No title in the text — opening words: བྲམ་ཟེ་ཉི་མཛད་རྡོ་རྗེས་མཛད་པའི་སྦྱིན་སྲེག་བཞུགས
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 22 · folio 256b
༄། བྲམ་ཟེ་ཉི་མཛད་རྡོ་རྗེས་མཛད་པའི་སྦྱིན་སྲེག་བཞུགས། ༄༅༅། །རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་གང་ཞིག་ལས་དང་རྗེས་སུ་མཐུན་པའི་དངོས་གྲུབ་བསྒྲུབ་པ་ནི་འབྲས་བུ་སྦྱིན་སྲེག་ལ་རག་ལས་པ་ཡིན་པས། དེའི་ཕྱིར་དེའི་རྗེས་སུ་སྤྱད་པར་
བྱའོ། །དེ་ལ་རེ་ཞིག་སྦྱིན་སྲེག་བྱེད་པར་འདོད་པས། ཞི་བ་འབའ་ཞིག་གི་ལས་ཀྱི་དཀྱིལ་འཁོར་གྱིས་སྦྱང་བ་བྱས་ནས། ས་གཟུང་བ་དང་སྤེལ་བ་དང་ལྡན་པར་ས་བྱིན་གྱིས་བརླབས་ཏེ། དཀྱིལ་འཁོར་བརྩིག་པའམ་བྲིས་པ་གང་ཡང་རུང་བ་བྱས་ཏེ། ཕྱི་རོལ་ཁྲུ་བརྒྱད་པའི་
མཐའ་སྐོར་བྱས་པ་ལ། མེ་ཐབ་ཀྱི་ཟབས་སུ་ཁྲུ་ཕྱེད་རྒྱར་ཁྲུ་གང་པ་བྱས་ནས་ཁ་ཁྱེར་དེ་བཞིན་དོར་བ་དང་། སོར་བཞི་གྱེན་དུ་བརྩིག་པ་དང་། སོར་བཞི་ཕྱི་རོལ་དུ་བསྐོར་བའི་རིམ་པ་གསུམ་བྱས་ལ། ཞི་བ་ལ་ཀུན་ནས་ཟླུམ་པོ་སྟེ་ཕྱི་རོལ་ཐ་མ་ནི་གྲུ་བཞིར་བྱས་པ་ལ་ཉེས་པ་མེད་དོ། །
དེ་ལ་བྲི་བ་ནི་ཚོན་རྩི་དཀར་པོའོ། །ནང་དུ་ཡེ་ཤེས་ཀྱི་འཁོར་ལོ་ལ་པདྨ་འདབ་མ་བརྒྱད་པ་གྲི་གུག་གི་ར་བ་དང་བཅས་པའོ། །རིམ་པ་གསུམ་པ་ལ་ཐུགས་གསུང་སྐུའི་འཁོར་ལོ་གསུམ་བྲིའོ། །ཕྱི་རོལ་གྱི་མཚམས་སུ་ཟླ་བ་རྡོ་རྗེ་དང་མེ་འོད་ཀྱི་ཕྲེང་བ་དང་བཅས་པ་བྲིས་ལ། གྲི་གུག་
དང་ཐོད་པའི་ཕྱག་མཚན་དང་། མཚམས་སུ་བུམ་པའི་ཀ་པཱ་ལ་ཁྲག་གིས་བཀང་བ་བྲི་བར་བྱའོ། །ཕྱོགས་སུ་གྲི་གུག་དང་འཁོར་ལོ་གསུམ་ལ་ཐོད་པ་དང་གྲི་གུག་ནག་པོ་དང་། དམར་པོ་དང་། དཀར་པོ་དང་། ཞི་བའི་འཁོར་ལོ་དཀར་པོ། རྡོ་རྗེ་དང་པདྨ་དང་འཁོར་ལོའི་ཕྲེང་བས་
བསྐོར་བ། མཚམས་དང་སྒོ་ལ་གྲི་གུག་འབར་བའི་ནང་དུ་དགོད་པར་བྱའོ། །དེ་ནས་རྫས་བསགས་པ་ནི། མཆོད་པ་རྣམ་པ་ལྔ་དང་བསང་བའི་ཆུ་བདུད་རྩི་བསྲེས་པ་དང་། ཡོན་ཆབ་དང་། ཞབས་བསིལ་དང་། སྨན་དང་། འབྲུ་དང་། ཆང་དང་། བདུད་རྩི་དང་། མེ་ཏོག་
Vol. 22 · folio 257a
དཀར་པོ་དང་བཅས་པའོ། །ཏིལ་དང་། ཡུངས་ཀར་དང་། ཡམ་ཤིང་དང་། མར་དང་། ཞོ་དང་། འོ་མ་དང་། འབྲས་ཆན་དང་། ཀུ་ཤ་དང་། དཱུར་བ་དང་། ནས་དང་། གྲོ་དང་། ནས་སོ་བ་དང་། མ་ཤ་དང་། འབྲས་སོ་བ་དང་། བིལ་བ་དང་། སྟར་ཀ་དང་།
ཛཱ་ཏི་ཕ་ལ་དང་། འབྲས་བུ་གསུམ་དང་། ཨུ་དུམྺཱ་རའི་ཤིང་དང་། ནགས་ཀྱི་ལྕུག་མ་ལ་སོགས་པ་རིམ་པ་བཞིན་དུ་བཞག་ལ། ཤེལ་གྱི་ཕྲེང་བ་དང་། གསེར་དང་རིན་པོ་ཆེ་ལྔ་དང་། དར་དཀར་པོ་དང་། ཁྱད་པར་གྱི་རྫས་བདུད་རྩི་ལྔ་དང་དཔའ་བོ་དང་། ཆང་གི་བྱེ་བྲག་རྣམས་དང་།
རིག་མ་དང་བཅས་པའམ། ཡང་ན་རྫས་བསྲེག་ཤིང་སྒོམ་པ་དང་བཅས་པའོ། །བསྲེག་ཤིང་དང་ཀུ་ཤ་དགྲམ་པ་དང་། དགང་གཟར་དང་བླུགས་གཟར་མདུན་དུ་བཞག་ལ། སྒོམ་པས་རྒྱལ་བ་རྣམས་དམིགས་ལ་མཆོད་པར་བྱའོ། །དེ་ལ་ཐོག་མ་ཁོ་ནར་འཁོར་ལོ་བདེ་མཆོག་གི་སྒྲུབ་
པ་པོས་ལྷོར་ཁ་བལྟས་ལ་སྟན་བདེ་བ་ལ་འདུག་སྟེ། བདུད་རྩི་ལྔའི་རི་ལུ་ཁར་བཅུག་ལ་སྙོམས་པར་འཇུག་པའི་ཕྱག་རྒྱ་དང་བཅས་པས་གཡས་བརྐྱང་པའི་གནས་པས་བྱམས་པའི་སེམས་དང་ལྡན་པས་གོས་དཀར་པོ་གོན་ལ། རུས་པའི་ཕྲེང་བའི་རྒྱན་དང་ལྡན་པ། ཐལ་བ་དང་རཀྟ་
བསྲེས་པའི་ཐིག་ལེས་གནས་གསུམ་དུ་བརྒྱན་པ་དང་། ཀུ་ཤ་དང་རུས་པའི་དག་བྱེད་ལག་པ་གཡོན་པའི་མིང་མེད་ལ་བཅུག་ལ་ཐོག་མར་ཚོགས་བསགས་པ་དང་བྱམས་པ་ལ་སོགས་བསྒོམ་པ་དང་། གནས་སྲུང་བས་བགེགས་བསལ་བ་དང་། བདག་སྲུང་བའི་སྟོང་པ་ཉིད་དང་བཅས་
པ་ནི་སྒྲུབ་པའི་ཐབས་ལས་འབྱུང་བའམ། རྒྱུད་ལས་འབྱུང་བ་བཞིན་དུ་བྱས་ལ་ལྷའི་རྣལ་འབྱོར་བསྐྱེད་དེ་གོ་ཆ་དང་། ཡེ་ཤེས་སེམས་དཔའ་གཞུག་པ་དང་། དབང་བསྐུར་བ་དང་མཆོད་པའི་བར་དུ་བྱས་ལ། སྙིང་གའི་ཟླ་བའི་དཀྱིལ་འཁོར་དུ་ཡེ་ཤེས་སེམས་དཔའི་སྔགས་ལ་སོགས་
པ་འཁོར་ལོའི་ཚུལ་དུ་བཀོད་ལ་སྔགས་ཀྱིས་སྐུར་བྱས་ཏེ་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་ལ། བཟླས་བརྗོད་ཀྱི་མེས་བདག་དང་སེམས་ཅན་གྱི་སྡིག་པ་བསྲེགས་ལ་རང་ཉིད་ཀྱི་དཀྱིལ་འཁོར་བར་སྣང་དུ་གནས་ནས། །ཧཱུཾ་གིས་མཁས་པས་སྟོང་པར་བྱས་ནས། བྷཻ་རཾ་ལ་སོགས་
Vol. 22 · folio 257b
པའི་རི་རབ་ལ་ཐུག་པ་བསྐྱེད་ལ། རང་གི་མདུན་དུ་ཡི་གེ་བྷྲཱུྃ་ལས་མེ་ཐབ་ཀྱི་འཁོར་ལོ་བསྒོམས་ལ་དེའི་དབུས་སུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ། དེའི་དབུས་སུ་བྃ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ། དེའི་སྟེང་དུ་རྃ་ལས་བྱུང་བའི་མེ་གྲུ་གསུམ་དབུས་སུ་རྃ་གྱིས་མཚན་པ་བསམས་
ལ་ཟུར་གསུམ་ལ་ཁམས་གསུམ་གྱི་ཞལ་གྱི་རྟགས་བུམ་པ་ཨོཾ་ཨཱཿཧཱུཾ་བཀོད་དེ་ཧྲི་འོད་ཟེར་དང་ལྡན་པ་བསམ་པར་བྱའོ། །དེའི་ནང་དུ་བུད་ཤིང་རྡོ་རྗེ་མཁའ་འགྲོ་མའམ་ཡི་གེ་བདུན་པས་བསངས་ལ་བརྩིགས་ཏེ་ཀུ་ཤས་བཀབ་ལ་བ་དན་དང་བཅས་པ་བསྐྱེད་པར་བྱའོ། །གོང་གི་ཡི་གེ་
དེ་དག་གྱུར་པ་ལས་པདྨའི་གདན་ཟླ་བའི་སྟེང་ན་སྐུ་མདོག་དམར་སེར་ཕྱག་བཞི་པ། གཡས་ཀྱི་དང་པོ་ན་རྡོ་རྗེ་རྩེ་གསུམ་པ་གཉིས་པ་ན་དབྱིག་པ། གཡོན་གྱི་དང་པོ་ན་བགྲང་ཕྲེང་། གཉིས་པ་ན་གུནྡྷེ་བསྣམས་པ་ཁྲོ་བོའི་རྒྱན་ཐམས་ཅད་དང་ལྡན་པ་བསམས་ལ། ཡེ་ཤེས་སེམས་
དཔའི་འོད་ཟེར་གྱིས་ཐབ་ཀྱི་དང་འདྲ་བ་ཛཿཧཱུཾ་བཾ་ཧོཿབཞི་པ་དང་། ལག་པ་གཡས་པ་མི་འཇིགས་པ་སྦྱིན་པར་བྱས་ལ། མཐེ་བོ་སྲིན་ལག་གི་རྩ་བར་བཙུགས་ལ་གཡབ་སྟེ། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་སཏྭ་མ་གྲི་ཏ་ཨཱཿཧཱུྃ། མ་ཧཱ་ཨ་སྨིཾ་སནྣི་ཧི་ཏོ་བྷ་བ། ཨོཾ་བྷ་བ་ཀ་ཨགྣ་ཡེ་སྭཱ་ཧཱ་
ཞེས་པས་སྤྱན་དྲངས་ལ་མཆོད་ཡོན་ཕུལ་རྐང་པ་བརྒྱད་པས་བསྟོད་ལ། གནོད་མཛེས་ཀྱིས་བགེགས་བསྐྲད་དེ། དམ་ཚིག་སེམས་དཔའ་དང་བསྲེས་ནས་དམ་ཚིག་གི་ཕྱག་རྒྱས་བལྟས་ལ་རེ་ཕ་ལྕེ་ལ་བཀོད་པ་དང་། ཕྱག་མཚན་མེད་པའི་ལས་ཀྱི་ཕྱག་རྒྱ་གར་དང་བཅས་པ་དང་། ཆོས་
ཀྱི་ཕྱག་རྒྱ་གྲི་གུག་ལྕེ་ལ་བསམ་པ་དང་། ཕྱག་རྒྱ་ཆེན་པོ་སྔར་བཞིན་བསམས་ཏེ་མེ་ལྷའི་ཐུགས་ཀ་ནས་རང་བྱུང་ལ་རང་གི་ཐུགས་ཀ་དང་ནམ་མཁའ་ལ་རྡོ་རྗེ་མཁའ་འགྲོ་མས་དབང་བསྐུར་ཏེ། སྤྱི་བོར་ཐིམ་པས་སྤྱི་བོར་རྡོ་རྗེར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུཾ་གསུམ་གྱིས་བྱིན་གྱིས་
བརླབས་ཏེ་མཆོད་པ་ལྔ་དང་ཞབས་བསིལ་དང་ཡོན་ཆབ་ཕུལ་ལ། འཐོར་འཐུང་གིས་བསང་གཏོར་བྱས་ལ་ཀུ་ཤས་བཀབ་པའི་མེ་རླུང་ཡབ་ཀྱིས་སྔར་བའི་ནང་དུ་མེ་ལྷ་བསམ་པར་བྱའོ། །དེ་ནས་མེ་ལྷ་མདོག་དཀར་པོ་རྒྱན་དང་བཅས་པ་ལ་ཐོག་མར་མེ་གསོ་པའི་ཕྱིར། ཨོཾ་བཛྲ་
Vol. 22 · folio 258a
ཨ་ན་ལཱརྐ་མ་ཧཱ་བྷཱུ་ཏ་ཛྭ་ལ་སརྦ་བྷིསྨཾ་ཀུ་རུ་སརྦ་དུཥྚཱཾ་ཧཱུཾ་ཕཊ་ཅེས་བྱ་བས་མར་གྱི་དགང་བླུགས་གསུམ་མམ་བདུན་དབུལ་ལོ། །དགང་གཟར་བླུགས་གཟར་གྱི་ཁར་ཡི་གེ་གསུམ་དགོད་པར་བྱའོ། །དེ་ནས་བགེགས་ཡོད་མེད་བརྟག་པར་བྱའོ། །བགེགས་ཡོད་ན་གནོད་
མཛེས་ཀྱིས་བསང་གཏོར་བྱའོ། །དེ་ནས་མཆོད་པ་ལྔ་དང་སྲེག་རྫས་དབུལ་བར་བྱའོ། །སྡིག་པ་སྦྱང་བའི་ཕྱིར་ཏིལ་ལ་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ་ཞེས་དང་། ཨོཾ་བཛྲ་ཡ་ཛྙཱ་ཡ་སྭཱ་ཧཱ་ཡམ་ཤིང་གིའོ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ་མར་གྱིའོ། །འོ་མ་དང་ཞོ་ལ་སོགས་པ་ཞུ་བའི་རྫས་ལ་ནི་
མེ་ཉིད་ཀྱི་སྔགས་ཀྱིས་སོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ་འབྲས་ཆན་གྱིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ་ཀུ་ཤའིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ་དཱུར་བའི་མྱུ་གུའིའོ། །ཨོཾ་མ་ཧཱ་བེ་གེ་སྭཱཧཱ་ནས་ཀྱིའོ། །ཨོཾ་བཛྲ་གྷསྨ་རེ་སྭཱ་ཧཱ་གྲོའིའོ། །ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ་ནས་སོ་བའིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་
སྭཱ་ཧཱ་མ་ཤའིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ་འབྲས་སོ་བའིའོ། །ཨོཾ་མ་ཧཱ་ཤོ་པ་མེ་སྭཱ་ཧཱ་བིལ་བ་དང་སྟར་ཀ་དང་ཛཱ་ཏི་ཕ་ལའི་ཡང་དེ་ཉིད་དོ། །སྨན་དང་རྫས་ལྷག་མ་རྣམས་ལ་ནི་རང་གི་མིང་དང་ཡི་གེ་བདུན་པ་དང་ཡུམ་གྱི་སྙིང་པོས་དབུལ་བར་བྱའོ། །དེ་ལ་དབུལ་བའི་གནས་ནི་ཡམ་ཤིང་
འོད་ལའོ། །མར་ཁུ་ཞལ་དུའོ། །ཏིལ་དང་ཞོ་དང་ནས་ནི་ཕྱག་ཏུའོ། །ཀུ་ཤ་དང་དཱུར་བ་ནི་དབུའི་གཙུག་ཏོར་ལའོ། །ནས་དང་གྲོ་དང་འབྲས་སོ་བ་དང་སྲན་མ་མ་ཤ་ལ་སོགས་པ་ནི་ཞལ་དུའོ། །ཞུ་བའི་རྫས་ཐམས་ཅད་ནི་ཞལ་དུའོ། །དྲི་ནི་ཐུགས་ཀར་རོ། །མེ་ཏོག་དབུ་ལའོ། །སྤོས་
འོད་ལའོ། །མཆོད་ཡོན་དང་འཐོར་འཐུང་ཕྱག་ཏུའོ། །མར་ནི་མདུན་དུའོ། །བདུད་རྩི་ནི་ཞལ་དུའོ། །རིན་པོ་ཆེ་དབུ་ལའོ། །ཕྲེང་བ་ཕྱག་ཏུའོ། །སྐུ་ལ་གོས་སོ། །དེ་ནས་ཐ་མར་ཡང་བསངས་ལ་མེ་འོད་ལ་ཞུ་བར་བྱའོ། །དེའི་དཀྱིལ་དུ་རང་གི་དཀྱིལ་འཁོར་ཨཱ་ལི་དང་ཀཱ་ལི་ཡི་གེ་ཧཱུཾ་
ལས་སྤྲུལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་བྱས་ནས་མཆོད་པ་དང་བསྟོད་པ་དང་གོ་བསྐོན་པ་དང་། དབང་བསྐུར་བ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའམ་ཡང་ན་རང་མཁའ་འགྲོ་མའི་རྒྱབ་ཏུ་གནས་ལ་བསྐྱེད་པའི་ལྷ་དྲུག་ཅུ་རྩ་གཉིས་བཀོད་ལ་མཆོད་པ་བྱའོ། །
Vol. 22 · folio 258b
སྔ་མ་བཞིན་དུ་དགང་བླུགས་བདུན་ནམ་ཉི་ཤུ་རྩ་གཅིག་དང་བརྒྱ་རྩ་བརྒྱད་ཀྱིས་སྲེག་བླུགས་ཐམས་ཅད་སྔ་མ་བཞིན་དུ་དབུལ། ཐ་མར་ཡང་མཆོད་པ་ལྔ་དང་། མཆོད་ཡོན་དང་ཞབས་བསིལ་ཕུལ་ལ་འཐོར་འཐུང་དང་ཉེ་རེག་བྱས་ལ། ངེས་པར་བརྗོད་པའི་དཀྱིལ་འཁོར་ལས་བྱུང་བའི་
མཆོད་པ་དང་། གཞན་ཡང་བདུད་རྩི་ལྔ་དང་། ཆང་དང་། དཔའ་བོ་ལྔ་དང་། ཅང་ཏེའུ་དང་། མྱང་བ་དང་། བལྡག་པ་དང་། གཞིབ་པ་དང་། བཟའ་བ་དང་། བཅའ་བ་དང་། ཚོགས་ཀྱི་མཆོད་པ་དང་འཁྱུད་པ་ལ་སོགས་བྱས་ལ། བདག་དང་བསྒྲུབ་བྱའི་སྡིག་པའི་
གཟུགས་རིད་པ་དང་གནག་པ་དང་ཉམ་ཐག་པ་དང་བཅས་པས་སྡུག་བསྔལ་བར་དམིགས་ཏེ་ཏིལ་དང་བསྲེས་ལ་བསྲེག་པར་བྱའོ། །མཐེ་བོ་དང་མཛུབ་མོ་ལ་ཧཱུཾ་ལས་རྡོ་རྗེའི་འོད་ཟེར་དང་བཅས་པ་བསམས་ལ། རང་ངམ་གཞན་གྱི་སྙིང་ག་ནས་སྡིག་པ་བསྐྱེད་ལ་དྲངས་ཏེ། ལྟེ་བ་ལ་
ཧཱུྃ་རྡོ་རྗེ་མར་མེའི་འོད་ལྟ་བུས་སྣའི་རྩེ་མོར་དྲངས་ལ། མཐེབ་མཛུབ་གཉིས་ཀྱིས་བཟུང་ལ་ཏིལ་བསྲེག་པར་བྱའོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །
མགོན་པོ་ཐུགས་རྗེའི་རང་བཞིན་ཅན། །འཁོར་དང་བཅས་པ་དགོངས་སུ་གསོལ། །སྐྱབས་གསོལ་བཟླས་བརྗོད་སྦྱིན་སྲེག་མཐུས། །འགྲོ་བའི་དངོས་གྲུབ་མྱུར་དུ་གསོལ། །མཐོང་བ་དང་ནི་ཐོས་པ་དང་། །དྲན་པ་དང་ནི་རེག་ཙམ་གྱིས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །
ནད་རྣམས་ཀུན་ནི་སོས་གྱུར་ཅིག །ཅེས་བརྗོད་ལ་རང་གི་སྔགས་ཀྱིས་མཐར་ཨ་ན་ལ་བྷསྨིཾ་ཀུ་རུ་དང་བཅས་པས་མཆོད་ཡོན་ཕུལ་ལ། འོད་གསལ་བའི་རང་བཞིན་གྱི་མེར་རྣམ་པར་རྟོག་པའི་རང་བཞིན་རྣམས་སྣང་བ་མེད་པར་བྱས་ལ་ཡང་མི་སྐྱེ་བར་འགྱུར་བའི་བློས། ཨོཾ་ཤྲཱི་བཛྲ་ཧེ་ཧེ་
རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། ཆེ་གེ་མོ་སརྦ་པཱ་བཾ་ད་ཧ་ནཱ་ཡ་སྭཱ་ཧཱ། རྐང་པ་བརྒྱད་པའམ་ཡི་གེ་བདུན་པ་དཔའ་བོ་ཉི་ཤུ་རྩ་བཞིའི་སྔགས་དང་། མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་གི་སྔགས་ཀྱིས་མཆོད་པ་དང་། སྡིག་པ་བསྲེག་པའི་ཕྱིར་ཏིལ་གྱི་སྦྱིན་སྲེག་བརྒྱ་རྩ་
Vol. 22 · folio 259a
བརྒྱད་དམ་ལྔ་བཅུ་རྩ་བཞི་དབུལ་བར་བྱའོ། །ཡང་ན་སྟོང་ངམ་ཁྲིའམ་ཅི་ནུས་པར་མཆོད་པར་བྱའོ། །དེ་ནས་མེ་ལྷ་བར་སྣང་དུ་བསམས་ལ་རང་གི་སྙིང་ག་ནས་ཡེ་ཤེས་ཀྱི་འཁོར་ལོ་བསམས་ལ་མཆོད་པ་ལྔ་དང་འཐོར་འཐུང་དང་མཆོད་ཡོན་ཕུལ་ལ་འོག་ནས་འབྱུང་
བའི་བསྟོད་པས་མེ་ལྷ་ལ་བསྟོད་ལ། སྲེག་བླུགས་ཅི་ནུས་པ་དབུལ་བར་བྱའོ། །དགང་གཟར་དང་བླུགས་བཟར་གྱི་ཁ་དང་དཀྱིལ་དང་མཚམས་སུ་ཡིག་འབྲུ་སྔ་མ་དང་ཧཱུྃ་བྃ་བཀོད་ལ་པུས་མོའི་བར་དུ་ཐལ་མོ་གཉིས་མཐེ་བོང་མཐེའུ་ཆུང་སྤྲད་ནས་བཟུང་ལ་མེའི་ཞལ་དུ་དབུལ་ཏེ་དེ་རྣམས་
ཀྱིས་མ་ལུས་པ་ཚིམ་པར་བསམ་པ་ནི་ཐུན་མོང་གི་ཆོ་གའོ། །དེ་ནས་ཡམ་ཤིང་དང་མར་དང་ཏིལ་དང་འབྲས་ཆན་དང་། ཞོ་དང་། ཀུ་ཤ་དང་། དཱུར་བ་དང་། ནས་དང་། གྲོ་དང་། འབྲས་སོ་བ་དང་། སྲན་མ་དང་། སྨན་ལ་སོགས་པ་ཅི་འབྱོར་པ་དབུལ་བར་བྱའོ། །ཐ་མར་ཡང་
དགང་བླུགས་ཕུལ་ལ་འཐོར་འཐུང་དང་ཉེ་རེག་བྱས་ཏེ། ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ལོ། །ཨོཾ་ཁྱེད་ཀྱིས་འགྲོ་བའི་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །
བཛྲ་མུཿབཾ་བཾ་ཞེས་པས་གཤེགས་པར་བསམ་མོ། །དམ་ཚིག་སེམས་དཔའ་རང་གི་ལུས་ལ་ཐ་མར་རང་ཉིད་ཀྱི་སྔགས་དང་འཐོར་འཐུང་དང་བསང་གཏོར་སྔོན་དུ་འགྲོ་བས་རྫས་ལྷག་མ་བསྲེས་ལ་དེ་ནས་ཡོན་བདག་གཡོན་དུ་བཞག་ལ་མེ་ལྷའི་ཞབས་དྲུང་གི་ཐལ་བས་དཔྲལ་བར་ཐིག་
ལེ་བྱས་ལ་བསྟོད་པ་བྱ་སྟེ། །འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སྲས། །མེ་ཡི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་བརྗོད་ལ་གཤེགས་པར་བསམས་ཏེ།
ཨོཾ་ཨགྣ་ཡེ་ཨེ་ཧྱེ་ཧི་སྭརྠཱཉྩ་པ་རཱརྠཾ། སིདྡྷི་ཏཾ་གཙྪ་མ་ཧ་བྱ་བྷུ་ག་ཞེས་བརྗོད་དོ། །དམ་ཚིག་གི་མེ་ལྷ་གདན་ལ་ཐིམ་པ་དང་། གདན་ཆུའི་རྒྱ་མཚོ་ལ་ཐིམ་པ་དང་། ཆུ་རང་གི་ས་བོན་ལ་ཐིམ་པ་དང་། ས་བོན་མེ་གྲུ་གསུམ་ལ་ཐིམ་པར་བསམས་ལ། མེ་ཉིད་བཅོས་མའི་
Vol. 22 · folio 259b
ཐ་མལ་པར་བསམ་པར་བྱའོ། །དེ་ནས་དཀྱིལ་འཁོར་བསྡུས་པའི་ཡི་གེ་བརྒྱ་པ་བཟླས་ལ་རང་གི་ལུས་ལ་གོ་ཆ་བགོས་ཏེ་ཚམ་དམ་སྔགས་ཀྱིས་སྲུང་བས་བསྲུང་པའོ། །ལྷའི་ང་རྒྱལ་གྱིས་ལྡང་བར་བྱའོ། །རྒྱས་པ་ལ་པུཥྚིཾ་ཀུ་རུ་དང་། དབང་ལ་བ་ཤད་ཀུ་རུ་དང་། ཧོཿཞེས་པ་དང་།
དྲག་པོ་ལ་མཱ་ར་ཡ་ཕཊ་ཅེས་པ། དགུག་པ་ལ་སོགས་པ་ལ་ཅི་རིགས་པར་ཤེས་པར་བྱའོ། །བདག་གིས་རྒྱུད་དང་ཆོ་ག་གཞན་དག་ལས། །བཏུས་ནས་སྦྱར་གྱི་རང་བཟོར་བྱས་པ་མིན། །སློབ་མས་གསོལ་བཏབ་ངོར་བྱས་ང་རྒྱལ་མིན། །སྦྱིན་སྲེག་བྱས་པའི་དགེ་རྩས་འགྲོ་ཀུན་
ཁྲག་འཐུང་ཤོག །བྲམ་ཟེ་ཆེན་པོ་ཉིན་མཛད་རྡོ་རྗེས་རིམ་པ་ཇི་ལྟ་བ་བཞིན་དུ་སྦྱར་བ་རྫོགས་སོ།།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words