱིར་རོ། །དེ་དག་དང་ལྡན་པའི་བཅོམ་ལྡན་འདས་བསྒོམས་ནས་ནག་པོ་དྲག་པོ་ལ་སོགས་པ་དང་བཅས་པར་དགུག་པའི་ཕྱིར་སྦྱོར་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་ཆེན་མ་ནི་རྣལ་འབྱོར་མ་རྣམས་སོ། །རྡོ་རྗེ་དབང་ཕྱུག་མ་ནི་དཔའ་བོ་ཉི་
ཤུ་རྩ་བཞི་སྟེ། སྦྱོར་བ་ནི་དེ་རྣམས་སྙོམས་པར་འཇུག་པ་ཡིན་ལ་དེའི་གཙོ་བོ་ནི་རྡོ་རྗེ་མཁའ་འགྲོ་སྟེ། དེའི་དཀྱིལ་འཁོར་གྱི་བདག་པོར་བྱས་ནས་གཏོར་མ་སྦྱིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པའི་སྐུ་ཆེན་པོ་ནི་ཆོས་ཀྱི་སྐུའོ། །དེ་ཉིད་རྡུལ་མེད་པ་སྟེ། ཉོན་མོངས་པའི་རྡུལ་དང་བྲལ་
བའི་ཕྱིར་རོ། །དེ་ཉིད་རྣལ་འབྱོར་ཏེ་གཟུང་བ་ལ་སོགས་པ་དང་བྲལ་བའི་སྟོང་པ་ཉིད་དུ་སྦྱར་བའི་ཕྱིར་རོ། །དེས་ནི་དཀྱིལ་འཁོར་འདི་སྙིང་རྗེ་དང་། སྟོང་པ་ཉིད་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་བསྒོམ་པར་བྱ་བ་སྟོན་ཏོ། །སྤྱན་དྲང་བའི་སྔགས་གསུངས་པ། ཨོཾ་ཀཀྐ་
ཞེས་བྱ་བ་ལ་སོགས་པའོ། །དེ་དག་གིས་ནི་འདི་སྐད་དུ་ལྷའི་རྣལ་འབྱོར་ཅན་གྱིས་ཙནྡན་དམར་པོས་དཀྱིལ་འཁོར་གྲུ་གསུམ་བྱས་ལ་དེའི་དབུས་སུ་འཇིག་རྟེན་སྐྱོང་བ་ལ་སོགས་པ་བལྟ་སྟེ། ཕྱི་རོལ་གཡས་དང་གཡོན་དུ་བདུད་རྩི་ལྔ་དང་ལྡན་པའི་བཟའ་བ་ལ་སོགས་པ་ཐམས་ཅད་ཀྱིས་བཀང་
བའི་གཏོར་མ་གཉིས་བཤམས་ལ་གཏོར་མ་གཡོན་པ་ནི་རང་གི་ལྷའི་ཞལ་དུ་དབུལ་བར་བྱའོ། །གཏོར་མ་གཡས་པ་ནི་ཨོཾ་བྷ་ཀྵ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་རུ་ཏྲ་ནག་པོ་ལ་སོགས་པ་ལ་དབུལ་བར་བྱའོ་ཞེས་སྟོན་ཏོ། །དེ་ཉིད་གསུངས་པ། བདུད་རྩི་ཞེས་བྱ་བ་ལ་སོགས་པ་གསུངས་
པ་ལ། བདུད་རྩི་ཞེས་བྱ་བ་ནི་བཟའ་བ་ལ་སོགས་པ་དེ་དག་ཧ་ཧོཿཧྲཱིཿགསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་པའོ། །ཁ་བཀང་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་ཞལ་དགོང་པའོ། །ལྷ་རྣམས་ཐམས་ཅད་ཚིམ་པར་བྱ། །ཞེས་བྱ་བ་ནི་ཕྱི་ནང་གི་རྣལ་འབྱོར་དང་རྣལ་འབྱོར་མ་རྣམས་བསྒོམས་ཏེ་
མཉེས་པར་བྱའོ། །ལས་རྣམས་སྦྱོར་བ་ཇི་བཞིན་དུ། །གཏོར་མའི་ལས་ནི་སྦྱར་བྱས་ཏེ། །ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཐམས་ཅད་ལ་གཏོར་མའི་ཆོ་ག་ངེས་པར་སྦྱར་བའོ། །དེ་ལ་དཀྱིལ་འཁོར་གྱི་རིམ་པ་ནི་འདི་ཡིན་ཏེ། ཙནྡན་གྱི་དཀྱིལ་འཁོར་གྲུ་གསུམ་བྱུགས་པའི་དབུས་
Vol. 19 · folio 124a
སུ་ཟླུམ་པོར་བསྐོར་ལ་དར་ཐིག་བཞིས་རེའུ་མིག་དགུར་བྱའོ། །དེ་ལ་དབང་ལྡན་གྱི་རེའུ་མིག་ཏུ་ནི་རུ་ཏྲ་ནག་པོ་ཁྱུ་མཆོག་ལ་ཞོན་པ་ཁ་དོག་དཀར་པོ་ལག་པ་གཉིས་ན་ཐོད་པ་དང་། མདུང་རྩེ་གསུམ་པ་ཐོགས་པའོ། །ཤར་དུ་ནི་དྲག་པོ་ཆེན་པོ་མདོག་སེར་པོ་གཡས་ན་རྡོ་རྗེ་ཐོགས་ཤིང་།
གཡོན་པ་གླང་པོ་ཆེའི་མགོར་ཐལ་མོ་བཞག་པ་གླང་པོ་ཆེ་ལ་ཞོན་པའོ། །མེ་མཚམས་སུ་ནི་ལྷ་སྦྱིན་མདོག་དམར་པོ་ར་སྐྱེས་ལ་ཞོན་པའོ། །ལག་པ་གཡས་གཉིས་ན་ཧོམ་གཟར་དང་དབྱུ་གུ་གསུམ་པ་ཐོགས་པ་གཡོན་གཉིས་ན་བ་དན་དང་རིལ་བ་སྤྱི་བླུགས་ཐོགས་པའོ། །ལྷོར་ནི་
ནག་པོ་སྟེ་མ་ཧེ་ལ་ཞོན་ཞིང་མདོག་སྔོ་བ་ལག་པ་གཉིས་ན་དབྱུག་པ་དང་མདུང་ཐོགས་པའོ། །བདེན་བྲལ་དུ་ནི་གཙིགས་པ་སྟེ་མི་རོ་ལ་ཞོན་ཞིང་མདོག་སྔོ་ནག་སྐྲ་ཁམ་པ་གྱེན་དུ་བརྫེས་པ་རལ་གྲི་དང་ཕུབ་ཆུང་ཐོགས་པའོ། །ནུབ་ཏུ་ནི་འཇིགས་བྱེད་དེ་ཆུ་སྲིན་ལ་ཞོན་ཞིང་མདོག་དཀར་བ་གདེངས་ཀ་བདུན་
དང་ལྡན་པ་ལག་ན་ཞགས་པ་ཐོགས་པའོ། །རླུང་མཚམས་སུ་ནི་རླུང་ལྷ་རྒ་ལས་འདས་པ་སྟེ་རི་དགས་ལ་ཞོན་ཞིང་མདོག་ནག་པོ་ལག་པ་གཉིས་ཀྱིས་རླུང་གི་སྣམ་བུ་བ་དན་འཛིན་པའོ། །ལུས་ངན་གྱི་ཕྱོགས་སུ་ནི་ལོག་འདྲེན་ཏེ་མི་ལ་ཞོན་ཞིང་མདོག་སེར་བ་ལག་པ་གཉིས་ཀྱིས་ལྕགས་ཀྱུ་དང་རིན་
པོ་ཆེའི་དབྱུག་པ་འཛིན་པའོ། །དེ་ཐམས་ཅད་ཀྱང་རལ་པའི་ཐོར་ཚུགས་ཀྱིས་བརྒྱན་ཅིང་རང་དང་འདྲ་བའི་ཆུང་མ་དང་བཅས་པ་ལག་པ་གཞན་གཉིས་ཀྱིས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདུད་པའོ། །དེ་ལ་རྒན་བྱེད་མ་ལ་སོགས་པ་ནི་ནག་པོ་དྲག་པོ་དང་མཚུངས་པའོ། །རྒྱལ་བ་མ་ལ་སོགས་པ་
ནི་དྲག་པོ་ཆེན་པོ་ལྟ་བུའོ། །ནག་མོ་བཟང་མོ་ལ་སོགས་པ་ནི་ལྷ་སྦྱིན་ལྟ་བུའོ། །ཟླ་བ་མོ་ལ་སོགས་པ་ནི་ནག་པོ་ལྟ་བུའོ། །སུམ་ཅུ་གསུམ་དབང་ལ་སོགས་པ་ནི་གཙིགས་པ་ལྟ་བུའོ། །དྲག་མོ་ལ་སོགས་པ་ནི་འཇིགས་བྱེད་ལྟ་བུའོ། །ཐོད་ཕྲེང་མ་ལ་སོགས་པ་ནི་རྒ་ལས་འདས་པ་ལྟ་བུའོ། །རལ་
གྲི་ཅན་ལ་སོགས་པ་ནི་ལོག་འདྲེན་ལྟ་བུ་སྟེ། མཆེ་བ་གཙིགས་མ་དང་འཁྱུད་མ་དང་ཁ་ཊྭཱཾ་མ་དང་རལ་གྲི་ཅན་དང་དགྲ་སྟ་ཅན་དང་། རྡོ་རྗེ་ཅན་དང་གཞུ་ཅན་མ་རྣམས་ནི་སོ་སོའི་མིང་བཞིན་དུ་ལག་པ་རེ་རེས་མཚན་མ་དེ་དག་ཐོགས་ཤིང་ལྷག་མ་རྣམས་ནི་གཙོ་བོ་དང་འདྲ་བའི་མཚན་མ་ཐོགས་པ་ཡིན་ནོ། །
Vol. 19 · folio 124b
ཀུན་དུ་འཁྱུད་མ་ནི་ལག་པ་གཉིས་ཀྱིས་འདུད་པའི་ཕྱག་རྒྱ་འཆིང་བའོ། །གཞན་དག་ནི་རྒན་བྱེད་མ་ལ་སོགས་པ་འདི་དག་གི་མདོག་དང་མཚན་མ་གཟུངས་ཀྱི་དཀྱིལ་འཁོར་ལྟ་བུར་བྱའོ་ཞེས་ཟེར་ཏེ། དེ་ནི་གཟུངས་ཀྱི་དཀྱིལ་འཁོར་ཉིད་དུ་ཡིན་གྱི་རྒྱུད་འདི་མན་ངག་ལས་གཏོར་མའི་སྐབས་སུ་ནི་དེ་ལྟ་མ་ཡིན་
པར་ཤེས་པར་བྱའོ། །ཙ་མུཎྜཱི་ལ་སོགས་པའི་རྣལ་འབྱོར་མ་བཞི་བཞི་ཞིང་རུ་ཏྲ་ནག་པོ་ལ་སོགས་པ་རྣམས་ཀྱི་རིམ་བཞིན་འཁོར་དུ་བལྟ་བར་བྱའོ། །ཡེ་ཤེས་ལྕགས་ཀྱུའི་བྱེ་བྲག་གིས། །རང་འདོད་ལྷ་ནི་ཚིམ་པར་བྱ། །ཞེས་བྱ་བ་ལ། རང་འདོད་ལྷ་ཞེས་བྱ་བ་ནི་རེའུ་མིག་དབུ་མར་རྡོ་རྗེ་མཁའ་འགྲོར་རྣལ་
འབྱོར་མ་དང་བཅས་པར་བཀོད་པའོ། །ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པ་སྟེ། དེ་ལྕགས་ཀྱུ་ལྔ་ཞེས་བྱ་བ་གོ་ཀུ་ད་ཧ་ན་ཞེས་བྱ་བ་དང་བཅས་པའི་བདུད་རྩི་ལྔ་སྟེ་དེ་དག་གིས་གཏོར་མའི་སྣོད་བཀང་སྟེ་རྡོ་རྗེ་མཁའ་འགྲོ་དང་རུ་ཏྲ་ནག་པོ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་
ཚིམ་པར་བྱ་ཞེས་བྱ་བའི་དོན་ཏོ། །རོ་ལངས་ཀྱི་སྒྲུབ་པ་གསུངས་པ། གང་གིས་ཞེས་བྱ་བ་ལ་སོགས་པ་ལ། རྨ་མེད་ཅེས་བྱ་བ་ནི་མཚོན་གྱིས་དྲལ་ཞིང་ཕུག་པ་ལ་སོགས་པའི་རྨ་སར་པ་མེད་པའོ། །མཛེ་དང་ཤུ་བ་ལ་སོགས་པ་སྤངས་ཞེས་བྱ་བ་ནི་ཕྱི་རོལ་གྱི་པགས་པ་ལ་མཛེ་དང་ཤུ་བ་ལ་སོགས་
པའི་སྐྱོན་དང་བྲལ་བ་དང་། གཞན་ཡང་ཟ་གུ་ལ་སོགས་པའི་ནད་ཀྱིས་མ་ཉམས་པའོ། །ལྷག་མ་ནི་གོ་སླའོ། །ཧ་ཧ་ཞེས་བྱ་བ་ལ་སོགས་པ་དགོད་པའི་སྔགས་ནི་འདིར་བཟླས་པའི་སྔགས་སོ། །མེ་ཞེས་བྱ་བ་ནི་རའོ། །ས་བོན་ཞེས་བྱ་བ་ནི་ཧའོ། །རླུང་གི་ས་བོན་ཞེས་བྱ་བ་ནི་ཡའོ། །སྤྱི་
གཙུག་ཏུ་ནི་སྦྱར་ཞེས་བྱ་བ་ནི་སྟེང་དུ་ཟླ་ཚེས་དང་ཐིག་ལེ་བྲི་བ་སྟེ། བསྡུས་པས་ཧྱཾ་ཞེས་བྱ་བར་འགྱུར་རོ། །མཆོད་པར་བྱ་ཞེས་བྱ་བ་ནི་མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པས་མཆོད་པར་བྱ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་མ་ཡི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པས་ནི་བདག་ཉིད་ལྷའི་རྣལ་འབྱོར་བྱ་བར་
སྟོན་ཏོ། །སྐྱེ་གནས་དབུས་སུ་ཞེས་བྱ་བ་ལ་སོགས་པས་ནི་རོའི་ཕོ་ཉ་དེ་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ས་བོན་ཧྱྃ་ལས་བྱུང་བ་འོད་དང་བཅས་པའི་ལུས་སུ་བསྒོམ་པའི་དོན་ཏོ། །གནས་ནི་དུར་ཁྲོད་ལ་སོགས་པ་དང་དབེན་པར་བསྒྲུབ་པར་བྱའོ། །འདུ་བའི་གནས་ངེས་པ་ཞེས་བྱ་བ་ནི་གནས་གང་དུ་རྣལ་
Vol. 19 · folio 125a
འབྱོར་མ་རྣམས་ངེས་པར་འདུ་བའོ། །བསྒྲུབ་པའི་ཆོ་ག་ནི་གཏོར་མ་དང་རོ་ལངས་སྒྲུབ་པའི་ཆོ་གའོ། །དེའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་བཅོ་བརྒྱད་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པའོ།། །།
འདུ་བའི་གནས་དེ་དང་དེར་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་དེ་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར་དེའི་སྒྲུབ་ཐབས་ཀྱི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་གནས་ལ་སོགས་པ་བསྟན་པའི་འོག་ཏུའོ། །དེ་ལས་ཞེས་བྱ་བ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་གནས་རྣམས་སུ་
གཏོར་མ་བཏང་བ་སྔོན་དུ་འགྲོ་བའི་མ་མོའི་དཀྱིལ་འཁོར་མདུན་དུ་བསྒོམ་པ་མ་གཏོགས་སྒྲུབ་པར་མི་ནུས་པས་མ་མོའི་དཀྱིལ་འཁོར་དགེ་བ་བཤད་པར་བྱ་ཞེས་བྱ་བར་སྦྱར་རོ། །ལྷ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ཚངས་པ་ལ་སོགས་པའོ། །ཕོ་ཉའི་ཁྱད་པར་ནི་འཕྲོག་བྱེད་མ་ལ་སོགས་པའོ། །འབྱུང་པོ་ནི་
ལོག་འདྲེན་ལ་སོགས་པའོ། གཟའ་ནི་ཉི་མ་ལ་སོགས་པ་སྟེ། རིག་པ་ཆེ་ནི་དེ་རྣམས་སྒྲུབ་པར་བྱེད་པའོ། །ལུས་སྲུལ་པོ་ནི་ཡི་དགས་ཏེ། དེ་རྣམས་སྒྲུབ་པར་བྱེད་པའི་དཀྱིལ་འཁོར་བཤད་ཀྱིས་ཞེས་བྱ་བ་དང་སྦྱར་རོ། །སྔགས་ཀྱི་ཕྲེང་བ་ཞེས་བྱ་བ་ནི་དེ་རྣམས་ཀྱི་སྔགས་ཀྱི་ཕྲེང་བའོ། །ད་ནི་ཞེས་བྱ་བ་ནི་
རིམ་གྱི་དོན་ཏེ། རིམ་གྱིས་བཤད་ཀྱི་ཉོན་ཅིག་པའོ། །དཀྱིལ་འཁོར་གསུངས་པ། གྲུ་བཞི་ཞེས་བྱ་བ་ལ་སོགས་པའོ། །བ་ལང་ཀོ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་ཀྱིས་ནི་རའི་པགས་པ་ལ་སོགས་པ་གཟུང་ངོ་། །སྒྲུབ་པ་པོའི་མཆོག་ནི་དམ་ཚིག་ཅན་ནོ། །འབྱུང་པོའི་དཀྱིལ་འཁོར་ཞེས་བྱ་བ་
ནི་འབྱུང་པོ་སྒྲུབ་པར་བྱེད་པའི་དཀྱིལ་འཁོར་ཏེ། འབྱུང་པོ་འདུལ་བྱེད་ཀྱི་དཀྱིལ་འཁོར་རོ། །སྒྲུབ་པ་ནི་རས་རིས་ལ་སོགས་པ་བྱ་བའོ། །དེ་ནས་འབུམ་ཕྲག་གཅིག་བཟླས་པ། །ཞེས་བྱ་བ་ནི་ཨོཾ་ཨཱཿ་ག་ཧཱུྃ་སྭཱ་ཧཱ་ཞེས་བྱ་བའི་སྔགས་སྔོན་དུ་འབུམ་ཕྲག་གཅིག་བཟླས་པ་བྱ་བའོ། །ལྷག་མ་ནི་གོ་
སླའོ། །འབྱུང་བ་ལས་ཀྱང་ཞེས་བྱ་བ་ནི་བདག་མེད་པའི་ཏིང་ངེ་འཛིན་དེ་ལས་སོ། །ཅི་ཞིག་ཅེ་ན། འབྱུང་བའི་གཟུགས་ཏེ་འབྱུང་པོ་འདུལ་བྱེད་ཀྱི་གཟུགས་སུ་བསྒོམ་པའོ། །དབུས་སུ་ཞེས་བྱ་བ་ནི་ནང་གི་དཀྱིལ་འཁོར་རོ། །རི་མོ་མཛེས་པས་བསྐོར་བར་བྱ། །ཞེས་བྱ་བ་ནི་པདྨ་འདབ་མ་བརྒྱད་ཀྱི་
Vol. 19 · folio 125b
ཕྱི་རོལ་དུ་རི་མོ་ཟླུམ་པོར་བསྐོར་བའོ། །རྡོ་རྗེ་འབར་བ་བ་དན་གསུམ། །ཞེས་བྱ་བ་ལ་མཐེ་བོས་མཐེ་ཆུང་གི་སེན་མོ་མནན་ཏེ། སོར་མོ་ལྷག་མ་གསུམ་བསྒྲེང་བ་འདི་ནི་བ་དན་གསུམ་པའི་ཕྱག་རྒྱ་ཡིན་ལ་རྡོ་རྗེ་འབར་བ་དང་བཅས་པའོ། །ཁྲག་མཆོག་མཛེས་པའི་གཤོར་དང་བཅས། །ཞེས་བྱ་བ་ནི་གཤོར་
ལྟ་བུའི་ཐོད་པ་ཁྲག་གིས་བཀང་བའོ། །ཡང་ན་ར་ཙ་ནི་ཞེས་བྱ་བ་ནི་མཚན་མོ་རྒྱུ་བས་ན་ཟླ་བ་ལ་བྱ་ལ་ཟླ་བ་ཕྱེད་པའི་དབྱིབས་ལྟ་བུའི་མཚན་མ་དེ་ལ་དེ་སྐད་ཅེས་བྱའོ། །འདིར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ནི་མཚན་མ་རྡོ་རྗེ་བྲི་བའོ། །རས་རིས་ལ་ནི་ཡན་ལག་རྫོགས་པའི་གཟུགས་བྲི་བར་བྱ་ལ། བསམ་གཏན་
གྱིས་ནི་ས་བོན་ཧཱུྃ་ལས་བསྐྱེད་པར་བྱའོ། །ཤར་དུ་ཞེས་བྱ་བ་ལ་སོགས་པ་ལ། ཤར་གྱི་འདབ་མ་ལ་ནི་མཁའ་འགྲོ་མ་སྟེ་ས་བོན་ཕྲུཾ་ལས་བསྐྱེད་ཅིང་མདོག་དཀར་བ་ལག་པ་གཉིས་ཀྱི་ཐལ་མོ་ཁར་བཅུག་པའོ། །ལྷོར་ནི་འཕྲོག་བྱེད་མ་སྟེ་ས་བོན་ཕྲེཾ་ལས་བྱུང་ཞིང་མདོག་སྔོ་བ་ལག་ན་སྡིགས་མཛུབ་དང་
གཏུན་ཤིང་ཐོགས་པའོ། །ནུབ་ཏུ་འཇིགས་བྱེད་མ་སྟེ་ས་བོན་ཕྲེཾ་ལས་བྱུང་ཞིང་ལག་པ་གཉིས་ཀྱི་སྙིམ་པ་ཁྲག་གིས་བཀང་སྟེ་འཐུང་བའོ། །བྱང་དུ་ནི་མེ་འབར་མ་སྟེ་ས་བོན་ཕེཾ་ལས་བྱུང་ཞིང་མདོག་སེར་བ་ཐལ་མོ་སྤྱི་བོར་སྦྱར་བའོ། །དེ་དག་ཐམས་ཅད་ཀྱང་སྐྲ་གྲོལ་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་
རོའི་སྟན་ལ་འདུག་པའོ། །དེ་ལ་སྔར་རིམ་པ་གཉིས་པ་ཞེས་བྱ་བ་ནི་ནང་རིམ་གྱི་པདྨ་འདི་ལ་ལྟོས་པ་ཡིན་ཏེ། དེ་ཡང་གྲུ་བཞི་ལ་སོགས་པ་དང་ལྡན་ཞིང་རྟ་བབས་མེད་པ་ཡིན་ནོ། །དེའི་ཤར་ཕྱོགས་ཀྱི་སྒོར་ནི་མདོག་དང་མཚན་མ་ལ་སོགས་པ་ཇི་སྐད་བསྟན་པ་ལྟ་བུའི་ཕག་མོའོ། །ལྷོར་ནི་ཞི་བ་མོའོ། །ནུབ་
ཏུ་ནི་གཞོན་ནུ་མའོ། །བྱང་དུ་ནི་རྒན་བྱེད་མའོ། །དབང་ལྡན་གྱི་མཚམས་སུ་ནི་ཚངས་པ་མའོ། །མེ་མཚམས་སུ་ནི་ཚོགས་ཀྱི་དབང་མོའོ། །བདེན་བྲལ་དུ་ནི་ཁྱབ་འཇུག་མའོ། །རླུང་མཚམས་སུ་ནི་དབང་མོའོ། །ཡང་དེ་ཉིད་ཀྱི་རིམ་པ་གསུམ་པར་དབང་ལྡན་ལ་སོགས་པ་སྟེ། དབང་ལྡན་ཞེས་བྱ་བ་མོའི་
རྟགས་སུ་བྱུང་བ་ནི་རྣམ་པར་བསྒྱུར་བ་རྣམས་འདོད་རྒྱལ་གྱིས་འཇུག་པའི་ཕྱིར་རོ། །དེ་དག་ཀྱང་མདོག་དང་མཚན་མ་ལ་སོགས་པ་ཇི་ལྟར་བསྟན་པ་བཞིན་རང་རང་གི་གནས་སུ་དགོད་པ་གཞུང་ལས་གསལ་པོར་བཤད་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་རིམ་པ་བཞི་པར་ནི་ཉི་མ་ལ་སོགས་པ་སྟེ། དེ་ལ་
Vol. 19 · folio 126a
ཤར་ཕྱོགས་ཀྱི་སྒོར་ནི་ཉི་མ་རྟ་དཀར་པོ་ལ་ཞོན་ཞིང་མདོག་དམར་བ་ལག་པ་གཉིས་ཀྱིས་པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ཐོགས་པའོ། །མེ་མཚམས་སུ་ཟླ་བ་སྟེ་ངང་པ་ལ་ཞོན་ཞིང་མདོག་དཀར་བ་ལག་པ་གཉིས་ཀྱིས་པདྨའི་སྟེང་ན་ཟླ་བའི་དཀྱིལ་འཁོར་ཐོགས་པའོ། །ལྷོར་ནི་མིག་
དམར་སྟེ་ར་སྐྱེས་ལ་ཞོན་ཞིང་མདོག་དམར་བ་ལག་པ་གཡས་ཀྱིས་གྲི་ཐོགས་པ་གཡོན་གྱིས་མི་མགོ་ཐོགས་ཏེ་ཟ་བའོ། །བདེན་བྲལ་དུ་ནི་གཟའ་ལྷག་སྟེ། པདྨ་ལ་གནས་ཤིང་མདོག་སེར་བ། ལག་ན་མདའ་གཞུ་ཐོགས་པའོ། །ནུབ་ཕྱོགས་སུ་ནི་ཕུར་བུ་སྟེ། པདྨ་ལ་གནས་ཤིང་མདོག་སེར་སྐྱ་
བགྲང་ཕྲེང་དང་། རིལ་བ་སྤྱི་བླུགས་ཐོགས་པའོ། །རླུང་མཚམས་སུ་ནི་པ་བ་སངས་ཏེ། དེ་ཡང་པདྨ་ལ་གནས་ཤིང་མདོག་དཀར་བ་བགྲང་ཕྲེང་དང་རིལ་པ་སྤྱི་བླུགས་ཐོགས་པའོ། །བྱང་དུ་ནི་སྤེན་པ་སྟེ། རུས་སྦལ་གྱི་སྟན་ལ་འདུག་ཅིང་མདོག་སྔོ་བ་ལག་པ་གཉིས་ཀས་དབྱིག་པ་ཐོགས་པའོ། །
དབང་ལྡན་དུ་ནི་སྒྲ་ཅན་འཛིན་དང་རྒྱལ་མཚན་ཏེ། དེ་ཡང་སྒྲ་གཅན་འཛིན་ནི་མདོག་དམར་ཞིང་ཉི་མ་དང་ཟླ་བ་ཐོགས་པའོ། །རྒྱལ་མཚན་ནི་མདོག་སྔོ་ཞིང་ལག་ན་རལ་གྲི་དང་ཞགས་པ་ཐོགས་པ་སྟེ། ཕྱི་རོལ་གྱི་ཤར་སྒོར་ནི་ཚངས་པའོ། །ལྷོར་ནི་དྲག་པོའོ། །ནུབ་ཏུ་ནི་སྐེམས་བྱེད་དོ། །བྱང་
དུ་ནི་ཁྱབ་འཇུག་གོ། །དབང་ལྡན་དང་མེ་མཚམས་དང་བདེན་བྲལ་དང་རླུང་མཚམས་བཞིར་ནི་སའི་ལྷ་མོ་དང་མེ་དང་ཆུ་དང་རླུང་རྣམས་རིམ་པ་བཞིན་དུ། ལཾ་དང་རཾ་དང་བཾ་དང་ཡཾ་གི་ས་བོན་ལས་བྱུང་བ་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པ་དང་། མེ་འབར་བའི་གཟུགས་དང་སྤྲིན་དང་བ་དན་གཡོ་
བས་མཚན་པའི་རླུང་གི་གཟུགས་ཅན་དགོད་པར་བྱའོ། །གཞན་ཡང་འདིར་གང་གི་ས་བོན་མ་བསྟན་པ་དེ་དག་གི་ས་བོན་ནི་རང་གི་མིང་གི་ཡི་གེ་ལ་ཐིག་ལེས་བརྒྱན་པ་ཡིན་པར་བལྟ་སྟེ། རྡུལ་ཚོན་དུ་བྲིས་པའམ་རས་རིས་ཀྱི་ལྷའི་གཟུགས་ཀྱང་རུང་སྟེ། བསམ་གཏན་གྱིས་སོ་སོར་རེ་རེ་ཞིང་རང་
རང་གི་ས་བོན་ལས་བསྐྱེད་པར་བྱའོ། །གཟའ་དང་སྐར་མ་ཐམས་ཅད་ཀྱང་། །རང་རང་དམ་ཚིག་ལས་བྱུང་ཞིང་། །ཞེས་བྱ་བ་ནི་སྐར་མའི་ཚོགས་དང་བཅས་པའི་གཟའ་རྣམས་རང་རང་གི་མིང་གི་ས་བོན་ལས་བྱུང་བའོ། །ཡང་ན་རང་རང་གི་དམ་ཚིག་ལས་བྱུང་བ་སྟེ། སེམས་ཅན་གྱི་དོན་གྱི་ཕྱིར་འདུས་པའོ། །དེ་
Vol. 19 · folio 126b
ཉིད་ཀྱིས་ན་རྫུ་འཕྲུལ་དང་ལྡན་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རང་རང་སྟན་ལ་གནས་པར་བསམ། །ཞེས་བྱ་བ་ལ་ཉི་མ་དང་སྤེན་པ་དང་སྒྲ་གཅན་འཛིན་དང་རྒྱལ་མཚན་རྣམས་ནི་ཁྱད་པར་དུ་ཉི་མའི་དཀྱིལ་འཁོར་གྱི་སྟན་ལ་གནས་པ་ཡིན་ལ་ལྷག་མ་ནི་སྔར་བཤད་ཟིན་ཏོ། །མ་མོ་ཞེས་བྱ་བ་ལ་སོགས་
པས་ནི་རྣལ་འབྱོར་མ་བཞིའི་སྒྲུབ་པའི་ཐབས་ལ་འཇུག་པ་ཡིན་ཏེ། དངོས་གྲུབ་ཐམས་ཅད་བསྐྱེད་པའི་ཕྱིར་མ་མོའོ། །ཡང་ཅི་འདྲ་ཞེ་ན། འབྱུང་པོའི་རིག་པ་དང་ནི་གཞན། །ཞེས་བྱ་བ་ལ་འབྱུང་པོ་ནི་མི་མ་ཡིན་པ་སྟེ། དེ་ཚར་གཅོད་པར་བྱེད་པའི་རིག་པའོ། །གཞན་ཞེས་བྱ་བ་ནི་ཕོ་ཉ་ཞེས་
བྱ་བ་དང་སྦྱར་རོ། །ཅི་ཞེ་ན། ལས་རྣམས་ཀུན་གྱིའོ། །སུས་བསྒྲུབ་པར་བྱ་ཞེ་ན་ལོངས་སྤྱོད་པ་དག་གི་སྒྲུབ་པ་པོ་སྟེ། ཕོ་ཉའི་ལོངས་སྤྱོད་དོན་དུ་གཉེར་བས་སོ། །ཟླ་བ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ནི་རང་གི་ལྷའི་ཏིང་ངེ་འཛིན་གྱི་ཡན་ལག་སྟོན་པ་ཡིན་ཏེ་ཟླ་བ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་
རྡོ་རྗེ་སེམས་དཔའ་སྟོན་ཏོ། །སྔགས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་རིགས་ཀྱིས་ནི་གཅིག་གི་ཚིག་ཏུ་བྱས་པ་ཡིན་ནོ། །ཐམས་ཅད་བྲན་བཞིན་བྱེད་པར་འགྱུར། །ཞེས་བྱ་བ་ནི་ཕོ་ཉ་ལ་སོགས་པ་རྣམས་བྲན་ལྟར་བཀུག་སྟེ་ཁོལ་བའོ། །དུར་ཁྲོད་ཅེས་བྱ་བ་ལ་སོགས་པ་དང་ཤར་དང་ཞེས་བྱ་བ་
ལ་སོགས་པས་ནི་རི་མོའི་དཀྱིལ་འཁོར་བྲི་བའི་གནས་བསྟན་པ་ཡིན་ཏེ། ཕོ་ཉའི་བྱེ་བྲག་གིས་དུར་ཁྲོད་ལ་སོགས་པའི་ཤར་ལ་སོགས་པ་བརྩམ་པར་བྱའོ། །དྲུག་དྲུག་ཏུ་ནི་བྱས་ནས་སུ། །ཞེས་བྱ་བ་ལ་སོགས་པས་ནི་བདག་ཉིད་ཀྱི་རྣལ་འབྱོར་རྩོམ་པ་སྟོན་པ་ཡིན་ཏེ། ཉིན་མོ་ལ་དུས་
གསུམ་དུ་མཆོད་པ་དང་མཚན་མོ་ལ་དུས་གསུམ་དུ་མཆོད་པའམ་མཆོད་པའི་དབྱེ་བ་རྣམ་པ་དྲུག་གིས་མཆོད་པའོ། །དེ་ཡང་དྲི་དང་ཞེས་བྱ་བ་ལ་སོགས་པས་སྟོན་པར་འགྱུར་རོ། །མཆོད་པ་ནི་ཉེ་བར་མཚོན་པ་སྟེ་སྡིག་པ་བཤགས་པ་དང་། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་། བསྔོ་བ་དང་།
གསུམ་ལ་སྐྱབས་སུ་འགྲོ་བ་དང་། ལམ་བསྟེན་པར་དམ་བཅའ་བ་ལ་སོགས་པའང་གཟུང་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་བྲིས་པའི་འོག་ཏུའོ། །བརྩམ་པར་བྱ་ཞེས་བྱ་བ་ནི་སྒྲུབ་པའི་ཐབས་ཞེས་བྱ་བའི་ལྷག་མའོ། །ཡང་ན་དྲུག་དྲུག་ཅེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་
Vol. 19 · folio 127a
མཆོད་པའི་བྱ་བ་ཉིད་བསྟན་པ་ཡིན་ནོ། །དཀྱིལ་འཁོར་གྱི་མཚན་མ་དགོད་པ་གསུངས་པ། གནས་ལ་སོགས་པ་ཞེས་བྱ་བ་སྟེ། པུལླི་ར་དང་མཱ་ལ་ཡ་དང་ཛཱ་ལནྡྷ་ར་ལ་སོགས་པ་རྣམས་སུ་རབ་ཏུ་གཏུམ་མོ་དང་། གཏུམ་མིག་མ་ལ་སོགས་པའི་མཚན་མ་དགོད་པར་བྱ་སྟེ། འཁོར་ཉི་
ཤུ་རྩ་བཞི་བསྟན་པ་ཡིན་ནོ། །དྲི་དང་ཞེས་བྱ་བ་ལ་སོགས་པས་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་ཀྱི་འོག་ཏུ་མཆོད་པ་བསྟན་པ་ཡིན་ཏེ། དཔའ་བོ་ནི་སྟོན་མོ་བྱ་ཞེས་བྱ་བ་འོག་ནས་འབྱུང་བ་དང་སྦྱར་རོ། །དེ་ཡང་རྡུལ་ཚོན་བྲིས་ནས་བསམ་གཏན་གྱི་དཀྱིལ་འཁོར་སོ་སོར་བསྒོམས་ཏེ། སྔར་བསྟན་པ་
བཞིན་དུ་མཆོད་པར་བྱའོ། །དྲི་ཆུ་ཞེས་བྱ་བ་ནི་ས་གཞི་ལ་སོགས་པའི་བསང་གཏོར་བྱ་བའི་ཆུའོ། །བུམ་པའི་ཆོ་ག་ནི་གོ་སླའོ། །ཉིན་མཚན་དུ་ནི་གནས་ནས་སུ། །ཞེས་བྱ་བ་ནི་དཀྱིལ་འཁོར་ལ་སོགས་པ་བསྒྲུབ་པ་བསྟན་པ་ཡིན་ནོ། །ཇི་སྲིད་དུ་ཞེ་ན། མཚན་གཅིག་ལེགས་པར་གནས་
པར་བྱ། །ཞེས་བྱ་བ་སྟེ། མཚན་ཐོག་ཐག་བསམ་གཏན་ལ་སོགས་པས་འབད་དེ་གནས་ན་ཕོ་ཉ་ལ་སོགས་པ་འགྲུབ་པའོ། །དེ་ནས་བཟོད་པ་གསོལ་བར་བྱ། །ཞེས་པ་ནི་དཀྱིལ་འཁོར་ཟིན་གྱི་འོག་ཏུའོ། །ལྷག་མ་ནི་གོ་སླའོ། །བསྒྲུབ་པའི་དཀྱིལ་འཁོར་གསུངས་པ། དམ་ཚིག་ལྡན་པ་ཞེས་
བྱ་བ་ལ་སོགས་པ་ལ། དམ་ཚིག་ལྡན་པའི་བྲི་མཁན་གྱིས་བྲི་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཁྲག་ཅེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ཁྲག་ལ་སོགས་པའི་བདུད་རྩི་ལྔ་གཟུང་བར་བྱའོ། །སྟེང་དུ་སྐྱེས་པའི་ནང་དུ་གཞག །ཅེས་བྱ་བ་ལ། སྟེང་དུ་སྐྱེས་པ་ནི་ཐོད་པ་སྟེ། དེའི་ནང་དུ་བདུད་རྩི་ལྔ་དང་
བསྲེས་པའི་ཚོན་རྩི་རྣམས་གཞག་པའོ། །སྐར་མ་རྒྱལ་ལ་སོགས་པ་ནི་བྲིས་སྐུ་བརྩམ་པའི་དུས་བསྟན་པ་ཡིན་ནོ། །ཡི་དགས་སེན་རྩི་ཞེས་བྱ་བ་ལ་སོགས་པ་ལ་རོའི་སེན་རྩི་དང་། བལ་གྱི་སྡོང་བུ་བྱས་ལ་མར་ཆེན་ཞེས་བྱ་བ་ཏིལ་མར་ཆེན་པོའི་མར་ལས་མེ་སྦར་བར་བྱའོ། །དྲིའི་ཞེས་བྱ་བ་
ནི་རྣམ་པར་སྣང་མཛད་དེ་དེས་བསྒོས་པའོ། །འདིར་འདུག་པ་ནི་ཤ་ཆེན་སྐམ་པོ་དང་བཙོད་དུ་བཅས་པ་གཟུང་བར་བྱའོ། །མཆོད་པའི་ཆོ་ག་དེ་ཉིད་སླར་གསུངས་པ། མེ་ཏོག་དམར་དང་ཞེས་བྱ་བ་ལ་སོགས་པའོ། །ཉེ་བར་སྤྱོད་པའི་གཏོར་མ་ཞེས་བྱ་བ་ནི་ཉ་རློན་དང་བཅས་པའི་ཕྱིར་རོ། །རྫས་ལྔ་ཞེས་
Vol. 19 · folio 127b
བྱ་བ་ནི་བདུད་རྩི་ལྔ་དང་ལྡན་པའི་རྣམ་པ་ལྔ་ལ་སོགས་པའོ། །བདུད་རྩི་ལྔ་ཞེས་བྱ་བ་ནི་དམ་ཚིག་གི་ཨརྒའི་ཆུ་སྦྱིན་པའོ། །རྣལ་འབྱོར་མ་དང་གཉིས་མེད་པའོ། །བྱིན་གྱིས་རློབས་ལ་ང་སྒྲུབས་ཤིག །ཅེས་བྱ་བ་ནི་སྒྲུབ་པ་པོས་སྨྲ་བར་བྱ་བ་སྟེ། ཀྱེ་ཁྱོད་དང་ང་གཉིས་སུ་མེད་པར་གྱིས་ཤིག་ཅེས་པའི་བར་དུའོ། །
ཟད་པ་ཉིད་དུ་ལོངས་སྤྱོད་བྱ། །ཞེས་བྱ་བ་ནི་ལྷག་མ་མེད་པར་སྤྱད་ན་སྟེར་གྱི་གཞན་དུ་ནི་མ་ཡིན་ནོ། །དྲག་མོའི་ས་བོན་ནི་ཀྵུཾ་སྟེ་གལ་ཏེ་སྔོན་དུ་འབུམ་ཕྲག་ཏུ་བཟླས་ཀྱང་མ་གྲུབ་པ་དེའི་ཚེ་ཨོཾ་ཀྵུཾ་དི་པེ་ཤྲ་རི་ཧཱུྃ་ཕུ་ཕུ་ཧ་ཀྵུཾ་ཞེས་བྱ་བའི་སྔགས་འབུམ་དུ་བཟླས་པས་གཟིར་བར་བྱའོ། །ལྷག་མ་ནི་གོ་སླའོ། །ས་ལ་
ཁྲག་གིས་བྱུགས་ནས་སུ། །ཞེས་བྱ་བ་ནི་དུར་ཁྲོད་ཀྱི་ས་གཞི་ལ་ཁྲག་གིས་ཀུན་དུ་བྱུགས་ནས་བསྒྲུབ་པར་བྱའོ། །རྡོ་རྗེ་མའི་ས་བོན་ནི་ཡི་གེ་སུཾ་མོ། །རོ་ལངས་མའི་ས་བོན་ནི་ཡི་གེ་ཡུཾ་ངོ་། །གཞན་ཡང་རླུང་ཞེས་བྱ་བ་ནི་གང་དང་གང་དུ་འདོད་པའོ། །ཀྲི་ཞེས་བྱ་བ་དང་གསོད་པ་དང་། ཞེས་བྱ་བ་
ལ་གསོད་པ་ནི་ཡི་གེ་ཕཊ་དོ། །མེ་སྦར་བ་ཡི་དབུས་སུ་ནི། །ཞེས་བྱ་བ་ནི་སྦྱིན་སྲེག་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །བ་ལ་ཏ་ཀ་ནག་པོའི་ཤིང་། །ཞེས་བྱ་བ་ནི་བ་ལ་ཏ་ཀ་དང་རི་ཏི་ཀ་ཞེས་བྱ་བའི་ཤིང་ངོ་། །ཡུངས་ཀར་དང་ནི་བསྲེས་ནས་སུ། །ཞེས་བྱ་བ་ནི་ཕོ་ཉ་དེའི་རས་རིས་རལ་གྲི་དུམ་བུ་དུམ་བུར་གཏུབས་པ་དང་
ངོ་། །ཁ་ཅིག་ནི་ཕོ་ཉའི་མིང་ནས་བཟུང་ནས་ཡུངས་ཀར་འབའ་ཞིག་བསྲེག་གོ་ཞེས་ཟེར་རོ། །མུ་སུནྡི་ཞེས་བྱ་བ་ནི་ཕུབ་ཆུང་ངོ་། །ཁ་ཅིག་ནི་མཚོན་ཆའི་བྱེ་བྲག་ཞིག་གོ་ཞེས་ཟེར་རོ། །སྦྱོར་བའི་རིམ་པ་དེ་ཉིད་ཀྱིས། །ཞེས་བྱ་བ་ནི་རང་གི་མིང་གི་ཡི་གེའི་ས་བོན་ལས་བྱུང་བའི་སྦྱོར་བ་དེ་ཉིད་ཀྱིས་གཟའ་
རྣམས་ཀྱང་བསྒྲུབ་པར་བྱ་བའི་དོན་ཏོ། །ཨོཾ་ཞེས་བྱ་བ་དང་པོ་སྟེ། སྭཱ་ཧཱའི་མཐའ་ཅན་བྱིན་གྱིས་བརླབ། །ཅེས་པ་ནི་སྔགས་ཐམས་ཅད་ཀྱི་ཀླད་དུ་ཨོཾ་ཞེས་བྱ་བ་གདོན་ཞིང་མཐར་སྭཱ་ཧཱ་ཞེས་བྱ་བ་བཟླའོ། །དེ་དག་གིས་ནི་འདི་སྐད་དུ་གང་གི་ཚེ་གཟའ་རྣམས་དུས་གཅིག་ཏུ་བསྒྲུབ་པར་འདོད་ན་དེའི་ཚེ་པདྨ་
འདབ་མ་བརྒྱད་པའི་འདབ་མ་རྣམས་ལ་ཉི་མ་ལ་སོགས་པ་རིམ་བཞིན་བཀོད་ལ་དབུས་སུ་འབྱུང་པོ་འདུལ་བྱེད་ཀྱི་གཟུགས་བསམས་ནས་ཨོཾ་སརྦ་ཞེས་བྱ་བ་ལ་སོགས་པར་སྔགས་བཟླ་བར་བྱའོ། །གང་གི་ཚེ་སོ་སོར་བསྒྲུབ་པར་འདོད་ན་ནི་གང་བསྒྲུབ་པར་བྱ་བ་དེ་ཉིད་དབུས་སུ་བཞག་ནས་རང་གི་
Vol. 19 · folio 128a
མིང་དབུས་སུ་བཅུག་པའི་ཨོཾ་དང་སྭཱ་ཧཱའི་སྔགས་བཟླ་བར་བྱའོ། །གལ་ཏེ་དེ་གཟས་ཟིན་པ་ཞི་བར་འདོད་པ་ཡིན་ན་ནི་གཟའ་རྣམས་ཀྱི་ཐུན་མོང་གི་སྔགས་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བར་བཟླས་པར་བྱའོ་ཞེས་སྟོན་པར་འགྱུར་རོ། །འབྱུང་པོ་ཐམས་ཅད་ཅེས་བྱ་བ་ནི་བདེ་བྱེད་ལ་སོགས་
པའོ། །གདོན་ཐམས་ཅད་ཅེས་བྱ་བ་ནི་གཟའ་ཉི་མ་ལ་སོགས་པའོ། །སྒྲུབ་ཐབས་ནི་དེ་རྣམས་བསྐྱེད་པའི་ཆོ་ག་ལ་སོགས་པའོ། །འབྱུང་བ་ནི་བསྟན་པའོ། །གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་བཅུ་དགུ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་
དགུ་པའི་རྣམ་པར་བཤད་པའོ།། །།ད་ནི་འཆི་ལྟས་ཀྱི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་གཟའ་ལ་སོགས་པ་གདུལ་བའི་ཆོ་ག་བཤད་ཀྱི་འོག་ཏུའོ། །དེ་ལས་ཞེས་བྱ་བ་ནི་རྒྱུའི་དོན་ཏོ། །གང་གི་ཕྱིར་གཟའ་ལ་སོགས་པའི་ཉེས་པས་འཆི་བར་འགྱུར་བས་
དེའི་མཚན་མ་ཤེས་པར་བྱ་སྟེ། གཟའ་ལ་སོགས་པའི་གདོན་ཞི་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ལྷ་མོ་རྣམས་ཀྱིས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ། །ཡེ་ཤེས་དེ་ཉིད་ཅེས་བྱ་བ་ནི་ནང་གི་འཆི་ལྟས་ལས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དེ་རླུང་གི་རང་བཞིན་གྱི་འཆི་ལྟས་སོ། །སྒྱུ་མ་ཆེ་ཞེས་བྱ་བ་ནི་བོད་
པའོ། །རྩ་ཆེན་པོ་ནི་སུམ་ཅུ་གཉིས། །ཞེས་བྱ་བ་ནི་ཇི་ལྟར་གྲགས་པའི་རྩ་ཆེན་པོ་སུམ་ཅུ་རྩ་གཉིས་ཏེ། འདི་ལ་མཛེས་མ་དང་རོ་བཅུད་མ་དང་ཀུན་བསྐྱོད་མ་གསུམ་ནི་པུལླི་ར་དང་མཱ་ལ་ཡའི་མིང་ཅན་གྱི་མགོ་བོའི་ཡན་ལག་གི་སྨིན་མའི་དབུས་དང་གཡས་གཡོན་གྱི་ཆ་ལ་གནས་ཏེ། རྡུལ་དང་
སྙིང་སྟོབས་དང་མུན་པའི་རང་བཞིན་གྱིས་གནས་པ་ཡིན་ནོ། །སུམ་རིམ་མ་དང་འདོད་པ་མོ་དང་། ཁྱིམ་མ་དང་། གཏུམ་མོ་དང་། བདུད་འདུལ་མ་སྟེ་ལྔ་པོ་འདི་དག་ནི་ཀཱཉྩིའི་མིང་ཅན་གྱི་སྙིང་གའི་པདྨར་བསྟེན་ནས་བདུད་རྩི་ལྔ་འབབ་པས་ཉེ་བར་གནས་པ་ཡིན་ནོ། །ལྷག་མ་ཉི་ཤུ་རྩ་བཞི་དགོད་པ་
འདིར་བརྗོད་པར་བྱ་སྟེ། མི་ཕྱེད་མ་ནི་ཡུལ་མཱ་ལ་ཡའི་མིང་ཅན་གྱི་མགོའི་དཔྲལ་བའི་ཆ་ལ་གནས་པ་ཡིན་ནོ། །ཕྲ་མོ་ན་ནི་སྤྱི་གཙུག་ནའོ། །གསལ་བ་ནི་རྣ་བ་གཡས་ནའོ། །གཡོན་པ་ན་ནི་མགོ་བོའི་རྒྱབ་ཀྱི་ཆ་ལའོ། །འདུལ་བྱེད་མ་ནི་རྣ་བ་གཡོན་པ་ནའོ། །རུས་སྦལ་སྐྱེས་མ་ནི་སྨིན་མའི་
Vol. 19 · folio 128b
དབུས་ནའོ། །སྲེད་པ་མོ་ནི་མིག་གཉིས་ནའོ། །དབང་སྒྱུར་མ་ནི་ཕྲག་པ་གཉིས་ནའོ། །སྡང་བ་མོ་ནི་མཆན་ཁུང་གཉིས་ནའོ། །འཇུག་པ་མོ་ནི་ནུ་མ་གཉིས་སུའོ། །མ་མོ་ནི་ལྟེ་བར་རོ། །མཚན་མོ་ནི་སྣ་རྩེར་རོ། །བསིལ་སྟེར་མ་ནི་ཁར་རོ། །དྲོད་མ་ནི་མགྲིན་པར་རོ། །ཚད་མ་ནི་སླར་ཡང་སྙིང་གར་རོ། །མདོག་
སྔོན་མ་ནི་ཆུ་སེར་རོ། །ཐུན་མོང་མ་ནི་མཚན་ལའོ། །རྒྱུ་སྦྱིན་མ་ནི་གཞང་ལའོ། །བྲལ་བ་མོ་ནི་བརླ་གཉིས་ལའོ། །མཛའ་མོ་ནི་བྱིན་པ་གཉིས་ལའོ། །གྲུབ་མ་ནི་སོར་མོ་ཐམས་ཅད་ལའོ། །མེ་མོ་ནི་རྐང་པའི་བོལ་གཉིས་ལའོ། །ཡིད་འོང་མ་ནི་རྐང་པའི་མཐེ་བོང་གཉིས་ལའོ། །གསུམ་པ་མ་ནི་པུས་
མོའི་ལྷ་ང་གཉིས་ཏེ། ཐམས་ཅད་བསྡོམས་པས་སུམ་ཅུ་རྩ་གཉིས་སོ། །དེ་དག་གཞན་ལས་ཤིན་ཏུ་གཙོ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་རྩ་གཉིས་པོ་དེ་དག་རྩ་གཞན་ལ་ལྟོས་ནས་གཙོ་བོ་དང་དམ་པ་ཞེས་བྱ་བའི་དོན་ཏོ། །བཅུ་དང་གཉིས་ནི་དེ་བཞིན་དུ། །ཞེས་བྱ་བ་ལ། བཅུ་དང་གཉིས་ནི་བཅུ་
གཉིས་པ་ཕྲག་གཉིས་ཏེ་ཉི་ཤུ་རྩ་བཞིའོ། །དེ་བཞིན་དུ་ཞེས་བྱ་བ་ནི་དེ་དག་གི་ནང་ན་ཡང་དམ་པར་འགྱུར་བའོ། །ཅིའི་ཕྱིར་ཞེ་ན། དབྱངས་རྣམས་འཕོ་བའི་མཚན་ཉིད་དེ། །ཞེས་བྱ་བ་ལ་དབྱངས་རྣམས་ནི་མ་ནིང་གི་ཡི་གེ་བཞི་སྤངས་པའི་དབྱངས་ཀྱི་ཡི་གེ་བཅུ་གཉིས་སོ། །འཕོ་བ་ནི་ཚིས་ཀྱི་བྱེ་
བྲག་གིས་རྩ་དང་དེར་ཡི་གེ་དང་དེའི་གཟུགས་ཀྱིས་འགྲོ་བའོ། །མཚན་ཉིད་ནི་དེའི་རང་བཞིན་ནོ། །ཇི་ལྟར་འགྲོ་ཞེ་ན་ཡར་ངོ་མར་ངོའི་བྱེ་བྲག་གིས་ཏེ་ཟླ་བ་ཡར་ངོ་དང་མར་ངོའི་བྱེ་བྲག་གིས་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཁ་སྟེང་དུ་བལྟས་པ་དང་ཐུར་དུ་བལྟས་པའི་རང་བཞིན་གྱི་དབྱངས་ཀྱི་ཡི་གེ་བཅུ་གཉིས་སུ་འཕོ་བ་
སྟེ། དེ་ལ་པུལླི་ར་དང་མཱ་ལ་ཡ་དང་། ཛཱ་ལནྡྷ་ར་དང་། ཨོ་ཊི་ཡ་ན་དང་། ཨརྦུ་ད་དང་། གོ་དཱ་བ་རི་དང་། རཱ་མེ་ཤྭ་ར་དང་། དེ་བཱི་ཀོ་ཊི་དང་། ཧི་མཱ་ལ་ཡ་དང་། ཀཱ་མ་རཱུ་པ་དང་། ཨཽ་ཊེ་དང་། ཏྲི་ཤ་ཀུ་ནེ་དང་། ཀོ་ས་ལའི་ཡུལ་རྣམས་སུ་ཡར་ངོའི་ཉི་མ་བཅུ་གཉིས་ལ་ཨ་ལ་སོགས་པའི་གཟུགས་ཀྱིས་གནས་
པ་ཡིན་ཏེ། དེའི་ཚེ་ཕོ་ཉ་ལ་སོགས་པས་གནས་དེ་དང་དེར་རེག་པ་ལས་ཡི་གེ་དེ་དང་དེའི་སྐྱོན་དང་ཡོན་ཏན་ཤེས་པར་བྱའོ་ཞེས་སྔར་བཤད་པ་དང་སྦྱར་བར་བྱའོ། །དེ་བཞིན་དུ་ཟླ་བ་མར་ངོ་ལ་ཀ་ལིངྐ་ལ་སོགས་པའི་གནས་རྣམས་སུ་ཡི་གེ་བཅུ་གཉིས་ཀྱི་གཟུགས་ཀྱིས་གནས་པ་ལ་རེག་པའི་མཚན་མ་
Vol. 19 · folio 129a
བལྟ་བ་ཡང་ཚུལ་དེ་ལྟར་ཤེས་པར་བྱའོ། །ཉི་ཤུ་རྩ་བཞིར་བརྗོད་པ་ཡིན། །ཞེས་བྱ་བ་ནི་ཚེས་བཅུ་གསུམ་དང་། བཅུ་བཞི་དང་བཅོ་ལྔ་རྣམས་ཟླ་བའི་ངོ་གཉིས་ཀ་ལ་ཡང་ཚེས་གསུམ་དང་བཞི་དང་ལྔར་བསྡུས་ནས་ཉི་མ་ཉི་ཤུ་རྩ་བཞིར་བརྩི་བར་བྱའོ། །དུས་ནི་གསར་དང་རྙིང་པ་དག །ཅེས་པ་
ལ་གསར་པ་ནི་དུས་མྱུར་བ་མྱུར་བར་འཆི་བའོ། །རྙིང་པ་ནི་དུས་རིང་མོ་རིང་མོ་ཞིག་ན་འཆི་བ་སྟེ་དེ་དག་གི་མཚན་མའོ། །འཆི་བའི་དུས་ལ་བབ་པར་གནས། །ཞེས་བྱ་བ་ངེས་པར་འཆི་བའི་དུས་ལ་བབ་པར་སྟོན་པའོ། །དབུགས་ནི་རྣམ་པར་རྒོད་ཙམ་གྱིས། །ཞེས་བྱ་བ་ནི་དབུགས་ཐ་མལ་པར་གནས་པའི་མཚན་ཉིད་
ལས་ཕྱིན་ཅི་ལོག་ཏུ་རྒྱུ་བ་སྟེ། འཕེལ་བ་དང་འབྲི་བར་གནས་པའོ། །རྒྱས་པར་ནི་འོག་ནས་བཤད་པར་བྱའོ། །ལུས་ཅན་དྲུག་དང་གཉིས་ཀྱིས་འཆི། །ཞེས་བྱ་བ་ལ། དྲུག་དང་གཉིས་ནི་བརྒྱད་དེ། གལ་ཏེ་ཉི་མ་བརྒྱད་དུ་རླུང་ཕྱིན་ཅི་ལོག་ཏུ་རྒྱུ་བར་གྱུར་ན། ལོ་གཉིས་དང་ཟླ་བ་བཞི་དང་ཉི་མ་ཉི་ཤུ་
རྩ་བཞིས་འཆི་བར་འགྱུར་བ་ཡིན་ཏེ། དེ་བཞིན་ལོ་གཉིས་ཟླ་བ་ནི། །ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བའི་ཚིགས་སུ་བཅད་པ་དང་སྦྱར་བར་བྱའོ། །འཆི་བ་ནི་སྲོག་ཟད་པར་འགྱུར་བའོ། །སྔ་དྲོ་རོ་ཧི་ཏའི་དུས་སུ། །དེ་ཡི་མཚན་མ་མཚོན་པར་བྱ། །ཞེས་བྱ་བ་ལ། ནམ་ལངས་ནས་ཐུན་
ཕྱེད་ཀྱི་བར་དུ་ནི་རོ་ཧི་ཏའི་དུས་ཏེ་དེར་རྟག་ཏུ་བལྟ་བ་དང་། དེ་ནས་བཟུང་སྟེ་བརྩི་བར་བྱ་བའི་དོན་ཏོ། །ལུས་ཀྱི་མཚན་མའི་གནས་གསུངས་པ། སྣ་དང་ཞེས་བྱ་བ་ལ་སོགས་པ་ལ། བརླ་དང་བྱིན་པ་དེ་བཞིན་གཞན། །ཞེས་བྱ་བ་ནི་བརླ་དག་དང་བྱིན་པ་དག་ཏུའོ། །དབུགས་ནི་ཆད་ཅིང་ཆད་གྱུར་པ། །ཞེས་
བྱ་བ་ནི་སྲོག་འཆད་པ་སྟེ་འཆི་བར་འགྱུར་བའོ། །འཆི་བའི་དུས་ནི་སྟོན་པར་བྱེད། །ཅེས་བྱ་བ་ནི་ལུས་ཅན་རྣམས་ཀྱི་སྲོག་དུས་ཇི་སྙེད་ཅིག་གིས་འཇིག་པར་འགྱུར་བའི་མཚན་མ་གསལ་པོར་སྟོན་པའོ། །ཉི་མའི་གྲངས་ཀྱི་ཚད་ཀྱིས་ནི། །ཞེས་བྱ་བ་ནི་ཉི་མ་ལྔ་དང་དྲུག་ལ་སོགས་པའི་རླུང་ཕྱིན་ཅི་
ལོག་ཏུ་རྒྱུ་བའི་སྟོབས་ཀྱིས་སོ། །འཁོར་ལོས་དུས་ཀྱི་བདག་ཉིད་བརྩི། །ཞེས་བྱ་བ་ལ་དུས་ཀྱི་བདག་ཉིད་ནི་ལོ་དང་ཟླ་བ་ལ་སོགས་པ་ཇི་སྙེད་ཅིག་གིས་འཆི་བར་འགྱུར་བའོ། །གང་གིས་ཤེ་ན། འཁོར་ལོས་ཏེ། དུས་ཀྱི་འཁོར་ལོ་བྲི་བ་སྔར་བཤད་པ་ལྟ་བུས་སོ། །སྒོ་གཅིག་ནས་ནི་ཉིན་དྲུག་ཏུ། །
Vol. 19 · folio 129b
ཞེས་བྱ་བ་ལ་སོགས་པ་ལ། འོག་ནས་ལྔ་ནས་ཉི་ཤུ་རྩ་ལྔའི་བར་འདི་དག་གི་བརྗོད་བྱ་སྟེ། དེ་ནས་བཅུ་གསུམ་བཅུ་གསུམ་གྱི་བར་དུ་རེ་རེ་སྤེལ་བར་བྱ། །དགུན་ཟླ་ཐ་ཆུངས་ཉི་མ་ལ་མཚུངས་གསུམ་མིག་ཟླ་བ་དྲུག །གསུམ་ཟུང་ཟླ་སྟེ་ཟླ་ལྷག་ཚེས་ཕྱོགས་མདའ་ཡོན་ཏན་ཐིག་ལེ། །ཞག་གྲངས་ཡིན་ཏེ་དེ་དག་
འཚོ་བ་བཤད་པ་ཡིན། །ལྔ་ལས་བཅུ་ཡི་བར་དང་དེ་བཞིན་བཅུ་ལས་ནི། །བཅོ་ལྔའི་བར་ཏེ་དེ་ནས་ཉི་ཤུའི་བར་དང་ནི། །དེ་ནས་ཉི་ཤུ་ལྔ་ཡི་བར་དུའང་སྦྱར་བར་བྱ། །ཞེས་བྱ་བའི་ཚིགས་སུ་བཅད་པའི་དོན་གྱི་འཁོར་ལོ་སྔར་བཤད་པ་ལས་འདིར་ནི་ལྔ་ནས་ཉི་ཤུ་རྩ་ལྔའི་བར་གྱི་ཉི་མ་དག་གི་དུས་བསྟན་པ་
ཡིན་ནོ། །དེ་ལས་ལྔ་དང་བཅུའི་བར་གྱི་དང་པོ་བརྩི་བར་བྱ་སྟེ། ཉི་མ་དྲུག་ཏུ་སྒོ་གཅིག་ནས། །ཞེས་བྱ་བ་ལ་གཡས་ཀྱི་སྒོ་ནས་རྒྱུ་གྱུར་པ། །ཞེས་བྱ་བ་དང་སྦྱར་ཏེ། དེས་ཇི་སྙེད་ཅིག་གིས་འཆི་བར་འགྱུར་ཞེ་ན། དེ་ཉིད་བསྟན་པའི་ཕྱིར། ཡོན་ཏན་གསུམ་གྱི་ལོ་དག་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
ལོ་རེ་རེ་ཞིང་ཞག་དྲུག་ཅུ་དང་བཅས་པའི་ཞག་སུམ་བརྒྱ་སུམ་བརྒྱར་གནས་པ་ལས་སྔར་བསྟན་པ་ལྟར་རླུང་ཕྱིན་ཅི་ལོག་ཏུ་རྒྱུ་བ་ལ་ཡོན་ཏན་གསུམ་གྱི་ལོ་སྟེ་ལོ་གསུམ་དུ་འཚོ་བ་ལས། ཉི་མ་དྲུག་ཏུ་རླུང་ཕྱིན་ཅི་ལོག་ཏུ་རྒྱུ་བ་འདིའི་ཉི་མ་ལ་སོགས་པའི་ཚེའི་ཚད་བྲི་བར་བྱ་སྟེ། དེ་ཉིད་བསྟན་པའི་ཕྱིར།
ལོ་གཉིས་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་ཀྱི་གྲངས་ཞེས་བྱ་བ་ནི་ཟླ་བ་དྲུག་གོ། །ལྷག་མ་ནི་གོ་སླའོ། །ཉི་མ་དག་ནི་བདུན་དང་མཐའ། །གལ་ཏེ་རླུང་ནི་རྒྱུ་གྱུར་ན། །ཞེས་བྱ་བ་ལ། ཉི་མ་བདུན་དུ་རླུང་སྟེ་སྣ་སྒོའི་དབུགས་ཕྱིན་ཅི་ལོག་ཏུ་རྒྱུ་བར་གྱུར་ནའོ། །ལོ་གཉིས་དང་ནི་དེ་བཞིན་
དུ། །ཟླ་བ་དྲུག་ཏུ་འཚོ་འགྱུར་ཞིང་། །ཞེས་བྱ་བ་ལ། དེ་བཞིན་ཞེས་བྱ་བ་ནི་ཉི་མའི་གྲངས་བསྟན་པ་སྟེ་ཉི་མ་བཅུའོ། །འཚོ་ཞེས་བྱ་བ་ནི་དུས་དེར་གནས་པ་སྟེ་དེའི་འོག་ཏུ་འཇིག་པར་འགྱུར་རོ། །དེ་ལྟར་ན་ལོ་གཉིས་དང་ཟླ་བ་དྲུག་དང་ཉི་མ་བཅུས་འཆི་བར་སྟོན་ཏོ། །དེ་བཞིན་ལོ་གཉིས་ཟླ་བ་ནི། །ཞེས་བྱ་བ་
ལ་སོགས་པ་ལ་དེ་བཞིན་ཞེས་བྱ་བ་ནི། དབུགས་ནི་རྣམ་པར་རྒོད་གྱུར་ན། །ལུས་ཅན་དྲུག་དང་གཉིས་ཀྱིས་འཆི། །ཞེས་བྱ་བ་དང་འབྲེལ་བར་བྱེད་པའི་ཚིག་ཡིན་ནོ། །རིག་བྱེད་ཅེས་བྱ་བ་ནི་ངེས་བརྗོད་ཀྱི་རིག་བྱེད་དང་མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དེ། །
Vol. 19 · folio 130a
དེའི་གྲངས་ཀྱིས་ཟླ་བའོ། །གལ་ཏེ་ཉིན་དགུ་ཞེས་བྱ་བ་ལ་སོགས་པ་ལ་ཉི་མའི་གྲངས་ནི་ཉི་མ་བཅུ་གཉིས་ཀྱི་གྲངས་ཀྱི་ཉིན་ཞག་གོ། །ལུས་ཅན་རྣམས་ཀྱི་སྦྱོར་བ་ཡིན། །ཞེས་བྱ་བ་ལ། སྦྱོར་བ་ཞེས་བྱ་བ་ནི་འཚོ་ཞིང་གནས་པའོ། །གལ་ཏེ་ཉིན་ཞག་བཅུ་གཅིག་ཏུ། །ཞེས་བྱ་བ་ལ་སོགས་
པ་འདི་ནི་རྐང་པ་ལྔ་པའི་ཚིགས་སུ་བཅད་པ་ཡིན་ཏེ། སྒོ་གཅིག་ཅེས་བྱ་བ་ནི་གཡས་ཀྱི་སྒོ་འབའ་ཞིག་གོ། །ཉིན་ཞག་བཅུ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། དབྱངས་ཀྱི་གྲངས་ཞེས་བྱ་བ་ནི་ཀླུའི་བྱེ་བྲག་སྟེ་རྣམ་པ་བདུན་ནོ། །དུས་ཀྱི་གྲངས་ནི་དྲུག་སྟེ་བཤད་ཟིན་ཏོ། །གལ་ཏེ་ཉི་མ་བཅུ་གསུམ་དུ། །ཞེས་
བྱ་བ་ལ་སོགས་པ་ནི་གོ་སླའོ། །གལ་ཏེ་བདུན་ཕྲག་གཉིས་སུ་ནི། །ཞེས་བྱ་བ་ལ་སོགས་པ་ལ་བདུན་ཕྲག་གཉིས་ནི་བཅུ་བཞིར་རོ། །ཉི་མ་བཅུ་ཡི་ཕྱེད་དག་ཏུ། །ཞེས་བྱ་བ་ནི་ཉི་མ་ལྔའོ། །གང་ཞིག་ཉི་མ་ལྔ་གསུམ་དུ། །ཞེས་བྱ་བ་ལ་སོགས་པ་ནི་རྐང་པ་གསུམ་པའི་ཚིགས་སུ་བཅད་པ་སྟེ། ལྟ་འོག་
གཞན་དག་ཏུ་ཡང་ཅི་རིགས་སུ་སྦྱར་བར་བྱའོ། །ལྔ་གསུམ་ཞེས་བྱ་བ་ནི་བཅོ་ལྔ་པའོ། །གང་ཞིག་བརྒྱད་ཕྲག་གཉིས་སུ་ནི། །ཞེས་བྱ་བ་ལ་སོགས་པ་ལ། བརྒྱད་ཕྲག་གཉིས་ནི་བཅུ་དྲུག་སྟེ། ཉི་མ་བཅུ་དྲུག་ཏུ་རླུང་ལུགས་ལས་བཟློག་ནས་རྒྱུ་བའི་ཚེའི་ཚད་བསྟན་པ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །
གལ་ཏེ་ཉིན་ཞག་བཅུ་དགུ་རུ། །ཞེས་བྱ་བ་ལ་སོགས་པ་ལ། དྲིའི་བཞོན་པ་ཞེས་བྱ་བ་ནི་རླུང་སྟེ་དྲི་ཐམས་ཅད་བསྡུས་ནས་འདྲེན་པར་བྱེད་པ་སྟེ་རྟ་ལྟ་བུའོ། །ཉི་མའི་ལམ་ཞེས་བྱ་བ་ནི་སྣའི་སྒོ་གཡས་པ་སྟེ། ཕལ་ཆེར་རླུང་ཚ་བ་འཇུག་པའི་ཕྱིར་རོ། །ལྷག་མ་ནི་གོ་སླའོ། །དེ་ལས་གོང་མ་སྔར་བསྟན་
པའི། །གྲངས་ལས་མདོར་བསྡུ་ཤེས་པར་བྱ། །ཞེས་བྱ་བ་ནི་ཉི་མ་ཉི་ཤུ་རྩ་དྲུག་ནས་སུམ་ཅུའི་བར་དུ་ནི་ལྔ་པའི་ཚུལ་གྱིས་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་ལས་ཏེ་སྔར་བསྟན་པ་དག་ལས། གོང་མ་སྟེ་ལྔ་ནས་ཉི་ཤུ་ལྔའི་བར་གྱི་གྲངས་ཏེ་འཆི་བའི་དུས་ཀྱི་གྲངས་རྣམས་ཤེས་པར་བྱ་སྟེ། འོག་
ནས་སྟོན་པས་དེར་ཤེས་པར་བྱའོ། །བཅུ་དང་གཉིས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་གཞུང་ཉེ་བར་བསྡུ་བ་ཡིན་ནོ། །བཅུ་དང་གཉིས་ནི་བཅུ་གཉིས་ཏེ། ཉི་མ་ལྔ་ནས་ཉི་ཤུའི་བར་གྱི་ཉི་མ་བཞི་ཕྲག་གསུམ་པོ་དག་གིས་བརྩི་བ་ཡིན་ནོ། །བར་ཞེས་བྱ་བ་ནི་ཉི་ཤུ་ནས་ཉི་ཤུ་རྩ་ལྔའི་བར་གྱི་བཞི་ཕྲག་ཐ་
Vol. 19 · folio 130b
མའོ། །གཞུང་ཁ་ཅིག་ལས་ནི། བཅུ་དང་དྲུག་གི་རྩིས་ལས་ནི། །ཞེས་འབྱུང་སྟེ། དེའི་ཚེ་ཤིན་ཏུ་གོ་སླའོ། །ཤིན་ཏུ་ཕྲ་བ་ངས་བཤད་ལ། །ཞེས་བྱ་བ་ནི་ནང་གི་མཚན་མ་སྟེ་རླུང་གི་རྒྱུ་བའོ། །ཁམས་རྣམས་སྙོམས་པའི་ལུས་ལ་ནི། །ཞེས་བྱ་བ་ནི་ཁ་ཟས་ཚོད་ཟིན་པ་དང་། རྗེས་སུ་མཐུན་པའི་ཁ་
ཟས་ཟ་བ་དང་། ནད་ལ་སོགས་པས་མ་ཉམས་ཤིང་མི་མཐུན་པའི་རྐྱེན་མེད་པའི་ཐ་མལ་པའི་ལུས་ལ་བལྟ་བར་བྱའི་གཞན་དུ་ནི་ཡིད་མི་ཆེས་པའི་རྒྱུར་འགྱུར་རོ། །དེ་དག་ཅེས་བྱ་བ་ནི་སྔར་བསྟན་པའི་ཉི་མ་དྲུག་ལ་སོགས་པའི་འཆི་ལྟས་དེ་དག་གོ། །ད་ནི་ངེས་པར་འཆི་བར་འགྱུར་བའི་ལུས་ཀྱི་
མཚན་མ་བསྟན་པར་བྱ་བའི་ཕྱིར་སྒོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་། ཁམས་རྣམས་སྙོམས་པའི་ལུས་ལ་ནི། །ཞེས་བྱ་བ་དང་སྦྱར་རོ། །སྟེང་དུ་བལྟས་པས་ཞེས་བྱ་བ་ནི་དུས་ལ་བབ་པ་ན་རྩ་དེ་སྟེང་དུ་བལྟས་པའོ། །ཡང་ན་ཡི་གེའི་གཟུགས་ཀྱིས་སྟེང་དུ་བལྟས་པར་གནས་
པའོ། །སྣའི་བར་ཤ་ཞེས་བྱ་བ་ནི་སྣ་སྒོ་གཉིས་ཀྱི་བར་ན་གནས་པའི་སྣ་ཟམ་གྱི་ཤའོ། །ཆད་པ་ནི་དེའི་དབུས་ན་གནས་པའི་རྩ་ཆད་ན་སྟེང་དུ་བལྟས་པར་འགྱུར་ཞིང་སྣ་ཡོན་པོར་འགྱུར་ཏེ། དེ་ནི་ཡི་གེ་རྀའི་གཟུགས་ཀྱིས་གནས་པ་ཡིན་ནོ། །ཉིན་ཞག་བདུན་གྱིས་ཐེ་ཚོམ་མེད། །ཅེས་བྱ་བ་ནི། དེ་བཞིན་
ལོ་གཉིས་ཟླ་བ་ནི། །རིག་བྱེད་ཀྱི་ནི་གྲངས་དང་ནི། །ཞེས་བྱ་བ་དང་སྦྱར་བའི་ཉི་མ་བདུན་གྱིས་སོ། །ཆ་ཤས་དགུ་ནི་ཡང་དག་གནས། །ཞེས་བྱ་བ་ལ། ཆ་ཤས་ནི་ཆ་སྟེ་དབྱངས་ཡིག་དགུ་པ་ལ་བྱ་བ་དེར་ཡང་དག་པར་གནས་པ་ནི་ལྀའི་གཟུགས་སུ་གནས་པ་ཞེས་བྱ་བའི་དོན་ཏོ། །དེ་ཅི་ཞིག་ཅེ་ན། མིག་སྟེ་
མིག་གི་རྩ་ལའོ། །ཆུ་ནི་ཆད་གྱུར་ན་ཞེས་བྱ་བ་ནི་མིག་ཆུ་དང་མཆི་མ་མེད་ཅིང་སྐམ་པོར་གྱུར་པའོ། །སྟེང་དུ་བལྟས་ཞེས་བྱ་བ་ནི་མིག་གི་རྩ་དེ་ཆད་པའི་ཚེ་སྟེང་དུ་བལྟ་བའོ། །ཆ་ཤས་བཅུ་ཞེས་བྱ་བ་ནི་ཡི་གེ་ལྀའོ། །རྣ་བ་གཡོན་དང་འགྲམ་པའི་ཞེས་བྱ་བ་ནི་གོ་དཱ་བ་རིའི་མིང་ཅན་གྱི་རྣ་བ་གཡོན་པའི་འོག་
འགྲམ་པའི་ཕྱི་རོལ་གྱི་རྣ་རྩའི་རྩ་སྟེ། དེ་ཆད་ན་ཉིན་ཞག་གཅིག་ལས་མི་འཚོའོ། །ཆ་ཤས་བཅུ་གཅིག་ཅེས་བྱ་བ་ནི་ཡི་གེ་ཨེའོ། །རྣ་བ་གཡས་པར་བརྟེན་པ་ཞེས་བྱ་བ་ནི་རྣ་བ་གཡས་ཀྱི་འོག་འགྲམ་པའི་ངོས་རྣ་རྩའི་རྩ་སྟེ། དེ་ཆད་པའི་ཚེ་འགྲམ་པའི་མཚམས་འབྱེ་ཞིང་རི་མོ་སྣང་བར་འགྱུར་
Vol. 19 · folio 131a
རོ། །དེ་ལྟར་གཡོན་པ་ལ་ཡང་སྦྱར་བར་བྱའོ། །ཉིན་ཞག་བཅོ་བརྒྱད་དག་ན་འཆད། །ཅེས་བྱ་བ་ནི་གྲི་ལྡར་སྲོག་གཅོད་པར་བྱེད་པའི་རྩའོ། །ཆ་ཤས་བཅུ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་ཆ་ཤས་བཅུ་གཉིས་ནི་ཡི་གེ་ཨེའོ། །ལྕེའི་སྐུད་པ་གནག་མཐོང་ན། །ཞེས་བྱ་བ་ནི་ལྕེ་ལ་གནས་
པའི་རྩ་འཆད་པར་གྱུར་ན་ལྕེའི་སྐུད་པ་སྟེ་ལྕེའི་རྩེ་མོའི་སྟེང་གི་རི་མོ་ནག་པོར་འགྱུར་བའོ། །དུས་ཀྱི་ཉིན་ཞག་ཅེས་བྱ་བ་ནི་ཉི་མ་དྲུག་ནའོ། །ཁ་ཅིག་ནི་ཞག་དྲུག་ནའོ་ཞེས་ཟེར་རོ། །ཆ་ཤས་བཅུ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། ཆ་ཤས་བཅུ་གསུམ་ནི་ཡི་གེ་ཨོའོ། །དེ་བཞིན་དུ་སྟེང་དུ་འབར་བའི་ཞེས་
བྱ་བ་ནི་སོའི་མཚམས་ན་གནས་པའི་རྩ་དེ་ནི་འབར་བའི་སྒོ་ཞེས་བྱ་བར་གྲགས་པའོ། །འབྱུང་བ་དག་ནི་མ་ལུས་འདྲེན། །ཞེས་བྱ་བ་ནི་རྩ་དེ་འབྱུང་བ་ཆེན་པོ་བཞི་འཇུག་པའི་ལམ་ཡིན་པའི་ཕྱིར་རོ། །སྟེང་འོག་སོ་ནི་འཐམས་གྱུར་ན། །ཞེས་བྱ་བ་ནི་སོའི་མཚམས་ཀྱི་རྩ་དེ་ཆད་པའི་ཚེ་སྟེང་འོག་གི་སོའི་ཕྲེང་
བ་གཉིས་འཐམས་ཤིང་མི་ཕྱེད་པར་འགྱུར་རོ། །དུས་གྲངས་ཉི་མས་འགྲོ་ཞེས་བྱ་བས་ན་ཉི་མ་དྲུག་ནའོ། །ཁ་ཅིག་ནི་ཉིན་ཞག་གསུམ་ནའོ་ཞེས་ཟེར་རོ། །དབྱངས་ཡིག་བཅུ་བཞི་ཞེས་བྱ་བ་ནི་ཡི་གེ་ཨཽ་སྟེ་ཆ་ཤས་བཅུ་བཞི་ཞེས་བྱ་བར་སྦྱར་རོ། །སྟེང་དུ་བལྟས་པ་ཞེས་གྲགས་པ། །ཞེས་བྱ་བ་ནི་མགྲིན་
པའི་ཕྱི་རོལ་མདུན་གྱི་གློ་ན་གནས་པའི་རྩ་གཉིས་པོ་དེ་ཆད་པ་ན་སྟེང་དུ་བལྟ་བར་འགྱུར་ཏེ། དེའི་ཚེ་དབུགས་རྩེག་པར་འགྱུར་རོ། །ཆ་ཤས་བཅོ་ལྔ་པ་ཞེས་བྱ་བ་ལ་སོགས་པ་ལ། ཆ་ཤས་བཅོ་ལྔ་ནི་ཡི་གེ་ཨཾ་ངོ་། །སྟེང་དུ་བལྟས་པ་ནི་བཤད་ཟིན་ཏོ། །བྲང་གི་དྲ་བ་ཞོམ་གྱུར་ན། །ཞེས་བྱ་བ་ནི་བྲང་གི་
དྲ་བ་ལ་གནས་པའི་རྩ་དེ་ཆད་པ་ན་བྲང་གི་དྲ་བ་དམའ་ཞིང་ཞོམ་པར་འགྱུར་རོ། །ཟླ་བ་ཕྱེད་ན་གདོན་མི་ཟ། །ཞེས་བྱ་བ་ལ་གདོན་མི་ཟ་བ་ནི་ངེས་པ་སྟེ་འཆི་བར་འགྱུར་བ་ཅེས་བྱ་བའི་ལྷག་མ་ཡིན་ནོ། །ཆ་ཤས་བཅུ་དྲུག་ཞེས་བྱ་བ་ནི་དབྱངས་ཡིག་བཅུ་དྲུག་པ་ཨཿའོ། །རྫོགས་པ་ཞེས་བྱ་བ་ནི་མཐར་གྱུར་
པའོ། །སེན་མོའི་ཁྲག་ནི་མེད་གྱུར་ན། །ཞེས་བྱ་བ་ནི་ལྟེ་བའི་དབུས་ན་གནས་པའི་རྩ་ཆད་པར་གྱུར་པའི་ཚེ་དབུགས་མི་ཐོན་པ་དང་སེན་མོ་ཁྲག་མེད་པ་སྟེ། སེན་མོའི་མདོག་མེད་ཅིང་སྐྱ་བོར་གྱུར་པ་ཞེས་བྱ་བའི་བར་དུའོ། །ཉིན་ཞག་བཅུ་ན་ཡང་དག་ཉལ། །ཞེས་བྱ་བ་ནི་ཉི་མ་བཅུའི་མཐར་ཡང་དག་ཉལ་
Vol. 19 · folio 131b
ཏེ་ལེགས་པར་ཉལ་ཞིང་འཆི་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སླར་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཆ་ཤས་བཅུ་བདུན་ཞེས་བྱ་བ་ནི་ཐིག་ལེའོ། །བརླའི་མཚན་མ་ཞེས་བྱ་བ་ནི་བརླ་ལ་གནས་པའི་རྩ་དེ་ཆད་པ་ན་དབུགས་སྟེང་དུ་འགྲོ་ཞིང་རྒྱུ་བ་མི་བདེ་བར་འགྱུར་རོ། །ཆ་ཤས་བཅོ་བརྒྱད་ཅེས་བྱ་བ་ནི་ཐིག་
ལེའི་སྟེང་ན་གནས་པའི་རི་མོའོ། །བྱིན་པ་ལ་ནི་གནས་པའི་རྩ། །ཞེས་བྱ་བ་ལ་སོགས་པ་ལ། བྱིན་པ་ལ་གནས་པའི་རྩ་ཆད་པ་ན་བྱིན་པ་མི་ཐེག་ཅིང་རེངས་པར་འགྱུར་རོ། །ཆ་ཤས་ཉི་ཤུ་ཞེས་བྱ་བ་ནི་བཅུ་དང་གཉིས་ཏེ། འོག་ནས་འབྱུང་བའི་བཅུ་གཉིས་པ་ཞེས་བྱ་བ་དང་མཐུན་པར་སྦྱར་རོ། །དེ་ཡང་
འདིར་ཨོ་གཟུང་བར་བྱའོ། །ཆུ་སོ་དེ་བཞིན་སྟེང་བལྟས་པ། །ཞེས་བྱ་བ་ནི་ཆུ་སོ་ལ་གནས་པའི་རྩ་ཆད་པ་ན་ཆུ་སོའི་ཚངས་པའི་སྐུད་པ་མི་མཐོང་བར་འགྱུར་རོ། །བཅུ་གཉིས་ཞེས་བྱ་བ་ནི་ཆ་ཤས་བཅུ་དྲུག་པ་གཟུང་བར་བྱའོ། །ལྷག་མ་ནི་གོ་སླའོ། །རེའུ་མིག་བཅུ་གཉིས་བརྩིས་པ་ལ། །ཞེས་བྱ་བ་ནི་
དུས་ཀྱི་འཁོར་ལོ་བྲི་བ་སྟེ་སྔར་བཤད་ཟིན་ཏོ། །བདུན་ཅུ་རྩ་གཉིས་རིམ་པ་དང་། །ཞེས་བྱ་བ་ལ་ལོ་གཅིག་གི་ཟླ་བ་བཅུ་གཉིས་སུ་ཆད་པ་ལ་ཟླ་བ་རེ་རེ་ཞིང་ཞག་དྲུག་དྲུག་དབྲི་བར་བྱ་བ་ཡིན་ཏེ། འདི་ལྟར་ཟླ་བ་ཡར་ངོ་ལ་ཚེས་བཅུ་གསུམ་དང་། བཅུ་བཞི་དང་། ཉའི་ཉི་མ་རྣམས་ཚེས་གསུམ་དང་། བཞི་དང་།
ལྔ་ལས་གུང་དུ་བགྲང་བར་མི་བྱ་བ་དང་། དེ་བཞིན་དུ། ཟླ་བ་ངོའོ་ཅོག་གི་མར་ངོ་ལ་ཡང་མར་ངོའི་བཅུ་གསུམ་དང་། བཅུ་བཞི་དང་། གནམ་སྟོང་གི་ཉི་མ་རྣམས་མར་ངོའི་ཚེས་གསུམ་དང་། ཚེས་བཞི་དང་། ཚེས་ལྔ་ལས་གུང་དུ་བགྲང་བར་མི་བྱ་སྟེ། དེ་ལྟར་ན་ལོ་གཅིག་ལ་ཞག་བདུན་ཅུ་རྩ་གཉིས་
དབྲི་བའི་དོན་ཏོ། །ད་ནི་ལོ་དང་ཞག་གི་དབུགས་དང་ཆུ་ཚོད་ཀྱི་གྲངས་ངེས་པ་སླར་ཡང་བསྟན་པའི་ཕྱིར། སུམ་ཅུ་རྩ་དྲུག་བཅོ་བརྒྱད་ཀྱི། །ཞེས་བྱ་བ་གསུངས་ཏེ། འདི་ལྟར་སུམ་ཅུ་རྩ་དྲུག་གི་མཚན་མ་དུམ་བུ་གཉིས་སུ་བགོས་པས་བཅོ་བརྒྱད་ཀྱི་མཚན་མ་གཉིས་སུ་བྱའོ། །དེ་ལ་བཅུ་ཕྲག་གཉིས་
ཀྱི་མཚན་མ་གཅིག་ཏུ་གུད་དུ་བྱས་ལ། བརྒྱ་ཕྲག་གཉིས་བསྡོམས་པའི་མཚན་མ་ཡང་དེའི་དྲུང་དུ་བྲི་སྟེ། དེའི་གློར་ཐིག་ལེ་ལྔ་པ་གཉིས་པོ་སྦྲེང་བའི་ཚུལ་དུ་བཞག་ན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་ཀྱི་མཚན་མར་འགྱུར་རོ། །ལྷག་མ་ནི་གོ་སླའོ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའི་ཚིག་གོ། །
Vol. 19 · folio 132a
རྩ་དང་མཉམ་པར་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ་རྩའི་མཉམ་པར་སྦྱོར་བ་ནི་རྩ་རྣམས་ཀྱི་ཆ་ཇི་ལྟར་གནས་པའོ། །དབུགས་འབྱུང་བ་ཞེས་བྱ་བ་ནི་ཉི་མ་དྲུག་ལ་སོགས་པའི་དབུགས་ཀྱི་རྒྱུ་བའོ། །ཆོ་ག་ནི་དེ་སྟོན་པར་བྱེད་པའི་རིམ་པར་ཕྱེ་བ་ཉིད་དོ། །གཉིས་པར་ན་རྩ་དང་མཉམ་པར་
སྦྱོར་བ་ནི་སྣ་ལ་གནས་པའི་རྩ་ལ་སོགས་པ་ཆད་པས་སྣ་ཡོན་པོར་གྱུར་པ་ལ་སོགས་པའི་མཚན་མ་ནི་རྩ་དང་མཉམ་པར་སྦྱོར་བའོ། །ལྷག་མ་ནི་སྔ་མ་བཞིན་ཏེ་རིམ་པར་ཕྱེ་བ་ཉི་ཤུ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་བའི་རྣམ་པར་བཤད་པའོ།། །།
ད་ནི་འཆི་བའི་མཚན་མ་ཤེས་སུ་ཟིན་ཀྱང་གང་གི་ཚེ་ལྟས་ངན་བཟློག་པར་མི་ནུས་པ་དེའི་ཚེ་གོང་དུ་འཕོ་ཞིང་རྣམ་པར་ཤེས་པས་ལུས་བཏང་ནས་གནས་ཁྱད་པར་ཅན་དུ་སྐྱེ་བར་བྱ་བའི་ཕྱིར་འཆི་ལྟས་ཀྱི་ཡན་ལག་དང་ཉིང་ལག་ཐམས་ཅད་བཤད་ནས། གོང་དུ་འཕོ་བའི་ཡན་ལག་དང་ཉིང་ལག་ཐམས་
ཅད་བསྟན་པར་བྱ་བའི་ཕྱིར། སྒོ་དགུ་པོ་ཡི་མཚན་ཉིད་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྒོ་དགུ་ཞེས་བྱ་བ་ནི་ལྟེ་བ་ལ་སོགས་པའི་སྒོ་དགུའོ། །མཚན་ཉིད་ནི་རང་བཞིན་ནོ། །རྩ་ནི་མངོན་པར་གནས་པའི་ཞེས་བྱ་བ་ནི་སྒོ་ཡངས་པའི་སྒོ་དགུའི་རྩའོ། །ཡོན་ཏན་སྐྱོན་རྣམས་ཇི་ལྟར་བལྟ། །
ཞེས་བྱ་བ་ནི་སྒོ་དེ་རྣམས་ཀྱིས་འགྲོ་བ་དང་འོང་བའི་སྐྱོན་ཡིན་ནོ། །དེ་རྣམས་ཞེས་བྱ་བ་ནི་སྒོ་ཡངས་པ་དེ་རྣམས་ཀྱིའོ། །བྱེ་བྲག་ནི་ཕན་ཚུན་གྱི་ཁྱད་པར་རོ། །ཡེ་ཤེས་དབང་ལ་ཞེས་བྱ་བ་ནི་གོང་དུ་འཕོ་བ་ལ་སོགས་པའི་ཡེ་ཤེས་ཀྱི་དབང་ཕྱུག་ལ་སྟེ་བོད་པའོ། །ལན་གསུངས་པ་གོང་དུ་འཕོ་བ་ཞེས་བྱ་བ་
ལ་སོགས་པ་ལ། སྔོན་དུ་བདག་ཉིད་སྦྱངས་བྱས་ལ། །ཞེས་བྱ་བ་ནི་གོང་དུ་འཕོ་བའི་དངོས་གྲུབ་ཀྱི་ཕྱིར་དང་པོ་བདག་ཉིད་ཀྱི་ལུས་གཏུམ་མོའི་རྣལ་འབྱོར་གྱིས་སྦྱངས་ལ་ཁམས་མཉམ་པ་ཉིད་དུ་བྱའོ། །ཕྱི་ནས་ལས་ནི་བརྩམ་པར་བྱ་བ་ནི་སྦྱངས་ཀྱི་འོག་ཏུ་གོང་དུ་འཕོ་བའི་ལས་བརྩམ་པར་བྱ་སྟེ། དཔེར་
ན་ཞིང་ས་ལེགས་པར་བྱི་དོར་བྱས་ནས་ས་བོན་བཟང་པོ་བཏབ་ན་ངེས་པར་འབྲས་བུ་སྨིན་པར་འགྱུར་བ་བཞིན་དུ་བལྟ་བར་བྱའོ། །རྣལ་འབྱོར་དེ་གསུངས་པ། གཟུགས་མེད་ཅེས་བྱ་བ་ལ་སོགས་པ་ལ། གཟུགས་མེད་གནས་པ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བའི་
Vol. 19 · folio 132b
རང་བཞིན་ཡིན་པས་བརྗོད་དུ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་ཏེ། གཟུགས་ནི་བརྗོད་པའི་ངོ་བོ་ཉིད་དུ་འདོད་པའི་ཕྱིར་རོ། །མདོག་སྔོ་བ་ཡི་པདྨ་ཆེ། །ཞེས་བྱ་བ་ནི་མགོའི་ནང་དུ་བདེ་བ་ཆེན་པོའི་འཁོར་ལོ་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པ་སྔོན་པོའོ། །ཟླ་བ་ལྟ་བུར་འཛག་ཅེས་བྱ་བ་ནི་དེའི་དབུས་སུ་ཧཾ་
དཀར་པོ་ཁ་ཐུར་དུ་བལྟས་ཏེ་བདུད་རྩི་འཛག་པའོ། །སླར་ཡང་གཟུགས་སུ་གནས་པ་སྟེ། །ཞེས་བྱ་བ་ལ་སོགས་པ་ནི་ལོངས་སྤྱོད་རྫོགས་པའི་འཁོར་ལོ་བསྟན་པ་ཡིན་ཏེ། དེ་ལ་གཟུགས་ཞེས་བྱ་བ་ནི་བརྗོད་པའི་ངོ་བོ་ཉིད་ཡིན་ཏེ། ལོངས་སྤྱོད་རྫོགས་པའི་འཁོར་ལོ་ཁྱད་པར་གྱི་དགའ་བའི་རང་བཞིན་
ཡིན་པས་མགྲིན་པར་གནས་ནས་སྒྲ་རྗོད་པར་བྱེད་པ་ཞེས་བྱ་བའི་བར་དུའོ། །རྣམ་པ་ཀུན་གྱིས་བརྒྱན་པ་ཞེས་བྱ་བ་ལ། རྣམ་པ་ཐམས་ཅད་ནི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཐོབ་པར་དགོངས་སོ། །ཆ་ཤས་བཞི་ཞེས་བྱ་བ་ནི་ཨཱ་ཨཱི་ཨཱུ་ཨཻ་
སྟེ་དབྱངས་ཀྱི་ཡི་གེ་བཞིའོ། །ཡང་དག་ལྡན་ཞེས་བྱ་བ་ནི་ཤར་ལ་སོགས་པའི་ཕྱོགས་སུ་གནས་པ་དང་ཉེ་བར་ལྡན་པའི་ཨོཾ་མོ། །ཁ་ནི་ཐུར་དུ་བལྟས་ཏེ་འཕྱང་། །ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོའི་ཁྱད་པར་ཏེ། མགོ་བོའི་ཆ་ལ་བརྟེན་ནས་ཁ་འོག་ཏུ་བལྟ་བའོ། །ཡང་ན་འཕྱང་བའི་
ཁ་འོག་ཏུ་བལྟས་ཏེ་བདུད་རྩི་འཛག་པའོ། །འདིར་ལོངས་སྤྱོད་རྫོགས་པའི་འཁོར་ནི་མདོག་དམར་ཞིང་ས་བོན་དཀར་བའོ། །གོ་འཕང་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཀྱི་འཁོར་ལོ་སྟོན་ཏེ་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་རང་བཞིན་ཡིན་པས་གོ་འཕང་ནི་ཤེས་པའོ། །གནས་ནི་དེའི་རྟེན་ཏེ་ཆོས་ཀྱི་
འཁོར་ལོའོ། །ཡང་ན་གནས་ཞེས་བྱ་བ་ནི་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་གྱི་རྟེན་ནོ། །རྟག་ཏུ་ཞེས་བྱ་བ་ནི་འཁོར་བ་མ་སྟོངས་ཀྱི་བར་དུ་འཇུག་པ་སྟེ། ཁྱད་པར་གཉིས་པོ་དེ་ནི་ལྟག་འོག་གཞན་དུ་ཡང་སྦྱར་བར་བྱའོ། །ཀུནྡ་ཟླ་འདྲ་ཞེས་བྱ་བ་ནི་འཁོར་ལོ་དེ་ཡང་དཀར་པོའི་མདོག་ཏུ་སྟོན་པའོ། །
རྣམ་ཤེས་ཡེ་ཤེས་བདུད་རྩི་ནི། །ལྷ་མོ་ཆེན་མོ་འབར་བའི་མཆོག །ཅེས་བྱ་བ་ལ། རྣམ་ཤེས་ནི་བདུད་རྩི་དང་སྦྱར་བས་ཡེ་ཤེས་ནི་འབབ་པ་དང་སྦྱར་རོ། །དེ་ལ་ཡེ་ཤེས་འབབ་པ་ནི་འཁོར་ལོ་དེ་དག་གོམས་པ་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཇུག་པའོ། །ཇི་ལྟ་བུ་ཞིག་ཅེ་ན། རྣམ་ཤེས་
Vol. 19 · folio 133a
བདུད་རྩི་སྟེ་ཞེས་བྱ་བ་ལ་རྣམ་ཤེས་ནི་སེམས་སོ། །དེ་ཉིད་ནི་འཆི་བ་མེད་པའི་བདུད་རྩིའོ། །ཡང་ན་རྣམ་ཤེས་བདུད་རྩི་ནི་བག་ཡོད་པའི་རྣལ་འབྱོར་པ་རྣམས་ཡེ་ཤེས་ཀྱིས་འཚོ་ཞིང་འཆི་བར་མི་འགྱུར་བའོ། །དེ་ཡང་གསུངས་པ། བག་ཡོད་མི་འཆིའི་གནས་ཡིན་ཏེ། །བག་མེད་འཆི་
བའི་གནས་ཡིན་པས། །བག་ཡོད་པས་ནི་འཆི་མི་འགྱུར། །བག་མེད་པ་ནི་རྟག་ཏུ་འཆི། །ཞེས་སོ། །སྤྲུལ་པའི་འཁོར་ལོ་གསུངས་པ། རྟེན་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། རྟེན་དུ་གྱུར་པ་ཞེས་བྱ་བ་ནི་ལྟེ་བར་བརྟེན་པའི་པདྨ་སྟེ་འདིས་སྐྱེ་བ་འཛིན་པར་བྱེད་པའི་ཕྱིར་རོ། །ཟླ་བའི་འོད་ཀྱིས་
རྣམ་པར་བརྒྱན། །ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོའི་ལྟེ་བར་གནས་པ་ཧཱུྃ་གི་ཐིག་ལེའི་འོད་ཟེར་གྱིས་དེའི་སྟེང་དུ་བརྒྱན་པའོ། །དེ་ནི་ཆ་དང་ཆ་ཡི་གཟུགས། །ཞེས་བྱ་བ་ལ་ཆ་ནི་འཚོ་བའོ། །ཆའི་གཟུགས་ནི་བགྲང་བའི་རང་བཞིན་ཏེ་དབུགས་ཀྱི་གྲངས་བགྲང་བར་གནས་པ་ཞེས་བྱ་བའི་དོན་ཏོ། །
གོང་བུ་གནས་པ་ཞེས་བྱ་བ་ལ་གོང་བུ་ནི་སེམས་ཅན་གྱི་ཚོགས་བསྡུ་བའོ། །གནས་པ་ནི་དེས་ཉེ་བར་གནས་པ་སྟེ། འདིས་སྤྲུལ་པའི་སྐུས་འགྲོ་བའི་དོན་གྱི་ཚོགས་ཀྱིས་ཉེ་བར་གནས་པ་ཞེས་བྱ་བའི་དོན་ཏོ། །འཁོར་ལོ་གཉིས་པ་དེ་དག་ཀྱང་མཆོག་ཏུ་དགའ་བ་དང་ཀུན་དུ་དགའ་བའི་རང་བཞིན་
དུ་ཤེས་པར་བྱའོ། །དེ་དག་གིས་ནི་གཏུམ་མོའི་རྣལ་འབྱོར་གྱིས་གོང་དུ་འཕོ་བ་བསྒོམ་པའི་ཕྱིར་ལུས་སྦྱང་བ་བསྟན་ཏོ། །ད་ནི་སྦྱང་བ་གཞན་གཉིས་པ་སྒོ་སྦྱང་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ལུས་སྦྱངས་ཀྱི་འོག་ཏུའོ། །གནས་ཀྱི་མཐའ་
ནི་དག་པར་བྱ། །ཞེས་བྱ་བ་ལ་གནས་ནི་ལུས་ཏེ་བདེ་བ་དང་སྡུག་བསྔལ་གྱི་སྣོད་ཡིན་པའི་ཕྱིར་རོ། །མཐའ་ནི་ནང་སྟེ་ནང་གི་སྒོ་རྣམས་སོ། །ཀྱི་ཞེས་བྱ་བ་ནི་འབྲེལ་བའི་དོན་གྱི་དྲུག་པ་ཡིན་ནོ། །གཞན་དུ་ན་ནི་ཞེས་བྱ་བ་ནི་སྦྱང་བ་གཉིས་མ་གཏོགས་པར་ཏེ། སྦྱང་བ་གཉིས་དང་བྲལ་ན་གོང་དུ་འཕོ་བའི་
འབྲས་བུར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །སྦྱང་བ་གཉིས་པ་དེ་གསུངས་པ་དགང་བ་ཞེས་བྱ་བ་ལ་སོགས་པ་ལ། དགང་བ་ཡིས་ནི་ལུས་བཀང་ན། །ཞེས་བྱ་བ་ནི་དབུགས་ནང་དུ་བརྔུབས་ཏེ། མགྲིན་པ་ནས་ལྟེ་བའི་མཐར་ཐུག་པའི་ཇི་སྲིད་ནུས་ཀྱི་བར་དུ་དྲངས་ལ་གང་གི་ཚེ་མ་ནུས་ན་རིམ་
Vol. 19 · folio 133b
གྱིས་དལ་བུས་ཕྱིར་གཏང་བར་བྱའོ། །དེ་ཡང་རྡོ་རྗེ་སྐྱིལ་ཀྲུང་བཅིངས་ལ། ཐོང་ཀ་དཀྱིལ་འཁོར་ལྟར་ཡངས་པར་བྱས་ནས་མིག་སྣའི་རྩེ་མོར་ཕབ་སྟེ་བལྟས་ལ་རླུང་དྲངས་པས་ལྟོ་ཐམས་ཅད་དང་། མགྲིན་པའི་བར་དུ་གང་བར་བྱ་བ་འདི་ནི་དགང་བའི་མཚན་ཉིད་ཡིན་ནོ། །དེས་ཅིར་འགྱུར་ཞེ་ན་
དུག་དང་རིམས་ཀྱི་ཚ་བ་འཕྲོག །ཅེས་བྱ་བ་སྟེ། དགང་བའི་མཚན་ཉིད་གྲུབ་པ་འདིས་དུག་ལ་སོགས་པའི་ཉེས་པ་འཇོམས་པ་སྟེ་འཕྲལ་གྱི་ཕན་ཡོན་ནོ། །གཉིས་པ་གསུངས་པ། བུམ་པ་ཅན་གྱི་སྒོ་བཅིངས་ན། །ཞེས་བྱ་བ་སྔ་མ་ལྟར་རླུང་ནང་དུ་དྲངས་ཏེ་བུམ་པ་མི་གཡོ་བ་ལྟར་དབང་པོའི་སྒོ་
ཐམས་ཅད་བཀག་ནས། ཇི་སྲིད་ནུས་ཀྱི་བར་དུ་ལུས་ཀྱི་ནང་དུ་རླུང་བསྡམས་པ་འདི་ནི་བུམ་པ་ཅན་གྱི་མཚན་ཉིད་དོ། །དེས་ཅིར་འགྱུར་ཞེ་ན། སྒོའི་བུ་ག་དག་པར་འགྱུར། །ཞེས་བྱ་བ་སྟེ། བུ་ག་ཐམས་ཅད་ཀྱི་གནོད་པ་དང་བྲལ་བར་འགྱུར་བའོ། །གསུམ་པ་གསུངས་པ། འཐོར་བ་ཞེས་བྱ་བ་ལ་
སོགས་པ་ལ། འཐོར་བ་ནི་སྣ་སྒོའི་དབུགས་ཀྱི་ཕྱི་རོལ་སོར་བཅུ་གཉིས་ཀྱི་བར་དུ་རིམ་གྱིས་སྤྲོ་བའོ། །སྣ་ཚོགས་རྡུལ་དུ་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པས་དངོས་པོ་སྣ་ཚོགས་པ་རྣམས་དེའི་རང་བཞིན་དུ་བྱས་ནས། རླུང་ཟད་པར་ཕྱིར་སྤྲོ་བར་བྱ་ཞིང་ཡུན་རིང་དུ་གཏང་བར་བྱའོ། །འདི་ནི་འཐོར་བའི་
མཚན་ཉིད་དེ་འཐོར་བའི་མཚན་ཉིད་འདིས་སྒོ་བརྒྱད་པོ་རིམ་གྱིས་འགག་ཅིང་སྟེང་གི་སྒོ་ནས་བདེ་བླག་ཏུ་འཕོ་བར་འགྱུར་བར་ཤེས་པར་བྱའོ། །བཞི་པ་གསུངས་པ་རབ་ཏུ་ཞི་བས་ཞེས་བྱ་བ་ལ་སོགས་པ་ལ་ལེགས་པར་ཕྱིར་སྤྲོས་པའི་འོག་ཏུ་སྤྲོ་བར་ཡང་མི་བྱ་ལ་བསྡུ་བར་ཡང་མི་བྱ་བར་མིག་སྣའི་རྩེ་
མོ་ཉིད་དུ་གཏད་དེ། སྒོ་ཐམས་ཅད་བཀག་ནས་གནས་པ་འདི་ནི་རབ་ཏུ་ཞི་བའི་མཚན་ཉིད་དེ་ཞི་བར་འགྱུར་ཞེས་བྱ་བ་ནི་རབ་ཏུ་ཞི་བ་དེས་རླུང་དེ་དབང་དུ་འདུས་ཤིང་རླུང་བདེ་བར་གྱུར་པ་སྟེ། དེའི་ཚེ་སྒོ་གང་ནས་འདོད་པ་དེ་ནས་འཕོ་བའི་འབྲས་བུ་ཐོབ་པར་འགྱུར་རོ། །ད་ནི་སྔར་བཤད་པ་ལྟར་ནང་སྦྱངས་ནས། ཕྱི་
རོལ་གཞན་སྦྱང་བར་བྱ་སྟེ། རྣམ་པར་ཤེས་པ་དབྲོག་པའི་ཆོ་ག་དང་། གཞན་དུ་འགྲོ་བ་བཤད་པར་བྱ་བའི་ཕྱིར་རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་ག་ཞེས་བྱ་བ་ནི་དེ་དག་གི་བྱ་བའི་མན་ངག་གོ། །ཕྱི་རོལ་ཞེས་བྱ་བ་ནི། མཁས་པ་ཡིས་ནི་སྦྱང་བར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །
Vol. 19 · folio 134a
གནས་གཉིས་དག་ཏུ་བསམ་བྱ་བ། །ཞེས་བྱ་བ་ལ་གནས་གཉིས་ནི་རྟེན་གནས་གཉིས་ཏེ། ལྟེ་བ་དང་སྙིང་གའི་གནས་སུའོ། །བསམ་པ་ནི་སེམས་པ་སྟེ། ལུས་སུ་སེམས་པ་དང་སེམས་སུ་སེམས་པའོ། །ཇི་ལྟ་ཞེ་ན། རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ལྟེ་བ་ནས་
སོར་བཞི་བོར་བའི་འོག་ཏུ་རླུང་གི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་སྟེང་དུ་ཅི་ཞིག་བྱ་ཞེ་ན། རླུང་གི་ཞེས་བྱ་བ་ལ་སོགས་པ་ལ། དབུས་སུ་ཞེས་བྱ་བའི་སྒྲ་ནི་སྟེང་དུ་ཞེས་བྱ་བའི་དོན་ཏོ། །མེ་ཞེས་བྱ་བ་ནི་མེའི་དཀྱིལ་འཁོར་རོ། །ཡང་དང་ཡང་དུ་ཞེས་བྱ་བ་ནི་ཤིན་ཏུ་ཡང་ངོ་། །དབྱེ་བར་བྱ་ཞེས་བྱ་བ་ནི་
རླུང་གི་དཀྱིལ་འཁོར་གྱི་མེ་སྦར་བའོ། །ཨཱ་ལི་ཞེས་བྱ་བ་ལ་སོགས་པ་ལ་ཨཱ་ལིའི་ས་བོན་ནི་ཨཾ་ངོ་། །ཀཱ་ལིའི་ས་བོན་ནི་ཧཱུྃ་ངོ་། །དེར་ནི་ཞེས་བྱ་བ་ནི་ལྟེ་བ་དང་སྙིང་གའི་པདྨ་དག་ཏུའོ། །སྦྱར་བར་བྱ་ཞེས་བྱ་བ་ནི་ལྟེ་བ་དང་སྙིང་གའི་པདྨར་ཨཾ་དང་ཧཱུྃ་གི་ས་བོན་བཀོད་པ་དེ་བསམ་པར་བྱ་ཞེས་བྱ་བ་སྔ་མ་དང་སྦྱར་
ཏེ། ལུས་སུ་བསམ་པ་དང་སེམས་སུ་བསམ་པ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་པ་ཡིས་ཞེས་བྱ་བ་ལ་སོགས་པ་ལ་རྣལ་འབྱོར་པ་ནི་རྣམ་པ་དེ་ལྟ་བུས་སེམས་རྩེ་གཅིག་པའི་སྒྲུབ་པ་པོའོ། །ཁྱད་པར་ནི་ས་བོན་གྱི་ཁྱད་པར་གྱིས་སོ། །འབྱུང་དང་འཇུག་པས་བཟླས་པར་བྱ། །ཞེས་བྱ་བ་ལ་འབྱུང་བ་
ནི་ཕྱི་རོལ་འཕྲོ་བའོ། །འཇུག་པ་ནི་ནང་དུ་སྡུད་པ་སྟེ་དེ་གཉིས་བཟླ་བའོ། །དེས་ཅི་ལྟར་བྱ་ཞེ་ན། འབྱུང་བ་ཡེ་ཤེས་ས་བོན་ནི། །ཞེས་བྱ་བ་ལ། ཡེ་ཤེས་ས་བོན་ནི་སྙིང་གའི་པདྨའི་ཡི་གེ་ཧཱུྃ་སྟེ། དེ་འབྱུང་བས་ན་བསྣུན་དང་ལྡན་པར་བསམ་ཞེས་བྱ་བ་དང་སྦྱར་རོ། །དེ་ཡང་གཏུམ་མོའི་ས་བོན་འོད་ཟེར་
འབར་བ་དང་ལྡན་པ་རླུང་དང་མེས་སྦར་བའི་རང་བཞིན་གྱིས་ཧཱུྃ་དང་བཅས་པའི་སྙིང་གའི་པདྨ་ལ་བསྣུན་པས་གྱེན་དུ་ཁ་བཟློག་པར་ཡང་དང་ཡང་དུ་བསམ་པར་བྱའོ། །ཡང་ཅི་ཞིག་བྱ་ཞེ་ན། འཇུག་པ་སྙིང་གི་རྣམ་ཤེས་ལ། །ཞེས་བྱ་བ་ལ་སོགས་པ་དེ་ལྟར་འབྱུང་བས་བསྣུན་ནས་སྙིང་གའི་རྣམ་
པར་ཤེས་པའི་ས་བོན་ཧཱུཾ་དེ་འབྱུང་བ་ཉིད་ཀྱིས་མགྲིན་པ་དང་མགོའི་གནས་ཀྱི་བར་དུ་འདྲེན་ཅིང་འཕུལ་བར་བསམས་ལ། སླར་ཡང་འཇུག་པས་ཁ་ཐུར་དུ་བཟློག་སྟེ་སྙིང་གའི་བར་དུ་འོང་བར་བསམ་མོ། །མེ་ཏོག་ལྟ་བུར་བསྣུན་ཞེས་བྱ་བ་ནི་ཀ་ཤི་ཀའི་མེ་ཏོག་རླུང་གིས་བསྐྱོད་པ་ལྟར་སྙིང་གའི་པདྨ་དེ་
Vol. 19 · folio 134b
རླུང་གིས་ཡང་དང་ཡང་དུ་ཁ་གྱེན་དུ་བསྟན་པ་དང་། ཐུར་དུ་བཟློག་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཟླས་པ་གོམས་པའི་རྣལ་འབྱོར་པས་རང་གི་རྣམ་པར་ཤེས་པའི་ཕྱི་རོལ་དུ་བྱ་བ་བསྟན་པའི་ཕྱིར། རྣལ་འབྱོར་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་བཟླས་ཏེ་ཞེས་བྱ་བ་ནི་འབྱུང་བ་དང་
འཇུག་པའི་བཟླས་པ་སྟེ་བར་གྱི་ཚིག་མི་མངོན་པ་ཡིན་ནོ། །བདག་ཉིད་ཅེས་བྱ་བ་ནི་རྣམ་པར་ཤེས་པའོ། །ཕྱི་རོལ་དུ་བྱ་བ་ནི་ཕྱིར་དབྱུང་བའོ། །གང་གིས་ཤེ་ན། འབྱུང་དང་འཇུག་པའི་མཚན་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྟེ། འཇུག་པ་དང་ལྡན་པའི་འབྱུང་བས་བཟླས་པས་སོ། །ཇི་
ལྟ་བུ་ཞེ་ན། དེ་ཁོ་ན་ཉིད་མཉམ་པར་འཇུག །ཅེས་བྱ་བ་སྟེ། རྣལ་འབྱོར་པས་མཉམ་པ་ཉིད་དུ་བསྒོམས་པའོ། །ཅི་ཞིག་ཅེ་ན། དེ་ཁོ་ན་ཉིད་དེ་རྣམ་པར་ཤེས་པ་དང་རླུང་གི་དེ་ཁོ་ན་ཉིད་དོ། །འདི་ལྟར་རྣམ་པར་ཤེས་པའི་དེ་ཁོ་ན་ཉིད་རང་བཞིན་གྱིས་འོད་གསལ་བ་ལྟར་རླུང་ཡང་དེ་དང་དབྱེར་མེད་པར་
འོད་གསལ་བར་བསྒོམ་པའོ། །ཡང་ན་འཇུག་པ་དང་འབྱུང་བ་དང་མཉམ་པ་སྟེ་གཅིག་ཏུ་བྱ་བའོ། །ཅི་ལན་གཅིག་ཙམ་གོམས་པས་སམ་ཞེ་ན་མ་ཡིན་ཏེ། མཉམ་གཞག་དངོས་པོ་བསྒོམས་ནའོ། །འདི་ལྟར་དངོས་པོ་ནི་བསྒོམ་པར་བྱའོ། །མཉམ་གཞག་ནི་ཡང་དང་ཡང་དུ་གོམས་པས་འགྲུབ་
པར་འགྱུར་བའོ། །ཐེ་ཚོམ་མེད་པ་ནི་ཡིད་གཉིས་སྤངས་པ་སྟེ། དེ་ཡང་། ནོར་བུ་སྔགས་དང་སྨན་རྣམས་ཀྱི། །མཐུ་ནི་བསམ་གྱིས་མི་ཁྱབ་སྟེ། །ཞེས་བྱ་བ་ལ་སོགས་པས་ཡིད་ཆེས་པར་བྱའོ། །ད་ནི་རྣམ་པར་ཤེས་པ་དབྲོག་པ་དང་ནང་གི་ལས་ཀྱི་སྦྱོར་བ་བསྟན་པའི་ཕྱིར། དེ་ནས་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གོང་དུ་འཕོ་བའི་སྦྱོར་བ་ལས་སྦྱར་བ་དང་བཟླས་པ་ལ་སོགས་པ་དེ་ལྟར་བྱས་ཀྱི་འོག་ཏུའོ། །ཕྱི་རོལ་དུ་ནི་ཞེས་བྱ་བ་ནི་ཕྱི་རོལ་གྱི་སྟེ་རྣམ་པར་ཤེས་པ་དབྲོག་གོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །ནི་ཞེས་བྱ་བ་ནི་བཤད་པར་བྱ་ཞེས་བྱ་བ་སྔ་མ་དང་སྦྱར་རོ། །ལུས་
སྒྲུབ་པ་པོ་ཡིས་རྣམ་པར་སྤྲུལ། །ཞེས་བྱ་བ་ནི་ཕ་རོལ་གྱི་རྣམ་པར་ཤེས་པ་དབྲོག་པའི་ཕྱིར་སྒྲུབ་པ་པོས་དང་པོར་སྔ་མ་ལྟར་རང་གི་ལུས་རྣམ་པར་སྤྲུལ་ཞིང་བསྒོམ་པའོ། །དབྲོག་པ་དེ་ཉིད་གསུངས་པ། ཉི་མའི་ལམ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཉི་མའི་ལམ་ནི་སྣ་སྒོ་གཡས་པའོ། །དེ་
Vol. 19 · folio 135a
ཞེས་བྱ་བ་ནི་ཐབས་ཀྱི་ཆ་སྟེ། ཀཱ་ལིའི་ས་བོན་ནོ། །ཕྱུང་བ་ནི་གདོན་པའོ། །ཇི་ལྟ་ཞེ་ན། ལྷ་མོ་ཞེས་བྱ་བ་ལ་སོགས་པ་ལ་ལྷ་མོ་ནི་ཤེས་རབ་ཀྱི་ཆ་སྟེ། ཨཱ་ལིའི་ས་བོན་ནོ། །ཆ་ཤས་ནི་ཟླ་ཚེས་དང་ཐིག་ལེ་སྟེ། དེས་བརྒྱན་པའི་ཨཱ་ལི་དང་ཀཱ་ལིའི་ས་བོན་སྔར་བཤད་པ་སྟེ་ལྷན་ཅིག་
གདོན་པའོ། །བསྒྲུབ་བྱའི་སྙིང་གར་ཞུགས་ནས་ནི། །ཞེས་བྱ་བ་ནི། དེ་ཡི་རྣམ་ཤེས་དབྲོག་པར་བྱ། །ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟ་ཞེ་ན། བཟུང་ནས་སུ་ཞེས་བྱ་བ་སྟེ། ང་དང་ལྷ་མོས་བཟུང་ནས་སུ། །ལུས་ཀྱི་དཀྱིལ་འཁོར་དུ་ནི་གཞུག །ཅེས་བྱ་བ་ནི་རང་གི་ལུས་ལ་བསྡུ་བའོ། །དེ་ནས་ཅི་
ཞིག་བྱ་ཞེ་ན། འོག་གི་འཁོར་ལོར་སྦྱར་བར་བྱ། །ཞེས་བྱ་བ་སྟེ། ལྟེ་བའི་དཀྱིལ་འཁོར་གྱི་འོག་ནི་མེའི་དཀྱིལ་འཁོར་ལ་གདུང་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། རླུང་དང་མེ་ཡིས་འབར་བ་དག །ཅེས་བྱ་བ་གསུངས་སོ། །དེ་དག་གིས་ནི་འདི་སྐད་དུ། སྤྲུལ་པའི་འཁོར་ལོར་གནས་པའི་
གཏུམ་མོའི་ས་བོན་གྱི་ཐིག་ལེ་ལས་འཕྲོས་པའི་འོད་ཟེར་དང་སྙིང་གའི་ས་བོན་གྱི་འོད་གཅིག་ཏུ་གྱུར་ནས་ཤེས་རབ་དང་ཐབས་ཀྱི་ས་བོན་འབར་བའི་གཟུགས་སུ་རང་གི་སྣ་སྒོ་གཡས་པ་ནས་ཕྱུང་སྟེ། བསྒྲུབ་བྱའི་སྣ་སྒོ་གཡོན་པར་ཞུགས་ནས། སྙིང་གར་བསྟན་པའི་རྣམ་པར་ཤེས་པ་རིན་པོ་ཆེ་
འབར་བའི་རྣམ་པ་ལྟ་བུ་ལ་ཁྱབ་སྟེ། དྲངས་ནས་དེའི་སྣ་སྒོ་གཡས་ནས་བྱུང་ནས་རང་གི་སྣ་སྒོ་གཡོན་པར་ཞུགས་ཏེ། ལྟེ་བའི་རླུང་དང་མེའི་དཀྱིལ་འཁོར་འབར་བའི་སྟེང་དུ་བཅུག་སྟེ་བསྲེག་པར་བསྒོམ་མེ་ཞེས་སྟོན་ཏོ། །འདི་ནི་ཕ་རོལ་གྱི་རྣམ་པར་ཤེས་པ་དབྲོག་པའོ། །ཇི་སྲིད་ཟད་པར་བྱས་
པས་ཞེས་བྱ་བ་ནི་ཕ་རོལ་གྱི་ལུས་དང་རང་གི་རྣམ་པར་ཤེས་པས་མ་བཀང་གི་བར་དུའོ། །འདིས་ནི་གཞན་གྱི་གྲོང་དུ་འཇུག་པ་ཡང་བསྟན་ཏེ། འོན་ཀྱང་རང་གི་ལུས་སྤངས་ཏེ་འཇུག་པའོ། །ད་ནི་སྔར་བསྟན་པའི་སྐབས་ཀྱི་དབྱེ་བའི་ཕྱིར། འཆི་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བསྟན་པའི་འཆི་
བལྟས་མཐོང་ནས་གང་གི་ཚེ་བཟློག་པར་མ་ནུས་པ་དེ་ནི་འཆི་བའི་དུས་ལ་བབ་པར་གྱུར་པའོ། །ཇི་ལྟར་ཤེས་པར་བྱ་ཞེ་ན། འཆི་བའི་མཚན་མ་སྟོན་པ་སྟེ་འཆི་ལྟས་ཀྱིས་འཆི་བར་སྟོན་པའི་དུས་སོ། །རིམས་ལ་སོགས་པས་མ་ཕོག་པར། །ཞེས་བྱ་བ་ནི་རིམས་ལ་སོགས་པའི་ནད་ཀྱི་ཚོགས་ཀྱིས་མ་
Vol. 19 · folio 135b
གཟིར་བར་གོང་དུ་འཕོ་བའོ། །གོང་དུ་འཕོ་བ་མཆོག་ཡིན་ནོ། །ཞེས་བྱ་བ་ནི་དེའི་ཚེ་སྟེང་གི་སྒོ་ནས་འཕོ་བ་དེ་བདེ་བླག་ཏུ་འབྲས་བུར་སྨིན་པ་དང་། སྐྱེ་བོ་རྣམས་འདུལ་བར་བྱེད་པའི་ཕྱིར་མཆོག་སྟེ་དམ་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སེང་གེ་རྣམ་རོལ་ཕྱག་རྒྱ་ཡིས། །རྣལ་འབྱོར་
མ་ནི་བཅིང་བར་བྱ། །ཞེས་བྱ་བ་ལ་རྣལ་འབྱོར་མ་ནི་བོད་པའོ། །སེང་གེ་རྣམ་རོལ་ཕྱག་རྒྱ་ཡིས། །ཞེས་བྱ་བ་ནི་སྲོག་དང་རྩོས་པ་ཞེས་བྱ་བ་དང་འབྲེལ་ཏོ། །བཅིང་ཞེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ཁའི་བུ་ག་རྣམས་རང་གི་སོར་མོ་རྣམས་ཀྱིས་བསྡམས་ལ། སྟེང་འོག་གི་རླུང་རྣམས་མར་ནག་འཚིར་བའི་
འཁྲུལ་འཁོར་ལྟར་བཙིར་ཞིང་བསྡམས་ཏེ། དེའི་འོག་ཏུ་སྟེང་ནས་གཏང་བར་བྱའོ། །ཁ་ཅིག་ནི་ཡུལ་རྣམས་ལ་འབད་པ་མེད་པར་ལོངས་སྤྱོད་པ་ནི་སེང་གེ་རྣམ་རོལ་གྱི་ཕྱག་རྒྱ་ཡིན་ནོ་ཞེས་ཟེར་རོ། །དེ་ཉིད་གསུངས་པ་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ཁྱོད་ཀྱིས་ཞེས་བྱ་བ་ནི་ལྷ་མོའི་རང་བཞིན་ཏ་
ཤེས་རབ་ཀྱི་ཆའོ། །འདི་ནི་ཉེ་བར་མཚོན་པ་སྟེ། ང་ཞེས་བྱ་བ་སྔར་གསུངས་པའི་ཐབས་ཀྱི་ཆ་ཡང་བལྟ་བར་བྱའོ། །གནས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་གོ་འཕང་དེ་ཉིད་དེ། འདི་ལྟར་རླུང་སྟེང་དུ་འགྲོ་བ་ནི་ཤེས་རབ་ཀྱི་ཆ་ཡིན་ལ། འོག་ཏུ་འགྲོ་བ་ནི་ཐབས་ཀྱི་ཆ་ཡིན་ཏེ། སྦྱར་བ་ནི་གཅིག་ཏུ་
བཟླུམས་ཤིང་བཙིར་བའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། རང་གི་ལུས་ནི་ཡོངས་སུ་གཏོང་། །ཞེས་བྱ་བ་སྟེ། རང་གི་ལུས་ཡོངས་སུ་གཏོང་བ་སྟེ་བོར་ནས་འགྲོ་བའོ། །ཇི་ལྟར་ཞེ་ན། རིམ་གྱིས་སྦྱོར་བས་ཕྱི་ནས་སུ། །ཞེས་བྱ་བ་ལ་གོམས་པ་དབང་དུ་གྱུར་པས་ཚེགས་མེད་པར་རང་གི་སྟེང་གི་སྒོ་ནས་ཕྱེ་
ནས་རྣམ་པར་ཤེས་པ་གཞན་གྱི་ལུས་ལ་གཞུག་པར་བྱའོ། །དེ་ཉིད་གསུངས་པ། སྦྱོར་བའི་རིམ་པ་དེ་ཉིད་ཀྱིས། །ཞེས་བྱ་བ་སྟེ། འཆི་ལྟས་སྣང་བར་གྱུར་ནས་ཕྱི་ནང་གི་སྦྱོར་བ་ལ་སོགས་པའི་རིམ་པ་དེ་ཉིད་ཀྱིས་སོ། །རང་གི་ལུས་སུ་སྦྱར་བར་འདོད། །ཅེས་བྱ་བ་ལ་རང་གི་ལུས་སུ་སྦྱར་བ་ནི་གང་
དུ་གཞུག་པར་བྱ་བའི་ལུས་དེ་རང་གི་རྣམ་པར་ཤེས་པ་དང་བསྲེས་ནས་རང་གི་ལུས་སུ་བྱ་བའོ། །འདོད་ཅེས་བྱ་བ་ནི་སྒྲུབ་པ་པོ་ནུས་པ་དང་ལྡན་པས་ཕ་རོལ་གྱི་ལུས་གཞོན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་གང་དུ་གཞུག་པར་འདོད་པ་དེའོ། །ཆོ་ག་འདིའི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར། ཆོ་ག་
Vol. 19 · folio 136a
འདི་ལྟར་བྱས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བ་དང་འོང་བ་ཞེས་བྱ་བ་ནི་རླུང་གི་འགྲོ་བ་དང་འོང་བའོ། །བྱེ་བྲག་ཅེས་བྱ་བ་ནི་དེ་གོམས་པར་བྱས་པས་ཕུལ་དུ་བྱུང་བའི་གནས་ཐོབ་པའོ། །མཁའ་འགྲོ་མ་དང་སྦྱོར་བའི་མ། །ཞེས་བྱ་བ་ལ་སྦྱོར་བའི་མ་ནི་སྦྱོར་བའི་དངོས་
གྲུབ་དང་ལྡན་པ་སྟེ། དེ་ལྟར་ན་དཔའ་བོ་དང་མཁའ་འགྲོ་མ་ལ་སོགས་པ་རྣམས་དང་སྦྱོར་བའི་དངོས་གྲུབ་ཅན་ཐམས་ཅད་ཀྱི་མཆོད་པ་འདིས་ནི་ཕན་ཡོན་བསྟན་པ་ཡིན་ནོ། །གང་གིས་རིང་ནས་ཐོས་གྱུར་པ། །ཞེས་བྱ་བ་ལ་སོགས་པས་ནི་མངོན་པར་ཤེས་པ་དྲུག་བསྟན་ཏེ། རིང་ནས་ཞེས་བྱ་བ་ནི་ཡུལ་དང་
དུས་ལ་སོགས་པས་བསྐལ་པའོ། །བསམ་པ་རྗེས་སུ་ཤེས་པར་བྱ། །ཞེས་བྱ་བ་ལ་རྗེས་སུ་ནི་རྗེས་སུ་མཐུན་པ་སྟེ། ཕ་རོལ་གྱི་སེམས་ཀྱི་རྣམ་པར་བྱུང་བའི་ཤེས་པས་ཤེས་པར་བྱའོ། །འདིར་ཡང་རིང་ནས་ཞེས་བྱ་བ་དང་སྦྱར་རོ། །དེ་བཞིན་ཞེས་བྱ་བ་ནི་མངོན་པར་ཤེས་པ་ལྷག་མ་བསྟན་པ་
ཡིན་ནོ། །སུས་ཤེ་ན་མཁས་པས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་བསྒོམ་པ་དང་བཟླས་པའི་ཁྱད་པར་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་པ་གང་གི་ཁྱད་པར་བསྒོམ་པ་དང་བཟླས་པ་ལ་གོམས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་གི་ལམ་ལ་བསམས་ནས་ནི། །ཞེས་བྱ་བ་ལ།
གང་གི་ཞེས་བྱ་བ་རྣལ་འབྱོར་པའོ། །བསམས་པ་ནི་བསྒོམས་པ་སྟེ་རྣལ་འབྱོར་པ་གང་གི་ལམ་གང་དང་གང་ནས་བསྒོམས་པ་དེ་དང་དེའི་འབྲས་བུ་འགྲུབ་པར་འགྱུར་བའོ། །དེ་ཡང་། གོམས་པའི་སྟོབས་ནི་རྫོགས་པ་ཡིས། །འགྲུབ་པར་མི་འགྱུར་ཅི་ཡང་མེད། །ཅེས་གང་གསུངས་པ་བཞིན་ནོ། །འཁོར་
ལོ་གང་ཞིག་སྔར་བསྟན་པ། །ཞེས་བྱ་བ་ནི་གཏུམ་མོའི་རྣལ་འབྱོར་སྔར་གོམས་པར་བྱས་པའོ། །ཞུགས་ཏེ་ཞེས་བྱ་བ་ནི་གཏུམ་མོའི་འོད་ཟེར་རོ། །འཇིག་རྟེན་གསུམ་དང་འདྲེས་ནས་ནི། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ན་ཡོད་པའི་སྒྲ་རྣམས་བཟླུམས་ཞིང་གཅིག་ཏུ་འདྲེས་པའོ། །ཅི་ལྟ་བུ་ཞེ་ན།
མེ་སྟག་བཞིན་དུ་རྣམ་པར་འཁོར། །ཞེས་བྱ་བ་ནི་མེ་སྟག་འཕྲོ་བའི་མེའི་ཕུང་པོ་ལྟར་བྱུང་བའི་འོད་ཀྱི་ཚོགས་སོ། །ཅིའི་འོད་ཅེ་ན། རླུང་གིས་བསྐྱོད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རླུང་དང་མེ་ཡིས་བསྐྱོད་པ་ཡིས། །ཤེས་རབ་ཅེས་བྱ་བ་གཏུམ་མོའི་འོད་དང་། དེས་བསྐུལ་བའི་སྙིང་གའི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words