དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ཞེས་བྱ་བ
Sanskrit title (Tibetan script, as in the text) ཤྲཱི་ཌཱ་ཀཱརྞྞ་བ་མཧཱ་ཡོ་གི་ནཱི་ཏནྟྲ་རཱ་ཛ་སྱ་བོ་ཧི་ཏ་ཊཱི་ཀཱ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 20 · folio 244a
སེམས་ཀྱིས་སོ། །དེ་ཉིད་གསུངས་པ། འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྟེ། ལས་ཀྱི་རྗེས་མཐུན་ཞེས་བྱ་བ་ནི་ཞི་བ་ལ་སོགས་པ་སྣ་ཚོགས་པའོ། །ཡང་ན་དཀྱིལ་འཁོར་བྲི་བ་ལ་སོགས་པའོ། །མདོར་ན་ང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གང་ཅུང་ཟད་
མིག་གི་དབང་པོ་ལ་སོགས་པས་མཐོང་བའམ་ལེན་པ་ལ་སོགས་པ་རྗེས་སུ་མཐུན་པའི་གཟུགས་དེས་དེ་དང་འདྲ་བའི་རྣམ་པའི་གཟུགས་ཀྱིས་འབྲས་བུར་འགྲོ་བ་སྟེ། འབྲས་བུའི་གཟུགས་ཀྱི་ཕྱིར་རོ། །འོན་ཀྱང་བདག་བདེ་བ་ཐམས་ཅད་ཀྱི་གནས་ཞེས་བྱ་བ་ནི་འབྲས་བུའི་གཟུགས་
ལ་སོགས་པ་ཐམས་ཅད་ཀྱི་རྟེན་ནི་ཆོས་ཀྱི་སྐུ་སྟེ་དེའི་ཡོན་ཏན་ཉེ་བར་སྤྱོད་པ་ཉིད་པས་བདག་ཅེས་བྱ་བའོ། །བདེ་བའི་གནས་ཞེས་བྱ་བ་ནི་བདེ་བ་རྣམས་ཀྱི་གཞི་ནི་བདེ་བའི་གནས་ཏེ། བདེ་བ་ཐམས་ཅད་ནི་ལྷན་ཅིག་སྐྱེས་པ་ལ་སོགས་པ་ལ་དམིགས་པ་གང་གི་ཕྱིར་དེ་རྣམས་ཀྱིས་
ཡང་ཆོས་ཀྱི་སྐུའི་རྟེན་གྱིས་གཟུགས་ཏེ་དེ་རྣམས་ཀྱི་ལས་ཀྱི་དབང་གིས་དང་། འབྲས་བུའི་གཟུགས་ལ་སོགས་པ་ཐམས་ཅད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པར་འགྱུར་བ་སྟེ་ཁྱེད་ཕྱག་ན་རྡོ་རྗེ་ལ་སོགས་པ་བཞིན་ནོ། །དེ་ལྟར་རྒྱུ་དང་འབྲས་བུའི་རང་
བཞིན་ཀྱང་སྟེ་ལས་རྣམས་ནི་འབྲས་བུ་ལ་ཆོས་ཀྱི་སྐུའི་རྒྱུད་བསྒྲུབས་པ་གཅིག་ཏུ་གྱུར་ཅིང་གཉིས་སུ་མེད་པ་རྣམས་ཀྱིས་སེམས་སྤྲོས་པ་དང་བཅས་པ་དང་སྤྲོས་པ་མེད་པ་དང་བྲལ་བས་རྣམ་པར་གནས་པ་ནི་སངས་རྒྱས་རྣམས་སོ། །སྤྱོད་པ་དང་པོ་གསལ་བའོ། །གཉིས་པའི་གསུངས་
པ། རྒྱུད་བཅས་ཞེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་ཐམས་ཅད་ཀྱི་གཉིས་སུ་མེད་པའི་རྒྱུ་དེའི་རྐྱེན་མཁས་པས་ལས་ནི་རྐྱེན་ཞེས་བྱ་བ་སྟེ་གསད་པ་ལ་སོགས་པའི་ལས་བྱ་བ་སྟེ། དེས་བཅོམ་ལྡན་འདས་འབྲས་བུའི་གཟུགས་ཀྱིས་བྱས་པའི་ཕྱིར་དེ་དང་འདྲ་བར་བཤད་
དེ། གསད་པ་ཞེས་བྱ་བ་ནི་རང་གིས་བཅོམ་ལྡན་འདས་ཀྱི་གཟུགས་ཉིད་ཀྱིས་སོ། །འདི་ནི་གང་འདིའི་དྲི་བ་གཉིས་པ་གསལ་བའོ། །གསུམ་པ་གསུངས་པ། དམག་དཔུང་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་སྐུའི་བདག་ཉིད་ཅན་ཀྱི་སྐྱེས་བུ་རྣམས་ཀྱི་དཔུང་སྟེ་གཡུལ་
Vol. 20 · folio 244b
ངོ་ལ་སོགས་པའི་བྱ་བ་ངན་པའི་ལས་ཆེན་པོའི་སའི་འཇིག་རྟེན་ལ་བལྟས་ནས་མཁས་པའི་སྦྱོར་བ་འཛིན་པ་རྣམས་ཀྱིས་དེ་དེའི་ཚེ་གཉིས་སུ་མེད་པར་བྱ་སྟེ་དེས་དེ་ལྟར་ཐམས་ཅད་ཀྱི་བདག་ཉིད་ཀྱི་སེམས་རྣམ་པ་སྣ་ཚོགས་པར་འགྲོ་བའི་དོན་དུ་བྱའོ། །དེའི་ཕྱིར་འདིར་གསོད་པ་དང་
མི་ལྡན་པ་སྟེ་མི་འགྱུར་བའམ། གལ་ཏེ་འགྱུར་བའོ། །དེའི་ཚེ་དམག་དཔུང་ལ་སོགས་པ་མཐོང་བས་འདྲེས་པའི་གཟུགས་ཀྱིས་སེམས་སྐྱེ་བར་འགྱུར་ཏེ། དེ་ཡང་སོ་སོར་གསལ་བར་གྱུར་པ་སྐྱེས་བུ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་རྒྱུ་དང་འབྲས་བུའི་འབྲེལ་པ་
རྣམས་ཀྱི་གཉིས་སུ་མེད་པ་རྣམས་ཀྱིས་བྱའོ། །དེ་ལྟར་ཡང་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པ་གསུམ་གྱིས་གསལ་བར་བྱ་བ་གསུངས་པ། བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནས་ངེས་པར་ཞེས་བྱ་བའི་བར་དུའོ། །དེ་ལྟར་སྔར་དང་གཞན་ཐམས་ཅད་རྟོགས་སླའོ། །
འོན་ཀྱང་གང་བཤད་པ་བརྗོད་པར་བྱ་བ་དང་བརྗོད་པའི་མཚན་ཉིད་དེ་ཐམས་ཅད་རྡོ་རྗེ་ཕག་མོའི་འཁྲུལ་འཁོར་དང་སྔགས་དང་འཁོར་ལོ་གསུམ་པར་བྱའོ་ཞེས་བྱ་བ་ནི་ངེས་པའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་
ལས་རྟ་རྣ་མའི་ལྷ་མོ་རྣམས་དང་དཔའ་བོ་གཉིས་སུ་མེད་པའི་སྦྱོར་བས་གསད་པ་ལ་སོགས་པའི་ལས་ཀྱི་ཚོགས་ཡེ་ཤེས་ངེས་པའི་ཚིག་གིས་རིམ་པའི་མཚན་ཉིད་དང་ཡི་གེའི་དོན་གྱི་མིང་རྣམས་དང་གོ་ཆའི་སྔགས་ལ་སོགས་པས་གཤིན་རྗེའི་འཁྲུལ་འཁོར་གྱི་འཁོར་ལོ་དང་དཀྱིལ་
འཁོར་གྱི་འཁོར་ལོ་བསྒོམ་པ་ལ་སོགས་པའི་ཆོ་གའི་མཚན་ཉིད་རྒྱས་པར་བསྟན་པ་སྟེ། ལེའུ་བཞི་བཅུ་པའི་བཤད་པའོ།། །།ལས་ཀྱི་སྦྱོར་བས་གནས་པ་མོ། །བྱ་གདོང་ལྷ་མོར་ཕྱག་བྱས་ནས། །རླུང་དང་རྣམ་ཤེས་རྣལ་འབྱོར་མས། །མ་ལུས་སྨྱོ་བར་བྱེད་པ་
དང་། །ཡི་དགས་འཁོར་ལོ་ཉིད་ལྷ་མོ། །ཀུན་རྫོབ་བདེན་པའི་གཟུགས་ཅན་མ། །དེ་ཡི་འགྲེལ་པ་རྟོགས་བྱེད་པ། །འདོད་པ་ཀུན་སྟེར་བདག་གིས་བཤད། །ད་ནི་བྱ་གདོང་མའི་ལེའུ་བཞི་བཅུ་རྩ་གཅིག་པའི་བཤད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ།
Vol. 20 · folio 245a
རབ་ཏུ་སྦྱོར་བ་ཞེས་བྱ་བ་ནི་འཆད་པར་འགྱུར་བའིའོ། །ཐམས་ཅད་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་སྨྱོ་བར་བྱེད་པ་སྟེ། རྙེད་དཀའ་བ་ནི་གང་གིས་དེ་ལྟར་ལམ་བཟང་པོར་རབ་ཏུ་འཇུག་ཅིང་ལམ་ངན་པ་སྤོང་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་དབྱུག་
པ་ལ་སོགས་པས་སྣ་ཚོགས་པའི་སྡུག་བསྔལ་སྟེར་བ་པོ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་གང་གིས་བསྒྲུབ་པར་བྱ་ཞེ་ན། གསུངས་པ། །བྱ་གདོང་མ་ཡི་རབ་སྦྱོར་བས། །ཞེས་བྱ་བ་སྟེ། དེ་བཞིན་དུ། བརྩོན་འགྲུས་བྱང་ཆུབ་ཡན་ལག་ཆོས། །ཞེས་བྱ་བ་དང་། ཧི་མ་ལ་ཡ་ཞེས་བྱ་བའི་མདོར་
བསྟན་པའི་ཚིག་རྣམས་ཀྱི་ཡི་གེ་རྣམས་ཀྱི་བསྒྲུབ་པར་བྱ་བ་ཡང་སྟེ། དེ་རྣམས་བཤད་པར་བྱ་བའོ། །མདོར་བསྡུས་པའི་ཞེས་བྱ་བ་ནི་ཉུང་དུ་བསྡུས་པ་སྟེ་རྒྱུད་གཞན་རྣམས་སུ་ནི་རྒྱ་ཆེ་བའི་ཕྱིར་རོ། །དེ་ལྟར་སླར་ཡང་གང་དུ་བསྒོམ་པར་བྱ་ཞེ་ན། གསུངས་པ། ལྟེ་བ་ཞེས་
བྱ་བ་ལ་སོགས་པ་སྟེ། འཁོར་ལོའི་གཙོ་མོ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན་ནོ། །ད་ནི་ཡི་གེ་རེ་རེའི་རྒྱས་པར་བཤད་པ་གསུངས་པ། མཁའ་གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ། ཁའི་ཡི་གེའི་དོན་ཏེ་ཐོག་མ་ཉིད་དུ་ཁ་གཱ་
ན་ནཱ་ཡིས་སོ། །དེ་ལྟར་བདག་ཉིད་མཁའི་གཟུགས་ཏེ། ཕོ་ཉ་ཞེས་བྱ་བ་ནི་འདིར་ཕོ་ཉའི་སྒྲས་རང་གིས་རིག་པ་འབབ་པའི་རྩ་གཟུང་བ་དང་འཛིན་པའི་རྣམ་པ་སྤངས་པ་འདིས་ནམ་མཁའི་གཟུགས་ཀྱི་བདག་ཉིད་དུ་གནས་སོ། །གང་གི་ཚེ་དེའི་ཚེ་རྐན་དང་རྡོ་རྗེ་ཆུ་སྐྱེས་དབུས་སུ་ཞེས་
བྱ་བ་ནི་རབ་སྦྱོར་བ་གསུངས་པ། རྐན་ནི་མགོ་བོའི་དབུས་ཏེ། རྡོ་རྗེ་ཆུ་སྐྱེས་ཀྱི་དབུས་སུ་ཞེས་བྱ་བ་ནི་ལྔ་པའི་དོན་གྱི་གཉིས་པ་སྟེ་རྡོ་རྗེ་དང་ཆུ་སྐྱེས་ཀྱི་དབུས་ནས་སོ། །སྟེང་དུ་བསྐྱོད་ཅེས་བྱ་བ་ལ་སོགས་པ་ཤིན་ཏུ་ཕྲ་བའི་རྣམ་པར་ཤེས་པ་དང་རླུང་གིས་བྱང་ཆུབ་ཀྱི་སེམས་ཀྱིས་སོ། །
ལྷན་ཅིག་ཅེས་བྱ་བ་ནི་འདི་དང་དེ་ལྟར་ལྡན་པ་གསུངས་པ། །ལུས་ཞེས་བྱ་བ་ལ་སོགས་པ་སྟེ། གཱའི་ཡི་གེའི་དོན་གྱིས་ཏེ། ལུས་ནི་འདར་བར་བྱ་ཞེས་བྱ་བ་སྟེ། དེས་དེའི་དུས་སུ་མདའི་ཤུགས་ཀྱིས་གྱེན་དུ་བསྐྱོད་པ་སྟེ་རང་གི་སེམས་ཀྱི་སྦྱོར་བས་ལུས་ཐམས་ཅད་འདར་
Vol. 20 · folio 245b
བར་བྱ་སྟེ། དེས་དེ་ལྟར་མི་འཕོ་བ་སྟེ། དྲག་ཤུལ་སྦྱོར་བའི་བྱ་བས་སོ། །ཞེས་བྱ་བའི་ཚིག་གིས་སོ། །དེ་ལྟར་བྱ་ཞེས་བྱ་བ་ནི་གོམས་པར་གྱུར་པས་རྟག་ཏུ་དུས་ཐམས་ཅད་དུའོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་མཆོག་ཏུ་ཟག་པ་མེད་པའོ། །ཕྱི་རོལ་ཏུ་རྩེད་མོའི་
དུས་སུ་ཡང་འཕོ་བ་མེད་པ་འགྲུབ་སྟེ། དེ་རྣམས་ནི་གཡོ་མིན་ཞེས་བྱ་བ་ལ་སོགས་པ་སྟེ། ནའི་ཡི་གེའི་དོན་གྱིས་གསལ་བར་གསུངས་པ། ཇི་སྲིད་རྣལ་འབྱོར་པ་མི་འདོད་ཀྱི་བར་དུ་སྟེ་བཤད་པའི་ཏིང་ངེ་འཛིན་གྱིས་མགོ་བོའི་དབུས་ནས་རླུང་དང་རྣམ་པར་ཤེས་པ་རྣམས་ཀྱིས་
མི་གཡོ་བ་དེ་སྲིད་དུ་རབ་ཏུ་འབབ་པ་སྟེ། སྐད་ཅིག་ནས་བརྩམས་ནས་ལོ་སྟོང་ཕྲག་ལ་སོགས་པར་རོ། །བརྒྱ་ལ་ཞིག་ན་རྣལ་འབྱོར་པ་རང་གི་འདོད་པའམ་མི་འདོད་པས་མཚན་ཉིད་དུ་འགྱུར་རོ། །དེ་འཁྲུལ་པ་སྟེ་སྣ་ཞེས་བྱ་བ་ལ་སོགས་པ་སྟེ། ནའི་ཡི་གེའི་དོན་གྱིས་འཆད་པ་
གསུངས་པ། དེ་ལྟར་སྣའི་བུ་གར་སོན་པའི་སྲོག་ཅེས་བྱ་བ་ནི་རྐན་དུ་རྣམ་པར་འཁོར་བ་ལས་ཡང་འོངས་པའི་སྲོག་གོ། །དེ་ཅིའི་ཕྱིར་ཞེ་ན། ལྟེ་བའི་དབུས་སུ་གཡོ་བ་ཞེས་བྱ་བ་སྟེ། རྡོ་རྗེའི་ལམ་ནས་ལྟེ་བའི་བར་དུ་འོང་བ་གང་གི་ཚེ་ལྟེ་བའི་གནས་སུ་ཀུན་དུ་འཕོ་བ་སྟེ། རྣམ་པར་
འཕོ་བ་ལས་ཞེས་བྱ་བ་ནི་གཡོན་པ་དང་གཡས་པའི་དབྱེ་བས་སོ། །དེའི་ཕྱིར་མཉམ་པར་རབ་ཏུ་འབབ་པའི་དུས་སུ་བྱའོ་ཞེས་བྱ་བ་ནི་ངེས་པའོ། །དེ་གསལ་བར་བྱ་བའི་དོན་དུ་གསུངས་པ། ལྟེ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དེ་བཞིན་དུ་གསུངས་སོ། །དེ་ལྟར་བྱས་
པས་ཅིར་འགྱུར་བ་གསུངས་པ། འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། རླུང་དང་བཅས་པའི་རྣམ་པར་ཤེས་པའི་གླེན་པའི་དངོས་པོར་སྨྱོ་བ་བཞིན་དུ་འཁོར་བ་སྟེ། དེས་དེའི་དུས་ཞེས་བྱ་བ་ལ་སོགས་པ་སྟེ་དངོས་པོ་ཐམས་ཅད་མཐོང་བ་ནི་རྐང་གཉིས་ལ་སོགས་པ་དེ་དང་
འདྲ་བར་སྒྲུབ་པར་བྱེད་དོ། །ལྷག་མ་ཇི་ལྟ་བ་བཞིན་ནོ། །སླར་ཡང་དེ་ལྟར་རྣལ་འབྱོར་ཧི་མ་ལ་ཡའི་ཡི་གེ་རྣམས་ཀྱིས་སྔོན་གྱི་སྦྱོར་བ་དེ་ཉིད་ཀྱི་ཉེ་བར་སྤྱོད་པ་བསྟན་པ་གསུངས་པ། ཧི་ཡིག་ཅེས་བྱ་བ་ལ་སོགས་པས་ཏེ། །འཕྱང་བའི་ཡེ་ཤེས་ཞེས་བྱ་བ་ནི་རྐན་གྱི་དབུས་སུ་ཡེ་ཤེས་
Vol. 20 · folio 246a
ཨ་ཝ་དྷཱུ་ཏཱི་ཧིའི་ཡི་གེའི་རྣམ་པ་དང་ནཱ་དའི་གཟུགས་ཀྱིས་ཏེ། དེར་རླུང་དང་རྣམ་པར་ཤེས་པ་འགྲོ་བའོ། །དེ་ལྟར་རབ་ཏུ་སྦྱོར་བ་དཔའ་བོ་རང་གིས་མངོན་སུམ་དུ་སྟེ་རླུང་དང་རྣམ་པར་ཤེས་པའི་བདག་ཉིད་པས་གསུངས་པ་ཞེས་བྱ་བའོ། །དེ་བཞིན་དུ་མའི་ཡི་གེའི་
གསུངས་པ། མ་ཡིག་རང་གིས་རིག་པ་ཞེས་བྱ་བ་ནི་བདག་ཉིད་ནམ་མཁའི་གཟུགས་སྐྱེས་ཏེ་དེ་ཉིད་ཕོ་ཉ་སྟེ་རང་གིས་རིག་པའི་བདག་ཉིད་སྔོན་གྱིའོ། །དེའི་ཕྱིར། བདག་ཉིད་རྣམ་པའི་གོ་འཕང་གནས། །ཞེས་བྱ་བའི་ཚིག་གིས་ཀྱང་ངོ་། །དེའི་ཕྱིར་ཐིམ་པ་ཞེས་བྱ་བ་ལ་སོགས་པ་ལ་དང་
ཡའི་ཡི་གེ་གཉིས་ཀྱི་དོན་གྱིས་ཏེ། སྔོན་གྱི་རྡོ་རྗེ་དང་ཆུ་སྐྱེས་ཀྱི་དབུས་སུ་ལོངས་སྤྱོད་དོ། །རྐན་གྱི་དབུས་སུ་ཐིམ་པ་སྟེ། དེ་ཅིས་ན་མཆོག་ཏུ་ཟག་པ་མེད་པའི་བདེ་བའི་རྣམ་པའི་གཟུགས་སུ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་རྟོག་པའི་བར་འགྲོ་བ་སྟེ། སངས་རྒྱས་ཀྱི་སྐུ་
ཞེས་བྱ་བ་ནི་སྔོན་དུ་གླེན་པར་གྱུར་པའི་སྨྱོན་པའི་འདུ་ཤེས་ཀྱིས་སོ། །རྣམ་པར་ཤེས་པ་རླུང་དང་བཅས་པའི་རྒྱུས་དེར་ཐིམ་པ་ཉིད་ཀྱིས་སངས་རྒྱས་ཀྱི་སྐུའི་གཟུགས་སྐུ་འགྲོའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཟད་པས་ཅི་བྱེད་པ་གསུངས་པ། རང་གིས་རིག་པའི་བདག་ཉིད་རིག་
པའི་སེམས་ཅན་རྣམས་ཀྱི་ལམ་འདི་འདྲ་བ་བསྟན་པ་བྱས་པས་སེམས་ཅན་དེ་རྣམས་ཀྱི་དོན་བྱས་པའི་ངེས་པས་དེའི་ཚེ་བྱང་ཆུབ་ཀྱི་ཡུལ་རྣམས་སུ་ཡོངས་སུ་མྱ་ངན་ལས་འདས་པར་འགྲོ་བའོ། །དེ་ལྟར་སྦྱོར་བ་རྣམས་ཀྱི་དང་པོར་ཅི་བསྒོམ་པར་བྱ་བ་ལ་སོགས་པ་གསུངས་པ།
བདུན་ཞེས་བྱ་བ་ལ་སོགས་པ་སྟེ། ལས་ཀྱི་རྣལ་འབྱོར་མ་ཞེས་བྱ་བ་ནི་བྱ་གདོང་མ་སྨྱོ་བའི་ལས་བྱེད་པ་མོའམ། རྣལ་འབྱོར་མ་ལས་རྣམས་སྒྲུབ་པ་མོའོ། །ལྷག་མ་རྟོགས་པར་སླའོ། །ད་ནི་འཁྲུལ་འཁོར་གྱི་འཁོར་ལོ་གསུངས་པ། །འཁྲུལ་འཁོར་ཞེས་བྱ་བ་ལ་
སོགས་པ་སྟེ། ཇི་ལྟར་སྔོན་གྱི་རྗེས་མཐུན་པ། །ཞེས་བྱ་བ་ནི་ཇི་ལྟར་སྔོན་དུ་བཤད་པའི་དུམ་བུ་གཅིག་གིས་དམན་པ་ལྔ་བཅུའི་བདག་ཉིད་ཅན་དུ་དེ་རྣམས་རབ་ཏུ་བཤད་པར་བྱ་བའོ། །ཡི་དགས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་ཁྱིའི་རང་བཞིན་ཉིད་ཀྱི་ཕྱིར་རམ་དེའི་རྣམ་པ་ཉིད་ཀྱིས་སོ། །སྔགས་
Vol. 20 · folio 246b
ཀྱི་ཕྲེང་བ་ནི་གནོད་མཛེས་རྒྱལ་པོའི་སྔགས་ཏེ་དེ་རྣམས་དགོད་པར་བྱའོ་ཞེས་བྱ་བ་སྟེ། ཇི་ལྟར་ཡོངས་སུ་རིམ་པས་སོ། །ཐོག་མ་ཞེས་བྱ་བ་རིའུ་མིག་ཐོག་མ་སྟེ། རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ཨོཾ་གྱི་ཡི་གེའོ། །དེ་ཉིད་ཅེས་བྱ་བ་ནི་མྦྷའི་ཡི་གེའོ། །རིག་བྱེད་དང་པོ་ནི་ཡི་གེ་ཨོཾ་མོ། །ལྷག་མ་
རྟོགས་པར་སླའོ། །ད་ནི་འཁྲུལ་འཁོར་དྲུག་རྣམས་ཀྱི་བར་སྐབས་སུ་རང་བཞིན་དང་མཚན་ཉིད་དང་འགྲོས་ཀྱི་རྣམ་པར་གཞག་པ་གསུངས་པ། ཆོས་ཞེས་བྱ་བ་ལ་སོགས་པ་སྟེ་ཡི་དགས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་རྒྱུ་བའི་རྣམ་པ་ཉིད་ཀྱི་ཁྱིའོ། །རོ་ནི་ཡི་དགས་འབྱུང་པོ་ཉིད་
པས་ཏེ་ལམ་ཉེ་བར་སྤྱོད་པས་སོ། །གཤིན་རྗེ་རྟོག་པ་ཟ་བས་སོ། །ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པ་དེ་རྣམས་ཟ་བའི་ཕྱིར་འདིར་དེ་ལྟའི་རིགས་པས་སོ། །རྟ་ཡང་གནས་དང་གནས་མིན་པར། །ཞེས་བྱ་བ་ནི་ཐམས་ཅད་དུ་དེ་ལྟར་
རིམ་གྱིས་མ་ཡིན་པར་སྤྱོད་པ་སྟེ། སྣ་ཚོགས་པའི་རྩ་རྣམས་སུ་དེས་གནས་ལ་སོགས་པར་འགྲོ་བའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སྙིང་པོའི་བྱང་ཆུབ་ཀྱིས། །ཞེས་བྱ་བ་ནི་སྙིང་པོ་ནི་རྡོ་རྗེའི་ཚུལ་ཏེ་མཆོག་ཏུ་ཟག་པ་མེད་པ་ལ་སོགས་པའི་ཡེ་ཤེས་དེ་འདིས་རབ་ཏུ་རྟོགས་པ་སྟེ། གང་ཞིག་
གིས་བྱང་ཆུབ་ཀྱིས་ཏེ་དེ་དེ་བཞིན་དུ་བཤད་དོ། །ཀླུ་ཞེས་བྱ་བ་ནི་ཀླུའི་འཁྲུལ་འཁོར་ཏེ་དེའི་ཇི་ལྟར་འཁྱོགས་པ་ཉིད་ཀྱིས་བགྲོད་པ་སྟེ་དེ་བཞིན་དུ་སྐྱེ་འགྲོ་ཐམས་ཅད་ཐེག་པ་ཆེན་པོ་ལ་གནས་པ་རྣམས་ཀྱིས་ཤིན་ཏུ་ཕྲ་བའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཁམས་ཀྱིས་འགྲོ་བ་དང་
འཇུག་པའོ། །རོ་ལངས་ཞེས་བྱ་བ་ནི་རོ་ལངས་ཀྱི་འཁྲུལ་འཁོར་འཆད་པར་འགྱུར་བ་ཉིད་ཀྱིས་ཏེ་དེའི་དགེ་བ་དང་མི་དགེ་བའི་འདྲེས་པའི་ལས་རྣམས་སུ་འགྲོ་ཞིང་འགྲོ་བར་གྱུར་པས། དེའི་ཚེ་སེམས་ཅན་དེ་རྣམས་སླུ་བས་རྟགས་བརྟན་པ་དང་ཡེ་ཤེས་ཀྱི་སེམས་སོ། །གཞན་
ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རིམ་པས་གཞན་གྱི་འཁྲུལ་འཁོར་རྣམས་ཐེག་པ་གསུམ་ལ་སོགས་པས་དེ་དེ་བཞིན་དུ་བཤད་པ་སྟེ་ལྷག་མ་སྔོན་བཞིན་ནོ། །དེ་ལྟར་ཡང་རྡོ་རྗེ་ཕག་མོའི་བཞི་པའི་འཁྲུལ་འཁོར་གྱི་འཁོར་ལོ་རྣམས་སུ་ཤེས་པར་བྱའོ་ཞེས་བྱ་བ་ནི་ངེས་པའོ། །
Vol. 20 · folio 247a
དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས། བྱ་གདོང་མའི་མིང་གི་ཡི་གེ་ལ་སོགས་པ་དང་ལྡན་པའི་རང་བཞིན་གྱི་ཡེ་ཤེས་སུ་གནས་པས་སྨྱོ་བར་བྱེད་པའི་རབ་ཏུ་སྦྱོར་བ་དང་སངས་རྒྱས་ཀྱི་གནས་སྐབས་
བསྒྲུབས་པ་དང་དེ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་ཡི་དགས་ཀྱི་འགྲོས་ཀྱི་འཁྲུལ་འཁོར་གྱི་འཁོར་ལོ་དང་ཁྱད་པར་དུ་བྱེད་པ་འཁྲུལ་འཁོར་རྣམས་ཀྱི་རྣམ་པར་གཞག་པ་བྱེད་པའི་ཆོ་གའི་མཚན་ཉིད་ཀྱི་རང་བཞིན་རྒྱས་པར་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་གཅིག་
པའི་འགྲེལ་པའོ།། །།འཁོར་ཤུགས་མ་ལ་ཕྱག་བྱས་ནས། །དགེ་བ་བསྒོམ་པ་བཤད་བྱ་སྟེ། །རེངས་པའི་དོན་གྱི་ལས་རྣམས་ཀྱི། །འཁྲུལ་འཁོར་ཀླུ་ཡི་འགྲོས་དེ་བཞིན། །ཡེ་ཤེས་བདུད་རྩིའི་རང་བཞིན་ཏེ། །རྣལ་འབྱོར་ཡེ་ཤེས་རྣམ་སྤེལ་བ། །ཐ་སྙད་དོན་དུ་
དེའི་འགྲེལ་པ། །ཆེན་པོ་བདག་གིས་བཤད་པར་བྱ། །ད་ནི་འཁོར་ལོའི་ཤུགས་ཅན་མའི་རེངས་པའི་ལས་ལ་སོགས་པ་ལེའུ་བཞི་བཅུ་རྩ་གཉིས་པའི་བཤད་པ་གསུངས་པ། དེ་ནས་བྲང་འགྲོའི་འཁོར་ལོ་ཞེས་བྱ་བ་སྟེ། བྲང་འགྲོ་ནི་ཀླུའི་རྣམ་པའོ། །འཁོར་ལོ་ཞེས་བྱ་བ་ནི་
འཆད་པར་འགྱུར་བའི་རེངས་པའི་ལས་རྣམས་སུའོ། །འཁྲུལ་འཁོར་འཁོར་ལོ་ཞེས་བྱ་བ་འཆད་པ་སྟེ་ཇི་ལྟ་བའི་རིམ་པས་སོ། །གང་གི་རབ་ཏུ་སྦྱོར་བས་འཆད་པར་གསུངས་པ། འཁོར་ཤུགས་མ་ཡི་རབ་སྦྱོར་བས། །ཞེས་བྱ་བ་སྟེ། འདི་རྣམས་ཀྱི་ཡི་གེ་སོ་སོའི་
དོན་གྱིས་དང་དེ་བཞིན་དུ་པྲེ་ཏ་པུ་རིའི་འདི་རྣམས་དང་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དོན་གྱིས་ཏེ། དེ་ལ་སོགས་པ་རེངས་པར་བྱ་བ་གསུངས་པ། བྱིས་པ་ཐམས་ཅད་ཀྱི་ཞེས་བྱ་བ་སྟེ། བྱིས་པའི་རིགས་ཅན་ཐ་མལ་པར་སྐྱེས་པ་རྣམས་ཀྱི་རྨོངས་པ་ནང་དང་
ནང་དུ་རྣལ་འབྱོར་པ་རྣམས་ཀྱི་ཏིང་ངེ་འཛིན་མ་བྱས་པ་དེའི་དུས་སུ་བྱུང་བ་རྣམས་ཀྱི་དེ་ལྟར་རེངས་པར་བྱེད་པ་ནི་རྣམ་པ་གཉིས་ཏེ། གཅིག་ནི་བཤད་པའི་ལས་ཀྱིས་བསྐྱེད་པ་རྣམས་ཀྱི་སྔོན་དུ་མཐོང་བ་ལ་སོགས་པའི་ལས་རྣམས་བྱེད་པའོ། །གཉིས་པ་ནི་དེའི་དུས་སུ་རྣམ་
Vol. 20 · folio 247b
པར་ཆད་པ་རྣམས་ཀྱི་བསྐྱེད་པའི་རྒྱུར་ནང་གི་བདག་ཉིད་ཀྱི་ལས་རྣམས་སོ། །དེས་དེ་ལྟར་མངོན་སུམ་དུ་སྔོན་གྱི་ལས་ཅན་རྣམས་ཀྱིས་སྡང་བའི་སེམས་ཅན་རྣམས་ལ་དྲན་པས་དེ་ལྟར་བྱེད་དོ། །འདིར་ཡང་འཁོར་ལོས་སྒྱུར་སོགས་ཞེས་བྱ་བ་ནི་རྒྱལ་པོ་རྣམས་སམ་རྒྱལ་པོའི་བློན་པོ་
རྣམས་ཀྱི་དཔུང་དག་གིས་གཡུལ་ངོར་མངོན་པར་ཕྱོགས་པས་བལྟས་ནས་དེར་རེངས་པའི་ལས་བྱེད་པ་ཞེས་བྱ་བ་སྟེ། འཁྲུལ་འཁོར་བྲི་བར་བྱ་བའི་ཕྱིར་རྫས་རྣམས་གསུངས་པ། ཡུང་བ་ཞེས་བྱ་བ་ལ་སོགས་པས་ཏེ། མི་ལ་སོགས་པའི་ཐོད་པའི་ཏེ་དེ་དེ་བཞིན་དུ་བཤད་དོ། །
ད་ནི་ཡི་གེ་རེ་རེའི་རབ་ཏུ་སྦྱོར་བ་གསུངས་པ། སྤྱོད་ཅེས་བྱ་བ་ལ་སོགས་པ་སྟེ། ཐོག་མ་ཉིད་དུ་རྩའི་ཡི་གེའི་དོན་གྱིས་ཏེ། ལྟེ་བའི་འོག་ཏུ་ཞེས་བྱ་བ་ནི་ལྟེ་བའི་འོག་རྩའི་གནས་སུའོ། །ཕྱེད་བཅས་གསུམ་ཞེས་བྱ་བ་ནི་ཕྱེད་དང་བཅས་པ་གསུམ་རོ་ལངས་ཀྱི་རྣམ་པའི་
གཟུགས་ཀྱི་བདག་ཉིད་ཅན་འཁྱིལ་པའི་རྣམ་པའོ། །དེར་དུས་ཐམས་ཅད་དུ་སྲོག་རྒྱུའོ། །དེར་གནས་ནས་ཐམས་ཅད་དུ་འགྲོ་བས་དེའི་འགྲོ་བ་དང་འོང་བ་རེངས་པར་བྱེད་དེ་གཡོ་བ་མེད་པའི་ཞེས་བྱ་བའི་དོན་ཏོ། །དེའི་རབ་ཏུ་སྦྱོར་བའི་སྒྲུབ་པ་གསུངས་པ། རིམ་པ་ཞེས་
བྱ་བ་ལ་སོགས་པ་སྟེ། སྐྲའི་ཡི་གེའི་དོན་གྱིས་ཏེ། །རིམ་གྱིས་དབུགས་ནི་དབྱུང་བ་སྟེ། །ཞེས་བྱ་བ་ནི། འོག་དང་སྟེང་དུ་རྣམ་པར་བཟུང་བར་འགྱུར་བས་དེའི་དུས་སུ་ཤིན་ཏུ་ཡང་བ་ཉིད་ཀྱིས་རིམ་གྱིས་སྟེང་དུ་དབུགས་དབྱུང་བར་བྱའོ། །དེ་ནི། ཕྱག་རྒྱ་བཟང་མོར་བཅས་པས་
སོ། །ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་པས་བགྲོད་པའི་རྣལ་འབྱོར་པ་རྣམས་ཀྱི་གཏུམ་མོ་ལ་སོགས་པའི་འདོད་ཆགས་ཀྱི་མེས་ཨ་ཝ་དྷཱུ་ཏཱིར་རབ་ཏུ་གཞུག་པ་སྟེ་དེ་ཉིད་ལྷ་རྫས་ཀྱི་ཕྱག་རྒྱའི་ཡན་ལག་ཅན་མ་སྟེ་དེའི་ཐིམ་པ་རྣམ་པར་ཤེས་པ་བདེ་བའི་དབུས་རྣམས་སུ་སྟེ་ཐམས་ཅད་
ཀྱི་བདག་ཉིད་དུའོ། །བདེ་བ་ཉིད་ཀྱང་ལུས་ཐམས་ཅད་ལ་ཐིམ་ནས་འགྲོ་སྟེ་ཁྱབ་བདག་ཅེས་བྱ་བའི་ཚིག་གིས་སོ། །དེ་ལྟར་གཡོས་པར་བྱེད་པ་ལ་སོགས་པས་པའི་ཡི་གེའི་དོན་གྱིས་སོ། །དཔག་ཚད་ཅེས་བྱ་བ་ལ་སོགས་པས་གའི་དོན་གྱིས་ཏེ། འཁོར་ལོའི་ཤུགས་ཅན་
Vol. 20 · folio 248a
མའིའོ། །དེ་བཞིན་དུ་པྲེ་ཏ་པུ་རིའི་གསུངས་པ། བསྐྱོད་ཅེས་བྱ་བ་ལ་སོགས་པས་པྲེའི་ཡི་གེའི་དོན་གྱིས་སོ། །དེ་ཞེས་བྱ་བ་ལ་སོགས་པས་ཏའི་ཡི་གེའི་དོན་གྱིས་སོ། །སླར་ཡང་ཞེས་བྱ་བ་ལ་སོགས་པས་པུའི་ཡི་གེའི་དོན་གྱིས་སོ། །རི་ནི་ཞེས་བྱ་བ་ལ་
སོགས་པས་རའི་ཡི་གེའི་དོན་གྱིས་ཏེ། །ཐམས་ཅད་རྟོགས་པར་སླའོ། །འོན་ཀྱང་། བྱང་ཆུབ་ཡན་ལག་དགའ་ལས་སྐྱེས། །ཞེས་བྱ་བ་ནི་དགའ་བ་དང་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ་རྗེས་སུ་ཆགས་པའི་ཚུལ་གྱིས་ཐམས་ཅད་ཀྱི་རང་བཞིན་དུ་བྱུང་བ་སྟེ་འདི་ནི་ཁྱད་པར་རོ། །དེ་ནི་དེ་
ལྟར་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་ཚོགས་ལ་སོགས་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་རྣམས་གསུངས་པ་སྟེ། གཞན་ནོ་ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །ད་ནི་འཁྲུལ་འཁོར་གྱི་འཁོར་ལོ་གསུངས་པ། འཁོར་ལོ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། སྔོན་
དུ་བརྗོད་པ་ཞེས་བྱ་བ་ནི་ཇི་ལྟར་སྔོན་དུ་བྱས་པ་དེ་དེ་བཞིན་དུ་ཐོག་མ་ཞེས་བྱ་བ་ནི་ཐོག་མའི་རེའུ་མིག་ལའོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ཡི་གེ་ཨོཾ་མོ། །རླུང་གི་ས་བོན་ཞེས་བྱ་བ་ནི་ཡི་གེ་ཡའོ། །ལྷག་མ་རྟོགས་སླའོ། །འོན་ཀྱང་དེ་ལྟར་ཐམས་ཅད་རྡོ་རྗེ་ཕག་མོའི་འཁྲུལ་
འཁོར་གྱི་འཁོར་ལོ་ལྔ་པར་རབ་ཏུ་བྱ་བ་སྟེ། ཀུན་དུ་སྤྱོད་པ་ཡང་སྔོན་བཞིན་དུ་བྱའོ་ཞེས་བྱ་བ་ནི་ངེས་པའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས། འཁོར་ལོའི་ཤུགས་ཅན་མའི་རབ་ཏུ་སྦྱོར་བ་ལ་སོགས་པས་
ནང་གི་བདག་ཉིད་ཀྱི་དང་ཕྱི་མའི་ཡང་རེངས་པར་བྱ་བ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་བྲང་འགྲོའི་འཁྲུལ་འཁོར་གྱི་འཁོར་ལོའི་ཉེ་བའི་སྙིང་པོའི་སྔགས་ཀྱི་ཆོ་གའི་མཚན་ཉིད་རྣམས་རྒྱས་པར་བསྟན་པ་སྟེ་ལེའུ་བཞི་བཅུ་རྩ་གཉིས་པའི་བཤད་པའོ།། །།རབ་
ཏུ་སྦྱོར་བ་སྒྲུབ་མཆོག་མ། །དུམ་སྐྱེས་མ་ལ་ཕྱག་བྱས་ནས། །སྦྱིན་སྲེག་ཐབས་རྗེས་མཐུན་རྣམས་སུ། །ལས་ཐམས་ཅད་ཀྱིས་བསྐྲད་པ་སྟེ། །རྒྱུད་རྣམས་ཀུན་དུ་རྙེད་དཀའ་བ། །རྣལ་འབྱོར་རྣམས་ལ་ཡང་འཆད་པའི། །དགོས་པ་རྙེད་སླའི་འགྲེལ་པ་ནི། །གནང་བས་བདག་
Vol. 20 · folio 248b
གིས་རབ་སྨྲ་བྱ། །ད་ནི་ལེའུ་བཞི་བཅུ་རྩ་གསུམ་པའི་དུམ་སྐྱེས་མའི་བཤད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ལས་ཐམས་ཅད་པའི་ཐབས་ཞེས་བྱ་བ་ནི་ལེའུ་ཉི་ཤུ་རྩ་བཞི་པར་བཤད་པའི་མཚན་ཉིད་ཀྱིས་ཤེས་པར་བྱའོ། །ཆོ་ག་མཐོང་བས་ཞེས་བྱ་བ་ནི་འཆད་པར་
འགྱུར་བའི་སྦྱོར་བ་དེ་བལྟས་ནས་དེའི་ཆོ་ག་ལས་རྣམས་རབ་ཏུ་སྦྱོར་བར་བྱའོ། །བསྐྲད་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་རང་གི་སེམས་ལ་སོགས་པ་རྣམས་སོ། །དེ་ལྟར་དུམ་སྐྱེས་མ་ལ་སོགས་པ་རྣམས་ཀྱི་ཡི་གེའི་རབ་ཏུ་སྦྱོར་བ་རྣམས་གསུངས་པ། ནམ་མཁའི་ཞེས་བྱ་བ་ལ་སོགས་པ་
སྟེ། ཁའི་ཡི་གེའི་དོན་གྱིས་ཏེ་ནམ་མཁའི་བུ་ག་ཞེས་བྱ་བ་ནི་ཁ་ག་མུ་ཁ་དང་། རྡོ་རྗེ་དང་ཆུ་སྐྱེས་ཀྱི་སྦྱོར་བས་དེ་རྣམས་ཀྱི་དབུས་སུ་གང་ལྷུང་བའི་བྱང་ཆུབ་ཀྱི་སེམས་ཏེ། ཙིཏྟའི་ཡི་གེས་སེམས་ཀྱིས་དེའི་སྟེང་དུ་བསྐྱོད་ནས་འདོད་ཆགས་ཆེན་པོ་ཞེས་བྱ་བ་ནི་འདིར་ནི་འཛག་པ་ནི་ཐུར་སེལ་
དང་མཆུ་དེས་བཙིར་བས་དེས་སྟེང་དུ་འགྲོ་བའོ། །དེར་སླར་ཡང་སྐམ་བྱ་ཨཱའི་རྣམ་པ་ཡིས་ཞེས་བྱ་བ་ནི་ཨཱའི་རྣམ་པ་ཅན་ནི་བུམ་པ་ཅན་གྱི་སྦྱོར་བས་རྣམ་པར་བཟུང་བར་གྱུར་པས་ཐམས་ཅད་དུ་ཐིམ་ནས་འགྲོ་བ་སྟེ་ཁམས་ཐམས་ཅད་དུ་བསྡུ་བ་བྱས་སླར་ཡང་མགོ་བོའི་དབུས་སུ་
འོང་བ་སྟེ་མགོ་བོར་རྣམ་པར་གཟུང་བར་བྱ་ཞེས་བྱ་བའི་ཚིག་གིས་སོ། །དེར་གནས་པ་སླར་ཡང་ཎྜའི་ཡི་གེའི་དོན་གྱིས་གསུངས་པ། ཎྜ་ཞེས་བྱ་བ་ལ་སོགས་པ་སྟེ། འགྲོ་བར་བྱ་ཞེས་བྱ་བ་ནི་རྒྱུན་མི་ཆད་པར་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་གོམས་པས་རྩ་ཐམས་ཅད་དུ་བགྲོད་
པར་བྱའོ། །འདི་བྱས་པས་ཅིར་འགྱུར་ཞེ་ན། མདའི་ཤུགས་ཀྱིས་ཡོངས་སུ་འཁོར་ཞེས་བྱ་བ་སྟེ། ཇི་ལྟར་མདའི་ཤུགས་ཀྱིས་འགྲོ་བ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྲོག་ཡོངས་སུ་འཁོར་བར་འགྱུར་རོ། །དེ་ལྟར་སླར་ཡང་བརྟན་པར་བྱེད་པར་གསུངས་པ། རླུང་
གི་དཀྱིལ་འཁོར་ཅན་བསྒོམ་བྱ། །ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་སྲོག་གི་ཐིག་ལེ་དེ་ཟླ་བ་ཕྱེད་པའི་རྣམ་པར་གྱུར་ཏོ། །གང་དུ་ཞེ་ན། མགོ་བོའི་དབུས་སུ་དང་འཕྱང་བར་དེ་ཉིད་རྒྱལ་མཚན་ཏེ་ལོངས་སྤྱོད་ཀྱི་རླབས་གཉིས་རྒྱལ་མཚན་གྱི་རྣམ་པར་རེག་པས་སོ། །དེར་
Vol. 20 · folio 249a
ཅི་བྱ་བ་རོའི་ཡི་གེས་གསུངས་པ། བསྐྱེད་པར་བྱ་ཞེས་བྱ་བ་ལ་སོགས་པ་སྟེ་རྣམ་པར་ཤེས་པ་དེར་གཞག་པར་བྱ་བ་སྟེ། འདིའི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་དཔག་ཚད་འབུམ་ཕྲག་སྟོང་ཕྲག་སྟེ་ཉེ་བར་མཚོན་པ་ཙམ་མོ། །འོན་ཀྱང་གྲངས་མེད་པའི་དཔག་ཚད་
རྣམས་སུ་ཡེ་ཤེས་ལྷུང་ངོ་། །དེ་ལྟར་བྱས་པས་འཐོབ་པའི་ཕྱིར་དེ་དེ་བཞིན་དུ་བཤད་དོ། །དེ་ལྟར་ལྷར་ཡང་ཅི་དང་ལྡན་པས་བྱ་བ་གསུངས་པ། ཧཱ་ཞེས་བྱ་བ་ལ་སོགས་པ་སྟེ་ཧཱའི་ཡི་གེའི་དོན་གྱིས་ཏེ། མཁའ་འགྲོའི་སྦྱོར་བས་ཞེས་བྱ་བ་ནི་ནམ་མཁའ་ལ་ཞེན་པས་བལྟས་
པ་སྟེ་ཤིན་ཏུ་འཁྱུག་པ་ཉིད་ཀྱིས་སྲོག་འབབ་པའོ། །དེར་རང་གི་སེམས་ཀྱིས་བརྒད་པ་སྟེ་ཧཱ་ཧཱ་ཞེས་བྱ་བ་ལ་སོགས་པ་བྱས་པས་སྔོན་དུ་བཤད་པར་འགྱུར་རོ། །རྣལ་འབྱོར་མ་བྱེད་དེ་དེར་རང་གི་རྩ་རྒྱུན་དུ་གྱེན་དུ་འཕོ་བར་བྱ་བའོ་ཞེས་བྱ་བ་ནི་རྩ་ཐམས་ཅད་ནས་ཨ་ཝ་དྷཱུ་ཏཱིའི་ནང་
དུ་རབ་ཏུ་འབབ་པར་བྱ་བ་སྟེ། མཁའ་སྤྱོད་དུ་འགྲོ་བའི་བྱ་བས་བདག་ཉིད་ཀྱི་དེ་དེ་ལྟར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གྲིའི་ཡི་གེས་གསུངས་པ། ཁྱིམ་ནི་དབུ་མའི་ནང་དུ་སྟེ། འཆི་བ་ནི་རྣམ་པར་ཐིམ་པ་ཉིད་དུ་འགྲོ་བའོ། །དེའི་ཕྱིར་རང་གི་རྩ་རྒྱུན་དུ་གྱེན་དུ་འཕོ་
བར་བྱ་བའོ། །འདི་བྱས་པས་ཧའི་ཡི་གེ་དོན་གྱིས་འཕྲོག་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་དུ་དེའི་ཡི་གེའི་དོན་གྱིས་སྦྱིན་ཞེས་བྱ་བ་ལ་སོགས་པས་སོ། །བའི་ཡི་གེའི་དོན་གྱིས་ཀྱང་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་སོ། །སླར་ཡང་ཧའི་ཡི་གེའི་དོན་གྱིས་དེ་སྲིད་ཅེས་བྱ་བ་
ལ་སོགས་པ་སྟེ་ཐམས་ཅད་རྟོགས་པར་སླའོ། །རབ་ཏུ་ཞེས་བྱ་བ་ལ་སོགས་པར་ཆོས་ཐམས་ཅད་གསལ་བ་རབ་ཀྱི་མཐར་ཕྱིན་པའི་ཡེ་ཤེས་དང་ཤེས་བྱའི་བདག་ཉིད་རྣམས་སུའོ། །སྦྱོར་བ་རྫོགས་པར་བྱ་བ་སྟེ་དེའི་ཕྱིར་བྱང་ཆུབ་འཐོབ་པར་བྱེད་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་ཅེས་
བྱ་བ་ནི་དེ་དེ་བཞིན་དུ་བཤད་དོ། །དེ་ལྟར་ཤེས་བྱས་ནས་ཞེས་བྱ་བ་ནི་རིག་པ་བྱས་ནས་སོ། །བྱེ་བྲག་ཆོས་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ་དེ་བཞིན་ནོ། །ཐེག་པ་ཆེན་པོ་ཞེས་བྱ་བ་ནི་དེའི་གཟུགས་ཉིད་པས་བསྐྲད་པར་འགྱུར་རོ། །འོན་ཀྱང་ཕྱི་རོལ་དུ་ནི་དྲན་པ་ཙམ་གྱིས་དང་
Vol. 20 · folio 249b
བཀླགས་པས་འགྲུབ་པ་ཉིད་ཀྱི་ཕྱིར་རོ། །འདི་དེའི་དོན་དུ་སྦྱིན་སྲེག་གསུངས་པ། བྱ་རོག་ཅེས་བྱ་བ་ལ་སོགས་པ་སྟེ། གོ་ཆའི་རྣལ་འབྱོར་མའི་སྔགས་རྣམས་ཀྱིས་དེས་བྱ་བ་དེ་གཞན་རྟོགས་པར་སླའོ། །ད་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་དང་པོའི་རྣལ་འབྱོར་དཀྱིལ་འཁོར་གྱི་འཁོར་
ལོ་བསྒོམ་པ་གསུངས་པ། རྩ་བདུན་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་སྔོན་བཞིན་ནོ། །ལྷག་མ་རྟོགས་པར་སླའོ། །ད་ནི་རོ་ལངས་ཞེས་བྱ་བའི་འཁྲུལ་འཁོར་བཤད་པར་བྱ་སྟེ་གང་གིས་བསམ་པ་ཙམ་གྱིས་བསྐྲད་པའི་ལས་འགྲུབ་པ་སྟེ། དེ་ཉིད་གསུངས་པ། འཁྲུལ་
འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ཡི་གེ་ཨོཾ་མོ། །དེ་ཉིད་ཅེས་བྱ་བ་ནི་ཡི་གེ་ཨོཾ་དེ་ཉིད་དོ། །ཛ་ཡིག་དང་པོར་སྦྱིན་པར་བྱ། །ཞེས་བྱ་བ་ནི་དུམ་བུ་འདི་ལ་ཧཱུྃ་གི་ཡི་གེའི་དང་པོར་ཛའི་ཡི་གེ་སྦྱིན་པར་བྱའོ། །སུམ་ཅུ་པ་ལ་དེ་ཉིད་ཅེས་བྱ་བ་ནི་ཧཱུྃ་གི་ཡི་
གེ་སྦྱིན་པར་བྱའོ། །རོ་ལངས་ཞེས་བྱ་བ་ནི་སྟག་གི་རྣམ་པར་བྱས་ནས་དེའི་ཁ་རུའོ། །ལྷག་མ་རྟོགས་སླའོ། །དེ་ལྟར་ཡང་ཐམས་ཅད་རྡོ་རྗེ་ཕག་མོའི་འཁྲུལ་འཁོར་དང་སྔགས་དང་འཁོར་ལོ་དྲུག་པར་བྱའོ། །ཀུན་དུ་སྤྱོད་པ་ཡང་སྔོན་དུ་བཤད་པའི་ཆོ་གས་སོ། །དཔལ་
མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས། དུམ་སྐྱེས་མའི་མིང་གི་ཡི་གེ་ལ་སོགས་པའི་རབ་ཏུ་སྦྱོར་བ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པས་བསྐྲད་པའི་ལས་ཀྱི་འཁྲུལ་འཁོར་གྱི་འཁོར་ལོའི་མཚན་ཉིད་ཀྱི་ཆོ་ག་རྒྱས་པར་
བསྟན་པ་ཞེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་གསུམ་པའི་བཤད་པའོ།། །།དབྱེ་བའི་ལས་ནི་བྱེད་པ་མོ། །ཆང་འཚོང་མར་རྒྱུན་བདག་བཏུད་ནས། །མིང་གི་ཡི་གེ་རབ་སྦྱོར་བས། །འཁྲུལ་འཁོར་ཟུང་དུ་གནས་པ་མོ། །སེམས་ཅན་ཀུན་ལ་རྗེས་ཆགས་ཕྱིར། །ཕྱི་རོལ་
བཀླགས་པས་གྲུབ་པ་མོ། །ནང་བདག་ཉིད་དུ་རྟག་གྲུབ་བྱའི། །འགྲེལ་པ་ཡང་ནི་བཤད་པར་བྱ། །ད་ནི་ཆང་འཚོང་མའི་ལེའུ་བཞི་བཅུ་རྩ་བཞི་པའི་བཤད་པ་གསུངས་པ། དེ་ནས་རོ་ལངས་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་རོ་ལངས་ཟུང་གི་འཁྲུལ་འཁོར་ཞེས་བྱ་བ་
Vol. 20 · folio 250a
ནི་རྩངས་པ་དང་རོ་ལངས་སུ་བཅས་པས་ལྷན་ཅིག་གནས་པ་སྟེ་དེ་དེ་བཞིན་དུ་བཤད་དོ། །དགྲ་རྣམས་ཕྱོགས་གཅིག་པར་གནས་པར་དེའི་ཚེ་དེ་རྣམས་ཀྱི་དབྱེ་བ་བྱ་བའོ། །གང་རྣམས་ཀྱིས་བྱ་ཞེ་ན། རྟ་དང་མ་ཧེའི་འཁྲུལ་འཁོར་དག་གི་བྱ་བའོ། །ཡང་ན་
དབྱེ་བ་ཞེས་བྱ་བ་ནི་ལས་ཀྱི་ཁྱད་པར་ཏེ་དེ་རྣམས་མཐར་ཐུག་པར་མདོར་བསྡུས་པ་རབ་བཤད་བྱ་ཞེས་བྱ་བ་ནི་ཉུང་ངུ་བསྡུས་པ་སྟེ་སྒྲུབ་པ་པོ་རྣམས་ཀྱི་བསམས་པའི་འབྲས་བུ་སྟེར་བ་པོ་སྟེ། དེ་ཡང་ཆང་འཚོང་མའི་རབ་ཏུ་སྦྱོར་བས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཡི་གེ་སོ་སོའི་ངེས་
པའི་ཚིག་གིས་དང་དེ་བཞིན་དུ་སཽ་རཥྚའི་མིང་དང་བྱང་ཆུབ་ཀྱི་ཡན་ལག་གི་མདོར་བསྡུས་ནས་བསྟན་པ་དང་དེའི་རྒྱས་པར་བཤད་པ་རབ་ཏུ་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ཏོ། །དེ་རྣམས་སུ་གསུངས་པ། སྦྱོར་བྱེད་ཅེས་བྱ་བ་ལ་སོགས་པ་སྟེ། མྱོས་བྱེད་ཆེན་མོ་ཞེས་བྱ་བ་ནི་
ལེའུ་ཐོག་མ་ནས་བརྩམས་ནས་སྐབས་འདིའི་བར་དུ་བྱང་ཆུབ་ཀྱི་སེམས་ཀྱི་སྣ་ཚོགས་པའི་མན་ངག་བསྒོམས་པས་བདུད་རྩི་རྒྱུན་མི་འཆད་པར་གསལ་བར་མཐར་ཕྱིན་པར་ཡང་དག་པར་བསྐྱེད་དོ། །དེ་ཉིད་མྱོས་བྱེད་ཆེན་མོ་སྟེ་བདེ་བ་ཐམས་ཅད་དུ་གནས་པ་ཉིད་པས་བཤད་དུ་མེད་
པའི་བདེ་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཤཽའི་ཡི་གེས་རབ་ཏུ་བཤད། །ཅེས་བྱ་བ་ནི་ཤཽ་ནི་ཤི་བའི་རོ་སྟེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བདུད་རྩི་འཛག་པ་སྟེ་དེ་ནི་མྱོས་བྱེད་དེ་དེས་ཤཽའི་ཡི་གེས་བཤད་པའོ། །དེའི་ཕྱིར་མཆོག་གི་བཅུད་ལེན་ཏེ་བཅུད་ལེན་ཐམས་ཅད་ཀྱི་དབུས་སུ་གྱུར་
པ་དམ་པའི་དངོས་པོའི་རོ་མཆོག་གི་བདུད་རྩིའི་བཅུད་ལེན་ཏེ་དེ་འཛིན་པ་ནི་ཡོངས་སུ་འཛིན་པར་བྱེད་དེ། མཆོག་གི་གཙོ་བོ་སྟེ་བརྗོད་དུ་མེད་པའི་བདུད་རྩིའོ། །པདྨར་ཞེས་བྱ་བ་ནི་ཁམས་ཐམས་ཅད་སོ་སོར་གྱུར་ནས་སྣ་ཚོགས་པའི་རྩ་ལ་སོགས་པ་དེ་རྣམས་ཀྱི་མཆོག་གི་པདྨར་
རྣམ་པར་གནས་པ་སྟེ་མང་པོའི་ཚིག་གོ། །དེ་ལྟར་འདིའི་སྦྱོར་བ་སྔོན་དུ་རྒྱ་ཆེ་བར་བཤད་དེ། ད་ནི་མི་ནུས་པས་མདོར་བསྡུས་པས་བཤད་བྱ་བའོ། །དེ་རྣམས་གསུངས་པ། སྨིན་མ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ན་སྣལ་མ་བ་ཐག་གཞོན་ནུ་ལྟ་བུའི་རྒྱུན་མི་འཆད་པར་བསམ་
Vol. 20 · folio 250b
པར་བྱའོ། །སྙོམས་འཇུག་ཅེས་བྱ་བ་ནི་རླུང་དང་རྣམ་པར་ཤེས་པ་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་སྣལ་མའི་དབུས་སུ་འཇོམས་པར་བྱས་ནས་གོམས་པར་བྱའོ། །དེར་སྐྱེས་པར་གྱུར་པར་རེག་ཏུ་མི་བཏུབ་ཅེས་བྱ་བ་ནི་རེག་པ་མེད་པ་སྟེ་རང་གིས་ནི་ཡེ་ཤེས་དང་རྣམ་པར་ཤེས་པའི་བདག་
ཉིད་ཅན་གྱི་ཆོས་ནམ་མཁའི་གཟུགས་ཅན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ལྷག་མ་རྟོགས་པར་སླའོ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གསུངས་པ། དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། གཙོ་མོ་མཆོག་ཅེས་བྱ་བ་ནི་ཆང་འཚོང་མ་ཉོན་མོངས་པ་དང་ཉེ་བའི་ཉོན་
མོངས་པ་ཐམས་ཅད་ཀྱང་ཉམས་པར་བྱེད་པའི་ཕྱིར་མཆོག་གོ། །མཚོན་ཆ་རྣམས་ཞེས་བྱ་བ་ནི་སྔོན་བཞིན་ནོ། །གཞན་རྟོགས་པར་སླའོ། །ད་ནི་འཁྲུལ་འཁོར་གྱི་འཁོར་ལོ་བྲི་བ་གསུངས་པ། དུར་ཁྲོད་སོལ་བ་ཞེས་བྱ་བ་ལ་སོགས་པ་སྟེ། སྨན་ཐམས་
ཅད་ཅེས་བྱ་བ་ནི་ནང་གི་བདག་ཉིད་དུ་འཆད་པའོ། །དེའི་རྒྱུ་སྐར་རྒྱལ་ལ་སོགས་པས་ཞེས་བྱ་བ་ནི་ཇི་ལྟར་ཕྱི་རོལ་དུ་རྒྱལ་ལ་སོགས་པའི་སྦྱོར་བས་སྨན་ཐམས་ཅད་བླང་བར་བྱ་བ་སྟེ། རྒྱུ་སྐར་སོ་སོའི་རྗེས་སུ་མཐུན་པ་ཡིས་ཀྱང་ངོ་། །དེ་བཞིན་དུ་ནང་གི་བདག་ཉིད་ཀྱི་སྨན་ཁམས་
མཉམ་པས་རོ་ཐམས་ཅད་གཟུང་བར་བྱའོ། །རང་གི་སེམས་སྣག་ཚས་བྲི་བར་བྱ་བ་ནི་འཇུག་པར་བྱ་བ་སྟེ་རང་གིས་རིག་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འཁོར་ལོ་གསུངས་པ། འཁོར་ལོ་སྔོན་ཞེས་བྱ་བ་ལ་སོགས་པ་སྟེ། ཕན་ཚུན་ཟུང་ཞེས་བྱ་བ་ནི་གྲུ་བཞི་རྣམས་
བསྐོར་ཞིང་བསྐོར་བས་བརྗོད་པར་བྱ་བའོ། །དེ་ལྟར་རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ཨོཾ་གྱི་ཡི་གེའོ། །སྒོ་བཞི་སྟོང་པ་ཞེས་བྱ་བ་ནི་སྒོ་བཞི་རྣམས་ཀྱི་དུམ་བུ་བཞི་རྣམས་སུ་ཡི་གེ་རྣམས་མི་སྦྱིན་པའོ། །ལྷག་མ་ཞེས་བྱ་བ་ནི་དུམ་བུ་གཞན་རྣམས་ཏེ། དེ་ལྟར་ཐོག་མའི་ཕྲེང་
རྣམས་སུ་ཞེས་བྱ་བ་ནི་དེ་ལྟར་གཉིས་གསུམ་ལྔ་དྲུག་པ་རྣམས་སུ་སྟེ། དུམ་བུ་བཞི་རྣམས་སུ་རིམ་པ་ཇི་ལྟ་བས་སྔགས་ཀྱི་ཡི་གེ་འདི་རྣམས་དགོད་པར་བྱའོ། །དེ་ལྟར་ཧའི་ཡི་གེ་གཉིས་པར་རོ། །སུའི་ཡི་གེ་གསུམ་པར་རོ། །མྦྷའི་ཡི་གེ་ལྔ་པར་རོ། །གྲིའི་ཡི་གེ་དྲུག་པར་རོ། །
Vol. 20 · folio 251a
དེ་ལྟར་གཉིས་པ་ཞེས་བྱ་བ་ནི་ཕྲེང་གཉིས་པ་རྣམས་ལ་སྟེ་རེའུ་མིག་བདུན་རྣམས་ལ་ཇི་ལྟ་བའི་རིམ་པས་ཡི་གེ་རྣམས་གསུངས་པ། བརྒྱད་པར་གྲི། དགུ་པར་ཡི་གེ་ཡ་དང་ཡི་གེ་ཧོ་དག་གོ། །བཅུ་པར་ཡི་གེ་གྲི། །བཅུ་གཅིག་པར་བྷའི་ཡི་གེ་དང་གའི་ཡི་གེ་དག་
གོ། །བཅུ་གཉིས་པར་སའི་ཡི་གེ་དང་ཡའི་ཡི་གེ་དག་གོ། །བཅུ་གསུམ་པར་ཡི་གེ་ཝཱན་དང་ཡི་གེ་བའི་དག་གོ། །བཅུ་བཞི་པར་ཡི་གེ་ཌའོ། །གསུམ་པ་ཞེས་བྱ་བ་ནི་ཕྲེང་གསུམ་པ་རྣམས་ལ་སྟེ། དབུས་མའི་ལོགས་ཞེས་བྱ་བ་ནི་དུམ་བུ་བདུན་རྣམས་ཀྱི་དབུས་མའི་དུམ་བུ་
སྟོང་པ་སྟེ་དེའི་ལོགས་གཉིས་དག་ཏུ་གསུམ་གསུམ་རྣམས་སུ་སྔགས་ཀྱི་ཡི་གེ་རྣམས་སྦྱིན་པར་བྱ་བ་སྟེ། གསུངས་པ། དེ་ལྟར་བཅོ་ལྔ་པ་ལ་ཡི་གེ་ཕཊ་དོ། །བཅུ་དྲུག་པ་ལ་ཡི་གེ་ཧྣ། བཅུ་བདུན་པ་ལ་ཡི་གེ་ཧཱུྃ། བཅུ་དགུ་པ་ལ་ཡང་ཡི་གེ་ཧཱུྃ། ཉི་ཤུ་པ་ལ་ཡི་གེ་ཧྣ། ཉི་ཤུ་རྩ་གཅིག་
པ་ལ་ཡི་གེ་ནི་སྦྱིན་པར་བྱའོ། །བཞི་པ་ཞེས་བྱ་བ་ནི་ཕྲེང་བཞི་པ་རྣམས་སུ་སྟེ། དབུས་མ་ལས་འདི་རྣམས་ཐམས་ཅད་ཅེས་བྱ་བ་ནི་དུམ་བུ་བདུན་རྣམས་ཀྱི་དབུས་སུ་གསུམ་སྟོང་པའོ། །དེ་བཞིན་དུ་སྒོའི་ལོགས་སུ་རེ་རེ་སྟོང་པ་སྤངས་པར་བྱ་བ་སྟེ། ལྷོ་དང་བྱང་གི་དུམ་བུ་གཉིས་སུ་ཡི་
གེ་རྣམས་གཉིས་གཉིས་སུ་གསུངས་པ། །དེ་ལྟར་ཉི་ཤུ་རྩ་གསུམ་པར་ཡི་གེ་ཡ་དང་ཡི་གེ་ན་དག་གོ། །ཉི་ཤུ་རྩ་བདུན་པར་ཡི་གེ་ཏྱཱ་དང་ཡི་གེ་ར་དག་གོ། །ལྔ་པའི་ཕྲེང་རྣམས་དགོད་དོ་ཞེས་བྱ་བ་ནི་དུམ་བུ་གསུམ་པའི་ཕྲེང་བཞིན་བྱ་བ་སྟེ། འདིའི་ཡི་གེ་རྣམས་གསུངས་པ། ཉི་ཤུ་རྩ་དགུ་
པར་ཡི་གེ་ཧཱུྃ། སུམ་ཅུ་པ་ལ་ཡི་གེ་པ་དང་ཡི་གེ་ཡ་དག་གོ། །སུམ་ཅུ་རྩ་གཅིག་པར་ཡི་གེ་ཧཱུྃ། སུམ་ཅུ་རྩ་གསུམ་པར་ཡི་གེ་ཧཱུྃ། སུམ་ཅུ་རྩ་བཞི་པར་ཡི་གེ་གྲི །སུམ་ཅུ་རྩ་ལྔ་པར་ཡི་གེ་སུ་དགོད་པར་བྱའོ། །དེ་བཞིན་དུ་དྲུག་པའི་ཕྲེང་གི་དུམ་བུ་རྣམས་ལ་རིམ་པ་ཇི་ལྟ་བས་
བདུན་རྣམས་གསུངས་པ། དེ་ལྟར་སུམ་ཅུ་རྩ་དྲུག་པ་ལ་ཡི་གེ་ཧྣ། སོ་བདུན་པ་ལ་ཡི་གེ་ཨཱ་དང་ཡི་གེ་ན་དག་གོ། །སུམ་ཅུ་རྩ་བརྒྱད་པར་ཡི་གེ་ཧཱུྃ་དང་ཡི་གེ་ཧཱུྃ་དག་གོ། །སུམ་ཅུ་རྩ་དགུ་པར་ཡི་གེ་ཧཱུྃ་དང་ཡི་གེ་ཕཊ་དག་གོ། །བཞི་བཅུ་པར་ཡི་གེ་ཕཊ་དོ། །བཞི་བཅུ་རྩ་གཅིག་པར་ཡི་གེ་ཛ་
Vol. 20 · folio 251b
དང་ཡི་གེ་ཧཱུྃ་དག་གོ། །བཞི་བཅུ་རྩ་གཉིས་པར་ཡི་གེ་ཕའོ། །བདུན་པར་ཞེས་བྱ་བ་ནི་ཕྲེང་བདུན་པའི་དུམ་བུ་བདུན་པ་རྣམས་ལ་དབུས་ཀྱི་དུམ་བུ་གཅིག་སྒོར་དོར་བར་བྱའོ། །ལྷག་མ་དྲུག་རྣམས་ཏེ་ལོགས་གཉིས་སུ་གསུམ་གསུམ་རྣམས་རིམ་པ་ཇི་ལྟ་བས་སྦྱིན་པར་བྱ་སྟེ། དེ་རྣམས་ཀྱི་
ཡི་གེ་གསུངས་པ། །བཞི་བཅུ་རྩ་གསུམ་པར་སྔོན་དུ་ཨོཾ་སྦྱིན་ནོ། །བཞི་བཅུ་རྩ་བཞི་པར་ཡི་གེ་ཧཱུྃ། བཞི་བཅུ་རྩ་ལྔ་པར་ཡི་གེ་ཧཱུྃ་དེ་ཉིད་དོ། །བཞི་བཅུ་རྩ་བདུན་པར་ཡི་གེ་མྦྷའོ། །བཞི་བཅུ་རྩ་བརྒྱད་པར་ཡི་གེ་ཧཱུྃ་ངོ་། །གྲྭ་ལ་སྔོན་བཞིན་ནོ། །རོ་ལངས་ཞེས་བྱ་བ་ནི་སྲིན་པོ་ཆེན་པོའི་རྣམ་
པར་བྱའོ། །ལྷག་མ་རྟོགས་པར་སླའོ། །དེ་ལྟར་སླར་ཡང་ཀུན་དུ་སྤྱོད་པ་ལ་སོགས་པ་ཐམས་ཅད་རྡོ་རྗེ་ཕག་མོའི་འཁྲུལ་འཁོར་དང་སྔགས་དང་འཁོར་ལོ་བདུན་པར་ཤེས་པར་བྱ་སྟེ། སྦྱོར་བ་ངེས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་
འགྲེལ་པ་གྲུ་གཟིངས་ལས། །ཆང་འཚོང་མའི་མིང་ལ་སོགས་པས་རབ་ཏུ་སྦྱོར་བ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པས་ཀྱང་དབྱེ་བའི་ལས་ཀྱི་འཁྲུལ་འཁོར་རྐང་པ་བརྒྱད་པའི་སྔགས་ཀྱི་རང་བཞིན་ཞེས་བྱ་བའི་མཚན་ཉིད་ཀྱི་ཆོ་ག་རྒྱས་པར་བསྟན་པ་སྟེ། ལེའུ་བཞི་
བཅུ་རྩ་བཞི་པའི་བཤད་པའོ།། །།འཁོར་ལོའི་གོ་ཆའི་རྣལ་འབྱོར་མ། །དོན་ཆེན་མཛད་མར་ཕྱག་འཚལ་ནས། །དེ་ཡི་ཏིང་འཛིན་བསྒྲུབས་ནས་ནི། །ལྐུགས་པའི་ལས་རྣམས་བསྒྲུབ་པར་བྱ། །སྲིན་པོའི་རྣམ་པའི་འཁྲུལ་འཁོར་དུ། །སེམས་ནི་ལྐུགས་པ་
ཉིད་དུ་བླང་། །འགྲེལ་པ་རྒྱ་ཆེ་བར་བྱེད་པ། །མདོར་བསྡུས་བདག་གིས་བཤད་པར་བྱ། །ད་ནི་འཁོར་ལོའི་གོ་ཆ་མའི་ལེའུ་བཞི་བཅུ་རྩ་ལྔ་པའི་བཤད་པ་གསུངས་པ། དེ་ཡང་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། ཏིང་ངེ་འཛིན་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་མིང་གི་ཡི་
གེ་རྣམས་ཀྱིས་རྒྱས་པར་འཆད་པའོ། །གསལ་བ་ཞེས་བྱ་བ་ནི་ཤིན་ཏུ་གསལ་བས་རིམ་པ་ཇི་ལྟ་བས་བཤད་པར་བྱའོ། །དེ་ལྟར་ཏིང་ངེ་འཛིན་བཅིངས་པའི་སྦྱོར་བས་ལྐུགས་པ་ཉིད་ཀྱིས་ལས་ནི་རབ་ཏུ་རྒོལ་བ་འདི་རྣམས་ཐམས་ཅད་ཀྱི་དང་མཉམ་པ་ཉིད་དུ་བྱེད་པ་སྟེ། དེ་ལྟར་
Vol. 20 · folio 252a
འདིའི་སྦྱོར་བའི་མདོར་བསྟན་པའི་ཚིག་རྣམས་གསུངས་པ། འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། རྐང་པས་དམན་པའི་ཚིགས་བཅད་གཉིས་ཀྱིས་སོ། །འདིའི་རྒྱས་པར་བཤད་པར་གསུངས་པ། ལྷ་དང་ལྷ་མིན་ཞེས་བྱ་བ་ལ་སོགས་པ་སྟེ། མཚམས་ཀྱི་སྐད་
ཀྱིས་འདི་རྣམས་འདིར་ལྷ་རྣམས་ནི་མིག་ལ་སོགས་པའོ། །ལྷ་མ་ཡིན་རྣམས་ནི་གཟུགས་ལ་སོགས་པ་སྟེ། དེ་རྣམས་ཀྱི་འཐབ་མོ་ཆེན་པོ་ནང་དུ་སོན་པའི་ཡིད་ཀྱིས་བསྣུན་པ་རྣམས་ཀྱིའོ། །མིའི་འཇུག་པ་ཞེས་བྱ་བ་ནི་མི་རྣམས་ལ་འཇུག་པས་ན་མིའི་འཇུག་པ་སྟེ་རྣམ་པར་ཤེས་པ་
སོན་པའི་རོའི་ལུས་ལ་སླར་ཡང་མིའི་ལུས་ལ་སོགས་པར་རྣམ་པར་ཤེས་པ་སྐྱེད་པར་བྱེད་དེ། ནཱ་རཱ་ཡ་ན་ཞེས་བྱ་བར་བརྗོད་པར་བྱ་བའི་དོན་ཏོ། །དེ་ཡང་ཡུལ་དང་དབང་པོ་རྣམས་མི་སྨྲ་བར་གྱུར་པས་གླེན་པའི་དངོས་པོར་རྣམ་པར་གནས་པ་སྟེ་དེར་ཐིམ་པ་ཉིད་ཀྱིས་སོ། །གང་གིས་
རྣལ་འབྱོར་གྱིས་ཤེ་ན་གསུངས་པ། འཁོར་ལོའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་སྟེ། དེ་ལྟར་ཡི་གེ་གཉིས་ཀྱིས་འཆད་པ་ནི་ཙའི་ཡི་གེ་དང་ཀྲའི་ཡི་གེའོ། །དེ་འདིར་འཁོར་ལོའི་སྒྲས་སོ་སོར་སྡུད་པ་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཚོགས་པ་གསུངས་ཏེ། དེས་དེའི་ཚེ་
གཟུགས་ཆེན་པོ་སྟེ་རང་གི་སེམས་པར་སྣང་ལ་བལྟས་པས་གཡོ་བའི་སེམས་འཆིང་བ་ཞེས་བྱ་བ་སྟེ། ཙའི་ཡི་གེའི་དོན་གྱིས་ཏེ་སྔོན་གྱི་ཏིང་ངེ་འཛིན་གྱིས་དེ་བཞིན་དུ་བཤད་དོ། །དེ་ལྟར་གནོན་པ་ཞེས་བྱ་བ་ནི་ཀྲའི་ཡི་གེའི་དོན་གྱིས་ཏེ་གནོན་པ་སྟེ་ཡོངས་སུ་གནོན་པ་རྣམ་པར་
ཤེས་པའི་ཆོས་ཞེས་བྱ་བ་ནི་གང་མིག་ལ་སོགས་པའི་དབང་པོ་རྣམས་སུ་རྣམ་པར་གནས་པ་སྟེ་དེ་ལྟར་གཟུགས་ཀྱི་དབུས་སུ་ཐིམ་པ་རྣམས་ཏེ། གཉིས་པོ་དེ་ལ་བལྟས་པས་འགྱུར་བ་སྟེ་ཁྱད་པར་རོ། །དེ་ལྟར་ཙའི་ཡི་གེས་རྣམ་པར་ཤེས་པ་ལ་འཛིན་པའོ། །དེ་བཞིན་དུ་ཆོས་སུ་
འཛིན་པས་རྨའི་ཡི་གེ་སྟེ། འདི་ཞེས་བྱ་བ་ནི་རྨའི་ཡི་གེའི་ཕྱི་མོ་ཨིའི་ཡི་གེས་ཏེ་ཨི་མིའི་རྐྱེན་གྱི་ཎིའི་ཡི་གེའི་ཡང་དོན་ཏོ། །ཨི་ཎི་ནི་རྒྱུད་འདིས་སོ་སོར་སྡུད་པ་ལ་སོགས་པ་དེ་ཡང་བཤད་པ་སྟེ་ཆོས་ཀྱི་ཕྱག་རྒྱའི་མཚན་ཉིད་ཀྱིས་ཏེ། ཧའི་ཡི་གེ་གང་གི་ཕྱིར་གྱི་དོན་ཏེ་ནམ་མཁའ་
Vol. 20 · folio 252b
ལ་ཞེན་པས་སྟོན་གྱི་ནམ་མཁའ་དྲི་མ་མེད་པ་ཉི་མ་གུང་གི་ནམ་མཁའི་རྣམ་པའི་སེམས་ཀྱི་རྒྱུན་ཡེ་ཤེས་དང་ཤེས་བྱ་དེ་རྣམས་གཉིས་སུ་མེད་པར་སོན་པར་བལྟས་པས་ཞེས་བྱ་བ་ནི་ངེས་པའོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པས་འདིའི་སྦྱོར་བའི་ལས་ཀྱི་ཚོགས་ཏེ། སྔོན་
གྱི་སྤྱོད་པར་སྤྱོད་ཅེས་བྱ་བ་ནི་མདོར་བསྡུས་པས་ཇི་ལྟར་སྔོན་དུ་བཤད་པའི་སྟེ། ལེའུ་ཐམས་ཅད་ཀྱི་མན་ངག་ཅེས་བྱ་བ་ནི་ལེའུ་འདི་རྣམས་ཐམས་ཅད་ཀྱི་མན་ངག་ལས་ཀྱི་སྦྱོར་བའི་ཕྱག་རྒྱ་དེའི་རྒྱུར་གཟུགས་བསྒོམ་པའོ། །དེ་ལྟར་ཐམས་ཅད་རིམ་པས་ཞེས་བྱ་བ་ལ་
སོགས་པས་དེ་དེ་བཞིན་དུ་བཤད་པ་རྣམས་བྱའོ། །སྦས་པ་ཞེས་བྱ་བ་ནི་བསམ་དུ་མེད་པར་རོ། །དེ་ལྟར་བྱས་པས་ཕུང་པོ་ལྔ་ཡང་ནམ་མཁའ་ལྔར་འགྱུར་ཏེ། དེ་གསུངས་པ། ནམ་མཁའ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །ནམ་མཁའ་མེད་ཅེས་བྱ་བ་ནི་མི་བསྐྱོད་
པའོ། །ནམ་མཁའ་ཆེན་པོ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །ཤིན་ཏུ་ནམ་མཁའ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའོ། །ནམ་མཁའ་མིན་ཞེས་བྱ་བ་ནི་དོན་ཡོད་པའོ། །དེ་ལྟར་ནམ་མཁའ་ལྔ་རྣམས་སྙིང་གར་རྩ་ལྔ་རྣམས་ཏེ་དེ་རྣམས་ཀྱང་ནམ་མཁར་གསལ་བར་བྱ་
བའི་ཕྱིར་ཇི་སྲིད་རི་མ་མཐོང་གི་བར་དུ་སྟེ། འདི་ནི་མི་བསྐྱོད་པའི་རང་བཞིན་གྱིས་རྩ་ནམ་མཁའ་དབུས་མི་མཐོང་སྟེ་སྲོག་གི་ཡོངས་སུ་སྦྱོར་བས་ཁ་སྟེང་དུ་བལྟས་པར་འབབ་སྟེ། དེ་རྣམས་ཤི་བར་གྱུར་པ་རྣམས་ཀྱིས་མཐོང་བར་འགྱུར་ཏེ་ནམ་མཁའི་རྣམ་པར་སོང་བ་ནའོ། །དེ་སྲིད་
ཅེས་བྱ་བ་ནི་དེའི་ཚེ་འཐབ་པ་སྟེ། རྒྱུན་མི་འཆད་པ་འོད་གསལ་བའོ། །ཅི་ཡང་དགའ་བ་ལས་སྐྱེས་པའི་བདེ་བ་རྟོག་པ་དང་བཅས་པ་འདྲེས་པ་དེ་སྲིད་པའི་བདེ་བས་བསྒོམ་པ་བརྟགས་པའི་མིང་ཡེ་ཤེས་འདྲེས་པས་གང་གིས་སྐྱེས་འགྲོ་ཐམས་ཅད་རྐང་གཉིས་པ་ལ་སོགས་པ་བག་
ཆགས་དང་བཅས་པ་ལས་བྱུང་བའོ། །དེའི་ཕྱིར་དངོས་པོ་མེད་པ་མ་ཡིན་པའི་གཟུགས་ཀྱི་བདག་ཉིད་འོད་གསལ་བའི་རྣམ་པ་དངོས་པོ་མེད་པའི་ཡེ་ཤེས་དེས་བརྟན་པ་དང་འགྲོ་བ་ལ་སོགས་པ་ཐམས་ཅད་ཀྱི་བདེ་བ་ཞེས་བྱ་བ་སྟེ། བདེ་བའི་གཟུགས་སུ་ལེན་པས་འདིའི་
Vol. 20 · folio 253a
ལམ་ལ་གནས་པའི་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་རང་བཞིན་གང་དང་དེར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་དེར་ཇི་ལྟར་སེམས་ཅན་ཐམས་ཅད་ཀྱི་གཟུགས་ཀྱི་བདག་ཉིད་དུ་འགྱུར་རོ་ཞེས་བྱ་བར་དགོངས་སོ། །གཟུགས་དེ་
རྣམས་སུ་ཡེ་ཤེས་ལྐུགས་པའི་རྣམ་པ་བཞིན་དུ་གནས་པ་སྟེ་རང་གི་སེམས་བཅིངས་པའོ། །ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་ཕྱག་རྒྱ་ཆེན་པོར་འགྲོ་བའོ། །འདིས་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱིས་ཏེ། དགྲ་བཞིན་ཞེས་བྱ་བ་ནི་མིག་ལ་སོགས་པའམ་རྣམ་པར་
རྟོག་པའི་ལུས་ལ་སོགས་པ་སྟེ། དེའི་ཕྱིར་ཐམས་ཅད་འབིགས་པ་ཞེས་བྱ་བ་ནི་གཟུགས་དང་ཡུལ་ལ་སོགས་པ་ལའམ། ལུས་ལ་སོགས་པ་དང་ཡུལ་ལ་འབིགས་པ་པོ་ཉིད་ཀྱི་ཕྱིར་ཡང་ངོ་། །དེ་རྣམས་ཀྱིས་ལྐུགས་པར་འགྲོ་སྟེ། བལྟས་པས་གྱུར་པ་ལ་སོགས་པས་
ཡུལ་ལ་སོགས་པ་སྟེ་ཡུལ་རྣམས་ཐམས་ཅད་ཅུང་ཟད་ཀྱང་རིག་པ་མེད་པ་རྣམ་པར་རྟོག་པ་ཉིད་རྗེས་སུ་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །འདི་བྱས་པས་རྡོ་རྗེ་འཆང་ཀྱང་ལྐུགས་པ་ཉིད་དུ་འགྲོ་བ་སྟེ། ཅི་སླར་ཡང་དྲན་པ་ཙམ་གྱིས་སྐྱེ་འགྲོ་ཕྲ་མོ་མུ་སྟེགས་ཅན་ལ་སོགས་པ་
བསྟན་པ་ལ་གནོད་པ་བྱེད་པ་གང་གི་ཚེ་མུ་སྟེགས་ཅན་དེ་རྣམས་དབང་ཕྱུག་ལ་སོགས་པ་བྱེད་པ་པོར་སྨྲ་བའོ། །དེ་ཉིད་གསུངས་པ། བྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་རིག་པ་བྱེད་པོ་བྱེད་ཅེས་བྱ་བ་ནི་མདོར་ན་དང་ལས་གང་བྱེད་པ་དེ་དག་ཐམས་ཅད་དེ་དེ་
རྣམས་ཐམས་ཅད་རིག་པའོ། །གང་གི་ཕྱིར་ན་དེ་བྱེད་པ་པོ་བྱེད་དེའི་གཟུགས་ཅན་ཞེས་བྱ་བའོ། །དེའི་ཕྱིར་བྱེད་པ་མེད་པ་མ་ཡིན་ཏེ་བྱེད་པ་དང་བྲལ་བ་ལས་འབྱུང་བ་མ་ཡིན་པས་འདིར་བྱེད་པར་སྨྲ་བ་གྲུབ་བོ། །དེ་རྣམས་ཀྱིས་ཀྱང་ལྐུགས་པའི་ལས་དེ་རྣམས་ཀྱིས་བྱེད་
དེ། དེ་བཞིན་དུ་ཡང་ལུང་གི་རིགས་པ་དང་ལྡན་པའི་ལན་བཅོམ་ལྡན་འདས་ཀྱིས་ལན་གསུངས་པ། ཡིད་བཟང་མ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། གསེར་གླིང་གི་ཡི་གེ་རྣམས་ཀྱིས་སོ། །སྔོན་དུ་བཤད་པའི་སྤྱོད་པ་ཡང་འདི་ཞེས་བྱ་བ་ལ་སོགས་པས་རྩའི་ཡི་གེའི་དོན་
Vol. 20 · folio 253b
ཏོ། །དེ་བཞིན་དུ་རིམ་པས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ཀྲའི་ཡི་གེའི་དོན་ཏོ། །སྟེང་དུ་འབབ་ཅེས་བྱ་བ་ལ་སོགས་པས་བའི་ཡི་གེའི་དོན་ཏོ། །འདྲེས་ཞེས་བྱ་བ་ལ་སོགས་པས་རྨིའི་ཡི་གེའི་དོན་ཏོ། །ལེན་ཞེས་བྱ་བ་ལ་སོགས་པས་ནིའི་ཡི་གེའི་དོན་ཏོ། །དེ་ལྟར་ཡིད་
བཟང་མ་ཞེས་བྱ་བ་ནི་སུའི་ཡི་གེའི་དོན་གྱིས་ལན་འཆད་པའོ། །དེ་ལྟར་བྱེད་པ་པོ་དང་ལས་རྣམས་ཀྱི་བྱ་བར་གྱུར་པས་མི་འགྱུར་རོ། །དེ་ཇི་ལྟར་མི་འགྱུར་ཞེ་ན། གསུངས་པ། ཡིད་བཟང་མ་གང་ཟག་ཉིད་ཅེས་བྱ་བ་སྟེ། བདག་མེད་པའི་མཚན་ཉིད་དུ་སྐད་ཅིག་མ་ཟད་པས་ཀྱང་
བསམ་དུ་མེད་པས་དངོས་པོ་ཐམས་ཅད་དུ་གང་ཟག་གི་བདག་མེད་པའི་གཟུགས་སུ་འགྱུར་རོ། །དེ་ལྟར་རིག་པ་གང་གི་ཚེ་དེའི་དུས་སུ་རང་གི་ལས་སུ་གྲུབ་པ་སྟེ་དགེ་བའམ་དགེ་བ་མ་ཡིན་པ་སྟེ། འདི་ལས་རྣམས་ཀྱི་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་
བའི་ཡི་གེའི་དོན་གྱིས་ཏེ། རྡོ་རྗེའི་ཐེག་པ་ཞེས་བྱ་བ་ནི་སྔགས་ཀྱི་ཐེག་པ་ཆེན་པོ་དེ་ལ་གནས་པ་དང་ལྡན་པའི་མན་ངག་སྟེ་སངས་རྒྱས་པའི་རྣལ་འབྱོར་པ་རྣམས་ཀྱིས་རང་བཞིན་གྱིས་བདག་མེད་པའི་ཆོས་ཀྱི་བདག་ཉིད་བའི་ཡེ་ཤེས་འདོད་པར་བྱེད་པ་སྟེ་ཐོབ་པར་བྱེད་པའོ། །འདི་
བྱས་པར་གྱུར་པས་ཀྱང་བརྗོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། མདོར་བསྡུས་པའི་དོན་གྱིས་བརྗོད་པ་ཙམ་ཀྱང་མེད་པར་འགྱུར་ཏེ། སྦྱོར་བ་མཐོང་བས་ཏེ་སླར་ཡང་བྱེད་པ་ལ་སོགས་པ་ཅི་ལ་ཡོད་དོ། །དེ་ལྟར་སླར་ཡང་རྣལ་འབྱོར་ཆེན་པོ་ལ་སོགས་པའི་བསྟན་བཅོས་དང་དངོས་
པོ་ཐམས་ཅད་གང་ལས་བྱུང་ཞེ་ན། གསུངས་པ། དེ་ལས་ལངས་ཞེས་བྱ་བ་ལ་སོགས་པ་སྟེ། རྞ་ཡིག་ཅེས་བྱ་བ་ནི་དེའི་དོན་འཆད་པས་གཞན་གྱི་དངོས་པོ་རྣམས་མེད་ཅེས་བྱ་བ་སྟེ་རྣལ་འབྱོར་ཆེན་པོ་ལ་སོགས་པ་བྱུང་བའོ། །དེ་འདི་ཐོག་མ་སྤྱི་གཙུག་རྐང་མཐའ་ཅན་ཞེས་
བྱ་བ་སྟེ། རྐང་པའི་མཐེ་བོའི་བར་དུ་སྟེ་དེ་ལ་ལངས་པ་བསྲུབ་ཅིང་སྲུབས་པ་ནི་སྲོག་དང་ཐུར་སེལ་གཉིས་ཏེ་ལྟེ་བའི་གནས་སུ་བྱས་པས་སོ། །དེ་ལྟར་སྦྱོར་བ་བྱས་པས་ཀྱང་སྦྱོར་བ་འབྱུང་བར་གྱུར་ཏེ། ཇི་ལྟར་རྒྱུ་དང་འབྲས་བུ་རྣམས་ཀྱིས་འགྲེལ་པར་འགྱུར་རོ། །དེ་ཉིད་གསུངས་
Vol. 20 · folio 254a
པ། འབྲས་བུ་རྒྱུ་ལ་རྒྱས་གདབ་ཅིང་། །རྒྱུ་ཡིས་འབྲས་བུ་ལས་རྒྱས་གདབ། །རྒྱུ་དང་འབྲས་བུ་གཉིས་དག་གིས། །འདོད་པའི་དགོས་པ་འགྲོ་བའོ། །སཱ་ལི་ལས་ནི་སཱ་ལི་སྐྱེས། །སླར་ཡང་དེ་ཡིས་དེ་ལྟར་འབྱུང་། །དག་པའི་ཤེལ་ལྟ་བུ་ལས་ནི། །ལུས་ཀྱི་
ཁམས་རྣམས་འབྱུང་ཕྱིར་རོ། །ཇི་ལྟར་སཱ་ལུའི་ལོ་ཏོག་སོགས། །དེ་ཡི་ཞིང་ལ་གདབ་བྱ་སྟེ། །དེ་བཞིན་ལུས་ཀྱི་ཁམས་རྣམས་ཀྱི། །ཁམས་པས་རྣལ་འབྱོར་སོགས་སུ་གདབ། །དེ་ཡིས་ཐམས་ཅད་དེར་སྐྱེ་སྟེ། །སླར་ཡང་དེ་ཡིས་དེ་ཉིད་སྐྱེ། །སྐྱེ་ཞིང་སྐྱེ་བར་གོམས་པ་ཡིས། །
སངས་རྒྱས་ཀུན་སོགས་འབྱུང་བར་འགྱུར། །འོ་ན་ངན་པའི་ལུས་ཀྱི་ཁམས་རྣམས་སུ་ཐམས་ཅད་ངན་པ་ལ་སོགས་པས་སྣ་ཚོགས་པའི་རྫས་སྐྱེས་པ་འགལ་ལོ། །ཕུང་པོ་ལྔ་ལ་སོགས་པ་ནི། །རྟག་ཏུ་ནད་དང་ཞེས་བྱ་བའི་ཚིག་གིས་ཏེ། དེའི་ཕྱིར་སངས་རྒྱས་ལ་སོགས་
པ་དགེ་བ་ཐམས་ཅད་ཇི་ལྟར་འབྱུང་བར་འགྱུར། གང་གིས་འཁོར་བའི་རྒྱུན་རྣམས་ཀྱི་ཆད་པར་འགྱུར་རོ་ཞེ་ན། གཞན་གྱི་ཐེ་ཚོམ་དེ་སེལ་བར་བྱེད་པ་གསུངས་པ། དེ་ལྟར་སྨྲ་བ་བདེན་ཏེ། འོན་ཀྱང་སྔོན་གྱི་སངས་རྒྱས་རྣམས་ཀྱིས་དང་། ཐམས་ཅད་ཤཱཀྱ་ཐུབ་པའི་
བར་རྣམས་ཀྱིས་སམ། འདས་པ་དང་མ་འོངས་པ་རྣམས་ཀྱིས་ལུས་ཀྱི་དངོས་པོ་འཛིན་པས་སངས་རྒྱས་ཉིད་དུ་བྱས་པ་སྟེ། བྱང་ཆུབ་ཀྱི་ས་བོན་གྱི་གཟུགས་རྣམས་སུ་དག་པ་ཉིད་ཀྱི་ཕྱིར། ཐབས་ཙམ་དུ་ལུས་ཀྱི་ཁམས་བྱང་ཆུབ་སྐྱེད་པ་པོ་ཉིད་དོ། །དེ་བཞིན་དུ་ཡང་
གསུངས་པ། འོད་སྲུངས་བུ་རམ་གྱི་ཞིང་ངམ་སཱ་ལུའི་ཞིང་དུ་ལུད་དང་ལྗན་ལྗིན་གྱིས་དགོས་པ་བྱེད་པར་འགྱུར་རོ། །དེ་བཞིན་དུ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་དང་ཕུང་པོ་དང་ཁམས་ཀྱིས་དགོས་པ་བྱེད་པར་འགྱུར་རོ། །དེ་བཞིན་དུ་ཡང་གསུངས་
པ། ལུས་རྣམས་འབྱུང་བ་མེད་རྣམས་སུ། །ཐམས་ཅད་དེ་ཕྱིར་འབྱུང་མི་འགྱུར། །དེ་ལྟར་འཁོར་བའི་མིང་མེད་ཉིད། །མྱ་ངན་འདས་པ་ཅི་ལས་འབྱུང་། །ཐམས་ཅད་ཆད་པའི་སྟོང་པ་ནི། །འབྲུ་ཡི་བདག་པོའི་འདོད་པར་འགྲོ། །སངས་རྒྱས་ལ་སོགས་སྐྱེ་འགྲོ་རྣམས། །
Vol. 20 · folio 254b
མངོན་སུམ་དུ་ནི་ཡོད་པའོ། །དེའི་ཕྱིར་འཁོར་བ་ཡོད་པས་ན། །མྱ་ངན་འདས་པར་དེ་བརྗོད་དོ། །ལུས་ཀྱི་རྣམ་པ་ལས་སྐྱེས་འགྱུར། །འཁོར་བའི་དངོས་གཞན་རྣམས་ཡོད་མིན། །དེ་ཡིས་མྱ་ངན་འདས་ཆོས་ཀྱང་། །རྣལ་འབྱོར་ཆེན་པོ་སོགས་བསྒོམ་པ། །དེ་ཡིས་སངས་
རྒྱས་རང་བཞིན་སྐུ། །བྱང་ཆུབ་རྒྱུ་ཡིས་སྐྱེས་འགྱུར་ཏེ། །འཇིག་རྟེན་ཁམས་གཞན་གང་ནས་ཀྱང་། །སངས་རྒྱས་ཐོབ་བྱ་གཞན་མེད་དོ། །སེམས་འདི་རང་གིས་སངས་རྒྱས་སུ། །ལུས་ཀྱི་ཁམས་ལས་ཐོབ་པར་བྱ། །ལུས་ནི་སྤྲུལ་པའི་མཚན་ཉིད་ཀྱི། །ཐབས་ཙམ་ལ་ནི་
བརྟེན་ནས་སུ། །སྐྱེ་ཞིང་ཡང་ནི་འགག་གྱུར་ཏེ། །རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན། །ཐམས་ཅད་བདག་ཉིད་ཀུན་འགྲོ་སྟེ། །བདག་དང་སྣ་ཚོགས་འབྱུང་བའང་མེད། །སྒྱུ་མའི་རྣམ་པའི་རང་བཞིན་བདག །སྒྱུ་མ་ཉིད་ཀྱིས་སྒྱུ་མ་བྱས། །ཞེས་སོ། །དེ་ལྟར་འདིའི་སྐུ་
བསྲུབ་པ་དང་སྲུབས་པ་ལས་བྱུང་བ་དང་བསྐྱེད་པ་དང་ལྡན་པ་གསུངས་པ། རྣམ་གཉིས་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་ཡི་གེའི་དོན་གྱིས་ཏེ་རྣམ་པ་གཉིས་ཞེས་བྱ་བ་ནི་སྲོག་དང་ཐུར་སེལ་ལོ། །རྣམ་པ་གཉིས་པོའི་འདིའི་རབ་ཏུ་སྦྱོར་བས་གསུངས་པ། གཞུའི་སྦྱོར་བས་ཞེས་བྱ་
བ་སྟེ། གཞུའི་སྦྱོར་བས་ནི་ལ་ལ་ནཱ་དང་ར་ས་ནཱ་གཉིས་བསྐྱོད་པར་འགྱུར་བས་ཕྱིན་ཅི་ལོག་གི་སྦྱོར་བ་སྟེ། སྲོག་འོག་ཏུ་འགུག་ཅིང་ཐུར་སེལ་གྱེན་དུ་དྲང་བ་སྟེ། ཇི་ལྟར་ནུས་པས་སོ། །དེ་ལྟར་སྲོག་ནི་གཞུའི་དབྱུག་པའོ། །ཐུར་སེལ་ནི་རྒྱུད་ཅེས་བྱ་བ་སྟེ། དེ་དག་གི་དབུས་ཀྱི་
མདའ་ནི་ཨ་ཝ་དྷཱུ་ཏཱི་མདར་འགྱུར་རོ། །འདིས་སྔགས་སྐྱེས་ཞེས་བྱ་བ་ནི་སེམས་ནི་གཡོ་བའི་སྦྱོར་བས་རྩ་གསུམ་མནན་པས་གཏུམ་མོ་རབ་ཏུ་འབར་བ་སྟེ། སྔགས་ཀྱི་སྒྲས་བྱང་ཆུབ་ཀྱི་སེམས་ཀྱིས་འོང་བ་སྟེ། དེར་སྐྱེས་པའི་ལྷན་ཅིག་སྐྱེས་པའི་དགའ་བ་དེ་མཚོན་བྱར་བསྟན་
པར་བྱ་བའོ། །དེ་ལྟར་མཚོན་བྱར་གང་མཚོན་པར། །ཞེས་བྱ་བ་ནི་མཆོག་ཏུ་གཉིས་སུ་མེད་པའི་དེ་མཚོན་པར་བྱ་བ་སྟེ། ཇི་སྲིད་དེ་མཚོན་པ་ཅན་དུ་འགྱུར་བ་སྟེ་མཆོག་ཏུ་གཉིས་སུ་མེད་པའི་གཟུགས་སེམས་ཀྱི་ཁམས་ནང་དུ་ནུབ་པ་ཞེས་བྱ་བའི་དོན་ཏོ། །གང་དུ་ནུབ་པར་འགྱུར་
Vol. 20 · folio 255a
བ་གསུངས་པ། པདྨ་ཞེས་བྱ་བ་ལ་སོགས་པ་སྟེ། བའི་ཡི་གེའི་དོན་གྱིས་ཏེ་པད་སྣལ་ལྟ་བུའི་སྐུད་པ་ཞེས་བྱ་བ་རྐང་པའི་མཐའ་ནས་མགོ་བོར་གང་ཞིག་རྒྱུད་དེའི་དབུས་སུ་མདའི་ཤུགས་ཀྱིས་དེའི་མཐའི་བཞིར་རྣལ་འབྱོར་པའི་སེམས་མཆོག་ཏུ་
གཉིས་སུ་མེད་པའི་བདག་ཉིད་ཅན་དུ་ཕྱིན་ནས་སོ། །དེ་ཡི་དུས་སུ་མཐོང་བ་མིན། །ཞེས་བྱ་བ་ལ་སོགས་པས་རྣམ་པར་གནས་པར་འགྱུར་བ་དེ་དེ་བཞིན་དུ་བཤད་དོ། །སྲོག་ཆགས་ཞེས་བྱ་བ་ནི་སྲོག་དང་ཡང་དག་པར་ལྡན་པ་སྟེ་སྲོག་ཆགས་ནི་རང་གི་སེམས་ཀྱི་
རང་བཞིན་ནོ། །ཕྱི་རོལ་དུ་ཡང་འདི་བསམ་པ་ཙམ་གྱིས་འགྱུར་བ་སྟེ་འདི་ལ་ཐེ་ཚོམ་མེད་དེ་མི་བྱའོ་ཞེས་བྱ་བ་ནི་ངེས་པའོ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གསུངས་པ། བསྒོམ་ཞེས་བྱ་བ་ལ་སོགས་པས་ཏེ་བསྒྲུབ་པར་བྱའོ་ཞེས་བྱ་བའི་བར་དུ་
རྟོགས་སླའོ། །ད་ནི་སྲིན་པོའི་རྣམ་པའི་འཁྲུལ་འཁོར་གསུངས་པ། འཁྲུལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། སྔོན་གྱི་ཞེས་བྱ་བ་ནི་དུམ་བུ་བཞི་བཅུ་རྩ་དགུའི་བདག་ཉིད་དེ་ལ་བྲི་བར་བྱ་བ་སྟེ། ཇི་ལྟའི་ཆོ་གས་ཞེས་བྱ་བའོ། །དེ་ལྟར་ཐོག་མ་ཞེས་བྱ་བ་ནི་
དུམ་བུ་ཐོག་མར་ཏེ། དེ་རྣམ་པར་སྣང་མཛད་ནི་ཡི་གེ་ཨོཾ་མོ། །པ་ཡ་དག་ཅེས་བྱ་བ་ནི་ཡི་གེ་པ་དང་ཡི་གེ་ཡ་དག་གོ། །ཀ་ར་ཀ་ར་ལ་སོགས་པ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་ཀ་ར་ཀ་ར་ལ་སོགས་པའི་ཕྲེང་བའི་སྔགས་ཀྱི་ནང་དུ་བཅུག་པས་སོ། །དེ་
ལྟར་ལྐུགས་པར་བཅིང་བ་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་རིགས་པས་ཀྱང་འཁྲུལ་འཁོར་གྱི་འཁོར་ལོ་མདོར་བསྡུས་པ་སྟེ། ཉུང་ངུ་བསྡུས་པར་ཤེས་པར་བྱས་ནས་དེ་ཐམས་ཅད་ཕྱི་རོལ་དུ་བྱི་བའི་སྟེང་གི་ཞེས་བྱ་བ་ལ་སོགས་པས་བྱ་སྟེ། བ་ལང་གི་རྨིག་པ་ཞེས་བྱ་
བ་ནི་བ་ལང་ཤི་བའི་རྨིག་པར་རོ། །དེ་ལྟར་སླར་ཡང་ནང་གི་བདག་ཉིད་དུ་བདག་ཉིད་ཀྱི་ཨ་ཝ་དྷཱུ་ཏཱིའི་ནང་དུ་བྱས་ནས་ཞེས་བྱ་བ་སྟེ། སྲོག་འཆད་པ་ཐམས་ཅད་ཀྱི་ཡི་གེའི་འཁྲུལ་འཁོར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་དུས་སུ་དབུ་མར་རྣམ་པར་ཐིམ་པར་བྱ་བའོ། །
Vol. 20 · folio 255b
སྲིན་པོ་ཞེས་བྱ་བ་ནི་བྱི་ལའམ་རྔ་མོའོ། །ཡང་ན་མངོན་སུམ་དུ་སྲིན་པོ་ཞེས་བྱ་བ་ཉེ་བར་སྤྱོད་དོ། །སླར་ཡང་མ་བཤད་ཀྱང་འདིར་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་མཚན་ཉིད་བཤད་པ། གང་གི་ཚེ་སྔོན་དུ་བཤད་པའི་མན་ངག་གི་ཆོ་གས་རོ་ཉིད་དུ་གནས་པའི་
ཡེ་ཤེས་དང་རྣམ་པར་ཤེས་པའི་ཆོས་དག་ཏུའོ། །དེ་བཞིན་དུ་ཡང་ཆོས་ཐམས་ཅད་ལྷག་པར་རྟོག་པར་བྱེད་དོ། །དེ་རབ་ཏུ་ཞུགས་པས་སོ། །འོན་ཀྱང་དེའི་རང་བཞིན་ཡང་དག་པར་བརྗོད་པ་ཞེས་བྱ་བ་སྟེ། ཡང་དག་པའི་སྐྱབས་ཀྱི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་
ལག་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་བཞིན་ཞེས་བྱ་བའི་དོན་ནམ། སངས་རྒྱས་རྣམས་ཀྱིས་མངོན་སུམ་དུ་བྱེད་པའོ། །དེ་བཞིན་དུ་ཡང་གསུངས་པ། ཡེ་ཤེས་ལྐུགས་པ་བཞིན་དུ་གནས། །རྣམ་ཤེས་ཉིད་ཀྱང་དེ་དང་འདྲ། །ཆོས་ཀུན་གནས་ལ་ཕྱིན་ནས་ནི། །
དྲན་བྱང་ཡན་ལག་སྐུ་གསུམ་སྐྱེས། །དྲན་བྱང་ཡན་ལག་ལམ་འགྲོ་བ། །རྗེས་སུ་བརྗོད་མེད་ཆོས་སུ་འགྱུར། །ཇི་ལྟར་རྨི་ལམ་དུ་མཐོང་བ། །སད་པ་ན་ཡང་ཐོབ་པ་མེད། །གཉིད་ལོག་སད་པ་ཉིད་དག་ཏུ། །མཚོན་ཏེ་གང་ཞིག་མཚོན་པ་མེད། །སངས་རྒྱས་རྣམས་
ཀྱི་དེ་འདྲར་འགྲོ། །ལྐུགས་པའི་རྣམ་པའི་རང་བཞིན་ཅན། །ཞེས་སོ། །གཞན་རྟོགས་པར་སླའོ། །འོན་ཀྱང་དེ་ལྟར་ཐམས་ཅད་ཀྱང་རྡོ་རྗེ་ཕག་མོའི་འཁྲུལ་འཁོར་དང་སྔགས་དང་འཁོར་ལོ་བརྒྱད་པར་མདོར་བསྟན་ནས་ཞེས་པར་བྱའོ་ཞེས་བྱ་བ་ནི་ངེས་པའོ། །དཔལ་
མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས། འཁོར་ལོའི་གོ་ཆ་མའི་མིང་གི་ཡི་གེ་ལ་སོགས་པའི་རབ་ཏུ་སྦྱོར་བས་ལྐུགས་པར་བྱ་བ་དང་སྣ་ཚོགས་པའི་མན་ངག་གི་རབ་ཏུ་སྦྱོར་བའི་ཆོ་གའི་མཚན་ཉིད་དང་། དེ་བཞིན་དུ་དཀྱིལ་
འཁོར་གྱི་འཁོར་ལོ་བསྒོམ་པ་དང་སྲིན་པོའི་རྣམ་པའི་འཁྲུལ་འཁོར་གྱི་ཆོ་ག་རྒྱས་པར་བསྟན་པ་སྟེ། ལེའུ་བཞི་བཅུ་རྩ་ལྔ་པའི་བཤད་པའོ།། །།ཞི་བའི་རྣམ་པའི་གཟུགས་ཅན་མའི། །ཤིན་དཔའ་རྣལ་འབྱོར་མ་ལ་འདུད། །སངས་རྒྱས་ཉིད་སྟེར་བའི་ལྷ་མོ། །སེམས་
Vol. 20 · folio 256a
ཅན་ཐམས་ཅད་དངོས་པོ་མ། །དེ་ལས་མཆོག་གྱུར་སྲིད་གསུམ་མེད། །རང་བདག་གིས་ལས་རྟོགས་བྱེད་མའི། །ཚིག་རྣམས་ཇི་ལྟའི་དོན་གྱིས་ནི། །དེ་ཡི་འགྲེལ་པ་ཡང་དག་བཤད། །ད་ནི་ཤིན་ཏུ་དཔའ་མོའི་ཞི་བ་བསྒྲུབ་པའི་ལེའུ་བཞི་བཅུ་རྩ་དྲུག་པ་རྒྱ་ཆེར་
བཤད་པར་བྱ་སྟེ། དེ་ཉིད་གསུངས་པ། དེ་ནས་ཤིན་ཏུ་དཔའ་མོའི་ཞེས་བྱ་བ་ལ་སོགས་པ་སྟེ། ཞི་བའི་ལས་ཀྱི་གསལ་བ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཤིན་ཏུ་དཔའ་མོ་ལ་སོགས་པ་རྣམས་ཀྱི་མིང་གི་ཡི་གེའི་རབ་ཏུ་སྦྱོར་བ་དེ་རྣམས་སུ་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་
ཏོ། །དེ་རྣམས་ཀྱིས་ཤིན་ཏུ་དཔའ་མོའི་ཡི་གེའི་རབ་ཏུ་སྦྱོར་བ་བྱའོ། །ནཱ་ག་ར་ར་ཡོངས་སུ་གནས། །ཞེས་བྱ་བ་ནི་ནཱ་ག་རའི་ཡི་གེ་ལ་གནས་པས་སོ། །དེ་བཞིན་དུ་དེའི་ཉེ་བར་སྤྱོད་པར་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིས་བྱའོ། །ལྷ་ཡི་འཁོར་ལོ་སྟོབས་
ཆེན་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ལྷའི་འཁོར་ལོ་སྟེ། འདིར་ལྷའི་སྒྲ་ནི་མཚམས་སྦྱོར་གྱི་སྐད་ཀྱིས་ཤ་བ་ལ་འཆད་དོ། །དེས་ཞི་བ་སྟེ་ཞི་བའི་གཟུགས་ཉིད་པས་བསྒྲུབ་པར་བྱའོ། །དེ་ལྟར་གང་དུ་བསྒྲུབ་པར་བྱ་བ་གསུངས་པ། དཔྲལ་བའི་གནས་སུ་སྟེ་དཔྲལ་
བའི་དབུས་ཀྱི་ལྟེ་བར་ལྷ་མོ་ཤིན་ཏུ་དཔའ་མོ་འཆད་པར་འགྱུར་བའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བསྒོམ་པར་བྱའོ་ཞེས་བྱ་བ་སྟེ། རྗེས་སུ་གནས་པར་བྱ་བའོ། །དེ་རྣམས་སྐྱེ་འགྲོའི་བདག་པོ་སྟེ་སླར་ཡང་ཡི་གེ་རྣམས་ཀྱི་དོན་གྱིས་གསུངས་པ། བདེ་བ་ཞེས་བྱ་
བ་ལ་སོགས་པ་སྟེ། སུའི་ཡི་གེའི་དོན་གྱིས་ཏེ། བདེ་བས་གང་བའི་རྩ་ཆེན་ཞེས་བྱ་བ་ནི་དབུ་མས་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་པའི་བདེ་བས་གང་བར་འགྱུར་རོ། །དབང་པོ་གཉིས་ནི་འདུས་པ་ལས། །ཞེས་བྱ་བ་ནི་འོག་དང་སྟེང་ཡོངས་སུ་བསྡུས་པས་སོ། །ཡང་
ན་ཕྱི་རོལ་གྱི་ཡན་ལག་ཅན་མ་དང་རྒྱུན་མི་འཆད་པར་གོམས་པའི་འཕོ་བ་མེད་པའི་སྦྱོར་བས་སོ། །གཡོ་བ་མེད་པས་འདིར་ས་བོན། །ཞེས་བྱ་བ་སྟེ། འདིར་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ་གཉིས་ཀྱི་དབུས་སུ་སེམས་ཀྱི་ས་བོན་མི་གཡོ་བ་སྟེ། ཧིའི་ཡི་གེ་ནི་གང་གི་ཕྱིར་གྱི་དོན་ཏེ།
Vol. 20 · folio 256b
བཅུ་གཉིས་མཐའ་རུ་མི་བསྐྱོད་པས། །ཞེས་པ་སྟེ། དཔྲལ་བའི་ལྟེ་བའི་དབུས་སུ་ཐིག་ལེ་བཟུང་བའི་ཕྱིར་འཕོ་བ་མེད་པའི་སྦྱོར་བས་ཐིག་ལེ་གཉིས་ཞེས་བྱ་བའི་དོན་ཏོ། །འདིས་བྲལ་ཞེས་བྱ་བ་ལ་སོགས་པས་པིའི་ཡི་གེའི་དོན་གྱིས་ཡང་འདོད་ཆགས་དང་བྲལ་བ་འཐོབ་པ་སྟེ་གཉིས་
སུ་མེད་པའི་ཡེ་ཤེས་ཞེས་བྱ་བའོ། །སུས་འཐོབ་པ་གསུངས་པ། དབང་པོ་ལ་སོགས་པ་ཞེས་བྱ་བ་སྟེ། ཁམས་དང་ཕུང་པོ་དང་སྐྱེ་མཆེད་དང་ཡུལ་ལ་སོགས་པ་རྣམས་ཀྱིས་འདོད་ཆགས་དང་བྲལ་བ་ཉིད་དེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་བྱ་
བའི་དོན་ཏོ། །དེ་ལྟར་མཉམ་པའི་བདེ་བ་རྣལ་འབྱོར་ཆེན་པོས་འགྲུབ་ཀྱིས་གཞན་གྱིས་མ་ཡིན་ཞེས་བྱ་བ་ནི་དེ་དེ་བཞིན་ནོ། །འདི་བྱས་པས་རྣལ་འབྱོར་པ་རྣམས་ཀྱི་འཁོར་བར་དོགས་པ་ཅིར་འགྱུར་བ་གསུངས་པ། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་སྟེ་རའི་ཡི་གེའི་
དོན་གྱིས་སོ། །སྐྱེས་བུ་གཉིས་མེད་ཅེས་བྱ་བ་ནི་ཆེན་པོའི་དོན་གྱིས་ཕ་རོལ་མྱ་ངན་ལས་འདས་པ་འདོད་ཆགས་དང་ཞེ་སྡང་དང་མུན་པ་དང་། དྲི་མ་ལ་སོགས་པའི་རྙོག་པ་རྣམས་དང་བྲལ་བ་རྣལ་འབྱོར་པས་འཐོབ་པའོ། །དགའ་བས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པར་སྤྲོ་
བས་རྩེ་བར་གྱུར་པས་དེ་དེ་བཞིན་དུ་བཤད་དོ། །སྐྱེས་བུའི་སྒྲ་ཡང་འོད་གསལ་བ་སྟེ་དགའ་བ་ཡང་རང་བཞིན་གྱི་ཆོས་དེ་གཉིས་སུ་མེད་པའི་དངོས་པོས་མཆོག་ཏུ་གཉིས་སུ་མེད་པ་ཞེས་བྱ་བར་དགོངས་པའི་དོན་ཏོ། །དེ་ལྟར་འདོད་ཆགས་ལ་སོགས་པ་དེ་རྣམས་ཐམས་
ཅད་ཀྱི་ཆོས་ཅི་ལ་ལས་ཡང་དེ་དག་ཏུ་བལྟས་པར་གྱུར་པས་རྣམ་པར་བྲལ་བར་འགྱུར་བ་གསུངས་པ། མེད་ཅེས་བྱ་བ་ལ་སོགས་པ་སྟེ་ནའི་ཡི་གེའི་དོན་གྱིས་ཏེ་དེ་ཉིད་དེ་རྣམས་ཀྱི་ཐོག་མར་ནའི་ཡི་གེའི་དོན་གྱིས་ཏེ། ཐེག་པ་གསུམ་ལས་གཞན་མེད་དོ། །ཞེས་བྱ་བ་ནི་ཉན་ཐོས་
དང་རང་སངས་རྒྱས་དང་ཐེག་པ་ཆེན་པོ་དང་བྲལ་བའི་གཞན་མུ་སྟེགས་ཅན་གྱི་ཆོས་ལ་ལྟ་བ་རྣམས་ཀྱིས་དུས་ཐམས་ཅད་དུ་འདོད་ཆགས་ལ་སོགས་པས་ཉམས་པར་བྱེད་དོ། །དེའི་ཕྱིར་ཐེག་པ་གསུམ་གྱི་ཆོས་ལ་ལྟ་བར་གྱུར་པ་རྣམས་ཀྱིས་ཐམས་ཅད་དུ་ཐོས་པ་དང་བསམ་པ་ལ་
Vol. 20 · folio 257a
སོགས་པའི་ལས་ཀྱིས་སྟོན་པར་བྱེད་དེ། འདོད་ཆགས་ལ་སོགས་པའི་སྐྱོན་ཀྱང་དོན་དམ་པ་ལྷག་པར་རྟོགས་པས་ཀྱང་དེའི་གཟུགས་ཉིད་པས་ཐེག་པ་གསུམ་ལ་སོགས་པའི་ཡན་ལག་ཐམས་ཅད་བྱའོ། །དོན་དམ་པའི་རང་གི་མཚན་ཉིད་ཀྱི་ཡན་ལག་
ཡང་གསུངས་པ། འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྟེ་གའི་ཡི་གེའི་དོན་གྱིས་ཏེ་འགྲོ་བ་ཞེས་བྱ་བ་ནི་རྣལ་འབྱོར་པ་གནས་དང་གནས་སུ་འགྲོ་བ་དང་འོང་བར་བྱེད་དོ། །དེ་ཡང་དོན་དམ་པའི་གཟུགས་སོ། །གཉིད་ལོག་ཅེས་བྱ་བ་ནི་གཉིད་ཀྱིས་རབ་ཏུ་བཅིངས་པའི་རྨི་ལམ་ན་ཡང་
དོན་དམ་པ་སྒོམ་པ་མི་འདོར་རོ། །དེ་ལྟར་བཟའ་བ་ལ་སོགས་པའི་ལས་ཐམས་ཅད་བྱེད་པ་ན་མི་འདོར་བ་སྟེ་དེས་མང་པོའི་ཚིག་ཏུ་བྱས་པའོ། །འོན་ཀྱང་རྣལ་འབྱོར་སྒྲུབ་པས་སྤངས་པའོ་ཞེས་བྱ་བ་ནི་གཅིག་ཏུ་རྣལ་འབྱོར་སྒྲུབ་པ་ཙམ་བསྒྲུབ་པར་མི་བྱ་སྟེ། ཐེག་པ་གསུམ་
ལ་སོགས་པ་ཐམས་ཅད་ཡན་ལག་གང་གསུངས་པ་དེ་ཐམས་ཅད་བྱའོ་ཞེས་བྱ་བར་དགོངས་སོ། །རྣལ་འབྱོར་པ་ལ་གཉིས་ཀས་ཀྱང་མི་གོས་པ་དེ་གསུངས་པ། དགའ་ཞེས་བྱ་བ་ལ་སོགས་པ་སྟེ། རའི་ཡི་གེའི་དོན་གྱིས་སོ། །མི་གོས་ཞེས་བྱ་བ་ནི་དགའ་རྩེ་ལ་
སོགས་པའི་སྐྱོན་རྣམས་ཀྱིས་དྲི་མ་ཅན་དུ་མི་བྱེད་པའོ། །པདྨའི་འདབ་མ་ལ་ཆུ་བཞིན་ནོ། །དེ་ཕྱིར་ཞེས་བྱ་བ་ལ་སོགས་པས་དེ་བཞིན་དུ་བཤད་དོ། །དོན་ཡོད་མཐོང་བས་ཞེས་བྱ་བ་ནི་དོན་ཡོད་པ་སྟེ་འབྲས་བུ་དང་བཅས་པ་དངོས་གྲུབ་དང་མྱ་ངན་ལས་འདས་པ་དེ་
མཐོང་བས་འཁོར་བའི་སྡུག་བསྔལ་རྣམས་ཞི་བར་འགྱུར་རོ། །སྣ་ཚོགས་པའི་དམྱལ་བ་དང་ཕག་ལ་སོགས་པའི་སྐྱེ་གནས་ཀྱི་ནང་དུ་མི་འཇུག་པར་འགྱུར་རོ། །གང་དང་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་
གསུངས་པ། རྣལ་འབྱོར་མའི་ཚོགས་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་རྟོགས་པར་སླའོ། །ད་ནི་འཁྲུལ་འཁོར་གྱི་འཁོར་ལོ་བཞི་པའི་དོན་དུ་གསུངས་པ། བཞི་བཅུ་རྩ་དགུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་དབུས་ཀྱི་ཕྱི་རོལ་གྱི་དུམ་བུ་བཞི་ལ་རྣམ་པར་
Vol. 20 · folio 257b
སྣང་མཛད་ཀྱི་ས་བོན་བཞི་ཞེས་བྱ་བ་ནི་ཨོཾ་གྱི་ཡི་གེ་བཞི་ཕྱོགས་རྣམས་སུ་བྲི་བར་བྱའོ། །དེར་གྲྭ་རྣམས་སུ་ཡི་གེ་ཧཱུཾ་ངོ་། །ལྷག་མ་རྣམས་སུ་ཇི་ལྟ་བ་བཞིན་བྲི་བར་བྱའོ། །ཐམས་ཅད་ཅེས་བྱ་བ་ནི་ཐམས་ཅད་འཁྲུལ་འཁོར་དང་སྔགས་དང་འཁོར་ལོ་རྣམས་སམ་སྣ་ཚོགས་པའི་ལས་
རྣམས་སོ། །ཀུན་ཏུ་སྤྱོད་པ་ཤེས་པར་བྱ། །ཞེས་བྱ་བ་ནི་སྔོན་དུ་བཤད་པའི་རིམ་པ་སྟེ་རྩའི་ཀུན་དུ་སྤྱོད་པ་གཡོན་པ་དང་གཡས་པའི་སྣའི་དབུགས་ཀྱིས་ཉེ་བར་མཚོན་པའི་བརྟན་པའི་སྦྱོར་བས་འགྲུབ་པའོ། །དེའི་ཕྱིར་ཐིག་ལེའི་སྒྲའི་དུས་སུ་ཞེས་བྱ་བ་ནི་ཨ་ཝ་དྷཱུ་ཏཱིར་དཀྱིལ་
འཁོར་རབ་ཏུ་འབབ་པ་དེའི་ནང་དུ་རབ་ཏུ་ཞུགས་པ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འགྲོ་བའོ། །དེ་སླར་ཡང་དེའི་ནང་དུ་ཐིམ་ནས་འགྲོའོ། །དེས་སྒྲ་ལས་བྱུང་བ་སྟེ་བདེ་བ་ཆེན་པོའི་རྣམ་པ་སྤྲོས་པ་མེད་པའི་བདག་ཉིད་ཅན་གྱི་ཡེ་ཤེས་དེའི་དུས་སུ། རླུང་གི་གནས་ལུགས་
བརྟན་པས་ཞེས་བྱ་བ་ནི་སྲོག་འགྲོ་བ་དང་འོང་བ་སྤངས་པ་གང་གི་ཚེ་དེའི་ཚེ་ལས་ཐམས་ཅད་བྱ་བ་སྟེ། ཡེ་ཤེས་ལས་བྱུང་བས་སོ། །ཞི་བའི་གཟུགས་ཉིད་པས་འདིས་མྱ་ངན་ལས་འདས་པ་རབ་ཏུ་འཇུག་པར་འགྱུར་རོ། །དེའི་ཕྱིར་སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་
པས་དེ་དེ་བཞིན་དུ་བཤད་དེ་ལྷག་མ་ཐམས་ཅད་རྟོགས་པར་སླའོ། །དེ་ལྟར་ཡང་ཐམས་ཅད་རྡོ་རྗེ་ཕག་མོའི་དགུ་པའི་འཁྲུལ་འཁོར་དང་སྔགས་དང་འཁོར་ལོ་རྣམས་སུ་ཤེས་པར་བྱའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་
པ་གྲུ་གཟིངས་ལས་ཤིན་ཏུ་དཔའ་མོའི་རྣལ་འབྱོར་མའི་མིང་གི་ཡི་གེ་ལ་སོགས་པས་དེའི་བསྐྱེད་པ་དང་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཞི་བའི་ལས་ཀྱི་སྦྱོར་བ་སྒྲུབ་པའི་རབ་ཏུ་སྦྱོར་བ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་འཁྲུལ་འཁོར་གྱི་གནོད་མཛེས་རྒྱལ་པོའི་
དང་གནོད་མཛེས་རྒྱལ་པོའི་སྔགས་རྣམས་སུ་ལྷའི་གདོང་ཞེས་བྱ་བས་བསྒྲུབ་པར་བྱ་བ་དང་སྒྲུབ་པ་པོ་རྣམས་ཀྱིས་སངས་རྒྱས་ཉིད་ཀྱི་རྣམ་པར་གཞག་པའི་དགོངས་པའི་ཆོ་གའི་མཚན་ཉིད་རྒྱས་པར་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བཞི་བཅུ་རྩ་དྲུག་པའི་བཤད་པའོ།། །།
Vol. 20 · folio 258a
སྲུང་བའི་དོན་ཀུན་མཛད་པ་མོ། །སྟོབས་ཆེན་མ་ལ་ཕྱག་བྱས་ནས། །སྣ་ཚོགས་མན་ངག་ཏུ་གནས་མ། །རྣལ་འབྱོར་མ་སྟོབས་མིང་ཅན་མ། །ཡེ་ཤེས་རྣམ་པས་འཇིག་རྟེན་དུ། །དེ་རྣམས་དེ་ཉིད་ཀྱིས་སྲུང་བའི། །བརྩེ་བས་བདག་གིས་དེའི་འགྲེལ་པ། །རབ་
ཏུ་རྟོགས་བྱེད་བཤད་པར་བྱ། །ད་ནི་སྲུང་བ་ཐམས་ཅད་ཀྱི་ལས་ཆེན་པོ་ལ་གནས་པའི་སྟོབས་ཆེན་མའི་ལེའུ་བཞི་བཅུ་རྩ་བདུན་པའི་བཤད་པ་གསུངས་པ། དེ་ནས་ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། ཚིགས་སུ་བཅད་པ་གཅིག་གིས་རྡོ་རྗེ་ཕག་མོས་བཅོམ་ལྡན་
འདས་ལ་དྲིས་པ་དང་། དེའི་ལན་ཉོན་ཞེས་བྱ་བ་ལ་སོགས་པས་དེའི་ལན་གསུངས་པ། སྟོབས་ཆེན་མ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱེད་དང་བཅས་པའི་ཚིགས་སུ་བཅད་པས་མདོར་བསྟན་པ་བཤད་པའོ། །དེའི་རྒྱས་པར་བཤད་པ་གསུངས་པ། མ་མོའི་
འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་མ་ཉིད་དུ་སྟོབས་ཆེན་མའི་ཡི་གེ་རྣམས་གསུངས་པ། དེའི་མའི་ཡི་གེའི་དོན་གྱིས་ཏེ། མ་མོའི་འཁོར་ལོ་ཞེས་བྱ་བ་ནི་ལེའུ་བཅོ་ལྔ་པ་ཇི་ལྟ་བའམ། རྣལ་འབྱོར་མའི་འཁོར་ལོའི་དབུས་སུ་སྟེ་འཆད་པར་འགྱུར་བའི་བསྒོམ་
པའི་དཀྱིལ་འཁོར་དུའོ། །གྲོང་ཞེས་བྱ་བ་ནི་གནས་འདིར་ཏེ་ཐར་པའི་གྲོང་ཁྱེར་ཉམས་དགའ་བ་ཉིད་ཀྱིས་སོ། །དཔའ་བོའི་གཙོ་བོའི་ཞེས་བྱ་བ་ནི་ཡང་དག་པའི་ཏིང་ངེ་འཛིན་དཔལ་ཧེ་རུ་ཀ་དེ་བསྒོམ་པར་བྱ་བ་སྟེ་རྗེས་སུ་གནས་པར་བྱའོ། །གང་དེ་རྣམས་ལྷན་
ཅིག་སྐྱེས་པའི་ཡང་དག་པའི་བྱང་ཆུབ་ཀྱིས་རིགས་པས་དཀྱིལ་འཁོར་དང་དཀྱིལ་འཁོར་པའི་དངོས་པོ་གང་ཕྱི་དང་ནང་གི་བདག་ཉིད་ཅན་དེའི་གཟུགས་ཀྱིས་དེའི་བདག་ཉིད་ཅན་དུ་མཚོན་པར་བྱ་སྟེ། དེས་དེའི་གཟུགས་ལྷའི་རྣམ་པར་འགྱུར་བའོ། །འདིའི་མངོན་
སུམ་དུ་ཉམས་སུ་མྱོང་བའི་སྦྱོར་བ་གསུངས་པ། །ཧའི་ཡི་གེའི་དོན་གྱིས་ཏེ། ཧཱ་ཧི་ཞེས་བྱ་བ་ལ་སོགས་པས་སོ། །དྲག་ཤུལ་སྦྱོར་བའི་མཚན་ཉིད་ཅེས་བྱ་བ་ནི་ཏིང་ངེ་འཛིན་འདི་རྣམས་ཀྱི་མཆོག་གི་རྣལ་འབྱོར་རྣམས་ཀྱིས་སེམས་རྣམ་པར་བསྐྱེད་པའི་དྲག་ཤུལ་གྱི་
Vol. 20 · folio 258b
སྦྱོར་བ་བྱ་བའོ། །ཅིས་ཤེ་ན། ཧ་བྱིན་གྱེན་སོན་སྔོན་དུའོ། །ཞེས་བྱ་བའི་ལྕེའི་རྩ་བར་ནང་དུ་འཇུག་པར་བྱ་སྟེ། ཧཱ་བརྗོད་པས་སོ། །དེས་ཀྱང་བསིལ་བ་ཉིད་དུ་འགྱུར་རོ། །ཐུར་དུ་སེལ་བ་བཤད་པའི་ལམ་འགོག་པ་བྱས་ནས་ཏེ། ཏུའི་ཡི་གེ་ནི་ངེས་པར་གཟུང་བའོ། །འདི་བྱས་
པས། རྣལ་འབྱོར་ཐམས་ཅད་ཡོངས་དམིགས་ནས། །ཞེས་བྱ་བ་ནི་རྣལ་འབྱོར་འདི་རྣམས་ཐམས་ཅད་ཀྱི་རྟེན་ལུས་སུ་ལྟེ་བའི་འོག་ཏུ་སྡོང་པོའི་རྩ་བ་སྟེ་དེའི་སྡོང་པོ་ལས་རྩ་ཐམས་ཅད་ཅེས་བྱ་བ་ནི་གཏུམ་མོ་རབ་ཏུ་སྦར་བས་ཨ་ཝ་དྷཱུ་ཏཱི་གཞོན་ནུའི་པད་སྣལ་ལྟ་བུ་ལངས་པ་ནི་
ཐམས་ཅད་སྟོང་པ་ཞེས་བྱ་བར་མངོན་པར་བརྗོད་དོ། །དེའི་ཕྱིར་བའི་ཡི་གེའི་དོན་གྱིས་དེས་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྡོང་པོའི་གནས་ནས་སྤྱི་བོའི་ཐོད་པར་སྤྱོད་པ་ཞེས་བྱ་བ་ལ་སོགས་པས་འགེངས་པར་བྱེད་དེ། གང་གིས་ཤེ་ན། དེ་གསུངས་པ། ཨོ་ཌྱན་ཞེས་
བྱ་བ་ནི་འདིར་རྩ་འདི་རྣམས་ཐམས་ཅད་ཀྱི་རེ་རེའི་བུ་ག་གསུམ་གྱི་བདག་ཉིད་ཅན་རྩ་གསུམ་གསུམ་དུ་འགྱུར་ཏེ། དེས་ཀྱང་དབུ་མའི་ལས་ཀྱི་ཨ་ཝ་དྷཱུ་ཏཱིའི་ཞེས་ཏེ། རྩ་གསུམ་པོ་གཡོན་དང་གཡས་པ་དང་དབུས་སོ། །དེའི་གཡས་པའི་རྩ་ཨོ་རྒྱན་གྱི་མིང་ཅན་ཏེ་དེའི་བུ་
གར་འོང་བ་ཞེས་བྱ་བ་ནི་ཐོག་མ་ཉིད་དུ་གཏུམ་མོ་རབ་ཏུ་སྦར་བས་པུ་ཎ་གི་རིར་ཞུ་བའི་ཁམས་ཀྱིས་ཐོག་མའི་དགའ་བའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ལྟེ་བའི་གནས་ཀྱི་རབ་ཏུ་འོངས་ཏེ། དེར་ཐོབ་བྱས་ནས་ཞེས་བྱ་བ་བརྟན་པ། དེས་བྱང་ཆུབ་ཀྱི་ས་བོན་ཅན་རྣམས་
ཀྱིས་སླར་ཡང་དབུས་མའི་བུ་ག་ཛཱ་ལནྡྷ་རར་བཤད་པར་སྟེང་དུ་འགྲོ་བར་གྱུར་པ་རྣམས་ཀྱི་གཉིས་པ་མཆོག་ཏུ་དགའ་བའི་རང་བཞིན་དུ་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །འདིའི་དེ་ལྟར་སླར་ཡང་ལཱའི་ཡི་གེའི་དོན་གྱིས་གནས་སྐབས་བཞི་གསུངས་པ། མཚན་མ་
ཞེས་བྱ་བ་ལ་སོགས་པ་སྟེ། མཚན་མར་བཟུང་བ་གསུང་དུ་ནི། །ཞེས་བྱ་བ་ནི་ལྟེ་བའི་གནས་ལ་གང་གི་ཚེ་སའི་རང་བཞིན་སྟེང་དུ་བགྲོད་པ་དེའི་ཚེ་དེས་གཟུང་བ་གསུམ་གྱིས་མགོ་བོ་ལ་མཚན་ཞིང་བརྒྱན་པ་སྟེ། དེ་རྣམས་ཀྱི་ཁམས་ཐམས་ཅད་ཀྱིས་ལུས་ཐམས་ཅད་དུ་
Vol. 20 · folio 259a
ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གསུམ་པས་བཀང་བའོ། །སླར་ཡང་ལྟེ་བའི་གནས་སུ་རྩ་ཐམས་ཅད་ཀྱི་བུ་ག་དང་བུ་ག་རྣམས་སུ་འོངས་པ་སྟེ་དེས་ཏུའི་ཡི་གེ་ནི་ངེས་པར་གཟུང་བའོ། །དེའི་ཕྱིར་ལ་ལ་ནཱའི་ལམ་ནི་བཞི་པ་བྲལ་བའི་
དགའ་བར་བཤད་པའི་ཁྱད་པར་དུ་འཕགས་པའི་འདོད་ཆགས་ཀྱི་རང་བཞིན་གྱིས་ཕྱི་ནས་སྔོན་གྱི་གནས་སུ་ཡང་དག་པར་རིག་པ་ཞེས་བྱ་བ་ནི་དཔྲལ་བའི་གནས་སུ་སྟེ། མཆོག་ཏུ་ཟག་པ་མེད་པར་མངོན་པར་བརྗོད་པར་སྟོབས་ཆེན་མའི་བྱང་ཆུབ་ཆེན་པོ་ཞེས་བྱ་བའོ། །
ད་ནི་སྦྱོར་བ་འདི་ཉིད་ཀྱི་ཉེ་བར་སྤྱོད་པ་སིནྡྷུའི་ཡི་གེ་གཉིས་ཀྱིས་སེམས་ཅན་གྱི་དོན་གྱི་དབང་གིས་ཡང་དག་པའི་ལྟ་བའི་ལམ་གྱིས་ལྟ་བ་གསུངས་པ། རྩ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། སིའི་ཡི་གེའི་དོན་གྱིས་ཏེ་རྩའི་སྒྲས་བྱེ་བ་ཕྲག་ཕྱེད་དང་གསུམ་གྱི་ཡེ་ཤེས་ཀྱི་
རྩ་རྣམས་སྔོན་དུ་ཡང་དག་པའི་རིག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་སོ། །དེ་ལྟར་མེས་ཞེས་བྱ་བ་ནི་མགྲིན་པ་ནས་སྙིང་རྗེ་ཆེན་པོར་བཞི་པ་ལས་འདས་པ་ཡེ་ཤེས་ཀྱི་བདུད་རྩི་ཞུ་བའི་ཁམས་ཀྱིས་ཀུན་ནས་འགེངས་པ་སྟེ་རྩ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་
འགེངས་པར་འགྱུར་བས་ཞེས་བྱ་བར་འབྲེལ་ཏོ། །དེ་རྣམས་ཐམས་ཅད་དུ་ཞེས་བྱ་བ་སྟེ། བརྟན་པ་དང་གཡོ་བའི་དངོས་པོ་གནས་པ་དང་འགྲོ་བ་ལ་སོགས་པ་མཐོང་བའི་སྐད་ཅིག་ཅེས་བྱ་བ་ནི་སྐད་ཅིག་གཅིག་པས་མངོན་པར་རྫོགས་པར་བྱང་ཆུབ་པའི་ལམ་མཐོང་
བའི་ལྟ་བར་གྱུར་ཞེས་བྱ་བ་སྟེ། འདི་ནི་ལྷག་མའོ། །དེ་ལྟར་མགྲིན་པ་ནས་སྙིང་གའི་གནས་སུ་འོད་ཅེས་བྱ་བ་ནི་མཐོང་བར་འགྱུར་བའོ། །སླར་ཡང་ཟླ་བ་ཞེས་བྱ་བ་ལ་སོགས་པས་དྷཱུའི་ཡི་གེའི་དོན་གྱིས་ཏེ། དེའི་ཟླ་བ་ཞེས་བྱ་བ་ནི་ཡེ་ཤེས་ཟླ་བའི་གཟུགས་ཆོས་ཐམས་
ཅད་ཀྱི་བདག་ཉིད་ཅན་བྱང་ཆུབ་ཀྱི་ཟླ་བ་འོད་གསལ་བ་ཆོས་ཀྱི་དབྱིངས་སྙིང་གའི་དབུས་ལ་འཇིག་རྟེན་གྱི་ཁམས་ཞེས་བྱ་བར་སོན་པ་སྟེ། མགོ་བོའི་དབུས་སུ་བལྟ་བར་བྱ་བ་ནི་མ་བསྒོམས་པ་མ་ཡིན་པས་འོངས་པ་སྟེ། འཕྱང་བའི་སྒོར་ཞེས་བྱ་བ་ནི་གང་གི་ཚེ་ཆུ་འགྲོ་
Vol. 20 · folio 259b
བར་འགྱུར་རོ། །དེ་བཞིན་དུ་སྙིང་གའི་ཆུའི་རང་བཞིན་གྱི་ཡེ་ཤེས་ཀྱི་བདུད་རྩི་ཞུ་བ་འོང་བའོ། །དེ་ལྟར་ཤེས་བྱ་རྣལ་འབྱོར་མཆོག་ནི་ཞི་བ་ལ་སོགས་པ་བསྲུང་བ་ཆེན་པོའི་གཟུགས་ཅན་དེ་རྣམས་ཀྱིས་དང་བསྲུང་བ་ཐམས་ཅད་ཀྱི་གཟུགས་ཀྱིས་བསྒྲུབ་བྱ་ཕྱི་དང་ནང་གི་བདག་
ཉིད་ཅན་གྱིའོ། །འདིར་ཕྱི་རོལ་དུ་ཡུལ་ཕྱོགས་གཅིག་ཙམ་སྟེ། ནང་གི་བདག་ཉིད་དུ་ནི་རྣམ་པ་ཐམས་ཅད་ཀྱི་གཟུགས་དངོས་པོ་གང་དེ་ཐམས་ཅད་དེའི་རང་བཞིན་ཇི་ལྟར་བསྒོམ་པ་དེའི་གཟུགས་ཀྱིས་དེའི་གཟུགས་ཅན་དུ་བལྟ་བར་བྱའོ་ཞེས་བྱ་བར་དགོངས་པའི་དོན་ཏོ། །དེ་
ལྟར་སླར་ཡང་གནས་གང་དུ་སོ་སོ་རེ་རེའི་སེམས་ཅན་གྱི་ཡང་བལྟ་བར་བྱ་བ་ལ་སོགས་པ་གསུངས་པ། མཛོད་སྤུ་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཡང་དག་པའི་ལྟ་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་དོན་གྱིས་ཏེ། དེས་ལྟ་བ་ཡང་དག་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་
སོ། །དེ་ལྟར་རླུང་གི་ལྕེ་གཞུག་བྱ། །ཞེས་བྱ་བ་ནི་དཔྲལ་བའི་གནས་སུ་རླུང་གི་དཀྱིལ་འཁོར་ཆེན་པོའི་རང་བཞིན་དེར་གནས་པའི་འཕྱང་བའི་རྩེ་མོར་བྱང་ཆུབ་ཀྱི་ཟླ་བ་ཐིག་ལེའི་གཟུགས་རླུང་ཆེན་པོའི་རང་བཞིན་ཆོས་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་དེའི་རླུང་གི་ལྕེ་དེ་
ཉིད་ཐིག་ལེ་གཞུག་པར་བྱ་སྟེ། མཛོད་སྤུའི་བུ་གར་སོན་པ་དེས་ཐམས་ཅད་ཀྱི་རང་བཞིན་དེའི་བདག་ཉིད་ཅན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅིར་འགྱུར་ན་སྐྱེས་བུ་ལ་སོགས་པར་རོ། །དེའི་ཕྱིར་དེའི་རང་བཞིན་གྱི་ཡང་རྣམ་པ་དང་བཅས་པ་རྣམས་ཀྱི་རྣམ་པ་དང་བཅས་
པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གསུངས་པ། རྣལ་འབྱོར་མ་བསྒོམ་པར་བྱ་ཞེས་བྱ་བ་ལ་སོགས་པ་སྟེ་རྟོགས་སླའོ། །ད་ནི་སྲུང་བ་ཆེན་པོའི་འཁྲུལ་འཁོར་གྱི་འཁོར་ལོ་བྲི་བར་བྱ་བའི་ཕྱིར་གསུངས་པ། བྱང་ཆུབ་འཁྲུལ་འཁོར་ཞེས་བྱ་བ་ལ་སོགས་པ་
སྟེ། དེ་ལྟར་བྱང་ཆུབ་ཅེས་བྱ་བ་ནི་རི་དགས་ཀྱི་ལྟེ་བའི་ཁྱད་པར་རམ་འཇིག་རྟེན་དབང་ཕྱུག་གི་གཟུགས་ཅན་ལའོ། །དུམ་བུ་ལྔར་ཞེས་བྱ་བ་ནི་དབུས་མའི་དུམ་བུར་གཅིག་སྟེ་དེའི་ཕྱོགས་བཞི་དེར་དེ་ལྟར་བཟུང་བས་དུམ་བུ་བཞི་རྣམས་དེ་ལྟར་དབུས་མ་དང་བཅས་པས་ལྔའོ། །
Vol. 20 · folio 260a
དེས་སྒྲུབ་པ་པོ་ཞེས་བྱ་བ་ནི་བསྒྲུབ་བྱ་བྲི་བར་བྱ་སྟེ། ལྷག་མ་ཇི་ལྟ་བ་བཞིན་ནོ། །སོགས་པའི་སྒྲས་དུར་ཁྲོད་ཀྱི་རས་ལ་སོགས་པའོ། །དེ་ལྟར་སླར་ཡང་ཀུན་དུ་སྤྱོད་པ་ལ་སོགས་པ་ཐམས་ཅད་སྔོན་བཞིན་དུ་བྱ་སྟེ། རྡོ་རྗེ་ཕག་མོའི་བཅུ་པའི་
འཁྲུལ་འཁོར་དང་སྔགས་དང་འཁོར་ལོར་གོ་བར་བྱའོ། །ལྷག་མ་རྟོགས་སླའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་སྟོབས་ཆེན་མ་ལ་སོགས་པའི་མིང་གི་ཡི་གེའི་རབ་ཏུ་སྦྱོར་བས་བསྒོམ་པའི་སྲུང་
བ་ཆེན་པོ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་དེས་དེ་ལྟར་བྱང་ཆུབ་སེམས་དཔའི་རྣམ་པའི་འཁྲུལ་འཁོར་གྱི་འཁོར་ལོ་སྒྲུབ་པ་ཕུར་བུའི་སྔགས་ཀྱི་སྟེ། ཨོཾ་གྷ་གྷ་གྷཱ་ཏ་ཡ་ཞེས་བྱ་བ་ལ་སོགས་པས་བསྒོམ་པའི་ཐབས་ཞེས་བྱ་བའི་ཆོ་གའི་མཚན་ཉིད་རྒྱས་
པར་བསྟན་པ་སྟེ། ལེའུ་བཞི་བཅུ་རྩ་བདུན་པའི་བཤད་པའོ།། །།ལས་རྣམས་ཐམས་ཅད་རབ་སྒྲུབ་མའི། །འཁོར་སྒྱུར་མ་ལ་ཕྱག་བྱས་ནས། །རྒྱས་པའི་རྣམ་པའི་སྦྱོར་བ་རུ། །གནས་ཀྱི་གཙོ་མོ་བཞུགས་པ་སྟེ། །ལྷ་མིན་རྣམ་པའི་འཁྲུལ་འཁོར་དུ། །
འགྲོ་བའི་གཙོ་མོས་སྒྲུབ་པ་ཡིས། །མཆོག་སྟེར་ད་ལྟར་བདག་གིས་ནི། དེ་ཡི་འགྲེལ་པ་བཤད་པར་བྱ། །ད་ནི་རྒྱས་པའི་རྣམ་པའི་གཟུགས་ཅན་མ་འཁོར་ལོས་སྒྱུར་མ་རྣམ་པར་གནས་པ་རྣམས་ཀྱི་ལེའུ་བཞི་བཅུ་རྩ་བརྒྱད་པའི་བཤད་པ་གསུངས་པ། དེ་ནས་
ལས་ཀུན་ཞེས་བྱ་བ་ལ་སོགས་པ་སྟེ། མཆོག་ནི་གཙོ་བོ་སྟེ་ལས་ཐམས་ཅད་ཀྱི་གོང་ན་མེད་པ་ཉིད་ཀྱི་ཕྱིར་ཏེ་དེ་རྣམས་ཚིག་ཐམས་ཅད་དུ་འབྱུང་བ་འཆད་པར་འགྱུར་བ་རྣམས་ཀྱི་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ཏོ། །དེ་རྣམས་གསུངས་པ། འཁོར་ལོས་སྒྱུར་མ་
ཞེས་བྱ་བ་ལ་སོགས་པ་སྟེ། ཕྱེད་དང་བཅས་པའི་ཚིགས་སུ་བཅད་པས་མདོར་བསྟན་པའི་ཚིག་རྣམས་གསུངས་སོ། །འདིའི་རྒྱས་པར་བཤད་པ་གསུངས་པ། གཏུམ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཐོག་མར་རྩའི་ཡི་གེ་ལ་སོགས་པས་འཁོར་ལོས་སྒྱུར་མའི་
Vol. 20 · folio 260b
མིང་གི་ཡི་གེ་ལྷག་པར་བརྗོད་དེ། དེས་གཏུམ་མོ་སྦར་བ་ལྟེ་བར་ཞེས་བྱ་བ་སྟེ་སྔོན་དུ་བཤད་པའི་རིགས་པས་བསྲེག་པ་སྟེ། རང་བཞིན་དུ་བྱེད་པའོ། །ཚིག་ཐམས་ཅད་ཅེས་བྱ་བ་ནི་ཐམས་ཅད་ནི་དབང་པོ་རྣམས་འགྲོ་བའི་དུས་སུ་གང་རྣམ་པར་རྟོག་པ་སྐྱེས་ཏེ་དེ་རྣམས་སུ་སྲེག་པ་
ཉིད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་དེའི་རང་བཞིན་དུ་སྐྱེ་བ་ཡང་བསྲེག་གོ། །དེ་ལྟར་ཚིག་ཀྱང་བསྲེག་པ་སྟེ་ལྟེ་བའི་འཁོར་ལོ་སྐྱེས་པ་བསྲེག་གོ། །དེ་བཞིན་གཤེགས་པའི་རྣམ་པར་བསྲེགས་པས་སྙིང་ག་འཁོར་ལོར་སྐྱེས་པ་རྣམས་ཀྱིས་དེར་འོངས་ནས་བསྲེག་
གོ། །དེ་བཞིན་དུ་མིག་ལ་སོགས་པ་རྣམས་ཞེས་བྱ་བ་ནི་མགྲིན་པའི་འཁོར་ལོར་སོན་པའི་སྤྱན་མ་ལ་སོགས་པ་སའི་དཀྱིལ་འཁོར་ལ་སོགས་པའི་རང་བཞིན་བསྲེག་གོ། །དེ་རྣམས་བསྲེགས་ནས་སླར་ཡང་ཐིག་ལེའི་གནས་སུ་སོང་ནས་གཟུགས་རྡོ་རྗེ་མ་ལ་སོགས་པ་བསྲེག་
གོ། །དབང་པོ་རྣམས་རང་བཞིན་མེད་པར་མཐོང་བས་དུས་ཐམས་ཅད་དུ་དེའི་བདག་ཉིད་ཅན་དུ་གནས་སོ། །དེ་ལྟར་སྲེག་པ་རྣམས་སུ་ཡང་འདོད་ཆགས་ཆེན་པོའི་ཚུལ་ཉིད་པས་སྐད་ཅིག་ཐམས་ཅད་དུ་དེ་ཡང་རྣལ་འབྱོར་པ་རྣམས་ཀྱི་དགའ་བ་དང་སྤྲོ་བ་སྐྱེ་བར་
འགྱུར་རོ། །དེའི་བྱང་ཆུབ་ཀྱི་ཟླ་བ་བསྐྱེད་པ་སྟེ་རྐན་གྱི་དབུས་སུ་འཕྱང་བའི་གཙོ་མོར་ཕྱིན་ནས་འདིར་གཞོམ་དུ་མེད་པའི་ཐིག་ལེའི་གཟུགས་ཀྱིས་རྡོ་རྗེ་སེམས་དཔར་གནས་སོ། །དེ་ལྟར་འཛག་པ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་འཛག་པ་སྟེ། དེ་ཡང་ཀྲའི་ཡི་
གེས་བཤད་པ་འགྲོ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་སེམས་ཅན་ཐམས་ཅད་ལ་ཞེས་བྱ་བ་ནི་འཛག་པའི་རྒྱུན་བགྲོད་པས་ན་ཀུན་དུ་འགྲོ་བ་སྟེ། ལུས་ཐམས་ཅད་ཀྱི་སྣ་ཚོགས་པའི་མཚམས་རྣམས་སུ་བ་ཐག་གི་སྐུད་པའི་དྲ་བ་དང་དྲ་བའི་བྱང་ཆུབ་ཀྱི་ཟླ་བའི་འོད་ཟེར་
འགྲོ་བ་སྟེ། དེ་རྣམས་ཀྱི་འོད་ཟེར་གྱིས་འབིགས་ཤིང་འགྲོ་བར་བྱེད་དེ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ཀྱིས་བགྲོད་པའོ། །མྱང་བ་ཞེས་བྱ་བ་ནི་རྩ་སོ་སོ་རྣམས་སུ་ལྷན་ཅིག་སྐྱེས་པའི་དགའ་བ་མྱོང་བར་བྱེད་དོ། །དེ་བཞིན་དུ་ཡང་གསུངས་པ། རྐན་དུ་རྡོ་རྗེ་བདུད་
Vol. 20 · folio 261a
རྩིས་ཞུས། །རྩ་ཐམས་ཅད་དུ་གཏོང་བར་བྱེད། །རྣམ་པར་ཤེས་པས་རྟག་མྱང་བར། །ཐམས་ཅད་སྤྱོད་པས་ཤེས་པར་བྱེད། །རེ་རེའི་དེ་ཚེ་སྤྱོད་པ་ཡིས། །རྩ་ཀུན་དུ་ནི་མྱང་བར་ནི། །སྐུད་པའི་དྲ་བ་རྣམས་ཀྱིས་བྱེད། །མཚམས་ཀུན་དུ་ནི་འཁྱམ་
པས་སོ། །ཞེས་སོ། །དེ་ལྟར་བྱས་པས་ཡང་གནས་སྐབས་བཞི་གསུངས་པ། འཐོམ་ཞེས་བྱ་བ་ལ་སོགས་པ་སྟེ། བའི་ཡི་གེའི་དོན་གྱིས་ཀྱང་སྟེ་འཐོམ་ཞེས་བྱ་བ་ནི་བདེ་བ་ལ་ངལ་སོ་བའོ། །རྨུགས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོན་པས་པར་རྣམས་སུ་གནས་
སོ། །ཡེ་ཤེས་ཞེས་བྱ་བ་ནི་ཡེ་ཤེས་ཙམ་མོ། །དེ་ཡང་འགྲོ་བ་མེད་ཅེས་བྱ་བ་ནི་མི་སྣང་བར་སོང་བའོ། །དེར་ཡང་འོང་ཞེས་བྱ་བ་ནི་བསམ་དུ་མེད་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །བཤད་པའི་རིམ་པ་འདིས་ཕྱག་རྒྱ། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའིའོ། །ལོའི་
སྦྱོར་བས་ཞེས་བྱ་བ་ནི་ལོ་གཅིག་ཏུ་གོམས་པས་རྣལ་འབྱོར་པ་དེ་སྒྲུབ་པ་སྟེ། ཕྱག་རྒྱ་ཆེན་པོ་འཐོབ་པ་ལ་འདིར་ཐེ་ཚོམ་མེད་དོ། །དེ་ལྟར་དེ་ཞེས་བྱ་བ་ལ་སོགས་པས་ཏའི་ཡི་གེའི་དོན་གྱིས་ཏེ་དེ་དེ་བཞིན་དུ་བཤད་པ་བྱེད་དོ། །དགའ་ཞེས་བྱ་བ་ལ་སོགས་པས་ཡོངས་
སུ་སྦྱོར་བའི་རའི་ཡི་གེའི་དོན་གྱིས་སོ། །གཏོང་ཞེས་བྱ་བ་ལ་སོགས་པས་ནིའི་ཡི་གེའི་དོན་གྱིས་ཏེ། རྣམ་པར་རྟོག་པ་ཐམས་ཅད་གཏོང་། །ཞེས་བྱ་བ་ནི་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་ནང་དུ་རྣལ་འབྱོར་པས་རྣམ་པར་ཤེས་པའི་ཡེ་ཤེས་གཏོང་སྟེ། འོན་ཀྱང་
རྣལ་འབྱོར་པ་དེ་གོམ་པ་གཅིག་ཀྱང་མི་འགྲོ་ཞེས་བྱ་བ་ནི་ལུས་ཀྱི་དངོས་པོས་གོམ་པ་གཅིག་ས་ལ་མི་འགྲོའོ། །དེའི་ཕྱིར་མཚམས་ཐམས་ཅད་ཀྱི་རང་བཞིན་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་རིམ་པར་གྱུར་པ་འདིས་ཀྱང་རྣམ་པ་གཅིག་ཏུ་གཏོང་བ་མ་ཡིན་ཏེ། འཇིག་
རྟེན་གྱི་ཁམས་ཐམས་ཅད་རྣམ་པར་རྟོག་པ་ཙམ་དུའོ། །དེ་ཉིད་གསུངས་པ། བདག་གི་གདན་ལ་དེ་ལྟའོ། །ཞེས་བྱ་བ་སྟེ། ཐམས་ཅད་ཐམས་ཅད་ཀྱི་རང་བཞིན་ཐམས་ཅད་ཀྱི་བདག་ཉིད་ཀྱི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་མཐོང་བར་འགྱུར་བའོ། །འདིའི་སྦྱོར་
Vol. 20 · folio 261b
བས་ཡང་མ་རུའི་ཡི་གེ་གཉིས་ཀྱི་ངེས་པའི་ཚུལ་གྱིས་གསུངས་པ། འཆི་བ་ཞེས་བྱ་བ་ལ་སོགས་པ་སྟེ། མའི་ཡི་གེའི་དོན་གྱིས་ཏེ། འཆི་བས་མི་འབིགས་འདིའི་ཕྱིར་ཞེས་བྱ་བ་ནི་འདིའི་རྣལ་འབྱོར་གྱིས་ཏེ། གཞན་གྱི་གདན་དུ་ཡོངས་སུ་གནས། །ཞེས་བྱ་བ་ནི་
གདན་བཞི་པའི་རྒྱུད་དུ་གསུངས་པའི་གཞན་གྱི་དབུགས་རྒྱུ་བ་ལ་སོགས་པའི་བདག་ཉིད་འཆི་བ་སླུ་བ་སྟེ་བཤད་པའི་སྦྱོར་བས་ཀྱང་འཆི་བས་མི་འབིགས་ཏེ་རའི་ཡི་གེའི་ཡང་དོན་དུ་སོང་བ་སྟེ་མ་ར་ཎའི་སྒྲས་སོ། །དེ་ཕྱིར་གང་གང་ལས་རྣམས་ལ་བལྟས་ནས། །ཞེས་
བྱ་བ་སྟེ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལེན་པ་ལ་སོགས་པའི་ལས་སམ་ཞི་བ་ལ་སོགས་པ་སྐད་ཅིག་གཅིག་ལ་དེའི་བདག་ཉིད་ཀྱིས་དེར་འཇུག་པ་སྟེ་དེར་ཐམས་ཅད་ནས་ཐམས་ཅད་དུ་དུས་ཐམས་ཅད་དུ་བྱེད་དོ་ནི་མཛད་པའོ། །དེ་ལྟར་གལ་ཏེ་དེ་སྲིད་དེ་
ཉིད་ཀྱི་དུས་ལ་བརྟན་པ་དང་འགྲོ་བ་ལ་སོགས་པ་ཐམས་ཅད་ཀྱི་ལེན་པ་ལ་སོགས་པའི་ལས་བལྟ་ཞིང་དེ་ཁོ་ན་ཉིད་ལྷག་པར་རྟོགས་པས་དེས་དེ་ལྟར་ཐམས་ཅད་མཐོང་བས་ལས་ཀྱི་ཞི་བ་ལ་སོགས་པས་ལས་གཅིག་སྒྲུབ་པའི་དུས་སུ་ཡང་མི་འདོད་དོ། །དེ་རེ་རེ་ལས་
རེ་རེའི་དེ་ཇི་ལྟར་འདོད་ཅེ་ན། ཐམས་ཅད་མཐོང་བས་ཞེས་བྱ་བའི་ཐེ་ཚོམ་གྱིས་གསུངས་པ། འཆར་བ་ཞེས་བྱ་བ་ལ་སོགས་པ་སྟེ་ཏུའི་ཡི་གེའི་ཡོངས་སུ་སྦྱོར་བའི་ཨུའི་ཡི་གེ་དོན་གྱིས་ཏེ། འཆར་བའི་དུས་ཞེས་བྱ་བ་ནི་དབུགས་གཅིག་གི་ནང་དུ་རྣལ་འབྱོར་པས་
སེམས་ཅན་གྱི་ཁམས་དུ་མ་བསྐྱེད་པར་འགྱུར་རོ། །དེ་ལྟ་བས་ན་དེའི་དུས་ཀྱིས་རེ་རེའི་སེམས་ཅན་གྱི་རེ་རེའི་ཞི་བ་ལ་སོགས་པའི་ལས་སུ་ཤེས་པར་བྱ་སྟེ་དེའི་ཕྱིར་རྣལ་འབྱོར་གྱི་གདན་ཡང་དག་པའི་ལམ་དུ་འདོད་པ་སྟེ་འཐོབ་པར་བྱེད་པའོ། །གདན་གསུམ་
པོ་འདི་རྣམས་ལྷག་པར་རྟོགས་པས་མཆོག་སྟེ་གཙོ་བོ་དེའི་བདག་ཉིད་དུ་ཁྱབ་པ་པོ་གསང་བ་ཞེས་བྱ་སྟེ། གསང་བའི་མཐར་གནས་པ་གསང་བའི་གདན་ཏེ་ཧིས་ནི་གང་གི་ཕྱིར་ཏེ་ཐམས་ཅད་མཁྱེན་པ་གདན་གསུམ་གྱི་ཉེ་བར་སྤྱོད་པ་ལས་ཐམས་ཅད་ཀྱི་གཟུགས་
Vol. 20 · folio 262a
ཐམས་ཅད་དེ་ཐམས་ཅད་མཁྱེན་པ་གསང་བའི་གདན་དེའི་བདག་ཉིད་ཅན་ཏེ། གང་ཡང་རྣལ་འབྱོར་པས་དེ་དེ་དང་འདྲ་བ་ལས་ཐམས་ཅད་པ་སེམས་ཅན་རྣམས་ལ་བསྟན་པས་ཐམས་ཅད་མཁྱེན་པ་སྐྱེ་བ་འདི་ཉིད་ལ་སྟེ་བཅོམ་ལྡན་འདས་ཀྱི་ངེས་པའོ།
དེ་བཞིན་དུ་ཡང་གསུངས་པ། སྒྲུབ་པའི་ལམ་ལ་བརྟེན་པ་ཡིས། །ཡེ་ཤེས་ཀུན་དུ་བརྟགས་པ་ལས། །གནས་དང་དུས་ཚིགས་རིམ་ཉིད་ཀྱིས། །མཐོང་བས་བདག་ཉིད་འདུ་ཤེས་ཅན། །གཞན་གྱི་ཁྱབ་བྱེད་བདག་ཉིད་ཀྱིས། །ལས་ནི་བལྟས་པ་ཡིས་ནི་གྱིས། །
གཉི་ག་ཡི་ཡང་རྣལ་འབྱོར་ཆེ། །རྣལ་འབྱོར་གྱི་ནི་མིང་གིས་བརྗོད། །གསང་བ་ཀུན་བདག་ཉིད་དབེན་པ། །ཀུན་རྫོབ་མྱང་འདས་བདག་ཉིད་ཅན། །ཡང་དག་རྟོགས་པའི་རང་བཞིན་བདག །བྱང་ཆུབ་ཆེན་པོ་སྒྲུབ་པར་བྱེད། །ཅེས་སོ། །འདིའི་དོན་གྱིས་ཀྱང་ཡང་
དག །ཅེས་བྱ་བ་ལ་སོགས་པ་སྟེ་ལེའུ་འདིར་བཅོམ་ལྡན་འདས་ཀྱིས་ཡང་དག་པའི་རྟོགས་པའི་བྱང་ཆུབ་ཀྱི་ཕྱོགས་སུ་གསུངས་སོ། །ད་ནི་རྒྱས་པའི་ལས་ཀྱི་རྒྱུད་ལས་ཐམས་ཅད་པའི་ཐབས་སམ་རྒྱས་པའི་རྒྱུད་དེ་རྣམས་སྒྲུབ་པའི་སྦྱིན་སྲེག་གི་རྫས་དང་ཆོ་ག་གསུངས་པ། བ་
ལང་རྟ་ཞེས་བྱ་བ་ལ་སོགས་པ་སྟེ་རང་བཞིན་དངོས་གྲུབ་ཅེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ་ཕྱི་དང་ནང་གི་བདག་ཉིད་ཀྱི་ཉེ་བར་སྤྱོད་པས་སོ། །རང་གི་སྦྱོར་བའི་རྐྱེན་གྱིས་སྐྱེས། །ཞེས་བྱ་བ་ནི་རང་གི་བདག་གི་རྣལ་འབྱོར་ལས་བྱུང་བ་གང་གི་ཚེ་ཡི་དགས་ལ་སོགས་པ་
ཐམས་ཅད་རང་གི་ཡིད་ཀྱིས་བསམས་པ་ཙམ་གྱིས་སོ། །འདི་དེའི་འཁྲུལ་འཁོར་ཐམས་ཅད་ཅེས་བྱ་བ་ནི་སྒྲོལ་མའི་དུམ་བུ་དགུའི་བདག་ཉིད་ཅན་ལའོ། །སྐུལ་བྱེད་མའི་ལྔའི་བདག་ཉིད་དོ། །འོད་ཟེར་ཅན་གྱི་དུམ་བུ་བདུན་གྱི་བདག་ཉིད་ཅན་ནོ། །ཁྲོ་གཉེར་མའི་དྲུག་གོ །
རི་ཁྲོད་ལོ་མ་ཅན་གྱི་དུམ་བུ་བདུན་གྱི་བདག་ཉིད་དུ་བྱའོ། །སྔགས་ཀྱི་ཡི་གེ་རྣམས་ཀྱིས་ཞེས་བྱ་བ་ནི་ཨོཾ་ཏཱ་རེ་ཞེས་བྱ་བ་ལ་སོགས་པ་སྟེ། ཡང་ན་དུམ་བུ་གཅིག་གིས་དམན་པའི་ལྔ་བཅུའི་བདག་ཉིད་ཅན་ལའོ། །འདི་རྣམས་ཀུན་ལྷའི་འཁྲུལ་འཁོར་བཞིན་ཞེས་བྱ་བ་ནི་
Vol. 20 · folio 262b
བསྒྲུབ་བྱ་སྔགས་ཀྱི་བར་ལ་སོགས་པར་ནང་དུ་བཅུག་ནས་ཕྱི་རོལ་དུ་ཡང་དེ་ཉིད་ཀྱིས་དེ་ལྟར་བསྐོར་བར་བྱའོ། །བསྐྱེད་པ་དང་ནི་གནས་པའི་རྒྱུར། །ཞེས་བྱ་བ་ནི་ཇི་ལྟར་སྒྲོལ་མ་ལ་སོགས་པའི་རྒྱུད་ཀྱི་དབུས་སུ་རང་རང་གི་སྒྲུབ་ཐབས་སུ་བཤད་པའི་བསྐྱེད་པའི་རིམ་པའི་
རིགས་པས་རང་གི་དཀྱིལ་འཁོར་དུ་གནས་པས་གནས་པ་ཐམས་ཅད་བསྒྲུབ་པར་བྱའོ། །གཞན་རྟོགས་པར་སླའོ། །ད་ནི་འཁོར་ལོས་སྒྱུར་མའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གསུངས་པ། འཁོར་ལོས་སྒྱུར་མའི་ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྟེ་རྟོགས་སླའོ། །
ད་ནི་ལྷ་མ་ཡིན་གྱི་འཁྲུལ་འཁོར་གསུངས་པ། ལྷ་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ལྷ་མ་ཡིན་ཞེས་བྱ་བ་ནི་ཕག་གམ་ལྷ་མ་ཡིན་གྱི་རྣམ་པ་ལའོ། །ཕག་མོའི་སྙིང་པོ་རྣམས་ཀྱིས་ཞེས་བྱ་བ་ནི་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེའམ། སརྦ་བུདྡྷ་ཌཱ་ཀི་ནཱི་ཡེའམ། བཛྲ་བརྞྞ་
ནཱི་ཡེའང་རུང་ངོ་། །ལྷག་མ་ལེགས་པར་གོའོ། །ད་ནི་གཤིན་རྗེའི་དགྲའི་འཁྲུལ་འཁོར་གསུངས་པ། གཤིན་རྗེའི་དགྲའི་འཁྲུལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། དུམ་བུ་བཅུ་བདུན་ཅན་ཞེས་བྱ་བ་ནི་དབུས་སུ་ལྔ་དེའི་ཕྱི་རོལ་དུ་བཅུ་གཉིས་སོ། །དེའི་ཕྱི་རོལ་
དུ་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་དེ་རྣམས་ཀྱི་དུམ་བུ་བཅུ་དྲུག་རྣམས་ཀྱི་དུམ་བུ་རེ་རེ་བར་དུམ་བུ་བརྒྱད་བརྒྱད་རྣམས་ལ་ཡི་གེ་རེ་རེ་སྟེ་ཧྲཱིཿམ་གསུངས་ཀྱང་བི་ཀྲྀ་ཏཱ་ན་ན་བྲི་བར་བྱའོ། །ལྷག་མ་རྣམས་སུ་ཧྲཱིཿཥྚྲཱིཿལ་སོགས་པའི་བསྒྲུབ་བྱའི་མིང་ནང་དུ་བཅུག་པ་སྟེ་དེ་བཞིན་དུམ་
བུ་བཅུ་བདུན་རྣམས་ཀྱི་སྔགས་ཀྱི་ཡི་གེ་རྣམས་གསུངས་པ། ཡམ་ཞེས་བྱ་བ་ལ་སོགས་པ་སྟེ། དབུས་ཀྱི་དུམ་བུ་ལྔའི་ལྟེ་བར་ཡི་གེ་ཡ། གཡས་སུ་མ། ནུབ་ཏུ་མེ། བྱང་དུ་པ། ཤར་དུ་ཀྵེ་ཞེས་བྱའོ། །དེའི་ཕྱི་རོལ་དུ་རཱ་ཛཱ་ཞེས་བྱ་བ་ལ་སོགས་པ་ལྷོ་ནས་བརྩམས་ནས་དུམ་
བུ་བཅུ་གཉིས་རྣམས་སུ་ཡི་གེ་བཅུ་གཉིས་རྣམས་ཇི་ལྟ་བའི་རིམ་པས་བྲི་བར་བྱའོ། །དེ་ལྟར་བྱས་པས་ལས་བཅུ་བདུན་རྣམས་ཏེ། སྡང་བ་དང་རྨོངས་པ་དང་ཕྲག་དོག་དང་འདོད་ཆགས་དང་སེར་སྣ་དང་ཞི་བ་དང་རྒྱས་པ་དང་དབང་དང་དགུག་པ་དང་བསད་པ་དང་བསྐྲད་པ་
Vol. 20 · folio 263a
དང་བཅིང་བ་དང་མངོན་སྤྱོད་དོ། །སྡང་བ་ལ་སོགས་པ་འཕགས་པ་གཤིན་རྗེ་ལྔའོ། །དེ་བཞིན་དུ་མཚམས་ན་གནས་པ་མོའི་རྣལ་འབྱོར་མ་གཏི་མུག་དགའ་མ་ལ་སོགས་པའོ། །དེ་བཞིན་དུ་དབྱུག་པ་དང་ཐོ་བ་དང་པདྨ་དང་རལ་གྲིའི་འཕགས་པ་
གཤིན་རྗེ་སྒོ་སྐྱོང་རྣམས་ཀྱིས་ལས་བཅུ་གསུམ་རྣམས་གོ་བར་བྱའོ། །སླར་ཡང་ཐོད་པ་བཞི་རྣམས་ཀྱིས་ལས་བཞི་རྣམས་ཏེ་རིམ་པ་ཇི་ལྟ་བས་ཆུ་ལ་འཆག་པ་དང་མེའི་དབུས་སུ་འཇུག་པ་དང་ས་ལ་འཛུལ་བ་དང་རླུང་གི་དངོས་པོ་ཐམས་ཅད་ལ་རབ་ཏུ་འཇུག་པ་སྟེ་གཤིན་
རྗེའི་དགྲའི་རྒྱུད་ཆེན་པོའི་གོ་བར་བྱའོ་ཞེས་བྱ་བ་ནི་ངེས་པའོ། །ལྷག་མ་ཇི་ལྟ་བ་བཞིན་ནོ། །ད་ནི་རྫ་རྔའི་སྔགས་བཏུ་བ་གསུངས་པ། གཞན་ཡང་རྫ་རྔ་ཞེས་བྱ་བ་ལ་སོགས་པ་སྟེ། ཁྱབ་བདག་རང་གིས་ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེའི་གཟུགས་ཀྱིས་སོ། །ལྷག་མ་
ཇི་ལྟར་ངེས་བརྗོད་བླ་མར་གསུངས་པའི་རིགས་པས་བྱའོ་ཞེས་བྱ་བ་ནི་མན་ངག་གོ། །དེས་མཚམས་ཐམས་ཅད་དུ་ཞེས་བྱ་བ་ནི་ལུས་ཀྱི་མདུད་པ་ཐམས་ཅད་དེ་སྤྱི་གཙུག་ལ་སོགས་པ་ནས་རྐང་པའི་མཐེ་བོང་གི་བར་རྣམས་སུ་རྩ་སོ་སོའི་ཁའི་བུ་ག་ནི་མཚམས་སུ་གོ་བར་བྱ་སྟེ།
དེ་ལྟར་ཡི་གེས་རྩ་རྣམས་ལ། །ཞེས་བྱ་བ་ནི་ཡི་གེའི་རྣམ་པ་རྣམས་ཀྱིས་སོ། །ཚིགས་བཞི་བཅུ་རྩ་དགུ་པོ་དེ་རྣམས་ཀྱི་སོ་སོར་རེ་རེའི་ཡང་མཚམས་ཀྱི་གྲངས་གསུངས་པ། མཁའ་དུས་མེ་ཞེས་བྱ་བ་སྟེ་དྲུག་ཅུ་ལྷག་པའི་བརྒྱ་གསུམ་གྱི་ཚིགས་ཏེ་ལོའི་ཚེས་གྲངས་སོ། །ལྷག་
མ་ཐམས་ཅད་ལེགས་པར་གོའོ། །དེ་ལྟར་ཐམས་ཅད་ཀྱང་རྡོ་རྗེ་ཕག་མོའི་འཁྲུལ་འཁོར་དང་སྔགས་དང་འཁོར་ལོ་བཅུ་གཅིག་པར་གསུངས་པའི་སྦྱོར་བ་རྣམས་སུ་ཡང་བྱའོ་ཞེས་འདི་ནི་ངེས་པའོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་
འགྲེལ་པ་གྲུ་གཟིངས་ལས་འཁོར་ལོས་སྒྱུར་མའི་མིང་གི་ཡི་གེ་ལ་སོགས་པའི་རབ་ཏུ་སྦྱོར་བ་རྣམས་སུ་བསྒོམ་པ་དང་སྦྱིན་སྲེག་ལ་སོགས་པ་ལས་སྣ་ཚོགས་པའི་སྒྲུབ་པ་རྣམས་དང་། དཔལ་སྒྲོལ་མ་ལ་སོགས་པ་རྣམས་ཀྱི་འཁྲུལ་འཁོར་གྱི་འཁོར་ལོ་དང་དེ་བཞིན་དུ་
Vol. 20 · folio 263b
འཁོར་ལོས་སྒྱུར་མ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་། དེའི་འཁྲུལ་འཁོར་ཕག་མོའི་སྙིང་པོའི་འཁྲུལ་འཁོར་དང་། གཤིན་རྗེའི་དགྲའི་འཁྲུལ་འཁོར་དང་སྔགས་ཀྱིས་ཀྱང་སྣ་ཚོགས་པའི་ལས་ཀྱིས་རང་བཞིན་བསྒྲུབ་པ་དང་རྫ་རྔ་མའི་སྔགས་བཏུ་བའི་
སྦྱོར་བ་སྟེ་ལས་ཀྱི་ཚོགས་ཐམས་ཅད་ཀྱི་ཆོ་གའི་མཚན་ཉིད་རྒྱས་པར་བསྟན་པ་སྟེ། ལེའུ་བཞི་བཅུ་རྩ་བརྒྱད་པའི་བཤད་པའོ།། །།གསང་བའི་མན་ངག་སྟོན་པ་མོ། །ཐོག་མར་བརྩོན་ཆེན་མར་བཏུད་ནས། །འཁོར་ལོས་སྒྱུར་རྒྱལ་ལ་སོགས་དང་། །རྒྱས་པ་ཡང་ནི་སྒྲུབ་
པ་མོ། །ཕན་པའི་དོན་དུ་ལས་ཐམས་ཅད། །བཅུད་ལེན་ལ་སོགས་གསང་བ་མོའི། །རྒྱས་བཤད་ཚིག་ཏུ་བཤད་པ་མོ། །དེ་ཡི་འགྲེལ་པ་རབ་བཤད་བྱ། །ད་ནི་བརྩོན་འགྲུས་ཆེན་པོ་སྒྲུབ་པའི་ཐབས་ཀྱི་ཕྱིར་ལེའུ་བཞི་བཅུ་རྩ་དགུ་པའི་བཤད་པ་གསུངས་པ། དེ་ནས་ཡང་ནི་གཞན་
པ་ཞེས་བྱ་བ་ལ་སོགས་པ་སྟེ། མདོར་བསྡུས་པས་ཞེས་བྱ་བ་ནི་ཉུང་ངུ་བསྡུས་པ་སྟེ། རྒྱས་པའི་ལས་ལ་སོགས་པ་གང་གིས་སེམས་ཅན་ཐམས་ཅད་ལ་ཕན་པ་འབྱུང་བ་སྟེ་འཁོར་ལོས་སྒྱུར་མ་ལ་སོགས་པ་སྒྲུབ་པར་བྱེད་པ་དེ་རྣམས་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ཏོ། །དེ་
ལྟར་གཙོ་བོ་ཞེས་བྱ་བ་ནི་མཆོག་སྟེ། མུ་སྟེགས་ཅན་ལ་སོགས་པ་ལ་མེད་པའོ། །གང་གིས་བསྒྲུབ་པར་བྱ་བ་དེ་གསུངས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཚིགས་སུ་བཅད་པ་གཅིག་གིས་མདོར་བསྟན་པའི་ཚིག་གོ། །དེ་ལྟར་འཁྲུལ་འཁོར་མིའི་གཟུགས་ཅན་ཞེས་
བྱ་བ་ནི་སྤྲེའུའི་རྣམ་པ་འཆད་པར་འགྱུར་བས་ཉེ་བར་སྟོན་ཏོ། །ད་ནི་ཐོག་མ་ཉིད་དུ་རྣལ་འབྱོར་པ་རྣམས་ཀྱིས་སེམས་ཀྱི་ལྷག་པར་མོས་པས་ལས་ཀྱི་དུས་སུ་ཡང་བྱང་ཆུབ་སྒྲུབ་པ་ལ་ལུས་ཀྱི་ཁམས་ཡོན་ཏན་གྱི་རང་བཞིན་གྱི་རྣམ་པར་གཞག་པ་གསུངས་པ། འཕྱང་བ་ལ་
ཞེས་བྱ་བ་ལ་སོགས་པ་སྟེ། ཚིགས་སུ་བཅད་པ་གཅིག་གིས་མདོར་བསྟན་པའོ། །དེ་ཡང་། འཕྱང་བ་ལ་ནི་ཡོངས་བསྟེན་ནས། །ཞེས་བྱ་བ་ནི་མཆོག་ཏུ་ཡང་དག་པའི་བདེ་བའི་རྣམ་པ་རྣམ་པར་ཤེས་པ་བསམ་དུ་མེད་པར་ལྷག་པར་མོས་པས་བྱང་ཆུབ་འཐོབ་པར་བྱེད་དོ། །འདིས་
Vol. 20 · folio 264a
ལས་དང་ལས་མཁན་རྣམས་ཀྱི་གང་དང་གང་བྱེད་པར་འགྱུར་བས་ལྟ་བར་འགྱུར་རོ། །ལས་དེ་ཐམས་ཅད་ལས་བརྒལ་བའི་གཙོ་བོར་འགྱུར་རོ། །གང་གིས་ཕྱག་རྒྱ་ཆེན་པོ་སྣ་ཚོགས་པའི་རང་བཞིན་གྱིས་ལས་མང་པོ་དང་ལས་ཀྱི་དགོངས་པ་རང་གི་སེམས་
ཀྱིས་རང་འབྱུང་བ་ལས་བསམ་དུ་མེད་པའི་གཟུགས་ལ་སོགས་པར་དགོངས་པའི་དོན་ཏོ། །སླར་ཡང་འདིའི་རྒྱས་པར་བཤད་པ་གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། ཁམས་ཐམས་ཅད་ཡོངས་སུ་བྱུང་བའི་ལུས་རང་གི་གནས་སུ་མཆོག་གི་ལྕེའི་བདག་
ཉིད་ཅན་གྱི་རྩ་དེ་འཕྱང་བར་རྣམ་པར་བརྗོད་དེ་བཤད་པའོ། །གང་གི་ཚེ་ཉི་ཤུ་རྩ་བཞི་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་དུ་བཤད་པར་ཤེས་པར་བྱའོ། །འདི་རྣམས་ཀྱི་ཚད་གཅིག་ཏུ་མཛད་པ་གསུངས་པ། མིག་ཅེས་བྱ་བ་ནི་གཉིས་སོ། །བུ་ག་ཞེས་བྱ་བ་ནི་དགུའོ། །ཟླ་བ་ཞེས་
བྱ་བ་ནི་གཅིག་སྟེ་དེ་ལྟར་མདོར་ན་དགུ་བཅུ་རྩ་གཉིས་ཀྱིས་ལྷག་པའི་བརྒྱ་ཕྲག་གཅིག་གོ །ཁམས་འཕྱང་བ་པོ་ཡང་དེ་བཞིན་ནོ། །དེའི་ཕྱིར་དཔའ་བོ་ཉི་ཤུ་རྩ་བཞི་རྣམས་ལ་སོ་སོ་རེ་རེར་འཕྱང་བ་པོ་འདི་རྣམས་ཐམས་ཅད་ཀྱི་མིང་གི་གྲངས་ཀྱང་འདི་རྣམས་ཀྱིས་བཤད་དོ། །
དེ་ལྟར། དཀྱིལ་འཁོར་སུམ་ཅུ་རྩ་བདུན་དུ། །དཔའ་བོ་རེ་རེའི་བསྒོམ་པར་བྱ། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་སུམ་ཅུ་རྩ་དྲུག་རྣམས་ཐམས་ཅད་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཅན་ཏེ། གང་གི་ཚེ་མཁའ་འགྲོ་མ་ལ་སོགས་པ་ནས་བརྩོན་འགྲུས་ཆེན་མོའི་བར་དང་ཁྭ་གདོང་
མ་ལ་སོགས་པས་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་རྣམས་ཀྱི་ལེའུ་རྣམས་སུ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་བཤད་དེ། དེའི་ཚེ་དེ་རྣམས་ཀྱིས་བསྡུས་པར་དང་རྡོ་རྗེ་ཕག་མོའི་འཁོར་ལོས་ཀྱང་བརྒྱད་ཅུས་ལྷག་པའི་བདུན་བརྒྱའི་
དཔའ་བོ་རྣམས་སོ། །དེ་ལྟར་ཁམས་ཀྱི་དཔའ་བོ་འདི་རྣམས་ཀྱི་གྲངས་སུ་ཅིའི་ཕྱིར་འགྱུར་བ་གསུངས་པ། ཁམས་བརྒྱད་པོ་ཐམས་ཅད་དུ་དེ་རྣམ་པ་གསུམ་དུ་མཚོན་པར་བྱའོ་ཞེས་བྱ་བའི་ཚིག་གིས་སོ། །འདི་ཡང་བཤད་པ་བཤད་པའི་དཔའ་བོ་ཉི་ཤུ་རྩ་བཞི་རྣམས་རེ་རེ་
Vol. 20 · folio 264b
ལ་ཁམས་རྣམ་པ་བརྒྱད་དུ་འགྱུར་རོ། །དེ་ཡང་སྔོན་དུ་བཤད་དོ། །དེ་ལྟར་མིག་དང་བུ་ག་ཟླ་བའི་གྲངས་བྱས་པའོ། །ཁམས་དེ་རྣམས་སླར་ཡང་རྣམ་པ་བརྒྱད་ལ་རྣམ་པ་གསུམ་དུ་འགྱུར་ཏེ་རྩའི་ཡི་གེས་མིག་དང་བུ་ག་ཟླ་བ་དང་བསྲེས་པ་སྟེ། དེ་བཞིན་དུ་འཁོར་ལོས་སྒྱུར་
བ་བཅུ་གཉིས་ཀྱིས་བཅོ་ལྔ་པར་བཤད་པ་རྣམས་སུ་འགྱུར་རོ། །དེ་རྣམས་ཀྱིས་སླར་ཡང་འཁོར་ལོས་སྒྱུར་བ་རྣམས་ལ་ཁམས་རྣམ་པ་བརྒྱད་དེ། གོ་ཆའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་དཀྱིལ་འཁོར་དུ་འགྱུར་རོ། །འོན་ཀྱང་འདི་རྣམས་ཀྱི་རབ་ཏུ་སྦྱོར་བ་
ནི་མིང་གི་ཡི་གེ་མདོར་བསྟན་པར་ཐོད་པའི་དུམ་བུ་ལ་སོགས་པ་འཆད་པར་འགྱུར་བའི་དཔའ་བོ་ཉི་ཤུ་རྩ་བཞི་རྣམས་ཀྱི་ཐམས་ཅད་ཀྱི་མཚན་ཉིད་བཤད་པར་བྱ་བ་ནི་ངེས་པའོ། །དེ་ལྟར་དཔའ་བོ་འཕྱང་བའི་རང་བཞིན་དེ་རྣམས་ཕག་མོ་ལ་སོགས་པའི་རྩ་འདི་རྣམས་ཐམས་
ཅད་ཀྱི་ནང་དུ་ཡོངས་སུ་གནས་པར་ཤེས་པར་བྱ་བ་ནི་མིང་གི་ཡི་གེའི་རབ་ཏུ་སྦྱོར་བའི་ཡེ་ཤེས་ཀྱི་བརྩོན་འགྲུས་ཆེན་པོ་ཁྱབ་པར་བྱེད་པ་པོ་སྟེ། དེ་གསུངས་པ། དཀྱིལ་འཁོར་གྱི་ཡི་གེ་ཞེས་བྱ་བ་ལ་སོགས་པས་མའི་ཡི་གེའི་དོན་གྱིས་ཏེ། དེ་ལྟར་དཀྱིལ་འཁོར་གྱི་སྒྲ་ནི་
རླངས་པ་ཙམ་གྱི་ནང་དུ་ཐིམ་པ་སྟེ། གཉིས་འཕེལ་བའི་ཡི་གེས་ཟློས་བཞིན་པའི་རྣལ་འབྱོར་པ་རྣམས་ཀྱིས་དེ་བསྣུམ་པས་ཁམས་རྣམས་རབ་ཏུ་རྒྱས་ཏེ་འཕྱང་བར་འགྱུར་རོ། །དེའི་དཔེ་གསུངས་པ། ཇི་ལྟར་གཉིད་ལོག་པ་ལས་སད་པར་བྱའོ། །དེ་བཞིན་ཁམས་
ཐམས་ཅད་གཉིད་ལོག་པའི་གདོང་ལ་བསྣུན་པས་བདེ་བའི་གཟུགས་ལངས་པར་བྱའོ། །དེ་ལྟར་བཤད་པ་ཅིར་འགྱུར་འདིར་ཁམས་ཐམས་ཅད་ཤིན་ཏུ་འབབ་པའི་རྩེ་མོར་བསམ་དུ་མེད་པའི་ཡེ་ཤེས་བྱང་ཆུབ་ཀྱི་གཟུགས་སུ་རྣམ་པར་གནས་སོ་ཞེས་བྱ་བར་བཤད་པར་འགྱུར་
རོ། །དེ་ཉིད་ཀྱི་དཔེ་གསུངས་པ། དཔའ་བོའི་ཞེས་བྱ་བ་ལ་སོགས་པ་སྟེ། གང་དང་འདྲ་བ་ནི་གཡུལ་ངོའི་དུས་སུ་སྔོན་དུ་རལ་གྲིའི་རིག་པ་ལ་སོགས་པའི་འཐབ་པའི་སྐྱེས་བུ་དཔའ་ཞིང་སྟོབས་ཆེ་ལ་སྟོབས་ལ་བརྩོན་པ་ཕ་རོལ་གནོན་པ་རྣམས་ཀྱི་ལག་པར་སོན་པའི་རལ་གྲི་མེ་
Vol. 20 · folio 265a
ཏོག་བཞིན་འབིགས་པའམ་མི་འབིགས་སོ། །དེ་དང་འདྲ་བ་ཞེས་བྱ་བ་ནི་དེ་དེ་བཞིན་དུ་བཤད་པར་འགྱུར་ཏེ། དེ་ལྟར་ཅིའི་གཟུགས་ཀྱིས་འཕྱང་བའི་རལ་གྲིས་འབིགས་པ་གསུངས་པ། ཤེས་བྱས་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཧའི་ཡི་གེ་
མདོར་བསྟན་ཞེས་བྱ་བ་ནི་ཆེན་པོའི་སྒྲའི་ཧའི་ཡི་གེ་མདོར་བསྟན་པ་སྟེ། ཐམས་ཅད་དུ་འབབ་པས་རྩའི་མཚམས་ཐམས་ཅད་དུ་ཡོངས་སུ་གནས་སོ། །དེ་ལྟར་གཞོམ་དུ་མེད་པར་བཤད་པའི་དཔའ་བོ་ཞེས་བྱ་བ་ལ་སོགས་པས་བའི་ཡི་གེའི་དོན་གྱིས་ཏེ། ཚིགས་སུ་བཅད་
པ་གཅིག་གིས་དེ་དེ་བཞིན་དུ་བཤད་པར་འགྱུར་རོ། །སླར་ཡང་ངེས་འབྱུང་ཞེས་བྱ་བ་ལ་སོགས་པས་རྒྱའི་ཡི་གེའི་དོན་འཆད་དེ། དེ་ལྟར་ངེས་འབྱུང་ནི་མྱ་ངན་ལས་འདས་པའི་དུས་སུ་སའི་ཁམས་ཐམས་ཅད་དེ་དེ་ཇི་ལྟར་རྒྱས་འདེབས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པས་
ཁམས་ཐམས་ཅད་དུ་རྒྱས་བཏབ་པ་སྟེ། སེམས་ཅན་གྱི་དོན་དུ་སླར་ཡང་འོང་བ་སྟེ་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་པས་སོ། །དེའི་ཕྱིར་འཕྱང་བཞིན་པ་འགྲོ་བར་འདོད་པ་ཉིད་དེ། ཐམས་ཅད་གཞོམ་དུ་མེད་པའི་གཟུགས་སུ་འདུ་ཤེས་པར་བྱའོ། །འོན་ཀྱང་། རང་དང་
གཞན་དུ་རིག་པ་སྤངས། །ཞེས་བྱ་བའི་རྒྱུས་ཤེས་པར་བྱའོ། །ད་ནི་འདིའི་སྦྱོར་བས་རྫོགས་པ་ན་སླར་ཡང་ཀུ་ལུ་ཏའི་ཡི་གེ་རྣམས་སུ་གཉིས་སུ་མེད་པའི་སྦྱོར་བས་བཅུད་ལེན་གྱི་དངོས་གྲུབ་ཀྱི་འབྲས་བུ་རྒྱས་པར་གསུངས་པ། རིགས་ཞེས་བྱ་བ་ལ་སོགས་པ་སྟེ།
ཀུའི་ཡི་གེའི་དོན་གྱིས་རིགས་དང་རིགས་ཅན་གྱི་ཁམས་གཉིས་རང་གིས་རིག་པའི་བྱང་ཆུབ་ཀྱི་སེམས་དང་གཉིས་ཀུན་དུ་སྦྱོར་བ་ཅན། གང་གི་ཚེ་མཆོག་ཏུ་ཟག་པ་མེད་པའི་དུས་སུ་ཁམས་དེ་གཉིས་འཕྱང་བའི་ཁོངས་སུ་ཞེས་བྱ་བ་ནི་འདི་རྣམས་ཐམས་ཅད་འཕྱང་བ་ཅན་དེ་
རྣམས་ཀྱི་ཁོངས་སུ་ཨ་ཝ་དྡྷཱུ་ཏཱིའི་རྡོ་རྗེའི་ཁོངས་དེའི་དབུས་སུ་རབ་ཏུ་འཇུག་པར་འགྱུར་རོ། །འདིས་གཉིས་པ་དེ་རྣམས་སྤངས་པར་བྱས་སོ། །དེ་ཅིའི་ཕྱིར་ཞེ་ན་ཁམས་ཐམས་ཅད་ཞུ་བས་ནམ་མཁའ་བཞིན་དུ་གནས་སོ་ཞེས་བྱ་བའི་ཚིག་གིས་སོ། །དེ་ཉིད་གསུངས་པ།
Vol. 20 · folio 265b
ཆད་ཅེས་བྱ་བ་ལ་སོགས་པ་སྟེ་ལུའི་ཡི་གེའི་དོན་གྱིས་ཏེ་ཆད་པ་ཉིད་དུ་ཞེས་བྱ་བ་ནི་ཐིམ་པ་ཉིད་དེ། དེའི་ཁམས་གཉིས་ཨ་ཝ་དྡྷཱུ་ཏཱིའི་དབུས་སུ་ཞུགས་རོའི་ནང་དུ་ཞེས་བྱ་བ་ནི་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཀྱིས་ཁམས་ཐམས་ཅད་དེའི་ནང་དུ་སྟེ་དེ་དེ་བཞིན་དུ་
བཤད་དོ། །འདི་དང་ལྡན་པའི་རྫས་ཐམས་ཅད་ཀྱིས་བཅུད་ལེན་ཡེ་ཤེས་བདུད་རྩི་བསྒྲུབ་པར་འགྱུར་རོ། །དེའི་ཕྱིར་སྐྱེ་འགྲོ་ཀུན་གྱི་རྒྱས་པ་ཞེས་བྱ་བ་ནི་རང་གི་ལུས་ལ་བསྒྲུབ་པར་འགྱུར་རོ། །དེས་རང་བཞིན་གྱི་སྟེ་དྲུག་པའི་དོན་གྱིས་གཉིས་པ་སྟེ། སྐྱེ་འགྲོ་
ཐམས་ཅད་ཀྱི་འགྱུར་བའོ། །དེ་ལྟར་འདི་རྣམས་ཀྱི་སླར་ཡང་དེ་ཉིད་ཀྱི་རྫས་ཀྱིས་བྱང་ཆུབ་ལ་བལྟ་བ་གསུངས་པ། དེ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། ཧའི་ཡི་གེའི་དོན་གྱིས་ཏེ་ཡེ་ཤེས་ཀྱི་དབུས་སུ་ཡེ་ཤེས་ཀྱི་རྣམ་པར་སྐྱེ་འགྲོ་རྣམས་སུ་སྐྱེས་པ་ན། སེམས་ཅན་
གྱི་དོན་བྱས་ནས་ས་གསུམ་དུ་གནས་པ་མེད་དོ། །སྔོན་གྱི་དུས་སུ་མཁའ་སྤྱོད་དུ་ཉེ་བར་བཞུད་པ་ཐོབ་པར་བྱས་ནས་དེ་རྣམས་ཕྱིས་ཡང་དེ་ལ་གོམས་པའི་བག་ཆགས་ཀྱིས་སོ། །གང་གི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབུས་སུ་ཞེས་བྱ་བ་ནི་དབུ་
མར་གནས་པ་སྟེ། ཟག་མེད་ཅེས་བྱ་བ་ནི་མཆོག་ཏུ་ཟག་པ་མེད་པའི་ཡེ་ཤེས་ཀྱིས་ཏེ་ངེས་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས། ཡང་དག་གི་གོ་འཕང་གནས་ཞེས་བྱ་བ་ནི་ཡང་དག་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ། །དེའི་ཕྱིར་དེའི་གོ་འཕང་གིས་གནས་
པས་བརྗོད་པ་མེད་པ་སྟེ། འདི་ནི་དགོངས་པ་སྟེ། དོན་དམ་པས་མན་ངག་ཐམས་ཅད་བརྗོད་པའོ། །དེའི་ཕྱིར་སྔགས་ཆེན་པོ་ཞེས་བྱ་སྟེ། མཆོག་ཏུ་ཟག་པ་མེད་པ་དེའི་བདག་ཉིད་སྦས་པའི་དོན་གྱིས་སྔགས་ནི་མཆོག་ཉིད་དེ་ཆེན་པོའོ། །དེ་ལྟར་གཞོམ་དུ་མེད་པ་
ཞེས་བྱ་བ་ལ་སོགས་པ་ཁྱད་པར་དུ་བྱེད་པའོ། །ད་ནི་སྔགས་ཁམས་ཐམས་ཅད་ཀྱི་སྔོན་དུ་བཤད་པ་རྣམས་ཀྱི་དཔའ་བོ་ཉི་ཤུ་རྩ་བཞི་རྣམས་སུ་འཕྱང་བ་ཅན་གྱི་དཔའ་བོ་རྣམས་ཉིད་ཀྱི་ཚད་ཀྱི་མཚན་ཉིད་གསུངས་པ། ཁམས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ།
Vol. 20 · folio 266a
འཆད་པར་འགྱུར་བའི་ཁམས་རྣམས་ཀྱི་དངོས་པོ་སྐྲ་དང་། སྤུ་ལ་སོགས་པ་རྣམས་སོ། །དེ་ལྟར་ཐོད་པའི་དུམ་བུ་ཞེས་བྱ་བ་ནི་གཅིག་གི་མིང་བཟུང་བས་འདི་རྣམས་ཐམས་ཅད་ཀྱི་མིང་བཟུང་བ་སྟེ་དུས་ལ་སོགས་པར་འགྱུར་རོ། །དེ་ཡང་མིང་རྣམས་
ཀྱི་དཔའ་བོ་རྣམས་སུ་ཡོངས་སུ་གནས་པ་ཞེས་བྱ་བ་སྟེ། མང་པོའི་ཚིག་གིས་འདིའི་ངེས་པ་དེ་ལྟར་འདིར་སེན་མོ་དང་སོ་འབབ་པ་ཞེས་བྱའོ། །དེ་ལྟར་དང་པོའི་ཁམས་རེ་རེ་ཞེས་བྱ་བ་ནི་དེ་བཞིན་དུ་བཤད་དོ། །ས་ལ་སོགས་པའི་ཁམས་བཞི་ཞེས་བྱ་བ་ནི་ས་དང་ཆུ་
དང་དེ་བཞིན་དུ་མེ་དང་རླུང་ངོ་། །རྫས་བཞི་རྣམས་ཞེས་བྱ་བ་ནི་སེམས་དང་། སེམས་པ་དང་བསམ་བྱ་དང་སེམས་པ་པོ་སྟེ་བཞིའོ། །དེ་ལྟར་ཞེས་བྱ་བ་ནི་ཁམས་རྣམ་པ་བརྒྱད་རྣམས་གནས་གསུམ་དུ་སྦྱར་བར་བྱའོ། །དེ་ལ་འཕྱང་བ་སྐྲ་དང་བ་སྤུ་ཞེས་བྱ་བ་ལ་
སོགས་པ་ནས་སྣབས་དང་རྐང་མར་འབབ་པ་ཞེས་བྱ་བའི་བར་དུ་རིམ་པ་ཇི་ལྟ་བས་དེ་རྣམས་སུ་སྦྱར་བར་བྱའོ། །དཔའ་བོ་ཐམས་ཅད་ཅེས་བྱ་བ་ནི་དཔའ་བོ་ཉི་ཤུ་རྩ་བཞི་རྣམས་ཀྱིས་བྱའོ། །སླར་ཡང་དེ་ལྟར་དུམ་བུ་ཞེས་བྱ་བ་ལ་སོགས་པ་ནས་མཆོག་གི་བདེ་བར་བརྗོད་
ཅེས་བྱ་བའི་བར་དུ་དཔའ་བོ་རྣམས་ཀྱིས་རང་གི་མིང་རྣམས་ཀྱི་ངེས་པའི་ཚིག་བསྟན་ཏོ། །དེས་དེ་ལྟར་རབ་ཏུ་གཏུམ་མོ་ལ་སོགས་པའི་ལེའུ་རྣམས་སུ་ཇི་སྲིད་འདིའི་བར་དུ་དཔའ་བོ་དང་གཉིས་སུ་མེད་པའི་དགོས་པ་དང་བྱེད་པ་གོ་བར་བྱའོ། །དེའི་ཚེ་དེ་རྣམས་ཀྱི་ཐམས་
ཅད་ཅེས་བྱ་བ་ལ་སོགས་པ་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པ་གསུམ་རྣམས་ཀྱིས་དཔའ་བོ་ཐམས་ཅད་ཀྱི་ཁམས་དང་རྩ་རྣམས་ཀྱིས་སྐད་ཅིག་སྐད་ཅིག་ལ་མངོན་སུམ་དུ་རོ་མྱང་བའི་མཚན་ཉིད་དོ། །དེ་བཞིན་དུ་ཁམས་རྣམས་ཀྱི་ཐ་མལ་པའི་རང་བཞིན་དང་བྲལ་བ་
སྟེ། དེ་རྣམས་ཀྱི་ཡང་རང་བཞིན་རྣམས་ཀྱི་ཚད་ནི་དུས་ཚོད་དང་ཀླུ་དང་མདའ་ཞེས་བྱ་སྟེ། བདུན་ཅུ་རྩ་དྲུག་གི་ལྷག་པའི་ལྔ་བརྒྱ་རྣམས་སོ། །དེ་བཞིན་དུ་དཔེར་བྱ་བ་ལྷན་ཅིག་སྐྱེ་བ་བཤད་པས་སོ། །དེ་བཞིན་དུ་གསེར་འགྱུར་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་
Vol. 20 · folio 266b
པ་གཅིག་གིས་འདིའི་དཔེ་བསྟན་པ་སྟེ། གཞན་རྟོགས་པར་སླའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ཁམས་ཐམས་ཅད་ལ་ཞུགས་པས་བརྩོན་འགྲུས་ཆེན་པོས་རྒྱས་བཏབ་པར་བསྟན་ཏེ། དེས་དེ་ལྟར་ཀུན་ནས་ཞེས་བྱ་བ་ལ་སོགས་པ་
ཚིགས་སུ་བཅད་པ་ཕྱེད་ཀྱིས་དངོས་པོ་ཐམས་ཅད་གཅིག་པ་མཐོང་བ་ན་དེ་བཞིན་གཤེགས་པ་ཉིད་དུ་བསྟན་ཏོ། །དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་དངོས་པོ་བལྟ་བའི་ཕྱིར་གསུངས་པ། མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་རྒྱུད་ལྔ་རྣམས་ཀྱི་དངོས་
པོ་གང་གི་དེའི་ལས་རབ་ཏུ་སྟོན་པ་པོ་ཞེས་བྱ་བ་ནི་ལས་ཀྱི་ཚོགས་ཐམས་ཅད་སྟོན་པ་པོ་སངས་རྒྱས་ཉིད་སྟོན་པ་པོ་ཉིད་དོ། །དེས་འདི་ཞེས་བྱ་བ་ནི་མཁའ་འགྲོ་རྒྱ་མཚོ་ལ་སོགས་པའི་རྒྱུད་ཆེན་པོར་ཡང་བླ་ན་མེད་པའི་ཡེ་ཤེས་སྟོན་པ་པོ་ཐུབ་པ་སྐྱེས་མཆོག་གིས་གསུངས་ཏེ། རྣལ་
འབྱོར་ཆེན་པོ་གཙོ་བོ་ཉིད་པས་སོ། །རྒྱུད་ལྔ་རྣམས་ཀྱི་ཡན་ལག་རྣམས་རྒྱུད་འདི་ཡོངས་སུ་ཤེས་པར་བྱེད་པའི་གཟུགས་ཏེ། ཇི་ལྟར་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་ཀྱིས་ཡོངས་སུ་ཤེས་པར་བྱེད་པ་ནི་དྲུག་པ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འོན་ཀྱང་རྒྱུད་ལྔ་པོ་རྣམས་ཀྱི་རྣལ་འབྱོར་ཆེན་པོ་ལ་སོགས་པའི་དེ་ཁོ་ན་ཉིད་དུ་ཡང་རྣམ་པར་གནས་སོ། །གང་དེ་ཡང་དེར་དྲང་ཞེས་བྱ་བ་ནི་མཁའ་འགྲོ་རྒྱ་མཚོ་ནས་ལས་ཆེན་པོ་དྲང་བའོ། །དེ་ཡང་འདིར་དུམ་བུ་དུམ་བུར་ཞེས་བྱ་བ་ནི་ཇི་སྲིད་
ཐོག་མ་ནས་བརྩམས་ནས་མཐའི་བར་དུ་ལེའུ་རྣམས་སུ་དེ་རྣམས་ཀྱི་གནས་སུ་དེར་གནས་པའོ། །དེའི་ཕྱིར་ཕྲ་མོ་ཞེས་བྱ་བ་ལ་སོགས་པ་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པས་རྒྱུད་ཐམས་ཅད་ཀྱིས་ངེས་པ་ཕྲ་མོ་ཆེན་པོའི་བྱ་བའི་ཆོ་གས་ཏེ་རླུང་དང་རྣམ་པར་ཤེས་པར་མངོན་
པར་བརྗོད་པས་སོ། །དེ་བཞིན་དུ་ཡང་གསུངས་པ། རླུང་ནི་ཕྲ་མོའི་གཟུགས་ཀྱིས་ནི། །ཡེ་ཤེས་དང་ནི་འདྲེས་པར་སོན། །དེ་ཡི་སྦྱོར་བ་འདི་ཀུན་གྱི། །ཁམས་རྣམས་ཀྱི་ནི་ཐིམ་ལ་སོགས། །ཞེས་པས་སོ། །དེ་ལྟར་ཁམས་རྣམས་ཀྱི་གྲོང་རྣམས་སུ་ཞེས་བྱ་བ་ནི་ཁམས་
Vol. 20 · folio 267a
སོ་སོ་རྣམས་ཀྱི་གནས་སུ་ཡེ་ཤེས་བླང་བ་སྟེ། ཇི་ལྟར་ཁམས་ཐམས་ཅད་བེམས་པོའི་ཁམས་རྣམས་ཀྱི་སྐབས་ལས་ཁམས་ཆེན་པོ་རང་བཞིན་དང་མཉམ་པ་ཡོངས་སུ་བླངས་ནས་དེས་དེ་རྣམས་སུ་ལས་རྣམས་བྱའོ། །ཇི་ལྟ་བའི་རིམ་པས་ཡེ་ཤེས་བླངས་ནས་
སངས་རྒྱས་ཀྱི་རང་བཞིན་དུ་མཚོན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྒྱུད་ཐམས་ཅད་དུ་ཐོག་མར་ཞེས་བྱ་བ་ལ་སོགས་པས་དེས་དེ་བཞིན་དུ་བཤད་པའོ། །རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །ད་ནི་ནང་གི་བདག་ཉིད་ཆེན་པོའི་བཅུད་ལེན་གྱི་རྫས་རྣམས་
གསུངས་པ་བཅུད་ལེན་ཞེས་བྱ་བ་ལ་སོགས་པ་སྟེ། སྨན་ཆེན་པོ་ཞེས་བྱ་བ་ནི་དོན་ཆེན་པོ་ཡོངས་སུ་རིག་པའི་སྨན་ཆེན་པོ་སྟེ། ཉི་ཤུ་རྩ་བཞི་ཞེས་བྱ་བ་ནི་མཚམས་སྦྱོར་གྱི་སྐད་ཀྱི་ནང་དུ་དཔའ་བོ་ཉི་ཤུ་རྩ་བཞིའི་རང་བཞིན་རྣམས་སོ། །དེ་ལྟར་སྨན་འདི་རྣམས་ཀྱི་མདོར་བསྟན་
པའི་ཚིག་རྣམས་གསུངས་པ། གསང་བ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་རྣམས་འཆད་པར་འགྱུར་བའི་རྒྱས་པར་བཤད་པའི་ཚིག་རྣམས་ཀྱི་རྫས་བཅུ་དྲུག་རྣམས་སུ་བཤད་དོ། །དེ་ལྟར་བརྒྱད་ཀྱི་ཕྱེད་དུ་ཞེས་བྱ་བ་ནི། རྫས་བརྒྱད་རྣམས་ཏེ་ཙའི་ཡི་གེས་བརྒྱད་ཀྱི་ཕྱེད་
དེའི་ཚིགས་སུ་བཅད་པ་བཞིའི་འཆད་པར་འགྱུར་བ་རྣམས་ཀྱིས་ཏེ། དེ་ཉིད་གསུངས་པ། སྒྲ་ལས་འབྱུང་ཞེས་བྱ་བ་ལ་སོགས་པ་ནས་བཅུ་དྲུག་ཆ་རིན་པོ་ཆེ་ཞེས་བྱ་བའི་བར་དུ་སྟེ། དེ་ལྟར་ཐམས་ཅད་རྣམས་སུ་གསང་བ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་
པས་སོ། །ཁམས་ལྔ་རབ་ཏུ་བཤད་ཅེས་བྱ་བ་ནི་རྫས་ཉི་ཤུ་རྩ་བཞི་རྣམས་བསྡོམས་ནས་བདུད་རྩི་ལྔ་བསྒྲུབ་པར་བྱ་སྟེ། ཁམས་ཐམས་ཅད་གང་གི་ཚེ་ལྔ་སྟེ། ལྔའི་རང་བཞིན་གྱི་བདུད་རྩི་ལྔའོ། །དེ་ལྟར་ཁམས་འདི་རྣམས་ཀྱི་རྒྱས་པར་བཤད་པ་གསུངས་པ། རི་ཡིག་ཅེས་
བྱ་བ་ལ་སོགས་པ་སྟེ། རི་སྐྱེས་ཞེས་བྱ་བ་ནི་རྐང་མར་རོ། །དྲིའི་ལོ་མ་ཞེས་བྱ་བ་ནི་བཤད་པའི་བཅུད་མར་རོ། །གནྡྷ་ཀར་རབ་བཤད་ཅེས་བྱ་བ་ནི་བཤད་པའོ། །མེ་ཏོག་གི་ཟླ་བ་སོ་སོ་ལ་སྐྱེ་བའོ། །རྩ་ཞེས་བྱ་བ་ནི་ཆུ་རྒྱུས་སོ། །ལྕུག་མ་སྐྱེས་ནི་ཁྱེའུ་དང་བུ་མོ་སྐྱེས་མ་ཐག་གི་
Vol. 20 · folio 267b
མངལ་སྐྱེས་ཀྱི་རོ་མཚན་ནོ། །དྲིའི་མར་ཁུ་ནི་རྣམ་པར་སྣང་མཛད་ཀྱི་མར་ཁུའོ། །རྒྱ་མཚོ་སྐྱེས་ཞེས་བྱ་བ་ནི་ཁམས་ཐམས་ཅད་དོ། །བ་མོ་ནི་ཤེས་རབ་དང་ཐབས་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་སོ། །སྙིང་པོའི་ག་པུར་ཞེས་བྱ་བ་ནི་གཅིག་པུའི་ཆ་ཅན་གྱི་བྱང་ཆུབ་ཀྱི་སེམས་སོ། །
དེ་ལྟར་རྫས་བཅུ་དྲུག་རྣམས་ནང་གི་བདག་ཉིད་དུ་བཟའ་བ་ནི་རྣལ་འབྱོར་གྱིས་བཟུང་བས་སོ། །དེ་བཞིན་དུ་ཕྱི་རོལ་དུ་ཡང་ཡོངས་སུ་བཟུང་བ་རྣམས་ཀྱི་རྒྱས་པའི་རྒྱུར་བཟའ་བའོ། །དེ་བཞིན་དུ་འདིར་སྔོན་དུ་བཤད་པའི་ཚིགས་སུ་བཅད་པ་བཞི་རྣམས་ཀྱི་མདོར་བསྟན་པའི་རོ་མཉམ་
པར་བྱ་བའི་ཕྱིར་རྒྱས་པར་བཤད་པའི་སྦྱོར་བ་གསུངས་པ། སྒྲ་ལས་བྱུང་ཞེས་བྱ་བ་ལ་སོགས་པ་སྟེ། ཁེ་ཌ་ཀ་ཞེས་བྱ་བ་ནི་ནམ་མཁའ་ལ་རྩེ་བས་ན་རྩེན་པ་སྟེ་ནམ་མཁར་རྩེའོ། །སྟེང་དུ་འགྲོ་བས་མཆོག་ཏུ་ཟག་པ་མེད་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །འདོད་མ་
ལས་བྱུང་ཞེས་བྱ་བ་ནི་དཔྲལ་བའི་གནས་སུ་འདོད་པའི་ཁམས་བཅུ་དྲུག་གི་རང་བཞིན་རྩ་བཅུ་དྲུག་དང་ཟླ་བའི་ཆའི་རང་བཞིན་ཏེ། དེ་རྣམས་སུ་སྟེང་དུ་འབབ་པས་སྦྲང་རྩི་ལ་ལ་ནཱའི་རྫས་དང་ཁྲག་ར་ས་ནཱ་དང་། ག་པུར་དབུས་མའི་རབ་ཏུ་བསྐྱོད་པས་བྱང་ཆུབ་ཀྱི་སེམས་ཀྱི་
རྒྱུན་བཅུ་དྲུག་སྟེ་ལྷག་མ་རྟོགས་སླའོ། །ད་ནི་བརྩོན་འགྲུས་ཆེན་མོའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གསུངས་པ། དེའི་རང་བཞིན་བརྩོན་ཆེན་མོ། །ཞེས་བྱ་བ་ལ་སོགས་པ་སྟེ་ལེགས་པར་གོའོ། །ད་ནི་འཁྲུལ་འཁོར་གྱི་འཁོར་ལོ་གསུངས་པ། འཁྲུལ་འཁོར་
ཞེས་བྱ་བ་ལ་སོགས་པས་ཏེ། ཁ་ཞེས་བྱ་བ་ནི་གུར་ཀུམ་གྱིས་སོ། །ལུགས་བཟློག་ཅེས་བྱ་སྟེ་བཤད་པ། ཐོག་མར་ཧཱ། གཉིས་པར་སྭཱ། གསུམ་པ་ཊ། བཞི་པར་ཕ། ལྔ་པར་ཊ། དྲུག་པར་ཕ། བདུན་པར་ཧཱུཾ། བཅུ་བཞི་པར་ཧཱུཾ། ཉི་ཤུ་རྩ་གཅིག་པར་ཧཱུཾ། ཉི་ཤུ་རྩ་
བརྒྱད་པར་ཛ། སུམ་ཅུ་རྩ་ལྔ་པར་རཱ། བཞི་བཅུ་རྩ་གཉིས་པར་བྱ། བཞི་བཅུ་རྩ་དགུ་པར་བྷི། བཞི་བཅུ་རྩ་བརྒྱད་པར་བཱན། བཞི་བཅུ་རྩ་བདུན་པར་ག །བཞི་བཅུ་རྩ་དྲུག་པར་བྷ། བཞི་བཅུ་རྩ་ལྔ་པར་ཧོ། །བཞི་བཅུ་རྩ་བཞི་པར་ཡ། བཞི་བཅུ་རྩ་གསུམ་པར་ན། སུམ་
Vol. 20 · folio 268a
ཅུ་རྩ་དྲུག་པར་ཨཱ། ཉི་ཤུ་རྩ་དགུ་པར་ན། ཉི་ཤུ་རྩ་གཉིས་པར་ཨ། བཅོ་ལྔ་པར་ཨོཾ། བརྒྱད་པར་ཧཱུཾ་ཧཱུཾ་གཉིས་ཕཊ། དགུ་པར་ཡ། བཅུ་པར་བ། བཅུ་གཅིག་པར་ཧྞཱ། བཅུ་གཉིས་པར་གྲྀ །བཅུ་གསུམ་པར་ཡ། ཉི་ཤུ་པར་བ། ཉི་ཤུ་རྩ་བདུན་པར་ཧྞཱ། སུམ་ཅུ་རྩ་
བཞི་པར་གྲྀ །བཞི་བཅུ་རྩ་གཅིག་པར་ཨོཾ། བཞི་བཅུ་པར་ཧཱུཾ་ཕཊ། སུམ་ཅུ་རྩ་དགུ་པར་ཧཱུཾ་ཧཱུཾ། སུམ་ཅུ་རྩ་བརྒྱད་པར་ཧྞ། སུམ་ཅུ་རྩ་བདུན་པར་གྲྀ །སུམ་ཅུ་པར་ཧྞ། ཉི་ཤུ་རྩ་གསུམ་པར་གྲྀ །བཅུ་དྲུག་པར་ཨོཾ། །བཅུ་བདུན་པར་ཧཱུཾ་ཕཊ། བཅོ་བརྒྱད་པར་ཧཱུཾ་ཧཱུཾ། བཅུ་དགུ་པར་
མྦྷ། ཉི་ཤུ་རྩ་དྲུག་པར་སུ། སུམ་ཅུ་རྩ་གསུམ་པར་ནི། སུམ་ཅུ་རྩ་གཉིས་པར་མྦྷ། སུམ་ཅུ་རྩ་གཅིག་པར་སུ། ཉི་ཤུ་རྩ་བཞི་པར་ཨོཾ་མོ། །རྩ་བའི་སྔགས་ཞེས་བྱ་བ་ནི་རྐང་པ་བཞི་བཅུ་རྩ་བརྒྱད་པའི་བདག་ཉིད་དོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། ས་གསུམ་ཞེས་བྱ་བ་ནི་
ལུས་ལ་སོགས་པ་གསུམ་གྱིས་བསྒྲུབ་པར་བྱའོ། །རྡོ་རྗེ་ཕག་མོའི་འཁྲུལ་འཁོར་དང་སྔགས་བཅུ་གཉིས་པའི་འཁོར་ལོ་རྣམས་སུ་ཀུན་དུ་སྤྱོད་པའི་རིམ་པས་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་ངེས་པའོ། །ལྷག་མ་གོ་བར་ཟད་དོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་
མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་མིང་གི་ཡི་གེའི་རབ་ཏུ་སྦྱོར་བའི་མན་ངག་གི་སྒྲུབ་པའི་ཐབས་དང་དེ་བཞིན་དུ་ཁམས་ཀྱི་རྩ་འཕྱང་བ་ལ་ནི་ཉི་ཤུ་རྩ་བཞིའི་ཁམས་ཀྱི་དཔའ་བོ་རྣམས་ཀྱི་དབྱེ་བས་རྣམ་པར་ཤེས་པར་འཇུག་པ་དང་། དེ་དང་གཉིས་སུ་
མེད་པའི་གསང་བའི་བཅུད་ལེན་དང་གསང་བ་ལ་སོགས་པའི་རྫས་རྣམས་ཀྱིས་རྒྱས་པའི་ལས་བསྒྲུབ་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་། ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་དང་འཁྲུལ་འཁོར་གྱི་འཁོར་ལོ་རྩ་བའི་སྔགས་ཀྱི་ཆོ་གའི་མཚན་ཉིད་རྒྱས་པར་
བསྟན་པ་སྟེ། ལེའུ་བཞི་བཅུ་རྩ་དགུ་པའི་བཤད་པའོ།། །།དཔའ་བོ་ཧེ་རུ་ཀར་ཕྱག་འཚལ། །རྣལ་འབྱོར་མ་ཚོགས་ཐབས་ཅིག་པའི། །དཔའ་བོ་རྣམས་ལ་ཕྱག་འཚལ་ནས། །ཐམས་ཅད་གསང་བ་ཞེས་བྱའི་རྒྱུད། །ཡོངས་འདུས་ཡེ་ཤེས་རྣམ་གསུངས་
Vol. 20 · folio 268b
གང་། །ཕག་མོ་དང་ལྡན་རྣལ་འབྱོར་ལ། །བདག་ནི་རྒྱུན་དུ་ཕྱག་འཚལ་ལོ། །ཡེ་ཤེས་ཤེས་བྱའི་མཚན་ཉིད་ཅན། །དུམ་བུ་ཉི་ཤུ་རྩ་ལྔ་སྟེ། །བདག་ཉིད་འགྲེལ་པ་དོན་བྱེད་པ། །བཅུ་པ་ལ་སོགས་རྒྱ་ཆེར་བྱ། །ད་ནི་རྒྱུད་ཐམས་ཅད་ཀྱི་དོན་སྟོན་པ་པོ་ཤྲཱི་ཧེ་རུ་ཀ་ལ་སོགས་པའི་
དཔའ་བོ་རྣམས་ཀྱི་གསང་བའི་མཚམས་སྦྱར་ཞེས་བྱ་བའི་དགོངས་པ་སྣ་ཚོགས་པའི་ལེའུ་ལྔ་བཅུ་པའི་བཤད་པ་གསུངས་པ། དེ་ནས་ལངས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་ལེའུ་བཞི་བཅུ་རྩ་དགུ་པའི་དེ་མ་ཐག་པར་གནས་པ་སྟེ། བདག་གི་ཕྱིར་དེ་ཉིད་
འདིར་རང་གི་སྟན་ལས་ལངས་པ་སྟེ། རི་རབ་ཀྱི་རྡུལ་དང་མཉམ་པའི་དཔའ་བོ་ཐམས་ཅད་དེ། ཕྱག་ན་རྡོ་རྗེ་ལ་སོགས་པའི་སྔགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་རང་གི་བདག་ཉིད་རྣམས་ཀྱིས་རྣལ་འབྱོར་སྤྱོད་པ་ལ་སོགས་པའི་སྔགས་ལ་སོ་སོར་གང་བས་དེ་དེ་བཞིན་ནོ། །དེ་ལྟར་
རབ་ཏུ་སད་པར་བྱེད་པ་ནི་དཔའ་བོ་དེ་རྣམས་ཐམས་ཅད་ཀྱིས་རྡོ་རྗེ་ཕག་མོ་ལ་ཞུ་བ་སྟེ། ཐོག་མར་བསྟོད་པ་དང་ཕྱག་བྱས་ནས་སོ། །དེ་ཉིད་གསུངས་པ། ཀྱེ་ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། ཀྱེ་ལྷ་མོ་ཉིད་ཀྱི་ལྷ་མོ་རྡོ་རྗེ་ཕག་མོ་ཁྱོད་ཀྱིས་བདག་ཅག་དཔའ་བོ་ཐམས་ཅད་ཀྱི་མ་སྟོང་
པ་ཉིད་ཀྱི་ཡུལ་ཅན་སྐྱེད་པ་པོ་གང་གིས་བདག་གི་བསྐྱེད་པ་སྟེ། ཡང་དངོས་པོའི་དབྱེ་བས་ཀྱང་མངོན་སུམ་དུ་ཁྱོད་ཀྱིས་གཙོ་མོ་ཉིད་པས་ཡང་ལྷ་མོ་ཐམས་ཅད་ཀྱིས་རབ་ཏུ་མཆོད་པ་དང་། ཐམས་ཅད་ཀྱི་རང་བཞིན་ཉིད་དེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །སངས་རྒྱས་
དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཁྱོད་ཉིད་མའོ། །དེའི་ཕྱིར་ཡེ་ཤེས་སྙིང་པོ་ཞེས་བྱ་སྟེ་ཡེ་ཤེས་ཀྱི་རང་བཞིན་རྣམས་ཀྱི་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རང་བཞིན་རྣམས་ཀྱི་སྙིང་པོ་ནི་ཐུགས་ཏེ། རྡོ་རྗེ་སེམས་དཔའ་ཁྱོད་ལ་ཕྱག་འཚལ་ལོ། །གཉིས་པ་བདག་ཅག་ལག་
ན་རྡོ་རྗེ་ལ་སོགས་པ་རྣམས་བརྗོད་དོ། །འདིས་མ་བཤད་ཀྱང་སྟོང་པ་ཉིད་བཤད་པ་ཡང་ངོ་། །སླར་ཡང་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་སྙིང་རྗེ་གསུངས་པ། སེམས་ཅན་གང་རྣམས་ཀྱི་རང་གི་སེམས་བསྐྱེད་པའི་ཚིག་གི་དོན་ཐམས་ཅད་ལ་ཆོས་ལ་དམིགས་པའི་སྙིང་
Vol. 20 · folio 269a
རྗེར་འགྱུར་བས་ལྷན་ཅིག་སྐྱེས་པའི་རོའི་བདག་ཉིད་ཅན་དེ་ཁྱོད་ཀྱིས་གཟུགས་ཀྱི་རྐྱེན་ཏེ་དེའི་གཟུགས་སུ་སྟེ། དེ་སླར་སེམས་ཅན་དང་རང་གི་བདག་ཉིད་ལ་སྨོད་པ་པོ་རྣམས་འདིས་རང་གི་བདག་ཉིད་དུ་འཛིན་པ་ལ་སོགས་པ་སྤངས་པས་ཞེས་བྱ་བར་དགོངས་
སོ། །དེའི་ཕྱིར་དེའི་ཡོན་ཏན་ཀྱང་བརྗོད་དོ། །སླར་ཡང་གཉིས་སུ་མེད་པ་བཤད་པའི་ཕྱིར། བདག་གི་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཚེ་སངས་རྒྱས་ཐམས་ཅད་ཀྱི་དུས་ཐམས་ཅད་དུ་གཉིས་སུ་མེད་པ་སྟོང་པ་ཉིད་དང་སྙིང་རྗེར་སོན་པས་ཉེ་བར་སྤྱོད་པས་སོ། །དེའི་ཚེ་
ཐམས་ཅད་ལ་ཁྲོ་བ་ཉིད་དུ་ཉེ་བར་གཤེགས་པས་རང་བཞིན་ཡོངས་སུ་ཤེས་པའི་སྙིང་རྗེ་ཆེན་པོས་ཉེ་བར་བསགས་ནས་ཐམས་ཅད་དུ་བྱ་བ་བྱེད་པའི་སྙིང་རྗེ་ཆེན་པོའི་དོན་གྱིས་ཁྱོད་ཀྱི་བདག་ཅག་ལ་ཡང་གང་ཞུ་བ་ཕུལ་བའི་བཀའ་དྲིན་ཆེན་པོ་མཛད་པར་རིགས་པའོ། །དེ་བཤད་
པ། འདྲིའོ་ཞེས་བྱ་བ་ལ་སོགས་པ་སྟེ། ཁྱོད་རྡོ་རྗེ་ཕག་མོ་བདག་གི་རྒྱུ་མཚན་གྱིས་བཅོམ་ལྡན་འདས་ཀྱིས་བདེ་བ་ཆེན་པོའི་བདེ་བ་ལ་ཡོངས་སུ་ཞུགས་པའི་བདག་པོ་ལ་འདྲིའོ་ཞེས་བྱ་བར་འབྲེལ་ཏོ། །ཅི་ལ་སོགས་པ་དྲི་བ་གསུངས་པ། མི་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ།
རྒྱུད་ཐམས་ཅད་དུ་ཞེས་བྱ་བ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་འདུས་པ་བདེ་མཆོག་ལ་སོགས་པར་འོང་ངོ་། །ཡང་རྣལ་འབྱོར་ལ་སོགས་པའི་རྒྱུད་ལྔར་ཏེ་དེར་ལས་ཀྱི་ཚོགས་ཀྱི་བསྒྲུབ་པ་རྣམས་བདག་གིས་མི་ཤེས་སོ་ཞེས་བྱ་བ་ནི་དྲི་བ་གཅིག་གོ། །དེ་བཞིན་དུ་གཉིས་པ་ནི་
གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་འདི་རྣམས་ཀྱི་ལན་གྱི་ཚིག་རྣམས་གསུངས་པ། ཀྱེ་ཀྱེ་ཞེས་བྱ་བ་ལ་སོགས་པ་སྟེ། བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་པོ་ཞེས་བྱ་བའི་བར་དུ་བགྲོད་སླའོ། །དེའི་ཕྱིར་ལས་ཀྱི་ཚོགས་ཐམས་ཅད་ཞི་བ་ལ་སོགས་པ་ཐོད་པའི་དུམ་བུ་
ལ་སོགས་པ་དེ་དེ་བཞིན་དུ་བཤད་པའོ། །ད་ནི་ལེའུ་འདིར་ཐོག་མ་ཉིད་དུ་ཐོད་པའི་དུམ་བུའི་སྦྱོར་བ་དང་ལྡན་པ་གསུངས་པ། དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལའི་སྒྲ་ནི་རང་གི་ཚིག་གི་དགོངས་པའོ། །དེ་ལྟར་མ་ལུས་པ་རྣམ་པར་ཤེས་པའི་ཆོས་ཞེས་བྱ་བ་ནི་ཁམས་གསུམ་
Vol. 20 · folio 269b
སྣོད་དང་སེམས་ཅན་གྱི་འཇིག་རྟེན་དུ་ཐོད་པའི་དུམ་བུར་འཆད་པར་འགྱུར་བ་དང་ལྡན་པ་རྣམས་ཀྱིས་དྲན་པར་བྱའོ། །འདིས་ཀྱང་སེམས་ཅན་ཐམས་ཅད་དུ་ཤེས་པར་བྱ་སྟེ། ལས་དང་ཉོན་མོངས་པ་བདེ་བ། །ཞེས་བྱ་བ་ནི་སྔོན་གྱི་ལས་ཀྱི་དབང་གིས་སེམས་ཅན་རྣམས་ཀྱི་རྒྱུ་སྐར་
ཉི་ཤུ་རྩ་བདུན་གྱི་རིགས་དང་ལྷ་དང་སྲིན་པོ་དང་མི་ལ་སོགས་པ་ཚོགས་སུ་རབ་ཏུ་སྐྱེས་པ་ལས་སྐྱེས་པའོ། །དེ་བཞིན་དུ་སྔོན་གྱི་ལས་ཀྱིས་དེ་ལྟར་རོ། །ར་སི་བཅུ་གཉིས་རྣམས་ཀྱིས་རྒྱུ་སྐར་ལ་སོགས་པ་དང་གཟའི་ལོངས་སྤྱོད་བཅུ་ལ་སོགས་པ་བདེ་བ་དང་སྡུག་བསྔལ་དག་ལས་ཉོན་
མོངས་པ་སྐྱེའོ། །དེ་བཞིན་དུ་སླར་སྔོན་གྱི་ལས་ཀྱིས་མངོན་སུམ་དུ་བདེ་བ་ཆེན་པོ་ལ་སོགས་པ་སྟོན་པས་བདེ་བ་ཉིད་དུ་ཤེས་སོ། །གཞན་དུ་རྒྱུད་ཐམས་ཅད་ཅེས་བྱ་བ་ནི་མཁའ་འགྲོ་རྒྱ་མཚོ་ལ་སོགས་པ་སྣ་ཚོགས་པའི་རྣལ་འབྱོར་མའི་རྒྱུད་ཀྱིས་ངེས་པའི་ལས་ལ་སོགས་པ་དང་
ལྡན་པས་གསུམ་དང་མ་བྲལ་བའི་རིགས་པ་ཡང་ཟག་པ་མེད་པ་ཉིད་ཀྱིས་སྐུ་ཆེན་པོ་ལ་སོགས་པ་མཆོག་ཏུ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་མི་འགྱུར་རོ། །དེ་ཐམས་ཅད་གཅིག་པས་ཁྱད་པར་ཇི་ལྟར་ཡོད་ཅེ་ན། ཡེ་ཤེས་དང་ཤེས་བྱའི་དངོས་པོས་ཞེས་བྱ་བ་ནི་ངེས་པའོ། །
དེའི་ཕྱིར་ཞེས་བྱ་བ་ལ་བསམས་ནས་ཡེ་ཤེས་ཀྱིས་ངེས་པར་ལྟ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཤེས་བྱ་དེ་རྣམས་གསུངས་པའོ། །ཞེས་བྱ་བ་ལ་སོགས་པ་སྟེ་དེ་ལྟར་མདོར་ན་ལོ་བཅུ་གཅིག་གི་བར་དུ་དྲུག་དང་དགུ་སྟེ་རྩའི་ཡི་གེས་དུས་གསུམ་མོ། །དེ་ལྟར་ཡང་ཟླ་བ་བཅུ་གཉིས་ལ་
ཟླ་ཕྱེད་ཉི་ཤུ་རྩ་བཞི་དྲུག་ཅུས་ལྷག་པའི་བརྒྱ་ཕྲག་གསུམ་གྱི་ཉི་མའོ། །དེ་ལ་སོགས་པས་འཁོར་བའི་འཁོར་ལོ་ན་གནས་པའི་སེམས་ཅན་རྣམས་ཀྱི་སོ་སོར་སྣང་སྟེ། སྣང་བ་མི་བདེན་པ་ནི་རྨི་ལམ་ལྟ་བུ་མཆོག་གོ། །འདི་ལྟ་བུ་འགྲོ་བས་མ་ཤེས་པ་རྣམས་མི་ཤེས་པའི་དྲི་མས་
མ་གོས་པ་རྣམས་ཀྱིས་བདེ་བ་དེ་རྣམས་སུ་ཡེ་ཤེས་ཀྱི་སྣང་བ་མི་ཤེས་སོ་ཞེས་བྱ་བའི་དོན་ཏོ། །གང་གིས་ཤེས། དེ་ཉིད་གསུངས་པ། རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། ཧ་ར་དོ་ལའི་རིམ་པ་ཞེས་བྱ་བ་ནི་དབུགས་ཀྱིས་གཅིག་ཏུ་བྱེད་པ་སྟེ། ཁྲི་ཞེས་བྱ་བ་ལ་སོགས་
Vol. 20 · folio 270a
པས་སོ། །དེ་དེ་བཞིན་དུ་བཤད་དོ། །ས་ཞེས་བྱ་བ་ནི་དུམ་བུ་བཅུ་གཉིས་ཀྱི་བདག་ཉིད་དོ། །གཞན་ཐམས་ཅད་གོ་སླའོ། །ཉི་མ་དགུ་ཞེས་བྱ་བ་ལ་སོགས་པས་དེ་ལྟར་ཉི་མ་དགུ་དང་ཟླ་བ་དགུ་དང་ལོ་དགུ་ནའོ། །བཞི་ལྔ་བཅུ་ཞེས་བྱ་བ་ནི་ཉི་མ་བཞི་པ་དང་ལྔ་པ་དང་
བཅུ་ནའོ། །དེ་ལྟར་ཟླ་བ་བཞི་དང་ལོ་དག་ཀྱང་ངོ་། །ཟླ་བ་ལྔ་དང་ལོ་དག་ཀྱང་ངོ་། །ཟླ་བ་བཅུ་དང་ལོ་དག་ཀྱང་ངོ་། །བཞི་དྲུག་ཅེས་བྱ་བ་ནི་ཉི་མ་དང་ཟླ་བའོ། །ལྔ་གཉིས་བཞི་བརྒྱ་པ་ཞེས་བྱ་བ་ནི་རིམ་པ་ཇི་ལྟ་བས་ཉི་མ་ལྔ་དང་ཟླ་བ་གཉིས་དང་བཞི་དང་བརྒྱད་པའི་བར་དུའོ། །གཉིས་
ལྔ་གསུམ་ཞེས་བྱ་བའི་ཟླ་བ་གཉིས་དང་ཉི་མ་ལྔ་དང་ཟླ་བ་དང་ཟླ་བ་གསུམ་དང་ལོ་དག་ནའོ། །གཉིས་དང་བཅུ་ཞེས་བྱ་བ་ནི་ཉི་མ་གཉིས་དང་ཟླ་བ་དང་ཉི་མ་བཅུ་དང་ཟླ་བ་ནའོ། །གཉིས་དང་བརྒྱད་ཅེས་བྱ་བ་ནི་ཉི་མ་དང་ཟླ་བ་ཡིས་སོ། །དེ་ལྟར་གཉིས་པ་དང་བརྒྱད་པ་ཞེས་བྱ་བ་
ནི་སྔོན་བཞིན་ནོ། །ལྔ་དགུ་བཅུ་པ་ཉིད་ཅེས་བྱ་བ་ནི་ཉི་མ་དང་ཟླ་བ་དང་ལོའི་རིམ་པ་ཇི་ལྟ་བས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་བཤད་པའི་ཉི་མ་རྣམས་སུ་བཤད་པར་བྱའོ། །རོ་ཧི་ཏ་ལ་སོགས་པ་ཉི་མ་དགུ་ལ་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལྟར་རྣམ་པར་ཤེས་པ་རྟེན་
ཅིང་འབྲེལ་པར་འབྱུང་བ་ལ་སོགས་པའི་མཚན་ཉིད་དོ། །ཐམས་ཅད་གོ་སླའོ། །ད་ནི་ཐོད་པའི་དུམ་བུའི་ཡི་གེ་རྣམས་ཀྱིས་ནད་ཀྱི་གནས་སྐབས་ཀྱི་སྦྱོར་བ་ཉེ་བར་སྟོན་པར་བྱེད་པ་གསུངས་པ། འདི་རྣམས་ཀྱི་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་རྣམས་ཀྱི་ཞེས་བྱ་བ་ནི་རོ་
ཧི་ཏ་ལ་སོགས་པའི་ཉི་མའི་ནད་པ་རྣམས་ཀྱིས་རང་གིས་བསྒོམ་པར་བྱའོ། །དེ་གསུངས་པ། མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་སྟེ། ཁའི་ཡི་གེའི་དོན་གྱིས་སོ། །ནམ་མཁའ་འགྲོ་བགྲོད་པའི་རྩ་གང་ཞེས་བྱ་བ་ནི། འདིའི་དོན་དུ་གདན་བཞི་པར་ཡང་གསུངས་ཏེ་དེ་
ཉིད་བཤད་པ། ཆུ་ཤིང་མེ་ཏོག་པདྨ་འདི། །སྙིང་གི་སྒོ་ང་ཡི་ནི་གདན། །དེ་ཡིས་ཡེ་ཤེས་མཁའ་འགྲོའི་རྒྱལ། །སྟེང་གི་དབྱེ་བས་སྒོང་སྐྱེས་སོ། །ཞེས་སོ། །དེ་ལྟར་ཁ་འོག་ཏུ་བལྟས་པའི་པདྨ་ལས་འགྲོ་བའི་རྩ་གང་དཔྲལ་བའི་བར་དུ་ནམ་མཁའ་ལ་འགྲོ་བ་སྟེ། དབུགས་
Vol. 20 · folio 270b
རྣམས་སུ་མི་འཕོ་བས་སོ། །དེ་ཉིད་མཆོག་ཏུ་ཟག་པ་མེད་པའི་གཟུགས་སྲོག་ཆེན་པོའི་བདག་ཉིད་དོ། །དེ་ཡི་དབུས་སུ་བདག་སྤྱོད་བྱ། །ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན་གྱི་ཡེ་ཤེས་དང་རྣམ་པར་ཤེས་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་
ཉིད་སྒོ་ང་ཞེས་བྱ་བ་ལ་སོགས་པས་ཎྜའི་ཡི་གེའི་དོན་གྱིས་ཏེ་དེ་དེ་བཞིན་དུ་བཤད་དོ། །དེ་ལྟར། གཏོར་མ་བསྐྱོད་པས་བསྲུང་བར་བྱ། །ཞེས་བྱ་བ་ནི་སྲོག་གི་རླུང་མི་གཡོ་བར་བྱས་ནས། དེའི་ཚེ་རྒྱུན་མི་འཆད་པས་ཡེ་ཤེས་དབབ་པར་བྱ་བ་སྟེ། བསྲུང་བར་བྱའོ་ཞེས་བྱ་བའི་
དོན་ཏོ། །འདིས་ཀྱང་ལུས་ཞེས་བྱ་བ་ལ་སོགས་པས་ཀའི་ཡི་གེའི་དོན་ཏོ། །ད་ལྟར་ཉིད་ནི་ད་ལྟ་ཉིད་དུ་སྟེ་མཐེའུ་ཆུང་ཞེས་བྱ་བ་ནི། རྡོ་རྗེ་ཕག་མོའི་པདྨའོ། །དེ་ཡང་ཨ་ཝ་དྷཱུ་ཏཱི་བསྐྱོད་པར་བྱ་བ་སྟེ། སྔོན་དུ་བཤད་པའི་དབུས་མའི་རྩ་སྟེང་དང་འོག་ཏུ་འཕྱང་བར་བྱ་སྟེ། ཡེ་
ཤེས་ཀྱི་ཁུ་བ་བླངས་པའོ། །ཁམས་ཐམས་ཅད་རྒྱས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་ལུས་ཡོངས་སུ་འཛིན་པ་སྟེ། །འགྲོ་བའི་དོན་བྱ་བའི་ཕྱིར་རོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་དེ་ལྟ་བུའི་སྦྱོར་བ་འཛིན་པས་སོ། །དེ་ལྟ་བུའི་སྦྱོར་བ་གང་དང་གང་དུ་སྐྱེས་པ་དེ་དང་
དེར་བལྟ་བར་བྱ་བ་གསུངས་པ། བསྲུང་ཞེས་བྱ་བ་ལ་སོགས་པ་སྟེ་པའི་ཡི་གེའི་དོན་ཏོ། །སྒོ་ཞེས་བྱ་བ་ནི་སྒོ་དགུར་རོ། །གཞན་ནི་ཇི་ལྟ་བ་བཞིན་ནོ། །འདིའི་ཡང་རབ་ཏུ་སྦྱོར་བ་གསུངས་པ། ཨཱ་ལི་ཞེས་བྱ་བ་ལ་སོགས་པ་སྟེ། ལིའི་ཡི་གེའི་དོན་ཏོ། །དེ་ལྟར་ཨཱ་
ལི་ཀཱ་ལི་ཞེས་བྱ་བ་ནི་དབུགས་ཕྱིར་འབྱུང་བ་དང་ནང་དུ་འཇུག་པ་གཉིས་མཉམ་པར་ལྟེ་བའི་གནས་སུ་ཡོངས་སུ་བསྡུ་བ་བྱས་ནས་དེའི་ཚེ་ཁམས་ཐམས་ཅད་ཀྱི་ལུས་ལ་རྣམ་པར་ཤེས་པ་ཐིམ་པར་བྱའོ། །དེ་བྱས་པས་དེ་ཡང་ཞེས་བྱ་བ་ལ་སོགས་པ་ནི་ཡི་གེའི་དོན་དེ་དེ་བཞིན་ནོ། །
ད་ནི་འདི་སྦྱོར་བ་བྱ་བས་དུས་ཀྱི་འཆི་བ་སླུ་བར་གསུངས་པ་ཨ་ཝ་དྷཱུ་ཏཱིའི་དུས་སུ་ཞེས་བྱ་བ་ལ་སོགས་པས་ཏེ་འདིར་གང་གི་ཚེ་སེམས་ཅན་ཐམས་ཅད་ཚེ་ལོ་བརྒྱ་པ་དེའི་ཚེ་དེ་རྣམས་ཀྱི་རྩ་གསུམ་དུ་རྣམ་པར་གནས་ཏེ་དེ་ལྟར་ཨ་ཝ་དྷཱུ་ཏཱིའི་དུས་ཀྱི་གྲངས་ཞེས་བྱ་བ་ནི་དབུགས་
Vol. 20 · folio 271a
ཀྱི་ཆ་དང་ཆུ་ཚོད་དང་ཆུ་སྲང་རྣམས་དང་། ཉི་མ་དང་ཟླ་བ་དང་ལོ་རྣམས་ཏེ་དེ་རྣམས་བཤད་པར་བྱའོ། །གསལ་བར་རོ། །དེ་ཉིད་གསུངས་པ། ཟླ་ཕྱེད་ཅེས་བྱ་བ་ནི་ཟླ་ཕྱེད་གསུམ་མོ། །ལོ་ཡང་གསུམ་སྟེ། ཚེ་ལོ་བརྒྱ་པའི་དབུས་མ་ཨ་ཝ་དྷཱུ་ཏཱིའི་ལོངས་སྤྱོད་དོ། །ལྷག་མ་
ལ་ལ་ན་དང་ར་ས་ནཱའི་སྟེ་ལོ་དགུ་བཅུ་རྩ་དྲུག་དང་ཟླ་བ་ཕྱེད་དང་བཅས་པའི་བཅུའོ། །དེ་ལྟར་ཨ་ཝ་དྷཱུ་ཏཱིའི་དུས་ལ་ལོ་བརྒྱ་རྣམས་སུ་ཚད་གང་དེ་རྣམས་ཀྱི་དབུ་མར་བརྟེན་པར་བྱའོ། །ལོ་གཅིག་ལ་འབུམ་ཕྲག་བདུན་ཅུ་རྩ་བདུན་དང་དེ་བཞིན་དུ་སྟོང་ཕྲག་བདུན་ཅུ་རྩ་དྲུག་གི་དབུས་སུ་
འགྱུར་རོ། །དེ་ལྟར་བརྒྱ་འགྱུར་བྱས་པས་བྱེ་བ་བདུན་ཅུ་རྩ་བདུན་དང་། དེ་བཞིན་དུ་འབུམ་ཕྲག་དྲུག་ཅུ་རྩ་བདུན་དུ་འགྱུར་རོ། །དེ་ལྟར་ལ་ལ་ནཱ་དང་ར་ས་ནཱ་དག་གི་དབུས་ལས་སྐྱེས་པའི་ཟླ་བ་ཉིད་མཚོན་པར་བྱ་བ་སྟེ། མངལ་དུ་སྐྱེས་པའི་ཟླ་བ་གཅིག་གི་རྗེས་ནས་སྐྱེ་བའི་དུས་ཀྱི་
བར་དུ་དུས་ཀྱི་རྩ་རྣམས་འཇུག་གོ། །ཟླ་བ་ཞེས་བྱ་བ་ལ་སོགས་པ་སྟེ། ཟླ་བ་སོ་སོ་ལ་དབུགས་ལ་འཛོམ་པར་འགྱུར་རོ། །ལྷག་མ་ལོ་ཉི་ཤུ་རྩ་བཞི་རྣམས་ཀྱིས་ཇི་ལྟ་བ་བཞིན་ནོ། །ཐམས་ཅད་དུ་མཁའ་དང་བུ་ག་མིག་ཅེས་བྱ་བ་ནི་དགུ་བཅུས་ལྷག་པའི་བརྒྱ་ཕྲག་གཉིས་རྣམས་སོ། །
དེ་ནས་ཕྱིས་ཆུ་ཚོད་འཕེལ་ཏེ་ལོ་སོ་སོ་རྣམས་ལ་ཆུ་ཚོད་ལྔའོ། །དེ་ནས་ཟླ་བ་སོ་སོ་རྣམས་ལ་ཕྱེད་དང་བཅས་པའི་དབུགས་བརྒྱར་འགྱུར་རོ། །དེ་ནས་ཕྱིས་ཉི་མ་འཕེལ་ཏེ་ཐམས་ཅད་གཅིག་ཏུ་བྱས་པས་ལོ་གསུམ་དང་ཟླ་བ་ཕྱེད་གསུམ་དུ་འགྱུར་རོ། །འདིས་ཐོབ་པའི་དུས་
སོ། །གཞན་རྟོགས་སླའོ། །དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་འདི་བྱས་པ་སྟེ་སེམས་ཅན་གྱི་དོན་དུའོ། །དེ་ཡང་གསུངས་པ། ལོ་ཉི་ཤུ་རྩ་བཞིར་ཞེས་བྱ་བ་ལ་སོགས་པ་སྟེ། སའི་སྙིང་པོ་རྣམས་སུ་ནི་ས་ཕུག་ཏུའོ། །རྟོག་དཔྱོད་སྐྱེས་པ་ལ་འཇུག་པར་བྱའོ། །དེ་
ལ་སྟོན་མོ་ལ་སོགས་པས་སོ། །སྔོན་དུ་བཤད་པ་རྣམས་དང་སླར་ཡང་འཆད་པར་འགྱུར་བས་བྱའོ། །སྦྱོར་བ་སླར་ཡང་། ཐོད་པའི་དུམ་བུ་བསམ་པར་བྱ། །ཞེས་བྱ་བ་ལ་སོགས་པས་དེ་ཡང་བཤད་པའི་མཚན་ཉིད་དམ་འཆད་པར་འགྱུར་བར་བྱ་བའོ། །དཔལ་ཧེ་རུ་ཀའི་
Vol. 20 · folio 271b
གོ་འཕང་གནས། །ཞེས་བྱ་བ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་བདེ་བ་ཆེན་པོའི་བདག་ཉིད་ཅན་གྱི་སེམས་ཀྱིས་སོ། །ད་ནི་འདིར་དབུགས་རྣམས་ཀྱི་འཆད་པའི་དུས་རྣམས་སུ་མཚན་ཉིད་ཀྱིས་ཉིན་པར་དང་མཚན་མོ་ལ་སོགས་པའི་ཚད་ཀྱིས་ཆུ་ཚོད་ལ་སོགས་པ་
བགྲང་བ་གསུངས་པ། བགྲང་བ་གཉིས་ཀྱི་རིམ་པས་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ལྟར་ས་གཞི་ལ་ས་བཅུ་གཉིས་རྣམས་བཞག་ནས་རྒྱལ་པོ་ལ་སོགས་པ་མཚོན་པར་བྱ་སྟེ། རང་གི་སྐྱེས་པའི་དུས་སྦྱོར་གྱི་དུས་སོ། །ལྷག་མ་རྟོགས་པར་སླའོ། །ད་ནི་འདིར་ཐོད་པའི་དུམ་བུ་ཅན་
གྱི་རྣལ་འབྱོར་གྱི་ཡན་ལག་གསུངས་པ། ལྟེ་བའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་རྡོ་རྗེ་ཕག་མོའི་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའི་ལེའུ་གཉིས་པར་གསུངས་པའི་འཁོར་ལོ་བཅུ་གཉིས་ཀྱི་བདག་ཉིད་ཀྱི་འཁྲུལ་འཁོར་གྱི་པདྨའོ། །དེ་ཡང་མཚམས་ཀུན་དུ་སོན་པ་ཞེས་
བྱ་བ་ནི་རྩའི་པདྨའི་རང་བཞིན་ཏེ། པདྨ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། འོན་ཀྱང་པདྨའི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པར་བྱ་བ་སྟེ་རྡོ་རྗེ་ཕག་མོ་ལྟ་བུའོ། །ཡང་ན་རབ་ཏུ་གཏུམ་མོ་བཞིན་ནོ། །དེ་ལྟར་རྐང་པ་བཞི་བཅུ་རྩ་བརྒྱད་ཀྱི་བདག་ཉིད་ཅན་གྱི་སྔགས་ཀྱི་རྐང་
པ་གཉིས་བཤད་པས་འདིར་ཡང་བྱའོ། །ཡང་ན་རྡོ་རྗེ་ཕག་མོ་བཅུ་གཉིས་སྔགས་དང་འཁྲུལ་འཁོར་དང་འཁོར་ལོ་དང་པདྨ་དང་དེ་ལྟར་ལྷ་དང་ཡི་གེ་རྣམས་ཀྱིས་བསྒོམ་པར་བྱའོ། །འོན་ཀྱང་རྣལ་འབྱོར་མ་བདག་པོར་གནས་པ་དེར་དཔའ་བོ་བདག་པོར་ཤེས་པར་བྱའོ། །
ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་སོ། །གང་དུ་སླར་ཡང་སྔགས་ཀྱི་ཡི་གེ་རེ་རེ་མི་མཉམ་ན་དེར་ཀ་ར་ཀ་ར་ལ་སོགས་པའི་ཚིག་སྦྱར་བར་བྱའོ་ཞེས་བྱ་བ་ནི་ཞེས་པའོ། །ལྷག་མ་འདིར་པདྨ་ཐམས་ཅད་དང་མཚམས་རྣམས་གོ་སླའོ། །ད་ནི་ས་བཅུ་གཉིས་རྣམས་སུ་
ཨཱའི་ཡི་གེ་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅུ་གཉིས་རྣམས་ཀྱིས་དགེ་བ་དང་མི་དགེ་བ་མཚོན་པ་གསུངས་པ། དབྱངས་བཅུ་གཉིས་ནི་བསྒྲུབས་ནས་སུ། །ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་ལེགས་པར་གོའོ། །འདི་ནི་ཐོད་པའི་དུམ་བུ་ཅན་གྱི་སྦྱོར་བའི་མཚན་ཉིད་བསྒྲུབས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words