གྲུབ་པའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་པའི་ཐབས

Sanskrit title (Tibetan script, as in the text) སིདྡྷི་བཛྲ་ཡོ་ག་ནི་སཱ་དྷ་ནཾ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 23 · folio 190b

༄༅༅། །རྒྱ་གར་སྐད་དུ། སིདྡྷི་བཛྲ་ཡོ་ག་ནི་སཱ་དྷ་ནཾ། བོད་སྐད་དུ། གྲུབ་པའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །གཟི་བྱིན་བསྐལ་པའི་མེ་ལྟར་འབར། །ཁམས་

གསུམ་རང་བཞིན་བདག་ཕྱག་འཚལ། །རྡོ་རྗེ་རྣལ་འབྱོར་མ་ཡི་ནི། །སྒྲུབ་ཐབས་མཆོག་ནི་མདོར་བསྡུས་པ། །རྗེས་གནང་གཅིག་གི་སྤྱོད་ཡུལ་ཏེ། །བླ་མ་བརྒྱུད་པའི་མན་ངག་བཤད། །དང་པོར་རེ་ཞིག་སྔགས་པས་བླ་མ་དང་། སངས་རྒྱས་དག་ལ་མི་ཕྱེད་པའི་གུས་པའི་ཡིད་ཅན། བྱང་ཆུབ་ཀྱི་

སེམས་བརྟན་པོར་བཟུང་བ། དབང་བསྐུར་བ་ཡང་དག་པར་ཐོབ་པ་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་ལྷག་པར་མོས་པ་བྱས་ཏེ། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མངོན་དུ་བྱ་བའི་ཕྱིར། དུར་ཁྲོད་ལ་སོགས་པ་དབེན་པའི་ས་ཕྱོགས་སུ་ཤིན་ཏུ་འཇམ་པའི་སྟན་ལ་རྣལ་

འབྱོར་གྱི་རོལ་པས་གནས་སུ་ཨུ་རྒྱན་གྱི་ཡུལ་དུ་ཁ་བལྟས་ཏེ་འདུག་ནས། དེའི་རྗེས་ལ་ལུས་དང་ངག་དང་ཡིད་དག་པར་བྱ་བའི་ཕྱིར། ལྷ་རྫས་ཀྱི་བཏུང་བ་སྦྲང་ངམ་བུ་རམ་བདུད་རྩི་སྦྱར་བ་ལས་བྱུང་བ་སྟེ། རྣམ་པ་གསུམ་པོ་ཇི་ལྟར་རྙེད་པ་བདུད་རྩི་ལྔ་དང་བཅས་པ་མཆོད་ཡོན་གྱི་སྣོད་དུ་བཞག་སྟེ།

ཡི་གེ་གསུམ་མངོན་པར་བཟླས་ནས། བཏུང་བ་དེ་ལག་པ་གཡོན་པ་ནས་བརྩམས་ཏེ་ཡན་ལག་དང་ཉེ་བའི་ཡན་ལག་ཐམས་ཅད་ལ་སྔགས་ཀྱིས་ཁྲུས་བྱའོ། །དེ་ཉིད་ཀྱི་མཆོད་པའི་རྫས་རྣམས་ཀྱང་བསང་བར་བྱའོ། །དེའི་རྗེས་ལ། ཨོཾ་བཾ། ཧཾ་ཡོཾ། །ཧེཾ་མོཾ། །ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཞེས་བྱ་བའི་

སྔགས་ཀྱི་ཡི་གེ་འདི་རྣམས་ཀྱིས། ལག་པ་གཡོན་པའི་སོར་མོ་རྣམས་ཡང་དག་པར་སྤངས་ཏེ། དག་པ་བརྗོད་པར་བྱའོ། །ཨོཾ་སྭ་བྷ་བ་ཤུདྡྷཿསརྦྦ་དྷརྨྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨྨཱ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦྦ་དྷརྨྨཱ་ཡོ་ག་ཤུདྡྷོ྅ཧཾ། དེ་ནས་རང་གི་ལུས་ཁམས་གསུམ་རྣམ་

པར་དག་པའི་གཞལ་ཡས་ཁང་དུ་བསམས་ནས་སྐད་ཅིག་གིས་ལྟེ་བའི་དཀྱིལ་དུ་རྡོ་རྗེ་ཕག་མོ་ཕྱག་གཉིས་མ་གྲི་གུག་དང་ཀ་པཱ་ལ་དང་། ཁ་ཊྭཱཾ་ག་བསྣམས་པ། དབུ་སྐྲ་གྲོལ་བ། གཅེར་བུ་སྤྱན་གསུམ་མ་སྟེ། ན་ཚོད་གསར་པས་མཛེས་པ་ལ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །སངས་རྒྱས་ལྔ་

Vol. 23 · folio 191a

ཡི་ཅོད་པན་ཆེ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ནི། །ཟླ་ཉི་མེ་ཡི་དབུས་ན་བཞུགས། །ཛ་བ་སིནྡྷུ་ར་ཡི་མདོག །འདི་འདྲའི་གཟུགས་འཆང་ལྷ་མོ་ནི། །རྣལ་འབྱོར་རིགས་པས་རྟག་ཏུ་བསྒོམ། །དེ་ཡི་གཡས་ནི་ཕག་གདོང་སྟེ། །དེ་བཞིན་གཡོན་པའི་ཁྲོ་མོའི་ཞལ། །

ཀུན་རྫོབ་དང་ནི་དོན་དམ་གཉིས། །ཞལ་ནི་གཉིས་སུ་རབ་ཏུ་བརྗོད། །བླ་མའི་མན་ངག་ལམ་གྱིས་ནི། །རིམ་པ་རྒྱས་པར་ཤེས་པར་བྱ། །དེ་ཡི་པདྨའི་ནང་གནས་པའི། །འཁོར་ལོ་དོན་ཀུན་གྲུབ་གསོལ་བ། །ཡོན་ཏན་གསུམ་བརྒྱན་མཚན་མ་ནི། །འོད་ཆེན་ཁ་དོག་ཤིན་ཏུ་འབར། །

སྔགས་ཀྱི་ཡི་གེ་ལེགས་པར་གང་། །རྫ་མཁན་འཁོར་ལོ་བཞིན་དུ་འཁོར། །སྲིན་པོའི་ཞལ་ནི་ལེགས་བསྡམས་ནས། །མེ་ནི་ཀུན་ནས་སྦར་བར་བྱ། །གཡུང་དྲུང་འཁྱིལ་པ་འཁོར་བ་ཡི། །དཀྱིལ་འཁོར་ཕག་གདོང་ཉེ་བར་བལྟ། །ཕྱག་རྒྱ་གཉིས་ཀྱི་སྦྱོར་བ་ཡིས། །འཇིག་རྟེན་གསུམ་ཡང་

སྒྲུབ་པར་བྱེད། །སྐད་ཅིག་རྣམ་པའི་རྣལ་འབྱོར་དག །རྣལ་འབྱོར་འགྲུབ་འགྱུར་གཞན་དུ་མིན། །དེ་ནས་གཞན་ཡང་བཤད་བྱ་བ། །གསང་སྔགས་བཏུ་བའི་ཆོ་ག་མཆོག །དཀྱིལ་འཁོར་གྲུ་གསུམ་ཉམས་དགའ་བར། །རྡོ་རྗེ་ཨ་རལླི་ལས་བྱུང་། །ཆོས་ཀྱི་འབྱུང་གནས་ཞེས་

བཤད་ཅིང་། །བཙུན་མོའི་བྷ་ག་ཞེས་ཀྱང་ངོ་། །ཨཱ་ལི་ཀཱ་ལི་དབྱེ་བས་དེར། །སྡེ་ཚན་བརྒྱད་ནི་རིམ་པས་བྲི། །གཟུགས་མེ་མདའ་དང་ཐུབ་པ་དང་། །བུག་པ་དྲག་པོ་འདོད་པ་ཡི། །རིམ་པས་མན་ངག་ཇི་བཞིན་དུ། །རེ་མིག་རྣམས་སུ་དགོད་པར་བྱ། །དང་པོར་ཨ་ཡིག་ནས་བརྩམས་ཏེ། །ཡི་གེ་

ཧ་ཡི་མཐར་ཐུག་པར། །གཡས་སྐོར་གྱིས་ནི་སྦྱོར་བ་ཡིས། །སྡོམ་པ་རྒྱ་མཚོར་གསུངས་པ་བཞིན། །ཐ་སྟེང་སུམ་འགྱུར་བྱས་ནས་ནི། །སྒྲ་དང་ཐིག་ལེས་རྣམ་པར་བརྒྱན། །བྷ་མཐུག་སྟེང་དང་ཚ་སྟེང་ཡིག །སྤྱི་བོར་ཏ་ལོག་སྟེང་མས་བརྒྱན། །ཙ་སའི་དབུས་ནས་བླངས་ནས་སུ། །དེ་བཞིན་ཌ་

ཡི་འོག་མས་བརྒྱན། །ཤ་ལོག་སྟེང་མ་ཤ་སྟེང་བསྐྱོན། །དེ་བཞིན་ཡང་དག་སྦྱར་བར་བྱ། །ལི་ཐུང་འོག་གི་ཡི་གེ་ལ། །ཉ་ཡི་འོག་མས་རྣམ་པར་བརྒྱན། །པ་སྟེང་ཏ་ལོག་འོག་མས་སྦྱར། །ཕ་སྟེང་ཐ་ལོག་གིས་ནི་དབྱེ། །ཧ་དང་ནི་ལོག་དབུས་ཡིག་ལ། །ན་ལོག་སྟེང་ན་གནས་པས་བརྒྱན། །

Vol. 23 · folio 191b

ཤ་ཡི་འོག་ན་གནས་པས་གཟུང་། །བྷ་མཐུག་འོག་མ་ན་ལོག་གི །འོག་མ་ཡིས་ནི་གདན་དུ་བྱ། །ཧ་སྟེང་གནས་པའི་ཡི་གེ་ཉིད། །ར་སྟེང་ར་ཡི་སྟེང་མས་སྦྱར། །ཏ་ལོག་སྟེང་ན་གནས་པ་ཡི། །སྤྱི་བོར་སྦྱར་བ་ཡོངས་སུ་གྲགས། །ཕ་སྟེང་ཐ་ལོག་འོག་མ་ཡིས། །རྣམ་པར་སྦྱར་བར་བརྗོད་

པར་བྱ། །ཉ་ཡི་སྟེང་དུ་ན་ལོག་སྟེ། །སྦྱར་བ་མན་ངག་གིས་ཤེས་བྱ། །ཙ་སའི་དབུས་ནས་བླངས་ནས་ནི། །བྷ་མཐུག་འོག་མ་ན་ལོག་གི །འོག་མ་ཡིས་ནི་གདན་དུ་བྱ། །དེ་བཞིན་ཙ་ཡི་སྟེང་ནས་བླངས། །ཏ་ཡི་སྟེང་ན་གནས་པས་བརྒྱན། །ཐ་སྟེང་ན་ལོག་འོག་ལ་བརྒྱན། །དེ་བཞིན་

ཕ་ཡི་འོག་གནས་ཡིག །དྷ་བའི་དབུས་གནས་ཡི་གེ་ལ། །ཐ་ལོག་འོག་མས་རྣམ་པར་བརྒྱན། །ཉ་ལའི་དབུས་གནས་ཡི་གེ་ལ། །ན་ལོག་སྟེང་མས་རྣམ་པར་བརྒྱན། །ས་ཡའི་དབུས་གནས་ཡི་གེ་ལ། །རཱྀ་རིང་འོག་མས་དབྱེ་བར་བྱ། །ཐིག་ལེ་ནཱ་དར་ཡང་དག་ལྡན། །དེ་ཡང་སུམ་

འགྱུར་བྱ་བ་ཉིད། །ན་ཡི་འོག་ནས་ཏ་ལོག་དབྱེ། །དེར་ཡང་སུམ་འགྱུར་བྱ་བའོ། །ཤ་ལོག་འོག་གནས་ཤ་ལོག་ཞོན། །ཉ་འོག་གནས་ལས་དབྱེ་བར་བྱ། །མ་ཝའི་དབུས་གནས་ཡང་དག་ལྡན། །ཛྷ་མཐུག་རྒྱབ་ཀྱི་དབྱངས་ཀྱིས་བརྒྱན། །བླ་མའི་མན་ངག་ལམ་གྱིས་ནི། །གསང་སྔགས་བཏུ་

བ་ཤེས་པར་བྱ། །གླེགས་བམ་ལས་ནི་གཟུང་བའི་སྔགས། །ཡང་དག་བླང་བ་བྱས་པ་ཡིས། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །དངོས་གྲུབ་རྣམས་སུ་མི་འགྱུར་ཉིད། །དེ་ནས་ཡང་དག་བཤད་པར་བྱ། །མཆོད་པའི་རྡོ་རྗེ་ཀུན་འབྱུང་བ། །ཚེས་བཅུའི་དུས་སུ་བབ་པ་ན། །མཆོད་པ་ལྔ་དང་ཡང་

དག་ལྡན། །བཟའ་བཅའ་དེ་བཞིན་བཏུང་བ་དང་། །ཕྱི་དང་གསང་བར་ཡང་དག་ལྡན། །དྲི་མེད་སྣོད་ནི་ཡང་དག་པར། །གུར་གུམ་སོགས་ཀྱིས་བྱུགས་ནས་སུ། །བཟང་པོ་བཏུང་བ་ཡང་དག་ལྡན། །སིནྡྷུར་ཕྱེ་མ་བཙགས་པ་ལ། །གསེར་སྨྱུག་གི་ནི་སྦྱོར་བ་ཡིས། །མཁས་པས་ཨེ་ཝཾ་རྣམ་

པར་བྲི། །དབུས་སུ་གསང་སྔགས་རྒྱལ་པོ་འདི། །བསྟན་བཅོས་ཀྱིས་ནི་དབྱེ་བས་བྲི། །གཡུང་དྲུང་དགེ་བའི་ཕྱག་རྒྱ་ནི། །འཁོར་ལོ་ཡི་ནི་ལོགས་སུ་དགོད། །མེ་ཏོག་རྣམ་པ་སྣ་ཚོགས་པ། །ཆུ་དང་དེ་བཞིན་ཐང་ལས་སྐྱེས། །སྒྲོན་མ་ཙཱ་རུ་དམ་ཚིག་ཅེས། །དེ་བཞིན་གཞོན་ནུ་མ་དག་མཆོད། །མཆོད་

Vol. 23 · folio 192a

པའི་ལས་ནི་ཁྱད་པར་དུ། །གདོན་མི་ཟ་བར་བྱ་བ་སྟེ། །སྐྲ་གྲོལ་གཅེར་བུར་བྱས་པ་ཡིས། །སྔར་བཤད་ཕྱོགས་སུ་ཁ་བལྟས་ནས། །མཉམ་པར་གཞག་པས་མཆོད་པ་ཡིས། །དུས་སུ་ཤིན་ཏུ་གསང་སྟེ་བྱ། །མ་གསང་བགེགས་ནི་འབྱུང་བར་འགྱུར། །དེ་བཞིན་དུ་ཡང་དངོས་

གྲུབ་ཉམས། །ནད་ཀྱི་རྣམ་པ་སྣ་ཚོགས་པ། །དམ་ཚིག་ཉམས་ལས་བྱུང་བར་འགྱུར། །སྲོག་ནི་ཡོངས་སུ་གཏོང་བའམ། །འཆི་བ་དང་ནི་ཕྲད་ཀྱང་སླ། །གལ་ཏེ་དངོས་གྲུབ་མཆོད་འདོད་ན། །དམ་ཚིག་རྟག་ཏུ་བསྲུང་བར་བྱ། །འགྲོ་ཀུན་གཡོན་ལས་འབྱུང་བ་སྟེ། །འཇིག་རྟེན་གསུམ་པོ་

བརྟན་དང་གཡོ། །རྟག་ཏུ་རྣལ་འབྱོར་གཡོན་པས་སྤྱད། །རྐང་པ་གཡོན་པ་སྔོན་དུ་དོར། །མཆོད་པ་ལག་པ་གཡོན་གྱིས་བྱ། །གཡོན་གྱིས་བསྟབས་ཤིང་བཟའ་བར་བྱ། །རིགས་ལྔ་ཀུན་དུ་སྤྱོད་པས་ན། །རིགས་གཅིག་ཏུ་ནི་བརྟག་པར་བྱ། །བཟའ་དང་བཟའ་མིན་དེ་བཞིན་བཏུང་། །གཙང་སྨེ་

ངོ་ཚ་སྤང་བར་བྱ། །ཀུན་རྟོག་ཀུན་ལས་ངེས་གྲོལ་བས། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །རྣལ་འབྱོར་དྲ་བའི་སྡོམ་པ་ཡིས། །རྣལ་འབྱོར་སེང་གེ་བཞིན་དུ་སྤྱོད། །གསང་སྔགས་རྣལ་འབྱོར་མ་ཡི་དངོས། །རྣལ་འབྱོར་མ་ཡང་གསང་སྔགས་དངོས། །གལ་ཏེ་གོ་འཕང་མཆོག་འདོད་

ན། །དེ་དག་ཐ་དད་མི་བྱ་སྟེ། །བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དང་དེ་ཡི་ངོ་བོར་འགྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །སེམས་ནི་རྗེས་མཐུན་རྣལ་འབྱོར་གྱིས། །གང་ཞིག་གོམས་པར་བྱེད་པ་ནི། །བསོད་ནམས་ཆུང་བའི་མི་ཡིས་ཀྱང་། །འགྲུབ་

འགྱུར་འདི་ལ་ཐེ་ཚོམ་མེད། །བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དེ་བཞིན་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་ཅན། །འདིར་ནི་བླ་ཡི་རྒྱུ་ཡིན་ནོ། །སངས་རྒྱས་གོ་འཕང་འདོད་པ་ཡིས། །དེ་ཕྱིར་བླ་མ་མཉེས་པར་བྱ། །དགོས་པ་བླ་ན་མེད་པ་ཉིད། །དཔལ་ལྡན་ཨུ་རྒྱན་གནས་ཀྱིའོ། །

དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མའི་གསང་བ་སྙན་ནས་སྙན་ཞལ་ནས་ཞལ་དུ་བརྒྱུད་པའི་རྗེས་སུ་གནང་བའི་གཞུང་ལུགས། སློབ་དཔོན་ཆེན་པོ་དཔལ་ཨུ་རྒྱན་གྱི་མི་དབང་ཨིནྡྲ་བྷཱུ་ཏིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་ན་ལེནྡྲ་པ་དང་། ལོ་ཙཱ་བ་དགེ་སློང་པྲཛྙ་ཀཱིརྟིས་

Vol. 23 · folio 192b

བསྒྱུར་བའོ།།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words