རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྣམ་པར་བཤད་པ
Sanskrit title (Tibetan script, as in the text) ཤྲཱི་བཛྲ་ཌཱ་ཀི་ནཱ་མ་མ་ཧཱ་ཏནྟྲ་རཱ་ཛ་སྱ་བི་བྲྀཏྟི
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 19 · folio 188b
ཨ་ནུ་སོ་ད་ཡེ་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་སོ། །དེ་ནས་བདག་ཉིད་རྡོ་རྗེ་འཛིན་པར་ང་རྒྱལ་བྱས་ལ། ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པར་བསྒོམས་ན་སྲུང་བའི་མཆོག་ཏུ་འགྱུར་རོ། །དེ་ནས་རྡོ་རྗེ་མདའི་དྲ་བ་ལ་སོགས་པ་བཀོད་ལ། རྐང་མཐིལ་དུ་རྡོ་རྗེ་རྒྱ་གྲམ་བསྒོམས་ནས། གར་དང་བཅས་པའི་རྡོ་རྗེ་འགྲོས་ཀྱིས་ཀུན་
དུ་བསྐོར་བར་བྱའོ། །དེ་ནས་ཙནྡན་ལ་སོགས་པའི་དྲིས། དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པའི་རྣལ་འབྱོར་མའི་གནས་ལྔའི་གནས་སུ་ནི་མཎྜལ་གྲུ་བཞི་པར་བྱ་ལ། དཀྱིལ་འཁོར་པ་ལྷག་མའི་གནས་སུ་ནི་མཎྜལ་ཟླུམ་པོར་བྱས་ལ། ཐམས་ཅད་དུ་བདུད་རྩི་ལྔས་བྱུག་པར་བྱའོ། །དེ་ནས་དཀྱིལ་འཁོར་སོ་
སོའི་གནས་སུ་རྡོ་རྗེ་ཕག་མོས་འཁྱུད་པའི་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་ལྷའི་འཁོར་ལོ་སྐད་ཅིག་ཙམ་གྱིས་བསྒོམས་ལ། ནམ་མཁའ་ལ་གནས་པ་དང་གཅིག་ཏུ་བསྲེས་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་གཅིག་ཏུ་མཆོད་པར་བྱའོ། །དེའི་འོག་ཏུ་སའམ་རིན་པོ་ཆེ་ལས་བྱས་པའི་བུམ་པ་ལྟོ་བ་ཆེ་བ་རྩ་བ་ནག་པོ་
ལ་སོགས་པའི་སྐྱོན་དང་བྲལ་བའི་ལྷའི་གྲངས་བཞིན་དུ་བཟུང་སྟེ། མགྲིན་པར་རས་སར་པས་བཅིངས་ལ། སོ་སོའི་ལྷའི་མཚན་མ་བྲིས་ཏེ་དྲི་ཞིམ་པོ་དང་བཅས་པའི་ཆུ་ཆེན་པོས་བཀང་ལ་ཤིང་ལོས་ཁ་བརྒྱན་ཏེ། ཀུ་ཤ་ལ་སོགས་པའི་ཆེན་པོ་སྟེང་དུ་གཞག་གོ། །རྣམ་པར་རྒྱལ་བའི་བུམ་པར་སྨན་དང་འབྲུ་དང་
རིན་པོ་ཆེ་རྣམ་པ་ལྔ་ནང་དུ་བླུགས་ལ། བདུད་རྩི་ལྔ་དང་བཅས་པའི་ཆུས་བཀང་སྟེ། ནང་དུ་རྡོ་རྗེ་མཁའ་འགྲོ་བསྒོམས་ལ། མེ་ཏོག་ལ་སོགས་པས་མཆོད་ལ། བུམ་པའི་མགྲིན་པ་མེ་ཏོག་གི་ཕྲེང་བས་བཅིངས་ཏེ། མེ་ཏོག་གི་ཕྲེང་བས་བཅིངས་པའི་རྡོ་རྗེ་བུམ་པའི་སྟེང་དུ་སློབ་མས་བཟུང་ལ། མེ་ཏོག་གི་
ཕྲེང་བ་སྣ་གཅིག་སློབ་དཔོན་བདག་ཉིད་ཀྱིས་བཟུང་སྟེ། ཧཱུཾ་ཞེས་བྱ་བའི་སྔགས་བརྒྱ་རྩ་བརྒྱད་དུ་བཟླས་ལ། མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །དེ་བཞིན་དུ་བུམ་པ་གཞན་དག་ལ་ཡང་། ཨོཾ་ཌཱ་ཀི་ནི་ཧུཾ་ཧཱུྃ་ཕཊ། ཅེས་བྱ་བ་ལ་སོགས་པའི་སྔགས་སོ་སོར་བཟླས་པར་བྱ་སྟེ། བུམ་པ་ལྷག་པར་གནས་པའི་ཆོ་
གའོ། །དེ་ནས་སློབ་མ་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་རིམ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྡོམ་པ་འཛིན་དུ་བཅུག་པ་ལྷག་པར་གནས་པར་བྱ་སྟེ། ཕྱི་རོལ་དུ་བྱུང་ནས་གཏོར་མ་བྱིན་ལ། བགེགས་གཞོམ་པའི་སྦྱིན་སྲེག་བྱ་སྟེ། སླར་ཡང་དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས། སྔོན་གྱི་ལྷ་
Vol. 19 · folio 189a
རྣམས་བློས་དམིགས་ནས། ཨརྒྷ་ལ་སོགས་པའི་མཆོད་པ་སྔོན་དུ་འགྲོ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་སྤོས་བསྲེགས་ཏེ། རང་གི་ལྕེའི་རྩེ་མོ་ཧཱུྃ་ལས་བསྐྱེད་པའི་རྡོ་རྗེར་བསམས་ལ། ཨོཾ་པདྨ་ས་ར་སྭ་ཏི་ས་ཏཾ་ཨཱ་བརྟ་ཡ་ཤོ་དྷ་ཡ་ཧཱུྃ་ཧྲི་ཐ་ཡ་ར་ཧྲི་ཞེས་བརྗོད་པས་བྱིན་གྱིས་བརླབས་ལ།
པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་གཉིས་སྦྱར་ལ། དཀྱིལ་འཁོར་ཐུགས་རྗེའི་རང་བཞིན་ཅན། །ཞེས་བྱ་བ་ནས། བཀའ་དྲིན་དག་ནི་བདག་ལ་སྩོལ། །ཞེས་བྱ་བའི་བར་དུ་ལན་གསུམ་བརྗོད་ཅིང་དྲིལ་བུའི་སྒྲ་བསྒྲགས་པས་མཆོད་ལ། སླར་ཡང་སྔ་མ་ལྟར་བྱ་སྟེ། སངས་རྒྱས་འཇིག་རྟེན་མགོན་པོ་
རྣམས། །ཞེས་བྱ་བ་ནས། ཀུན་གྱིས་བྱིན་རློབས་ཉེ་བར་བཞུགས། །ཞེས་བྱ་བའི་བར་དུ་ལན་གསུམ་བརྗོད་པས་འདི་ནི་ལྷ་སྟ་གོན་ལ་གནས་པའི་ཆོ་གའོ།། །།དེ་ནས་དེར་ཞུགས་པའི་དཀྱིལ་འཁོར་བའི་ལྷ་ལ་མཆོད་དེ། ནམ་མཁའ་ལ་གཤེགས་སུ་གསོལ་ལ། དྲི་ཞིམ་པོ་དང་བཅས་པའི་བདུད་རྩི་ལྔ་དང་། ཡུངས་
ཀར་གྱི་ཕྱེ་མ་དང་བཅས་པའི་ཚོན་གྱིས་སྐུད་པ་ལྔའི་སྣ་སོ་སོར་བཅོས་ལ། རིམ་པ་བཞིན་དུ་བྷྲཱུྃ་ཨཱཾ་ཛྲཱྀཾ་ཁཾ་ཧཱུྃ་ཞེས་བྱ་བའི་སྔགས་ཀྱིས་སོ་སོར་བསྐྱེད་ལ། སྐུད་པ་རེ་རེ་ཞིང་ཡང་དེ་བཞིན་གཤེགས་པ་ལྔ་ལྔའི་ཡོན་ཏན་དང་ལྡན་པས། སྣལ་མ་ལྔ་ལྔ་ཉི་ཤུ་རྩ་ལྔར་བྱས་ལ། དེ་བཞིན་གཤེགས་པ་ལྔའི་ཐུགས་
ཀ་ནས་བྱུང་བའི་འོད་ཟེར་གྱི་སྐུད་པ་དང་ལྷན་ཅིག་ཏུ་བསྲེས་ཏེ། ཨ་ནྱོ་ནྱ་ཨ་ནུ་ག་ཏཱཿསརྦ་དྷརྨཱཿསྥ་ར་སྥ་ར། ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཨ་ཏྱན་ཏ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿཞེས་བརྗོད་ལ་བསྒྲིལ་བར་བྱ་སྟེ། ཡང་ཡི་གེ་གསུམ་གྱི་སྔགས་བཟླས་པར་བྱའོ། །དེ་ལ་སྐུད་པའི་དཀྱུས་སུ་ནི་དཀྱིལ་འཁོར་ཉིས་འགྱུར་དུ་བྱ་ལ། སྦོམས་
སུ་ནི་སྒོའི་ཉི་ཤུ་ཆར་བྱའོ། །དེ་ནས་མིག་གཡས་པ་དང་གཡོན་པར་མ་དང་ཊ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། ཐིག་སྐུད་རྣམས་རིམ་བཞིན་གསེར་ལ་སོགས་པའི་སྣོད་བདུད་རྩི་ལྔས་བྱུགས་པའི་ནང་དུ་བཞག་ལ། རྡོ་རྗེའི་ལྟ་བས་བལྟ་ཞིང་མེ་ཏོག་ལ་སོགས་པས་མཆོད་ནས། ཡང་ཡི་གེ་གསུམ་
གྱི་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ས་སྔ་མ་བཞིན་དུ་བྱུགས་ཏེ། ནམ་མཁའ་ལ་གནས་པའི་ལྷ་རྣམས་མཆོད་ལ་ཕྱག་བྱས་ནས་བདག་ཉིད་རྡོ་རྗེ་འཛིན་པར་བསྒོམས་ལ། གཡོག་པོ་རྣམ་པར་སྣང་མཛད་དུ་བསྒོམས་ཏེ། མིག་གཉིས་སུ་ཛ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་
Vol. 19 · folio 189b
སེར་པོ་བསྐྱེད་ལ་དེའི་དབུས་སུ་ཛ་བཀོད་དེ་ཐིག་སྐུད་ཡི་གེ་གསུམ་གྱིས་སྔགས་བཟླས་པའི་དྲི་ཞིམ་པོས་སྦངས་ལ། ལས་ཐམས་ཅད་པའི་སྐུད་པས་རི་མོའི་མཚན་མ་སྔར་བྱས་པ་ལ། ཡེ་ཤེས་ཀྱི་སྐུད་པ་བྲེ་བར་བྱའོ། །དེ་ཡང་རྡོ་རྗེ་སློབ་དཔོན་གྱིས་ཐིག་སྐུད་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བར་བཟུང་ལ། ཨོཾ་ཛ་ཛ་ཛ་
ཞེས་བྱ་བས་ཐིག་སྐུད་ཀྱི་སྣ་སློབ་མ་ལ་བཏང་སྟེ། སློབ་མས་ཀྱང་དེ་ཉིད་ཀྱིས་དྲངས་ལ་ལྟེ་བར་བཟུང་སྟེ། ཤར་དང་བྱང་དུ་བལྟས་ནས་ཐིག་གཉིས་ནམ་མཁའ་ལ་གདབ་པར་བྱའོ། །དེ་ནས་ཕྱོགས་ཐམས་ཅད་མཉམ་པར་དམིགས་ཏེ་ས་ལ་ཡང་ཚངས་པའི་ཐིག་གཉིས་བཏབ་ལ། སླར་ཡང་སློབ་དཔོན་མེ་
མཚམས་དང་རླུང་མཚམས་སུ་གནས་ནས། གནོད་སྦྱིན་དང་ཡི་དགས་དང་དབང་པོ་དང་ཀླུའི་ཕྱོགས་རྣམས་སུ་ཐིག་གདབ་པར་བྱའོ། །དེ་ནས་ཡང་མེ་མཚམས་སུ་གནས་ཏེ་རླུང་གི་མཚམས་སུ་ཐིག་གདབ་པ་དང་། བདེན་བྲལ་དུ་གནས་ཏེ་དབང་ལྡན་གྱི་བར་དུ་སྲད་བུ་བརྐྱང་བར་བྱས་ལ། ཡང་ཤར་ཕྱོགས་དང་ནུབ་ཕྱོགས་དང་བྱང་
ཕྱོགས་དང་ལྷོ་ཕྱོགས་རྣམས་སུ་སོ་སོར་ཐིག་བཏབ་པས་དཀྱིལ་འཁོར་བརྒྱད་པར་བྱ་སྟེ། དེ་དག་ཐམས་ཅད་ལ་ཡང་ཡི་གེ་གསུམ་གྱི་སྔགས་བཟླས་པ་སྔོན་དུ་འགྲོ་བས། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུྃ་ཞེས་བཟླས་པར་བྱའོ། །ཐིག་སྐུད་རྡེབ་པའི་ཚེ་ཐིག་སྐུད་ཀྱི་སྒྲས་སེམས་ཅན་གྱི་དོན་ལགས་པས་དེ་
བཞིན་གཤེགས་པ་རྣམས་འདིར་གཤེགས་ཤིག་ཅེས་བྱ་བས་བསྐུལ་བར་བྱའོ། །སློབ་དཔོན་དང་སློབ་མ་གཉིས་ཀས་གཡས་སྐོར་དུ་འགྲོ་ཞིང་གྲུ་བཞི་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པ་ཇི་ལྟ་བ་བཞིན་དུ་བྲིས་ལ་ཡེ་ཤེས་ཀྱི་སྐུད་པ་གཤེགས་སུ་གསོལ་བར་བྱའོ། །ཐིག་བྲི་བའི་ཆོ་གའོ། །དེ་ནས་
རྡུལ་ཚོན་རྣམས་བྷྲཱུཾ་ལ་སོགས་པའི་ས་བོན་ལས་བསྐྱེད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དུ་བསྒོམས་ཏེ། ཧཱུྃ་ཞེས་བྱ་བ་མངོན་པར་བཟླས་ནས། ཛའི་འབར་བའི་ལྟ་བས་བལྟས་ཏེ། རྡུལ་ཚོན་འབར་བར་བསྒོམ་པར་བྱའོ། །དེ་ནས་ཧཱུྃ་ཞེས་བྱ་བས་དབུས་ཀྱི་ཕུར་བུ་བཏོན་ལ། དེའི་ཁུང་བུ་རྡུལ་
ཚོན་སྣ་ལྔས་བཀང་སྟེ། རྡོ་རྗེ་མཁའ་འགྲོར་བསྒོམས་ནས། རྡོ་རྗེ་དྲིལ་བུ་གསིལ་བས་བགེགས་བསལ་ལ། ཆོས་ཀྱི་དབྱིངས་ཅན་པར་དག་པར་མོས་པར་བྱས་ནས་དཀྱིལ་འཁོར་གྱི་ནང་དུ་འདུག་སྟེ། དབང་ལྡན་གྱི་མཚམས་ནས་བརྩམས་ལ། ཁ་ཤར་དུ་བལྟས་ལ་ལག་པ་གཡོན་པའི་ཁུ་ཚུར་གྱིས་
Vol. 19 · folio 190a
ཚོན་གཡས་སྐོར་གྱིས་བྲི་བར་བྱའོ། །སྔགས་ནི་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ་ཞེས་བྱ་བ་འདི་ཡིན་ནོ། །དེའི་འོག་ཏུ་ཅི་བདེར་བྲི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་རྡོ་རྗེ་མཁའ་འགྲོའི་ཏིང་ངེ་འཛིན་དང་ལྡན་པས། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་གྱི་ལྷ་རྣམས་ཐོད་པའི་མཚན་མའམ། སོ་སོའི་ལྷའི་
སྐུའམ། སོ་སོའི་མཚན་མར་ཡང་བྲིས་ལ། དེའི་འོག་ཏུ་དེ་དག་རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་གྱི་ལྷར་སྒྲུབ་ཐབས་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་སྔོན་དུ་འགྲོ་བས་མཆོད་པས་མཉེས་པར་བྱའོ། །དེ་ནས་སླར་བདག་ཉིད་ཁྲོ་བོ་གནོད་མཛེས་ཀྱི་ང་རྒྱལ་དུ་བྱས་ལ། མེ་ཏོག་སྔོན་པོའི་
ཕྲེང་བ་བཟུང་སྟེ། ཨོཾ་སུམྦྷ་ནི་ཞེས་བྱ་བའི་སྔགས་བརྗོད་ཅིང་དཀྱིལ་འཁོར་གྱི་རི་མོ་ཡིད་ཀྱིས་བཏེག་ལ་ནང་དུ་ཞུགས་ནས། ཆོས་ཐམས་ཅད་གཉིས་སུ་མེད་པའི་རྡོ་རྗེའི་ངོ་བོ་ཉིད་དུ་བསྒོམས་ནས། ཡང་ཡིད་ཀྱིས་ཕྱིར་ཕྱུང་སྟེ་དཀྱིལ་འཁོར་ལན་གསུམ་དུ་བསྐོར་ལ་ལྷག་པ་དང་ཆད་པའི་ཉེས་པ་བསལ་བའི་ཕྱིར།
རྡོ་རྗེ་དང་དྲིལ་བུ་གསིལ་ཞིང་ཕྱོགས་ཐམས་ཅད་དུ་རྡོ་རྗེའི་ལྟ་བས་བལྟ་བར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་བཅོམ་ལྡན་འདས་ལ་ཕུལ་ལ། གར་བྱེད་ཅིང་སླར་ཡང་བླངས་ལ། གནོད་མཛེས་ཀྱི་སྔགས་ཀྱིས་བདག་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་ཡི་གེ་གསུམ་བརྗོད་པས་ཡིད་ཀྱིས་སྒོ་རྣམས་ཕྱེ་ལ་གཡས་བརྐྱང་
བ་ལ་སོགས་པའི་གར་རྣམས་ཀྱིས་སྒོ་དང་མཚམས་རྣམས་སུ་རོལ་པར་བྱའོ། །དེ་ལྟར་ཡང་གསུངས་པ། ནུབ་ལ་སོགས་པའི་ཕྱོགས་གནས་ཤིང་། །ཤར་ལ་སོགས་པའི་སྒོ་གླེགས་རྣམས། །རིམ་པ་བཞིན་དུ་ཕྱེ་ནས་ནི། །དགའ་བས་གཡས་བརྐྱང་ལ་སོགས་རོལ། །ཞེས་སོ། །དེ་ནས་བུམ་པ་རྣམས་འོད་ཀྱི་
དཀྱིལ་འཁོར་ལ་རིམ་བཞིན་དུ་བཀོད་ལ། ཡིད་ཀྱིས་ལྷ་རྣམས་ཀྱི་སྤྱན་སྔ་ན་གནས་པར་ལྷག་པར་མོས་པར་བྱའོ། །ཡང་ན་བུམ་པ་གཞན་རི་མོ་ལྔའི་ཕྱི་རོལ་དུ་བཀོད་ལ། རྣམ་པར་རྒྱལ་བའི་བུམ་པ་ནི་ཤར་ཕྱོགས་ཀྱི་སྒོའི་ནང་ལོགས་སུ་དགོད་པར་བྱའོ། །ལས་ཐམས་ཅད་པའི་བུམ་པ་ལ། ཨོཾ་ཀཱ་ཀཱ་
སྱེ་ཧུྃ་ཧཱུྃ་ཕཊ་ཅེས་བྱ་བ་འདི་བརྒྱ་རྩ་བརྒྱད་བཟླས་ལ། ཤར་ཕྱོགས་ཀྱི་སྒོའི་ཕྱི་རོལ་དུ་བཞག་སྟེ། དེའི་ཆུས་སློབ་མའི་བསང་གཏོར་ལ་སོགས་པ་བྱའོ། །དེའི་འོག་ཏུ་ཨརྒྷ་ལ་སོགས་པ་མཆོད་པའི་ཡོ་བྱད་ཐམས་ཅད་ཡི་གེ་ཧཱུྃ་གིས་བྱིན་བརླབ་པར་བྱ་ཞིང་། བདག་ཉིད་རང་གི་ལྷར་མོས་པར་བྱས་ཏེ།
Vol. 19 · folio 190b
རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་པས་མཉེས་པར་བྱ་སྟེ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྔགས་དང་། རང་གི་རིག་པ་མཚན་མ་རྙེད་ཀྱི་བར་དུ་བཟླ་བར་བྱའོ། །དེ་ནས་སྦྱིན་སྲེག་དང་གཏོར་མས་ཚིམ་པར་བྱ་སྟེ། སློབ་མ་འཇུག་པའི་ཆོ་གས་བདག་ཉིད་རིག་པ་དང་བཅས་པར་དཀྱིལ་འཁོར་དུ་
ཞུགས་ལ། བཅོམ་ལྡན་འདས་ལ་ཆུའི་དབང་ལ་སོགས་པ་བླངས་ཏེ། གནང་བ་མནོས་ནས་སློབ་མ་གཞུག་པར་བྱའོ། །དེ་ནས་སློབ་མ་སྔར་སྦྱང་བར་བྱས་ཤིང་དམ་ཚིག་དང་སྡོམ་པ་འཛིན་པར་ཁས་བླངས་ནས། བླ་མ་ལ་ཡོན་དབུལ་བར་བྱའོ། །དེ་ནས་སློབ་མའི་སྙིང་གར་ཨ་དམར་པོ་བསྒོམས་ལ། ཀཱ་ཀཱ་
སྱེའི་སྔགས་བཟླས་པའི་བླ་གོས་བཀོན་ལ། ཁྲོ་བོ་གནོད་མཛེས་ཀྱི་སྔགས་བཟླས་པའི་རས་དམར་པོས་མིག་བཀབ་ལ། རང་གི་དབང་བསྐུར་བའི་རྒྱལ་བས་བྱིན་གྱིས་བརླབས་པའི་རས་དམར་པོ་ལ་སོགས་པས་གཙུག་ཏོར་བཅིངས་ཏེ། ལས་ཐམས་ཅད་པའི་བུམ་པའི་ཆུས་དེ་ལ་བསང་གཏོར་བྱས་ལ། ཕྱག་བཞི་
འཚལ་དུ་གཞུག་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ཨེ་བཾ་སི་ཏ་ཨ་རུ་ནེ་ཞེས་བྱ་བ་ལ་སོགས་པའི་གླུ་བླངས་ལ། སློབ་མའི་སྙིམ་པ་མེ་ཏོག་གི་ཕྲེང་བས་བཀང་སྟེ། ཡོལ་བའི་ཕྱི་རོལ་དུ་བཞག་ལ། འདོད་པས་དགའ་བ་ཁྱོད་སུ་ཡིན་ཞེས་དྲི་བར་བྱའོ། །སློབ་མས་ཀྱང་། བདག་ནི་སྐལ་བཟང་བདེ་ཆེན་མོས། །ཞེས་
བརྗོད་པར་བྱའོ། །དེ་ནས་བསང་གཏོར་བྱས་ཏེ། ཨ་ཁཾ་བཱི་ར་ཧཱུྃ་ཞེས་བྱ་བ་འདི་བརྗོད་ལ། ཡིད་ཀྱིས་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་བསྒོམས་ཏེ། དཀྱིལ་འཁོར་གྱི་ཉེ་འཁོར་དུ་གཞུག་པར་བྱའོ། །དེ་ནས་སློབ་དཔོན་རང་གི་ལྷའི་ང་རྒྱལ་དང་ལྡན་པས། དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་འཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱའི། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་མ་སྨྲ་ཤིག །དམ་ཚིག་ཉམས་
པར་གྱུར་ཏ་རེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་དེ་རིང་ཡང་དག་གནས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བསྒྲུབས་ནས། དུང་ཆེན་དུ་ནི་བདུད་རྩི་ལྔ། །སྦྱངས་པ་དང་ནི་བརྟགས་བྱས་ལ། །ཡེ་ཤེས་འོད་ཀྱིས་འབར་བར་བྱ། །འཁོར་ལོ་གནས་
Vol. 19 · folio 191a
པའི་དངོས་གྲུབ་བསྒྲུབ། །སྒྲུབ་པ་པོ་ཡིས་བཟུང་ནས་སུ། །སློབ་མ་ལ་ནི་བླུད་པར་བྱ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཨུ་ད་ཀ་ཋ་ཞེས་བྱ་བའམ། ཡང་ན་ཋའི་གནས་སུ་
ཧཱུཾ་བརྗོད་པར་བྱ་སྟེ། གསང་བའི་མཛོད་ལས། སློབ་མ་སྨིན་པའི་ལས་རྣམས་ལ། །ཋ་ཡི་གནས་སུ་ཧཱུྃ་བརྗོད་བྱ། །ཞེས་སོ། །དེ་ནས་རྡོ་རྗེ་དང་བཅས་པས་སློབ་མའི་ལག་པ་ནས་བཟུང་ལ། དེ་རིང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། ངས་གང་འདི་གྱིས་ཤིག་ཅེས་བསྒོ་བ་རྣམས་བུ་ཁྱོད་ཀྱིས་བྱ་དགོས་ཏེ།
ང་ལ་བརྙས་པའི་ལས་མ་བྱེད་ཅིག །དུས་མ་ཡིན་པར་ཤི་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་སློབ་མས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གསོལ་ཞེས་སྨྲས་ལ། སློབ་དཔོན་གྱིས་ཀྱང་དེའི་སྙིང་གའི་ས་བོན་ལ་མེ་དང་རླུང་གིས་གཙེས་
ནས་ཡེ་ཤེས་ཀྱི་ལྷ་ཆགས་པའི་ཚུལ་དུ་བཅུག་སྟེ། ཨོཾ་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་བ། ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ། སརྦ་སིདྡྷམྨེ་པྲ་ཡཙྪ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿཞེས་བྱ་བ་བརྗོད་ལ་སྔར་བཤད་པའི་བདུག་པས་དབབ་པར་བྱའོ། །དེ་ནས་ཡི་གེ་ལྔ་བརྗོད་དེ། །ཕྲེང་བ་དཀྱིལ་འཁོར་དུ་དོར་ལ། སླར་ཡང་དེ་ཉིད་ཀྱིས་
དེ་བླངས་ནས། སློབ་མའི་མགོ་བོར་བཅིངས་ལ། སྙིང་གར་བདག་པོ་བཞག་སྟེ། མིག་གཉིས་སུ་ཨོཾ། དཔྲལ་བར་རཾ་བསམས་ལ། ཡི་གེ་ལྔ་བརྗོད་པས་ཡེ་ཤེས་ཀྱི་སྣང་བ་ལས་དངོས་གྲུབ་རྗེས་སུ་ཤེས་པར་བྱས་ལ། ཨོཾ་རྡོ་རྗེ་སེམས་དཔའ་ཁྱོད་ཉིད་ཀྱི། དེ་རིང་མིག་འབྱེད་ནན་ཏན་མཛད། །རྡོ་རྗེ་
མིག་ནི་བླ་ན་མེད། །ཐམས་ཅད་མིག་ནི་ཕྱེ་བར་འགྱུར། །ཞེས་བྱ་བའི་ཚིགས་སུ་བཅད་པས་གདོང་གཡོགས་བཤུས་ལ་དཀྱིལ་འཁོར་བསྟན་ཏེ། ཀྱཻ་རྡོ་རྗེ་དཀྱིལ་འཁོར་འདི་ལ་ལྟོས། །མཐོང་ནས་དད་པ་སྐྱེད་པར་གྱིས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །
དངོས་གྲུབ་ཐམས་ཅད་བསྒྲུབ་པ་དང་། །དམ་ཚིག་མཆོག་ལ་གནས་པར་གྱིས། །རྡོ་རྗེ་པདྨོ་མཆོག་གིས་རོལ། །སྔགས་ཀྱི་དབང་ཕྱུག་བརྩོན་པར་གྱིས། །ཞེས་བྱ་བས་སྤྲོ་བར་བྱ་ལ། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བརྗོད་པར་བྱ་སྟེ། མི་མཉམ་མེད་པར་ཟུར་བཞི་ཡིན། །དྲན་དང་དབང་པོ་སྒོ་བཞི་
Vol. 19 · folio 191b
སྟེ། །རྟ་བབས་བཞི་ནི་བསམ་གཏན་ཡིན། །ཏིང་འཛིན་ཁ་ཁྱེར་དུ་ནི་བརྗོད། །ཁ་ཁྱེར་རྡོ་རྗེ་རྩེར་རྟེན་པའི། །ལྷ་མོའི་མཆོད་པ་གཟུགས་རྣམས་སོ། །རྒྱན་རྣམས་ཀུན་གྱིས་རྣམ་སྤྲས་པ། །བསམ་པ་ཐམས་ཅད་རྫོགས་བྱེད་ཡིན། །སྣ་ཚོགས་རླུང་གིས་བསྐྱོད་པའི་མཆོག །བ་དན་དྲིལ་བུའི་སྒྲར་ལྡན་པ། །རླུང་གི་
ཚོགས་ཀྱིས་བསྐྱོད་པ་ཡི། །ཆོས་ཀྱི་སྒྲ་མཆོག་ཀུན་འགྲོ་ཡིན། །མེ་ལོང་མི་རྟོག་རྟགས་ཡེ་ཤེས། །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །དངོས་གྲུབ་ཐམས་ཅད་མི་འགྱུར་བདེ། །བདེ་བ་ཆེན་པོ་ཞེས་བརྗོད་པ། །ཉི་ཟླ་རིན་ཆེན་བསྐོར་བ་ཡིས། །དྲ་བ་དྲ་བ་ཕྱེད་པ་ཡིན། །དེ་ཡི་ནང་གི་འཁོར་ལོ་ནི། །དཀྱིལ་འཁོར་
བརྒྱད་ཀྱིས་མཛེས་པ་ཡི། །རྣམ་པར་ཐར་པ་བརྒྱད་ཀྱི་འདིར། །དངོས་གྲུབ་ཐམས་ཅད་སྟེར་བའོ། །བདེ་གཤེགས་ཀུན་གྱིས་ཡོངས་གང་བའི། །རྡོ་རྗེའི་སྐུད་པས་བསྐོར་བ་ནི། །བྱང་ཆུབ་སེམས་ཀྱི་ཐེག་ཆེན་དང་། །མདོ་སྡེའི་འཁོར་ལོ་བསྐོར་བའོ། །ཚོན་རྣམས་སངས་རྒྱས་ལྔ་ཡི་ནི། །ཡེ་ཤེས་སེམས་
ཅན་སེམས་འཚོད་པའོ། །དོན་དང་དབང་པོ་རྣམ་དག་པས། །རང་གི་མཚན་ཉིད་རབ་ཏུ་ཕྱེ། །ཡེ་ཤེས་བདུད་རྩི་མངོན་གསོལ་བ། །རྡོ་རྗེ་ཅན་གྱི་རྡོ་རྗེའོ། །བུམ་པ་གང་བ་སྙིང་རྗེས་བརླན། །ཚོགས་ནི་ཡོངས་སུ་རྫོགས་པ་ཡིན། །དཀྱིལ་འཁོར་མེ་ཏོག་བདུག་པ་དང་། །མར་མེ་ཆེ་དང་དྲི་རྣམས་ནི། །བྱང་
ཆུབ་ཡན་ལག་ཡིད་འོང་ཚིམ། །ཆོས་ཀྱི་སྒྲོན་མ་གྲགས་འདུས་ཡིན། །ལྷ་བཤོས་ཆོས་ཀྱི་བཟའ་བ་སྟེ། །ཁྲེལ་ཡོད་ངོ་ཚའི་སྡོམ་པའོ། །གླུ་དང་གར་དང་རོལ་མོ་སོགས། །བདེ་བ་ཆེན་པོ་རྣམ་པར་འཕེལ། །ཐར་པ་མཆོག་གི་གྲོང་ཁྱེར་ཏེ། །སྙིང་པོ་འཛིན་པས་དཀྱིལ་འཁོར་ཡིན། །ཞེས་བྱ་
བ་ནི་རྟེན་གྱི་དཀྱིལ་འཁོར་གྱི་རྣམ་པར་དག་པའོ། །བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པར་དག་པ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་ཤེས་པར་བྱའོ། །ཇི་ལྟ་བུའི་དཀྱིལ་འཁོར་ཡིན་ཞེ་ན། གང་དུ་ཞུགས་པ་ཙམ་གྱིས་ནི། །ཕྱིར་མི་ལྡོག་པའི་གཙོར་འགྱུར་ཞིང་། །འདིས་ནི་དཔའ་བོ་
ལས་བྱུང་བའི། །བདེ་བ་ཆེན་པོ་རབ་བསྒྲུབ་པའོ། །དེ་ནས་བླ་མ་ལ་ཡོན་གྱི་དམ་པ་ཕུལ་ལ་ཕྱག་བྱས་ཏེ། ཚིགས་སུ་བཅད་པ་འདིས་དབང་ནོད་པའི་ཕྱིར་གསོལ་བ་གདབ་པར་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བགྱིས་པ་བཞིན། །བདག་ཀྱང་བསྒྲལ་བའི་དོན་དུ་ནི། །ནམ་
Vol. 19 · folio 192a
མཁའི་རྡོ་རྗེ་དེ་དག་སྩོལ། །ཞེས་སོ། །དེ་ནས་ཤར་སྒོར་པདྨ་ནི། །འདབ་བརྒྱད་དབུས་སུ་ཁྲི་བཤམས་ཏེ། །རང་གི་བདག་པོའི་རྣལ་འབྱོར་གྱིས། །རྒྱན་གྱིས་བཀླུབས་ཏེ་གཞག་པར་བྱའོ། །ལུས་ནང་ཆུད་པའི་དཀྱིལ་འཁོར་ནི། །ཆོ་ག་འདི་ཡིས་བཀྲུ་བར་བྱ། །མཁའ་དབྱིངས་སངས་རྒྱས་
ཐམས་ཅད་ཀྱི། །ཡོངས་སུ་གང་བར་རྣམ་པར་བསྒོམ། །རྒྱལ་མཚན་གདུགས་དང་བ་དན་དང་། །ལྷ་ཡི་གོས་ཀྱིས་བརྒྱན་པ་ཡི། །བུམ་པ་ཆུས་གང་བསྣམས་པ་དག །སློབ་དཔོན་དབང་བསྐུར་དུས་སུ་ནི། །སྔོན་མཛད་བརྩེ་བའི་ཤུགས་ཀྱིས་ནི། །དགྱེས་པ་ཆེན་པོ་ལེགས་བྱོན་བསམ། །བུམ་པའི་ནང་
དུ་ཆུད་པའི་ཆུ། །བདག་པོ་ཞུ་དང་བདུད་རྩི་ལྔ། །མགུལ་པ་གོས་ཀྱིས་མཛེས་བྱས་པ། །སྤྱན་ལ་སོགས་པས་གཟུང་བར་བྱ། །བཀྲ་ཤིས་གླུ་དང་ཚིགས་བཅད་ཀྱིས། །སློབ་མའི་སྤྱི་བོ་བཀྲུ་བར་བྱ། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་གསུམ་གནས་
ལས་བྱུང་བ་ནི། །སངས་རྒྱས་ཀུན་གྱིས་བྱིན་པ་ཡིན། །དེ་ནས་སངས་རྒྱས་ཐམས་ཅད་ནི། །བ་སྤུའི་བུ་གར་ཞུགས་པར་བྱ། །བདག་ཉིད་རྣལ་འབྱོར་བརྟན་བྱས་ནས། །དེ་ནས་ཅོད་པན་དབང་བསྐུར་ནི། །ཆོ་ག་བཞིན་དུ་བྱིན་ནས་སུ། །གོ་རིམས་བཞིན་དུ་མཚན་མ་བྱིན། །སངས་རྒྱས་ཀུན་གྱི་རྡོ་རྗེའི་
དབང་། །དེ་རིང་ཁྱོད་ལ་དབང་བསྐུར་བྱ། །སངས་རྒྱས་ཀུན་དུ་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་གཟུང་། །ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བྱ་བ་དང་། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་གྱི་བདག །
རྡོ་རྗེ་བསྙེམས་པ་བདག་པོའི་བདག །ཅེས་བརྗོད་ལ། ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་ལག་པ་གཡས་པར་སྦྱིན་པར་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བརྗོད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བྱ་བས། ཨ་ལས་བསྐྱེད་
པའི་དྲིལ་བུ་ལག་པ་གཡོན་པར་བྱིན་ལ། དངོས་པོ་རང་བཞིན་དག་པའི་ཕྱིར། །རང་བཞིན་གྱིས་ནི་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ཡི། །དངོས་པོས་མཆོག་ཏུ་བྱ་བའོ། །ཞེས་བརྗོད་པར་བྱའོ། །སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་ཞི་བྱེད་པ། །ཤིན་ཏུ་
Vol. 19 · folio 192b
བདེ་ཞིང་དམ་པའི་ཐབས། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཅེས་བྱར་བརྗོད། །གང་གི་སྔགས་ཀྱིས་ལུས་བརྟན་པ། །དེས་ནི་ཕྱག་རྒྱར་རབ་ཏུ་གྲགས། །དམ་ཚིག་གསུམ་ནི་བྱིན་ནས་སུ། མིང་གི་བདག་པོས་དབང་བསྐུར་བྱ། །ཨོཾ་བཛྲ་
ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་བྱ་བ་དང་། ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏྭཾ། ཞེས་བྱ་བ་དང་། ཀྱེ་དཔལ་ཆེ་གེ་མོའི་མྱུ་གུ་ཞེས་བྱ་བའམ། དཔལ་ཆེ་གེ་མོའི་རྡོ་རྗེ་ཞེས་བྱ་བའམ་དཔལ་གྱི་སྒྲ་དང་བཅས་པ་མིང་གི་དབང་བསྐུར་བར་བྱའོ། །འདི་དེ་སངས་རྒྱས་ཐམས་
ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་གཟུང་སྟེ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་བྱ་བས་རྡོ་རྗེའི་བརྟུལ་ཞུགས་བྱིན་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེཥ་ཏྭཾ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུྃ་ཞེས་བྱ་བས། སློབ་མ་བཟུང་ནས་མེ་ཏོག་ལ་སོགས་པས་མཆོད་དེ།
དེ་ནས་བླང་བར་བྱའོ། །སློབ་དཔོན་གྱི་དབང་བསྐུར་བའོ། །དེ་ནས་སྔགས་པས་ལེགས་བསླབས་པའི། །ཤེས་རབ་བླ་མར་དབུལ་བར་བྱ། །གཡོན་གྱི་ཕྱོགས་སུ་བཞག་ནས་སུ། །སྣ་ཚོགས་མཆོད་པས་མཉེས་པར་བྱ། །མཉེས་པར་གྱུར་ནས་དེ་འོག་ཏུ། །ཕྱག་བྱས་ནས་ནི་ཐལ་སྦྱར་ཏེ། །
པུས་མོ་བཙུགས་ནས་གསང་བ་ཡི། །དབང་བསྐུར་དོན་དུ་གསོལ་བ་གདབ། །ཁྱོད་ཀྱི་ཞལ་སྔའི་བཀའ་དྲིན་གྱིས། །བྱ་བ་བླ་མེད་ཤེས་པར་འཚལ། །དེ་རིང་དབང་བསྐུར་རིན་ཆེན་གྱིས། །མགོན་པོས་རྗེས་སུ་གཟུང་དུ་གསོལ། །ཇི་ལྟར་དཔལ་ལྡན་བདེ་ཆེན་པོས། །དཔལ་ལྡན་རྡོ་རྗེ་ཆོས་
ལ་ནི། །དེ་ཉིད་དག་པ་བཤད་པ་བཞིན། །མགོན་པོས་དེ་རིང་བཀའ་དྲིན་མཛོད། །སྡུག་བསྔལ་ཐམས་ཅད་གཅོད་པ་པོ། །མགོན་མེད་རྣམས་ལ་བརྩེ་མཛད་པ། །དམྱལ་སོགས་གནས་ནས་དྲང་བ་དང་། །སྡུག་བསྔལ་ཐམས་ཅད་ཟད་པར་མཛོད། །ཁྱོད་ཞབས་པདྨ་སྤངས་ནས་སུ། །གཙོ་བོ་གཞན་
ལས་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་བདེ་ཆེན་པོས། །དེ་བས་སངས་རྒྱས་མཆོག་མཉེས་མཛོད། །གསོལ་བ་བཏབ་ཀྱི་འོག་ཏུ་ནི། །སྡོམ་པ་ཉན་དུ་གཞུག་པར་བྱ། །གསང་ལས་ཤིན་ཏུ་གསང་གྱུར་པའི། །སྡོམ་པ་བཟང་པོ་ཉན་པར་གྱིས། །བུ་ཡིས་སྲོག་ཆགས་གསད་པ་དང་། །
Vol. 19 · folio 193a
བརྫུན་དུ་ཡང་ནི་སྨྲ་བར་བྱ། །མ་བྱིན་པ་ཡང་ཁྱོད་ཀྱིས་བླང་། །གཞན་གྱི་ཆུང་མའང་བསྟེན་པར་བྱ། །སྡོམ་པ་བཞི་ནི་བླ་ན་མེད། །བཟང་པོ་ཁྱོད་ཀྱིས་བསྐྱང་བར་བྱ། །བཤང་གཅི་ཤ་དང་ཁྲག་རྣམས་དང་། །ལྔ་པ་སེམས་ལས་བྱུང་བ་དང་། །ཁྱི་དང་རྟ་དང་གླང་ཆེན་སོགས། །ཤ་ནི་སྦྱར་
ཚོགས་ཆོ་ག་ཡིས། །རྟག་ཏུ་ཁྱོད་ཀྱིས་བཟའ་བར་བྱ། །དམ་ཚིག་འདི་ནི་རྨད་པོ་ཆེ། །ཞེས་སོ། །དེ་ནས་སློབ་དཔོན་ཤེས་རབ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་བདེ་བ་རྡོ་རྗེ་ནོར་བུའི་ནང་དུ། མཐེ་བོང་དང་སྲིན་ལག་གིས་བཟུང་ལ། སློབ་མའི་ཁའི་པདྨར་ཚིགས་སུ་བཅད་པ་འདིས་དབབ་
པར་བྱའོ། །འདི་ནི་རྡོ་རྗེ་ཐམས་ཅད་ཀྱི། །དབང་བསྐུར་གོ་འཕང་དམ་པ་སྟེ། །སྔགས་ཀྱི་དངོས་གྲུབ་ཐམས་ཅད་དང་། །ལས་མཆོག་རྒྱས་པ་སྒྲུབ་བྱེད་པའོ། །ཞེས་སོ། །དེས་ཀྱང་བདེ་བ་ཆེན་པོ་བསམས་ནས་འཐུངས་ཏེ། ཨ་ཧོ་སུ་ཁ་ཞེས་བརྗོད་པར་བྱའོ། །གསང་བའི་དབང་བསྐུར་བའོ། །དེ་
ནས་སློབ་དཔོན་རང་གི་དམ་ཚིག་ལ་གནས་པས་སློབ་མ་རྡོར་སེམས་སུ་ལྷག་པར་མོས་པར་བྱས་ལ། ཡོན་ཏན་ཐམས་ཅད་དང་ལྡན་ཞིང་ལེགས་པར་བསླབས་པའི་ཤེས་རབ་མ་གཞན་བྱིན་གྱིས་བརླབས་ལ། ལག་པར་ལག་པ་བྱིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དཔང་པོར་གསོལ་ལ། དེང་
ནས་བརྩམས་ཏེ་ངས་བྱིན་པའི། །བུ་མོ་འདི་དང་སྒྲུབ་པ་པོས། །དེ་བཞིན་གཤེགས་པས་མཁྱེན་པ་ཡི། །བྱང་ཆུབ་ཆེན་པོ་བསྒྲུབ་པར་གྱིས། །ཞེས་བྱ་བ་དང་། འདི་ནི་གཟུངས་མ་ཡིད་དགའ་མ། །དེ་རིང་ཁྱོད་ཀྱིས་བསྒྲུབ་བྱ་བ། །ཞེས་བྱ་བས་བྱིན་ལ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་
བཞིན་གཤེགས་པ་རྣམས་བདག་གི་བ་སྤུའི་བུ་གར་བཅུག་ལ། སླར་ཕྱུང་ནས་སློབ་མའི་བ་སྤུའི་བུ་གར་བཅུག་ལ་ཞུ་བར་གྱུར་པས། སློབ་མའི་ལུས་ཚིམ་པར་བྱ་ཞིང་ཉོན་མོངས་པའི་དྲི་མ་བཀྲུས་པར་བསྒོམ་པ་འདི་ནི་ཤེས་རབ་ཀྱི་དབང་བསྐུར་བའོ། །དེ་ནས་སློབ་དཔོན་གྱི་ཁ་ནས་ཀུན་དུ་དགའ་བ་ལ་
སོགས་པའི་དབྱེ་བས་ལྷན་ཅིག་སྐྱེས་པ་བསྟན་པར་བྱ་སྟེ། སློབ་མ་རང་གི་ཉམས་སུ་མྱོང་བ་འདི་ནི་དབང་བསྐུར་བ་བཞི་པ་རིན་པོ་ཆེའོ། །སླར་ཡང་པདྨ་ལ་གནས་པའི་མེ་ཏོག་དང་བཅས་པའོ། །ཁུ་བ་བླངས་ཏེ་དེས་མཆོད་པའི་ཕྱིར་རིག་མའི་ཁར་སྦྱིན་པར་བྱའོ། །དེ་ནས་བླ་མའི་ལག་པ་ནི། །
Vol. 19 · folio 193b
སློབ་མའི་མགོ་བོར་བཞག་ནས་ནི། །ཐབས་གཞན་གྱིས་ནི་སངས་མི་རྒྱ། །དེ་བས་དེས་ན་རིག་པའི་མཆོག །ཆོས་རྣམས་ཐམས་ཅད་གཉིས་མེད་པར། །དངོས་པོ་གཉིས་ཀྱིས་མཚོན་པ་ཡིན། །དེ་བས་རྟག་ཏུ་འཁོར་བ་རུ། །ཁྱོད་ཀྱིས་བྲལ་བར་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་
པའི་བརྟུལ་ཞུགས་བླ་ན་མེད། །ཅེས་བྱ་བ་འདིས། རིག་པའི་བརྟུལ་ཞུགས་བྱིན་ལ། རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བ་དང་། དེ་བཞིན་དུ་ནོར་བུ་དང་། པདྨ་
དང་ལས་ཀྱི་རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར་ཞེས་པ་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་བྱིན་ལ། རིམ་པ་འདིས་ལུང་བསྟན་པར་བྱ་སྟེ། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་བྱས་ལ། ལག་པ་གཡོན་པའི་ཁུ་ཚུར་གྱིས་སྙིང་གར་དེ་བཞིན་གཤེགས་པའི་ཆོས་གོས་འཛིན་པའི་ཚུལ་དུ་བྱས་ཏེ། ལག་
པ་གཡས་པ་མཆོག་སྦྱིན་བརྐྱང་ལ། མིང་གི་དབང་བསྐུར་བས་ལུང་བསྟན་པར་བྱ་སྟེ། ཨོཾ་འདི་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་དང་ངན་འགྲོ་ལས་བཏོན་ནས། །ཤིན་ཏུ་སྲིད་པ་གྲུབ་པར་གྱིས། །ཧེ་བཛྲ་ནཱ་མ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿཞེས་
སོ། །དེ་ནས་སློབ་མ་དད་པ་སྤེལ་བར་བྱ་བའི་ཕྱིར་སློབ་དཔོན་གྱིས་འདི་སྐད་དུ། གང་ལ་ཚུལ་འདི་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གསང་བའི་ཆོ་ག་འདིས་ལུང་བསྟན་པར་བྱས་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་རྡོ་རྗེ་འཛིན་
པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་ལ་སྤྱོད་པས། མགྲིན་གཅིག་ཏུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དོ་ཞེས་བརྗོད་པར་བྱའོ། །དེ་ནས་གསང་བ་བརྗོད་པར་བྱ་སྟེ། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་པས། །དེ་བས་
འདོད་ལ་ཆགས་བྲལ་བ། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་སོ། །དེའི་རྗེས་ལ་ལག་པ་གཡོན་པས་སློབ་མའི་གཙོ་བོའི་ལག་པ་གཡས་ཀྱི་མཐེ་བོ་ནས་བཟུང་སྟེ། མར་གྱི་དགང་བླུགས་བརྒྱ་བསྲེགས་ནས། ཡང་སྦྲང་རྩི་དང་འབྲས་ཡོས་དང་། ཞོ་དང་བཅས་
Vol. 19 · folio 194a
པའི་ཏིལ་གྱི་སྲེག་བླུགས་བརྒྱ་བྱས་ལ་བསང་གཏོར་བྱ་སྟེ། ལག་པས་སྙིང་གར་བྱུགས་ལ། རང་གི་རིགས་ཀྱི་རིག་མའམ། བདུད་རྩི་འཁྱིལ་བའི་སྔགས་ཡོངས་སུ་བཟླས་པའི་ལག་གདུབ་སློབ་མའི་ལག་པར་བཏགས་ལ། སློབ་མས་གདུགས་སྤྱི་བོར་བཟུང་སྟེ། དཀྱིལ་
འཁོར་ལ་བསྐོར་བ་བྱས་ལ། གདུགས་དང་བཅས་པས་ཐལ་མོ་སྦྱར་ནས་དཀྱིལ་འཁོར་གྱི་སྒོ་ནས་ཕྱག་འཚལ་དུ་བཅུག་སྟེ། རྒྱུད་ནི་ཡོངས་སུ་འཛིན་པ་ཡི། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་བརྗོད་ནས། དེ་བླང་སྟེ་སློབ་དཔོན་གྱིས་གདུགས་ལ་བཟུང་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེ་
རིང་དཀྱིལ་འཁོར་སློབ་དཔོན་འགྱུར། །སྔགས་དང་རྒྱུད་འདི་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང་། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་ཀུན་ལ་རྗེས་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱ། །སྒྲུབ་པ་པོ་ཡང་རྒྱུད་
ལ་སྦྱོར། །དེ་ནས་ཇི་ལྟ་བ་བཞིན་དུ་མན་ངག་སྦྱིན་ཞིང་དྲང་བའི་དོན་ལ་སོགས་པ་སྦས་པ་རྣམས་གསལ་བར་བྱས་ལ། དབུགས་དབྱུང་བར་བྱས་ཏེ། མཆོག་ཏུ་གསང་བའི་དཀྱིལ་འཁོར་དུ། །བཅུག་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱོད་ནི་ཤིན་ཏུ་གནས། །བདེ་
ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བར་མི་འགྱུར་ཏེ། །གནོད་པ་མེད་པས་ཀུན་རྟོག་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །ཞེས་བྱ་བ་བརྗོད་ལ། ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །རྡོ་རྗེ་ཕྱག་རྒྱ་གང་ཡིན་པ། །
བྱང་ཆུབ་སེམས་ནི་སྨད་མི་བྱ། །དམ་པའི་ཆོས་ཀྱང་མི་སྨད་ཅིང་། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ལ། །ཚུལ་ཆེན་བསྟན་པར་མི་བྱ་ཞིང་། །རང་དགའ་ཡོངས་སུ་བཏང་ནས་ནི། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བ་དེ་བཟུང་ན། འདི་ནི་མ་འོངས་རྫོགས་
སངས་རྒྱས། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ནམ་ཡང་གཏང་བར་མི་བྱ་སྟེ། །སངས་རྒྱས་ཀུན་དང་མཚུངས་པས་ན། །སློབ་དཔོན་བརྙས་པར་མི་བྱའོ། །སངས་རྒྱས་ཀུན་མཚུངས་བློ་ཆེན་ལ། །སྨད་པར་བྱེད་པ་གང་ཡིན་དེས། །སངས་རྒྱས་ཐམས་ཅད་སྨད་གྱུར་པས། །དེ་ནི་རྟག་ཏུ་
Vol. 19 · folio 194b
སྡུག་བསྔལ་འཐོབ། །གང་ཕྱིར་ཤིན་ཏུ་འདིར་གནས་པས། །དེ་རིང་ཁྱོད་གསོན་འབྲས་བུ་ཡོད། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པར་ཁྱོད་ནི་ཐེ་ཚོམ་མེད། །རབ་ཏུ་དང་བའི་ཡིད་ཀྱིས་ནི། །ཟག་མེད་བདེ་སྐྱེད་དམ་ཚིག་ལ། །རྒྱུན་དུ་གུས་པས་བསྙེན་པར་བྱ། །འགྲོ་རྣམས་ཡུལ་དུ་བདེར་
དགོད་པ། །རྡོ་རྗེ་སེམས་དཔའ་དང་མཉམ་པས། །རྟག་ཏུ་ཁྱོད་རྣམས་འགྲོ་བར་འགྱུར། །དེ་ནས་སློབ་མས་བླ་མའི་ཞབས་ལ་སྤྱི་བོས་གཏུགས་ནས་འཛུམ་པ་དང་བཅས་པས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བགྱིད་པར་འཚལ། །ཞེས་ཁས་བླང་བར་བྱའོ། །དེ་ལྟར་སློབ་མས་ཁས་
བླངས་ནས་འོག་ནས་འབྱུང་བའི་ཆོ་ག་འདིས་ཞི་བའི་དོན་དུ་སྦྱིན་སྲེག་བྱ་སྟེ། སློབ་མ་རེ་རེ་ཞིང་ལག་པ་གཡས་པའི་མཐེ་བོ་བླ་མའི་ལག་པ་གཡོན་པས་བཟུང་ཞིང་བསྡམས་ལ། མར་གྱིས་དགང་གཟར་བཀང་སྟེ། བླུགས་གཟར་ཁ་སྦྱར་ལ་སློབ་མ་ལ་བསྐོར་ཞིང་ལན་བདུན་བདུན་སྦྱིན་སྲེག་བྱའོ། །དེ་
ནས་བླ་མས་སློབ་མ་རྣམས་ལས་ཡོན་བླང་བར་བྱ་སྟེ། གསེར་དང་དངུལ་དང་རིན་ཆེན་དང་། །རྟ་དང་གླང་པོ་ས་གཞིར་བཅས། །སློབ་མས་ཐམས་ཅད་ཕུལ་ནས་སུ། །ཆོ་ག་བཞིན་དུ་སྔགས་སྦྱིན་བྱ། །དེ་ནས་སྙོམས་ཞུགས་བདེ་སྤྱོད་ཚེ། །གསང་སྔགས་སྦྱིན་པ་བདག་སེམས་བཏུད། །དཀྱིལ་འཁོར་
ཡང་དག་མཆོད་ནས་སུ། །སློབ་མ་ལ་ནི་འདི་སྐད་བརྗོད། །ཐམས་ཅད་ཀྱིས་ནི་ཅི་ནུས་པར། །དེ་བཞིན་གཤེགས་པ་ཀུན་མཆོད་ཅིག །ཅེས་སོ། །དེ་ནས་ཀྱང་མྱང་བ་དང་གཞིབ་པ་དང་བཏུང་བ་དང་བཟའ་བ་ལ་སོགས་པ་ཅི་འབྱོར་བས་ཚོགས་ཀྱི་ནང་དུ་སངས་རྒྱས་ཐམས་ཅད་མཆོད་ལ། སླར་ཡང་
རྡོ་རྗེའི་བརྟུལ་ཞུགས་བྱིན་ཏེ། དེ་དང་བཅས་པར་མཚན་ཐོག་ཐག་རོལ་པས་དགའ་བར་བྱ་ཞིང་། དཔལ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་གླུ་ལ་སོགས་པ་སྤྱོད་ཅིང་། སྔགས་བཟླས་པར་བྱའོ། །དེ་ནས་ཡི་གེ་གསུམ་གྱི་མཐར་མུཿབཟླས་ལ། གསང་བའི་དཀྱིལ་འཁོར་རང་གི་ལུས་ལ་བཅུག་
སྟེ། ཨོཾ་ཨ་ཀཱ་རོ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་རྡུལ་ཚོན་ཕྱགས་ལ། རྡུལ་ཚོན་ལ་སོགས་པ་རྒྱ་མཚོ་ཆེན་པོར་དོར་ནས། ཧཱུྃ་གིས་ཕུར་བུ་ཕྱུང་སྟེ། ཞི་བའི་སྦྱིན་སྲེག་བྱས་ལ། ཅི་བདེར་རྒྱུ་བར་བྱའོ། །རབ་གནས་ལ་སོགས་པ་ནི་རང་ཉིད་ཀྱིས་ཤེས་པར་བྱ་བའོ། །ས་གཟུང་བ་ཞེས་བྱ་བ་
Vol. 19 · folio 195a
ལ་སོགས་པ་ལ། གཞུང་གང་གིས་ས་གཟུང་བ་དང་། སྟ་གོན་ལ་གནས་པ་དང་། ཐིག་བྲི་བའི་ཆོ་ག་སྟོན་པར་བྱེད་པ་དེ་ནི་ས་གཟུང་བ་དང་། སྟ་གོན་ལ་གནས་པ་དང་། ཐིག་བྲི་བའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་དྲུག་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་
པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །།ད་ནི་ལེའུ་བཅུ་བདུན་པར་རྣམ་པར་བཤད་པའི་ཉེ་བར་བསྟན་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ། །ཁམས་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་དེ། ཕྱི་དང་ནང་ཞེས་བྱ་བ་
དང་སྦྱར་རོ། །ལྷག་མ་ཐམས་ཅད་ནི་སྒྲ་ཇི་བཞིན་པར་གཟུང་བར་བྱ་སྟེ། ལེའུ་བཅུ་བདུན་པ་ཉིད་དུ་བཤད་ཟིན་པས་འདིར་བདག་གིས་མ་ཕྱེའོ། །བཅུད་ཀྱིས་ལེན་གྱི་རྫས་ནི་སྡེ་ཚན་རྣམས་སོ། །དབང་དུ་བྱས་པ་ནི་དེ་གཙོ་བོར་བྱས་པའི་ཆོ་གའོ། །རིན་པར་ཕྱེ་བ་ནི་གཞུང་སྟེ་བཞི་བཅུ་རྩ་བདུན་པའོ། །རྒྱུད་
ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།སྦྱིན་སྲེག་གི་མེ་ཐབ་ཀྱི་ཚད་ལ་སོགས་པ་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ལེའུ་འདིའི་དོན་ནི་ལས་གང་གི་ཐབ་ཁུང་ཇི་ལྟ་བུ་ཡིན་པ་དང་
ཐབ་ཁུང་གི་ཚད་དང་། འདུག་སྟངས་དང་། ཡམ་ཤིང་ལ་སོགས་པའི་ཚད་བསྟན་པ་ཡིན་ཏེ་གོ་སླ་བས་རྣམ་པར་མ་ཕྱེའོ། །ལས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ལས་ཐམས་ཅད་ནི་ཞི་བ་ལ་སོགས་པའོ། །གསང་ཆེན་ནི་གསང་བའི་ཡུལ་དུ་གྱུར་པ་སྟེ་རྫས་རྣམས་སོ། །སྦྱིན་སྲེག་གི་ཆོ་
ག་ནི་ཐབ་ཁུང་ལ་སོགས་པའི་མཚན་ཉིད་དོ། །དེ་སྟོན་པར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་བརྒྱད་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།ད་ནི་བཅུད་ཀྱིས་ལེན་གྱི་རྗེས་སུ་བསྟན་པ་
བཤད་པར་བཞེད་ནས། སླར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སླར་ཡང་ཞེས་བྱ་བ་ནི་ལེའུ་བཅུ་བདུན་པ་དང་བཞི་བཅུ་རྩ་བདུན་པར་གང་གསུངས་པའི་བསྟན་པ་དང་ཉེ་བར་བསྟན་པ་གཉིས་ལ་ལྟོས་པའོ། །དེ་ནས་དེ་རྣམས་ཞེས་བྱ་བ་ནི་རྫས་རྣམས་ཀྱིའོ། །ཁམས་ཀྱི་རང་བཞིན་སྣ་ཚོགས་པ། །ཞེས་
Vol. 19 · folio 195b
བྱ་བ་ལ། ཁམས་ཀྱི་རང་བཞིན་ནི་རླན་ཅན་དང་། སྐམ་ལ་སོགས་པའི་སྐྱེ་གནས་སྣ་ཚོགས་ཀྱི་བྱེ་བྲག་གིས་སོ། །རྫས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་སྨན་རྣམས་ཏེ། སེམས་ཅན་རྣམས་ལ་ཕན་འདོགས་ཤིང་ཉེ་བར་འཇུག་པས་ན་རྫས་སོ། །ཆུང་ངུ་ལ་སོགས་ཞེས་བྱ་བ་ནི། སྐྱེས་པ་དང་བུད་མེད་ཀྱི་སེམས་
ཀྱི་དབྱེ་བའི་དབང་དུ་བྱས་པའོ། །ཡོན་ཏན་ལྡན་པའི་རྫས་མཚན་ཉིད། །ཅེས་བྱ་བ་ལ་རྫས་གང་ལ་མཚན་ཉིད་ཀྱི་ཡོན་ཏན་ཡོད་པའོ། །རྣམ་པ་བཞིར་དབྱེ་བར་བྱའོ་ཞེས་བྱ་བ་ནི། དབྱེ་བ་བཞིར་བྱས་ལ་སོ་སོར་རྫས་རྣམས་སྦྱར་བར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །རླུང་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །
ཤིང་དང་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། གསེར་ལ་སོགས་པ་ལས་བྱུང་བའི་ལྔ་བལྟ་བར་བྱའོ། །གྲུ་ནི་རྒྱ་མཚོ་སྒྲོལ་བའི་གྲུའོ། །ཀུན་གབ་ཅེས་བྱ་བས་ནི་འོ་བྱེད་པ་ལ་སོགས་པ་ཡང་གཟུང་བར་བྱའོ། །སྲོག་ཆགས་ནེའུ་ལེ་ལྟར་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །ཡང་ན་རྗེས་སུ་མི་མཐུན་པ་མེད་པ་
ཞེས་བྱ་བར་སྦྱར་ཏེ། གང་ལ་གང་གི་རྗེས་སུ་མཐུན་པའི་འཁྱུད་པའོ། །དེ་དག་གིས་ནི་བྱ་བ་རྣམ་པ་བརྒྱད་སྟོན་པ་ཡིན་ཏེ། དེ་ཡང་གསུངས་པ། ཀུན་དུ་འཁྱུད་དང་འོ་བྱེད་དང་། །སེན་མོས་འདྲི་དང་སོས་འདེབས་དང་། །ཡང་དག་འཇུག་དང་སིད་ཅེས་ཟེར། །སྐྱེས་པ་ལྟར་བྱེད་ཉེད་པ་སྟེ། །བརྒྱད་པོ་བརྒྱད་
ཅེས་དབྱེ་བ་ཡིས། །དྲུག་ཅུ་རྩ་བཞིར་གྱུར་པ་ཡིན། །ཞེས་སོ། །དེ་ལ་ཨ་ལིཾ་ཀ་ན་བརྒྱད་བཤད་པར་བྱ་སྟེ། དེ་ལ་ཕན་ཚུན་གདོང་བལྟས་ཏེ་འགྲོ་བ་ན། ལུས་ཀྱི་ཆ་ཙམ་རེག་པས་ནི་པྲེ་ཏ་ཀ་ཞེས་བྱ་བའི་ཨ་ལིཾ་ཀ་ན་སྟེ། དེ་ཡང་གསུངས་པ། གདོང་བལྟས་ཏེ་འགྲོ་བ་ན་དོག་ཅིང་འཛེར་བར་བྱེད་པ་དང་།
རྫས་གཞན་རྣམས་ལེན་པ་ལྟར་བྱེད་ཅིང་ལུས་ཀྱི་ཆ་ཙམ་རེག་པ་ནི་སྤྲེའུ་ཏ་ཀ་ཞེས་བྱའོ་ཞེས་སོ། །སྐྱེས་བུ་ཐང་ལ་འདུག་པའི་དུས་སུ། ནུ་མའི་རྩེ་མོ་ལུས་ལ་གཏོད་པར་བྱེད་ཅིང་རེག་པར་བྱེད་ལ་སྐྱེས་བུས་ཀྱང་ནུ་མ་བཟུང་བ་འདི་ནི་བྷི་དྷ་ཀ་ཞེས་བྱའོ། །དེ་ཡང་གསུངས་པ། གནས་དབེན་པར་སྐྱེས་བུ་འདུག་
ཀྱང་རུང་བ་ལ། འོ་མ་འཛིན་པ་རེག་པར་བྱེད་ཅིང་འབུགས་པ་ལྟར་བྱེད་པ་དང་། དེས་ཀྱང་དེ་བཟུང་བ་འདིའི་མིང་བྷི་དྷ་ཀཾ་ཞེས་པའོ། །ཕན་ཚུན་དུ་ལུས་རེག་ནས་ཀྱང་དྲུད་པ་འདི་ནི་ཨུ་པ་གྲིསྟ་ཀཾ་ཞེས་བྱའོ། །དེ་ཡང་གསུངས་པ། དེ་གཉིས་སྐྱེ་བོ་མང་པོ་འདུས་པའི་ནང་དུ་ཡང་རུང་དབེན་པར་ཡང་
Vol. 19 · folio 196a
རུང་སྟེ། ཕན་ཚུན་མཐུན་པའི་གཏམ་ཟེར་ཞིང་ཡུན་མི་རིང་བར་ལུས་རེག་ནས་ཅུང་ཟད་དྲུད་པ་འདིའི་མིང་ནི་ཨུ་པ་གྲི་སྟ་ཀཾ་ཞེས་བྱའོ་ཞེས་པའོ། །དེ་ཉིད་ཤིང་དང་རྩིག་པ་ལ་སོགས་པའི་དངོས་པོ་ལ་འཁྱུད་ཅིང་། སོ་འདེབས་པ་ལ་ནི་པི་ལྡི་ཏ་ཀ་ཞེས་བྱའོ། །དེ་ཡང་གསུངས་པ། དེ་ཉིད་ཀྱི་
རྩིག་པ་དང་། ཀ་བ་ལ་སོགས་པ་ལ་འཁྱུད་ཅིང་། ལག་པས་འཚིར་བ་དང་སོས་འདེབས་པ་འདིའི་མིང་ནི་བིལྡི་ཏ་ཀ་ཞེས་བྱའོ་ཞེས་པའོ། །ལ་ཏ་བི་ཏི་སྟ་ཀ་ཏ་ལ་སོགས་པ་བཞི་བཤད་པར་བྱ་སྟེ། དེ་ལ་ཤིང་ལ་ལྕུག་མ་ལྟར་ལག་པ་གཅིག་གིས་སྐྱེས་པ་ལ་ཀུན་དུ་འཁྱུད་ཅིང་ལག་པ་
གཅིག་གིས་འོ་བྱ་བའི་ཕྱིར་མགུལ་ནས་འགུགས་ཤིང་སིད་ཅེས་བྱ་བའི་སྒྲ་དང་བཅས་པ་ནི་ལ་ཏ་བེ་སྟི་ཀ་ཞེས་བྱའོ། །དེ་ཡང་གསུངས་པ། ཤིང་སཱ་ལ་ལྕུག་མ་འཁྲིལ་བ་ལྟར་འགྲིལ་ནས་གཙོ་བོའི་མགྲིན་པ་ཅུང་ཟད་བཀུག་པ་སྟེ། ཅུང་ཟད་སིད་ཀྱི་སྒྲ་འབྱིན་ཅིང་། འོ་བྱེད་པའི་འཛིན་པ་འདི་
ནི་ལ་ཏ་བེ་སྟི་ཀ་ཞེས་བྱའོ་ཞེས་པའོ། །རྐང་པ་གཅིག་གིས་སྐྱེས་བུའི་སྐང་པ་གཅིག་མནན་ནས། རྐང་པ་སྐྱེས་བུའི་བརླ་སྟེངས་སུ་བཞག་སྟེ། སིད་ཅེས་ཟེར་ཞིང་ལག་པ་གཅིག་སྔ་མ་ལྟར་རྒྱབ་ནས་དཀྲིས་ཏེ། གཉིས་པ་ཡང་སྔ་མ་ལྟར་བྱའོ། །ཞེས་བྱ་བའི་ཕྱིར་མགོ་བོ་ནས་ཀུན་དུ་འགུགས་པ་
ནི་ཤིང་ཐོག་ལེན་པ་དང་འདྲ་བར་བྲི་ཀྵ་ཨ་ཏི་རུ་ཏ་ཀ་ཞེས་བྱའོ། །དེ་ཡང་གསུངས་པ། རྐང་པ་གཅིག་གིས་གཅིག་གི་བོལ་མནན་ནས་གཅིག་བརླ་སྟེངས་སུ་བཙུགས་ཏེ་ལག་པས་འཁྱུད་ནས་ཡ་གཅིག་གིས་བཀུག་སྟེ། ཅུང་ཟད་དབུགས་གྲང་མོ་གཏོང་ཞིང་སིད་ཅེས་བྱ་བའི་སྒྲ་སྒྲོགས་པས་འོ་བྱེད་
པ་འདིའི་མིང་ནི་བྲིཀྵ་ཨ་ཏི་རུ་ཏ་ཀ་ཞེས་བྱའོ་ཞེས་པའོ། མལ་དུ་ཐང་ལ་སྦྱར་ནས་ཉལ་བ་ནི་ཏི་ལ་ཏན་ཏུ་ལ་ཞེས་བྱའོ། །དེ་ཡང་གསུངས་པ། མལ་དུ་ཉལ་ཏེ་ལྟོ་དང་བརླ་ལ་སོགས་པ་ལེགས་པར་སྦྱར་ཏེ། རྒྱབ་ནས་འཁྱུད་ནས་ལོངས་སྤྱོད་པ་འདིའི་མིང་ནི་ཏི་ལ་ཏན་ཏུ་ལ་ཞེས་བྱའོ་ཞེས་པའོ། །དེ་བཞིན་དུ་
ཉལ་བ་ན་གཅིག་གི་མདོམས་སུ་གཅིག་ཞུགས་ཏེ་མཐའ་སྦྱར་ནས་ཕན་ཚུན་ཆགས་པས་མྱོས་པ་ནི་ཁྲི་ར་ཛ་ལ་ཞེས་བྱའོ། །དེ་ཡང་གསུངས་པ། ཕན་ཚུན་ཆགས་པའི་མུན་པ་འཁྲུགས་ཤིང་མལ་དུ་ཞུགས་ནས་ཕན་ཚུན་གཅིག་ལ་གཅིག་མདོམས་སུ་ཞུགས་ནས། ཀུན་ནས་འཁྱུད་པ་
Vol. 19 · folio 196b
འདིའི་མིང་ནི་ཁྲི་ར་ཛ་ལ་ཞེས་བྱའོ་ཞེས་པའོ། །ཀུན་འགབ་ཀྱི་རྣམ་པར་དབྱེ་བ་གཞན་དག་ནི་གཞུང་མངས་ཀྱིས་དོགས་པའི་འཇིགས་པས་མ་བྲིས་ཏེ། གཞན་དུ་ན་ཀུན་དུ་འཁྱུད་པའི་བྱེ་བྲག་མ་ལུས་པ་ནི་སྐྱེས་བུ་རྣམས་ཀྱིས་ཀྱང་ཡུན་རིང་མོར་རྫོགས་པར་མི་ནུས་སོ། །གཉིས་པ་བསྟན་པའི་ཕྱིར། ཕུག་
རོན་ལྟར་འོ་བྱེད་ཅིང་མ་མཆུ་བཟུང་སྟེ་འཇིབ་པ་དང་སྐྲ་ནས་བཟུང་བ་དང་ཞེས་བྱ་བ་སྨོས་ཏེ་དེ་ལ་ཕུག་རོན་ལྟར་ཞེས་བྱ་བ་ནི། ཇི་ལྟར་ཕུག་རོན་འོ་བྱེད་པ་སྐད་ཅིག་སྐད་ཅིག་བྱེད་ཅིང་མགྲིན་པའི་ནང་དུ་ངུར་སྒྲས་བཀང་ནས་བྱེད་པ་ལྟར་འོ་བྱེད་པར་ཤེས་པར་བྱའོ། །མཆུ་བཟུང་སྟེ་འཇིབ་པ་ཞེས་བྱ་བ་ནི། མཆུ་བཟུང་བ་དང་
རྡོ་རྗེ་དང་པདྨའི་སྣ་རྩེ་ལ་སོགས་པ་འཇིབ་པ་དང་ཞེས་བྱ་བར་སྦྱར་བར་བྱའོ། །སྐྲ་ནས་བཟུང་བ་དང་ཞེས་བྱ་བ་ནི། སྐྲ་ནས་རྨུག་པར་བྱའོ། །གསུམ་པ་གསུངས་པ། སེན་མོས་འདེབས་ཤིང་བསྣུན་པ་དང་། །ཞེས་བྱ་བ་ནི་ཆགས་པ་སྤེལ་བའི་ཕྱིར། སེན་མོའི་རི་མོ་འབྲི་བ་སྟེ། དེ་ཡང་ཁྱད་པར་དུ་དང་པོར་ཕྲད་པ་
ལ་སོགས་པའི་དུས་སུ་བྱའོ། །དེ་ཡང་གསུངས་པ། ཆགས་པ་སྤེལ་བར་བྱ་བ་དང་། ཡིད་དགའ་བར་བྱ་བའི་ཕྱིར། དང་པོར་ཕྲད་པའི་དུས་དང་། མགྲོན་དུ་འགྲོ་བ་དང་། སླར་ལོག་པ་དང་། ཁྲོས་པ་དང་། དགའ་ཆེས་པ་དང་། བཟི་བ་རྣམས་ཀྱི་དུས་སུ་སེན་མོའི་རི་མོས་འདེབས་ཤིང་སྦྱོར་རོ་ཞེས་སོ། །
དེས་ནི་དགའ་བ་ལ་ཤུགས་དྲག་པར་གྱུར་ཏེ། བདག་གི་དབང་དུ་འགྱུར་བའོ། །དེ་བཞིན་དུ་སོ་འདེབས་པའི་འབྲས་བུ་ཡང་དེ་ཉིད་དོ། །དེ་ཡང་ཙུ་རི་ཏ་ཀ་ལ་སོགས་པ་རྣམ་པ་བརྒྱད་དུ་འགྱུར་ཏེ། ཙུ་རི་ཏ་ཀ་དང་། ཨརྡྷ་ཙནྡྲ་དང་། མན་དྷ་ལ་དང་། དཱི་ར་གྷ་རེ་ཁཱ་དང་། བྱ་ཀྲ་ན་ཁ་ཀང་དང་། མ་ཡུ་
ར་བ་ད་ཀ་དང་། ཤ་ཤ་པུ་ལུ་ཏ་དང་། ཨུཏྤལ་པ་ཏྲ་ཀང་ཞེས་བྱ་བ་རྣམས་སོ། །དེ་ལ་རྣ་རྩ་དང་། ནུ་མ་དང་། མཆུ་རྣམས་སུ་སོར་མོའི་ཟོན་ཡང་བར་བྱ་སྟེ། བ་སྤུ་ལྡང་བར་བྱ་བའི་ཕྱིར། བུ་མོ་གཞོན་ནུ་མ་རྣམས་ལ། སོར་མོ་ལྔ་ཆར་གྱི་སེན་མོའི་རི་མོ་འབྲས་ཀྱི་གཟེགས་མའི་རྗེས་ཙམ་དུ་
འདེབས་པའི་སྦྱོར་བ་འདི་ནི་ཙུ་རི་ཏ་ཀ་ཞེས་བྱའོ། །གང་དེའི་འོག་ཏུ་གཡའ་ཞིང་ཟ་བར་བྱེད་པ་དང་། འཆིང་བ་ལྷོད་པར་བྱ་བ་དང་། སེམས་གཡོས་པར་བྱ་བའི་ཕྱིར། དེའི་མགྲིན་པ་དང་། ནུ་མ་དང་། རྒྱབ་རྣམས་སུ་སེན་མོའི་རི་མོ་ཡོན་པོར་འབྲི་བ་འདི་ནི་ཨརྡྷ་ཙནྡྲ་ཞེས་བྱའོ། །དེ་ཉིད་
Vol. 19 · folio 197a
ཕན་ཚུན་ཐད་ཀར་སེན་མོས་བྲིས་པ་ནི་མ་དྷ་ལ་ཞེས་བྱའོ། །ལྟེ་བའི་རྩ་དང་དཔྱི་སྟེང་དང་ནམ་མཚང་གི་གནས་ཐམས་ཅད་དུ་སེན་མོའི་རི་མོ་རིང་པོར་བྲི་བ་འདི་ནི་དཱིར་གྷ་རེ་ཁཱ་ཞེས་བྱའོ། །དེ་ཉིད་ཡོན་པོར་བྲིས་པ་ནི་བྱ་ཀྲ་ན་ཁ་ཀང་ཞེས་བྱའོ། །ནུ་མ་དང་རྒྱབ་དང་། ཀོ་སྐོའི་འོག་ཏུ་སེན་མོའི་
རི་མོ་རྒྱ་གྲམ་དུ་བྲིས་པ་འདི་ནི་མ་ཡུ་ར་བ་ད་ཀ་ཞེས་བྱའོ། །སྦྱོར་བ་དེ་ཉིད་ལས་ནུ་མ་དང་ཀོ་སྐོ་རྣམས་ལ་སེན་མོའི་རི་མོ་ལྔ་རི་བོང་གིས་མཆོངས་པའི་རྗེས་ལྟར་བྲི་བ་འདི་ནི། ཤ་ཤ་བུ་ལུ་ཏ་ཀ་ཞེས་བྱའོ། །ནུ་མ་དང་རྒྱབ་དང་སྐེ་སོ་རྣམས་སུ་སེན་མོའི་རི་མོ་ཨུཏྤ་ལའི་འདབ་མའི་རྩེ་མོ་ལྟར་འབྲི་བ་འདི་ནི་
ཨུཏྤ་ལ་པ་ཏྲ་ཀང་ཞེས་བྱ་སྟེ། ནུ་མ་དང་རྒྱབ་དུ་སེན་མོའི་རི་མོ་གསུམ་ནམ་བཞི་ཚབས་ཆེར་བྲི་བ་འདི་ནི་དྲན་པ་བྱེད་པ་ཡིན་ནོ། །སེན་མོ་རྣམས་ཀྱི་རི་མོའི་ཁྱད་པར་གྱི་དགོས་པ་འདི་ཡིན་ཏེ། བུ་མོ་རྣམས་ཀྱི་ནུ་མ་ལ་གནས་པའི་རི་མོ་རྒྱང་རིང་པོ་ནས་མཐོང་ཡང་། སྐྱེས་བུ་གཞན་ཆགས་པར་འགྱུར་ལ།
སྐྱེས་པའི་ལུས་ལ་གནས་པའི་སེན་མོ་བཏབ་པ་དང་། སོས་བཏབ་པའི་རི་མོ་མཐོང་ན། སེམས་བརྟན་པའི་བུད་མེད་རྣམས་ཀྱང་ཆགས་པ་གཡོ་བར་འགྱུར་བ་ཡིན་ནོ། །བཞི་པ་བརྟན་པའི་ཕྱིར་སོ་འདེབས་ཤིང་དྲལ་བ་དང་ཞེས་བྱ་བ་སྨོས་ཏེ། དེ་ཡང་བྲལ་བ་ནི་ཉེ་བར་མཚོན་པ་སྟེ། མུ་ལ་
ཀ་ལ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་གཟུང་བར་བྱའོ། །དེ་ཡང་གསུངས་པ། མུ་ལ་ཀཾ་དང་། ཨུད་ཙུ་ན་ཀང་དང་། པྲ་པ་ལ་མ་ནི་དང་། མ་ནི་མ་ལ་དང་། བིནྡུ་དང་། བིནྡུ་མ་ལ་དང་། ཁནྡྷ་ཨ་པྲ་ཀ་དང་། བཱ་ར་ཧ་ཙ་ར་ཙི་ཏ་ཀ་ཞེས་བྱ་བའི་སོ་འདེབས་པ་རྣམས་བརྟག་པར་བྱའོ་ཞེས་པའོ། །
དེ་ལ་ཆགས་པ་ཙམ་གྱིས་ཤིན་ཏུ་དམར་བར་འདེབས་པ་འདི་ནི་མུ་ལ་ཀཾ་ཞེས་བྱའོ། །དེ་ཉིད་མཆུའི་དབུས་སུ་སོའི་རྗེས་ཡོད་པར་ཅུང་ཟད་བཙིར་ཏེ་འདེབས་པ་འདི་ནི་ཨུད་ཙུ་ན་ཀང་ཞེས་བྱའོ། །པྲ་བ་ལ་མ་ནི་ཞེས་བྱ་བ་ནི་མཆུ་དང་སོ་སྟེ། དེ་གཉིས་ཁ་སྦྱར་བའི་འགྲམ་པའི་ངོས་ལ་སོ་འདེབས་པ་འདི་ནི་
པྲ་བ་ལ་མ་ནི་ཞེས་བྱ་བར་གྲགས་སོ། །ཕྱོགས་དེ་ཉིད་དུ་སོའི་ཕྲེང་བ་གཉིས་ཀྱིས་ཅུང་ཟད་འདེབས་པ་འདི་ནི་མ་ནི་མ་ལ་ཞེས་བྱའོ། །མཆེ་བ་གཉིས་ཀྱི་རྗེས་ཙམ་ཡོད་པར་འདེབས་པ་འདི་ནི་བིནྡུ་ཞེས་བྱའོ། །སོ་ཐམས་ཅད་ཀྱི་རྗེས་ཡོད་པར་མགྲིན་པ་དང་། ནམ་མཚང་དང་། རྐེད་པ་ལ་
Vol. 19 · folio 197b
སོགས་པ་འོག་ནས་བཤད་པའི་གནས་རྣམས་དང་། དཔྲལ་བའི་སྟེང་དུ་འདེབས་པ་འདི་ནི་བིནྡུ་མ་ལ་ཞེས་བྱའོ། །ནུ་མ་དང་རྒྱབ་རྣམས་སུ་སྤྲིན་གྱི་དཀྱིལ་འཁོར་གྱི་དབྱིབས་ལྟར་སོས་འཆོལ་བར་འདེབས་པ་འདི་ནི་ཁནྡྷ་ཨ་པྲ་ཀ་ཞེས་བྱའོ། །མཆན་ཁུང་དག་ཏུ་སེན་མོས་བཏབ་པའི་རྗེས་ལ་
སོས་རིང་དུ་འདེབས་པ་འདི་ནི། བཱ་ར་ཧ་ཙར་ཙི་ཏ་ཀ་ཞེས་བྱའོ། །སོ་དང་སེན་མོ་གདབ་པའི་ཕལ་ཆེར་གྱི་གནས་གསུངས་པ། མཆན་ཁུང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །སིད་ཅེས་བྱ་བའི་སྒྲ་དང་བཅས་པར་ཞེས་བྱ་བ་ནི་སྒྲའི་ཁྱད་པར་བརྒྱད་དེ་འོག་ནས་བཤད་པར་བྱའོ། །ཡང་ན་
བྱ་བ་ཕལ་ཆེར་ལ་སྔོན་དུ་སིད་ཅེས་བྱ་བའི་སྒྲ་འབའ་ཞིག་གི་སྒྲར་སྦྱར་བར་བྱའོ། །གཞན་ཡང་ནུ་མ་མཉེ་བ་ཞེས་བྱ་བ་ལ་སོགས་པ་ནི་པ་རི་སྟ་ཀ་ཞེས་བྱ་སྟེ། དེ་ཡང་འོག་ནས་བཤད་པར་བྱའོ། །དེའི་སེམས་རྣམ་པར་འདུལ་བའི་བྱ་བ་ཞེས་བྱ་བ་ནི། གང་ཞིག་གང་གིས་དགའ་བར་འགྱུར་བའི་བྱ་
བའོ། །སོ་སོར་བྱེད་པའི་ཚུལ་རྣམ་པ་བརྒྱད་ཅེས་བྱ་བ་ལ། བྱེད་པའི་ཚུལ་རྣམས་རེ་རེ་ཞིང་ཡང་སོ་སོར་བརྒྱད་བརྒྱད་དུ་ཡང་དབྱེ་བར་བྱའོ། །དེ་ཡང་གསུངས་པ། ཀུན་དུ་འཁྱུད་དང་འོ་བྱེད་དང་། །སེན་མོས་འདྲི་དང་སོ་འདེབས་དང་། །ཡང་དག་འཇུག་དང་སིད་ཅེས་ཟེར། །སྐྱེས་པ་ལྟར་བྱེད་ཉེད་པ་
སྟེ། །བརྒྱད་པོ་བརྒྱད་བརྒྱད་དབྱེ་བ་ཡིས། །དྲུག་ཅུ་རྩ་བཞིར་གྱུར་པ་ཡིན། །ཞེས་བྱ་བ་གང་ཡིན་པ་སྟེ། འདིར་གཞུང་མངས་ཀྱིས་དོགས་ནས་ཚར་གཅིག་ཏུ་མ་བྲིས་མོད་ཀྱི། དོན་གྱིས་ནི་ཤེས་པར་བྱའོ། །དེ་ལ་སེན་མོ་དང་སོའི་གནས་ནི་ཡ་མཆུ་མིག་མ་གཏོགས་པར་ཇི་སྙེད་སེན་མོས་གདབ་པའི་
གནས་ཐམས་ཅད་སོས་གདབ་པའི་གནས་ཡང་ཡིན་ཏེ། དེ་ཡང་གསུངས་པ། ཡ་མཆུ་མིག་གཉིས་མ་གཏོགས་པར། །སོ་དང་སེན་མོས་བསྐུར་བར་བྱ། །ཞེས་པའོ། །དེས་ན་འདིར་མཆན་ཁུང་ལ་སོགས་པ་སྨོས་པ་ནི། ཇི་སྲིད་དུ་ལྟོས་པ་དང་བཅས་པའི་དབང་དུ་བྱས་པ་ཡིན་ཏེ། གཞན་དུ་ན་
ཐོག་མ་དང་ཐ་མ་མེད་པ་ཡིན་ནོ། །དེ་ཡང་གསུངས་པ། འོ་བྱ་བ་དང་སོ་དང་སེན་མོས་གདབ་ཅིང་དྲལ་བའི་གནས་སྔར་སྨོས་པ་རྣམས་ནི། ལྟོས་པ་དང་བཅས་པ་རྣམས་ལ་གཙོ་བོར་བསྟན་པ་ཡིན་གྱི། གཞན་དུ་ན་ཆགས་པའི་འཁོར་ལོར་ཞུགས་ཤིང་ལྟོས་པ་མེད་པ་རྣམས་ལ་ནི། བསྣུན་པ་དང་
Vol. 19 · folio 198a
སིད་ཅེས་བྱ་བའི་སྒྲ་སྒྲོགས་པ་དང་། སོ་དང་སེན་མོ་ལ་སོགས་པའི་གནས་ཀྱི་ཐོག་མ་དང་ཐ་མ་ཡོད་པ་མ་ཡིན་ནོ་ཞེས་པད་ས་ཡ་ན་ལས་གང་འབྱུང་བ་བཞིན། དེ་ལྟར་ན་སེམས་རྣམ་པར་འདུལ་བའི་བྱ་བ་བྱེད་པའི་ཚུལ་རྣམ་པ་བརྒྱད་པོ་དག་ཀྱང་ཕལ་ཆེར་ནི་ཐ་མལ་པའི་ཡུལ་ཆོས་བཞིན་དུ་
སྦྱར་བར་བྱ་སྟེ། འདིར་གཞུང་མངས་ཀྱིས་དོགས་ནས་མ་བྲིས་སོ། །ལྷག་མ་ནི་འོག་ནས་བཤད་པར་བྱའོ། །སེན་མོས་འདེབས་པ་དེ་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཡང་ཞེས་བྱ་བ་ནི་འོ་བྱ་བ་དང་བཅས་པ་རྣམ་པ་བརྒྱད་བསྡུ་བའོ། །འཇམ་ཞེས་བྱ་བ་ནི་གཅུ་ཞིང་མཉེན་པར་གདབ་པའོ། །ལྕགས་
ཀྱུའི་ཚུལ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ཞགས་པ་དང་འདྲ་བར་ཡང་བལྟའོ། །བྷ་གའི་སྟེང་དང་ཞེས་བྱ་བ་ནི་བྱ་བ་དེ་དག་ལ་བྷ་གའི་དཀྱིལ་འཁོར་གྱི་ནང་དུ་རྩ་ལྔ་དང་འབྱུང་བ་ལྔས་བརྒྱན་པའི་མཚན་ཉིད་ལ་མིག་མི་འགྱུར་བར་བལྟ་བའོ། །ལྷག་མ་ནི་གོ་སླའོ། །གང་ཞིག་ཆགས་པ་སྲ་བ་རྣམས་ལ་ནི་ཞེས་བྱ་བ་
ལ་སོགས་པ་ལ། སྦྲུལ་གྱི་མགོ་བོ་ལྟ་བུའི་སོར་མོ་གསུམ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ཡིད་ལ་སེམས་པའི་འཁྲུལ་འཁོར་ཞེས་བྱ་བ་སྔར་སྨོས་པས། གསེར་ལ་སོགས་པ་ལས་བརྡུངས་པའི་རྡོ་རྗེས་ཀྱང་བསྒྲུབ་པར་བྱའོ། །དེ་དག་ཀྱང་ཆགས་པའི་བསྟན་བཅོས་ལས་བསྔགས་པའི་ཀ་
ར་ན་བནྡྷའི་བྱེ་བྲག་གིས་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར་དོ་ལ་དང་ཀུར་པ་ན་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་སྙེད་བསྟན་བཅོས་ཐམས་ཅད་ལས་བྱུང་བ་ཞེས་བྱ་བ་ནི། ཆགས་པའི་བསྟན་བཅོས་ལས་འབྱུང་བའི་ཀ་ར་ན་བནྡ་ཐམས་ཅད་དོ། །དེ་དག་ཀུན་ཀྱང་རྡོ་རྗེ་སེམས་དཔའི་ཕྱག་
རྒྱར་བརྗོད་དོ་ཞེས་བྱ་བ་ནི་ཀ་ར་ན་བནྡྷ་ཐམས་ཅད་རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གསུངས་པ། མཆོག་ཏུ་ཕྱེ་དང་བདལ་བ་དང་། །དབང་པོ་ཞེས་བྱ་རྣམ་གསུམ་མཉེན། །ཞེས་བྱའོ། །དེ་ལ་མཉན་ཞེས་བྱ་བ་ནི། ཡན་ལག་མཉེན་པ་སྟེ། དེ་ལ་རབ་ཏུ་སྦྱོར་
བ་གསུམ་པོ་དེ་དག་ཀྱང་བྱའོ། །དེ་ལས་བུ་མོའི་བྱིན་པ་སྐྱེས་བུའི་མཚོག་མར་བཞག་སྟེ། སྟེང་དུ་ཕུལ་བ་འདི་ནི་མཆོག་ཏུ་ཕྱེ་བ་ཞེས་བྱ་བའོ། །བྱིན་པ་དེ་ཉིད་ཤོད་དུ་ཕབ་སྟེ་བུ་མོ་རང་གི་རྗེ་ངར་གྱི་ནམ་མཚང་ནས་ཡར་བརྒྱང་སྟེ། སྐྱེས་བུས་སྟེང་ནས་མནན་པ་འདི་ནི་རྣམ་པར་བདལ་བ་ཞེས་བྱའོ། །བུ་མོའི་
Vol. 19 · folio 198b
པུས་མོ་ལེགས་པར་བསྐུམ་སྟེ། བརླ་དང་དཀུར་སྦྱར་ནས་སྐྱེས་པས་ཡུན་རིང་དུ་མནན་པ་འདི་ནི་དབང་མོ་ཞེས་བྱ་སྟེ། དེ་དག་ནི་གཉུག་མ་མ་ཡིན་པ་དང་། མཆོག་ཏུ་གོམས་པས་གཟུང་བར་བྱའོ། །ཁ་སྦྱོར་ལ་སོགས་པ་གསུམ་པོ་འདི་དག་ནི། ཆགས་པའི་རོལ་པ་གཉུག་མ་ཉིད་དེ། །གང་ཞེ་ན། ཁ་
སྦྱོར་དང་། འཚིར་བ་དང་། རྒོད་མ་ཅན་ཞེས་བྱ་བ་སྟེ་ཡན་ལག་རྐྱོང་བ་དང་ཡང་སྦྱར་བར་བྱའོ། །དེ་ལས་གཉི་གའི་རྐང་པ་གཤིབས་ནས་བརྐྱང་སྟེ་སྦྱར་བ་འདི་ནི་ཁ་སྦྱོར་ཞེས་བྱ་སྟེ། །དེ་ཡང་བརླ་འོག་ཏུ་གནས་པ་དང་གློར་གནས་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །ཁ་སྦྱོར་གྱི་བྱ་བ་དེ་ཉིད་ལས་ཐམས་ཅད་དུ་
བུད་མེད་གཡས་སུ་བཞག་སྟེ། བརླ་ཅུང་ཟད་ཕྱེ་ནས་བཅུག་སྟེ། མནན་པ་འདི་ནི་བཙིར་བ་ཞེས་བྱའོ། །སྦྱོར་བ་དེ་ཉིད་ལས་ཡན་ལག་ཀུན་ནས་འཁྱུད་དེ་ཕན་ཚུན་ཀུ་ཅོ་དང་ག་ཞའི་སྒྲ་རྩོད་པའི་ཚིག་སྨྲ་བ་དང་ལྡན་པ་འདི་ནི་རྒོད་མ་ཅན་ཞེས་བྱའོ། །སྦྱོར་བ་དེ་དག་ལ་བསྡུ་ཞིང་མཉེ་བའི་བྱ་བ་དང་སྦྱར་
བ་ནི་དབུགས་གྲང་མོ་གཏོང་ཞིང་ཆགས་པ་དང་ལྡན་པས་རྒྱབ་དང་ནུ་མ་དང་བརླ་དང་བྱིན་པ་ལ་སོགས་པ་རྣམས་སུ་ལག་པ་ཕྱིན་ཕྱོགས་སུ་གྲུ་མོ་གཟུགས་པ་དང་། ཁུ་ཚུར་དང་ཐལ་མོ་དང་སྐྱོར་མོའི་བྱེ་བྲག་གིས་རྣམ་པ་བཞིར་ཤེས་པར་བྱའོ། །དེ་ཉིད་ཀྱང་རྣམ་པ་བརྒྱད་དུ་དབྱེ་བར་བྱའོ། །ད་ནི་སིད་ཅེས་
བྱ་བ་རྣམ་པ་བརྒྱད་བཤད་པར་བྱ་སྟེ། རུ་ཏི་དང་ཞེས་བྱ་བ་དང་། ཕུ་ཏི་ཀྲ་ཏ་ཞེས་བྱ་བ་དང་། དུད་ཀྲི་ཏ་ཞེས་བྱ་བ་དང་། སྭ་སི་ཏ་ཞེས་བྱ་བ་དང་། ཨ་བརྟ་ཞེས་བྱ་བ་དང་། བ་ན་ཨ་བྷ་ཞེས་བྱ་བ་དང་། མོཀྵ་ཨརྦ་ཞེས་བྱ་བ་དང་ཨ་ལ་མ་ཨར་ཞེས་བྱ་བ་དང་། དེ་དག་ཀྱང་ཕུག་རོན་དང་། ཁུ་བྱུག་
དང་། ཧ་རི་ཏ་དང་། ངང་ནག་དང་། བུད་པ་དང་། ངང་སྐྱ་དང་། ཐི་བྱ་དང་། ལ་བ་ཀ་སྟེ། སྲོག་ཆགས་དེ་རྣམས་ཀྱི་སྐད་དང་རིམ་བཞིན་དུ་སྦྱར་ཏེ། དེ་ཡང་ཁོང་ན་གནས་པའི་སྒྲ་ལྐུགས་པ་དང་། ཁར་གསལ་པོར་བྱུང་བའི་སྐད་གཉིས་སུ་བསྡུ་བར་བྱའོ། །དེ་ལྟར་སྐྱེས་པས་སིད་ཀྱི་སྒྲ་
བསྒྲགས་པ་དང་། རྒྱབ་ཏུ་ཁུ་ཚུར་བསྣུན་པ་ལ་སོགས་པའི་བྱ་བ་དག་ལ་ཆགས་པ་དང་ལྡན་ཞིང་བསྟན་བཅོས་ལ་བྱང་བའི་བུ་མོས་སླར་བསྣུན་པ་ལ་སོགས་པ་ནི་ལན་ཏེ། དེ་དག་བྱས་ནས་ཡང་དག་པར་གཞུག་པའི་བྱེ་བྲག་རྣམ་པ་བརྒྱད་ཀྱིས་བསྒྲུབ་པར་བྱའོ། །དེ་ཡང་ཆགས་པ་སྲ་བ་
Vol. 19 · folio 199a
རྣམས་ནི་དང་པོ་འཁྲུལ་འཁོར་གྱིས་བསྒྲུབ་པར་བྱའོ། །དེ་དག་ཀྱང་གང་ཞེ་ན། ཨ་པ་སྲེ་ཏ་ཀང་དང་། མན་ཏ་ནང་དང་། ཧུ་ལ་དང་། ཨ་བ་མརྟ་ན་དང་། པི་ལི་ཏ་ཀང་དང་། ནི་ར་ཁ་ཏ་དང་། བཱ་ར་ཧ་ག་དང་། བྲེ་ཤ་ག་ཏ་དང་། ཙ་ཏ་ཀ་བི་ལ་སི་ཏ་ཞེས་བྱ་བ་སྟེ་ཁ་སྦྱོར་གྱི་ཁྱད་པར་ཡིན་ནོ། །དེ་
ལ་ཕན་ཚུན་ལྟོ་སྤྲད་ནས་པདྨོར་རྡོ་རྗེ་ཡོན་པོར་བཅུག་ཅིང་བསེགས་ལ་བྲུད་པ་འདི་ནི་ཨུ་པ་སྲེ་ཏ་ཀ་ཞེས་བྱའོ། །ལག་པས་ལིང་གའི་རྩ་བ་བཟུང་སྟེ། ཕྱོགས་ཀུན་དུ་བསྐོར་བ་འདི་མན་ཏ་ནང་ཞེས་བྱའོ། བུ་མོ་རྐང་པ་བརྐྱང་སྟེ་གན་རྐྱལ་དུ་ཉལ་བ་ལ་སྐྱེས་པས་སྟེང་དུ་ཕུར་ཐབས་སུ་གཟུགས་
པ་འདི་ནི་ཧུ་ལ་ཞེས་བྱའོ། །དེ་ཉིད་ལས་བཟློག་སྟེ་དགའ་བ་དང་བཅས་པས་བསྐྱོད་པ་འདི་ནི་ཨ་བ་མ་རྟ་ན་ཞེས་བྱའོ། །ལིང་ག་བཅུག་ནས་ཡུན་རིང་དུ་བསྡམས་ཏེ་གནས་པ་འདི་ནི་བི་ལི་ཏ་ཀང་ཞེས་བྱའོ། །ལིང་ག་རིང་དུ་ཕྱིར་ཕྱུང་སྟེ་དྲག་ཤུལ་དུ་འཇུག་ཅིང་བརྡེབས་པ་འདི་ནི་ནིར་ཁ་ཏ་ཞེས་
བྱའོ། །དེ་ཉིད་ལས་གཉི་ཀས་བརྡེབས་པ་འདི་ནི་བྲེ་ཤ་ག་ཏ་ཞེས་བྱའོ། །གྱེན་དུ་འགྱེན་ཞིང་དལ་བུས་འཇུག་ཅིང་བརྡེབས་པ་འདི་ནི་བཱ་ར་ཧ་ག་ཏ་ཞེས་བྱའོ། །ལན་གཅིག་བཅུག་ནས་དེ་མ་ཐག་ཏུ་ལན་གསུམ་མམ་བཞིར་བརྡབས་ནས་ལན་གསུམ་མམ་བཞིར་འབྱུང་འཇུག་བྱེད་པ་འདི་ནི། ཙ་ཏ་ཀ་བི་
ལ་སི་ཏ་ཞེས་བྱ་སྟེ། དེ་དག་ནི་ཆགས་པའི་གནས་ལ་ཀ་ར་ན་སཾ་པུ་ཏ་ཞེས་བྱའོ། །སྐྱེས་པ་ལྟར་བྱེད་པ་ཞེས་བྱ་བ་ནི་སྐྱེས་བུ་ཉམ་ཆུང་ཞིང་མི་ནུས་པ་དང་། བུད་མེད་ཤིན་ཏུ་ཆགས་པ་ཆེ་བ་རྣམས་ཀྱིས་སྐྱེས་བུའི་བྱ་བ་བྱེད་པ་སྟེ། དེ་ཡང་རྣམ་པ་བརྒྱད་དུ་ཆགས་པའི་བསྟན་བཅོས་ལས་གསུངས་
པས་དེར་ཤེས་པར་བྱའོ། །དེའི་ནང་ནས་སན་ད་ཤ་ཞེས་བྱ་བ་དང་། བྲ་མ་ར་ཀ་ཞེས་བྱ་བ་དང་། བྲེང་ཁ་ལི་ཏ་ཀ་ཞེས་བྱ་བ་གསུམ་ནི་གཙོ་བོ་ཡིན་ཏེ། དེ་ལ་རྒོད་མ་ཅན་གྱི་ཚུལ་དུ་བཟུང་སྟེ་ཡུན་རིང་དུ་སྡུད་པ་དང་། འཚིར་བ་འདི་ནི་སན་ད་ཤ་ཞེས་བྱའོ། །འཁྲུལ་འཁོར་དང་བཅས་པས་འཁོར་ལོ་ལྟར་
ཀུན་དུ་བསྐོར་བ་འདི་ནི་བྲ་མར་ཀ་ཞེས་བྱའོ། །དེ་ཉིད་ལས་བྱིན་པ་ཕན་ཚུན་དུ་བསྣོལ་ཏེ་ཀུན་དུ་བསྐོར་བ་འདི་ནི་བྲེད་ཁ་ལི་ཏ་ཞེས་བྱའོ། །དེ་ལྟར་སྤྱད་པས་གལ་ཏེ་སྐྱེས་བུ་ངལ་བར་གྱུར་ན། འཕྲལ་བར་འཕྲལ་བ་གཏད་དེ་ངལ་བསོ་ནས་སླར་ཡང་དེ་ལྟར་འཇུག་པར་བྱ་བ་དང་། དེའི་འོག་ཏུ་བུ་མོས་གོ་བཟློག་
Vol. 19 · folio 199b
སྐྱེས་བུའི་བྱ་བ་བྱས་པས་སྐྱེས་བུ་འགེབས་པའི་ཕྱིར་དང་། སྐྱེས་བུའི་སྟེང་དུ་སྤྱོད་པའི་ཕྱིར་ཕུ་རུ་ཤའི་ཏོ་ཞེས་བྱའོ། །དེ་དག་ཀྱང་བུད་མེད་སྲ་བ་དང་འཛེག་པའི་བྱེ་བྲག་གི་མཚན་ཉིད་དང་པོར་ཤེས་པར་བྱས་ལ། ཅི་རིགས་པར་སྤྱད་པར་བྱའོ། །བྱ་བ་དེ་དག་སྤང་བ་ནི་བུད་མེད་སེམས་ཁྲལ་ཆེ་བ་དང་། བུ་
བཙས་པ་དང་སྦྲུམ་མ་དང་བྱ་བ་མང་བ་དང་། ཤིན་ཏུ་གཞོན་ཞིང་རྒན་པ་རྣམས་ལ་སྤང་བར་བྱའོ། །རྒྱས་པར་ནི་དགའ་བའི་བསྟན་བཅོས་ལས་ཤེས་པར་བྱའོ། །དགའ་བའི་འཁོར་ལོར་ཞུགས་པ་ཞེས་བྱ་བ་ལ་སོགས་པ་ལ། ཆགས་པའི་སྡེའམ་ཆགས་པའི་ཚོགས་ཀྱི་ནང་དུ་ཞུགས་པ་ནི་དགའ་
བའི་འཁོར་ལོར་ཞུགས་པ་སྟེ། ཆགས་པས་ཤིན་ཏུ་མྱོས་པར་གྱུར་པ་རྣམས་ལ་རྣལ་འབྱོར་མའི་བསྟན་བཅོས་ལས་བསྒྲགས་པའི་འོ་བྱ་བའི་རིམ་པ་རྣམས་ངེས་པ་ག་ལ་ཡོད། དེ་ཉིད་ཀྱི་ཕྱིར་གསུངས་པ། དགའ་བའི་འཁོར་ལོར་ཞུགས་པ་ལ། །གནས་སོགས་ངེས་པ་ཡོད་མ་ཡིན། །ཞེས་སོ། །ལྷག་མ་
ནི་སྔར་བཤད་ཟིན་ཏོ། །རྫུ་འཕྲུལ་ལྡན་པའི་ཆ་ཞེས་བྱ་བ་ལ་སོགས་པ་ལ་ཆ་ནི་ཆ་ཤས་ཏེ། སྐྱོན་གྱི་ཚོགས་ཡིན་ལ་ཞེས་བྱ་བ་ནི། སྨན་ལ་སོགས་པའི་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །དཔྲལ་བ་ཞེས་བྱ་བ་ནི་ཆུའི་འཁྲུལ་འཁོར་ལ་སོགས་པའི་བྱ་བ་དཔྲལ་བ་སྟེ། སྔར་བསྟན་པའི་འཇིམ་པ་ལས་
བྱས་པའི་སྨྱུག་མའི་སྦུ་གུ་ལྟ་བུ་ལ་སོགས་པའི་འཁྲུལ་འཁོར་གྱི་ནང་དུ་བཞག་ཅིང་གཡས་གཡོན་ཆུས་དགང་བ་ལ་སོགས་པ་བྱ་བའི་ཁྱད་པར་རྣམས་ཀྱིས་སོ། །སྔར་རྡུལ་ཆུ་བཅིང་བའི་སྐབས་སུ་གླང་ཆེན་མགོའི་བཅུད་ཅེས་བྱ་བ་ལ་སོགས་པ་གང་གསུངས་པ། དེ་ནི་གླང་པོ་ཆེའི་སྣའི་རྣམ་
པ་ལྟ་བུའི་སྨན་གྱི་ཁུ་བ་སྟེ། སེང་གེར་བཙོ་བ་ཞེས་བྱ་བ་དང་སྦྱར་རོ། །རྔུལ་ཆུ་བཞི་ཞེས་བྱ་བ་ནི་གྲུབ་པའི་རྔུལ་ཆུའི་དབྱེ་བ་རྣམ་པ་བཞི་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །སྔོན་བཞིན་ཞེས་བྱ་བ་ནི་གནས་སྐབས་སྔ་མ་བཞིན་ནོ། །རྡོ་དང་བཅས་ཞེས་བྱ་བ་ནི་དོར་བར་བྱའོ་ཞེས་པའི་དོན་ཏོ་རྡོ་དང་
འདྲེས་པ་དང་རྡོ་དང་སའི་བར་དུ་འདུག་པའོ། །སྐྱོན་ཞེས་བྱ་བ་ནི་སྔ་མ་བཞིན་དུ་འགྱུར་ཞེས་བྱ་བའམ་ཡང་ན་དམན་ཞིང་སྤང་བར་བྱ་བ་ཞེས་བྱ་བའི་དོན་ཏོ། །སེར་སྐྱ་ཞེས་བྱ་བ་ནི་ཁ་དོག་སྟེ། སྐྱོན་ཞེས་བྱ་བ་དང་སྦྱར་རོ། །མུ་ཏིག་གི་ཡང་སེར་སྐྱ་སྟེ། སྙིང་པོ་མེད་པ་ཞེས་བྱ་བ་ནི་དོར་བར་བྱའོ་
Vol. 19 · folio 200a
ཞེས་བྱ་བའི་དོན་ཏོ། །སྣུམ་བག་མེད་པ་ཞེས་བྱ་བ་ནི་སྐྱ་ཞིང་སོབ་པའོ། །གསེར་རྡོ་ཞེས་བྱ་བ་ནི་བཅག་ན་སེར་པོ་ཕྱེ་ཕྱེ་པོར་འགྱུར་བའོ། །གསེར་མེད་པའོ་ཞེས་བྱ་བ་ནི་སྣུམ་བག་མེད་ཅིང་འཚེར་བག་མེད་པའོ། །ཕུག་པ་ཞེས་བྱ་བ་ནི་རང་བཞིན་གྱིས་གྲུབ་པ་དང་། དབུ་བ་འདྲ་
བ་དང་བུ་ག་སེད་སེད་པོ་ཡོད་པའོ། །བཅོས་མའི་ལྷད་དོ་ཞེས་བྱ་བ་ནི་རྡུལ་ལ་སོགས་པའི་ལྷད་དོ། །འགས་པ་དང་སྲ་བ་ཞེས་བྱ་བ་ནི་གྱོང་བ་དང་ཚེལ་ཚེལ་པོར་འདུག་པའོ། །སྦྲུལ་ལྟར་རིང་བ་ཞེས་བྱ་བ་ནི། སྦྲུལ་ལྟ་བུའི་རི་མོ་ཡོད་པའོ། །སྐྱ་བོ་ཞེས་བྱ་བ་ནི་ཧ་ཅང་དཀར་ཆེས་པ་དང་། ཧ་ཅང་སེར་བ་
དང་འོད་མེད་པའོ། །སྐྱོན་དེ་དག་ཐམས་ཅད་ཀྱིས་ཀྱང་སྔ་མ་བཞིན་ནོ་ཞེས་བྱ་བ་ནི། རྔུལ་ཆུ་གཟག་པ་ལ་སོགས་པ་ལ། སྔ་མ་ཁོ་ན་བཞིན་དུ་ཉེས་པ་དང་བཅས་པར་འགྱུར་རོ། །ཆོ་ག་ཞེས་བྱ་བ་ནི་གཟག་པ་ལ་སོགས་པ་སྟེ། བཟང་བར་འགྱུར་རོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །འོ་ཞེས་བྱ་བ་ནི་རིན་པོ་
ཆེ་བརྟག་པའི་ཆོ་ག་ཡོངས་སུ་རྫོགས་པའོ། །སྲོག་ཆགས་ཞེས་བྱ་བ་ནི་ས་ལི་ཛ་ལ་སོགས་པའོ། །རྩ་བ་ཞེས་བྱ་བ་ནི་འབའ་ལ་ཀ་ལ་སོགས་པའོ། །སོ་སྟའི་འདབ་མའི་ཡང་སེར་སྐྱའོ་ཞེས་བྱ་བ་ནི་བསྟན་པ་སྟེ། དེ་ཉིད་ཀྱི་བཤད་པ་ནི་ཁ་ད་སེའི་རླིག་པ་ཞེས་བྱ་བ་འདི་ཡིན་ཏེ། ས་ལི་ཛ་ཞེས་བྱ་བ་
ཡིན་ནོ། །འདབ་མ་ཞེས་བྱ་བ་ནི་པགས་པའོ། །སེན་མོ་ཞེས་བྱ་བ་ནི་ཆུ་སྲིན་སྡེར་མོའོ། །ཕག་པའི་རྣ་བ་ལྟ་བུ་ཞེས་བྱ་བ་ནི། དབྱིབས་ཕག་པའི་རྣ་བ་ལྟ་བུའོ། །ཉ་དང་ཐལ་སྨན་ལ་སོགས་པའི་དྲི་ལྟ་བུ་དང་ཞེས་བྱ་བ་ནི་ཉའི་དྲི་དང་ཐལ་བའི་དྲི་བྲོ་བའོ། །མེས་བསྲེགས་ན་མྱུར་དུ་ཐལ་བར་གྱུར་པ་ཞེས་བྱ་
བ་ནི། མེས་རེག་ན་མྱུར་དུ་ཚིག་པ་སྟེ། ཐལ་བར་ལྷོགས་པའོ། །རི་དགས་ཀྱི་སྐྱོན་ཆེན་པོ་ཞེས་བྱ་བ་ལ། རི་དགས་ནི་གླ་བའོ། །དེའི་སྐྱོན་དེ་ཉེས་པའོ། །ལས་ཐམས་ཅད་ལ་སྤང་བར་བྱའོ་ཞེས་བྱ་བ་ནི། ལས་སོ་ཅོག་ལ་ཕན་མི་འདོགས་སོ་ཞེས་བྱ་བའི་བར་དུའོ། །མདོག་མེད་པ་ཞེས་
བྱ་བ་ནི་མདོག་སྣ་ཚོགས་པའོ། །རྒྱ་མཚོའི་དབུ་པ་ལྟ་བུ་ཞེས་བྱ་བ་ནི་སྐྱ་ཞིང་སོབ་པའོ། །ཉེས་པ་གསུམ་ཞེས་བྱ་བ་ནི་རླུང་དང་མཁྲིས་པ་དང་བད་ཀན་ནོ། །ཆུའི་སྟེང་ན་འཕྱོ་བ་ཞེས་བྱ་བ་ནི་ཆུར་བཞག་ན་གཏིང་དུ་མི་འབྱིང་བའོ། །པྲི་ཡང་ཀུའི་ནི་ལྗང་གུ་སྟེ་འགལ་ལོ་ཞེས་བྱ་བ་ལ། ལྗང་གུ་ནི་
Vol. 19 · folio 200b
ལྗང་སེར་རོ། །འགལ་བ་ནི་ཕན་མི་འདོགས་པའོ། །གུར་ཀུམ་གྱི་ཞེས་བྱ་བ་ལ་སོགས་པ་ལ། བློ་དང་ལྡན་པས་ཞེས་བྱ་བ་ནི་ཤེས་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །ཅི་ཞིག་ཅེ་ན། ཕྲ་བ་དང་ཞེས་བྱ་བ་སྟེ་གོ་སླའོ། །རླན་ལས་སྐྱེས་པ་ཞེས་བྱ་བ་ནི། འདམ་ལ་སོགས་པ་ལས་སྐྱེས་པའོ། །ལྗང་གུ་ནི་
ལྗང་ནག་གོ། །རྩ་བ་མེད་པ་ནི་རྩ་བའི་རྡོག་པོ་མེད་པའོ། །ཕྲ་བ་ཞེས་བྱ་བ་ལ་རྩ་བ་ཤིན་ཏུ་ཕྲ་བ་སྟེ། སྤང་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ལ་བ་ན་ནི་ཙམ་པ་ཀའོ། །ཁ་ཆེར་བྱེ་བ་ནི་ཁ་མང་དུ་གས་ཤིང་བཀས་པ་སྟེ། འགལ་ལོ་ཞེས་བྱ་བ་དང་འབྲེལ་ཏོ། །ཁ་ཅིག་ནི་ཁ་ཆེར་བྱེ་བ་ཞེས་བྱ་བ་ནི། དུས་མ་
ཡིན་པར་སྐྱེས་པ་ལ་བྱ་སྟེ། དུས་སུ་སྐྱེས་པ་གཟུང་བར་བྱའོ་ཞེས་ཟེར་རོ། །བུ་མང་བ་ཞེས་བྱ་བ་ནི་ནང་གི་གེ་སར་མང་བ་སྟེ། སྤང་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཉོན་ཅིག་ཅེས་བྱ་བ་ལ་སོགས་པས་ནི། རྩི་ལ་སོགས་པའི་སྐྱེ་གནས་བསྟན་ཏེ། རྩི་དང་རྫས་རྣམས་ཞེས་བྱ་བ་ནི་རྩི་དང་སྨན་གྱི་རྫས་ཀྱི་
ཚོགས་རྣམས་ཀྱིའོ། །ཡུལ་ཞེས་བྱ་བ་ནི་སྐྱེ་གནས་སོ། །ཁ་བ་ཅན་ཞེས་བྱ་བ་ལ་སོགས་པ་ལ། ཁ་བ་ཅན་ཡང་ཡིན་ལ་རིའི་རྩེ་མོ་ཡང་ཡིན་པས་རི་ཁ་བ་ཅན་གྱི་རྩེ་མོའོ། །རི་བོ་དབང་ཆེན་དང་འབིགས་བྱེད་ཀྱི་བྲག་ཅེས་བྱ་བ་ལ། བྲག་གི་སྒྲ་ནི་གཉིས་ཀ་དང་སྦྱར་ཏེ། ནགས་ཀྱི་ནང་ན་རྡོའི་ཚོགས་ཡོད་
པ་ནི་བྲག་གོ། །གཞན་ཡང་ཞེས་བྱ་བ་ནི། གནས་དེ་དག་རྩི་འབའ་ཞིག་ཏུ་མ་ཟད་ཀྱི། སྨན་གཞན་དག་གི་ཡང་སྐྱེ་གནས་སུ་གྱུར་པའོ། །ཡང་ན་གཞན་ཡང་ཞེས་བྱ་བ་ནི་སྐྱེ་གནས་གཞན་སྟོན་པའི་ཚིག་གི་ཕྲད་དོ། །མིག་སྨན་ལྟ་བུ་ཞེས་བྱ་བ་ནི། ཆུ་ཞེས་བྱ་བ་དང་། བྲག་ཅེས་བྱ་བ་ནི་གཉི་ག་དང་
སྦྱར་རོ། །གང་དག་གིས་རྩི་བྱིན་གྱིས་རློབ་པའི་གནས་ཞེས་བྱ་བ་ལ། རྩི་བྱིན་གྱིས་རློབ་པ་ནི་སྨན་གྱི་ཚོགས་སོ། །རྩི་དང་རྩི་བྱིན་གྱིས་རློབ་པ་ནི་རྩི་བྱིན་གྱིས་རློབ་པ་སྟེ་གཅིག་ལུས་པའི་སྦྱོར་བ་ཡིན་ནོ། །མཁའ་ལས་སྣ་ཚོགས་སངས་རྒྱས་སྒྲ་ཡིས་གསལ་བྱེད་པ། །ཞེས་བྱ་བ་ནི། ས་ཕྱོགས་གང་གི་སྟེང་གི་ཆ་ན་དྲང་
སྲོང་ལ་སོགས་པའི་མིང་དང་མི་མ་ཡིན་པའི་སྒྲ་ཡིད་ཚིམ་པར་བྱེད་པའི་སྒྲ་སྒྲོགས་པའོ། །ཡང་ན་རྟག་ཏུ་འབྲུག་གི་སྒྲ་སྒྲོགས་པའོ། །རི་ཤོད་ཆུ་འབབ་པ་ཞེས་བྱ་བ་ནི་རླབས་དང་བཅས་པའི་ཆུ་ཡིད་དུ་འོང་བ་བྲག་གི་རྩེ་མོ་ནས་འབབ་པའོ། །ནོར་བུ་རྣམས་ཀྱི་སྐྱེ་གནས་བསྟན་པའི་ཕྱིར། དེ་ལ་བྲག་དཀར་
Vol. 19 · folio 201a
པོ་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེལ་དང་ཆུ་ཤེལ་ལ་སོགས་པའི་ནོར་བུ་ཞེས་བྱ་བ་ལ་ནོར་བུའི་སྒྲ་ནི་གཉི་ག་དང་སྦྱར་བར་བྱ་སྟེ། ཤེལ་ནི་གྲགས་པར་ཟད་དོ། །ཆུ་ཤེལ་ནི་ནོར་བུ་ཟླ་འོད་ཅེས་བྱ་བ་གང་ཡིན་པའོ། །བྲག་སེར་པོ་ཞེས་བྱ་བ་ལ་སོགས་པ་ལ། ཆུ་སེར་པོ་འབབ་པ་ཞེས་བྱ་
བ་ནི། བྲག་སེར་པོ་གང་ཆུ་སེར་པོའི་ཆུ་རླབས་དང་འཐབ་པ་ཡོད་པ་སྟེ། དེ་ལྟར་འཐབས་པའི་སྲུབས་ལས་ནི་བྱི་རུ་འབྱུང་བ་ཡིན་ལ། བྲག་སེར་པོ་དངོས་ལས་ནི་བཙག་སྟེ་གསེར་བཙག་གོ། །བརྒྱ་བྱིན་གྱིས་ཞེས་བྱ་བ་ལ་སོགས་པ་ལ། བརྒྱ་བྱིན་གཞུ་ལྟ་བུའི་ནོར་བུ་དང་། ནོར་བུ་ཛི་བན་ཏི་ཞེས་བྱ་བ་ནི།
ནོར་བུ་ཛི་བ་ན་ཞེས་བྱ་བར་གྲགས་པ་དང་། འཇའ་ཚོན་ལྟར་ཁ་དོག་སྣ་ཚོགས་པའི་ནོར་བུ་སྟེ། དེ་གཉིས་རི་དམར་པོ་དག་ལས་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་བྲག་ཁ་དོག་སྔོན་དམར་དུ་འདུག་པ་ལས་སྐྱེ་བའོ། །རིའི་ལྗོངས་ཞེས་བྱ་བ་ནི་རི་ས་ར་པ་ལྟར་བསྐོར་བའི་གཤོང་ངོ་། །དྲོ་བ་དང་བཅས་པ་ཞེས་བྱ་བ་ནི།
ཆུ་ཚ་མོ་འབབ་ཅིང་ས་ཕྱོགས་དྲོ་བའོ། །ཁར་བ་ཞེས་བྱ་བ་ནི་ཁར་བའི་གསེར་རྡོའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནི་ཟངས་རྡོ་ལ་སོགས་པའོ། །ལྕགས་ཁབ་ལེན་གྱི་རིགས་རྣམ་པ་བཞི་ཞེས་བྱ་བ་ནི། འབྱར་བྱེད་དང་གཡོ་བྱེད་དང་འདྲེན་བྱེད་དང་ཞུ་བྱེད་ཅེས་བྱའོ། །དེ་ལྟར་ཡང་གསུངས་
པ། འབྱར་བྱེད་དང་ནི་གཡོ་བར་བྱེད། །འདྲེན་པར་བྱེད་དང་ཞུ་བྱེད་པ། །ཁབ་ལེན་རིགས་ནི་རྣམ་པ་བཞི། །བཟང་པོ་འདི་བཞི་བཤད་པ་ཡིན། །ཞེས་ཟེར་རོ། །བྱི་མ་ལ་ཞེས་བྱ་བ་ནི་བྱི་མ་ལ་ཨ་ཛ་ནའོ། །སྟམ་པ་ན་ཞེས་བྱ་བ་ནི་རྡོའི་ཁྱད་པར་རོ། །བྲག་ཁ་དོག་སྔོན་དམར་དུ་འདུག་པ་དང་། སྣ་
ཚོགས་སུ་འདུག་པ་ལས་ཞེས་བྱ་བ་ནི། རིའི་ཁྱད་པར་གཞན་སྣ་ཚོགས་ལས་སོ། །བྲག་སུམ་ཞིང་ཞེས་བྱ་བ་ལ་སོགས་པ་ལ། སུམ་པ་ནི་བྱེ་མ་ལ་སོགས་པ་དང་བཅས་པའོ། །སྲོག་ཆགས་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ནི། སྡིག་པ་དང་སྦྲུལ་ལ་སོགས་པའི་སྲོག་ཆགས་ཕྲ་མོ་མང་པོ་
ཡོད་པའོ། །ཚ་ལ་ལ་སོགས་པ་ཞེས་བྱ་བ་ལ། སོགས་ཀྱིས་ན་སོ་ཙི་ཀ་ལ་སོགས་པ་གཟུང་ངོ་། །དེ་དག་བླང་བ་ཡང་ཞེས་བྱ་བ་ལ་སོགས་པས་ནི་བླང་བའི་ཆོ་ག་སྟོན་ཏེ། གཏོར་མ་བྱིན་ལ་ཞེས་བྱ་བ་ནི་ཐུན་མོང་གི་ཆོ་གའོ། །ལྕི་རློན་གྱི་སྦྱོར་བས་བསྒྲུབ་པ་ཞེས་བྱ་བ་ནི། དངུལ་ཆུ་བསྒྲུབ་པའི་ཁྱད་པར་གྱི་
Vol. 19 · folio 201b
ཆོ་ག་སྟེ། མཚལ་ལ་སོགས་པའི་ཕྱེ་མ་འོག་ནས་མེས་བཙོས་ཤིང་སྟེང་དུ་ལྕི་རློན་གྱིས་བཟུང་ནས་བསྒྲུབས་ལ་ཀུ་བའི་སྣོད་དུ་བླང་བར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །རིག་པ་དེ་དག་ཅེས་བྱ་བ་ནི་དངུལ་ཆུའོ། །ཚངས་པ་བརྒྱ་བྱིན་ལ་སོགས་འགྲུབ་ན་ཞེས་བྱ་བ་ནི། ཚངས་པ་ལ་སོགས་པའི་གོ་འཕང་ཡང་
དངུལ་ཆུས་འཐོབ་པ་སྟེ། འདིས་ནི་ཕན་ཡོན་བསྟན་པའོ། །དངུལ་ཆུ་སྐྱེ་བའི་ལོ་རྒྱུས་བསྟན་པའི་ཕྱིར། འདས་པའི་དུས་ན་ཞེས་བྱ་བ་སྨོས་ཏེ། བསྐལ་པ་དང་པོ་ཞེས་བྱ་བ་ནི་འཇིག་རྟེན་ཆགས་ནས་རིང་པོར་མ་ལོན་པའི་དུས་སོ། །ལྷག་པའི་ལྷ་ནི་ལྷན་ཅིག་བཞུགས། །ཞེས་བྱ་བ་ནི་དེའི་དུས་སུ་སྐྱེ་བོ་
རྣམས་འདུལ་བར་གཟིགས་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་ལྷའི་ལྷ་ཆེན་པོ་ཉིད་དུ་སྤྲུལ་ནས་མཛད་པའོ། །ལྷ་མིན་གྲུབ་པ་སོགས་མཐོང་སྟེ། །ཞེས་བྱ་བ་ལ། གྲུབ་པ་ནི་གྲུབ་པའི་སྐྱེ་གནས་ལས་བྱུང་བའོ། །ལྷའི་ཚོགས་ནི་ལྷའི་སྡེ་རྣམས་ཏེ། དེ་དག་དང་བཅས་པས་མཐོང་ན་སྐྲག་པར་
འགྱུར་བ་ནི་འོད་དང་བཅས་པར་འབར་བའི་ཕྱིར་རོ། །ཅི་ཞིག་ཅེ་ན། ཐིག་ལེར་ཞུ་བ་སྟེ་བཙུན་མོ་དང་འདུས་པའི་འདོད་ཆགས་ཀྱི་མེ་འབར་བས་ཐིག་ལེའི་གཟུགས་སུ་ཞུ་བའོ། །སངས་རྒྱས་ཐམས་ཅད་འདུས་ནས་ནི། །ཞེས་བྱ་བ་ནི་གཅིག་ཏུ་ཚོགས་པར་གྱུར་པའོ། །སྐུལ་བར་བྱེད་ཅེས་བྱ་བ་ནི་གླུའི་དབྱངས་ཀྱིས་
སད་པར་བྱེད་པའོ། །ཅིའི་ཕྱིར་ཞེ་ན། བདུད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདུད་ཀྱིས་ཀུན་དུ་གཏོར་གཟིགས་ནས། །མྱུར་དུ་ང་ལ་སྐུལ་བར་བྱེད། །ཅེས་བྱ་བ་དང་སྦྱར་ཏེ། སྐྱེ་བོ་རྣམས་ཀྱི་བསོད་ནམས་དམན་པས་བདུད་ཀྱི་གནས་ཐམས་ཅད་དུ་གཏོར་བ་གཟིགས་ནས་བསྐུལ་བའོ། །ཐམས་
ཅད་རྨོངས་པར་བྱེད་པ་ཡི། །ཞེས་བྱ་བ་ནི། བུད་མེད་ཐམས་ཅད་ཆགས་པར་བྱེད་པའོ། །དངུལ་ཆུ་ཞེས་བྱ་བ་ནི་གྲགས། །ཞེས་བྱ་བ་ནི། བདུད་ཀྱིས་གཏོར་བའི་ཐིགས་པ་དེ་དག་དེང་སང་འཇིག་རྟེན་ན་དངུལ་ཆུ་ཞེས་བྱ་བར་གྲགས་པ་སྟེ། དེས་ན་ཚེ་དང་ནད་མེད་པ་ལ་སོགས་པ་འཕེལ་བ་ཡིན་ནོ། །ད་ནི་དྲིའི་
ཡོན་ཏན་གསུངས་པ། ད་ནི་ཞེས་བྱ་བ་ལ་སོགས་པ་ལ། མཆོག་དང་དམན་དང་བར་མ་ཡིན། །ཞེས་བྱ་བ་ནི། གླ་རྩི་ཞེས་བྱ་བ་དང་སྦྱར་ཏེ། དེ་ལ་དཀར་པོ་ནི་དམན་པའོ། །དམར་པོ་ནི་བར་མའོ། །སེར་པོ་ནི་མཆོག་གོ། །ཀེ་ཏ་ཀ་ལྟར་དྲི་ཞིམ་ཞིང་། །ཞེས་བྱ་བ་ནི། མཉེས་ན་མེ་ཏོག་ཀེ་ཏ་ཀ་ལྟར་
Vol. 19 · folio 202a
དྲི་ཞིམ་པའོ། །ཡང་ན་སྲོད་ལ་གཞལ་བས་ཤེས་པར་བྱའོ། །དེ་དག་ཀྱང་གསུངས་པ། གང་ཞིག་མཉེས་ན་ཀེ་ཏ་ཡི། །དྲི་ལྟ་བུ་ཡི་ངད་ལྡང་ཞིང་། །ཁ་དོག་དག་ནི་ཤིན་ཏུ་སེར། །མྱངས་ན་ཁ་དང་ཚ་བའི་རོ། །མཉེས་ན་སྣུམ་ཞིང་གཞལ་ན་ཡང་། །བསྲེགས་ན་ཐལ་བར་མི་འགྱུར་ཞིང་། །པགས་
པ་ལང་ལོང་དྲི་དང་ལྡན། །རི་དགས་མཆོག་གི་ལུས་ལས་བྱུང་། །ལྷ་རྫས་འདི་ནི་མི་མཆོག་གི། །ལོངས་སྤྱོད་ཡིན་པར་ང་ཡིས་བཤད། །ཅེས་སོ། །དེ་ལ་ཆུའི་ནང་དུ་བླུགས་ན་མྱུར་དུ་ཆུ་དམར་པོའམ་སེར་པོར་འགྱུར་བ་ནི་བཅོས་མ་ཡིན་པར་ཤེས་པར་བྱ་སྟེ། དེ་ཡང་གསུངས་པ། རི་དགས་ལུས་ལས་བྱུང་
བའི་དྲི། །མཁས་པ་ཡིས་ནི་བརྟག་བྱས་ཏེ། །ལག་པའི་མཐིལ་དུ་ཆུ་བླུགས་ནས། །དེ་ཡི་ནང་དུ་གཞག་པར་བྱ། །སྐད་ཅིག་གིས་ནི་དམར་པོའམ། །ཆུ་ཡི་ཁ་དོག་སེར་མཐོང་ན། །དེ་ནི་བཅོས་མར་ཤེས་བྱས་ཏེ། །རིན་ཐང་བསྐྱེད་པར་མི་བྱའོ། །ཁ་ཏ་སི་ནི་སྲོག་ཆགས་ཙ་ར་མང་ངོ་། །རྒྱ་མཚོ་
ཞེས་བྱ་བ་ནི་ལན་ཚྭ་ཅན་གྱི་ཆུ་ལས་བྱུང་བའོ། །གཉིས་གཉིས་ཞེས་བྱ་བ་ནི་སེན་མོ་རྟའི་རྨིག་པ་ལྟ་བུ་དང་། གླང་པོ་ཆེའི་སྣ་ལྟ་བུ་གཉིས་དང་། བཱ་ཏ་རི་ཨུཏྤ་ལའི་འདབ་མ་ལྟ་བུ་དང་། ཤིང་ལོ་ལྟ་བུ་དང་། འདི་དག་ལས་དྲི་སྦྱར་བར་འོས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱ་རོག་མཆུ་འདྲ་ཞེས་བྱ་བ་ནི་
བཅག་ན་བྱ་རོག་གི་མཆུ་ལྟར་གནག་པའོ། །རྩ་བ་སོར་མོའི་དབྱིབས་འདྲ་བ། །ཞེས་བྱ་བ་ནི་མཐེའུ་ཆུང་གི་ཚད་ཙམ་ལ་མདུད་པ་དང་བཅས་པའོ། །མུ་ར་ཞེས་བྱ་བ་ནི་གོ་སླའོ། །ནད་ཀྱི་དབང་པོ་ཞེས་བྱ་བ་ནི་མཛེ་སྟེ་རུ་རྟའོ། །ཡུང་པ་ཀུ་ཏ་ཙ་ལྟར་སེར། །ཞེས་བྱ་བ་ལ་ཀུ་ཏ་ཙ་ནི་གུར་ཀུམ་སྟེ། དེའི་
མདོག་དང་འདྲ་བའོ། །ར་ན་ཞེས་བྱ་བ་ནི་རེ་ནུ་ཀའོ། །འབྲིང་པོ་ཞེས་བྱ་བ་ནི་སྦྱར་དུ་རུང་བར་བསྟན་པ་ཡིན་ཏེ། སྤང་བར་བྱ་བའི་མཚན་ཉིད་ནི་སྔར་བཤད་ཟིན་ཏོ། །ཀེ་བར་ཏི་ནི་གླ་སྒང་ཞེས་བྱ་བ་ནི་ཀུ་ཏ་ན་ཏ་ཞེས་བྱ་བའོ། །འབྲིང་ཞེས་བྱ་བ་ནི་བླང་དུ་རུང་བ་སྟོན་པ་ཡིན་ནོ། །ལྷག་མ་ནི་གོ་སླ་བས་རྣམ་པར་
མ་ཕྱེའོ།། །།ད་ནི་ཚིམ་པར་བྱ་བའི་གཙོ་བོ་ཆང་གི་ཡོན་ཏན་བསྟན་པར་བྱ་བའི་ཕྱིར། །ད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིམ་པ་ཞེས་བྱ་བ་ནི་སྔར་ཐལ་བའི་དྲི་དང་ཡང་སྦྱར་རོ། །མ་ཏི་ཞེས་བྱ་བ་ནས་ཛ་ག་ལ་ཞེས་བྱ་བའི་བར་དུ་རྣམ་པ་བཞི་ནི། མདོར་བསྡུས་པའི་དབྱེ་བའོ། །མ་ཏི་རྣམ་པ་ལྔར་
Vol. 19 · folio 202b
བཤད་དེ། །ཞེས་བྱ་བ་ནི་དེ་བཞིན་ཛ་ལ་ག་ནི་གསུམ། །ཞེས་བྱ་བའི་བར་དུ་ནི་རྒྱས་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གསུམ་དུ་འགྱུར་རོ། །སྦྲང་རྩི་ལས་བྱུང་དང་པོ་སྟེ། །ཞེས་བྱ་བ་ལ་སོགས་པ་ནི་མ་ཏིའི་དབྱེ་བ་ལྔ་སྟེ་གོ་སླའོ། །རབ་ཏུ་དང་ཞེས་བྱ་བ་ལ་སོགས་པ་ལ། མདོར་བསྡུས་ནས་ཞེས་བྱ་བ་ནི་ཤིན་ཏུ་རྒྱས་པར་མ་
ཡིན་པར་རོ། །ཨི་ཀྵུ་ལས་བྱུང་དང་པོ་སྟེ། །ཞེས་བྱ་བ་ལ་སོགས་པ་ནི། གོ་ཏི་དབྱེ་བ་རྣམ་པ་བདུན་ནོ། །འབྲས་བུ་ཞེས་བྱ་བ་ལ་སོགས་པ་ནི། ཛ་ག་ལའི་དབྱེ་བ་རྣམ་པ་གསུམ་སྟེ། འབྲས་བུའི་ཁུ་བ་ཞེས་བྱ་བ་ནི། རྒུན་འབྲུ་ལ་སོགས་པའི་ཁུ་བ་སྟེ། འབྲུ་ཆང་དང་སྦྱར་བའོ། །མེ་ཏོག་ཅེས་
བྱ་བ་ནི་མེ་ཏོག་ལས་བྱུང་བའི་ཁུ་བའོ། །སྔ་མ་བཞིན་དུ་འབྲུ་དང་སྦྱར་བར་བྱའོ། །གཞན་ཞེས་བྱ་བ་ནི་འབྲུ་འབའ་ཞིག་ལས་བྱུང་བའོ། །ད་ནི་མ་ཏིའི་ཆང་གི་སྦྱོར་བ་བསྟན་པའི་ཕྱིར། ཉ་བུ་ཅན་གྱི་འབྲས་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉ་བུ་ཅན་གྱི་འབྲས་བུ་ཞེས་བྱ་བ་ནི། འབྲས་
བུའི་ཁྱད་པར་གང་ཉ་བུ་ཅན་ཞེས་གྲགས་པའོ། །ཙཀྲ་ཨང་ག་ནི་ལེགས་མཐོང་ངོ་། །ཉི་མའི་འོད་ལ་བཙོ་བར་བྱ། །ཞེས་བྱ་བ་ནི་ཆུ་བསྐམས་ཀྱི་བར་དུ་ཉི་མ་ལ་བསྲད་པར་བྱའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། ས་ཧ་ར་ཞེས་པ་ལ་སོགས་པ་སྨོས་ཏེ། ས་ཧ་ར་ནི་ཙཱུ་ཏའི་ཁུ་བའོ། །འུ་སུ་ནི་འུ་
སུའི་མེ་ཏོག་སྟེ། །དེ་ཉིད་ཀྱི་བཤད་པ་ནི་ཤ་ཏ་པུཥྤའོ། །མ་ལ་ཡ་ཞེས་བྱ་བ་ནི། རི་མ་ལ་ཡ་ལས་སྐྱེས་པ་སྟེ་ཙནྡན་ནོ། །གཞོན་ནུ་མ་ཞེས་བྱ་བ་ནི་པྲི་ཡང་ཀུ་སྟེ། རི་ལས་སྐྱེས་པ་ཞེས་བྱ་བ་ནི་བྲག་གི་སེར་ག་ལས་སྐྱེས་པའོ། །ཛཱ་ཏི་ནི་ཛཱ་ཏི་ཕ་ལའོ། །ཆུ་ནི་དེ་ཡི་བཞི་འགྱུར་བཅས། །ཞེས་བྱ་བ་ནི།
ཉི་མའི་འོད་ལ་བཙོ་བར་བྱ། །ཞེས་བྱ་བ་འོག་ནས་འབྱུང་བ་དང་སྦྱར་རོ། །དེ་ནས་ཡང་ཅི་ཞིག་བྱ་ཞེ་ན། སྔོན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་པོ་ཞེས་བྱ་བ་ནི་པི་པི་ལིང་ངོ་། །ཏ་མ་ལ་ཞེས་བྱ་བ་ནི་པྲི་ཡང་ཀུའོ། །ལྷག་མ་ནི་གོ་སླ་སྟེ། དེ་དག་ནི་ཆ་རེ་རེ་ཞེས་བྱ་བ་དང་སྦྱར་རོ། །བུ་རམ་
ཞེས་བྱ་བ་ནི་བུར་ཤིང་གི་ཁུ་བའོ། །ཉི་མའི་འོད་ལ་བཙོ་བར་བྱ། །ཞེས་བྱ་བ་ནི་གོ་སླའོ། །དེ་ནས་ཡང་ཅི་ཞིག་བྱ་ཞེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །དེ་མཉམ་དང་ཞེས་བྱ་བ་ནི་དེ་ཐམས་ཅད་དང་ཆ་མཉམ་པའོ། །བདུག་སྤོས་ཀྱིས་ནི་བདུག་པར་བྱ། །ཞེས་བྱ་བ་ནི། འོག་ནས། ག་
Vol. 19 · folio 203a
པུར་དང་ནི་གླ་རྩིས་བདུག །ཅེས་བྱ་བས་བསྟན་ཏོ། །ཐོག་མ་ཐ་མ་མཉམ་པ་སྟེ། །ཞེས་བྱ་བ་ལ་ཐོག་མ་ནི་སྔར་གྱི་ཆང་ངོ་། །ཐ་མ་ནི་ཛ་བུ་ཀའི་ཤིང་སྟེ། སླར་ཡང་འཛམ་བུའི་ཤིང་དང་མཉམ་པོར་སྦྱར་རོ་ཞེས་བྱ་བའི་དོན་ཏོ། །བར་མ་ཞེས་བྱ་བ་ནི་སྦྲང་རྩི་སྟེ། དེ་གཉི་ག་བསྡོངས་པའི་
བཞི་འགྱུར་དུ་སྦྲང་རྩི་བླུགས་པའོ། །དུ་ཧི་ག་པུར་གླ་རྩིས་བདུག །ཅེས་བྱ་བ་ལ། དུ་ཧི་ནི་ཙནྡན་ཏེ་དང་པོར་ཙནྡན་དང་ག་བུར་གྱིས་བདུག་ལ་དེའི་འོག་ཏུ་གླ་རྩིས་བདུག་པར་བྱའོ། །དེ་ནི་སྒེག་མོ་ཞེས་བྱ་ཡིན། །ཞེས་བྱ་བ་ནི་ཆང་དེ་ནི་སྒེག་མོ་ཞེས་བྱ་བ་ཡིན་ཏེ། དྲི་ཞིམ་པོས་བདུག་པའི་ཕྱིར་རོ། །དེ་ཡང་
འོག་ནས། དྲི་ཞིམ་དང་བཅས་སྒེག་མོར་བཤད། །ཅེས་གང་གསུངས་པའོ། །རབ་ཏུ་མྱོས་པའི་སྦྱོར་བ་གསུངས་པ། དྲིའི་མེ་ཏོག་ཅེས་བྱ་བ་ལ་སོགས་པ་ལ་བུ་རམ་ཁུ་བ་ཞེས་བྱ་བ་ནི་བུར་ཤིང་གི་ཁུ་བས་སྤེལ་པའོ། །རབ་ཏུ་མྱོས་བྱེད་ཅེས་བྱ་བ་ནི། ཛཱེ་ཏི་པུཥྤ་ལ་སོགས་པའི་མེ་ཏོག་གིས་
བསྒོས་པའི་ཕྱིར་ཏེ། འོག་ནས། མེ་ཏོག་གིས་བསྒོས་རབ་མྱོས་ཡིན། །ཞེས་གང་གསུངས་པའོ། །རྣམ་པ་གཞན་གསུངས་པ། ཆུ་ཤིང་ཞེས་བྱ་བ་ལ་སོགས་པ་ལ་ཆུ་ཤིང་ནི་ཆུ་ཤིང་གི་འབྲས་བུའོ། །དེ་བཞིན་ཞེས་བྱ་བའི་སྒྲས་ནི་བུར་ཤིང་གི་ཁུ་བ་གཟུང་བར་བྱའོ། །ཕུར་མོ་ཞེས་
བྱ་བ་ནི་ཕུར་མོའི་སྙེ་མའོ། །དེ་དག་གིས་ནི་འདི་སྐད་དུ་བུར་ཤིང་གི་ཁུ་བ་སྲང་བརྒྱད་དང་། སྒེག་མོ་སྲང་བརྒྱད་ཀྱི་ནང་དུ་ཕུར་མོའི་ཕྱེ་མ་སྲང་གཅིག་བླུགས་ཏེ། སྐྱོ་མར་བྱས་པའི་ནང་དུ་ཆུ་ཤིང་འབྲས་བུ་སྨིན་པ་རྡོག་མ་བརྒྱད་བཙོ་ཞེས་བྱ་བར་སྟོན་ཏོ། །ཡང་རྣམ་པ་གཞན་གསུངས་པ།
འབྲས་བུ་གསུམ་དང་ཞེས་བྱ་བ་ལ་སོགས་པ་ལ། ཤ་ཤི་ཞེས་བྱ་བ་ནི་རྒྱ་སྤོས་སོ། །ལྷག་མ་ནི་གོ་སླའོ། །མ་ཏིའི་ཆོ་ག་འདི་ཡིས་ནི། །པེ་སྠི་ལ་སོགས་པའི་ཆོ་ག་ཡང་ཤེས་པར་བྱའོ། །ད་ནི་པི་སྠི་ཕབས་བཅོས་པའི་ཆོ་ག་བསྟན་པའི་ཕྱིར། རྒུན་འབྲུའི་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། ཤིང་དབང་ཕྱུག་ཞེས་བྱ་བ་ནི་ཤིང་ཏཱ་ལའོ། །སྤ་ཡི་རྩ་བ་རྣམ་པ་གཉིས། །ཞེས་བྱ་བ་ནི་སྤ་དཀར་ནག་གི་རྩ་བའི་ལྡུམ་བུའི་རྩ་བ་གཉིས་སོ། །པ་ཏ་མེ་ཏོག་ལ་སོགས་བཅས། །ཞེས་བྱ་བ་ནི་རྩ་བ་དང་འདབ་མ་ལ་སོགས་པ་དང་བཅས་པའོ། །གཞུང་ཁ་ཅིག་ལས་ནི་
Vol. 19 · folio 203b
ནགས་ཀྱི་མེ་ཏོག་བཅས་པ་ཡིན་ཞེས་ཟེར་ཏེ། དེའི་ཚེ་ནགས་ཀྱི་མེ་ཏོག་རྣམ་པ་ལྔ་གཟུང་ངོ་། །སྦྱངས་པ་དག་ནི་རྣམ་པ་བརྒྱ། །ཞེས་བྱ་བ་ལ། སྦྱངས་པ་ནི་རྫས་དེ་འབྲས་ཀྱི་ཟན་ལ་སོགས་པ་དང་སྦྱར་བའོ། །རྣམ་པ་བརྒྱ་ཞེས་བྱ་བ་ནི་ཕབས་བཅོས་པའི་བྱེ་བྲག་སྟེ། དེའི་མན་ངག་ནི་རྟོག་པའི་ཕྲེང་བ་ལས་
ཤེས་པར་བྱའོ། །པེ་སྠི་ལས་བྱུང་མྱོས་བྱེད་དེ། །ཞེས་བྱ་བ་ལ། ཕབས་དེ་དག་ལས་བྱུང་བའི་ཆང་ནི་པི་སྠི་སྟེ། མ་ཏི་ལ་སོགས་པའི་ཕབས་ཀྱང་དེ་ཉིད་ཀྱིས་ཤེས་པར་བྱའོ། །མྱོས་བྱེད་དེ་ཞེས་བྱ་བ་ལ་སོགས་པས་ནི་ཆང་གི་དབྱེ་བ་རྣམ་པ་གཞན་དང་གཞན་དག་སྟོན་པ་ཡིན་ཏེ་འདས་མ་ཐག་
པའི་པེ་སྠི་ནི་མིང་མྱོས་བྱེད་ཅེས་བྱ་བར་འགྱུར་རོ། །ཟན་ལས་བྱུང་བ་ཆུ་ཚན་མཆོག །ཅེས་བྱ་བ་ལ། ཟན་ནི་འབྲས་བཙོས་པའི་ཐུག་པ་དང་ཕྱེའི་ཟན་ལ་སོགས་པའོ། །དེ་ལས་བྱུང་བ་འཆང་དེ་ནི་ཆུ་ཚན་ཞེས་བྱ་བར་བརྗོད་དོ། །ལྷག་མ་ནི་གོ་སླའོ། །སྦྱོར་བས་བཅུད་ལེན་རོ་ཡི་མཆོག །ཅེས་བྱ་བ་ནི་
ཆང་དེ་དག་གི་སྦྱོར་བའི་བྱེ་བྲག་གིས་ནི་ཁམས་ཐམས་ཅད་བཅུད་ལེན་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕབས་བཅོས་པའི་རྣམ་པ་གཞན་གསུངས་པ། ཙཀྲ་ཨང་ཀ་ཞེས་བྱ་བ་ལ་སོགས་པ་ལ། ཙཀྲ་ཨང་ཀ་ནི་ལེགས་མཐོང་ངོ་། །ཙཀྲ་ཨང་ཀ་དང་། ཙཱུ་ཏ་དང་། ཀུམ་པ་ལ་སོགས་གཞན་
དག་ཀྱང་ཞེས་བྱ་བ་ནི་ཆང་དེ་དག་གི་སྦྱོར་བར་བྱའོ། །ད་ནི་རྫས་སྦྱངས་ཤིང་བཙོ་བའི་ཆོ་ག་གསུངས་པ་གླ་སྒང་དང་ཞེས་བྱ་བ་ལ་སོགས་པ་ལ། ཀུ་ཙི་ནི་བ་ཀུ་ཙའོ། །ལོ་མ་ལྔ་པ་ཞེས་བྱ་བ་ནི་ཤིང་འཛམ་བུ་དང་། ཙཱུ་ཏ་དང་ཀ་པིཏྠ་དང་། མ་དུ་ལུང་ག་དང་། ཤྲི་པ་ལ་ཞེས་བྱ་བར་གྲགས་པ་རྣམས་ཀྱི་ཡན་
ལག་ལས་བྱུང་བའོ། །དེ་དག་གིས་ནི་འདི་སྐད་དུ། །གླ་སྒང་དང་ཀུ་ཙ་དང་ཡུང་བ་དང་། སྒོག་སྐྱ་རྣམས་དང་པོ་སིངས་པོའི་ནང་དུ་ཞག་གསུམ་སྦངས་ཏེ། དེའི་འོག་ཏུ་འབྲས་ཕྱེ་དང་བུ་རམ་བསྲེས་པའི་ནང་དུ་བཅུག་ལ། ཡང་ཤིང་ལོའི་ཁུ་བ་དང་བཅས་པ་ར་གཅིན་གྱིས་བཀྲུས་ནས་ཐ་མར་ལོ་
མ་ལྔ་པའི་ཁུ་བའི་ནང་དུ་བསྐོལ་བར་བྱའོ་ཞེས་བྱ་བར་སྟོན་ཏོ། །དང་པོར་ཐལ་བས་སྤུ་ཕྱི་ལ། །ཞེས་བྱ་བ་ནི་ལྕི་བའི་ཐལ་བ་དྲོན་མོས་བྱུགས་ལ་སྤུ་དབྱི་བར་བྱའོ། །ལོ་མ་ལྔ་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཁ་བཙོས་བྱ་ཞེས་བྱ་བ་ནི་རླངས་པ་ལ་བཙོ་བའོ། །ཀེ་ཏ་ཀ་ཡི་ནང་བཅུག་ལ། །ཞེས་
Vol. 19 · folio 204a
བྱ་བ་ནི། ཀེ་ཏ་ཀའི་མེ་ཏོག་ཁ་སྦྱར་བའི་ནང་དུ་གཞུག་པའོ། །རྡོ་རྗེའི་འོ་མ་ཞེས་བྱ་བ་ནི་སྣུ་ཧའི་འོ་མའོ། །དག་པར་འགྱུར་ཞེས་བྱ་བ་ནི་བཅོས་པར་གྱུར་པ་སྟེ། ཐམས་ཅད་དུ་དེ་ལྟར་སྦྱར་བར་བྱའོ། །འདབ་མར་གཏུམས་ཏེ་ཞེས་བྱ་བ་ནི། ཨེ་རན་ཏའི་ལོ་མར་གཏུམས་པའོ། །འབྲས་བུ་ཞེས་བྱ་
བ་ནི་ཤྲི་རི་ཕ་ལའི་འབྲས་བུའོ། །ཏ་ཀྲ་ཞེས་བྱ་བ་ནི་དར་བའོ། །མུ་ཟི་མར་ཁུས་དག་འགྱུར་ཏེ། །ཞེས་བྱ་བ་ནི་མར་ཁུ་བསྐོལ་བའི་ནང་དུ་མུ་ཟི་སྦྱང་བར་བྱའོ། །བྱ་ཀྲྀ་ཞེས་བྱ་བ་ནི་ཆུ་སྲིན་གྱི་སེན་མོའོ། །སིཧླ་བུ་མོའི་ཁྲག་གི་འདག །ཅེས་བྱ་བ་ནི། སྦྲང་རྩི་དང་བཅས་པའི་ཁྲག་གིས་འདག་པར་འགྱུར་
བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གནས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཁམས་དང་ནད་ཀྱི་བྱེ་བྲག་གིས་སོ། །སྔར་བཤད་པ་ཞེས་བྱ་བ་ནི། རྩི་དང་སྨན་གྱི་ཚོགས་རྣམས་སོ། །སྡེ་ཚན་ཞེས་བྱ་བ་ནི་དབྱངས་དང་གསལ་བྱེད་ཀྱི་ཡི་གེའི་སྡེ་ཚན་རྣམས་སོ། །འབྲེལ་པ་ཞེས་བྱ་བ་ནི་ཡི་གེ་དེ་དག་
གིས་བསྟན་པའི་སྨན་གྱི་ཚོགས་རྣམས་ཕན་ཚུན་སྦྱར་བ་སྟེ། ཨ་ཨི་ཨུ་ཨཱ་སྟེ་དང་པོའོ་ཞེས་བྱ་བ་ལ་སོགས་པའོ། །དགོས་པ་དག་ནི་ཅི་ཞིག་ལགས། །ཞེས་བྱ་བ་ནི། གསེར་གྱི་མདོག་ནི་བཟང་པོར་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །ཡུལ་དང་འབྲེལ་པའི་ཏིང་ངེ་འཛིན། །ཞེས་བྱ་བ་ལ། ཡུལ་
ནི་པུལླཱི་ར་མཱ་ལ་ཡ་ལ་སོགས་པའི་གནས་རྣམས་སོ། །དེ་དང་འབྲེལ་པ་ནི་དཔའ་བོ་རྣམས་ཏེ། དཔལ་ཧེ་རུ་ཀའི་ཏིང་ངེ་འཛིན་དང་སྦྱར་རོ། །ཁམས་ནི་བཅོ་བརྒྱད་བསྟན་པ་ཡིན། །ཕན་ཚུན་བསྡུས་པའི་ཇི་ལྟ་བུ། །ཞེས་བྱ་བ་ལ་ཕན་ཚུན་ནི་ཕྱི་དང་ནང་གི་ཁམས་རྣམས་སོ། །བསྡུ་བ་ནི་སྦྱོར་བའོ། །
འཁྲུལ་འཁོར་བྱེ་བྲག་བཤད་པ་དག །ཕྱི་དང་ནང་གི་ཇི་ལྟར་ལགས། །ཞེས་བྱ་བ་ལ་ཇི་ལྟར་ལགས་ཞེས་བྱ་བ་ནི་བྱེ་བྲག་ཅེས་བྱ་བ་དང་ཡང་སྦྱར་ཏེ། དེ་ལ་བྱེ་བྲག་ཅེས་བྱ་བ་ནི་ཀ་རན་ཏ་དང་རྒོད་མའི་ཁ་ལ་སོགས་པ་དང་སྦྱར་རོ། །ཕྱི་དང་ནང་དང་ཞེས་བྱ་བ་ནི་ཁ་ཆེ་བ་ཕྱིར་བྱ་ལ་ཆུང་བ་ནང་དུ་གཞུག་
པར་བྱའོ། །བསྡུ་བ་ནི་སྦྱོར་བའོ། །ནད་རྣམས་སྣ་ཚོགས་འབྱུང་བ་དག །ཇི་ལྟར་སྨན་ལས་འབྲས་བུར་འགྱུར། །ཞེས་བྱ་བ་ནི་ནད་སྣ་ཚོགས་གསོ་བའི་ཆོ་ག་ཞུ་བ་སྟེ། སྦྲང་རྩི་དང་ནི་བཅས་པ་ལ། །སྒྲུབ་པོས་ཕྲ་མོ་ཟླ་དྲུག་བཟའ། །ཞེས་བྱ་བ་ལ་སོགས་པའི་ལན་དང་སྦྱར་བར་བྱའོ། །སྦོམ་པོའི་
Vol. 19 · folio 204b
བྱེ་བྲག་དུ་ཞིག་མཆིས། །ཕྲ་མོ་ཡི་ནི་ཁྱད་པར་ཅི། །ཞེས་བྱ་བ་ནི་ནང་གི་དབང་དུ་བྱས་པའི་ཕྲ་མོ་དང་སྦོམ་པོ་སྟེ། བྱང་ཆུབ་ཀྱི་སེམས་གཉིས་ཀྱི་ལན་དང་སྦྱར་བར་བྱའོ། །དུས་ཀྱི་ཁྱད་པར་ཇི་ལྟ་བུ། །ཞེས་བྱ་བ་ནི་སྦྱོར་བའི་ཆོ་གའི་དུས་ཀྱི་ཁྱད་པར་དང་སྦྱར་བར་བྱ་སྟེ། ཞག་གསུམ་དུ་ནི་སྦ་བ་དང་། །ཉི་
མ་བདུན་དུ་བཙོ་བ་དང་། །ཞེས་བྱ་བ་དང་སྦྱར་རོ། །གཞན་དག་ནི་བསྟན་པའི་དུས་ཀྱི་ཁྱད་པར་ལ་བྱ་སྟེ། ཉི་མ་བདུན་དང་ཟླ་བ་དྲུག་ལ་སོགས་པར་བསྟེན་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ་ཞེས་ཟེར་རོ། །ལྷག་མ་ནི་གོ་སླའོ། །དཔའ་བོ་རྣལ་འབྱོར་གཉིས་མེད་པ། །ཉི་ཤུ་རྩ་བཞི་ཆེར་མཆོད་ནས། །
ཞེས་བྱ་བ་ནི། དཔལ་རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་གནས་ཞེས་བྱ་བའི་དོན་ཏོ། །སྔགས་ཞེས་བྱ་བ་ནི་རྐང་པ་བརྒྱད་པའི་སྔགས་ལ་སོགས་པའོ། །སྔར་བཤད་རིག་པ་ཞེས་བྱ་བ་ནི་ལེའུ་བཞི་བཅུ་རྩ་བདུན་པ་ལ་སོགས་པར་བསྟན་པའི་བུ་མོའོ། །སྟོང་དང་སྟོང་
མིན་སོགས་སྤངས་པའི། །རོ་ནི་མི་མཆོག་གིས་བརྟག་བྱ། །ཞེས་བྱ་བ་ནི། སྤྲོས་པ་དང་བྲལ་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རོ་ལ་ལོངས་སྤྱོད་པར་བྱ་བ་སྟེ། དེ་ཉིད་ནི་ནང་གི་བཅུད་ཀྱིས་ལེན་དང་ཕྲ་སྦོམ་གྱི་རྫས་བསྟན་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྒོ་དགུ་ལས་ནི་བྱུང་བའི་རྫས། །ཞེས་
བྱ་བ་ལ་སོགས་པ་སྒོ་དགུ་ནི་དབང་པོའི་སྒོ་དགུ་སྟེ་དེ་ལས་བྱུང་བའི་རྫས་ནི་ཁུ་བ་དང་ཁྲག་གོ། །འཇུ་བར་བྱེད་པ་ཞེས་བྱ་བ་ནི་འཆོས་པར་བྱེད་པ་སྟེ། བསྐྱེད་ཅིང་ཕན་འདོགས་པར་བྱེད་པ་ཞེས་བྱ་བའི་བར་དུའོ། །བཅུད་ཀྱི་རྡུལ་དེ་ལྷག་མ་ཡིན། །ཞེས་བྱ་བ་ལ། ལྷག་མ་ནི་ཟླ་མཚན་འབབ་པའི་
ལྷག་མར་གྱུར་པའི་ཁྲག་གི་ཐིགས་པར་གྱུར་པ་སྟེ། དེ་ཉིད་ནི་རྡུལ་ཞེས་བྱ་བའོ། །སྙིང་སྟོབས་ཞེས་བྱ་བ་ནི་ཁུ་བའི་ཐིགས་པ་སྟེ། དེ་ཉིད་ནི་སེམས་ཅན་རྣམས་ཀྱི་སྲོག་བརྟན་པར་བྱེད་པས་ན་ལེན་པ་ཡང་ཡིན་ནོ། །ཕྲ་མོ་གསུངས་པ། མུན་པ་ཕྲ་མོ་ཞེས་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། ཕྲ་
མོ་ནམ་མཁའི་ཁམས་མཚན་ཉིད། །ཅེས་བྱ་བ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཏེ། དགའ་བའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ད་ནི་ཡེ་ཤེས་ཀྱིས་བསྐུལ་ཡིན། །ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་བདག་ཉིད་ཡིན་ཞེས་བྱ་བའི་བར་དུའོ། །གསོ་བ་དག་
Vol. 19 · folio 205a
ཅེས་བྱ་བ་ནི་བསད་ནས་སླར་ཡང་གསོ་བའོ། །ཡོངས་སུ་སྨིན་པའི་མཆོག་གིས་ནི། །ཞེས་བྱ་བ་ནི། དཔྱད་དེ་དེ་དག་ཅེས་བྱ་བ་དང་འབྲེལ་ཏོ། །མཆོག་ཅེས་བྱ་བ་ནི་དང་པོར་རོ། །ཡོངས་སུ་སྨིན་པ་ཞེས་བྱ་བ་ནི་སྦྱང་བར་བྱ་བའོ། །འཁྲུལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། འཁྲུལ་འཁོར་
ནི་ས་ལས་བྱས་པའི་བཙོ་རྫའོ། །ཀ་རན་ཏ་དང་རྒོད་མའི་ཁ། །ཞེས་བྱ་བ་ལ། ཁའི་སྒྲ་ནི་གཉི་ག་དང་སྦྱར་བར་བྱ་སྟེ། ཀ་རན་ཏའི་ཁ་ལྟ་བུ་དང་རྒོད་མའི་ཁ་ལྟ་བུ་གཉིས་ནི་ཁ་ཆེ་བ་ཞེས་བྱ་བའི་འཁྲུལ་འཁོར་བཞིན་དུ་བོང་བུའི་ཁ་ལྟ་བུ་དང་། རྔ་མོའི་ཁ་ལྟ་བུ་གཉིས་ནི་རྫ་རྔ་ཞེས་བྱ་བར་བསྡུ་སྟེ། དེ་ལྟར་
ན་རྣམ་པ་བཞི་ཡིན་ནོ། །ད་ནི་ཕྱི་དང་ནང་གི་སྦྱོར་བ་བསྟན་པའི་ཕྱིར། རྒོད་མའི་ཁ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་སྨོས་པའི་འཁྲུལ་འཁོར་བཞི་ནི་ཁ་ཡངས་པའི་ཕྱིར་ཕྱི་ཡིན་ལ། འོད་མའི་སྦུ་གུ་ལྟ་བུ་ལ་སོགས་པ་བཞི་ནི་ཁ་དོག་པའི་ཕྱིར་ནང་ཡིན་ཏེ་ནང་དུ་བཅུག་ལ་མཆུ་ལྟ་བུར་སྦྱར་བར་བྱའོ། །
ཞེས་བྱ་བའི་དོན་ཏོ། །ད་ནི་འཁྲུལ་འཁོར་བཞི་ལ་བཙོ་བ་རྣམ་པ་བཞི་བྱའོ་ཞེས་བསྟན་པའི་ཕྱིར། ཚར་བཅད་པ་ནི་སྦལ་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོ་སྦལ་པའི་དབྱིབས་ལྟ་བུར་ཚར་བཅད་ལ། དེ་ནས་བཙོ་བ་རྣམ་པ་བཞི་བྱའོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་གོ་བཟློག་པར་བྱའོ། །
ཞེས་ཟེར་རོ། །རྡོ་ལེབ་འབར་ཞིང་འོད་དང་བཅས། །ཞེས་བྱ་བ་ནི་ཐམས་ཅད་དུ་སྦྱར་བར་བྱའོ། །རྫས་ནི་དྲུག་ཆ་སྦྱིན་པར་བྱ། །ཞེས་བྱ་བ་ནི། དངུལ་ཆུ་ཆ་གཅིག་དང་སྨན་ཆ་ལྔར་བྱ་བའོ། །འཁྲུལ་འཁོར་ཞེས་བྱ་བ་ནི་རྐང་གི་སྦུ་གུའོ། །སྔར་བཤད་གནས་ཞེས་བྱ་བ་ནི་ཆུའི་གནས་ལ་སོགས་པ་སྟེ་གོ་བར་
ཟད་དོ། །ཕྱོགས་ཀྱི་ཆ་ཞེས་བྱ་བ་ནི་བཅུའོ། །དབང་པོའི་ཆ་ཞེས་བྱ་བ་ནི་དྲུག་གོ། །ད་ནི་ཁམས་ཀྱི་རྫས་རྣམས་ཀྱི་འབྲས་བུ་བསྟན་པའི་ཕྱིར། གསེར་གྱི་མདོག་ནི་བཟང་པོར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣ་ཚོགས་དབང་ཕྱུག་ཅེས་བྱ་བ་ནི་མུ་ཟི་ལ་སོགས་པའོ། །མཛེ་ནད་འཇོམས་ཞེས་
བྱ་བ་ནི་བསྐུ་བྱུག་གིས་ཞེས་བྱ་བའི་ཚིག་གི་ལྷག་མ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །གི་རི་ཀེ་སས་གསོ་བ་སྟེ། །ཞེས་བྱ་བ་ལ་སོགས་པ་ནི། དངུལ་ཆུ་གསོ་བ་དང་བསད་པ་ལ་སོགས་པ་སྨན་གྱི་སྡེ་ཚན་གྱི་གཙོ་བོ་ཙམ་ཞིག་བསྟན་པ་ཡིན་ཏེ། སྡེ་ཚན་རྒྱས་པ་ནི་སྔར་བཤད་ཟིན་ཏོ། །ད་དུ་ར་ཡི་ཁུ་
Vol. 19 · folio 205b
བ་ཡིས། །རང་གི་ཡོན་ཏན་མ་ལུས་བྱེད། །ཅེས་བྱ་བ་ལ། རང་གི་ཡོན་ཏན་ནི་རང་གི་མཐུའོ། །མ་ལུས་པ་ནི་སྨན་མ་ལུས་པ་སྟེ། དེ་དག་གི་བྱ་བ་བྱེད་པར་འགྱུར་བའོ། །དེས་ནི་འདི་སྐད་དུ་ད་དུ་རའི་ཁུ་བ་འབའ་ཞིག་གིས་ཀྱང་དངུལ་ཆུ་གསོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་མར་ནག་བཙོ་བའི་ཆོ་ག་བསྟན་
པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་ཆེན་པོ་གསུམ་ཞེས་བྱ་བ་ནི་ཨ་རུ་ར་ལ་སོགས་པའོ། །རྡུལ་ལ་སོགས་པའི་སྐྱོན་བྲལ་བ། །ཞེས་བྱ་བ་ནི། ཤིང་ཕྱེ་དང་ཚེར་མ་ལ་སོགས་པའི་སྐྱོན་དང་བྲལ་བའོ། །བསྐྱེད་ཅེས་བྱ་བ་ལ། བསྐྱེད་པའི་ཆོ་ག་ནི་འབྲས་བུ་བསྐྱེད་པའི་བསྟན་བཅོས་སྔར་
སྨོས་པ་ལས་ཕལ་ཆེར་ཤེས་པར་བྱའོ། །སྐྱ་ལ་སོགས་པའི་སྐྱོན་སྤངས་གནག །ཅེས་བྱ་བ་ལ། གནག་ཅེས་བྱ་བ་ནི་ཏིལ་ནག་པོའོ། །སྐྱ་ཞེས་བྱ་བ་ནི་མ་སྨིན་པའོ། །བདུག་ཅེས་བྱ་བ་ནི་ཁ་ཚོས་བྱ་བའོ། །ནཱ་ག་པུཥྤ་ཞེས་བྱ་བ་ལ་ནཱ་ག་ནི་ནཱ་ག་གེ་སར་རོ། །པུཥྤ་ནི་ཛཱ་ཏི་པུཥྤའོ། །རོལ་བ་དང་ནི་ས་ལི་ལ། །ཞེས་བྱ་
བ་ལ་རོལ་པ་ནི་བྲག་སྤོས་སོ། །ས་ལི་ལ་ནི་བ་ལི་ཀའོ། །དེ་དག་ཕྱེ་མར་བྱས་པ་ནི། །ཏིལ་ལས་བྱུང་བའི་ནང་དུ་བླུགས། །ཞེས་བྱ་བ་ནི་ཕྱེ་མར་བྱས་པའི་སྐྱོ་མར་བྱས་པའོ། །ཏིལ་ལས་བྱུང་བ་ནི་མར་ནག་གོ། །ཚང་བསྟན་པའི་ཕྱིར། ཆུ་ནི་མར་ཁུའི་བཞི་འགྱུར་བ། །ཞེས་བྱ་བ་སྨོས་ཏེ། ཨ་ཀ་རུ་སྲང་ཕྱེད་ཅེས་བྱ་བ་ནི། ཨ་
ཀ་རུ་འབའ་ཞིག་སྲང་ཕྱེད་གཟུང་བར་བྱའོ། །སྨན་གྱི་བཞི་འགྱུར་བྱས་ནས་སུ། །ཞེས་བྱ་བ་ནི། སྨན་ཇི་སྙེད་པའི་བཞི་འགྱུར་གྱི་མར་ནག་གོ། །མར་ནག་བཙོ་བའི་རྣམ་པ་གཞན་བསྟན་པའི་ཕྱིར་སླར་ཡང་ཞེས་བྱ་བ་སྦྱོར་བ་གཞན་སྟོན་པའི་ཚིག་ཕྲད་དོ། །སྔར་བཤད་ཅེས་བྱ་བ་ནི། སྦྱོར་བ་སྔ་མ་དང་སྦྱར་བར་
བྱའོ། །དེ་ཉིད་ཀྱི་བྱ་བ་གཞན་བསྟན་པའི་ཕྱིར། སླར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སླར་ཡང་ཞེས་བྱ་བ་ནི་དེའི་འོག་ཏུའོ། །དཀར་མིན་ཞེས་བྱ་བ་ནི་སྨན་གྱི་ཁྱད་པར་ཞིག་སྟེ། གང་གི་མིང་ཨོ་ལ་སུ་ཡང་ཞེས་བྱ་བར་གྲགས་སོ། །ལྷ་མོ་ཞེས་བྱ་བ་སྤྲི་ཀའོ། །ཛ་ཞེས་བྱ་བ་ནི་བ་ལི་ཀའོ། །ཐམས་ཅད་བསྲེས་པ་སྲང་
གཅིག་བཏང་། །ཞེས་བྱ་བ་ནི། སྨན་དེ་དག་ཆ་མཉམ་པའི་ཕྱེ་མ་སྲང་གཅིག་ཆུ་སྐྱོ་བྱས་ཏེ་བླུགས་པའོ། །ཚངས་པའི་མར་ཁུ་ནི་བཤད་པའི་མར་ཁུའོ། །ཙལ་ཞེས་བྱ་བ་ནི་ས་ལི་ཀའོ། །སོ་སོར་ཆ་བཞི་ཆ་དྲུག་བདུན། །ཆ་ནི་བཅུ་གཉིས་དག་དང་བཅས། །ཞེས་བྱ་བ་ལ། ཛ་ལ་ལ་སོགས་པའི་སྨན་བཞི་ནི་ཆ་བཞི་བཞིར་བྱས་
Vol. 19 · folio 206a
ལ། དེ་བཞིན་དུ་ལྔ་པ་ནི་ཆ་དྲུག་དུའོ། །དྲུག་པ་ནི་བདུན་དུའོ། །བདུན་པ་ནི་བཅུ་གཉིས་སུ་བྱའོ་ཞེས་བྱ་བའི་དོན་ཏོ། །སྔར་བཤད་པ་ཡི་ཚད་དང་བཅས། །ཞེས་བྱ་བ་ནི། མར་ནག་བཞི་འགྱུར་དུ་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཅན་ལས་བྱུང་བའི་མར་ནག་བཙོ་བ་སྟོན་ཏོ། །མར་ཁུ་ནི་
ཞེས་བྱ་བ་ནི་ཤ་ཆེན་དེ་ཉིད་ལས་བྱུང་བའི་ཞག་གོ། །ཏི་ཏྲ་ཙའི་འབྲས་བུ་ནི་ཨ་ཀ་རུ་ལ་སོགས་པའོ། །རྣམ་པ་གཞན་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚངས་པར་སྤྱོད་ལ་རྟག་གནས་ནས། །ཁུ་བ་དག་ནི་དགག་པར་བྱ། །ཞེས་བྱ་བ་ནི། གཏུམ་མོའི་རྣལ་འབྱོར་ལ་གནས་ནས་ཁུ་
བ་དགག་པའོ། །ཉེ་བར་མཚོན་པ་འདིས་ནི་རླུང་གི་དཀྱིལ་འཁོར་དང་རྩའི་འཁྲུལ་འཁོར་བསྡམས་པ་དང་། སྨན་གྱི་སྦྱོར་བ་ལ་སོགས་པས་ཀྱང་དགག་པར་བྱ་སྟེ། བཅུད་ཀྱིས་ལེན་གྱི་སྦྱོར་བ་ཕལ་ཆེར་ལ་ཡང་དེ་ལྟར་སྦྱར་བར་བྱའོ། །ད་ནི་ནད་གསོ་བ་ལ་སོགས་པའི་ཆོ་ག་ཞིབ་མོ་སྣ་ཚོགས་བསྟན་པའི་
ཕྱིར། སྦྲང་རྩི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྲ་མོ་ཞེས་བྱ་བ་ནི་ཁུ་བའོ། །ཁ་ཅིག་ནི་ཟླ་བ་བརྒྱད་པོ་ཞེས་ཟེར་རོ། །ཚ་གསུམ་ཙོ་རའི་ཕྱེ་མ་ནི། །ཞེས་བྱ་བ་ལ། ཙོ་ར་ནི་རྒན་པོ་གཞོན་ནུར་བྱེད་པའོ་ཞེས་བྱ་བའོ། །འབྱིན་བྱེད་ནི་བཤང་བ་སྟེ་ཚངས་པའི་བརྡས་བརྗོད་པར་བྱའོ། །དེ་བཞིན་འབྱུང་པོའི་གཙོ་བོ་སྟེ། །
ཞེས་བྱ་བ་ལ། འབྱུང་པོའི་གཙོ་བོ་ནི་གོ་རོ་ཙ་ནའོ། །རིག་བྱེད་གྲངས་དང་མཉམ་པའི་སྲང་། །ཞེས་བྱ་བ་ནི་སྲང་བཞིའོ། །དཔྱིད་ཀྱི་དུས་སུ་ཅུང་ཟད་བསྐྱེད། །ཅེས་བྱ་བ་ལ། དཔྱིད་ཀྱི་དུས་སུ་ར་ཏི་གཉིས་གཉིས་བསྐྱེད་པར་བྱའོ། །དུས་དང་རླུང་དང་ཞེས་བྱ་བ་ལ་སོགས་པ་ལ། དུས་ནི་འཁྲིག་པའི་བྱ་བའོ། །ནི་ཀུ་
ཏིའི་ཁུ་བ་དང་། གཅི་བར་བཅས་པ་སྣ་སྨན་སྦྱིན། །ཞེས་བྱ་བ་ལ། རྫས་གཉིས་པོ་དེ་དག་ཆ་བསྙམས་པའི་སྣ་སྨན་བྱིན་ནས་བད་ཀན་དྲང་བར་བྱ་བའོ། །ཁ་ཅིག་ནི་བཏུང་བ་སྦྱིན་ནོ་ཞེས་ཟེར་རོ། །པདྨའི་དྲི་མ་ཞེས་བྱ་བ་ནི་ལྕེའི་དྲི་མའོ། །མརྐ་ཏའི་རྩ་བ་ཞེས་བྱ་བ་ནི་དབང་པོའི་ལག་པའོ། །སོ་དང་སེན་མོ་ཞེས་
བྱ་བ་ནི། སྨན་སོ་ཞེས་བྱ་བ་དང་། ཆུ་སྲིན་སེན་མོ་ཞེས་བྱ་བའོ། །ཁ་ཅིག་ནི་མི་ལས་བྱུང་བའོ་ཞེས་ཟེར་རོ། །སུག་སྨེལ་ནི་རྣ་ལྤགས་སོ། །གི་རི་ཀར་ནི་ཀ་ནི་ཨ་པ་རཱ་ཛི་ཏ་དཀར་པོའོ། །འབྲས་བུ་གསུམ་གྱི་ཁུ་བས་སྦྱང་། །ཞེས་བྱ་བ་ནི་སྨན་བྱུགས་ནས་དེའི་འོག་ཏུ་འབྲས་བུ་གསུམ་གྱི་ཁུ་བས་བཀྲུ་
Vol. 19 · folio 206b
བར་བྱའོ། །མ་ཧ་ཧ་ཏ་ཀ་ནི་སུ་ན་ཀའོ། །དངུལ་ཆུ་བཅིང་བ་དག་ལ་ཕན། །ཞེས་བྱ་བ་ནི། དངུལ་ཆུ་བཟའ་བའི་སྦྱོར་བ་ལ་བསྔགས་པ་ཡིན་ནོ། །ཤིང་ཚ་ཆ་མཉམ་ཕྱེད་དང་ནི། །ཞེས་བྱ་བ་ལ། ཤིང་ཚ་ལ་སོགས་པ་བཞི་པོ་དེ་དག་ཆ་ཕྱེད་ཕྱེད་དེ་ཆ་བཞིར་བྱ་བ་ཡིན་ནོ། །བྲག་སྤོས་དག་ནི་ཉིས་
འགྱུར་བཅས། །ཞེས་བྱ་བ་ནི་དེ་ཐམས་ཅད་དང་མཉམ་པར་བྱ་བའོ། །མར་དང་བཅས་ཞེས་བྱ་བ་ནི། ཤ་དེ་ཉིད་ཀྱི་ཞག་དང་བཅས་པའོ། །ཁའི་སྙིང་པོ་ཞེས་བྱ་བ་ནི། གཅི་བའི་ལན་ཚྭའོ། །པདྨ་ཅན་ཞེས་བྱ་བ་ནི་མཛེས་མའོ། །ཁ་ཅིག་ནི་ཡོན་ཏན་དང་ལྡན་པ་པདྨ་ཅན་ཉིད་དོ་ཞེས་ཟེར་རོ། །
པདྨའི་སྙིང་པོ་ཞེས་བྱ་བ་ནི་རྡོ་རྗེ་ཉི་མས་ཁ་མ་ཕྱེ་བའོ། །སེམས་ཀྱི་དབང་ཕྱུག་ཅེས་བྱ་བ་ནི་རང་གི་ཁུ་བའོ། །དེ་དག་ནི་ཉི་མ་དང་ཟླ་བའི་སྦྱོར་བ་སྟེ། བླ་མའི་མན་ངག་ལས་ཤེས་པར་བྱའོ། །ལྕེ་དང་དཀར་པོ་བཅས་པ་ལ། །ཞེས་བྱ་བ་ལ། དཀར་པོ་ནི་ཁུ་བའོ། །མ་མོའི་འོ་མ་ཞེས་བྱ་བ་ནི་ཁྱེའུ་
དང་བཅས་པའི་འོ་མའོ། །རྡོ་རྗེའི་འོ་མ་ཞེས་བྱ་བ་ནི་རའི་འོ་མའོ། །པ་ཐ་ཞེས་བྱ་བ་ནི་བདུད་རྩི་ཞེས་བྱ་བའི་དོན་ཏོ། །དེ་ཅི་ཞིག་ཅེ་ན། སྔར་བཤད་མཚན་ཉིད་ལྡན་པར་ནི། །ཞེས་བྱ་བ་སྨོས་ཏེ། སྔར་བཤད་པའི་མཚན་ཉིད་ནི། མཁྲང་མ་ཞེས་བྱ་ཆེན་པོའི་ཆེ། །ཞེས་བྱ་བ་སྨོས་པའི་བུ་མོའི་
ཁྱད་པར་ཏེ། དེའི་གཅི་བའི་མཚན་ཉིད་ལན་ཚྭ་ལ་སོགས་པ་ཆ་བསྙམས་པའི་སྲང་བརྒྱ་རྩ་བརྒྱད་གཟུང་བར་བྱའོ། །ཁྱིམ་གྱི་མེ་ཏོག་ཅེས་བྱ་བ་ནི་པདྨ་ལས་བྱུང་བའི་ཁྲག་གོ། །དཀར་པོ་ཞེས་བྱ་བ་ནི་ཁུ་བའོ། །རིང་པོ་ཞེས་བྱ་བ་ནི་གུང་མོའོ། །འབྱུང་པོའི་བདག་པོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །
དྲིའི་ཆུ་ཞེས་བྱ་བ་ནི་བདུད་རྩི་ལྔ་གཟུང་བར་བྱའོ། །པདྨ་ལས་བྱུང་མ་རྙེད་ན། །རོ་ཡི་ལག་པ་ལས་བྱུང་གཟུང་། །ཞེས་བྱ་བ་ལ་རོ་ནི་བསད་པ་སྟེ། ཟླ་མཚན་གྱི་གོས་ལས་བྱུང་བའོ། །ཁ་ཅིག་ནི་སྒྲ་ཇི་བཞིན་ནོ་ཞེས་ཟེར་རོ། །རྣལ་འབྱོར་དོན་གཉེར་དབུལ་པོ་ཡིས། །ཞེས་བྱ་བ་ནི། རོ་ལས་བྱུང་
བའང་མ་འབྱོར་ན། ལག་པའི་མཆོད་པས་ཡིད་འདོད་བྱ། །ཞེས་བྱ་བ་རང་གི་སོར་མོ་ལྔའི་ཁྲག་དང་བདུད་རྩི་ལྔས་ལས་རྣམ་པ་ལྔ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དབང་བསྐུར་ལག་ཏུ་དགོད་ནས་ནི། །ཞེས་བྱ་བ་སྟེ། ལག་པའི་སོར་མོ་རྣམས་ཀྱི་ཁྲག་གིས་ནི་ལས་
Vol. 19 · folio 207a
ལྔ་པོ་ཐམས་ཅད་ལ་དབང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཁས་པས་རྒྱབ་ཏུ་གཤེགས་སུ་གསོལ། །ཞེས་བྱ་བ་ནི། རྒྱབ་ལས་བྱུང་བའི་ཁྲག་གིས་ནི་བསྐྲད་པ་འབའ་ཞིག་ཏུ་འགྱུར་ཞེས་བྱ་བའི་དོན་ཏོ། །གཉིས་པ་རྣལ་འབྱོར་དོན་ནི་གཉེར། །ཞེས་བྱ་བ་ནི་གསང་
བའི་དབང་ལ་སོགས་པ་དོན་དུ་གཉེར་བའོ། །དབུལ་པོ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་མ་འབྱོར་པའོ། །ལག་ཏུ་དགོད་ནས་ཞེས་བྱ་བ་ལ། ལག་པའི་སོར་མོ་རྣམས་ནི་ཕྱག་རྒྱ་ལྔའི་རང་བཞིན་ནོ། །དགོད་པ་ནི་རྣལ་འབྱོར་མ་དྲུག་དང་དཔའ་བོ་དྲུག་དེར་དགོད་པའོ། །མཁས་
པས་རྒྱབ་ཏུ་གཤེགས་སུ་གསོལ། །ཞེས་བྱ་བ་ལ། དེ་དང་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་རྒྱབ་ཏུ་སྟེ་ཕྱི་རོལ་ཏུ་ཕྱུང་ལ་མཁས་པས། སློབ་མའི་ཁ་རུ་དབབ་པར་བྱ། །ཞེས་བྱ་བ་དང་སྦྱར་རོ། །མཛེས་མ་ཀུན་དུ་རུའི་ས་བོན། །ཞེས་བྱ་བ་ནི། མཛེས་མ་དང་
སྦྱོར་བ་ལས་བྱུང་བའི་ས་བོན་ནོ། །དཀར་པོ་ཞེས་བྱ་བའི་བརྡས་ནི་བྱང་ཆུབ་ཀྱི་སེམས་བསྟན་པ་སྟེ། ཇི་ལྟར་དེའི་སྒྲས་རྣམ་པར་སྣང་མཛད་ལ་བྱ་བ་བཞིན་ནོ། །གཞན་ཡང་ཁུ་བ་དམར་དང་ནི། །དངུལ་ཆུ་སྔར་ནི་བཤད་བཞིན་བཟུང་། །ཞེས་བྱ་བའི་ཚད་བསྟན་པའི་ཕྱིར།
ནམ་མཁའི་མེ་ནི་མཉེས་བྱེད་ལ། །སུ་རུ་ར་ཡི་ཚད་དང་མཉམ། །ཞེས་བྱ་བ་སྨོས་སྟེ། སུ་རུ་ར་ཡི་ཚད་དང་མཉམ། །ཞེས་བྱ་བས་ནི། དངུལ་ཆུ་ར་ཏི་གཅིག་གཟུང་བར་བྱའོ་ཞེས་སྟོན་ཏོ། །ནམ་མཁའ་ཞེས་བྱ་བས་ནི་ཁུ་བ་ར་ཏི་གཉིས་ཀྱི་ཚད་དུ་སྟོན་ཏོ། །མེ་ནི་མཉེས་པ་ཞེས་བྱ་བ་ནི་
དམར་པོ་ཞེས་བྱ་བ་དེའི་ཁྲག་དེ་ཉིས་འགྱུར་དུ་བྱ་བ་སྟོན་ཏོ། །རྩི་བསད་ཅེས་བྱ་བ་ནི་ཀླད་པ་དང་ཞག་གོ། །བཀྲ་ཤིས་ཞེས་བྱ་བ་ནི་ལྕེའོ། །ལྷག་པའི་ལྷའི་སེམས་དཔའ་ཞེས་བྱ་བ་ནི་རང་གི་ཁུ་བའོ། །མི་རྒྱལ་ཞེས་བྱ་བ་ནི་བུང་བའི་རྒྱལ་པོའོ། །དེ་དག་ཇི་སྙེད་པར་དེ་སྙེད། །ཅེས་
བྱ་བ་ནི་མིའི་རྒྱལ་པོ་ལ་སོགས་པའི་སྨན་གྱི་ཆ་ལས་བཞི་འགྱུར་ནས་བདུན་འགྱུར་ཚུན་ཆོད་དུ་བྱ་བའོ། །མར་ཁུ་གཉིས་འགྱུར་དུ་ཞེས་བྱ་བ་ཞག་ཆ་གཉིས་སོ། །དབང་པོ་གསུམ་ཞེས་བྱ་བ་ཀླད་པ་ཆ་གསུམ་མོ། །དྲུག་ཅུ་རྩ་བཞི་ཞེས་བྱ་བ་ལ་སོགས་པ་དང་རྒྱལ་པོ་ལ་སོགས་པ་ནི་བཤད་ཟིན་
Vol. 19 · folio 207b
ཏོ། །དབྱངས་ཚད་ཆོ་ག་ཞེས་པ་ཡིས། །དེ་དག་ཐམས་ཅད་ཤེས་པར་བྱ། །ཞེས་བྱ་བ་ལ། དབྱངས་ནི་ཨ་ལ་སོགས་པའོ། །ཚད་ནི་བཞི་བཞིར་ཆད་པའོ། །ཆོ་ག་ནི་བརྡར་བརྟགས་པའོ། །དེ་དག་ཐམས་ཅད་ནི་རྒྱལ་པོ་ལ་སོགས་པའི་སྨན་རྣམས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཨ་ནི་ས་ཡི་བདག་པོ་སྟེ། །ཞེས་
བྱ་བ་ལ་སོགས་པའོ། །དེ་བཞིན་དུ་ཀ་ལ་སོགས་པའི་བརྡ་ཡང་ཤེས་པར་བྱའོ། །པན་དུའི་བློན་པོ་ནི་ཧ་ས་དེ་བའོ། །བ་ཏྲི་ཨརྟ་ནི་པུ་ཏན་ཙ་རིའོ། །བཅུད་ཀྱིས་ལེན་གྱི་སྦྱོར་བ་དང་། །ཞེས་བྱ་བ་ལ་སོགས་པ་ལ། བཅུད་ཀྱིས་ལེན་གྱི་སྦྱོར་བ་ནི། །བཅུད་ཀྱིས་ལེན་བཅིང་བའོ། །སྡོམ་པ་ནི་དེ་རྣམ་པར་ཕྱེ་བ་སྟེ་བཟུང་བའོ། །
ཆོ་ག་ནི་བྱ་བའོ། །རིམ་པར་ཕྱེ་བ་ནི་གཞུང་སྟེ་བཞི་བཅུ་རྩ་དགུ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།ད་ནི་མཚོན་ཆ་ལྔ་ལ་སོགས་པའི་སྔགས་སྟོན་པར་བྱེད་པའི་ལེའུ་གསུངས་པ། གསང་བ་ཞེས་བྱ་བ་ལ་སོགས་
པ་སྟེ། དེ་དག་ནི་གོ་སླའོ། །ཁྲོ་བོའི་གཟུགས་སུ་བསྒོམས་ནས་སུ། །ཞེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོ་དང་། རྡོ་རྗེ་ཧཱུྃ་མཛད་ལ་སོགས་པར་བསྒོམ་པའོ། །ལྷའི་དབང་པོ་ཞེས་བྱ་བ་ནི་འཇའ་ཚོན་ནོ། །བ་སུ་ཀ་ཞེས་བྱ་བ་ནི་ཆུའོ། །ཁ་ཅིག་ནི་སྒྲ་ཇི་བཞིན་ནོ་ཞེས་ཟེར་རོ། །སྒྲོ་ནི་རླུང་ཞེས་བྱ་བ་སྟེ། །ཞེས་
བྱ་བ་ནི། རླུང་གི་ཤུགས་ཉིད་སྒྲོ་ལྟར་སྐྱོད་པར་བྱེད་པས་ན་སྒྲོའོ། །རྣམ་པ་ལྔ་ཞེས་བྱ་བ་ནི། ལྷའི་དབང་པོ་ནས་རླུང་གི་བར་དུའོ། །ཡང་ན་མདའ་རྣམ་པ་ལྔ་སྟེ། རླུང་རྣམ་པ་ལྔའོ། །དེ་དག་གིས་ནི་འདི་སྐད་དུ། །རིམས་ལ་སོགས་པ་སྡིག་པའི་གཟུགས་ཅན་ལ། སྒྲུབ་པ་པོ་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་རྣལ་འབྱོར་
དང་ལྡན་པས། ཧཱུྃ་གི་སྒྲ་བརྗོད་པའི་རླུང་གིས་སྤྲིན་དང་། མདའ་ལས་གློག་དང་འཇའ་ཚོན་ལ་སོགས་པས་བརྒྱན་ཏེ། ཐོག་བབ་པའི་མདེའུའི་རྩེས་ཕྱེ་མར་བརླག་པར་བྱའོ་ཞེས་བྱ་བར་སྟོན་ཏོ། །བརྡ་ཡིས་བཤད་པ་བརྗོད་པར་བྱ། །ཞེས་བྱ་བ་ནི་སྔར་གྲུ་བཞི་པ་ལ་སོགས་པའི་མདེའུ་ཁྱད་པར་གྱི་བརྡས་བཤད་པའི་
དོན་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ། ལ་ཡིག་དབང་ཆེན་དཀྱིལ་འཁོར་རོ། །ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །རྡོ་རྗེ་ཆགས་པར་བདག་བསྒོམས་ན། །ཞེས་བྱ་བ་ནི་སྙིང་རྗེ་དང་ཤེས་རབ་ཀྱིས་སེམས་ཅན་དང་དེ་ཁོ་ན་ཉིད་ལ་ཆགས་པ་དང་། རྡོ་རྗེ་འཛིན་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་
Vol. 19 · folio 208a
ལྷ་མོའི་ཡུལ་ཐམས་ཅད་ལ་རྣམ་པར་རོལ་པའོ། །རྒྱལ་སྲིད་ཐམས་ཅད་ལོངས་སྤྱོད་འགྱུར། །ཞེས་བྱ་བ་ནི། མཐོང་བའི་ཚེ་འདི་ཉིད་ལ་ཡོན་ཏན་གྱི་དབང་ཕྱུག་བརྒྱད་ལ་སོགས་པ་ལ་ལོངས་སྤྱོད་པའོ། །སླར་ཡང་ཨེ་ནི་གཞུར་བྱ་སྟེ། །ཞེས་བྱ་བ་ནི་ཆོས་འབྱུང་བའི་ཕྱག་རྒྱའོ། །བ་ཞེས་
བྱ་བ་ནི་མདའ་ཡིན་ནོ། །ཞེས་བྱ་བ་ནི་རྡོ་རྗེ་ནོར་བུའོ། །སྔར་སྤྱད་ཅེས་བྱ་བ་ནི་བླ་མས་ལོངས་སྤྱོད་པའི་བདེ་བ་སྟེ། ལྷན་ཅིག་སྐྱེས་པའི་འབེན་ནོ། །གནས་པར་བྱ་བ་ནི་དེས་མཚོན་པར་བྱ་བ་སྟེ། འདིས་ནི་བ་ཏི་ཨོ་ལའི་རིམ་པ་སྟོན་ཏོ། །ཕྱག་རྒྱར་བཅུག་སྟེ་བསླང་ནས་ཐལ་བར་བྱ་ཞེས་བྱ་བ་ནི། བསྒྲུབ་
པར་བྱ་བའི་ལུས་རླུང་དང་མེའི་ཕྱག་རྒྱའི་སྟེང་དུ་བཞག་སྟེ། རླུང་གིས་བསྐྱོད་པའི་མེ་སྦར་བས་བསྲེགས་ཏེ་ཐལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སླར་ཡང་གསང་བའི་ཞེས་བྱ་བ་ལ་སོགས་པའི་ཡི་གེས་རང་ཉིད་ཀུན་ནས་བསླང་སྟེ་ཞེས་བྱ་བ་ནི། ཐལ་བའི་ཕུང་པོ་དེ་ལས་པདྨ་དང་ཆུའི་དཀྱིལ་འཁོར་དང་ཟླ་བའི་
དཀྱིལ་འཁོར་གྱི་སྟེང་དུ་ཁམས་བཅུ་དྲུག་གི་ས་བོན། ར་ལ་སོགས་པའི་ཡི་གེ་བཅུ་དྲུག་གི་བདག་ཉིད་ཐིག་ལེ་བཅུ་དྲུག་ཏུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ནམ་མཁའི་ངོས་ཐམས་ཅད་ཁྱབ་པའི་དུ་བ་ལྟ་བུའི་ཡེ་ཤེས་དེར་བཀུག་ཅིང་གསོས་ཏེ་དམ་བཅའོ་ཞེས་བྱ་བ་
ནི་ཡིད་ལ་བརྣག་པར་བྱས་ནས། འོད་ཟེར་གྱི་ལྕགས་ཀྱུ་ཕྱུང་སྟེ། ནམ་མཁའ་ལ་གནས་པའི་ལྷ་རྣམས་ཀྱི་ཡེ་ཤེས་ཀྱི་རྣམ་པ་དུ་བའམ་རྡུལ་ལྟ་བུ་དྲངས་ཏེ། དེར་བཅུག་པ་འདི་ནི་ཤི་བ་གསོ་བའི་ཆོ་གའོ། །པདྨ་གར་དབང་བསྒྱུར་ནས་སུ། །ཞེས་བྱ་བ་ནི། བདེ་བ་ཆེན་པོའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །
བུ་མོའི་གནས་ལ་འདུག་པར་བསམ། །ཞེས་བྱ་བ་ནི། གཟུང་བ་ལ་སོགས་པ་དང་ལྡན་པའི་མོས་པ་དང་ལྷན་ཅིག་ཏུ་ཁ་སྦྱོར་བ་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །ཨེ་ཞེས་བྱ་བ་དང་བཾ་ཞེས་བྱ་བ་དང་། ལ་ཞེས་བྱ་བ་གསུམ་པ་སྟེ། སྒྲུབ་པོས་འདིར་ནི་ཡི་གེ་བསམ། །མེ་མར་གྱི་ནི་རྩེ་ལྟར་བྱ། །ཞེས་
བྱ་བ་ལ། ཨེ་ཞེས་པ་ཞེས་བྱ་བའི་བསྒྲུབ་པར་བྱ་བ་ལ། ཡི་གེ་ཨེས་རླུང་གི་འཁོར་ལོ་དང་བཅས་པའི་ཤེས་རབ་ཀྱི་འཁོར་ལོ་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་རྩེ་མོ་ནི་མེའི་རྩེ་མོ་སྟེ་ཞེས་བྱ་བ་དང་སྦྱར་རོ། །བཾ་ཞེས་པ་དང་ལ་ཞེས་བྱ་བ་ནི། འབར་བ་དེའི་རྩེ་མོའི་སྟེང་བསྒྲུབ་པར་བྱ་བའི་
Vol. 19 · folio 208b
མགྲིན་པ་དང་། སྙིང་གར་བ་དང་ལ་ལས་ཆུའི་དཀྱིལ་འཁོར་དང་། དབང་ཆེན་གྱི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེས་མར་སར་བུམ་པར་བཙོས་པ་ལྟར་ཐམས་ཅད་དུ་ཞུ་བར་བྱའོ་ཞེས་བྱ་བ་ནི་མེའི་རྩེ་མོ་དེས་ཀླད་པའི་རྩེ་མོའི་བར་ཐམས་ཅད་བཞུ་སྟེ། དམར་སེར་དུ་གཟག་པར་བསྒོམ་མོ་ཞེས་བྱ་
བའི་དོན་ཏོ། །ལེའུ་འདིའི་དོན་ལྷག་མ་རྣམས་ནི་ཁ་ཅིག་ནི་གོ་སླ་བ་ཉིད་དང་། ཁ་ཅིག་ནི་མན་ངག་གི་རྗེས་སུ་འབྲང་ངོ་། །ཤེས་པར་བྱ་བ་ཉིད་ཀྱིས་ན་བླ་མའི་ཁ་ལས་ཤེས་པར་བྱ་བ་ཡིན་པས་བདག་གིས་འདིར་རྣམ་པར་མ་ཕྱེའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་
དཔའི་རང་བཞིན་གྱིས་སེམས་ཅན་རྣམས་དབུགས་དབྱུང་བའི་ངེས་པ་གཞུང་གང་དུ་བསྟན་པ་དེ་ནི། རྡོ་རྗེ་སེམས་དཔའི་དབུགས་དབྱུང་བའི་རང་བཞིན་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་ལྔ་བཅུ་པ་རྫོགས་སོ། །རྫོགས་ཞེས་བྱ་བའི་སྒྲ་ནི་རིམ་པར་ཕྱེ་བ་ཐམས་ཅད་ལ་སྦྱར་བར་བྱའོ། །དཔེར་ན་
རྒྱ་མཚོའི་ནང་ན་ཀླུ་དང་རུས་སྦལ་དང་། ཆུ་སྲིན་ཉ་མིད་གནས་ཀྱང་དེ་ཕྱོགས་འགའ་ཞིག་ན། །སྲོག་ཆགས་རྣམ་མང་ནང་ནས་འགའ་ཞིག་སྟེས་ཏེ་ནས། །རིན་ཆེན་རྙེད་ནས་གཞན་ལ་ཕན་པར་བྱེད་པ་ལྟར། །འཁོར་བའི་རྒྱ་མཚོར་བྱ་བ་བྱས་པའི་ལྷ་གནས་ཀྱང་། །བྱོལ་སོང་ཡི་དགས་དམྱལ་
བ་ལ་སོགས་སྲོག་ཆགས་ནང་། །ལེགས་བྱས་འགའ་ཡིས་བདག་གི་རྒྱུད་རྒྱལ་རིན་ཆེན་རྙེད། །རིམ་བཞིན་ཅུང་ཟད་ཕྱེ་བའི་རྗེས་མཐུན་བསོད་ནམས་འགོས། །དཔལ་ལྡན་འདུས་པ་ཤིན་ཏུ་དྲི་མེད་སྟོན་ཀའི་མཁར། །ཤར་བའི་ཟླ་གསལ་བློ་ཡི་ཀུ་མུ་ཏ་རྣམས་ཕྱེ། །རྒྱུད་རྒྱལ་ཚིག་དོན་སྒྲིབ་གཡོགས་མུན་
པ་བསལ་ནས་ནི། །འགྲོ་བ་རྣམས་ལ་ཉི་ལྟར་དི་རིང་དོན་གསལ་བྱས། །མེ་ཏོག་འདབ་མས་སྦྲང་རྩི་བླངས་པ་ལྟར། །རྒྱུད་རྒྱལ་ནང་ནས་ལེགས་བྱས་གང་ཡིན་པ། །དེས་ནི་འགྲོ་བ་མ་ལུས་པ་རྣམས་ཀྱི། །ཉེས་པ་གསུམ་པོ་དག་ནི་འཇོམས་པར་ཤོག། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་
མཁའ་འགྲོའི་རྣམ་པར་བཤད་པ། །སློབ་དཔོན་མཁས་པ་ཆེན་པོ་བྷ་བ་བྷ་དྲའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྚི་ཏ་ཆེན་པོ་ག་ཡ་དྷ་ར་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འགོས་ལྷ་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words