རྒྱུད་ཀྱི་རྒྱལ་པོ་དཔལ་གདན་བཞི་པའི་འགྲེལ་པ་དྲན་པའི་རྒྱུ་མཚན་ཞེས་བྱ་བ

Sanskrit title (Tibetan script, as in the text) ཤྲཱི་ཙ་ཏུ་ར་པཱི་ཋ་ཏནྟྲ་རཱ་ཛ་སྱ་སྨྲྀ་ཏི་ནི་བནྡྷ་ནཱ་མ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 24 · folio 165b

དེ་ཉིད་ནི་ཆུའི་ཁམས་རྣམ་པར་དག་པའོ། །ལྕེ་ཡི་དབང་པོ་དབང་ཕྱུག་གཙོ། །ཞེས་བྱ་བ་ལ། ལྕེའི་དབང་པོ་ཉིད་དབང་ཕྱུག་སྟེ། བདུད་རྩི་ལ་སྤྱོད་པའི་དབང་ཕྱུག་གོ། །དེ་ཉིད་ཀྱི་ཕྱིར་གཙོ་བོའོ། །གང་གིས་བརྩེགས་པ་རིམ་བཞིན་གཟུང་། །ཞེས་བྱ་བ་ལ། གང་གི་ཞེས་བྱ་བ་

ནི་གནས་གང་དང་གང་གི་ས་བོན་གང་དང་གང་ཡིན་པ་སྟེ། གནས་བཞི་རུ་ནི་སྦྱར་བར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །བརྩེགས་པ་ཞེས་བྱ་བ་ནི་ཡི་གེ་མ་ལ་སོགས་པ་ཐིག་ལེའི་བར་དུ་རིམ་བཞིན་དུ་གཞག་པའོ། །དེ་ཉིད་བསྟན་པའི་ཕྱིར་མགྲིན་པར་ཞེས་བྱ་བ་ལ་སོགས་པ་སྨོས་

ཏེ། གཏི་མུག་ས་བོན་ཞེས་བྱ་བ་ནི་གཏི་མུག་རྣམ་པར་དག་པའི་ས་བོན་ཏེ་སྨྲཾ་ངོ་། །དེ་བཞིན་དཔུང་པར་ཉོན་མོངས་སོ། །ཞེས་བྱ་བ་ནི་དཔུང་པ་གཉིས་སུ་ཞེ་སྡང་རྣམ་པར་དག་པའི་ས་བོན་ཧཱུཾ་ངོ་། །སྙིང་གའི་ཕྱོགས་སུ་གཡོ་བ་སྟེ། །ཞེས་བྱ་བ་ལ་གཡོ་བ་ནི་རླུང་སྟེ། དེ་རྣམ་པར་དག་

པའི་ས་བོན་ཡྨྲཾ་སྙིང་གར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ལྟེ་བའི་རྩ་བར་ཕྱུགས་ཡིན་ནོ། །ཞེས་བྱ་བ་ལ། ཕྱུགས་ནི་འུག་པ་སྟེ། དེའི་ས་བོན་ཀྵྨྲྱུཾ་ལྟེ་བའི་རྩ་བར་དགོད་དོ་ཞེས་བྱ་བ་དང་སྦྱར་རོ། །ཡན་ལག་བརྒྱད་དུ་ས་བོན་ནི། །བརྒྱད་པོ་བཀོད་པས་བསྲུང་བར་བྱ། །ཞེས་བྱ་བ་

ལ། སྔར་བཤད་པའི་ཚུལ་གྱིས་བཀོད་པའི་ས་བོན་བརྒྱད་པོ་ཉིད་ནི་གོ་ཆ་ལྟ་བུ་སྟེ། དེས་ཀུན་དུ་སྦར་བར་བྱ་ཞིང་བསྲུང་ངོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་མཁའ་འགྲོར་བདག་བྱས་ཏེ། །ལུས་ནི་ས་བོན་ལྡན་པར་བྱ། །ཞེས་བྱ་བ་ནི་གཞུང་ཉེ་བར་བསྡུ་བ་ཡིན་ཏེ་དང་པོ་ལྷ་མོ་ཡེ་ཤེས་

མཁའ་འགྲོ་མར་བདག་ཉིད་བྱས་ལ་དེའི་འོག་ཏུ་ས་བོན་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏེ། ཡེ་ཤེས་མཁའ་འགྲོ་མ་ནི་ཉེ་བར་མཚོན་པའོ། །ཡེ་ཤེས་མཁའ་འགྲོ་མའི་གཟུགས་བསྟན་པའི་ཕྱིར་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །སྟེང་དུ་རྡོ་རྗེ་དབུ་རྒྱན་ཅན། །

ཞེས་བྱ་བ་ལ་སྟེང་ནི་དབུ་རྒྱན་གྱི་རྩེ་མོ་སྟེ། དེར་རྡོ་རྗེས་མཚན་པའི་དབུ་རྒྱན་གང་ལ་ཡོད་པ་དེ་ལ་སྐད་ཅེས་བྱ་བའོ། །དར་གྱི་ཐོད་ནི་མཛེས་པས་བཅིངས། །ཞེས་བྱ་བ་ནི་དར་གྱི་དབུ་རྒྱན་བཅིངས་ཤིང་ཀུན་དུ་འཕངས་པས་མཛེས་པར་བྱས་པའོ། །སྤྱན་གསུམ་ཞེས་བྱ་བ་ནི་ཞལ་གསུམ་

Vol. 24 · folio 166a

པོ་སོ་སོ་རེ་རེ་ཞིང་ཡང་སྤྱན་གསུམ་གསུམ་མོ། །ཁྲོ་ཞིང་བཞད་པ་ཞེས་བྱ་བ་ལ། བཞད་པ་ནི་གཡོན་པའི་ཞལ་ལོ། །ཁྲོ་བ་ནི་གཡས་པའི་ཞལ་ཏེ་རྩ་བའི་ཞལ་ནི་འདིར་འཇོ་སྒེག་ཏུ་བལྟ་བར་བྱ་བའོ། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །ཞེས་བྱ་བ་ནི་ཤིན་ཏུ་དཀར་

བའི་ཁ་དོག་ཅན་གྱི་ན་བཟའ་མནབས་པའོ། །རལ་གྲི་དགྲ་སྟ་རྡོ་རྗེ་དང་། །ཞེས་བྱ་བ་ནི་ཕྱག་གཡས་ན་ཞེས་བྱ་བའི་ལྷག་མ་སྟེ། མཚན་མའི་ཕྱག་རྒྱ་མངོན་པར་བསྣམས། །ཞེས་བྱ་བ་དང་འབྲེལ་ཏོ། །གཡོན་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སངས་རྒྱས་སྤྲིན་ཞེས་བྱ་བ་ནི། རྣམ་པར་

སྣང་མཛད་ལ་སོགས་པའི་ཚོགས་སོ། །ལྷག་མ་ནི་གོ་སླའོ། །དབུགས་མི་གཡོ་བར་བསྒོམ་པར་བྱ། །ཞེས་བྱ་བ་ལ། དབུགས་མི་གཡོ་བ་ནི་གང་དུ་དབུགས་ཀྱི་རྒྱུ་བ་མེད་པའོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མར་བསྒོམ་པ་སྟེ་ཇི་སྲིད་དུ་ལུས་ལ་དབུགས་ཐིམ་པར་གྱུར་

ཅིང་སེམས་དང་འདྲེས་པར་གྱུར་གྱི་བར་དུ་བསྒོམ་པ་སྟེ། འདིས་ནི་དམིགས་པ་རྩེ་གཅིག་པ་སྟོན་ཏོ། །ད་ནི་ཕྲ་མོའི་རྣལ་འབྱོར་གསུངས་པ། ཡིད་ཅེས་བྱ་བ་ལ་སོགས་པ་ལ། ཡིད་ཅེས་བྱ་བ་ནི་ཡི་གེ་ཧཱུཾ་ངོ་། །ཡེ་ཤེས་རྣམ་ཤེས་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྣམ་གྲངས་སོ། །ཤེལ་དང་

འདྲ་བར་བསམ་པར་བྱ། །ཞེས་བྱ་བ་ནི་ཡི་གེ་ཧཱུཾ་དེ་ཁ་དོག་དཀར་པོར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ཨཱ་ལི་ཀཱ་ལི་རབ་སྦྱོར་བས། །དེ་ཡི་ས་བོན་གཟུང་བྱ་སྟེ། །ཞེས་བྱ་བ་ལ་དེའི་ཞེས་བྱ་བ་ནི་ཡིད་ལ་སོགས་པའི་རང་བཞིན་གྱི་ས་བོན་དེའོ། །གཟུངས་སྔགས་བྱ་སྟེ་ཞེས་བྱ་བ་ནི་བཏུ་བའོ། །

ཅི་ཞིག་ཅེ་ན། ཨཱ་ལི་ཀཱ་ལི་རབ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨཱ་ལི་ཞེས་བྱ་བ་ནི་ཡི་གེ་ཨཱུ་རིང་པོའོ། །ཀཱ་ལི་ཞེས་བྱ་བ་ནི་ཡི་གེ་ཧའོ། །ཐིག་ལེ་ནི་རྗེས་སུ་འགྲོ་བའི་སྒྲ་ཡིན་པའི་ཕྱིར་གཉི་གའོ། །དེ་གང་དུ་བསྒོམ་ཞེ་ན། སྨིན་པར་ཐིགས་པའི་གནས་དག་ཏུ། །ཞེས་བྱ་བ་

ལ་སྨིན་པར་ཞེས་བྱ་བ་ནི་གོ་སླའོ། །ཐིགས་པའི་གནས་ཞེས་བྱ་བ་ནི་ཐིག་ལེའི་གནས་ཏེ། གནས་དེར་ཡེ་ཤེས་ཅན་གྱི་ས་བོན་བསྒོམ། །ཞེས་བྱ་བ་ཡི་གེ་ཧཱུཾ་གིས་ས་བོན་ཁ་ཐུར་དུ་བལྟས་པར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་དབུགས་མི་གཡོ་བར་བསྒོམ་པར་བྱ་ཞེས་བྱ་

Vol. 24 · folio 166b

བ་དང་འབྲེལ་ཏོ། །དེ་ཡང་དང་པོར་ལྷའི་ཏིང་ངེ་འཛིན་གོམས་པའི་འོག་ཏུ་ས་བོན་ཐིག་ལེའི་གཟུགས་ཅན་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ཁ་ཐུར་དུ་བལྟས་ཤིང་བདུད་རྩིའི་རྒྱུན་འཛག་པ་དང་ལྡན་པའི་ཏིང་ངེ་འཛིན་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །དེའི་མཐར་སྔགས་ཀྱི་བཟླས་པ་བསྟན་པའི་ཕྱིར།

སངས་རྒྱས་ལྔ་ཡིས་བརྒྱན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་ལྔ་ཡིས་བརྒྱན་པ་ཞེས་བྱ་བ་ནི་སྔར་བཤད་ཟིན་ཏོ། །དེ་ཉིད་ཅི་ཞིག་ཅེ་ན། ཡི་གེའི་ས་བོན་ཏེ། ཡེ་ཤེས་མཁའ་འགྲོ་མའི་ས་བོན་ནོ། །སྔགས་དེ་ཉིད་ཀྱི་བཏུ་བ་བསྟན་པའི་ཕྱིར། རླུང་དང་མེའི་བདུན་དོན་ལ། །

ཞེས་བྱ་བ་སོགས་པ་སྨོས་ཏེ། དེ་ལ་རླུང་ནི་ཡི་གེ་ཡའོ། །དེའི་བདུན་པ་ནི་ཡི་གེ་སའོ། །མེ་ནི་ཡི་གེ་ར་སྟེ། དེའི་བདུན་པ་ནི་ཧའོ། །དེ་དག་ཉིད་ནི་སྒྲའི་དོན་ཏེ། རླུང་དང་མེའི་བདུན་པ་ཞེས་བྱ་བའི་སྒྲའི་དོན་ཡིན་པའི་ཕྱིར། གཟུང་ལ་ཞེས་བྱ་བར་སྦྱར་རོ། །རིགས་ཀྱི་ནང་ན་གཅིག་གི་ཚིག་

ཡིན་ནོ། །རྡོ་རྗེ་མ་ཡི་ས་བོན་བསྐུལ། །ཞེས་བྱ་བ་ལ། རྡོ་རྗེ་མའི་ས་བོན་ནི་རླུང་གི་བདུན་པ་ཡི་གེ་ས་ལ་བྱ་སྟེ། སྐུ་ལ་ཞེས་བྱ་བ་ནི་མེའི་བདུན་པའི་ས་བོན་ཧའི་ཟླ་ཚེས་སུ་སྦྱར་བའོ། །ཅིའི་ཕྱིར་ཞེ་ན། ཟླ་ཚེས་དང་རྡོ་རྗེ་མེའི་ས་བོན་གཉི་ག་བདུད་རྩི་འཛག་པའི་རང་བཞིན་དུ་ཆོས་མཐུན་པའི་ཕྱིར་

ས་ཡང་ཟླ་ཚེས་སུ་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ཅི་འདྲ་ཞེ་ན། སྒྲ་དང་ཐིག་ལེས་ཡང་དག་མནན། །ཞེས་བྱ་བ་སྨོས་ཏེ། དེ་ལ་སྒྲ་ཞེས་བྱ་བ་ནི་ཨཱུ་རིང་པོའོ། །དེ་ནི་མེའི་བདུན་པ་ཡི་གེ་ཧའི་གདན་དུ་སྦྱར་བར་བྱའོ། །ཐིག་ལེ་ནི་ཟླ་ཚེས་ཀྱི་སྟེང་དུ་ཐིགས་པས་མནན་པ་སྟེ་

བསྡུས་པས་ཧཱུཾ་ཞེས་བྱ་བར་འགྱུར་རོ། །ཆར་པའི་རྒྱུན་ཞེས་བྱ་བར་བརྗོད། །ཅེས་བྱ་བ་ལ། ཡི་གེ་ཧཱུཾ་གི་ས་བོན་དེ་ཉིད་བདུད་རྩིའི་ཆར་འཛག་པའི་ཕྱིར་ཆར་པའི་རྒྱུན་ཏེ། དེ་བཟླས་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །ས་བོན་དེ་ཡང་ཇི་ལྟར་བཟླ་ཞེ་ན། ཐོག་མ་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། ཐོག་མ་ནི་ཧཱུཾ་གི་དང་པོར་རོ། །བླ་མའི་ཡི་གེ་ཞེས་བྱ་བ་ནི་ཡི་གེ་ཨོཾ་མོ། །སྲེག་བྱེད་ཡི་གེ་མཐར་བཟླས་བྱ། །ཞེས་བྱ་བ་ལ། སྲེག་བྱེད་ཀྱི་ཡི་གེ་ནི་སྭཱ་ཧཱའོ། །མཐར་ནི་ཧཱུཾ་གི་མཐར་ཏེ་བསྡུས་པས། ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །ཏིང་ངེ་འཛིན་དང་ལྡན་པ་ཡི། །

Vol. 24 · folio 167a

བློ་གྲོས་ཅན་གྱིས་སུམ་འབུམ་བཟླ། །ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མའི་ཏིང་ངེ་འཛིན་ཐོབ་པའི་སྔགས་པས་སྔར་འདས་མ་ཐག་པའི་སྔགས་འབུམ་ཕྲག་གསུམ་དུ་བཟླས་པར་བྱ་བ་སྟེ། དེས་ནི་སྔར་བསྙེན་པ་བྱས་པར་འགྱུར་རོ། །བཟླས་དང་ལྡན་པའི་

རྣལ་འབྱོར་པ། །དེ་ཡིས་བསམ་པ་ཐམས་ཅད་འགྲུབ། །ཅེས་བྱ་བ་ནི། རིམ་པ་དེ་ལྟར་བསྒོམ་པ་དང་བཟླས་པར་ལྡན་པའི་རྣལ་འབྱོར་པ་གང་ཡིན་པ་དེས་ནི་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་བའོ། །བསམ་པ་ཐམས་ཅད་གང་ཞེ་ན། ལས་བརྒྱད་ལ་སོགས་དངོས་གྲུབ་

རྣམས། །ཞེས་བྱ་བ་སྨོས་ཏེ། དེ་ལ་ལས་བརྒྱད་ཅེས་བྱ་བ་ནི་ཞི་བ་དང་རྒྱས་པ་དང་། དབང་དང་། དགུག་པ་དང་། མངོན་པར་སྤྱོད་པ་དང་། བསྐྲད་པ་དང་། དབྱེ་བ་དང་། བཅིངས་པ་རྣམས་སོ། །སོགས་ཀྱིས་ན་དངོས་གྲུབ་ཆེན་པོ་བརྒྱད་ལ་སོགས་པ་གཟུང་བར་བྱའོ། །སྔོན་

དུ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྔོན་དུ་སྟེ། ལས་བརྒྱད་ལ་སོགས་པའི་དངོས་གྲུབ་མངོན་དུ་བསྒྲུབས་ནས་ཕྱིས་བྱང་ཆུབ་ཀྱང་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འགྲུབ་ཅེ་ན། བསྙེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྙེན་པ་ནི་བཤད་ཟིན་ཏོ། །དེ་འོག་ལས་རྣམས་བརྩམས་

བྱས་ན། །ཞེས་བྱ་བ་ནི། ཕྱིས་སྒྲུབ་པའི་དུས་སུ་སྔགས་སྤེལ་བ་དང་བཅས་པས་ཞི་བ་ལ་སོགས་པའི་ལས་རྣམས་བརྩམས་ཤིང་བསྒྲུབས་ན་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་འཆང་ཆེན་པོའི་སྔགས་བསྟན་པའི་ཕྱིར། ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་

གོ་སླའོ། །སྔོན་དུ་རྡོ་རྗེའི་ཚིག་བརྗོད་ལ། །ཞེས་བྱ་བ་ནི་བཛྲ་ཞེས་བྱ་བའི་ཚིག་སྔགས་ཀྱི་དང་པོར་གདོན་པའོ། །སྡེ་ཚན་དང་པོའི་དང་པོ་གཟུང་། །ཞེས་བྱ་བ་ལ་སྡེ་ཚན་དང་པོ་ནི་ཀའི་སྡེ་ཚན་ཏེ། དེའི་ཡི་གེ་དང་པོ་ནི་ཀ་ཉིད་དོ། །དེ་བཞིན་སྡེ་ཚན་བཞི་པ་ཡི། །ཡི་གེ་དང་པོ་བཟུང་ནས་ནི། །ཞེས་བྱ་བ་

ལ། སྡེ་ཚན་བཞི་པ་ནི་ཏའི་སྡེ་ཚན་ནོ། །དེའི་ཡི་གེ་དང་པོ་ནི་ཏ་ཉིད་དོ། །ཉིས་འགྱུར་ཞེས་བྱ་བ་ནི་ཏ་ཉིས་བརྩེགས་སུ་བྱའོ། །རེ་ཕ་སྟེང་དུ་གཞག་ཅེས་བྱ་བ་ནི་ཏ་ཉིས་བརྩེགས་ཀྱི་སྟེང་དུ་ཡི་གེ་ར་གཞག་པའོ། །དེ་བཞིན་ཨི་དང་རེ་ཕ་སྦྱར། །ཞེས་བྱ་བ་ནི་དེའི་འོག་ཏུ་ཡི་གེ་ར་གཞག་པ་ཡི་གེ་ཨི་སྟེང་དུ་སྦྱར་

Vol. 24 · folio 167b

བའོ། །གང་ཞིག་སྡེ་ཚན་གཉིས་པ་ཡི། །ཡི་གེ་གཉིས་པ་ཐིག་ལེ་ཅན། །ཞེས་བྱ་བ་ནི་སྡེ་ཚན་གཉིས་པ་ཙའི་སྡེ་ཚན་གྱི་ཡི་གེ་གཉིས་པ་ཚའི་འགྲམ་ན་ཐིག་ལེ་གཞག་པ་དང་ལྡན་པའོ། །ལྕགས་ཀྱུ་ཡིས་ནི་གཟིར་བར་བྱ། །ཞེས་བྱ་བ་ལ་ལྕགས་ཀྱུ་ནི་ཡི་གེ་ཨི་ཐུང་ངུ་སྟེ་དེ་ཚའི་སྟེང་དུ་སྦྱར་བའོ། །

བཞི་པ་ཡི་ནི་གསུམ་པར་བཅས། །ཞེས་བྱ་བ་ནི་སྡེ་ཚན་བཞི་པའི་ཡི་གེ་གསུམ་པ་དང་གློ་ན་གནས་པ་དང་བཅས་པའོ། །ལན་གཉིས་སུ་ནི་བཟླས་པར་བྱ། །ཞེས་བྱ་བ་ནི་དེ་ལན་གཉིས་སུ་བརྗོད་པ་སྟེ་ཚིནྡ་ཚིནྡ་བྱ་བར་འགྱུར་རོ། །སངས་རྒྱས་ལྔ་ཡིས་བརྒྱན་པ་དང་། །ཞེས་བྱ་བ་ལ། སངས་རྒྱས་

ལྔ་ནི་ཡི་གེ་ཧཱུཾ་སྟེ་བརྒྱན་པ་ཞེས་བྱ་བ་ནི་དེའི་འོག་ཏུ་ཡི་གེའི་ཧཱུཾ་གདོན་པས་སྔགས་དེ་མཛེས་པར་བྱས་པའོ། །སྔོན་དུ་ཕྱག་འཚལ་ཡི་གེ་སྟེ། །ཞེས་བྱ་བ་ནི་སྔགས་དེ་ཐམས་ཅད་ཀྱི་སྔོན་ཏེ་ཐོག་མར་ཕྱག་འཚལ་བའི་ཡི་གེ་ཨོཾ་གདོན་པར་བྱའོ། །ཡི་གེ་དྲག་པོ་མཐའ་རུ་སྦྱོར། །ཞེས་བྱ་བ་ལ།

ཡི་གེ་དྲག་པོ་ནི་ཡི་གེ་ཕཊ་དོ། །མཐའ་རུ་སྦྱར་བ་ནི་སྔགས་ཐམས་ཅད་ཀྱི་མཐའ་རུ་བཟླ་བ་སྟེ་བསྡུས་པས། ཨོཾ་བཛྲ་ཀརྟ་རི་ཚིནྡ་ཚིནྡ་ཧཱུཾ་ཕཊ་ཅེས་བྱ་བར་འགྱུར་རོ། །སྔགས་འདིའི་ཕན་ཡོན་བསྟན་པའི་ཕྱིར། ས་བོན་འདི་བཟླས་རྣལ་འབྱོར་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

བཅིང་བ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་མོ། །དེས་ན་སྔགས་འདི་བཟླས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་བསྟན་པའི་ཕྱིར། ལག་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལག་གཉིས་སོར་མོ་བསྣོལ་ནས་ནི། །ཞེས་བྱ་བ་ནི་དང་པོ་ལག་པ་རྡོ་རྗེ་

བཅིང་བར་བྱ་སྟེ། དེའི་འོག་ཏུ་རྡོ་རྗེ་ཁུ་ཚུར་གཉིས་སུ་བྱའོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ཉིད་བཟའ་བ་ལྟ་བུར་སྦྱར། །ཞེས་བྱ་བ་ནི་དེའི་འོག་ཏུ་ཁུ་ཚུར་གཡོན་པ་བཟའ་བ་ལྟ་བུར་ཁའི་ཕྱོགས་སུ་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཁུ་ཚུར་གཡས་པ་ཅི་ཞིག་བྱ་ཞེ་ན། ཁྲོ་བོ་དང་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། ཁྲོ་བོ་དང་ནི་དབུ་མ་བརྐྱང་། །ཞེས་བྱ་བ་ནི་མཛུབ་མོ་དང་གུང་མོ་བརྐྱང་བའོ། །གཉི་ག་ཕན་ཚུན་དྲུད་པར་བྱ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལ་ཁུ་ཚུར་གྱི་མཚན་ཉིད་ནི་མཐེ་བོ་ནང་དུ་བཅུག་སྟེ། སོར་མོ་ལྷག་མ་རྣམས་ཀྱིས་མནན་པའོ། །

Vol. 24 · folio 168a

དགྲ་ཡི་མགྲིན་པ་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་རྣ་བ་དང་སྣ་ལ་སོགས་པ་གཟུང་བར་བྱ་སྟེ། དེ་ཉིད་ཀྱིས་ན་དངོས་པོ་ཐམས་ཅད་ཅེས་བྱ་བ་སྨོས་སོ། །ཡིད་ཅེས་བྱ་བ་ནི་དེ་དག་ཐམས་ཅད་ནི་ཡིད་ཀྱིས་རོལ་པ་སྟེ། མགོ་བཅད་པ་ལ་

སོགས་པ་ཡིད་ཀྱིས་རོལ་ཅིང་རྫོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆུ་ལ་སོགས་པ་ཀུན་ཞེས་བྱ་བ་ནི། ཆུ་རླབས་གཡོ་བ་དང་ཆར་འབབ་པ་ལ་སོགས་པའོ། །བཅིང་བ་ནི་མནན་པའོ། །གང་ཡང་སྡེ་ཚན་ཐ་མ་ཡི། །ཡི་གེ་གསུམ་པ་གཟུང་བར་བྱ། །

ཞེས་བྱ་བ་ལ། སྡེ་ཚན་ཐ་མ་ནི་པའི་སྡེ་ཚན་ཏེ། ཀ་ལ་སོགས་པ་སྡེ་ཚན་ལྔའི་ཐ་མ་ཡིན་པའི་ཕྱིར་རོ། །དེའི་ཡི་གེ་གསུམ་པ་ནི་བའོ། །དེ་བཞིན་སྡེ་ཚན་གསུམ་པ་ཡི། །ཡི་གེ་གསུམ་པ་ཉིད་དང་ནི། །ཞེས་བྱ་བ་ནི་ཡི་གེ་ཌའོ། །དེ་ཡི་ས་བོན་གསུམ་པ་ལ། །ཞེས་བྱ་བ་ནི་ས་བོན་

གསུམ་པའི་སྒྲས་ནི་ཡི་གེ་ཝ་གཟུང་བར་བྱའོ། །དེའི་ཞེས་བྱ་བ་ནི་བ་དང་ཝ་འདྲ་བའི་ཕྱིར་རོ། །སྟེང་དུ་ཨེ་ཞེས་བྱ་བར་སྦྱར། །ཞེས་བྱ་བ་ནི་གོ་སླ་སྟེ། དེ་དག་གིས་ནི་བ་ཌ་ཝེ་ཞེས་བྱ་བར་འགྱུར་རོ། །སྡེ་ཚན་ལྔ་པའི་དང་པོ་ལ། །ཞེས་བྱ་བ་ནི་ཡི་གེ་པའོ། །ལྕགས་ཀྱུ་ཡིས་ནི་གཟིར་བར་

བྱ། །ཞེས་བྱ་བ་ལ་ལྕགས་ཀྱུའི་སྒྲ་ནི་ཡི་གེ་ཨི་ཐུང་ངུ་ལ་བྱ་ལ། གཟིར་བ་ནི་དེ་དེའི་སྟེང་དུ་སྦྱར་བའོ། །ཚེག་དྲག་ཡི་གེ་དབུས་བྱས་ཏེ། །ཞེས་བྱ་བ་ལ་ཚེག་དྲག་གི་ཡི་གེ་ནི་ཝའོ། །དབུས་སུ་བྱ་བ་ནི་དེའི་འོག་ཏུ་གདོན་པའོ། །ཐ་མ་རྡོ་རྗེ་ཅན་དང་སྦྱར། །ཞེས་བྱ་བ་ལ་རྡོ་རྗེ་ཅན་ནི་ཡི་

གེ་ཧའོ། །རེ་ཕ་གློ་ན་ལྕགས་ཀྱུ་ཅན། །ཞེས་བྱ་བ་ནི་གཉི་ག་སྦྱར་ཏེ་འོག་ཏུ་ར་བཏགས་ཤིང་གློར་ལྕགས་ཀྱུ་སྟེ་ཨཱི་རིང་པོ་སྦྱར་བའོ། །མཐར་ནི་དྲག་པོའི་ཡི་གེ་དང་། །ཞེས་བྱ་བ་ནི་ཡི་གེ་ཕཊ་མཐར་སྦྱར་བའོ། །དང་པོར་ཕྱག་འཚལ་གཞག་པར་བྱ། །ཞེས་བྱ་བ་ནི་གོ་སླའོ། །བསྡུས་

པ་ལས་ཨོཾ་བ་ཌ་ཝེ་པི་ཝ་ཧྲཱི་ཕཊ་ཅེས་བྱ་བར་འགྱུར་རོ། །བཅིང་བ་ཡི་ནི་སྔགས་སུ་གྲགས། །ཞེས་བྱ་བ་ནི་འདི་ནི་ཆར་ལ་སོགས་པ་འཆིང་བའི་སྔགས་སོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་གསུངས་པ། ལག་པ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། ལག་གཉིས་ཐལ་མོ་སྦྱར་

Vol. 24 · folio 168b

ནས་སུ། །ཞེས་བྱ་བ་ནི་གོ་སླའོ། །སྲིན་ལག་གཉིས་ནི་ཕན་ཚུན་དཀྲི། །ཞེས་བྱ་བ་ནི་རྩ་བའི་བར་དུ་སྲིན་ལག་གཉིས་གདོན་པའོ། །ཁྲོ་བོ་གཉིས་ཀྱིས་མནན་པར་བྱ། །ཞེས་བྱ་བ་ནི་མཛུབ་མོ་གཉིས་ཀྱིས་སྲིན་ལག་གཉིས་ཀྱི་རྩེ་མོ་ནས་དགུག་པའོ། །མཐེ་བོ་གཉིས་ནི་དབུས་

སུ་སྦྱར། །ཞེས་བྱ་བ་ནི་མཐེ་བོ་གཉིས་ཀྱི་རྩེ་མོ་གུང་མོ་གཉིས་ཀྱི་རྩ་བར་གཟུགས་པའོ། །ལྷག་མ་ནི་གོ་སླའོ། །སྤྲིན་གྱི་ལྷ་ཚོགས་སྲེག་པར་བྱེད། །ཅེས་བྱ་བ་ནི། སྤྲིན་གྱི་ལྷ་ལ་སོགས་པ་བཅིངས་པར་འགྱུར་བའོ། །ལྷག་མ་ཡང་གོ་སླའོ། །བདག་གི་གདན་ཞེས་བྱ་བ་ལ་སོགས་པ་

ལ། ལྷའི་རྣལ་འབྱོར་ལ་སོགས་པའི་བརྗོད་པར་བྱ་བའི་རིམ་པར་ཕྱེ་བ་བཞིས་བསྟན་པ་དེ་ནི་བདག་གི་གདན་ཞེས་བྱ་བའི་རབ་ཏུ་བྱེད་པ་སྟེ། རྫོགས་པ་ནི་མཐར་གཏུགས་པའོ། །དཔལ་གདན་བཞི་པའི་འགྲེལ་པ་དྲན་པའི་རྒྱུ་མཚན་ཞེས་བྱ་བ་ལས། བདག་གི་གདན་གྱི་རིམ་པར་ཕྱེ་བ་བཞི་

པའོ།། །།ད་ནི་གཞན་གྱི་གདན་ལ། ཞི་བ་ལ་སོགས་པའི་སྦྱིན་སྲེག་དང་། གཏོར་མ་སྦྱིན་པ་དང་སློབ་མའི་མཚན་ཉིད་བསྟན་པའི་ཕྱིར། རིམ་པར་ཕྱེ་བ་དང་པོ་གསུངས་པ་ལྷའི་ཞེས་བྱ་བ་ལ་སོགས་པ་ལ། ལྷ་ཡི་གཟུགས་ནི་ཇི་ལྟ་བུ། །ཞེས་བྱ་བ་ནི། ཞི་བ་ལ་སོགས་པའི་སྦྱིན་

སྲེག་གི་བྱ་བ་ལ། ལྷའི་གཟུགས་ཏེ་ལྷའི་རྣལ་འབྱོར་ཇི་ལྟ་བུ་སྟེ། ཅི་འདྲ་བ་ཞིག་བལྟ་བར་བགྱི། །ཞེས་བྱ་བ་ལྷག་མ་ཡིན་ནོ། །ཞི་བའི་སྦྱིན་སྲེག་ལ་སོགས་དང་། །ཞེས་བྱ་བ་ནི། ཞི་བ་ལ་སོགས་པའི་སྦྱིན་སྲེག་གི་བྱ་བ་སྟེ། ཇི་ལྟར་ལགས་ཞེས་བྱ་བ་དང་འབྲེལ་ཏོ། །གཏོར་མར་ལྡན་པ་

ཞེས་བྱ་བ་ལ། གཏོར་མ་ནི་སྦྱིན་སྲེག་གི་ཡན་ལག་ཏུ་གྱུར་པའོ། །ལྡན་པ་ནི་སྦྱོར་བ་སྟེ། གཏོར་མ་སྦྱིན་པའི་དུས་ཀྱི་ལྷའི་རྣལ་འབྱོར་རོ། །ཇི་ལྟར་ལགས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལས་ཉན་པར་འཚལ། །ཞེས་བྱ་བའི་ཚིག་སྔ་མ་དང་འབྲེལ་ཏོ། །ཡང་ན་ཞི་བ་ལ་སོགས་པའི་སྦྱིན་སྲེག་གི་བྱ་

བ་ཇི་ལྟར་ལགས། ལྷའི་གཟུགས་ཀྱི་སྦྱོར་བ་ནི་ཅི་འདྲ། གཏོར་མ་དག་ནི་ཇི་ལྟར་སྦྱིན། །ཞེས་བྱ་བར་སྦྱར་རོ། །སོགས་པའི་སྒྲས་ནི། སློབ་མའི་མཚན་ཉིད་ཇི་ལྟར་བལྟ། །ཞེས་བྱ་བ་གཟུང་ངོ་། །ལན་བསྟན་པའི་ཕྱིར། གཟུགས་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་

Vol. 24 · folio 169a

ཞེས་བྱ་བ་ནི་ལྷའི་གཟུགས་ཀྱི་སྦྱོར་བའོ། །བསམ་པ་ནི་བསྒོམ་པའོ། །སོགས་ཀྱིས་ནི་གཏོར་མ་ལ་སོགས་པ་གཟུང་བར་བྱའོ། །རྩེ་གཅིག་ཅེས་བྱ་བ་ནི་སེམས་མ་ཡེངས་པ་སྟེ། ཉོན་ཅིག་ཅེས་བྱ་བ་དང་འབྲེལ་ཏོ། །སྔགས་དང་ཕྱག་རྒྱ་སྦྱིན་སྲེག་གི། །ཞེས་བྱ་བ་ལ་

སྔགས་དང་ཕྱག་རྒྱ་ནི་འོག་ནས་འབྱུང་བའི་སྔགས་དང་ཕྱག་རྒྱའི་ཚོགས་སོ། །ཅི་ཞེ་ན། སྦྱིན་སྲེག་གི་ཞེས་བྱ་བ་སྨོས་ཏེ། སྦྱིན་སྲེག་གི་བྱ་བ་དང་འབྲེལ་བའིའོ། །བཟླས་དང་བསམ་གཏན་བསྒོམ་པ་རྣམས། །ཞེས་བྱ་བ་ལ། བཟླས་པ་ནི་སྔགས་པ་ཞེས་བྱ་བའི་ཉེ་བར་བཤད་པའོ། །

བསམ་གཏན་བསྒོམ་པ་ཞེས་བྱ་བ་ནི། གཟུགས་ཞེས་བྱ་བའི་ཉེ་བར་བཤད་པ་སྟེ། སྦྱིན་སྲེག་གི་དུས་སུ་ལྷའི་བསམ་གཏན་དང་། སྔགས་བཟླ་བ་དང་ཕྱག་རྒྱ་བཅིང་བ་རྣམས་ཉོན་ཅིག་ཅེས་བྱ་བར་སྦྱར་རོ། །སྔོན་དུ་མེ་ཡི་ལས་སོགས་ལ། །བློ་ཅན་བཟླས་པ་ཤེས་པར་བྱ། །ཞེས་

བྱ་བ་ལ། མེའི་ལས་ནི་སྦྱིན་སྲེག་གི་ལས་སོ། །བློ་ཅན་ནི་བློ་གྲོས་དང་ལྡན་པ་སྟེ། བློ་གྲོས་དང་ལྡན་པའི་སྔགས་པས་མེའི་ལས་ཀྱི་སྔོན་དུ་བཟླས་པ་ཤེས་པར་བྱས་ལ་བཟླས་པའི་ལས་ཀྱི་སྔོན་དུ་ཡང་མེའི་ལས་བྱ་བར་ཤེས་པར་བྱའོ་ཞེས་ཕན་ཚུན་དུ་ཐོག་མཐའ་ཅན་དུ་སྦྱར་རོ། །ས་ནི་སྦྱངས་

མ་ཐག་ཏུ་ཡང་། །སྟེགས་བུའི་མཚན་ཉིད་འབད་དེ་བྱ། །ཞེས་བྱ་བ་ལ། དང་པོ་སྦྱིན་སྲེག་གི་ཕྱིར་འོག་ནས་འབྱུང་བའི་ཕྱག་རྒྱ་ལ་སོགས་པས་སྦྱངས་ནས། སྟེགས་བུའི་མཚན་ཉིད་ཅེས་བྱ་བ་ལ། ཐབ་ཁུང་རང་བཞིན་འབད་པས་བྱ། །ཞེས་བྱ་བ་ཐབ་ཁུང་གི་མཚན་ཉིད་ལ་བྱང་བས་

བརྐོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སོར་བརྒྱད་ལ་སོགས་བརྩམས་ནས་ནི། །ཇི་སྙེད་ཁྲུ་གང་བར་དུ་གཟུང་། །ཞེས་བྱ་བ་ལ། སོར་བརྒྱད་ནས་བརྩམས་ཏེ་ཁྲུ་གང་གི་བར་དུ་གཟུང་བའམ། ཡང་ན་སོར་བརྒྱད་ནས་བརྩམས་ནས། ཇི་སྙེད་ཅེས་བྱ་བ་ཁྲུ་གང་གི་བར་དུ་བཟུང་ལ།

ཁྲུ་གང་ནས་བརྩམས་ཏེ། ཇི་སྙེད་ཁྲུ་སྟོང་གི་བར་དུ་གཟུང་ངོ་ཞེས་ཟུར་གཉིས་སུ་སྦྱར་རོ། །བརྒྱད་པ་དགྲ་ནི་འཇོམས་པ་སྟེ། ཞེས་བྱ་བ་ལ་སོགས་པས་ནི་ཐབ་ཁུང་གི་ཚད་ཀྱི་དབྱེ་བ་རྣམས་ལས་ཀྱི་བྱེ་བྲག་དང་སྦྱར་བ་ཡིན་ནོ། །དེ་ལ་བརྒྱད་པ་ནི་སོར་བརྒྱད་པའི་ཚད་དོ། །དགྲ་

Vol. 24 · folio 169b

འཇོམས་པ་ནི་མངོན་སྤྱོད་ཀྱི་སྦྱིན་སྲེག་བྱ་སྟེ་དེ་དེར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་བཅུ་པས་རྒྱས་པར་འགྱུར། །ཞེས་བྱ་བ་ནི་རྒྱས་པའི་སྦྱིན་སྲེག་གི་ཕྱིར་སོར་བཅུ་པའི་ཐབ་ཁུང་བྱ་བའོ། །བཅུ་གཉིས་པས་ནི་དབང་དུ་སྡུད། །ཅེས་བྱ་བ་ནི་དབང་གི་སྦྱིན་སྲེག་གི་ཕྱིར་སོར་བཅུ་གཉིས་པའི་

མེ་ཐབ་བྱ་བའོ། །བཅུ་བཞིས་དེ་བཞིན་ཞི་བ་ཉིད། །ཅེས་བྱ་བ་ནི་ནད་ལ་སོགས་པ་བསལ་བའི་སྦྱིན་སྲེག་གི་ཕྱིར་སོར་བཅུ་བཞི་པའི་མེ་ཐབ་བྱ་བའོ། །ཐབ་སོར་བཅུ་དྲུག་ཚད་ཀྱིས་ནི། །རིགས་རྣམས་མངོན་པར་འཕེལ་བར་བྱེད། །ཅེས་བྱ་བ་ནི་བུ་དང་ཚ་བོ་ལ་སོགས་པའི་རིགས་མ་

སྐྱེས་པ་སྐྱེད་པ་དང་། སྐྱེས་པ་གནས་པར་བྱ་བའི་ཕྱིར་སོར་བཅུ་དྲུག་པའི་མེ་ཐབ་བྱའོ། །མཐེབ་སོར་བཅོ་བརྒྱད་གནས་ཀྱིས་ནི། །བ་ལང་རིགས་སོགས་མངོན་པར་འཕེལ། །ཞེས་བྱ་བ་ལ་གནས་ཞེས་བྱ་བ་ནི་ཐབ་ཁུང་ངོ་། །བ་ལང་རིགས་ལ་སོགས་ཞེས་བྱ་བ་ལ་སོགས་ཀྱི་ཚིག་གིས་

ནི་རྟ་དང་གླང་པོ་ལ་སོགས་པ་གཟུང་ངོ་། །ལྷག་མ་ནི་གོ་སླའོ། །རྒྱར་ནི་ཆ་གསུམ་བགོས་པ་ལས། །ཆ་གཉིས་སུ་ནི་བརྐོ་བར་བྱ། །ཞེས་བྱ་བ་ནི། རྒྱའི་ཚད་སྔར་སྨོས་པ་ཆ་གསུམ་དུ་བགོས་པ་ལས་ཆ་གཅིག་བོར་ཏེ་ཟབས་སུ་ཆ་གཉིས་བརྐོ་ཞེས་བྱ་བའི་དོན་ཏོ། །ཐབ་ཁུང་ཀུན་གྱི་ཐུན་

མོང་གི་མཚན་ཉིད་དོ། །བརྐོས་པ་ཡི་ནི་བརྒྱད་ཆ་ཡིས། །ཞེས་བྱ་བ་ནི་ཟབས་སུ་བརྐོས་པའི་ཆ་བརྒྱད་པས་སོ། །ཅི་ཞིག་བྱ་ཞེ་ན། ཁུང་བུ་ཡི་ནི་ཁ་ཁྱེར་བྱ། །ཞེས་བྱ་བ་སྨོས་ཏེ། ཐབ་ཁུང་གི་ཁར་ནི་བྱ་བའོ། །ཁ་ཁྱེར་གྱི་ནི་ཕྱེད་ཆ་ཡིས། །ཕྱི་རོལ་གྱི་ནི་མུ་ཁྱུད་བྱ། །ཞེས་བྱ་བ་ནི་

ཁ་ཁྱེར་ཕྱི་རོལ་དུ་དེའི་ཕྱེད་ཀྱི་ཚད་ཀྱི་མུ་ཁྱུད་ཀྱིས་བསྐོར་བའོ། །མུ་ཁྱུད་ཆ་བརྒྱད་ལྷག་པ་ལ། །པདྨའི་འདབ་མ་དེའི་ཆ་བརྒྱད། །ཅེས་བྱ་བ་ལ་མུ་ཁྱུད་ཆ་བརྒྱད་དུ་བགོས་པའི་ཆ་གཅིག་ཚུན་ཆད་ལྟེ་བར་བྱ་བ་ལ། ཆ་བརྒྱད་པོ་རྣམས་ལས་ལྷག་མ་ནི་པདྨའི་འདབ་མར་བྱའོ་ཞེས་བྱ་བའི་དོན་ཏོ། །

ཡང་ན། མུ་ཁྱུད་ཆ་བརྒྱད་ལྷག་པ་ལ། །ཞེས་བྱ་བ་ནི་ཐབ་ཁུང་གི་མུ་ཁྱུད་ཆ་དགུར་བགོས་ལ། ཕྱི་རོལ་གྱི་ཆ་གཅིག་དགུ་པས་ནི། པདྨའི་མུ་ཁྱུད་བྱའོ་ཞེས་བྱ་བའི་དོན་ཏོ། །པདྨའི་འདབ་མ་དེའི་ཆ་བརྒྱད། །ཅེས་བྱ་བ་ནི་པདྨ་དེའི་འདབ་མ་བརྒྱད་དུ་བྱ་བའོ། །གང་དུ་ཞེ་ན། པདྨ་ཡི་ནི་

Vol. 24 · folio 170a

ཕྱི་རོལ་དུ། །ཞེས་བྱ་བ་སྨོས་སོ། །ཚད་ཅི་ཙམ་ཞེ་ན། སོར་གཅིག་པ་ཡི་ཞེས་བྱ་བ་སྨོས་ཏེ། ར་བ་བྱ་ཞེས་བྱ་བ་ནི་པདྨའི་འདབ་མ་ཉིད་ར་བ་དང་འདྲ་བས་ར་བའོ། །ཐབ་ཁུང་ནང་དུ་རྡོ་རྗེ་རྣམས། །པདྨའི་སྟེང་དུ་གཞག་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་

མཚན་མ་རྡོ་རྗེ་དང་། མཁའ་འགྲོ་མ་རྣམས་ཀྱི་མཚན་མ་རྣམས་ཐབ་ཁུང་གི་ནང་དུ་པདྨའི་སྟེང་དུ་བྲི་བའོ། །ལས་ཀྱི་བྱེ་བྲག་གིས་དབྱིབས་ཀྱི་བྱེ་བྲག་བསྟན་པའི་ཕྱིར། མངོན་སྤྱོད་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་པར་སྤྱོད་པའི་ལས་ལ་དབྱིབས་གྲུ་གསུམ་དུ་བྱའོ་ཞེས་བྱ་

བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །རྒྱས་པ་ལ་ཡང་དེ་བཞིན་ནོ། །ཞེས་བྱ་བ་ནི་ཀུན་ནས་ཟླུམ་པ་དང་སྦྱར་བའོ། །ཟླ་བ་ཕྱེད་པ་ཞེས་བྱ་བ་ནི་ཟླ་བ་ཚེས་བརྒྱད་པའི་དབྱིབས་ལྟ་བུའོ། །ཟུར་བརྒྱད་པ་ཞེས་བྱ་བ་ནི་རིན་པོ་ཆེ་ལྟར་ཆ་བརྒྱད་པའོ། །རིམ་གྱིས་རིམ་གྱིས་སྦྱར་བར་བྱ། །ཞི་དང་

རྒྱས་དང་དབང་སོགས་རྣམས། །ཞེས་བྱ་བ་ནི་གཞུང་ཉེ་བར་བསྡུ་བ་སྟེ། ཞི་བ་ལ་སོགས་པའི་ལས་རྣམས་གྲུ་བཞི་ལ་སོགས་པའི་ཐབ་ཁུང་དུ་ཇི་སྐད་སྨོས་པའི་རིམ་བཞིན་དུ་སྦྱར་བར་བྱ་བའི་དོན་ཏོ། །ཐབ་ཁུང་ནང་དུ་ཞེས་བྱ་བ་ལ་སོགས་པ་ཉེ་བར་བཤད་པའི་ཕྱིར། སངས་རྒྱས་ལྔ་ཡི་

མཚན་མ་རྣམས། ཇི་བཞིན་ཕྱོགས་སུ་དགོད་པར་བྱ། །ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་དང་མཁའ་འགྲོ་མ་རྣམས་སམ། ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་རྣམས་སོ། །ཇི་བཞིན་ཕྱོགས་སུ་དགོད་པར་བྱ། །ཞེས་བྱ་བ་ལ། དབུས་སུ་ནི་རྡོ་རྗེའོ། །ཕྱོགས་

ཀྱི་འདབ་མ་བཞི་ལ་ནི་ཁ་ཊྭཱཾ་ག་རྣམས་སོ། །ཁ་ཁྱེར་གྱི་ནི་གནས་བཞི་རུ། །ཞེས་བྱ་བ་ནི་ཁ་ཁྱེར་གྱི་ཤར་ལ་སོགས་པའི་ཕྱོགས་ཆ་བཞིར་རོ། །སངས་རྒྱས་མཚན་མས་བརྒྱན་པར་བྱ། །ཞེས་བྱ་བ་ནི་རིམ་བཞིན་དུ་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་རྣམས་བྲི་བའོ། །ཟླ་ཕྱེད་རྡོ་རྗེས་ཤིན་ཏུ་

མཛེས། །ཞེས་བྱ་བ་ནི་ཟླ་བ་ཕྱེད་པ་ལ་གནས་པའི་རིན་པོ་ཆེ་དང་རྡོ་རྗེའོ། །གྲྭ་དང་གྲྭ་རུ་ཀུན་དུ་གཞག །ཅེས་བྱ་བ་ནི་ཕྱི་རོལ་དུ་མུ་རན་གྱི་གྲྭ་བཞིར་བྲི་བའོ། །ཇི་བཞིན་སྟན་གྱི་གནས་སུ་ཡང་། །མཐེབ་སོར་བཅུ་གཉིས་དག་ཏུ་ནི། །འཕངས་སུ་ཁྲུ་ཕྱེད་ལྡན་པ་ཡི། །ཏི་སེ་གངས་ནི་མཛེས་པར་

Vol. 24 · folio 170b

གཞག །ཅེས་བྱ་བ་ལ་སྟན་གནས་ཞེས་བྱ་བ་ནི་སློབ་དཔོན་གྱི་སྟན་གྱི་མཐའ་གཡོན་ཕྱོགས་སུའོ། །ཏི་སེ་གངས་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །འཕངས་སུ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་ནམ་འཕངས་དང་ཆུ་ཞེང་དུའོ། །ཁྲུ་ཕྱེད་ལྡན་པ་ཞེས་བྱ་བ་ནི་ཚད་དེ། ཕྱེད་དང་ལྡན་པའི་ཁྲུ་ཕྱེད་དོ། །

འདིས་ནི་མཐོ་ཕྱེད་དང་གཉིས་སུ་འགྱུར་རོ། །མཐེབ་སོར་བཅུ་གཉིས་ཞེས་བྱ་བ་ནི་དེའི་དྲུང་དུ་ས་སྐས་སོར་བཅུ་གཉིས་སུ་བྱ་བའོ། །འདབ་མ་བརྒྱད་ཀྱི་གནས་རྣམས་སུ། །ལྷ་མོ་རྣམས་ནི་རིམ་བཞིན་དགོད། །ཅེས་བྱ་བ་ལ། འདབ་མ་བརྒྱད་ནི་ཕྱི་རོལ་མུ་ཁྱུད་ཀྱི་འདབ་མ་རྣམས་ལའོ། །ལྷ་མོ་

རྣམས་ཞེས་བྱ་བ་ནི་ལྷ་མོ་རྣམས་ཀྱི་མཚན་མ་སྟེ། དགོད་པ་ནི་རིམ་བཞིན་དུ་བྲི་བའོ། །དེ་ལ་ཤར་གྱི་འདབ་མ་ལ་ནི་མཁའ་འགྲོ་མའི་མཚན་མ་ལག་པ་གཉིས་ཁར་བཅུག་པའོ། །བྱང་དུ་ནི་འབར་མའི་མཚན་མ་ཐལ་མོ་སྤྱི་བོར་སྦྱར་བའོ། །ནུབ་ཏུ་ནི་འཇིབ་བྱེད་མའི་མཚན་མ་སྙིམ་པ་

ནས་ཁྲག་འཐུང་བའོ། །ལྷོར་ནི་འཕྲོག་བྱེད་མའི་མཚན་མ་སོར་མོ་གཏུན་ཤིང་གི་ཚུལ་དུ་བྱེད་པའོ། །དབང་ལྡན་ལ་སོགས་པའི་མཚམས་བཞིར་ནི་སེང་གེ་མོ་དང་སྟག་མོ་དང་། ཅེ་སྤྱང་མོ་དང་འུག་པ་མོ་རྣམས་ཀྱི་མཚན་མ་ལྕགས་ཀྱུ་འབའ་ཞིག་ཏུ་བྲི་བར་བྱའོ། །མཚན་མ་རྣམས་ཀྱི་

ཁ་དོག་བསྟན་པའི་ཕྱིར། རྣལ་འབྱོར་པ་ཡིས་དེ་ཡི་ཚད། །ཁྱད་པར་དུ་ནི་སྦྱར་བར་བྱ། །ཞེས་བྱ་བ་སྨོས་ཏེ། དེའི་ཚད་ཅེས་བྱ་བ་ནི། མཚན་མ་རྣམས་ཏེ་སོ་སོའི་ཐབ་ཁུང་དུ་གཞལ་ཞིང་བཙུགས་པས་སོ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་ཁྱད་པར་རོ། །སྦྱར་བ་ནི་དེའི་མདོག་ཏུ་བྱ་

བའོ། །ཨོཾ་ཧི་ལི་ཞེས་བྱ་བ་ལ་སོགས་པ་ལ་ཉེ་བར་སྤྱོད་པ་ཞེས་བྱ་བ་ནི་སྲེག་རྫས་རྣམས་ལ་བསང་གཏོར་བྱ་བ་ལ་སོགས་པའི་སྔགས་སོ། །ས་སྦྱང་བ་ལ་སོགས་པ་ནས་བརྩམས་པའི་ལས་རྣམས་ལ་བདག་ཉིད་ཡེ་ཤེས་མཁའ་འགྲོ་མར་བསྒོམ་པ་བསྟན་པའི་ཕྱིར། ཡེ་ཤེས་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། རང་གི་ལུས་ཞེས་བྱ་བ་ནི་སློབ་དཔོན་གྱི་ལུས་སོ། །ཡེ་ཤེས་མཁའ་འགྲོར་བསྒོམས་པ་ཡིས། །ཞེས་བྱ་བ་ནི། ཚིག་ནི་ལྷ་རུ་སྤྲུལ་པར་བྱ། །ཞེས་བྱ་བ་དང་སྦྱར་རོ། །ཆོ་ག་བསྟན་པའི་ཕྱིར། བདག་གི་ཡན་ལག་བརྒྱད་པོ་རུ། །ཐམས་ཅད་བཀོད་པས་བསྲུང་བྱ་སྟེ། །ཞེས་བྱ་བ་

Vol. 24 · folio 171a

སྨོས་ཏེ་འདི་ནི་བསྡུས་པའོ། །དེ་ཉིད་བཤད་པའི་ཕྱིར་ལྕེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྕེ་ལ་ཆུ་འདི་ཉིད་དང་ནི་ཞེས་བྱ་བ་ལ་འདི་ཉིད་ཅེས་བྱ་བ་ནི་བདུད་རྩི་སྟེ། ཆུ་ཞེས་བྱ་བ་ནི་དེ་ཉིད་ཆུའི་རང་བཞིན་གྱི་ཕྱིར་རོ། །དེ་རྣམ་པར་དག་པའི་ས་བོན་སུཾ་ལ་ཡང་དེ་སྐད་

ཅེས་བྱའོ། །ནམ་མཁའ་རྣ་བ་སྣ་དག་ལ། །ཞེས་བྱ་བ་ལ། ནམ་མཁའི་དེ་ཁོ་ན་ཉིད་ནི་ས་བོན་ཡུཾ་དོ། །ས་ཞེས་བྱ་བ་ནི་ས་རྣམ་པར་དག་པའི་ས་བོན་ཧཱུཾ་ངོ་། །མེ་ཞེས་བྱ་བ་མེ་རྣམ་པར་དག་པའི་ས་བོན་ཧཱུཾ་ངོ་། །ཚངས་པ་ཞེས་བྱ་བ་ནི་སྟེང་གི་ཚངས་པའི་གནས་ཏེ། རྐན་ནས་སྤྱི་གཙུག་

གི་བར་དུའོ། །འདི་དག་ནི་རྡོ་རྗེ་མཁའ་འགྲོ་མ་དང་། རོ་ལངས་མ་དང་། གཏུམ་མོ་དང་། དྲག་མོ་རྣམས་ཀྱི་རང་བཞིན་གྱི་ས་བོན་དུ་རིམ་བཞིན་དུ་ཤེས་པར་བྱའོ། །མགྲིན་པ་ཞེས་བྱ་བ་ལ་སོགས་པ་ལ། རྨོངས་པ་ཞེས་བྱ་བ་ནི་གཏི་མུག་སྟེ། དེ་རྣམ་པར་དག་པའི་ས་བོན་སྨྲྱུཾ་ངོ་། །

དེ་ཉིད་ནི་ལྷ་མོ་སེང་གེ་མའི་རང་བཞིན་ཡིན་པས་དེད་དཔོན་ཏེ། ལྟག་འོག་ཏུ་སྦྱར་བར་བྱའོ། །གཡོ་བ་ཞེས་བྱ་བ་ནི་རླུང་སྟེ། དེ་རྣམ་པར་དག་པའི་ས་བོན་ཡྨྲྱུཾ་ངོ་། །ཉོན་མོངས་ཞེས་བྱ་བ་ནི་སྡང་བ་སྟེ། དེ་རྣམ་པར་དག་པའི་ས་བོན་ཧྨྲྱུཾ་ངོ་། །ཐོང་ཀ་ཞེས་བྱ་བ་ནི་དཔུང་པའོ། །ཕྱུགས་ཞེས་

བྱ་བ་ནི་འུག་པ་སྟེ། དེའི་ས་བོན་ཀྵྨྲྱུཾ་ངོ་། །དེ་དག་ནི་སེང་གེ་མོ་དང་། སྟག་མོ་དང་། ཅེ་སྤྱང་མོ་དང་། འུག་པ་མོ་རྣམས་ཀྱི་རང་བཞིན་གྱི་ས་བོན་རིམ་བཞིན་དུ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། ཡན་ལག་བརྒྱད་ཀྱི་སྲུང་བ་འདི། །ལྷ་རྣམས་སུ་ནི་ཤེས་བྱས་ལ། །ཞེས་བྱ་བ་སྨོས་ཏེ།

གོ་ཆའི་ས་བོན་རྣམས་ལྷ་མོ་རྣམས་ཀྱི་རང་བཞིན་དུ་མོས་པར་བྱའོ་ཞེས་བྱ་བའོ་དོན་ཏོ། །ཇི་ལྟར་ཞེ་ན། བ་དན་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་དན་གསུམ་གྱི་ཕྱག་རྒྱ་ཞེས་བྱ་བ་ནི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ཏེ། སོར་མོ་ལྷག་མ་གསུམ་བརྐྱང་བའོ། །ཡན་ལག་

བརྒྱད་དུ་གཏུགས་ཏེ་བསྲུང་། །ཞེས་བྱ་བ་ནི་སྤྱི་བོ་ལ་སོགས་པའི་གནས་བརྒྱད་དུ་ཕྱག་རྒྱ་དེས་གཏུགས་ནས་སྔར་སྨོས་པའི་ས་བོན་རྣམས་དགོད་པའོ། །ད་ནི་གོང་དུ་ཐལ་བའི་ཡེ་ཤེས་མཁའ་འགྲོ་མ་ལ་དྲན་པ་བསྐྱེད་པའི་ཕྱིར་དང་། ས་སྦྱང་བའི་དུས་སུ་ཡང་ཡེ་ཤེས་མཁའ་འགྲོ་མ་

Vol. 24 · folio 171b

བསྒོམ་པ་བསྟན་པའི་ཕྱིར། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་མཁའ་འགྲོའི་བདག་ཉིད་དུ། །ཞེས་བྱ་བ་ནི། རང་གི་ལུས་ནི་བསྒོམ་པར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟར་ཞེ་ན། བདག་གི་ལུས་ནི་སྤྲུལ་བྱས་ཏེ། །ཞེས་བྱ་བ་སྨོས་ཏེ། བདག་གི་ལུས་བསྒྱུར་

བས་སོ། །ཀུནྡ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕྱག་ན་ཁ་ཊྭཱཾ་རྡོ་རྗེ་སྟེ། །ཞེས་བྱ་བ་ལ་རྡོ་རྗེ་ནི་གཡས་སུའོ། །ཁ་ཊྭཱཾ་ག་ནི་གཡོན་དུའོ། །མཉམ་པར་གཞག་པས་ཞེས་བྱ་བ་ནི། འཇིག་རྟེན་དང་ཆོས་ལ་རྒྱབ་ཀྱིས་ཕྱོགས་པས་སོ། །དབུགས་མི་གཡོ་བར་བསྒོམ་པར་བྱ། །

ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་ནས་ས་ནི་སྦྱང་བྱས་ཏེ། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་རིམ་གྱི་དོན་ཏེ། དང་པོ་རང་གི་ལུས་ལྷར་བསྒོམས་ནས་ས་སྦྱང་བར་བྱས་ལ། དེ་ནས་ནི་ཐབ་ཁུང་བརྐོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། ལག་པ་གཡས་པ་བརྐྱང་ནས་

སུ། །རྡོ་རྗེ་བསྒོམས་ནས་ས་ལ་བསྣུན། །ཞེས་བྱ་བ་ནི། བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས། ལག་པ་གཡས་པ་ཀུན་ནས་བརྐྱང་བའི་དབུས་སུ། ཡི་གེ་ཧཱུཾ་ལས་གྱུར་པའི་རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ། རྡོ་རྗེ་དང་ལྡན་པའི་ལག་པ་དེས་མཁའ་འགྲོ་མ་ལྔའི་གནས་སུ་སྔགས་འདི་ཟློས་

བཞིན་དུ་བསྣུན་ལ་ས་གཞི་རྡོ་རྗེའི་རང་བཞིན་དུ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །རྫས་སྦྱང་བ་བསྟན་པའི་ཕྱིར། །ལག་གཉིས་ཁུ་ཚུར་ཁ་སྦྱར་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་དོན་ནི་ལག་པ་གཉིས་ཀྱི་ཁུ་ཚུར་ཁ་སྦྱར་ཏེ། གུང་མོ་གཉིས་བརྐྱང་ནས་རྩེ་སྤྲད་ལ་བསྟན་ནས་

གཟུང་བར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །ཕྱག་རྒྱ་འདི་ནི་དག་བྱེད་པའོ། །ཞེས་བྱ་བ་ལ། འདི་ཞེས་བྱ་བ་ནི་འདས་མ་ཐག་པའོ། །དག་བྱེད་པ་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་མར་ལ་སོགས་པའི་རྫས་ཐམས་ཅད་དག་པར་བྱེད་པའི་ཐུན་མོང་གི་ཕྱག་རྒྱའོ། །འོན་ཀྱང་སྔགས་ནི་སོ་

སོར་སྦྱར་བར་བྱའོ། །དེ་ལ་སྔགས་གསུངས་པ། ཨོཾ་ཤྲིཾ་སྭཱ་ཧཱ་མར་སྦྱང་བའི་སྔགས་སོ་ཞེས་བྱ་བ་ནས་ཇི་སྲིད་དུ་ཡམ་ཤིང་སྦྱང་བའི་སྔགས་སོ་ཞེས་བྱ་བའི་བར་དུ་སྟེ་གོ་སླའོ། །མེ་ལྷ་བསྐྱེད་པའི་ཆོ་ག་བསྟན་པའི་ཕྱིར། མེ་དབུས་པདྨ་བསམས་ནས་སུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

Vol. 24 · folio 172a

དེ་ལ། མེ་དབུས་པདྨ་བསམས་ནས་སུ། །ཞེས་བྱ་བ་ནི་བསྟན་པའོ། །བགྲང་ཕྲེང་ཞེས་བྱ་བ་ལ་སོགས་པ་ནི་བཤད་པའོ། །མེ་ཡི་ལྷ་ནི་དགུག་པར་བྱ། །ཞེས་བྱ་བ་ནི་སེམས་དཔའ་གཉིས་པའི་ཆོ་ག་བསྟན་པའོ། །གཡོན་པ་ཁུ་ཚུར་ཞེས་བྱ་བ་ལ་སོགས་པ་ནི་བཤད་པ་སྟེ། ཐབ་

ཁུང་གི་དབུས་སུ་ཇི་ལྟར་གྲགས་པའི་མེ་སྦར་ལ། མེའི་དབུས་སུ་པདྨ། པདྨའི་དབུས་སུ་རཾ་ཡོངས་སུ་གྱུར་པ་ལས་ཉི་མ་ལ་བཞུགས་པའི་མེ་ལྷ་རལ་པ་སེར་སྐྱའི་ཐོར་ཚུགས་ཅན་མདོག་བུ་རམ་ལྟར་དམར་སེར་དུ་འདུག་པ། ལག་པ་གཡས་གཡོན་གྱིས་བགྲང་ཕྲེང་དང་སྤྱི་བླུགས་ཐོགས་པ། མེ་

འབར་བས་འཁྲུགས་པའི་ནང་ན་གནས་པར་བསམས་ལ། གཡོན་པ་ཁུ་ཚུར་བཅིངས་ནས་སུ། །ཞེས་བྱ་བ་ལ་ལག་པ་གཡོན་པའི་ཁུ་ཚུར་ཐབ་ཀྱི་ཕྱི་རོལ་གྱི་ཀུ་ཤའི་ཁྲེས་པོ་ལ་བཞག་ནས། མཛུབ་མོ་དང་གུང་མོ་བརྐྱང་སྟེ་གུང་མོའི་ཚིགས་གསུམ་པ་ལ། མཛུབ་མོའི་རྩེ་མོ་བཀུག་སྟེ་

བཙུགས་ནས་བསྐྱོད་པའི་ཕྱག་རྒྱ་འདི་དང་། ཨོཾ་ཨཱ་གཙྪ་ཨཱ་གཙྪ་ཨགྣེ་ཛཿ་སྭཱ་ཧཱ་ཞེས་བྱ་བའི་སྔགས་འདིས་ཡེ་ཤེས་ཀྱི་མེ་ལྷ་བཀུག་ལ། ཨརྒྷལ་སོགས་པ་བྱིན་ཏེ། པདྨའི་གདན་ལ་བཞུགས་པ་རུ། །ཐབ་ཁུང་དབུས་སུ་བསྒོམ་པར་བྱ། །ཞེས་པས་དམ་ཚིག་གི་མེ་ལྷ་ལ་ཐིམ་

ནས་གཉིས་སུ་མེད་པར་བསྒོམ་པར་བྱའོ། །དེ་ནས་མཆོད་པ་བསྟན་པའི་ཕྱིར། །དེར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེར་ནི་ཞེས་བྱ་བ་སྔར་སྨོས་པའི་རིམ་གྱིས་བཀུག་ལ། ཨརྒྷ་དང་ཞབས་བསིལ་ལ་སོགས་པ་ཕུལ་ཏེ། དམ་ཚིག་གི་མེ་ལྷ་དང་གཉིས་སུ་མེད་པར་བསྟིམས་ལ། ཅི་

འབྱོར་པའི་མེ་ཏོག་ལ་སོགས་པ་ནས་ལྷ་བཤོས་ཀྱི་བར་དུ་དངོས་པོ་ལྔས་མཆོད་ནས་སྲེག་བླུགས་གསུམ་གསུམ་བྱ་ཞེས་བྱ་བར་སྦྱར་རོ། །གང་དུ་ཞེ་ན། མེ་དབུས་མེ་ལྷའི་ལྕེ་ལ་ནི། །ཞེས་བྱ་བ་སྟེ་གོ་སླའོ། །གང་ལས་ཤེ་ན་ཀུན་ལས་ཏེ་སྲེག་རྫས་ཐམས་ཅད་ལས་སོ། །ལག་གཉིས་ཞེས་བྱ་

བ་ལ་སོགས་པ་ལ། དབུ་མ་ཀུན་དུ་བརྐྱང་བར་བྱ། །ཞེས་བྱ་བ་ནི་གུང་མོ་གཉིས་ཤིན་ཏུ་བརྐྱང་སྟེ་བསྐྱེད་པའོ། །ཅུང་ཟད་དབྱེ་ཞེས་བྱ་བ་ནི་སོར་མོ་ལྷག་མ་རྣམས་ཆུང་ཟད་ཁ་སྦྱར་བའོ། །པདྨའི་ཚུལ་ཞེས་བྱ་བ་ནི། པདྨ་ཁ་བྱེ་བའི་ཕྱག་རྒྱ་འདི་མེ་ལྷ་ལ་བསྟན་ནས། ཨོཾ་ཨགྣེ་ཛུ་ཧཱུ་ཛུ་ཧཱུ་

Vol. 24 · folio 172b

སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་མཉེས་པར་བྱའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། དེ་ནས་འབད་པས་སེ་གོལ་གསུམ་གཏོགས་པས་འབར་བར་ཐིམ་པར་བསྒོམ་ཞེས་བྱ་བ་སྨོས་ཏེ། སེ་གོལ་ལན་གསུམ་གཏོགས་ལ་སྤྱན་དྲངས་པའི་མེ་ལྷ་མེ་འབར་བའི་གཟུགས་སུ་ཐིམ་ནས་རོ་གཅིག་ཏུ་གྱུར་

པར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །མེ་ཡི་དབུས་སུ་ཀུན་རིག་པས། །དེ་ནས་སྦྱང་བ་བརྩམ་པར་བྱ། །ཞེས་བྱ་བ་ནི་མེའི་དབུས་སུ་རང་གི་འདོད་པའི་ལྷ་བསྒོམས་ནས་སྦྱིན་སྲེག་བྱ་བའི་དུས་སུ་སྲེག་རྫས་ཐམས་ཅད་བསང་གཏོར་བྱ་བས་སྦྱང་བ་བརྩམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་

པ་ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ཧཱུཾ་ཊ་ཊི་ཕཊ་ཅེས་བྱ་བ་ནི་སྔགས་སོ། །རྡོ་རྗེར་བཅས་པའི་ལག་པ་ཡིས། །མེ་ཏོག་ཡུངས་ཀར་ཆུ་ཡིས་ནི། །ཕྱོགས་ཀུན་དུ་ནི་གཏོར་ནས་སུ། །མེ་ཡི་ནང་དུ་བླུགས་པར་བྱ། །ཞེས་བྱ་བ་ལ། རྡོ་རྗེར་བཅས་པའི་ལག་པ་ཞེས་བྱ་བ་ནི་རྡོ་རྗེ་གཟུང་བའི་ལག་

པས་སོ། །མེ་ཏོག་ཡུངས་ཀར་ཆུ་ཡིས་ནི། །ཞེས་བྱ་བ་ནི་མེ་ཏོག་དང་ཡུངས་ཀར་བཅས་པའི་ཆུས་སོ། །ཕྱོགས་ཀུན་དུ་ནི་གཏོར་ནས་སུ། །ཞེས་བྱ་བ་ནི་རྫས་ཀུན་ལ་གཏོར་བ་དང་། མེའི་ཕྱོགས་མཚམས་རྣམས་སུ་གཏོར་བའོ། །མེ་ཡི་ནང་དུ་བླུགས་པར་བྱ། །ཞེས་བྱ་བ་ནི་གོ་

སླའོ། །སྦྱང་བ་ནི་མེ་དང་རྫས་སྦྱང་བའོ། །སྔགས་ནི་སྔགས་འདི་ཉིད་དོ། །ཕྱག་རྒྱ་ནི་སྔར་སྨོས་པའི་ལག་གཉིས་ཁུ་ཚུར་ཁ་སྦྱར་ཏེ་ཞེས་བྱ་བ་ལ་སོགས་པ་ལ་རྫས་དག་པར་བྱེད་པའི་ཕྱག་རྒྱའོ། །ཨོཾ་བཛྲ་པྲཱ་ཀཱ་ར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལག་པ་གཉིས་ནི་བརྐྱང་ནས་

སུ། །ཕན་ཚུན་རྩེ་མོ་རེག་པར་བྱ། །ཞེས་བྱ་བ་ནི་མགོ་བོའི་སྟེང་དུ་སྙིམ་པའི་ཕྱག་རྒྱ་སོར་མོའི་རྩེ་མོ་རེག་པ་ཙམ་དུ་བཅའ་བའོ། །ལྷག་མ་ཡང་གོ་སླའོ། །གཡོན་པ་ཁུ་ཚུར་བཅངས་ནས་སུ། །མཐེ་བོ་འོག་ཏུ་བརྐྱང་བར་བྱ། །ཞེས་བྱ་བ་ནི་ལག་པ་གཡོན་པ་ཁུ་ཚུར་བཅངས་ནས་

བཟློག་སྟེ་མཐེ་བོའི་རྩེ་མོ་ས་ལ་བཙུགས་པའོ། །ལྷག་མ་ནི་གོ་སླའོ། །མེ་ལ་སྦྱིན་སྲེག་བྱས་ནས་འདོད་པའི་ལྷ་ལ་སྦྱིན་སྲེག་བྱ་བ་བསྟན་པའི་ཕྱིར། ཉི་མའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་དོག་དམར་སོགས་ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གིས་ཁ་དོག་དཀར་པོ་ལ་སོགས་པ་

Vol. 24 · folio 173a

ཡང་གཟུང་བའོ། །སྦྱོར་བའི་གདན་ཞེས་བྱ་བ་ནི། སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པའོ། །ལས་ཀྱི་མདོག་ཏུ་བསྒོམ་པར་བྱ། །ཞེས་བྱ་བ་ནི་ཁ་དོག་དམར་སོགས་ཞེས་བྱ་བའི་བཤད་པ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །འདི་དག་གི་དོན་ནི་མེའི་དབུས་སུ་

པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་མོ་ལྔ་པ་ལྟེ་བར་ཧཱུཾ་གི་ས་བོན་གྱིས་མཚན་པ་དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། དམར་པོ་ལ་སོགས་པའི་ཁ་དོག་ཅན་རྒྱན་དང་ན་བཟས་བཀླུབས་པ་ཕྱག་གཡས་དང་གཡོན་ན་རྡོ་རྗེ་དང་ཁ་ཊྭཱཾ་ག་བསྣམས་

པའི་རང་གི་འདོད་པའི་ལྷ་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་སེམས་དཔའི་སྐྱིལ་ཀྲུང་ཅན་དུ་བསྒོམ་པ་འདི་ཡིན་ནོ། །ཡེ་ཤེས་ཀྱི་སེམས་དཔའ་སྒྲུབ་པ་བསྟན་པའི་ཕྱིར། རྡོ་རྗེས་གཟུགས་ནི་བསྐྱེད་ནས་སུ། །རང་གི་དབུགས་ལས་བྱུང་བ་ཡི། །བདག་གི་ལུས་ནི་གང་ཡིན་

ལ། །ཡེ་ཤེས་མཁའ་འགྲོ་བསྟིམ་པར་བྱ། །ཞེས་བྱ་བ་སྨོས་ཏེ། བདག་གི་དབུགས་ལས་བྱུང་བ་ཞེས་བྱ་བ་ནི། བདག་གི་དབུགས་ལས་སྤྲོས་པའི་ཡེ་ཤེས་ཀྱི་སེམས་མའོ། །བདག་གི་ལུས་ནི་གང་ཡིན་ལ། །ཞེས་བྱ་བ་ནི་བདག་གི་རང་བཞིན་དང་དབྱེར་མེད་པས་ན།

བདག་གི་ལུས་ཏེ་མེའི་ནང་དུ་བསྐྱེད་པའི་དམ་ཚིག་སེམས་མའོ། །ལྷག་མ་ནི་གོ་སླའོ། །ཨོཾ་ཋ་ཋ་ཞེས་བྱ་བ་ལ། ཋའི་གནས་སུ་ཧཱུཾ་བརྗོད་པར་བྱ་སྟེ། དེས་ན་ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །དབྱུག་པ་ཞེས་བྱ་བ་ནི་བླུགས་གཟར་རོ། །སྣོད་ཅེས་བྱ་བ་དགང་གཟར་རོ། །

རྫས་རྣམས་སྦྱང་བའི་སྔགས་གསུངས་པ་ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའོ། །དེ་ཉིད་རྩ་བའི་སྔགས་ཡིན་པར་བསྟན་པའི་ཕྱིར། རྩ་བའི་སྔགས་དང་ཕྱག་རྒྱའོ། །ཞེས་བྱ་བ་སྨོས་སོ། །ཕྱག་རྒྱ་ཞེས་བྱ་བ་ནི། ལག་གཉིས་ཁུ་ཚུར་ཁ་སྦྱར་ཏེ། །ཞེས་བྱ་བ་ལ་སོགས་པ་ལ་རྫས་དག་པར་བྱེད་

པའི་ཕྱག་རྒྱ་ཉིད་གཟུང་སྟེ། ཕྱག་རྒྱ་འདིས་ནི་སྔགས་སོ་སོ་དང་སྦྱར་ནས་མེ་ལ་སྦྱིན་སྲེག་བྱ་བའི་རྫས་རྣམས་སྦྱོང་བ་བཞིན་དུ་རྩ་བའི་སྔགས་འདི་འདི་དང་སྦྱར་ནས་འདོད་པའི་ལྷ་ལ་སྦྱིན་སྲེག་བྱ་བའི་རྫས་རྣམས་ཀྱང་སྦྱང་བར་བྱའོ། །མཆོད་པ་སྣ་ཚོགས་ཀྱི་སྔགས་དང་ཕྱག་རྒྱ་བསྟན་པའི་ཕྱིར།

Vol. 24 · folio 173b

ལག་པ་གཡས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །བརྐྱང་བ་དེ་ཉིད་ཀྱི་ཞེས་བྱ་བ་ནི་ཁུ་ཚུར་བཅངས་ཏེ་སོར་མོ་གསུམ་པོ་དགྲོལ་ཐབས་སུ་བརྐྱང་བའོ། །དེ་ཉིད་ཀྱི་ཕྱིར། འོག་ནས་ཁུ་ཚུར་དེ་ཉིད་ལས། །ཞེས་བྱ་བ་སྨོས་སོ། །མེ་ཏོག་གི་ཕྱག་རྒྱ་ལས་ཞེས་བྱ་བ་ནི་ཁུ་ཚུར་བཅངས་ནས་

དབུ་མ་བསྒྲེང་བའོ། །ལྷག་མ་ནི་གོ་སླའོ། །ལག་པ་གཉིས་ཀ་བརྐྱང་སྟེ། མཐེ་བོ་གཉིས་གུང་མོའི་རྩར་བཙུགས་ལ། བསྐྱོད་པ་དང་ཞེས་བྱ་བ་ནི་གཏོར་མའི་ཕྱག་རྒྱ་སྟེ། དེ་དག་ཀྱང་གོ་སླའོ། །མེ་ཡི་ཁ་ཡི་ནང་དུ་ནི། །ལན་རེ་བཟླས་ཤིང་ལན་རེ་སྦྱིན། །ཞེས་བྱ་བ་ནི་དགང་བླུགས་ཀྱི་

སྔགས་ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བ་ལན་རེ་བཟླས་པ་གང་བའི་སྦྱིན་སྲེག་མེ་ལྷའི་ཞལ་དུ་ལན་རེ་ཞིང་དབུལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དབུས་སུ་གོང་བུ་བསྲེག་པར་བྱ། །ཞེས་པ་ལ། དབུས་སུ་ནི་རང་གི་འདོད་པའི་ལྷའི་ཞལ་དུའོ། །གོང་བུ་ཞེས་བྱ་བ་ནི་གང་བའི་སྦྱིན་སྲེག་གི་ཚིག་

བླ་དགས་སོ། །བདུན་ལས་ལྷག་པ་ཀུན་བཟུང་ནས། །ཞེས་བྱ་བ་ནི་དང་པོ་གང་བའི་སྦྱིན་སྲེག་བདུན་སྦྱིན་པ་དང་། ལྷག་མ་སྟེ་བསྡུ་བའི་སྦྱིན་སྲེག་གི་དགང་བླུགས་ལྔ་གཟུང་བར་བྱ་བའོ། །འབད་དེ་རྫོགས་པའི་མཐའ་རུ་ནི། །ལྷག་མ་དག་ནི་བསྲེག་པར་བྱ། །ཞེས་བྱ་བ་ནི་

དང་པོ་མེ་ལྷའི་ཁར་དགང་བླུགས་འབད་པས་ལན་ཅིག་ཕུལ་ནས་དེའི་འོག་ཏུ་ལྷག་མ་སྟེ་རྫས་གཞན་རྣམས་ལ་སྲེག་བླུགས་དབུལ་བར་བྱ་ཞིང་དེ་བཞིན་དུ་རང་གི་འདོད་པའི་ལྷ་ལ་ཡང་དང་པོར་དགང་བླུགས་ཕུལ་ལ་དེའི་མཐར་ལྷག་མ་སྲེག་བླུགས་དབུལ་ལོ་ཞེས་བྱ་བའི་དོན་ཏོ། །དེ་དག་

གིས་ནི་འདི་སྐད་དུ། མེའི་ཁར་དང་པོ་དགང་བླུགས་གཅིག་བྱིན་ལ། དེ་ནས་རྫས་ཐམས་ཅད་ཀྱི་སྲེག་བླུགས་སྦྱིན་ཏེ་དེའི་འོག་ཏུ་ཡང་དགང་བླུགས་གཅིག་བྱིན་ལ། དེ་ནས་ཡང་མེའི་ནང་དུ་རང་གི་འདོད་པའི་ལྷའི་ཞལ་དུ་དགོད་པའི་སྦྱིན་སྲེག་གཅིག་བྱས་ལ། ལྷག་མ་སྲེག་བླུགས་

ཕུལ་ཏེ། དེའི་མཐར་ཡང་དགང་བླུགས་གཅིག་ཕུལ་ལ་བཟོད་པ་གསོལ་ནས། སླར་ཡང་མེའི་ལྷ་བསྒོམས་ལ་དེའི་ཁར་དགང་བླུགས་གཅིག་བྱིན་ཏེ། སྔ་མ་བཞིན་དུ་ལྷག་མ་སྲེག་བླུགས་བྱིན་ལ། དེའི་འོག་ཏུ་ཡང་དགང་བླུགས་གཅིག་བྱིན་ནས། དེ་ཐམས་ཅད་ཀྱི་མཐར་

Vol. 24 · folio 174a

ཡོན་བདག་གི་ལག་པས་མེའི་ཁར་དགང་བླུགས་གཅིག་སྟེར་དུ་གཞུག་སྟེ། དེ་ཙམ་གྱིས་ནི་དགང་བླུགས་རྣམ་པ་བདུན་རྫོགས་པ་ཡིན་ཏེ། འདི་ནི་གདན་བཞི་པར་གནས་པ་ཡིན་ནོ། །བསྲེགས་པ་ཟིན་ནས་ལྷ་རྣམས་ནི། །བདག་གི་ལུས་ལ་ཐིམ་པར་

བསྒོམ། །ཞེས་བྱ་བ་ནི་སྦྱིན་སྲེག་རྫོགས་ནས་ནི་རང་གི་འདོད་པའི་ལྷ་བསྡུས་ཏེ་རང་གི་ལུས་ལ་ཐིམ་པར་བསྒོམ་པའོ། །དགང་བླུགས་ཀུན་ལ་རྫོགས་པ་རུ། །སྔགས་དང་ཕྱག་རྒྱ་རྫོགས་པར་བྱ། །ཞེས་བྱ་བ་ནི་དགང་བླུགས་བདུན་པོ་ཀུན་ལ་སྔགས་དང་ཕྱག་རྒྱ་དང་སྦྱར་རོ་ཞེས་

བྱ་བའི་དོན་ཏོ། །ད་ནི་བསྡུ་བའི་སྦྱིན་སྲེག་དགང་བླུགས་ལྔ་དང་ལྡན་པ་བསྟན་པའི་ཕྱིར། སྣོད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དགང་བླུགས་བདུན་དང་བཅས་པའི་སྦྱིན་སྲེག་རྫོགས་ནས། སླར་ཡང་མེའི་དབུས་སུ་རང་གི་འདོད་པའི་ལྷ་བསྒོམས་ལ། མར་གྱིས་བཀང་བའི་

གཟར་བུ་ཆེན་པོ་དང་ཆུང་ངུ་ཁ་སྤྲད་དེ། དགང་བླུགས་གཅིག་ཕུལ་ལ། དེ་ནས་སྲེག་བླུགས་ཕུལ་ནས། མཐར་ཡང་དགང་བླུགས་དབུལ་ལོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་དེའི་འོག་ཏུ་མེ་ལ་ཡང་དགང་བླུགས་གཉིས་སྦྱིན་ནོ་ཞེས་ཟེར་རོ། །དྲངས་ནས་དབུགས་ཀྱི་

དངོས་གྱུར་ཏེ། །རང་གི་ལུས་ལ་ཐིམ་པར་བྱ། །དེ་ནས་རང་གི་ལུས་ཉིད་དུ། །མཁས་པ་ཡིས་ནི་བསྒོམ་པར་བྱ། །ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་གཤེགས་སུ་གསོལ་བ་སྟེ། བརྡ་ཕྲད་པར་ཟད་དོ། །དབུས་སུ་མེ་ཡི་ལྷ་ཉིད་ནི། །མཁས་པ་ཡིས་ནི་བསམས་ནས་ཀྱང་། །

ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་རང་གི་དབུས་ལ་བསྡུས་ཀྱི་འོག་ཏུ་མེ་ལ་བསང་གཏོར་ལ་སོགས་པ་བྱས་ནས། སྔར་བསྟན་པའི་ཚུལ་གྱིས་དབུས་སུ་མེ་ལྷ་བསྒོམས་ལ། ལྷག་མ་ལན་གསུམ་བསྲེགས་ནས་སུ། །ཞེས་བྱ་བ་ལ། གང་བའི་སྦྱིན་སྲེག་རྣམ་པ་གསུམ་སྦྱིན་ཏེ།

མཆོད་དང་གཏོར་མ་སྦྱིན་པར་བྱ། །ཞེས་བྱ་བ་ནི་མཆོད་པ་དང་གཏོར་མ་ལ་སོགས་པ་བྱིན་ཏེ། བཟོད་པ་གསོལ་བར་བྱ་བའོ། །བཀྲ་ཤིས་དབྱངས་ནི་བླངས་ནས་སུ། །དེར་ནི་ཕྱག་རྒྱ་སྦྱར་བར་བྱ། །ཞེས་བྱ་བ་ནི་བཀྲ་ཤིས་ཀྱི་གླུ་དང་བཅས་པའི་ཕྱག་རྒྱ་བཅའ་བའོ། །ཕྱག་རྒྱ་

Vol. 24 · folio 174b

ཡང་འདིར། ལག་གཉིས་ཐལ་མོ་སྦྱར་ནས་སུ། །ཞེས་བྱ་བ་ལ་སོགས་པ་པདྨའི་ཚུལ་གྱི་ཕྱག་རྒྱའོ། །དེ་ལྟར་ན་དང་པོར་ནི་དགང་བླུགས་ཀྱི་སྦྱིན་སྲེག་བདུན་ནོ། །དེའི་འོག་ཏུ་ཡང་རྣམ་པ་ལྔ་སྟེ་བསྡུས་པས་བཅུ་གཉིས་སུ་འགྱུར་བར་ཤེས་པར་བྱའོ། །སྦྱིན་སྲེག་ལས་ཀྱིས་ཕྱེ་བ་

གཞན། །མདོར་བསྡུས་རྒྱས་པ་མིན་པར་བཤད། །ཅེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་བྱེ་བྲག་གིས་དབྱེ་བའི་རྫས་རྣམས་མདོར་བསྡུས་ཏེ་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སཱ་ལུ་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །ཡམ་ཤིང་ནི་བུད་ཤིང་བསྟན་པའི་ཕྱིར། འོ་མ་

ཅན་གྱི་ཤིང་ལྔ་ལས། །ཞེས་བྱ་བ་སྨོས་ཏེ། ཨ་མྲ་དང་། བ་ཏ་དང་། ནྱ་གྲོ་དྷ་དང་། བར་ཀ་ཏ་དང་། ཨ་ཤྭཏྠ་སྟེ་ལྔ་པོ་དེ་དག་ནི་འོ་མ་ཅན་གྱི་ཤིང་ལྔའོ། །སོར་མོ་བཅུ་བཞིར་ལྡན་པའི་ཚད། །ཅེས་བྱ་བ་ནི་ཁྱད་པར་གྱི་ཡམ་ཤིང་བསྟན་པའོ། །ཞི་བའི་དུས་ལ་བབ་པ་ན། །ཞེས་བྱ་

བ་ནི་གང་གི་ཚེ་ཞི་བ་བྱེད་པ་དེའི་ཚེ་འདས་མ་ཐག་པའི་རྫས་དེ་དག་བསྲེག་པ་དེ་ནི་ཆོ་གའི་མཆོག་སྟེ། གཙོ་བོ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །རྒྱས་པའི་རྫས་བསྟན་པའི་ཕྱིར། ཏིལ་ནག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་བར་ཟད་དོ། །ཡམ་ཤིང་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། བུད་

ཤིང་ཡང་དེ་དག་ཉིད་ལས་གཟུང་བར་བྱའོ། །སྒྲུབ་པོས་ཁྱད་པར་བསྲེག་པར་བྱ། །ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གིས་ཕྱེ་བའི་ཐུན་མོང་མ་ཡིན་པའི་སྲེག་རྫས་སོ་ཞེས་བྱ་བའི་བར་དུའོ། །དབང་གི་ལས་ཀྱི་རྫས་བསྟན་པའི་ཕྱིར། ཏིལ་ནི་དམར་དང་གནག་པ་དང་། །ཞེས་བྱ་བ་ལ་སོགས་པ་

སྨོས་ཏེ། ཏིལ་ནག་པོ་དང་། དམར་པོ་སྟེ། མེ་ཏོག་དམར་པོ་ལ་བྱའི་ཏིལ་ནི་མ་ཡིན་ནོ། །ནཱ་ག་གེ་སར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཐང་ཤིང་ཞེས་བྱ་བ་ལ་སོགས་པ་ལ། ཀླུ་ཤིང་ཞེས་བྱ་བ་ནི་ནཱ་ག་གེ་སར་གྱི་ཤིང་ངོ་། །ཆགས་པའི་ལས་ཞེས་བྱ་བ་ནི་དབང་དུ་བསྡུ་བ་དང་

དགུག་པའི་ལས་སོ། །མངོན་སྤྱོད་ཀྱི་རྫས་བསྟན་པའི་ཕྱིར། ཏིལ་ནག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལ་ཏ་ག་ནག་ཆེན་འབྲས། །ཞེས་བྱ་བ་ནི་བ་ལ་ཏ་ཀིའི་འབྲས་བུ་དང་། ནག་པོ་ཆེན་པོའི་འབྲས་བུ་ཞེས་བྱ་བ་གཉིས་སུ་སྦྱར་རོ། །ཁྲག་ཅེས་བྱ་བ་ནི་ཐ་མལ་པའི་ཁྲག་གང་

Vol. 24 · folio 175a

ཡང་རུང་བའོ། །ལུང་ཏང་ཞེས་བྱ་བ་ལ་སོགས་པ་ལ། སྒུར་པོའི་ཤིང་ཞེས་བྱ་བ་ནི་ཚེར་མ་སྒུར་པོ་ཅན་ཞེས་གྲགས་པའི་ཤིང་ངོ་། །ལྷག་མ་ནི་གོ་བར་ཟད་དོ། །བསྐྲད་པའི་ལས་ཀྱི་རྫས་བསྟན་པའི་ཕྱིར། ཡུངས་ཀར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསེར་

ཤིང་ཞེས་བྱ་བ་ནི་ད་དུ་རའོ། །འདིར་ཡང་ཡམ་ཤིང་གི་ཚད་ནི་མངོན་སྤྱོད་ཀྱི་ཚད་ལས་ལྟོས་པའི་ཕྱིར་མ་སྨོས་སོ། །ལྷག་མ་ཡང་གོ་བར་ཟད་དོ། །བཅིང་བའི་ལས་ཀྱི་རྫས་བསྟན་པའི་ཕྱིར། ཉ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་ཟད་དོ། །འདིར་ཡང་ཡམ་ཤིང་གི་ཚད་

ནི་སྔ་མ་བཞིན་ནོ། །དེ་ལྟར་ན་ཐང་ཤིང་དང་། ནྱ་གྲོ་དྷ་དང་། ཀླུ་ཤིང་དང་། བ་ཤ་ཀ་དང་། ལུང་ཏང་དང་། སྒུར་པོ་དང་། བ་ལ་ཏ་ཀ་དང་། གསེར་ཤིང་དང་། བྱ་རོག་གི་ཚང་གི་ཤིང་བུ་དང་། སོ་ཤིང་རྣམས་ནི་མེ་སྤར་བར་བྱ་བའི་ཕྱིར་ཡམ་ཤིང་དང་བུད་ཤིང་བསྟན་པ་ཡིན་ལ། ལྷག་མ་ནི་

གཞན་དག་ཡིན་པར་ཤེས་པར་བྱའོ། །ད་ནི་རྒྱལ་སྲིད་ལ་ཉེ་བར་སྤྱོད་པའི་སྦྱིན་སྲེག་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་དུ་ཞེས་བྱ་བ་ནི། སྔར་སྨོས་པའི་ལས་དྲུག་ལས་བྱེ་བྲག་ཏུ་གྱུར་པའམ། ཡང་ན་འདི་ནི་རྒྱས་པ་དང་དབང་དུ་གྱུར་པའི་ལས་ཐ་མལ་པ་

ལས་ལྟོས་ནས། རྒྱལ་སྲིད་ལ་ཉེ་བར་སྤྱོད་པའི་ལས་ལ་ནི་ཁྱད་པར་ཞེས་བྱའོ། །དེ་ཡི་དབུས་སུ་མཉམ་གཞག་ནས། །སྨོན་ལམ་བཏབ་སྟེ་ཁྲུས་བྱས་ན། །ཞེས་བྱ་བ་ལ། དེའི་དབུས་སུ་ཞེས་བྱ་བ་ནི་སྦྱིན་སྲེག་གི་གནས་སུའོ། །མཉམ་གཞག་ནས་ཞེས་བྱ་བ་ནི། རྒྱལ་སྲིད་ལ་

སོགས་པ་དམིགས་པའི་བློ་མི་གཡེངས་པས་སོ། །སྨོན་ལམ་བཏབ་པ་ཡང་རྒྱལ་སྲིད་ལ་སོགས་པའི་ཕྱིར་སྨོན་ལམ་བྱ་བའོ། །ཁྲུས་བྱ་བ་ནི་རྡོ་རྗེ་སེམས་དཔའི་བུམ་པའི་ཆུས་བཀྲུ་བའོ། །ལྷག་མ་ནི་གོ་བར་ཟད་དོ། །ས་གསུམ་ཞེས་བྱ་བ་ནི་ས་འོག་དང་ས་བླ་དང་བར་སྣང་གི་འཇིག་རྟེན་གསུམ་

དུའོ། །ཚུལ་གཞན་བསྟན་པའི་ཕྱིར། མར་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དཔལ་ལྡན་འགྱུར་ཞེས་བྱ་བ་ནི་རྒྱལ་སྲིད་ཀྱི་གོ་འཕང་ལ་གནས་པའོ། །དེ་ཉིད་བསྟན་པའི་ཕྱིར། བྱ་བ་གང་དང་གང་བསམས་པ། །དེ་དེ་ཐམས་ཅད་འདིར་འགྲུབ་འགྱུར། །ཞེས་བྱ་བ་སྨོས་ཏེ།

Vol. 24 · folio 175b

གཞན་ལ་མི་འོས་པའི་ཕྱིར་རོ། །ད་ནི་སློབ་མའི་མཚན་ཉིད་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོངས་སུ་ཟུང་ཞེས་བྱ་བ་ནི་གཟུང་བར་བྱ་བའམ་བླང་བར་བྱ་བའོ། །ཡན་ལག་ཐམས་ཅད་ཅེས་བྱ་བ་ནི་ལག་པ་དང་མིག་ལ་སོགས་པའོ། །ཡང་ན་སློབ་མ་ཉིད་དུ་

རུང་བའི་མཚན་ཉིད་ཀྱི་ཆ་ཤས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དུལ་ཞིང་སྤྱོད་པ་ཞི་བ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུལ་བ་ཞེས་བྱ་བ་ནི་དབང་པོ་ཐུལ་བའོ། །སྤྱོད་པ་ཞི་བ་ཞེས་བྱ་བ་ནི་བཟང་པོར་སྤྱོད་པ་སྟེ། སྒྲའི་བསྟན་བཅོས་ལ་སོགས་པའི་བསྟན་

བཅོས་ཤེས་པའོ། །ཆོས་གསུམ་ལ་ནི་མངོན་པར་དང་། །ཅེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་ཆེན་པའི་ཐེག་པ་སྟེ། ཐེག་པ་གསུམ་གྱི་ཆོས་ལ་དད་པའོ། །ཐེག་པ་ཆེ་ལ་རྟག་ཏུ་དགའ། །ཞེས་བྱ་བ་ན། ཉན་ཐོས་ཀྱི་སྡོམ་པ་ལ་གནས་ཀྱང་། ཐེག་པ་

ཆེན་པོའི་སེམས་བསྐྱེད་པ་དང་ནམ་ཡང་མི་འབྲལ་བའོ། །དེ་སྐད་དུ་ཡང་། ཉན་ཐོས་ཀྱི་ནི་སྡོམ་གནས་ནས། །ཐེག་པ་ཆེན་པོའི་སེམས་བསྐྱེད་བྱ། །ཞེས་གསུངས་སོ། །སྔགས་ཀྱི་སྦྱོར་བ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་སྔགས་དང་ཡང་དག་པར་ལྡན་པའོ། །རྒྱུད་ཀྱི་

སྦྱོར་བ་ཞེས་བྱ་བ་ནི། ཞི་བ་ལ་སོགས་པའི་ལས་ལ་འཁྲུལ་འཁོར་བྲི་བ་ལ་སོགས་པའི་སྦྱོར་བའོ། །བཟོ་དང་སྒྱུ་རྩལ་ཐམས་ཅད་མཁས། །ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །བསམ་གཏན་སྦྱོར་ལ་མངོན་པར་དགའ། །ཞེས་བྱ་བ་ནི་བསམ་གཏན་བསྒོམ་པ་ལ་དད་

པའོ། །ཐོས་དང་ཀློག་སོགས་གུས་དང་བཅས། །ཞེས་བྱ་བ་ནི་བདེ་བར་གཤེགས་པའི་གསུང་རབ་ཐོས་པ་སྟེ་ཉན་པ་དང་ཀློག་པ་དང་། སོགས་ཀྱིས་ནི་ཁ་ཏོན་བྱ་བ་ལ་སོགས་པ་ལ་གུས་པ་ཡོད་པའོ། །དུས་རྣམས་ཀུན་དུ་བླ་མར་གུས། །ཞེས་བྱ་བ་ནི་ལུས་ངག་ཡིད་གསུམ་གྱི་བྱ་

བས་རྟག་ཏུ་བླ་མ་བསྟེན་པའོ། །སྦྱིན་སྲེག་དགེ་བའི་ལས་ལ་བརྩོན། །ཞེས་བྱ་བ་ལ། སོགས་ཀྱིས་ནི་སྙེན་པར་སྨྲ་བ་ལ་སོགས་པ་གཟུང་བར་བྱའོ། །དེ་ལྟར་དགེ་བའི་ཡན་ལག་བསྟན་ནས། སྡིག་པའི་ཡན་ལག་དང་བྲལ་བ་བསྟན་པའི་ཕྱིར། །འདོད་ལ་དགའ་བ་མ་ཡིན་

Vol. 24 · folio 176a

ཞིང་། །ཞེས་བྱ་བ་ལ་སོགས་པ་ནས། ངང་ཚུལ་ངན་མིན་ཚིག་རྩུབ་མིན། །ཞེས་བྱ་བའི་བར་དུ་སྨོས་ཏེ། དེ་དག་ནི། ཡོངས་གཟུང་སློབ་མའི་མཚན་ཉིད་ཡིན། །ཞེས་བྱ་བ་སྔ་མ་དང་སྦྱར་རོ། །དེ་ལས་བཟློག་པའི་མཚན་ཉིད་བསྟན་པའི་ཕྱིར། སེམས་

ཅན་ཀུན་ལ་སྨོད་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །འདི་ལྟ་བུ་དག་སྤང་བར་བྱ། །ཞེས་བྱ་བ་ནི། མཚན་ཉིད་ཉེ་བར་བསྡུ་བ་ཡིན་ཏེ། དེ་ལ་སོགས་པ་སེར་སྣ་ཅན་དང་ལེ་ལོ་ཅན་ལ་སོགས་པ་མ་སྨོས་པ་གཞན་དག་ཀྱང་བསྡུ་བར་བྱ་བའི་དོན་ཏོ། །གཞན་གྱི་

གདན་ཞེས་བྱ་བ་ལ་སོགས་པ་ལ། བདག་གི་ལུས་ལས་གཞན་པའི་སྦྱིན་སྲེག་ལ་སོགས་པའི་བྱ་བ་ནི་གཞན་ཏེ་གདན་ནི་གནས་སོ། །གཞུང་གང་གི་སྦྱིན་སྲེག་ལ་སོགས་པའི་ཆོ་ག་རབ་ཏུ་གསལ་བར་སྟོན་པར་བྱེད་པ་དེ་ནི་རབ་ཏུ་བྱེད་པའོ། །དཔལ་གདན་བཞི་པའི་འགྲེལ་པ་དྲན་

པའི་རྒྱུ་མཚན་ཞེས་བྱ་བ་ལས། གཞན་གྱི་གདན་གྱི་རིམ་པར་ཕྱེ་བ་དང་པོའོ།། །།ད་ནི་ཆུའི་སྦྱིན་སྲེག་གི་རིམ་པར་ཕྱེ་བ་བསྟན་པའི་ཕྱིར། ཆུ་ཡི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱིན་སྲེག་ཅེས་བྱ་བ་ནི་མཆོད་སྦྱིན་ནོ། །གཟིགས་མོ་ཞེས་བྱ་བ་ནི་ངོ་མཚར་གྱི་ཡུལ་

དུ་གྱུར་པ་སྟེ། ཇི་ལྟར་མེའི་སྦྱིན་སྲེག་གིས་བསོད་ནམས་ཐོབ་པ་ལྟར་ཆུའི་སྦྱིན་སྲེག་གིས་ཀྱང་བསོད་ནམས་འཐོབ་པའི་ཕྱིར་རོ། །དེ་ཉིད་ཉེ་བར་བསྟན་པའི་ཕྱིར། ཆུ་ཡི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་ནི་སྲེག་རྫས་དང་ཐབ་ཁུང་ལ་སོགས་པ་གཟུང་ངོ་། །

མཚན་ཉིད་ཅེས་བྱ་བ་ནི་རང་བཞིན་ནོ། །ལན་གསུངས་པ། ཆུ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དག་མཚན་ཉིད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཞེས་པ་སྨོས་ཏེ་གོ་སླའོ། །དེ་ལ་འདིར་ཆུའི་དེ་ཁོ་ན་ཉིད་ནི་སྲོག་ཆགས་མེད་

ཅིང་གཙང་ལ་དང་བའོ། །སོགས་པའི་སྒྲས་ནི་བུམ་པ་ལ་སོགས་པའི་དེ་ཁོ་ན་ཉིད་རྩ་བ་ནི་རི་མོ་ནག་པོ་མེད་པ་ལ་སོགས་པའི་དེ་ཁོ་ན་ཉིད་གཞན་དག་ཀྱང་གཟུང་བར་བྱའོ། །བླ་རེ་དག་ནི་བྲེས་ནས་སུ། །སྣ་ཚོགས་གོས་རྣམས་རབ་ཏུ་དཔྱད། །ཅེས་བྱ་བ་ནི་གང་དུ་སྦྱིན་སྲེག་བྱེད་

Vol. 24 · folio 176b

པའི་གནས་དེར་བླ་རེ་བྲེ་བ་དང་། རྒྱལ་མཚན་དང་གོས་ལ་སོགས་པ་བྲི་བའོ། །ཤིན་ཏུ་ཡངས་ཤིང་གྲུ་བཞི་པར། །ཀུན་ཏུ་དྲི་ཡིས་བྱུག་པར་བྱ། །ཞེས་བྱ་བ་ལ། ཤིན་ཏུ་ཡངས་ཤིང་ཞེས་བྱ་བ་ནི་མན་ངག་ལས་ཁྲུ་བཞི་པའི་ཚད་དུ་བྱའོ་ཞེས་བཤད་དོ། །གྲུ་བཞི་པ་ཞེས་བྱ་བ་ནི་

གོ་སླའོ། །ཀུན་དུ་ཞེས་བྱ་བ་ནི་མཉམ་པ་སྟེ། སྐྱེ་བོས་དབེན་ཞིང་ཡིད་དུ་འོང་བའི་གནས་སུ་གཞི་མཉམ་པ་ལ་ལྕི་བས་བྱུགས་ལ་ཙནྡན་ལ་སོགས་པས་གྲུ་བཞི་པར་བྱུགས་ནས། བླ་རེ་ལ་སོགས་པ་བྲེ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དབུས་སུ་ཆུ་ཡི་སྣོད་སོགས་ལ། ཞེས་བྱ་བ་ལ།

དབུས་སུ་ཞེས་བྱ་བ་ནི་འདས་མ་ཐག་པའི་མཎྜལ་གྱི་དབུས་སུའོ། །ཆུ་ཡི་སྣོད་ཅེས་བྱ་བ་ནི་ས་ལས་བྱས་པའི་བུམ་པ་རྩ་བ་ནག་པོ་ལ་སོགས་པའི་སྐྱོན་དང་བྲལ་བ། ཁའི་ཚད་སོར་བཅུ་བཞི་དང་ལྡན་པ། ཟབས་སུ་དེའི་སུམ་གཉིས་ཡོད་པ། ཞི་བའི་ཐབ་ཁུང་ལྟ་བུའི་དབྱིབས་

ཅན་ཏེ། གཞག་པར་བྱ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དྲི་ནི་དཀར་པོས་བྱུགས་ནས་སུ། །ཞེས་བྱ་བ་ནི། ཙནྡན་དཀར་པོས་བྱུགས་པའོ། །ཆུ་དང་འོ་མར་བསྲེས་པ་ཡིས། །སྣོད་ནི་མཛེས་པར་དགང་བར་བྱ། །ཞེས་བྱ་བ་ལ། ཆུ་ནི་སྔར་སྨོས་པའི་མཚན་ཉིད་ཅན་ནོ། །

འོ་མར་བསྲེས་པ་ནི་གོ་སླའོ། །སྣོད་མཛེས་པ་ནི་སྔར་སྨོས་པའི་མཚན་ཉིད་ཅན་ནོ། །དབུས་ཀྱི་བུམ་པ་བསྟན་ནས། ཕྱོགས་མཚམས་ཀྱི་བུམ་པ་དགོད་པའི་ཕྱིར། བུམ་པ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དྲི་ཡི་ཆུ་ཞེས་བྱ་བ་ནི་དྲི་ཞིམ་པོ་དང་བཅས་པའི་

ཆུའོ། །ལྷག་མ་ནི་བརྡ་ཕྲད་པར་ཟད་དོ། །བདག་ཉིད་ཡེ་ཤེས་མཁའ་འགྲོ་རུ། །སྐད་ཅིག་གིས་ནི་བསྐྱེད་ནས་སུ། །ཞེས་བྱ་བ་ནི་ཞལ་གསུམ་ལ་སོགས་པ་འོག་ནས་འབྱུང་བ་ལྟ་བུའི་ཡེ་ཤེས་མཁའ་འགྲོ་མར་བདག་ཉིད་བསྒོམ་པའོ། །མེ་ཏོག་བདུག་སྤོས་དྲི་སོགས་པའི། །

དངོས་པོས་བདག་ཉིད་མཆོད་བྱས་ལ། །ཞེས་བྱ་བ་ནི་བུམ་པའི་ནང་དུ་སོན་པའི་ལྷ་མོ་འཁོར་ལོ་བདག་དང་འདྲ་བ་མེ་ཏོག་ལ་སོགས་པའི་རྫས་ཀྱིས་མཆོད་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། དེ་འོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་འོག་ཅེས་བྱ་བ་ནི་བདག་ཉིད་བསྐྱེད་ཀྱི་

Vol. 24 · folio 177a

འོག་ཏུའོ། །ཆུ་ཡི་ལས་རྣམས་སྦྱར་བར་བྱ། །ཞེས་བྱ་བ་ནི་སྣོད་ཀྱི་ཆུའི་ནང་དུ་ལྷ་མོ་རྣམས་བསྒོམས་ནས། སྦྱིན་སྲེག་བྱའོ་ཞེས་བྱ་བ་སྟེ་མདོར་བསྡུས་པའོ། །ཉེ་བར་བཤད་པ་གསུངས་པ་ལག་གཉིས་ཞེས་བྱ་བ་ལ་སོགས་པ་ལ། ལག་གཉིས་ཐལ་མོ་སྦྱར་

ནས་བྱ། །པདྨའི་ཚུལ་དུ་ཅུང་ཟད་དབྱེ། །ཞེས་བྱ་བ་ནི་པདྨའི་ཕྱག་རྒྱ་སྟེ་གོ་སླའོ། །སྔགས་གསུངས་པ། ཨོཾ་ཀ་མ་ལ་བྷེ་སྭཱ་ཧཱ་ཞེས་བྱ་བ་སྟེ། སྔགས་དང་ཕྱག་རྒྱ་འདི་བུམ་པ་རྣམས་ལ་བསྟན་ལ། ཆུའི་ནང་དུ་པདྨ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་

གསུངས་པ། ཟླ་བའི་དཀྱིལ་འཁོར་གྱིས་བརྒྱན་པའི། །པདྨ་ཆུ་ཡི་ནང་བཀོད་ལ། །ཞེས་བྱ་བའོ། །གདུགས་དཀར་པོ་ཡིས་གཡོགས་པ་ཡི། །ས་བོན་དབུས་སུ་བསྒོམ་པར་བྱ། །ཞེས་བྱ་བ་ནི་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གདུགས་དང་བཅས་པའི་ས་བོན་ཧཱུཾ་རང་

གི་སྲོག་གི་ངོ་བོ་ཉིད་བསྒོམ་པའོ། །ཡང་ན་རང་གི་དབུགས་ལས་བྱུང་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རང་གི་དབུགས་ལས་བྱུང་བ་ཡི། །ས་བོན་ལས་ནི་གཟུགས་སུ་བསྐྱེད། །ཅེས་བྱ་བ་སྨོས་ཏེ་གོ་སླའོ། །ཅི་འདྲ་ཞེ་ན། སེམས་དཔའི་སྐྱིལ་ཀྲུང་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། འདིའི་དོན་ནི་ས་བོན་ཡོངས་སུ་གྱུར་པ་ལས་ཡེ་ཤེས་མཁའ་འགྲོ་མ་ཕྱག་གཉིས་པ། བཞད་པ་དང་ཁྲོ་བ་དང་། སྒེག་པ་དང་བཅས་པའི་ཞལ་གསུམ་པ། ཕྱག་གཉིས་ན་རྡོ་རྗེས་མཚན་པའི་དབྱུག་པ་བསྣམས་ཤིང་སེམས་དཔའི་སྐྱིལ་ཀྲུང་ཅན་རྒྱན་

ཐམས་ཅད་ཀྱིས་བཀླུབས་པ་ཁ་དོག་དཀར་ཤིང་ཤིན་ཏུ་མཛེས་པའི་ན་བཟའ་གསོལ་བར་བསྒོམ་པ་འདི་ཡིན་ནོ། །དམ་ཚིག་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་གི་ཕྱག་རྒྱ་ནི། ལག་གཉིས་ཕན་ཚུན་ཁུ་ཚུར་བཅིངས། །ཞེས་བྱ་བ་ལ་སོགས་པ་སྟེ། ཕན་ཚུན་

ཞེས་བྱ་བ་ནི་རྒྱབ་སྤྲད་པའོ། །མཛུབ་མོ་གཉིས་ཀྱིས་མདུད་པར་བྱ། །ཞེས་བྱ་བ་ནི་རྩེ་མོ་ཕན་ཚུན་མདུད་པའོ། །འདི་དག་གི་དོན་ཡང་བདག་གི་དབུགས་ལས་བྱུང་བའི་ཡེ་ཤེས་སེམས་མ་བསམས་ལ། དམ་ཚིག་སྔགས་དང་ཕྱག་རྒྱ་བསྟན་ལ་དམ་ཚིག་སེམས་མ་ལ་གཉིས་སུ་

Vol. 24 · folio 177b

མེད་པར་བསྟིམ་པར་བྱའོ་ཞེས་བྱ་བ་ཡིན་ནོ། །ཤར་ལ་སོགས་པའི་བུམ་པ་རྣམས་སུ་ཡང་རིམ་བཞིན་དུ་རྣལ་འབྱོར་མ་རྣམས་དགོད་པ་བསྟན་པའི་ཕྱིར། ཤར་གྱི་བུམ་པར་རྡོ་རྗེ་མ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །སོ་སོ་སོ་སོར་མཚན་མ་ཡི། །དམ་ཚིག་ཕྱག་

རྒྱ་བསྟན་པར་བྱ། །ཞེས་བྱ་བ་ལ། མཚན་མའི་ཕྱག་རྒྱ་དང་དམ་ཚིག་གི་ཕྱག་རྒྱ་ཞེས་གཉིས་སུ་ཕྱེ་ལ། དམ་ཚིག་སེམས་མ་རྣམས་དང་། ཡེ་ཤེས་སེམས་མ་རྣམས་ལ་སོ་སོར་བསྟན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཤར་ཕྱོགས་ལ་སོགས་པའི་བུམ་པ་རྣམས་སུ་རང་རང་

གི་ས་བོན་ལས་བྱུང་བའི་རྡོ་རྗེ་མ་ལ་སོགས་པའི་རྣལ་འབྱོར་མའི་ཚོགས་བལྟས་ལ། འོག་ནས་འབྱུང་བའི་མཚན་མའི་ཕྱག་རྒྱ་སྟེ་རྩ་བའི་ཕྱག་རྒྱ་རྣལ་འབྱོར་མ་རྣམས་ལ་སོ་སོར་བསྟན་ལ། དེ་བཞིན་དུ་ཡེ་ཤེས་ཀྱི་སེམས་དཔའི་ཚོགས་ལ་སྔར་སྨོས་པའི་དམ་ཚིག་གི་ཕྱག་རྒྱ་སོ་སོར་

བསྟན་ནས་གཉིས་སུ་མེད་པར་ཐིམ་པར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཅི་ཞིག་བྱ་ཞེ་ན། མེ་ཏོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མཁས་པ་ཡིས་ཞེས་བྱ་བ་ནི་མཆོད་པ་ལ་སོགས་པའི་དབྱེ་བ་མི་དམིགས་པས་སོ། །རྩ་བའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཁུ་

ཚུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཡོན་པ་སྙིང་གར་བཞག་ནས་སུ། །ཞེས་བྱ་བ་ནི་ཁུ་ཚུར་གཡོན་པ་སྙིང་གར་གན་རྐྱལ་དུ་གཞག་པའོ། །གཡས་པས་སྟེང་ནས་དབུབ་པར་བྱ། །ཞེས་བྱ་བ་ནི་དེའི་སྟེང་དུ་གཡས་པ་ཁ་སྦུབ་སྟེ་བཞག་པའོ། །ཨོཾ་ཛཱུཾ་ཧཱུཾ་སྭཱ་ཧཱ་རྩ་བའི་སྔགས་

སོ་ཞེས་བྱ་བ་ནི། ལྷ་མོ་རྣམས་ཀྱི་རྩ་བའི་སྔགས་ཏེ། སྔགས་དེས་ཕྱག་རྒྱ་བསྟན་པར་བྱ་ཞིང་སྔགས་འདི་ཉིད་འབུམ་ཕྲག་གསུམ་དུ་བཟླས་པས་སྔར་བསྙེན་པར་ཡང་བྱ་ལ། འདི་ཉིད་ཀྱིས་མཆོད་སྦྱིན་ཡང་དབུལ་བར་བྱའོ། །ཀུནྡ་ལ་སོགས་མེ་ཏོག་དཀར། །ཞེས་བྱ་བ་ནི་མེ་ཏོག་

དཀར་པོ་དང་གཞན་ཡང་རུང་བ་གཟུང་བར་བྱའོ། །རྩེ་མོར་དཱུར་བ་བཙུགས་ནས་སུ། །ཞེས་བྱ་བ་ནི་མེ་ཏོག་གི་རྩ་བ་ནས་དཱུར་བའི་རྩེ་མོ་བཙུགས་ཏེ། མེ་ཏོག་གི་རྩེ་མོའི་བར་དུ་དབྱུང་བ་སྟེ། དེ་ཉིད་ཀྱི་བུམ་པའི་ནང་དུ་བསྒོམས་པའི་ལྷ་མོ་རྣམས་ལ་འདས་མ་ཐག་པའི་སྔགས་ཀྱིས་

Vol. 24 · folio 178a

མཆོད་སྦྱིན་དབུལ་བར་བྱའོ། །གང་དུ་དབུལ་བར་བྱ་ཞེ་ན། ལྷ་མོའི་དབུ་སྟེང་རྡོ་རྗེ་ཡི། །ཅོད་པན་ལ་ནི་གཏོར་བར་བྱ། །ཞེས་བྱ་བ་སྨོས་ཏེ་གོ་སླའོ། །ཇི་ལྟར་དབུལ་ཞེ་ན། གསང་སྔགས་ལན་རེ་བཟླས་ནས་སུ། །ལན་རེ་སྦྱོར་བས་དབུལ་བར་བྱ། །ཞེས་བྱ་བ་ལ། སྦྱོར་

བ་ནི་དཱུར་བ་དང་བཅས་པའི་མེ་ཏོག་གོ། །ལན་རེ་ནི་རེ་རེ་ལའོ། །གསང་སྔགས་ལན་རེ་བཟླས་ནས་སུ། །ཞེས་བྱ་བ་ནི་གོ་སླའོ། །ཇི་སྙེད་ཅིག་ཅེ་ན། ལན་གྲངས་ཁྲི་ཡིས་ནི། ཞེས་བྱ་བ་སྨོས་ཏེ། ཅིར་འགྱུར་ཞེ་ན། ཐམས་ཅད་རིག་ཅིང་ཚེ་འཕེལ་འགྱུར། །ཞེས་བྱ་བ་སྨོས་ཏེ། ཐམས་

ཅད་རིག་ཅེས་བྱ་བ་ནི་བློ་དང་ཡིད་གཞུངས་པ་ལ་སོགས་པ་རྒྱས་པར་འགྱུར་བའོ། །རྒྱས་པའི་ལས་སོ། །ཞི་བའི་ལས་གསུངས་པ། ཀར་བཱི་ར་ཞེས་བྱ་བ་ལ་སོགས་པ་ལ། དཱུར་བ་དང་ནི་ལྡན་པ་ཡིས། །ཞེས་བྱ་བ་ནི་སྔར་སྨོས་པ་བཞིན་དུ་དཱུར་བ་དང་སྦྱར་བའོ། །ནཱ་ག་པུཥྤའི་ཡམ་

ཤིང་ནི། །ཞེས་བྱ་བ་ནི་ནཱ་ག་པུཥྤའི་སྲེག་རྫས་དེ་ཉིད་ཡམ་ཤིང་དང་བུད་ཤིང་དུ་ཡང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །པདྨ་ཡི་ནི་ཡམ་ཤིང་རྣམས། །ཞེས་བྱ་བ་ནི་དཱུར་བ་དང་བཅས་པའི་པདྨའོ། །ལས་རྣམས་ཀུན་ལ་ཞེས་བྱ་བ་ནི་རྒྱས་པ་ལ་སོགས་པའི་ལས་གང་འདོད་པ་ལའོ། །སྦྱར་

བྱས་ན་ཞེས་བྱ་བ་ནི་མཆོད་སྦྱིན་དུ་དབུལ་བའོ། །ཡུལ་ཕྱོགས་ཞི་བ་ཞེས་བྱ་བ་ནི་ཉེ་བར་མཚོན་པའོ། །རྒྱལ་པོའི་ཁབ་ལ་སོགས་སྦྱར་ན། །ཞེས་བྱ་བ་ལ། སོགས་པའི་སྒྲས་ནི་བློན་པོ་ལ་སོགས་པ་གཟུང་ངོ་། །སྔགས་པས་རྟག་ཏུ་སྐྱོར་ཆུ་གཏོར། །ཞེས་བྱ་བ་ནི། སྔར་སྨོས་

པ་ལྟ་བུར་བུམ་པའི་ནང་དུ་བཅོམ་ལྡན་འདས་མ་བལྟས་ལ། སྐྱོར་ཆུ་བརྒྱ་རྩ་བརྒྱད་རྟག་ཏུ་ནང་རེ་ཞིང་རྩ་བའི་སྔགས་ཀྱིས་དབུལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །བྱེ་བྲག་ཏུ་ནི་རྒྱས་པར་འགྱུར། །ཞེས་བྱ་བ་ནི་འབྲུ་ལ་སོགས་པ་འཕེལ་བར་འགྱུར་བའོ། །གཞན་གྱི་གདན་ཞེས་བྱ་བ་ལ་

སོགས་པ་ལ་གཞུང་གང་གིས་ཆུའི་སྦྱིན་སྲེག་ལ་སོགས་པ་རབ་ཏུ་གསལ་བར་བྱེད་པ་དེ་ནི་རབ་ཏུ་བྱེད་པའོ། །དཔལ་གདན་བཞི་པའི་འགྲེལ་པ་དྲན་པའི་རྒྱུ་མཚན་ཞེས་བྱ་བ་ལས། གཞན་གྱི་གདན་གྱི་རིམ་པར་ཕྱེ་བ་གཉིས་པའོ།། །།ད་ནི་ལྷའི་རྣལ་འབྱོར་དང་དམ་ཚིག་ལ་

Vol. 24 · folio 178b

སོགས་པ་གསལ་པོར་བསྟན་པའི་ཕྱིར། རིམ་པར་ཕྱེ་བ་གསུམ་པ་གསུངས་པ། འཁོར་བའི་ཕ་རོལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ལྷའི་རྣལ་འབྱོར་ལ་སོགས་པ་གསོལ་བ་བཏབ་པ་མེད་མོད་ཀྱི་སྔར་གསོལ་བ་བཏབ་པ་ཐུགས་ལ་བཞག་ནས་ཚུལ་གཞན་གྱི་སྒོ་ནས་

དེའི་ཡན་ལག་དང་ཉིང་ལག་སྟོན་པར་མཛད་པ་ཡིན་ཏེ། དོན་གཞན་ལ་ནི་བརྟེན་ནས་སུ། །དོན་དེ་ཉིད་ནི་སྟོན་པར་མཛད། །ཅེས་གསུངས་པའི་ཕྱིར་རོ། །འཁོར་བའི་ཕ་རོལ་སྒྲོལ་མཚན་ཉིད། །ཅེས་བྱ་བ་ནི། གང་གིས་འཁོར་བའི་ཕ་རོལ་ཏུ་སོན་པར་བྱེད་པའི་གཉིས་སུ་མེད་

པའི་ཆོས་ཀྱི་མཚན་ཉིད་ཉོན་ཅིག་ཅེས་བྱ་བར་སྦྱར་རོ། །ལྷའི་རྣལ་འབྱོར་གསལ་བར་བྱ་བའི་ཕྱིར། གཉིས་སུ་མེད་པའི་མཚན་ཉིད་དེ་གསུངས་པ། དངོས་དང་ཞེས་པ་ལ་སོགས་པ་སྨོས་ཏེ། དངོས་པོའི་ཞེས་བྱ་བ་ནི་གང་དངོས་པོ་ཡོད་པའོ། །དངོས་མེད་ཅེས་བྱ་བ་ནི་

དངོས་པོར་མེད་པའོ། །རྣམ་པར་གྲོལ་ཞེས་བྱ་བ་ནི་དེ་དག་ལས་འདས་པ་སྟེ། འདི་ལྟར་ཚད་མས་དཔྱད་ན། དངོས་པོ་དངོས་སུ་ཡོད་པར་མི་རུང་བས་དངོས་པོ་ལས་གྲོལ་བའོ། །དངོས་པོ་མ་གྲུབ་ན་དེ་མེད་པར་ཡང་མི་འགྲུབ་སྟེ། དེ་ནི་དེ་ལ་ལྟོས་པའི་ཕྱིར་རོ། །ཡང་ན་ཆོས་

ཅན་མེད་ན་དེའི་ཆོས་མེད་པ་དེ་ཡང་ཇི་ལྟར་རུང་སྟེ། དེ་བས་ན་དངོས་པོ་མེད་པ་ལས་གྲོལ་ལོ། །དག་དང་མ་དག་རབ་ཏུ་སྤངས། །ཞེས་བྱ་བ་ནི་དག་པ་ནི་ཀུན་ནས་ཉོན་མོངས་པ་མེད་པའོ། །མ་དག་པ་ནི་ཀུན་ནས་ཉོན་མོངས་པ་དང་བཅས་པ་སྟེ། རབ་ཏུ་སྤངས་པ་ནི་དེ་ལས་རིང་དུ་གྱུར་

པའོ། །འདི་ལྟར་རང་བཞིན་གྱིས་རྣམ་པར་དག་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། ཀུན་ནས་ཉོན་མོངས་པ་རྣམས་ནི་གློ་བུར་བ་ཡིན་པའི་ཕྱིར་རོ། །འོ་ན་གཉིས་སུ་མེད་པ་ཞེས་བྱ་བ་ནི་གཉིས་དང་བྲལ་བའི་ངོ་བོ་ཞིག་གམ། གཉིས་གཅིག་ཏུ་གྱུར་པ་གཅིག་ཡོད་དམ་ཅི་ཞེ་ན། མ་

ཡིན་པར་བསྟན་པའི་ཕྱིར། དངོས་པོ་གཉིས་ནི་རབ་སྤངས་པས། །གཉིས་མེད་ཆོས་ཞེས་བྱ་བ་སྟེ། །ཞེས་བྱ་བ་སྨོས་ཏེ། དངོས་པོ་ལ་སོགས་པ་མེད་པ་ན་དེ་ལས་རྣམ་པར་གྲོལ་བའི་ངོ་བོ་དངོས་པོར་ཡོད་པའམ། གཉིས་གཅིག་ཏུ་གྱུར་པའི་མུ་གསུམ་པ་དེ་དག་ཡོད་

Vol. 24 · folio 179a

པར་ལྟ་ག་ལ་འགྱུར་ཏེ། འདི་ནི་རང་ཉིད་ཀྱི་ཚད་མས་གྲུབ་བོ། །དེ་སྐད་དུ་ཡང་། ཡོད་མེད་ཅེས་བྱ་བ་འདི་ཡང་མཐའ་ཡིན་ཏེ། དག་དང་མ་དག་འདི་ཡང་མཐའ་ཡིན་པས། དེ་བས་མཐའ་གཉིས་རྣམ་པར་སྤངས་པས་ན། དབུ་མ་ལ་ཡང་མི་གནས་མཁས་པ་

ཡིན། །ཞེས་གསུངས་སོ། །གཉིས་མེད་ཆོས་ཞེས་བྱ་བ་ནི་ཆོས་ཐམས་ཅད་གཉིས་སུ་མེད་པའམ། གཉིས་སུ་མེད་པའི་ཆོས་ཉིད་ཅེས་བྱ་བ་སྦྱར་ཏེ་ཞེས་བྱ་བ་ནི་ཚིག་བླ་དགས་སུ་བཏགས་པ་སྟེ། མངོན་པར་ཞེན་པས་ནི་ཚིག་བླ་དགས་སོ། །གང་གི་བླ་དགས་ཤེ་ན། དངོས་པོ་

གཉིས་ནི་རབ་སྤངས་པ་སྟེ་ཡོད་པ་ལ་སོགས་པའི་མཐའ་བཞི་ལས་རྣམ་པར་གྲོལ་བའི་བླ་དགས་སོ། །དེ་ཡང་གསུངས་པ། ཆོས་རྣམས་ཐམས་ཅད་གཉིས་མེད་ཅིང་། །ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས། །ཞེས་གང་སྨོས་པའོ། །འདིས་ནི་ཆོས་ཐམས་ཅད་རང་བཞིན་མེད་

པས་སྟོང་པ་ཉིད་དུ་བསྟན་ཏོ། །དེ་ཉིད་ཀྱིས་ནི་མཚན་མ་མེད་པ་དང་། སྨོན་པ་མེད་པར་ཡང་ཤེས་པར་བྱ་སྟེ། དེ་ལ་འགྲོ་བ་རྣམས་རྒྱུ་མཚན་མེད་པས། སྐྱེ་བ་མེད་པ་ཉིད་མཚན་མ་མེད་པ་ཡིན་ཏེ། དེ་སྐད་དུ་ཡང་། བདག་ལས་མི་སྐྱེ་གཞན་ལས་མིན། །གཉིས་ལས་མ་བྱུང་རྒྱུ་

མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །མ་སྐྱེས་པས་ངོ་བོ་ཉིད་མེད་ན། ཅི་ཞིག་ལ་སྨོན་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་སྨོན་པ་མེད་པར་ཡང་འགྱུར་རོ། །ལྷའི་རྣལ་འབྱོར་ཡང་ཚུལ་དེ་ཉིད་ཀྱིས་གཉིས་སུ་མེད་པར་བསྟན་པའི་

ཕྱིར། གཟུགས་སྟོད་ཐོག་མ་མཐར་ཐུག་དང་། །དབུ་མ་མཉམ་པར་གནས་པའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་སྟེ། ཉེ་བར་མཚོན་པའི་དོན་གྱིས་ཁམས་ལས་སོགས་པའི་བར་དུ་གཟུང་ངོ་། །སྟོང་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་གསུམ་གྱི་རང་

བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ཐོག་མ་མཐར་ཐུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ཡང་ན་ཐོག་མ་ནི་ལྷའི་རྣལ་འབྱོར་རྩོམ་བཞིན་པ་ནའོ། །དབུས་ནི་རྫོགས་བཞིན་པ་ནའོ། །ཐ་མ་ནི་འགྱུར་བ་བཞིན་པ་ནའོ། །མཉམ་པར་གནས་པ་ནི་སྟོང་ཞིང་གཉིས་སུ་མེད་པའི་མཐར་ཐུག་པའོ། །དག་

Vol. 24 · folio 179b

དང་མ་དག་དབུ་མ་ནི། །འགའ་ཞིག་གིས་ནི་མཉམ་པར་བལྟ། །ཞེས་བྱ་བ་ལ་མ་དག་པ་ནི་སྲེད་པ་དང་བཅས་པའོ། །དག་པ་ནི་དེ་ལས་བཟློག་པའོ། །དབུ་མ་ནི་དག་པ་དང་། མ་དག་པའི་མཐའ་དང་བྲལ་བ་སྟེ། རོ་གཅིག་ཏུ་མཉམ་པའོ། །འབའ་ཞིག་ཅེས་བྱ་བ་ནི་གཉིས་མེད་པའོ། །བལྟ་བ་

ནི་དེར་དམིགས་པའོ། །ཡང་ན་དག་པ་ནི་གཙང་མའོ། །མ་དག་པ་ནི་གཞན་ནོ། །ལྷག་མ་སྔར་བཤད་པ་བཞིན་ནོ། །དེ་ཉིད་ཉེ་བར་བཤད་པའི་ཕྱིར། བསྟེན་དང་བསྟེན་མིན་དབུ་མ་ཡི། །ཞེས་བྱ་བ་སྨས་ཏེ། བསྟེན་བྱ་ཞེས་བྱ་བ་ནི་བགྲོད་པར་བྱ་བའོ། །བསྟེན་མིན་ནི་བགྲོད་པར་བྱ་བ་མ་ཡིན་

ནོ། །དབུ་མ་ནི་གཉིས་པ་སྤངས་པ་སྟེ། དེ་ཉིད་ནི་མཉམ་པ་ཉིད་དོ། །དེ་ཉིད་བསྟན་པའི་ཕྱིར། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་ཞེས་བྱ་བ་ནི་སེམས་སོ། །ལས་བྱུང་བ་ཞེས་བྱ་བ་ནི། རང་རིག་པའི་སེམས་ཀྱང་མཉམ་པ་ཉིད་ཀྱི་མཐར་ཐུག་པ་ཞེས་བྱ་བའི་དོན་ཏོ། །ལུས་

ནི་མཉམ་པར་གནས་པ་སྟེ། །ཞེས་བྱ་བ་ནི་སྔར་སྨོས་པའི་ཚུལ་གྱིས་ཆོས་ཉིད་མཉམ་པ་ཉིད་དུ་མཐར་ཐུག་པའོ། །དག་ཀྱང་མཉམ་པར་གནས་ནས་སུ། །ཞེས་བྱ་བ་ནི་དག་ཀྱང་མཉམ་པ་ཉིད་དུ་གཏུགས་པ་སྟེ། འདི་དག་གི་དོན་ནི་ཇི་ལྟར་སེམས་རིག་པ་དང་རིག་པར་བྱ་བའི་རྣམ་པ་རྣམས་

མི་རང་བའི་ཕྱིར། མཉམ་པ་ཉིད་ཀྱི་མཐར་ཐུག་པ་ལྟར། ལུས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་དང་། ཇི་ལྟར་ལུས་རྡུལ་ཕྲ་རབ་ཏུ་གཞིག་པས། གང་ན་ཡང་མི་གནས་པ་ལྟར་སེམས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་དང་། ཇི་ལྟར་ལུས་དང་སེམས་རང་བཞིན་མེད་པ་ལྟར་ངག་ཀྱང་སྒྲ་བརྙན་དང་འདྲ་

བར་དོན་དམ་པར་རང་བཞིན་མེད་དེ། མཉམ་པ་ཉིད་ཀྱི་མཐར་ཐུག་གོ་ཞེས་བྱ་བ་འདི་ཡིན་ནོ། །དེ་སྐད་དུ་ཡང་། ཁྱེད་ཀྱིས་སེམས་ལུས་ལྟ་བུ་དང་ལུས་སེམས་ལྟ་བུ་དང་། ངག་སེམས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག་ཅེས་གང་གསུངས་པ་ཡིན་ནོ། །དེ་དག་

གིས་ཅིར་འགྱུར་ཞེ་ན། མཉམ་ཉིད་ཡེ་ཤེས་ལས་བྱུང་བས། །མཉམ་པའི་ལྟ་བས་བལྟ་བར་བྱ། །ཞེས་བྱ་བ་སྨོས་ཏེ་གོ་སླའོ། །སླར་གསོལ་བ། མཉམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟ་བུ་ཞེས་བྱ་བ་ནི། མཉམ་པའི་ལྟ་བ་ཇི་ལྟར་བསྐྱེད། །ཅེས་བྱ་བའི་དོན་ཏོ། །

Vol. 24 · folio 180a

གཉིས་མེད་ཆོས་ཞེས་བགྱི་བ་ཡི། །བདག་ཉིད་ཇི་ལྟར་འཚལ་བར་བགྱི། །ཞེས་བྱ་བ་ལ། བདག་ཉིད་ནི་བདག་གི་ཕུང་པོ་ལ་སོགས་པའོ། །གཉིས་མེད་ཆོས་ཞེས་བྱ་བ་ནི་མཚན་ཉིད་དང་བྲལ་བའི་ལྷའི་རྣལ་འབྱོར་ཏེ། ཇི་ལྟར་འཚལ་བར་བགྱི་ཞེས་བྱ་བ་ནི་མངོན་

སུམ་དུ་ཇི་ལྟར་བགྱི་ཞེས་བྱ་བའི་དོན་ཏོ། །ལན་གསུངས་པ་གཉིས་མེད་ཅེས་བྱ་བ་ལ་སོགས་པ་ལ། ཇི་བཞིན་དེ་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་ཅིང་མ་སླུ་བ་སྟེ། དེའི་མཚན་ཉིད་ཅན་ཇི་ལྟར་བསྐྱེད་པར་བྱ་བ་རྡོ་རྗེས་ཉོན་ཞེས་བྱ་བར་སྦྱར་རོ། །དངོས་པོ་གཉིས་ཞེས་བྱ་བ་ལ་སོགས་པ་

ནི་གོ་སླའོ། །རྣལ་འབྱོར་ཀུན་གྱི་ཐོག་མ་རུ། །དག་པ་རྣམ་གསུམ་བརྗོད་པར་བྱ། །ཞེས་བྱ་བ་ལ་ཐོག་མ་ནི་དང་པོ་སྟེ། ལྷའི་རྣལ་འབྱོར་ཐམས་ཅད་ཀྱི་དང་པོར་འོག་ནས་འབྱུང་བའི་སྔགས་གསུམ་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ། སྭ་བྷཱ་ཝ་ཞེས་བྱ་བ་ལ་སོགས་པ་

ལ། སྭ་བྷཱ་ཝ་ཞེས་བྱ་བ་ནི་བདེན་པ་དང་མི་བདེན་པ་དང་རྟག་པ་དང་། མི་རྟག་པ་དང་། ཡོད་པ་དང་། མེད་པ་དང་། བླང་བ་དང་། དོར་བར་བྱ་བ་དང་། གཟུང་བ་དང་། འཛིན་པ་ལ་སོགས་པའི་མཚན་ཉིད་དོ། །ཤུདྡྷ་ནི་སྟོང་པ་ཉིད་དེ་ངོ་བོ་མེད་པའོ། །ཅི་ཞིག་ཅེ་ན། སརྦ་དྷརྨཱ་

སྟེ་སྐྱེ་བ་དང་གནས་པ་དང་འཇིག་པའི་མཚན་ཉིད་འཛིན་པས་ན་དྷརྨྨ་སྟེ་ཕུང་པོ་ལ་སོགས་པའོ། །དེ་རྣམས་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ལྟར་བདག་ཀྱང་དེ་དང་འདྲ་བའོ་ཞེས་བསྟན་པའི་ཕྱིར། སྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བྱ་བ་སྨོས་ཏེ། གློ་བུར་བའི་དྲི་མ་རྣམས་བསལ་བའི་ཕྱིར། རང་བཞིན་

རྣམ་པར་དག་པ་ལ་དམིགས་པར་བྱའོ་ཞེས་བྱ་བར་དགོངས་སོ། །བཛྲ་ཤུདྡྷ་ཞེས་བྱ་བ་ལ། བཛྲ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། ཤུདྡྷ་ནི་གཟུང་བ་ལ་སོགས་པ་ངོ་བོ་ཉིད་མེད་པའོ། །ཡོ་ག་ཤུདྡྷ་ཞེས་བྱ་བ་ལ། ཡོ་ག་ནི་ལྷའི་རྣལ་འབྱོར་རོ། །ཤུདྡྷ་ནི་ཐ་མལ་པའི་རང་བཞིན་དང་

བྲལ་བའོ། །བླ་མེད་ཉིད་དུ་བྱས་ནས་ནི། །ཐལ་མོ་སྦྱར་ནས་དེ་དག་བརྗོད། །ཅེས་བྱ་བ་ནི་བླ་ན་མེད་པའི་ཡེ་ཤེས་མངོན་སུམ་དུ་བྱ་བའི་ཕྱིར། སྔགས་དེ་དག་བརྗོད་པར་བྱ་བ་སྟེ། འདི་ལྟར་རང་གི་སྙིང་གར་རང་གི་སྙིང་པོ་བལྟས་ལ། སྙིང་པོ་དེ་ལས་འཕྲོས་པའི་འོད་ཟེར་གྱིས་

Vol. 24 · folio 180b

བླ་མ་དང་རང་གི་འདོད་པའི་ལྷ་སྣང་བར་བྱས་ནས། མེ་ཏོག་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་མཆོད་པ་བྱས་ནས་ཐལ་མོ་སྦྱར་ཏེ་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བསོད་ནམས་ཡོངས་སུ་བསྔོ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བདག

ཉིད་ངེས་པར་དབུལ་བ་དང་། ལམ་བསྟེན་པར་དམ་བཅའ་བྱས་ལ། བྱམས་པ་ལ་སོགས་པ་བསྒོམས་ནས་བླ་ན་མེད་པའི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར། དག་པ་རྣམ་པ་གསུམ་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། ཡིད་དུ་འོང་

བའི་ས་ཕྱོགས་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་རི་བོ་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་ལ་ལ་དག་ཏུ་བརྟེན་ནས། ལྷའི་བསམ་གཏན་བརྩམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གནས་སྦྱང་བ་གསུངས་པ། བླ་རེ་ཞེས་བྱ་བ་ལ་སོགས་པ་ལ། བ་དན་

ཞེས་བྱ་བ་ནི་ཉ་དང་ངང་པ་ལ་སོགས་པའི་རི་མོ་མེད་པའོ། །རྒྱལ་མཚན་ཞེས་བྱ་བ་ནི་རི་མོ་དང་བཅས་པའོ། །གནས་བཅུ་དག་ནི་ཀུན་དུ་ཡང་། །དེ་བཞིན་དྲི་ཡི་དཀྱིལ་འཁོར་བྱ། །ཞེས་བྱ་བ་ནི་བསམ་གཏན་རྩོམ་པའི་དུས་སུ་དེ་བཞིན་སུ་དེ་བཞིན་དུ་དྲི་ཞིམ་པོའི་མཎྜལ་བྱ་སྟེ། གནས་བཅུ་

ཞེས་བྱ་བ་ནི་ས་གཞི་ལ་མཎྜལ་གྲུ་བཞི་པ་ཆེན་པོ་གཅིག་བྱས་ལ། སྟེང་དུ་དྲིའི་ཐོག་མར་གཏོར་བས་ཕྱོགས་བཅུར་ཁྱབ་པར་མཎྜལ་བྱས་པ་ཉིད་དུ་འགྱུར་རོ། །མཆོད་པ་ལ་སོགས་པའི་རྗེས་ལ། བདག་ཉིད་ཡེ་ཤེས་མཁའ་འགྲོ་མར་སྐད་ཅིག་ཙམ་གྱིས་བསྐྱེད་ལ། ས་སྦྱང་བ་ལ་

སོགས་པ་ཐམས་ཅད་བྱའོ་ཞེས་བསྟན་པའི་ཕྱིར། སྐད་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་ནི་ཡུད་ཙམ་གྱིས་སོ། །ཡེ་ཤེས་མཁའ་འགྲོ་ནི་ཡེ་ཤེས་མཁའ་འགྲོ་འབའ་ཞིག་ཏུའོ། །གཟུང་བ་ནི་སྐྱེས་པའོ། །བདག་ཉིད་མཆོད་པས་མཉེས་པར་བྱ། །ཞེས་བྱ་བ་ནི་

ལྷའི་དཀྱིལ་འཁོར་དུ་བསྒོམ་པར་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་གོ་རིམས་གསུངས་པ། ལག་པ་གན་རྐྱལ་བཞག་ནས་སུ། །ཞེས་བྱ་བ་ལ་སོགས་པ་ལ། འདིར་མན་ངག་ལས་ཐོག་མ་ཁ་ནུབ་ཕྱོགས་སུ་བལྟས་ཏེ་བསམ་གཏན་བརྩམ་པར་བྱའོ་ཞེས་བྱའོ་ཞེས་འབྱུང་བས། དང་པོ་ནུབ་ཕྱོགས་སུ་

Vol. 24 · folio 181a

ཁ་བལྟས་ལ། ལག་པ་གཡས་པ་ཐལ་མོ་གན་རྐྱལ་དུ་བརྐྱང་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་འབར་བ་བསྒོམས་ལ། དེས་དབུས་སུ་བསྣུན་ནས། ཤར་ལ་སོགས་པའི་གནས་བཞིར་ཡང་གཡོན་སྐོར་གྱིས་ཐལ་མོ་བསྣུན་ལ། ཨོཾ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་བརྗོད་ནས།

ས་འོག་རིམ་པ་བདུན་གྱི་བར་གྱི་ས་གཞི་རྡོ་རྗེའི་རང་བཞིན་དུ་བསྒོམས་ཏེ། སྔར་སྨོས་པའི་ཚུལ་གྱིས་ར་བ་ལ་སོགས་པ་བསྒོམ་པར་བྱའོ། །སྔགས་དེ་ཉིད་གསུངས་པ། ཕྱག་འཚལ་ཞེས་བྱ་བ་ལ་སོགས་པ་ལ། འཇོམས་པ་ཞེས་བྱ་བ་ནི་ཡི་གེ་ཕཊ་དོ། །ལྷག་མ་ནི་གོ་སླའོ། །ལྷུན་

པོ་ཞེས་བྱ་བ་ལ་སོགས་པ་ལ། དེའི་འོག་ཏུ་ཡི་གེ་ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བ་ཡོངས་སུ་གྱུར་པ་ལས་བྱུང་བའི་རི་བོ་ལྷུན་པོ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་གྱི་སྟེང་དུ་གསེར་ལས་བྱུང་བའི་གྲོང་ཁྱེར་རིན་པོ་ཆེ་སྣ་བདུན་གྱིས་སྤྲས་པ། ཇི་ལྟར་འདོད་པ་བཞིན་ཡང་དག་པར་བསྒོམས་ནས། དེར་

བཅོམ་ལྡན་འདས་མ་བསྒོམ་པར་བྱའོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །ཕྱག་རྒྱ་ཀུན་གྱི་ཐོག་མར་ནི། །དམ་ཚིག་ཕྱག་རྒྱ་བཅིང་བར་བྱ། །ཞེས་བྱ་བ་ནི་བསྟེན་པར་ཞེས་བྱ་བར་སྦྱར་ཏེ། གསེར་གྱི་གྲོང་ཁྱེར་དུ་བཅོམ་ལྡན་འདས་མ་བསྒོམས་ལ། དང་པོ་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་བསྟེན་

པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་དེ་ཉིད་གསུངས་པ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། གཡོན་པ་སྙིང་གར་བཞག་ནས་སུ། །གཡས་པ་མཚན་ཁུང་གཞུག་བྱ་བ། །དམ་ཚིག་ཕྱག་རྒྱར་ཤེས་པར་བྱ། །ཞེས་བྱ་བ་སྟེ་གོ་སླའོ། །སྔགས་གསུངས་པ། ཕྱག་འཚལ་ཞེས་

བྱ་བ་ལ་སོགས་པ་ལ། བསྲེག་པ་ཞེས་བྱ་བ་ནི་སྭཱ་ཧཱའོ། །ཇི་ལྟར་ཞེས་བྱ་བ་ནི་ཇི་བཞིན་དུ་བལྟའོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་ཅེ་ན། རྡོ་རྗེའི་དངོས་པོའི་ས་བོན་ཞེས་བྱ་བ་སྟེ་ཡི་གེ་ཧཱུཾ་ངོ་། །བསྡུས་པས་ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །ད་ནི་གདན་བསྟན་

པར་བྱ་བའི་ཕྱིར། སེང་གེའི་གདན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་ལྔ་ཞེས་བྱ་བ་ནི་དབུས་དང་། ཤར་དང་། བྱང་དང་། ནུབ་དང་། ལྷོའི་གནས་རྣམས་སུའོ། །བྱང་ཤར་ལ་སོགས་པའི་གནས་རྣམས་སུ་ནི་གླང་པོ་ཆེ་ལ་སོགས་པའི་སྟན་ཡིན་ཏེ། འོག་ནས་སྟོན་པར་

Vol. 24 · folio 181b

འགྱུར་རོ། །ཉི་མའི་གདན་ནི་བསམས་ནས་སུ། །ཞེས་བྱ་བ་ནི། ཐམས་ཅད་ཀྱི་ཐུན་མོང་དུ་ཉི་མའི་དཀྱིལ་འཁོར་གྱི་སྟན་བསྒོམ་པ་སྟེ། སྟན་བསྒོམ་པ་སྔོན་དུ་འགྲོ་བས་ཉི་མའི་དཀྱིལ་འཁོར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །རང་གི་དབུགས་ལས་བྱུང་བ་ཡི། །ཞེས་བྱ་བ་ནི་

དམ་ཚིག་སེམས་མ་རྣམས་བསྒོམས་ནས་བདག་གི་ལུས་ལས་ཡེ་ཤེས་སེམས་མ་རྣམས་ཕྱུང་སྟེ། དམ་ཚིག་སེམས་མ་རྣམས་ལ་ཐིམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་མཁའ་འགྲོ་དབུས་སུ་བསམ། །ཞེས་བྱ་བ་ནི་དབུས་ཀྱི་སེང་གེའི་གདན་ལ་ཡེ་ཤེས་མཁའ་འགྲོ་མ་

བསྒོམ་པའོ། །དེའི་ཁྱད་པར་བསྟན་པའི་ཕྱིར། ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྲ་གྲོལ་བས་ནི་གཡོགས་པ་ལ། །སངས་རྒྱས་ལྔ་ཡིས་མཛེས་པར་བྱས། །ཞེས་བྱ་བ་ནི་སྐྲ་ལྷུག་པར་གྲོལ་བའི་ཅོན་པན་དུ་སངས་རྒྱས་ལྔ་འཕྲོ་བས་བརྒྱན་པའོ་ཞེས་བྱ་བའི་དོན་

ཏོ། །བཞད་དང་ཁྲོ་དང་སྒེག་པ་ཡི། །ཞལ་གསུམ་པོ་ཞེས་བྱ་བ་ལ། །སྒེག་པ་ནི་རྩ་བའི་ཞལ་ལོ། །བཞད་པ་ནི་གཡོན་པའི་ཞལ་ལོ། །ཁྲོ་བ་ནི་གཡས་ཀྱི་ཞལ་ལོ། །དབུས་སུ་མཁས་པས་བསྒོམ་པར་བྱ། །ཞེས་བྱ་བ་ནི་དབུས་ཀྱི་སྟན་ལ་ཡེ་ཤེས་མཁའ་འགྲོ་མ་ནམ་མཁའི་

ཁམས་རྣམ་པར་དག་པར་ཤེས་པའི་མཁས་པས་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་བརྡ་ཕྲད་པར་ཟད་དོ། །ཡེ་ཤེས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་བདག་གི་ཆུ་ལས་བྱུང་བ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཆུའི་ཁམས་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མེ་ལ་

སོགས་པ་ལ་ཡང་སྦྱར་བར་བྱ་སྟེ། ཆུའི་ཁམས་ལ་སོགས་པའི་ཁམས་རྣམ་པར་དག་པའི་རྡོ་རྗེ་སྒྲོལ་མ་ལ་སོགས་པ་རྣམས་ཤར་ལ་སོགས་པའི་གནས་རྣམས་སུ་གཡོན་སྐོར་གྱིས་དགོད་པར་བལྟ་བར་བྱའོ། །བདག་དངོས་ལྔ་ལས་བྱུང་བ་ཡི། །ཞེས་བྱ་བ་ལ་སོགས་པ་

ནི་ཉེ་བར་བསྡུ་བ་སྟོན་པ་ཡིན་ཏེ། དངོས་པོ་ལྔ་ནི་ནམ་མཁའ་ལ་སོགས་པའི་འབྱུང་བའོ། །བྱུང་བ་ནི་རང་བཞིན་ནོ། །ཅི་ཞིག་ཅེ་ན། མཁའ་འགྲོ་མ་ནི་ལྔ་ཞེས་བྱ་བ་སྨོས་ཏེ། ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་རྣམས་སོ། །ལྔ་པོ་ཞེས་བྱ་བ་ནི་མཁའ་འགྲོ་མ་ལྔའོ། །

Vol. 24 · folio 182a

ལྔ་རུ་ཞེས་བྱ་བ་ནི་ཡེ་ཤེས་ལྔ་རུའོ། །ཡང་ན་རེ་རེ་ཞིང་ཡང་ཡེ་ཤེས་ལྔ་ལྔར་རོ། །བསྒོམ་པ་ནི་ལྷག་པར་མོས་པའོ། །གཟུགས་རྫོགས་ཤིན་ཏུ་མཛེས་པ་ཡིན། །ཞེས་བྱ་བ་ནི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་ཅིང་ཤིན་ཏུ་ཡིད་དུ་འོང་བའོ། །ལྷག་

མ་ནི་བརྡ་ཕྲད་པར་ཟད་དོ། །དབང་ལྡན་ཞེས་བྱ་བ་ལ་སོགས་པ་ལ། སེང་གདོང་ནི་སེང་གེའི་ཞལ་ཅན་ནོ། །ཁ་དོག་དཀར་ཞིང་སེར་བ་ཞེས་བྱ་བ་ནི་ས་གཞིའི་མདོག་དང་རྗེས་སུ་མཐུན་པའོ། །རྡོ་རྗེ་ལྕགས་ཀྱུ་སྡིགས་མཛུབ་ཅན། །ཞེས་བྱ་བ་ནི་ཕྱག་གཡས་ཀྱིས་རྡོ་རྗེས་མཚན་པའི་

ལྕགས་ཀྱུ་བསྣམས་ཤིང་གཡོན་པས་སྡིགས་མཛུབ་མཛད་པའོ། །ལྷག་མ་ནི་དོན་གསལ་ལོ། །མེ་མཚམས་ཞེས་བྱ་བ་ལ་སོགས་པ་ལ། རིན་ཆེན་བདུན་ཞེས་བྱ་བ་ནི་རིན་པོ་ཆེ་སྣ་བདུན་གྱིས་བཀང་བའི་བུམ་པའོ། །ཁ་དོག་དཀར་ཞིང་སྔོ་ཞེས་བྱ་བ་ནི་འདིར་ཡང་

སའི་ཆ་བཞིན་ནོ། །ལག་ན་ལྕགས་ཀྱུས་བརྒྱན་པ་སྟེ། །ཞེས་བྱ་བ་ནི་ལག་པ་གཡས་ཀྱིས་ལྕགས་ཀྱུ་ཐོགས་པས་མཛེས་པའོ། །གཡོན་པ་སྡིགས་མཛུབ་ཞགས་པ་ཅན། །ཞེས་བྱ་བ་ལ། མཛུབ་མོ་བསྡིགས་ཤིང་ཞགས་པ་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ལག་

པ་གཡོན་པའོ། །བདེན་བྲལ་ཞེས་བྱ་བ་ལ་སོགས་པ་ལ། མདོག་ནི་དམར་ཞིང་སྔོ་བ་སྟེ། །ཞེས་བྱ་བ་ནི་འདིར་ཡང་ས་ཕྱོགས་ཀྱི་ཆ་གཉིས་འདུས་པའི་མདོག་གིས་ལྷ་མོའི་ཁ་དོག་ཏུ་བལྟའོ། །ཕྱག་གཉིས་ལྕགས་ཀྱུ་ཞགས་པ་དང་། །སྡིགས་མཛུབ་ཀྱིས་ནི་ཤིན་ཏུ་མཛེས། །

ཞེས་བྱ་བ་ལ། འདིར་ཡང་གཡས་པ་ལྕགས་ཀྱུས་བརྒྱན་པ་དང་། ལྷག་མ་ཅིག་ཤོས་ཀྱིས་མཛེས་པར་བལྟའོ། །རླུང་མཚམས་ཞེས་བྱ་བ་ལ་སོགས་པ་ལ། ཁ་དོག་སེར་ཞིང་དམར་བ་སྟེ། །ཞེས་བྱ་བ་ནི་འདིར་ཡང་སྔ་མ་བཞིན་ནོ། །ཀླུ་ཡི་སྟན་ལ་ཡང་དག་བཞུགས། །

ཞེས་བྱ་བ་ནི། སྦྲུལ་འཁྱིལ་པའི་སྟན་ལ་བཞུགས་པའོ། །རྒྱན་དུའང་དེ་ཉིད་སྦྱར་བར་བྱ། །ཞེས་བྱ་བ་ནི་སྤྱི་གཙུག་གི་ནོར་བུ་ལ་སོགས་པའི་རྒྱན་ཡང་ཀླུ་ཆེན་པོ་བརྒྱད་ཀྱིས་བྱས་པའོ། །སྡིགས་མཛུབ་ལྕགས་ཀྱུ་ཞགས་པ་བསྣམས། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་སྦྱར་བའོ། །

Vol. 24 · folio 182b

དབུས་ཀྱི་མཁའ་འགྲོ་མ་བརྒྱད་ཅེས་བྱ་བ་ནི་དབུས་ཀྱི་ཕོ་བྲང་ན་གནས་པའི་སེང་གེ་མོ་ལ་སོགས་པ་མཁའ་འགྲོ་མ་རྣམ་པ་བརྒྱད་བཤད་པ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། ལྷག་མ་ནི་གོ་སླའོ། །ཕོ་བྲང་གི་ཕྱི་རིམ་ན་གནས་པ་བསྟན་པར་བྱ་བའི་ཕྱིར། ཕྱི་རོལ་དག་ནི་རྣམ་བཞི་ལ། །ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། ཕོ་བྲང་གི་ཕྱི་རིམ་གྱི་སྒོ་བཞི་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ། ཤར་དུ་མཁའ་འགྲོ་རྒྱལ་དབང་མོ། །ཞེས་བྱ་བ་ལ་སོགས་པ་ལ་རྒྱལ་དབང་མོ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་བོད་པའོ། །ཤར་དུ་ནི་ཤར་སྒོར་རོ། །མཁའ་འགྲོ་

ནི་མཁའ་འགྲོ་མ་ཞེས་བྱ་བའི་མིང་ཅན་ནོ། །ཡི་དྭགས་ཀྱི་སྟན་ནི་རོའི་སྟན་ནོ། །ལག་གཉིས་ཁ་རུ་བཅུག་ནས་ནི། །ཧ་ཧར་བཞད་པས་ཤིན་ཏུ་འབར། །ཞེས་བྱ་བ་ནི་གང་གིས་ལག་པ་གཉིས་ཀྱི་ཐལ་མོ་ཁར་བཅུག་ནས་སོའི་འོད་སྣང་བ་དང་བཅས་པར་དགོད་པ་དེ་ལ་དེ་སྐད་ཅེས་བྱའོ། །

ལྷག་མ་ནི་གོ་སླའོ། །བྱང་དུ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ནི་བྱང་སྒོར་རོ། །འབར་མ་ནི་འབར་མ་ཞེས་བྱ་བའོ། །སྤྱི་བོའི་སྟེང་དུ་ལག་པ་གཉིས། །ཐལ་སྦྱར་མེ་མར་ལྟ་བུར་འབར། །ཞེས་བྱ་བ་ནི་གང་གིས་ལག་པ་གཉིས་ཀྱི་འོད་མེ་མར་ལྟར་འབར་བའི་ཐལ་མོ་མགོའི་སྟེང་དུ་སྦྱར་

བ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ནུབ་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ནུབ་ནི་ནུབ་སྒོར་རོ། །འཇིབ་བྱེད་མ་ནི་འཇིབ་བྱེད་མ་ཞེས་བྱ་བའོ། །ལག་གཉིས་སྙིམ་པར་སྦྱར་བ་ནས། །ཁྲག་གི་རྒྱུན་ནི་འཐུང་བར་མཛད། །ཅེས་བྱ་བ་ནི། གང་གིས་ལག་པ་གཉིས་ཀྱི་སྙིམ་པ་ནས་སྐུད་པ་

དང་འདྲ་བའི་ཁྲག་གི་རྒྱུན་འཛག་པ་འཐུང་བ་དེ་ལ་དེ་སྐད་ཅེས་བྱ་བའོ། །ལྷོ་རུ་ཞེས་བྱ་བ་ལ་སོགས་པ་ལ། ལྷོ་རུ་ནི་ལྷོ་སྒོར་རོ། །འཕྲོག་བྱེད་མ་ནི་འཕྲོག་བྱེད་མ་ཞེས་བྱ་བར་གྲགས་པའོ། །སྡིགས་མཛུབ་དང་ནི་གཏུན་ཤིང་ཐོགས། །སེམས་ཅན་སེམས་ནི་རྨོངས་

པར་བྱེད། །ཅེས་བྱ་བ་ནི། གང་གིས་ཕྱག་གཡས་ཀྱིས་གཏུན་ཤིང་ཐོགས་ནས། གཡོན་པས་བསྡིགས་པས་སེམས་ཅན་རྣམས་ཀྱི་སེམས་རྨོངས་པ་སྟེ། དབང་དུ་སྡུད་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་གོ་སླའོ། །ཉེ་བར་བསྡུ་བ་བསྟན་པའི་ཕྱིར། ཀུན་རིག་

Vol. 24 · folio 183a

པས་ནི་ཐམས་ཅད་བསྒོམ། །ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་གྱིས་དཀྱིལ་འཁོར་པ་ཐམས་ཅད་ཇི་ལྟ་བ་བཞིན་བསྒོམ་མོ་ཞེས་བྱ་བ་ཡིན་ནོ། །དེ་ལ་འདིར་སེང་གེ་དང་གླང་པོ་ཆེ་ལ་སོགས་པ་དང་། ཡི་དྭགས་ཀྱི་སྟན་རྣམས་ལ། ཉི་མའི་དཀྱིལ་འཁོར་

གདུགས་དཀར་པོས་བརྒྱན་པའི་སྟེང་དུ། སོ་སོའི་ས་བོན་ཡོངས་སུ་གྱུར་པ་ལས་བྱུང་བའི་རྣལ་འབྱོར་མ་བཅུ་གསུམ་སྔར་སྨོས་པ་ལྟ་བུའི་མདོག་དང་མཚན་མ་ཅན་ཐམས་ཅད་ཀྱང་ཞབས་གཡོན་པ་སྐྱིལ་ཀྲུང་དུ་བཅས་ནས། གཡས་པ་ཅུང་ཟད་བརྐྱང་བའི་སེམས་

དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམས་ཏེ། ཁྱད་པར་དུ་སེང་གེ་མོ་ལ་སོགས་པ་རྣམས་ནི་རང་གི་མིང་དང་མཐུན་པའི་གདང་ཅན་དུ་བྱའོ། །དེ་དག་གི་ནི་གཟུགས་མདུན་དུ། །དམ་ཚིག་དག་ནི་བསྟན་པར་བྱ། ཞེས་བྱ་བ་ལ། དེ་དག་གི་མདུན་ནི་དེ་དག་གི་མིག་སྔར་

རོ། །དམ་ཚིག་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། འོག་ནས་འབྱུང་བ་རྣམས་སོ། །ནི་ཞེས་བྱ་བ་ནི་ཀྱང་ཞེས་བྱ་བའི་དོན་ཏོ། །སྔགས་ལ་ལྟོས་ནས་བསྡུ་བའོ། །སྔགས་དེ་ཉིད་བསྟན་པའི་ཕྱིར། རླུང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རླུང་ནི་ཡའོ། །མེ་ནི་

རའོ། །བདུན་ཞེས་བྱ་བ་ནི་བདུན་པ་སྟེ། རྐྱེན་མི་མངོན་པའོ། །དེ་ལ་རླུང་གི་བདུན་པ་ནི་སའོ། །མེའི་བདུན་པ་ནི་ཧའོ། །དེ་ཉིད་ནི་དོན་ཏེ་ཧ་ལའོ། །རྡོ་རྗེ་མའི་ས་བོན་ནི་ས་ཉིད་དོ། །དབྱེ་ཞེས་བྱ་བ་ནི་ཟླ་ཚེས་སུ་གཞག་པ་སྟེ། ཆོས་མཐུན་པའི་ཕྱིར་རོ། །སྒྲ་

དང་ཐིག་ལེས་ཡང་དག་མནན། །ཞེས་བྱ་བ་ལ། སྒྲ་ནི་ཨཱུ་རིང་པོ་སྟེ་དེས་ཞབས་སྐྱེད་དུ་སྦྱར་བའོ། །ཐིག་ལེས་ཡང་དག་མནན་ནི་ཐིགས་པས་སྟེང་ནས་མནན་པ་སྟེ། བསྡུས་པས་ཧཱུཾ་ཞེས་བྱ་བར་འགྱུར་རོ། །ཆར་པའི་རྒྱུན་ཞེས་བྱ་བར་བརྗོད། །ཅེས་བྱ་བ་ནི་

ཐམས་ཅད་ཀྱང་བདུད་རྩིའི་ཡི་གེ་འདུས་པའི་ཕྱིར་ཡོན་ཏན་གྱི་སྒྲས་བརྗོད་པ་ཡིན་ནོ། །ཕྱག་འཚལ་དང་པོ་སྲེག་བྱེད་མཐའ། །ཞེས་བྱ་བ་ནི་བརྡ་ཕྲད་པར་ཟད་དོ། །ཡེ་ཤེས་མཁའ་འགྲོའི་ས་བོན་ཡིན། །ཞེས་བྱ་བ་ལ། གང་གི་ཚེ་ཡེ་ཤེས་མཁའ་འགྲོ་མ་བསྐྱེད་

Vol. 24 · folio 183b

པའི་ཚེ་ནི་ས་བོན་ཧཱུཾ་འབའ་ཞིག་ལས་བསྐྱེད་པར་བྱ་ལ། །དམ་ཚིག་གི་ཕྱག་རྒྱ་སྟོན་པར་བྱེད་པའི་ཚེ་ནི། ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གཞན་དག་ལ་ཡང་སྐྱེད་པར་བྱེད་པ་ནི་ས་བོན་འབའ་ཞིག་ཡིན་ལ། ཕྱག་

རྒྱ་བསྟན་པ་ནི་ས་བོན་དེ་དག །ཕྱག་འཚལ་སྲེག་པའི་མཐར་ལྡན་པ། །ཞེས་བྱ་བ་དང་སྦྱར་བར་བྱའོ། །དབྱངས་ཐོག་ས་བོན་དང་པོ་ནི། །ཞེས་བྱ་བ་ལ། དབྱངས་ཀྱི་ཐོག་མའི་ས་བོན་ནི་ཡི་གེ་ཨའོ། །དེ་ཉིད་ནི་དང་པོ་སྟེ། ཡེ་ཤེས་མཁའ་འགྲོ་མའི་

ས་བོན་མ་གཏོགས་པ་ས་བོན་ལྷག་མ་བཅུ་གཉིས་ཀྱི་དང་པོ་ཡིན་པའི་ཕྱིར་རོ། །ཕྱག་འཚལ་དང་པོ་སྲེག་བྱེད་མཐའ། །ཞེས་བྱ་བ་ནི། འདིའི་སྔགས་བཏུ་བ་བསྟན་པ་སྟེ། ཨ་ཡི་དང་པོར་ཕྱག་འཚལ་ཏེ། །ཨོཾ་སྦྱིན་ལ་ཨའི་མཐའ་མར་ནི་སྲེག་བྱེད་དེ་སྭཱ་ཧཱ་སྦྱིན་པར་

བྱ་སྟེ། འདི་ནི་ཐམས་ཅད་དུ་བལྟ་བར་བྱའོ། །ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མའོ། །ས་བོན་དུ་ནི་རབ་ཏུ་གྲགས། །ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མ་སྐྱེད་པར་བྱེད་པའི་ས་བོན་ནི་ཨ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྡུས་པས་ཨོཾ་ཨ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །དབྱངས་

ཀྱི་ཡི་གེ་གཉིས་པ་ནི། །ཞེས་བྱ་བ་ནི་དབྱངས་ཀྱི་སྡེ་ཚན་གྱི་ཡི་གེ་གཉིས་པ་ཨའོ། །ཕྱག་འཚལ་སྲེག་བྱེད་སྦྱར་བར་བྱ། །ཞེས་བྱ་བ་ནི་བཤད་ཟིན་ཏེ། བསྡུས་པས་ཨོཾ་ཨ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །འདི་ཞེས་བྱ་བ་ནི་ཨའོ། །མཁའ་འགྲོ་དྲག་མོའི་ས་བོན་

ཡིན། །ཞེས་བྱ་བ་ནི་བརྡ་ཕྲད་པར་ཟད་དོ། །ས་བོན་དག་ནི་འདི་ཉིད་ལ། །ཞེས་བྱ་བ་ནི་ས་བོན་ཨ་འདི་ཉིད་ལའོ། །དབྱུག་པ་གློ་རུ་གཞག་པར་བྱ། །ཞེས་བྱ་བ་ནི། ཨ་རིང་པོ་དེ་ཉིད་ཀྱི་སྟེང་གི་གློར་ཡང་དབྱུག་པ་ལྟ་བུའི་རི་མོ་རིང་དུ་དྲང་བའོ། །ཕྱག་འཚལ་ཞེས་བྱ་བ་

ལ་སོགས་པ་བཤད་ཟིན་ཏེ། བསྡུས་པས་ཨོཾ་ཨཱཿ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །རོ་ལངས་མའི་ཞེས་བྱ་བ་ནི་རོ་ལངས་མའི་ས་བོན་ནོ། །ས་བོན་དག་ནི་འདི་ཉིད་ལ། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །སྟེང་དུ་ཐིག་ལེ་སྦྱིན་པར་བྱ། །ཞེས་བྱ་བ་ནི་གོ་སླའོ། །

Vol. 24 · folio 184a

ཨོཾ་ཞེས་བྱ་བར་འགྱུར་རོ། །ཕྱག་འཚལ་ཞེས་བྱ་བ་ལ་སོགས་པ་ལ་བསྡུས་པས་ཨོཾ་ཨཾ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །གཏུམ་པ་ཡི་ནི་དབང་མོ་ཡིན། །ཞེས་བྱ་བ་ནི་ས་བོན་ཞེས་བྱ་བ་དང་སྦྱར་རོ། །མ་ནིང་ས་བོན་དང་པོ་ནི། །ཞེས་བྱ་བ་ལ་མ་ནིང་

གི་ཡི་གེ་ནི་རྀ་རཱྀ་ལྀ་ལཱྀ་བཞི་ཡིན་ལ། དེ་དག་གི་དང་པོ་ནི་ཡི་གེ་རྀའོ། །ཕྱག་འཚལ་ཞེས་བྱ་བ་ལ་སོགས་པ་ལ་བསྡུས་པས་ཨོཾ་རྀ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །མ་ནིང་ས་བོན་གཉིས་པ་ནི། །ཞེས་བྱ་བ་ནི་སྔར་སྨོས་པའི་ཚུལ་གྱིས་ཡི་གེ་རཱྀ་སྟེ།

བསྡུས་པས་ཨོཾ་རཱྀ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །དེ་བཞིན་མ་ནིང་ས་བོན་གསུམ། །ཞེས་བྱ་བ་ནི་ཚུལ་དེ་བཞིན་དུ་གསུམ་པ་སྟེ་ཡི་གེ་ལྀའོ། །བསྡུས་པས། ཨོཾ་ལྀ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །མ་ནིང་ཡི་གེ་བཞི་པ་ལ། །ཞེས་བྱ་བ་ནི་ཡི་གེ་ལཱྀའོ། །བསྡུས་པས་ཨོཾ་

ལཱྀ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །ཧཱུཾ་བྱེད་འུག་པ་མོ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་འུག་པའི་སྒྲའི་གཙོ་བོ་ཡིན་པའི་ཕྱིར་རོ། །སྡེ་ཚན་དག་ནི་ལྔ་པ་ཡི། །ཡི་གེ་དག་ནི་གཉིས་པ་གཟུང་། །ཞེས་བྱ་བ་ནི་ཡི་གེ་ཕའོ། །ས་བོན་ཞེས་བྱ་བ་ནི་དེ་ཉིད་དོ། །རྩ་བ་ཞེས་བྱ་བ་ཐིག་ལེའོ། །

སྒྲ་ཞེས་བྱ་བ་ནི་ཨུ་སྟེ་སྦྱར་བ་ནི་དེ་དག་འོག་དང་སྟེང་དུ་སྦྱིན་པའོ། །དེ་ནི་ཕུཾ་ཞེས་བྱ་བར་འགྱུར་རོ། །ཕྱག་འཚལ་ཞེས་བྱ་བ་ལ་སོགས་པ་ལ། བསྡུས་པས་ཨོཾ་ཕུཾ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །སྡེ་ཚན་དག་ནི་ལྔ་པ་ཡི། །དེ་བཞིན་ཡི་གེ་གཉིས་པ་

བཟུང་། །ཞེས་བྱ་བ་ནི་སླར་ཡང་ཕ་ཉིད་དོ། །ཨེ་དང་ཐིག་ལེ་སྦྱར་བར་བྱ། །ཞེས་བྱ་བ་ནི་ཕེཾ་བྱ་བར་འགྱུར་རོ། །ཕྱག་འཚལ་ཞེས་བྱ་བ་ལ་སོགས་པ་ལ། བསྡུས་པས་ཨོཾ་ཕེཾ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །སྡེ་ཚན་ཞེས་བྱ་བ་ལ་སོགས་པ་ཡང་སླར་ཟློས་པ་སྟེ་ཕ་ཉིད་

དོ། །ཨོཾ་དང་རེ་ཕ་ཐིག་ལེར་སྦྱར། །ཞེས་བྱ་བ་ནི་ལོགས་སུ་ར་དང་སྟེང་དུ་ཨོ་དང་ཐིག་ལེ་སྦྱིན་པ་སྟེ། ཕྲོཾ་ཞེས་བྱ་བར་འགྱུར་རོ། །ཕྱག་འཚལ་ཞེས་བྱ་བ་ལ་སོགས་པ་ལ་བསྡུས་པས་ཨོཾ་ཕྲོཾ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །སྡེ་ཚན་ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་དུ་

Vol. 24 · folio 184b

ཕའོ། །རེ་ཕ་ཐིག་ལེ་ལྕགས་ཀྱུར་སྦྱར། །ཞེས་བྱ་བ་ལ། ལྕགས་ཀྱུ་ནི་ཨི་སྟེ། ཨི་དང་ཐིག་ལེ་སྟེང་སྦྱར་ལ། །ར་ནི་འོག་ཏུ་སྦྱར་ཏེ་ཕྲིཾ་ཞེས་བྱ་བར་འགྱུར་རོ། །ཕྱག་འཚལ་ཞེས་བྱ་བ་ལ་སོགས་པ། བསྡུས་པས་ཨོཾ་ཕྲིཾ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །ལྷག་མ་ནི་བརྡ་ཕྲད་

པར་ཟད་དོ། །ད་ནི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། ཁུ་ཚུར་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་གི་དོན་ནི་ལག་པ་གཉིས་ཁུ་ཚུར་བཅིངས་པའི་གུང་མོ་གཉིས་བརྐྱང་ནས། རྩེ་མོ་སྤྲད་ལ་ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཟློས་ཤིང་། ཡེ་ཤེས་མཁའ་

འགྲོ་མའི་མདུན་དུ་བསྟན་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །ལག་པ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། ལག་པ་གཉིས་ཐལ་མོ་སྦྱར་ཏེ། མཐེ་བོ་གཉིས་ཀྱིས་གུང་མོ་གཉིས་ཀྱི་རྩར་བཙུགས་ལ་ཡང་དང་ཡང་དུ་བསྐྱོད་ནས། ཨོཾ་ཨ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་རྡོ་རྗེ་

མའི་མདུན་དུ་བསྟན་པར་བྱའོ། །ཁུ་ཚུར་ཞེས་བྱ་བ་ལ་སོགས་པ་ལ་ལག་པ་གཉིས་ཀྱི་ཁུ་ཚུར་བཅིངས་ནས། མཐེ་བོ་གཉིས་བརྐྱང་བ་འདི་ནི་དྲག་མོའི་ཕྱག་རྒྱ་སྟེ་ཨོཾ་ཨཱཿསྭཱ་ཧཱ་ཞེས་བྱ་བའི་སྔགས་དང་སྦྱར་རོ། །ཕྱག་རྒྱ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། དྲག་མོའི་

ཕྱག་རྒྱ་དེ་ཉིད་ལས་མཐེ་ཆུང་གཉིས་བརྐྱང་བ་འདི་ནི་རོ་ལངས་མའི་ཕྱག་རྒྱ་སྟེ། ཨོཾ་ཨེ་སྭཱ་ཧཱ་ཞེས་བྱ་བའི་སྔགས་དང་སྦྱར་རོ། །ཕྱག་རྒྱ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་བརྐྱང་བ་འདི་ནི་གཏུམ་མོའི་ཕྱག་རྒྱ་སྟེ། ཨོ་ཨཱཾ་སྭཱ་ཧཱ་ཞེས་བྱ་བའི་

སྔགས་དང་སྦྱར་རོ། །དེ་ནི་ཕྱག་རྒྱ་བཞི་པའོ་ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མ་གཏོགས་པ་དབུས་ཀྱི་རྣལ་འབྱོར་མ་བཞི་ལ་ལྟོས་ནས། འདི་ནི་གྲངས་བཞི་པའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་

མོ་གཉིས་བརྐྱང་སྟེ་ཕན་ཚུན་རྩེ་མོ་སྤྲད་པ་ནི། །མཚམས་བཞི་ཞེས་བྱ་བ་སེང་གེ་མོ་ལ་སོགས་པའི་ཕྱག་རྒྱ་ཐུན་མོང་ཡིན་ཏེ་སྔགས་ནི་སོ་སོ་དང་སྦྱར་བར་བྱའོ། །དེ་ལ་ཨོཾ་རྀ་སྭཱ་ཧཱ་ཞེས་བྱ་བ་ནི་སེང་གེ་མོ་ལ་བསྟན་པར་བྱའོ། །ཨོཾ་རཱྀ་སྭཱ་ཧཱ་ཞེས་བྱ་བ་ནི་སྟག་མོ་ལའོ། །

Vol. 24 · folio 185a

ཨོཾ་ལྀ་སྭཱ་ཧཱ་ཞེས་བྱ་བས་ནི་ཅེ་སྤྱང་མོ་ལའོ། །ཨོཾ་ལཱྀ་སྭཱ་ཧཱ་ཞེས་བྱ་བས་ནི་འུག་པ་མོ་ལའོ། །ལག་གཉིས་ཞེས་བྱ་བ་ལ་སོགས་པ་ལ། ལག་པ་གཉིས་བརྐྱང་ནས་ཐལ་མོ་ཁར་བཅུག་སྟེ། ཨོཾ་ཕུཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་ཤར་ཕྱོགས་མཁའ་

འགྲོ་མ་ལ་བསྟན་ལ། ཕྱི་ནས་ཧ་ཞེས་བྱ་བ་བརྗོད་ཅིང་རིམ་གྱིས་ཕྱག་རྒྱ་དགྲོལ་བ་འདི་ནི་མཁའ་འགྲོ་མའིའོ། །ལག་གཉིས་ཞེས་བྱ་བ་ལ་སོགས་པ་ལ་ལག་པ་གཉིས་བརྐྱང་སྟེ་སྤྱི་བོར་ཐལ་མོ་སྦྱར་བ་འདི་ནི་འབར་མའི་ཕྱག་རྒྱ་སྟེ། ཨོཾ་ཕེཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་དང་སྦྱར་རོ། །

ཕྱག་འཚལ་ཞེས་བྱ་བ་ལ་སོགས་པ་ལ་ཧཱུཾ་ཞེས་བྱ་བ་བརྗོད་པ་སྔོན་དུ་འགྲོ་བའི་ལག་པ་གཉིས་ཕྱག་འཚལ་བའི་ཐལ་མོ་སྦྱར་ཏེ་ཁར་གཞག་པ་འདི་ནི་འཇིབ་བྱེད་མའི་ཕྱག་རྒྱ་སྟེ། ཨོཾ་ཕྲོཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་དང་སྦྱར་བར་བྱའོ། །ལག་གཉིས་ཞེས་བྱ་བ་ལ་སོགས་པ་ལ།

ལག་པ་གཉིས་པདྨར་བསྐོར་བ་བྱས་ལ་དེའི་འོག་ཏུ་ཐལ་མོ་བྷ་གའི་གནས་སུ་གཞག་པ་འདི་ནི་འཕྲོག་བྱེད་མའི་ཕྱག་རྒྱ་སྟེ། ཨོཾ་ཕྲིཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་དང་སྦྱར་བར་བྱའོ། །ད་ནི་དྲི་ལ་སོགས་པའི་སྔགས་དང་ཕྱག་རྒྱ་བསྟན་པར་བཞེད་ནས། ཕྱག་འཚལ་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། ལག་པ་གཡས་པ་ཀུན་དུ་བརྐྱང་ནས་དྲིས་བྱུག་པ་ལྟར་བྱེད་པ་འདི་ནི་དྲིའི་ཕྱག་རྒྱ་སྟེ་སྔགས་ནི་ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བ་ཡིན་ནོ། །བདུད་རྩི་ཞེས་བྱ་བ་ལ་སོགས་པ་ལ། །བདུད་རྩི་ནི་ཡི་གེ་སའོ། །ར་དང་ཐིག་ལེར་བཅས་ཞེས་བྱ་བ་ནི་སའི་

འོག་ཏུ་ནི་ར་གདགས་ལ་སྟེང་དུ་ནི་ཐིག་ལེ་སྦྱིན་པར་བྱ་སྟེ། སྲཾ་ཞེས་བྱ་བར་འགྱུར་རོ། །ཕྱག་འཚལ་ཞེས་བྱ་བ་ལ་སོགས་པ་ལ་བསྡུས་པས་ཨོཾ་སྭཾ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །ཕྱག་རྒྱ་གསུངས་པ། དྲིའི་ཞེས་བྱ་བ་ལ་སོགས་པ་ལ། དྲིའི་ཕྱག་རྒྱ་ལས་མཐེ་བོ་དང་མཛུབ་

མོ་སྦྱར་བ་ནི་མེ་ཏོག་གི་ཕྱག་རྒྱའོ། །སྡེ་ཚན་ཞེས་བྱ་བ་ལ་སོགས་པ་ལ། སྡེ་ཚན་དང་པོའི་ཡི་གེ་ཀའོ། །འདིར་ཡང་། སྒྲ་དང་ཐིག་ལེར་སྦྱར་བར་བྱ། །ཞེས་བྱ་བ་དང་སྦྱར་ཏེ། འོག་ཏུ་ཨུ་གདགས་ཤིང་སྟེང་དུ་ཐིག་ལེ་བྱིན་པས་ཀུཾ་ཞེས་བྱ་བར་འགྱུར་རོ། །ཕྱག་

Vol. 24 · folio 185b

འཚལ་ཞེས་བྱ་བ་ལ་སོགས་པ་ལ། བསྡུས་པས་ཨོཾ་ཀུཾ་སྭཱ་ཧཱ་ཞེས་བྱ་བ་ཡིན་ནོ། །ཕྱག་རྒྱ་གསུངས་པ། ཕྱག་རྒྱའི་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། མེ་ཏོག་གི་ཕྱག་རྒྱ་ལས་གུང་མོ་བསྒྲེང་བ་ནི་བདུག་པའི་ཕྱག་རྒྱའོ། །དགུ་མཐའ་ཞེས་བྱ་བ་ལ་སོགས་པ། ཡ་

ནས་བགྲངས་པའི་ཡི་གེ་དགུའི་མཐའ་མ་ནི། དགུ་མཐའི་ས་བོན་ཏེ་ཡི་གེ་ཀྵའོ། །འདིར་ཡང་། སྒྲ་དང་ཐིག་ལེར་སྦྱར་བར་བྱ། །ཞེས་བྱ་བར་བལྟ་སྟེ། བསྡུས་པས་ཀྵུཾ་ཞེས་བྱ་བར་འགྱུར་རོ། །ཕྱག་འཚལ་ཞེས་བྱ་བ་ལ་སོགས་པ་ལ། བསྡུས་པས་ཨོཾ་ཀྵུཾ་

སྭཱ་ཧཱ་ཞེས་བྱ་བ་ཡིན་ནོ། །ཕྱག་རྒྱ་གསུངས་པ། ཁུ་ཚུར་ཞེས་བྱ་བ་ལ་སོགས་པ་སྟེ། ལག་པ་གཡས་པ་ཁུ་ཚུར་བཅིངས་ནས། མཐེ་བོ་བསྒྲེང་བ་འདི་ནི་མར་མེའི་ཕྱག་རྒྱའོ། །སྡེ་ཚན་ཞེས་བྱ་བ་ལ་སོགས་པ་ལ། སྡེ་ཚན་དང་པོའི་གསུམ་པ་ནི་ཡི་གེ་གའོ། །

སྒྲ་དང་ཐིག་ལེ་སྦྱར་བ་དང་། །ཞེས་བྱ་བ་ལ། སྒྲ་ནི་ཨུ་ཐུང་ངུ་སྟེ་འོག་ཏུ་སྦྱར་བར་བྱའོ། །ཐིག་ལེ་ནི་རྗེས་སུ་འགྲོ་བའི་དབྱངས་ཏེ། སྟེང་དུ་སྦྱར་བར་བྱའོ། །བསྡུས་པས་གུཾ་ཞེས་བྱ་བར་འགྱུར་རོ། །ཕྱག་འཚལ་ཞེས་བྱ་བ་ལ་སོགས་པ་ལ། བསྡུས་པས། ཨོཾ་གུཾ་

སྭཱ་ཧཱ་ཞེས་བྱ་བ་ཡིན་ནོ། །ཕྱག་རྒྱ་གསུངས་པ། ལག་པ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱ་འདི་ནི་སྔར་བཤད་ཟིན་ཏོ། །གཏོར་མའི་སྔགས་ནི་སྔ་མར་སྦྱར། །ཞེས་བྱ་བ་ནི་འདས་མ་ཐག་པའི་སྔགས་དང་ཕྱག་རྒྱར་སྦྱར་བ་ནི་གཏོར་མའི་ལས་

དང་འཚམ་པའོ། །དེ་དག་གིས་ནི་དྲི་ལ་སོགས་པ་ཐམས་ཅད་སྔགས་དང་ཕྱག་རྒྱར་སྦྱར་བས་ཅི་རིགས་པའི་མཆོད་པ་བྱ་བར་སྟོན་ཏོ། །གཉིས་མེད་གཏོར་མ་སྔ་མ་བཞིན། །ཞེས་བྱ་བ་ནི་ཤ་ལྔ་དང་བདུད་རྩི་ལྔ་དང་ཤ་རློན་དང་ཉ་ཤ་དང་སྒོག་བཙོང་ལ་སོགས་

པ་ནི་གཉིས་མེད་གཏོར་མ་སྟེ། སྔ་མ་བཞིན་ཞེས་བྱ་བ་ནི། གཏོར་མ་དེར་ཡང་སྔགས་དང་ཕྱག་རྒྱ་དང་སྦྱར་བའི་མེ་ཏོག་ལ་སོགས་པས་མཆོད་པའོ། །དེ་ཉིད་འདི་ཡིས་ཞེས་བྱ་བ་ནི་གཏོར་མའི་དེ་ཁོ་ན་ཉིད་ཀྱིས་སོ། །མཆོད་པར་བྱ་ཞེས་བྱ་བ་ནི་ལྷ་ཐམས་

Vol. 24 · folio 186a

ཅད་ཅེས་པའི་ལྷག་མའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྔོན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། རྫས་རྣམ་པ་ལྔ་ཞེས་བྱ་བ་ནི་བདུད་རྩི་ལྔ་སྟེ་གྲགས་པར་ཟད་དོ། །སྣ་ཚོགས་པ་ཡི་ལྕགས་ཀྱུ་དང་། །ཞེས་བྱ་བ་ནི་གོ་ཀུ་ད་ཧ་ན་ཞེས་བྱ་བ་རྣམ་པ་ལྔར་

བརྗོད་པ་སྟེ། མངོན་པར་འདོད་པའི་དོན་དགུག་ཅིང་འགྲུབ་པས་ན་ལྕགས་ཀྱུའོ། །དྲི་དང་མེ་ཏོག་བདུག་པ་སོགས། །ཞེས་བྱ་བ་ལ་སོགས་པས་ནི་མཆོད་པ་ཉི་ཤུའི་མཚམས་སྦྱར་བ་ཡིན་ཏེ། སྔགས་དང་ཕྱག་རྒྱས་ཞེས་བྱ་བ་ནི་གཏོར་མའི་སྔགས་དང་ཕྱག་རྒྱས་

སོ། །ཕྱི་ནས་མཆོད་པ་ཉི་ཤུ་ཡིས། །ཡེ་ཤེས་ཅན་གྱིས་མཆོད་པར་བྱ། །ཞེས་བྱ་བ་ནི་གོ་སླའོ། །དེ་ཉིད་གསུངས་པ། ཧཱུཾ་ཞེས་བྱ་བའི་གླུ་བླངས་ནས། །ཞེས་བྱ་བ་ནི་མཆོད་པ་ཉི་ཤུའོ། །ཀུན་ལ་ཧཱུཾ་ཞེས་བྱ་བའི་ཡི་གེ་བརྗོད་པར་བྱའོ། །རྣལ་འབྱོར་མ་ཀུན་མཉེས་

པར་བྱ། །ཞེས་བྱ་བ་ནི། དེ་ཉིད་ནི་རྣལ་འབྱོར་མ་མཉེས་པར་བྱེད་པའི་གཙོ་བོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །རྐེད་པའི་མཚམས་སུ་བཞག་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་

ཐོགས་པའི་ཚུལ་དུ་རྐེད་པ་གཉིས་སུ་གཟུགས་པའོ། །ཡན་ལག་གསུམ་དུ་ཧཱུཾ་གིས་བསྐྱོད། །ཅེས་བྱ་བ་ནི་ཧཱུཾ་ཞེས་བྱ་བ་བརྗོད་པ་སྔོན་དུ་འགྲོ་བས་མགོ་བོ་དང་རྐེད་པ་དང་རོ་སྨད་ཀྱི་ཆ་གསུམ་དུ་ཕྱེ་སྟེ་བསྐྱོད་པར་བྱའོ། །དཀྲོལ་བའི་ཚུལ་དུ་དཀྲོལ་བ་དང་། ཞེས་བྱ་བ་ནི་ལག་

པ་གཡོན་པ་སྔོན་དུ་བརྐྱང་སྟེ། དེའི་སྟེང་དུ་ལག་པ་གཡས་པ་བརྐྱང་ནས་བརྡུང་བ་ལྟར་བྱེད་པའོ། །པ་ཊ་ཧ་ལྟར་བརྡུང་བ་དང་། །ཞེས་བྱ་བ་ནི་རྔ་པ་ཊ་ཧ་བརྡུང་བ་ལྟར་ལག་པ་གཉིས་གཡས་གཡོན་དུ་གདེངས་ཏེ་སྤྲུག་པའོ། །བ་དན་ཚུལ་དུ་འཕྱར་བ་དང་། །ཞེས་བྱ་བ་ནི་ལག་པ་གཡས་

པ་འབའ་ཞིག་བརྐྱང་བའོ། །གདུགས་ཀྱི་ཚུལ་དུ་དགབ་པ་དང་། །ཞེས་བྱ་བ་ནི་ལག་པ་གཉིས་གདུགས་ཀྱི་ཡུ་བ་འཛིན་པའི་ཚུལ་དུ་བྱེད་པའོ། །རྫ་རྔའི་ཚུལ་དུ་བརྡུང་བ་དང་། །ཞེས་བྱ་བ་ནི་རྫ་རྔ་ལྟར་ལག་པ་གཉིས་སྟེང་ནས་བརྡུང་བའི་ཚུལ་དུ་བྱེད་པའོ། །རྔ་ཟླུམ་ཚུལ་དུ་

Vol. 24 · folio 186b

བརྡུང་བ་དང་། །ཞེས་བྱ་བ་ནི་ལག་པ་གཉིས་རྔ་ཟླུམ་བརྡུང་བ་ལྟར་གཡས་གཡོན་ནས་བརྡུང་བའི་ཚུལ་དུ་བྱེད་པའོ། །ལྷག་མ་ནི་གོ་སླའོ། །རྣལ་འབྱོར་མ་བརྒྱད་དེ་ཉིད་ཀྱི། །དངོས་པོ་ཀུན་གྱིས་མཆོད་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ་སོགས་པའི་དངོས་པོ་

ཉི་ཤུའི་དེ་ཁོ་ན་ཉིད་ཀྱིས་རྣལ་འབྱོར་མའི་གཙོ་བོ་བརྒྱད་མཉེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཧཱུཾ་ཞེས་བྱ་བར་བདག་གིས་སྤྲུལ། །ཧཱུཾ་གི་གླུ་ནི་བླང་བར་བྱ། །ཞེས་བྱ་བ་ལ་ཧཱུཾ་གི་གླུ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་གཙོ་བོར་གྱུར་པའི་གླུ་སྟེ། རང་དགར་སེམས་ཅན་སྒྲོལ་བ་ཡི། །རྒྱུ་མེད་

དངོས་ལ་འདུད་པར་བགྱི། །ཏེ་ན་ཧཱུཾ་ཏེ་ན་ཏེ་ཏེ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་སྟེ་གྲགས་པར་ཟད་དོ་ཞེས་བྱ་བར་བདག་གི་སྤྲུལ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཧཱུཾ་གི་གླུ་བླང་བ་སྟེ། དེས་ནི་གླུའི་མཆོད་པ་བསྟན་ཏོ། །དེ་ནས་བསྟོད་པའི་མཆོད་པ་བསྟན་པའི་ཕྱིར། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་

དགའ་བའི་མཐུ་དང་སྤྱན་གྱིས་གཟིགས། །ཞེས་བྱ་བ་ལ། རྡོ་རྗེ་ཞེས་བྱ་བ་ནི་ཀྱེའི་རྡོ་རྗེ་ཞེས་བོད་པ་སྟེ་ཆོས་ཀྱི་སྐུའི་བདག་ཉིད་མི་ཕྱེད་པའི་ཕྱིར་རོ། །དགའ་བ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་མཛད་པའོ། །མཐུ་ནི་དེའི་ནུས་པ་སྟེ། འགྲོ་བའི་དོན་མཛད་པའི་ནུས་པ་དང་ལྡན་པའི་ཕྱིར་རོ། །

སྤྱན་ཞེས་བྱ་བ་ནི་ཤ་དང་ལྷ་དང་། ཤེས་རབ་དང་ཆོས་དང་སངས་རྒྱས་ཀྱི་སྤྱན་ཞེས་བརྗོད་པ་རྣམ་པ་ལྔའོ། །གཟིགས་པ་ནི་དེས་དམིགས་པ་སྟེ། འགྲོ་བའི་དོན་ལ་དམིགས་པ་གང་ལ་ཡོད་པ་དེ་ལ། དགའ་བའི་མཐུ་དང་སྤྱན་གྱིས་གཟིགས། །ཞེས་བྱའོ། །ཡི་གེའི་དངོས་པོ་རང་བཞིན་སྟོང་

པས་རོལ། །ཞེས་བྱ་བ་ལ། མི་འགྱུར་བས་ན་ཡི་གེ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་དངོས་པོ་ནི་དེའི་རང་བཞིན་ནོ། །དེའི་རང་བཞིན་ནི་ངོ་བོ་ཉིད་མེད་པ་སྟེ། རང་བཞིན་མེད་པའི་རང་བཞིན་ཅན་ནོ། །སྟོང་པས་རོལ་ཞེས་བྱ་བ་ལ། སྟོང་པ་ནི་འདས་མ་ཐག་པ་སྟེ། སྟོང་པ་

ཉིད་དོ། །རོལ་པ་ནི་འགྲོ་བ་རྣམས་ཀྱི་རང་གི་སེམས་ལ་རྣམ་པར་རོལ་པ་སྟེ། སྟོང་པ་ཉིད་ཀྱིས་རོལ་ཅིང་གཟིགས་པའོ། །དངོས་དང་དངོས་མེད་ལས་གྲོལ་དབུ་མ་མཁྱེན། །ཞེས་བྱ་བ་ལ། ཆོས་རྣམས་དངོས་པོ་དང་དངོས་པོ་མེད་པ་དག་ལས་རྣམ་པར་གྲོལ་བའི་དབུ་མ་ནི་དེ་ཁོ་ན་ཉིད་དེ་དེ་

Vol. 24 · folio 187a

ཁོ་ན་ཉིད་ཀྱི་ཁྱད་པར་དེས། ཆོས་རྣམས་མཁྱེན་པ་དེ་ལ་དེ་སྐད་ཅེས་བྱའོ། །མི་འགྱུར་ཀུན་བཅོམ་ལྷག་མ་སེམས་པའོ། །ཞེས་བྱ་བ་ལ། མི་འགྱུར་ནི་ཡི་གེ་སྟེ། གང་ཡི་གེའི་བདག་ཉིད་ཅན་གྱི་སྒྲའི་ཚོགས་ཐམས་ཅད་ནི་མི་འགྱུར་ཀུན་ཏེ། དེ་བཅོམ་པ་ནི་

བཏང་བའོ། །ལྷག་མ་སེམས་པའོ་ཞེས་བྱ་བ་ལ་ལྷག་མ་ནི་སྒྲས་བརྗོད་པའི་ལྷག་མ་སྟེ། བརྗོད་དུ་མེད་པ་ཉིད་དོ། །སེམས་པ་ནི་ཀུན་དུ་དམིགས་པའོ། །གཉིས་སྤྲོད་ཀུན་འཁྱུད་ཆུ་ཡི་བྱ་བ་ཅན། །གཉིས་སྤྲོད་ཅེས་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པའོ།

ཀུན་འཁྱུད་ཅེས་བྱ་བ་ནི་སྦྱོར་བ་སྟེ་ཏིང་ངེ་འཛིན་ཏོ། །ཆུ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉིད་ནི་དོན་དུ་གཉེར་བར་བྱ་བའི་ཕྱིར་བྱ་བའི་དགོས་པ་སྟེ། དེས་ཡང་དག་པར་ཞུགས་པ་དེ་ལ་དེ་སྐད་ཅེས་བྱའོ། །གཉིས་མེད་ཆོས་བརྙེས་ཐར་པའང་བརྙེས་པའོ། །ཞེས་བྱ་བ་ལ་

གཉིས་མེད་ཆོས་ནི་ཆོས་བདག་མེད་པ་ཉིད་དོ། །བརྙེས་པ་ནི་ཤིན་ཏུ་ཐུགས་སུ་ཆུད་པ་སྟེ་དེས་གྲོལ་བ་བརྙེས་པ་དེ་ནི་ཐར་པ་བརྙེས་པའོ། །བདེ་བ་འཁོར་མནན་ཐར་པ་བཏང་བའོ། །ཞེས་བྱ་བ་ལ་བདེ་བ་ནི་དེ་ཁོ་ན་ཉིད་མཁྱེན་པའི་ཤེས་རབ་སྟེ། དེས་འཁོར་བ་མནན་

པ་ནི་བཅོམ་པའོ། །ཐར་པ་བཏང་བ་པོ་ཞེས་བྱ་བ་ནི་འགྲོ་བའི་དོན་གྱི་ཕྱིར་སྙིང་རྗེས་ཐར་པ་བཅོམ་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་སྐད་དུ་ཡང་། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཞེས་གང་གསུངས་པས་སོ། །དེ་ལྟར་ན་གཉིས་སྤྲོད་

ཅེས་བྱ་བ་ལ་སོགས་པས་ནི་བདག་དང་གཞན་གྱི་དོན་གྱི་ཐབས་ཕུན་སུམ་ཚོགས་པ་བསྟན་ཏོ། །གཉིས་མེད་ཆོས་བརྙེས་ཞེས་བྱ་བ་ལ་སོགས་པས་ནི་བདག་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །བདེ་བས་འཁོར་མནན་ཞེས་བྱ་བ་ལ་སོགས་པས་ནི། གཞན་གྱི་དོན་ཕུན་སུམ་

ཚོགས་པ་བསྟན་ཏེ། དེ་ལྟ་བུའི་ཁྱད་པར་ཅན་གྱི་བཅོམ་ལྡན་འདས་ལ་བོས་ནས་བསྟོད་པ་ཅུང་ཟད་ཅིག་གིས་བསྟོད་པ་བསྟན་པའི་ཕྱིར། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་དངོས་ཀྱི་རྣལ་འབྱོར་མ་སྔགས་རོལ། །ཞེས་བྱ་བ་ལ། ཐམས་ཅད་དངོས་

Vol. 24 · folio 187b

ནི་རྣམ་པ་ཐམས་ཅད་ཀྱི་དངོས་པོ་སྟེ་སྐུ་དང་གསུང་དང་ཐུགས་ཀྱིས་སོ། རྣལ་འབྱོར་མ་སྔགས་ཞེས་བྱ་བ་ལ། རྣལ་འབྱོར་མ་ཉིད་སྔགས་ཏེ། འགྲོ་བ་རྣམས་ཀྱི་ཡིད་སྐྱོབ་པའི་ཕྱིར་རོ། །རོལ་པ་ནི་དེས་གར་མཛད་པ་སྟེ། བཅོམ་ལྡན་འདས་སོ། །རྣལ་འབྱོར་མ་ལྔ་སངས་

རྒྱས་དེ་ཉིད་མཁྱེན། །ཞེས་བྱ་བ་ལ། སངས་རྒྱས་ཀྱི་དེ་ཁོ་ན་ཉིད་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་པའོ། །དེ་ཁོ་ན་ཉིད་ཁྱད་པར་དེས་རྣལ་འབྱོར་མ་ལྔའི་མཚན་ཉིད་ཉེ་བར་དམིགས་ཤིང་མཁྱེན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་དག་གིས་ནི་བཅོམ་ལྡན་

འདས་ཀྱི་ཆོས་ཀྱི་སྐུ་བསྟན་ཏོ། །གཟུགས་མང་སྒྱུ་མས་སེམས་ཅན་སྨིན་མཛད་པ། །ཞེས་བྱ་བ་ལ། སྒྱུ་མ་ནི་རྣམ་པར་སྤྲུལ་པ་སྟེ། སྤྲུལ་པ་རྣམ་པ་སྣ་ཚོགས་ཀྱི་གཟུགས་ཀྱིས་སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའོ། །སྨིན་པ་ནི་ཉེ་བར་མཚོན་པ་སྟེ་གྲོལ་བ་

ཡང་གཟུང་བར་བྱའོ། །མཛད་ཅེས་བྱ་བ་ནི་ཁྱོད་ཀྱིས་ཞེས་བྱ་བའི་ལྷག་མའོ། །རྡོ་རྗེ་ཀུན་རྟོག་ཆོས་ཀྱིས་རྨོངས་པ་གཅོད། །ཅེས་བྱ་བ་ལ། རྡོ་རྗེ་ཞེས་བྱ་བ་སྟོང་པ་ཉིད་ཀྱི་ཀུན་རྟོག་ཞེས་བྱ་བ་རྣམ་པར་མི་རྟོག་པའི་མཚན་ཉིད་ཐུགས་སུ་ཆུད་པའོ། །དེས་ནི་འདི་སྐད་དུ་

རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོང་པ་ཉིད་ཐུགས་སུ་ཆུད་པར་སྟོན་ཏེ། དེ་སུ་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཀྱིས་རྨོངས་པ་གཅོད་ཅེས་བྱ་བ་ལ་ཆོས་ནི་སེམས་ཅན་རྣམས་ཏེ། སྐྱེ་བ་དང་འཆི་བ་དང་བདེ་བ་དང་སྡུག་བསྔལ་བ་ལ་སོགས་པའི་

མཚན་ཉིད་འཛིན་པའི་ཕྱིར་རོ། །རྨོངས་པ་ནི་ཀུན་ནས་ཉོན་མོངས་པའོ། །གཅོད་ཅེས་བྱ་བ་ནི། རྡོ་རྗེ་ཀུན་དུ་རྟོགས་ནས་སེམས་ཅན་གྱི་སྣོད་ཀྱི་བྱེ་བྲག་ཇི་ལྟ་བ་བཞིན་དུ་རྗེས་སུ་བསྟན་པས་ཞེས་བྱ་བའི་ལྷག་མ་ཡིན་ནོ། །དེས་ནི་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ཏོ། །སེམས་

ཅན་རྣམས་ལ་བོས་ཏེ་བསྐུལ་བའི་ཕྱིར། །རྣལ་འབྱོར་མ་རྨོངས་སྙིང་ཆོས་ཚོགས་ལ་འདུད། །ཅེས་བྱ་བ་ལ། སྙིང་ཆོས་ཞེས་བྱ་བ་ནི་སྙིང་པོའི་ཆོས་ཏེ། ཚོགས་ནི་བསགས་པའོ། །དེས་ནི་སྙིང་པོའི་ཆོས་སྐུ་གསུམ་པོ་བསགས་པའི་བཅོམ་ལྡན་འདས་བསྟན་ཏོ། །དེ་

Vol. 24 · folio 188a

ཉིད་ནི་རྣལ་འབྱོར་རྣམས་རྨོངས་པ་སྟེ་བདེ་བ་ཆེན་པོས་རྨོངས་པའི་རྣལ་འབྱོར་མ་རྣམས་ཀྱི་རང་བཞིན་ནོ། །ཐུད་ཅེས་བྱ་བ་ནི་ཀྱེ་སེམས་ཅན་རྣམས་དེ་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་གྱི་རྣལ་འབྱོར་མ་རྣམས་ལ་ཕྱག་འཚོལ་ཅིག་ཅེས་བྱ་བའི་བར་དུའོ། །ད་ནི་སཾ་སྐྲྀ་

ཏའི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་སྒྲོལ་མཛད་རྣལ་འབྱོར་བདག་ལ་བསྟོད་ཕྱག་འཚལ། །ཞེས་བྱ་བ་ལ། རྣལ་འབྱོར་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའོ། །དེ་ཉིད་ནི་བདག་པོ་སྟེ་གཙོ་བོ་ཡིན་པའི་

ཕྱིར་རོ། །དེས་སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པས་ན་སེམས་ཅན་གྲོལ་མཛད་དེ། དེ་ལྟ་བུའི་ཁྱད་པར་ཅན་གྱི་བཅོམ་ལྡན་འདས་ལ་བསྟོད་ཕྱག་འཚལ་ཞེས་བྱ་བར་སྦྱར་རོ། །ཐམས་ཅད་བདག་སྐྱེས་གཅིག་དངོས་དེ་ལ་བསྟོད་ཕྱག་འཚལ། །ཞེས་བྱ་བ་ལ། ཐམས་ཅད་ཀྱི་

བདག་ཉིད་ནི་ཆོས་ཀྱི་དབྱིངས་སོ། །དེ་ལས་འབྱུང་བ་གང་ཡིན་པ་དེ་ནི་ཐམས་ཅད་བདག་སྐྱེས་སོ། །གཅིག་གི་དངོས་ཞེས་བྱ་བ་ནི། གཅིག་གི་སེམས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་སོ། །འཁོར་བ་ཞེས་བྱ་བ་ལ་སོགས་པ་ལ། །འཁོར་བ་ཉིད་རྒྱ་མཚོ་སྟེ་བྱིས་པ་རྣམས་ཀྱིས་

བརྒལ་དཀའ་བའི་ཕྱིར་རོ། །རྨོངས་པ་ནི་ཤེས་བྱའི་སྒྲིབ་པ་སྟེ་འཁོར་བའི་རྒྱ་མཚོ་དེར་གནས་པའི་རྒྱུ་མཚན་གྱིས་རྨོངས་པ་དེ་ལ་དེ་སྐད་ཅེས་བྱའོ། །གཅོད་པ་ནི་སེལ་བར་བྱེད་པའོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། དེ་ཉིད་གཅིག་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་མཁྱེན་པས་ཁྱོད་དང་འདྲ་

བའི་ཟླ་བོ་གཞན་མེད་པ་དེ་ནི་དེ་ཉིད་གཅིག་སྟེ་བྱེད་པའོ། །ལྷག་མ་ནི་གོ་སླའོ། །ཁྱད་པར་དུ་བསྟོད་ཅེས་བྱ་བ་ནི་ཁྱད་པར་དུ་འཕགས་པར་བསྟོད་པའོ། །གླུ་དང་བསྟོད་སྒྲས་ཉེ་བར་མཆོད་པར་བྱའོ་ཞེས་བྱ་བ་ལ་བསྟོད་སྒྲ་ཞེས་བྱ་བ་ནི་ཡོན་ཏན་དམ་པ་སྒྲོགས་པར་བྱེད་པ་སྟེ། རྡོ་རྗེ་ལ་

ཕྱག་འཚལ་ཞེས་བྱ་བ་ལ་སོགས་པའི་དེ་ཁོ་ན་ཉིད་བརྗོད་པའོ། །གླུ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དམ་པ་སྟེ། གླུ་འབའ་ཞིག་གིས་མཆོད་པའོ། །བར་བར་དུ་ནི་ཧཱུཾ་གི་སྒྲ་དང་དྲིལ་བུ་བསྒྲགས་ལ་ཞེས་བྱ་བ་ནི། ཧཱུཾ་གི་སྒྲ་བརྗོད་པ་སྔོན་དུ་འགྲོ་བས་དྲིལ་བུའི་སྒྲ་སྒྲོགས་པ་སྟེ། དེས་སྐབས་

Vol. 24 · folio 188b

སུ་མཆོད་པར་བྱའོ། །སྨོན་ལམ་རྣམ་པ་གསུམ་གདབ་པར་བྱའོ་ཞེས་བྱ་བ་ནི་རྣམ་པ་གསུམ་གྱིས་མོས་པར་བྱ་བ་སྟེ། དེ་ཉིད་གསུངས་པ། རྡོ་རྗེ་ཐལ་མོ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཐལ་མོ་སྙིང་གར་བཅིངས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷྲ་ཞེས་བྱ་བ་ལ་སོགས་པའི་སྔགས་

རྣམ་པ་གསུམ་བརྗོད་ཅིང་མོས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཡས་པར་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པ་གསུམ་པོ་མོས་པར་བྱས་པའི་འོག་ཏུ་ལག་པ་གཡས་པར་པདྨ་བསམས་ལ། པདྨའི་ཚུལ་དུ་བྱ་ཞིང་གཡོན་པར་རྡོ་རྗེ་བསམས་ཏེ། པདྨའི་བསྐོར་བ་སྔོན་དུ་འགྲོ་

བས་གཡོན་པའི་མཐེ་བོས་མཐེའུ་ཆུང་མནན་ལ། ལྷག་མ་གསུམ་རྡོ་རྗེ་རྩེ་གསུམ་པར་བརྐྱང་སྟེ། གཡས་པའི་པདྨའི་སྟེང་དུ་སྦྱར་བ་འདི་ནི་ཕྱག་རྒྱ་ཆེན་པོའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་ཨོཾ་ཧ་ཧོཿ་ཧྲཱིཿ་སྭཱ་ཧཱ་ཞེས་བྱ་བ་ཡིན་ནོ། །ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པའི་སྔགས་དང་

ཕྱག་རྒྱའོ་ཞེས་བྱ་བ་ནི་སྨོན་ལམ་རྣམ་པ་གསུམ་བྱས་པའི་འོག་ཏུ་སྔགས་དང་ཕྱག་རྒྱ་འདིས་ཕྱག་རྒྱ་ཆེན་པོར་བྱེད་པ་སྟེ། དེར་མ་ཟད་གཞན་ཡང་ཅུང་ཟད་བཟའ་བ་ལ་སོགས་པ་དང་། གཏོར་མའི་དུས་སུ་ཡང་སྔགས་དང་ཕྱག་རྒྱ་འདིས་བདུད་རྩི་མྱང་བ་དང་། ཕྱག་རྒྱ་ཆེན་པོར་བྱིན་

གྱིས་བརླབ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྣལ་འབྱོར་ཅན་གྱིས་མཚུངས་པ་རུ། །ལྷ་རྣམས་ཐམས་ཅད་བསམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆང་ལ་སོགས་པ་སྦྱང་བའི་དུས་སུ། དཀྱིལ་འཁོར་པའི་ལྷ་ཐམས་ཅད་མཚུངས་པར་ཏེ། དུས་

གཅིག་ཏུ་སྐད་ཅིག་ཙམ་གྱིས་རྫོགས་པར་བྱའོ་ཞེས་བྱ་བའི་དོན་ཏེ། །འཇིག་རྟེན་པ་སོགས་ཡེ་ཤེས་ཅན། །ཕྱི་ཡི་དཀྱིལ་འཁོར་བརྟག་པར་བྱ། །ཞེས་བྱ་བ་ནི་དེ་བཞིན་དུ་ཡང་དེ་དང་འབྲེལ་བའི་གཏོར་མའི་བྱ་བ་བསྟན་པ་ཡིན་ཏེ། འཇིག་རྟེན་པ་ཞེས་བྱ་བ་ནི་ཞིང་སྐྱོང་

རྣམས་སོ། །སོགས་ཀྱིས་ནི་དཀྱིལ་འཁོར་བའི་ལྷ་རྣམས་གཟུང་བར་བྱའོ། །ཡེ་ཤེས་ཅན་ཞེས་བྱ་བ་ནི་སྒྲུབ་པ་པོ་སྟེ། དེས་བརྟག་པར་བྱ་ཞེས་བྱ་བར་འབྲེལ་ཏོ། །འདིར་གསུམ་པའི་དོན་གྱིས་གཉིས་པ་ཡིན་ནོ། །ཕྱིའི་ཞེས་བྱ་བ་ནི་བདག་ལས་ཕྱི་རོལ་དུ་གྱུར་པ་སྟེ། དེ་

Vol. 24 · folio 189a

རྣམས་ལ་གཏོར་མ་སྦྱིན་པའི་ཕྱིར་ཙནྡན་དམར་པོའམ། གུར་ཀུམ་གྱི་མཎྜལ་གྲུ་གསུམ་བྱས་ལ་དབུས་སུ་ཟླུམ་པོ་ལ་ནི་ཐིག་བཞི་བཏབ་པས་རེའུ་མིག་དགུར་བྱས་ལ། དེའི་ཤར་ཕྱོགས་ལ་སོགས་པའི་རེའུ་མིག་རྣམས་ལ་གོ་རིམས་བཞིན་དུ་རུ་ཏྲ་ནག་པོ་དང་། རུ་

ཏྲ་ཆེན་པོ་དང་། ལྷས་བྱིན་ནག་པོ་དང་། གཙིགས་པ་དང་། མི་སྡུག་པ་དང་། དཀའ་ལས་འདས་པ་དང་། ལོག་འདྲེན་རྣམས་བསམ་པར་བྱའོ། །ཞིང་སྐྱོང་བ་དེ་དག་ཀྱང་རྒན་བྱད་མ་དང་། དྲག་མོ་ལ་སོགས་པ་རྣལ་འབྱོར་མ་སུམ་ཅུ་རྩ་གཉིས་ཀྱིས། སོ་སོ་རེ་རེ་ཞིང་

བཞི་བཞིས་བསྐོར་ནས། རང་རང་གི་མཚན་མ་ཐོགས་པ་ལ་སོགས་པར་བྱའོ། །རེའུ་མིག་དབུ་མ་ལ་ནི་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་རྣལ་འབྱོར་མ་བཅུ་གསུམ་གྱི་བདག་ཉིད་དེ། དེ་ལྟར་ཕྱིའི་དཀྱིལ་འཁོར་བསྒོམ་པར་བྱའོ། །སོ་སོར་དྲིས་བྱུག་པ་དང་ཞེས་བྱ་བ་

ལ། སོ་སོའི་སྦྱོར་བས་དབུལ་བར་བྱ། །ཞེས་བྱ་བ་ནི། འདིར་ཡང་ཅུང་ཟད་བཟའ་བ་ལ་སོགས་པའི་དུས་སུ་སྐད་ཅིག་གིས་རྫོགས་པར་བྱས་པའི་ལྷའི་དཀྱིལ་འཁོར་ལ་སོ་སོར་དྲི་ལ་སོགས་པ་དབུལ་བ་དང་། གཏོར་མའི་དུས་སུ་ཡང་ཕྱིའི་དཀྱིལ་འཁོར་ལ་ཡེ་

ཤེས་མཁའ་འགྲོ་མ་ལ་སོགས་པ་འཇིག་རྟེན་ལས་འདས་པ་དང་། རུ་ཏྲ་ནག་པོ་ལ་སོགས་པ་འཇིག་རྟེན་པ་རྣམས་ལ་སོ་སོར་དབུལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །བདུད་རྩི་ལྔ་དབུལ་བ་གསུངས་པ། བདུད་རྩི་ལྔ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །བདུད་རྩི་

བྱིན་གྱིས་བརླབ་པའི་ཆོ་ག་གསུངས་པ། ཧ་ཞེས་བྱ་བ་ལ་སོགས་པ་ལ། ཧ་ཞེས་བྱ་བ་ནི་བདུད་རྩི་ལྔའི་ནང་དུ་བསྒོམ་པར་བྱའོ་ཞེས་བྱ་བའི་ལྷག་མ་ཅན་ནོ། །དེས་ཀྱང་དེའི་ཐ་མལ་པའི་ཁ་དོག་འཕྲོག་པར་འགྱུར་རོ། །དེ་བཞིན་དུ་ཧོཿ་ཞེས་བྱ་བ་བསྒོམས་པས་ནི་དེའི་ཐ་མལ་

པའི་དྲི་འཇོམས་པར་བྱེད་དོ། །ཧྲཱིཿ་ཞེས་བྱ་བ་བསྒོམས་པས་ནི་དེའི་ཐ་མལ་པའི་རོའི་ནུས་པ་འཇོམས་པར་འགྱུར་རོ། །རྣམ་གསུམ་ལན་གསུམ་བརྗོད་ནས་སུ། །ལྷ་གསུམ་དུ་ནི་བསམ་པར་བྱ། །ཞེས་བྱ་བ་ནི། དེ་ལྟར་ཡི་གེ་གསུམ་གྱི་ཁ་དོག་ལ་སོགས་པ་བསྒོམས་

Vol. 24 · folio 189b

ནས། ཡང་དེ་ཉིད་ལན་གསུམ་བརྗོད་དེ། རིམ་བཞིན་དུ་འཇིག་རྟེན་དབང་ཕྱུག་ལ་སོགས་པར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ཧ་ཡིས་ནི་འཇིག་རྟེན་དབང་ཕྱུག་གོ། །ཧོཿཡིས་ནི་རྣམ་པར་སྣང་མཛད་དོ། །ཧྲཱིཿ་ཞེས་པས་ནི་མི་བསྐྱོད་པ་སྟེ། བདུད་རྩི་ལྔ་པོ་དེ་ལྟར་བསྒོམ་

མོ་ཞེས་བྱ་བར་དགོངས་སོ། །པདྨའི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་ལ། པདྨའི་དབང་ཕྱུག་ནི་སྣང་བ་མཐའ་ཡས་ཏེ། དེ་ཉིད་ནི་འཇིག་རྟེན་དབང་ཕྱུག་གོ། །གཟུགས་མཛེས་གསེར་གྱི་མདོག་ཅེས་བྱ་བ་ནི། དེས་ཡོངས་སུ་སྦྱངས་པས་ཁ་དོག་ལ་སོགས་པ་གནས་

སྐབས་གང་ཡང་ཐོབ་པ་དེ་བསྟན་པ་ཡིན་ཏེ། གཟུགས་མཛེས་ཞེས་བྱ་བ་ནི་ཁ་དོག་ཁྱད་པར་ཅན་ཐོབ་པའོ། །གསེར་གྱི་མདོག་ཅེས་བྱ་བ་ནི་བརྡ་ཕྲད་པར་ཟད་དོ། །བདུད་རྩི་ལྔའི་ཁ་དོག་ཅེས་བྱ་བ་ལྷག་མ་ཡིན་ནོ། །གཟུགས་མཛེས་གསེར་གྱི་ཁ་དོག་ཅེས་བྱ་བ་དེ་ཉིད་ཀྱང་འཇིག་རྟེན་

དབང་ཕྱུག་ཏུ་བསྒོམ་མོ་ཞེས་བྱ་བར་སྦྱར་རོ། །ལྷ་གཞན་ལ་ཡང་དེ་ལྟར་བསམ་པར་བྱའོ། །དྲི་ཆུ་ཞེས་བྱ་བ་ནི་དྲི་ཁྱད་པར་དུ་འཕགས་པའི་ཆུ་སྟེ་རང་བཞིན་ཁྱད་པར་ཅན་ཐོབ་པའོ། །དེ་ཡང་ཅི་ཞིག་ཅེ་ན་རྣམ་པར་སྣང་མཛད་ཅེས་བྱ་བ་སྨོས་ཏེ། རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་དོ། །

འདིར་ཁ་དོག་ནི་དཀར་པོའོ། །མྱང་བ་ཞེས་བྱ་བ་ནི་རོ་ཁྱད་པར་ཅན་ཐོབ་པ་སྟེ། བདུད་རྩིའོ། །དེ་ཡང་ཅི་ཞིག་ཅེ་ན། རྡོ་རྗེ་དབང་ཕྱུག་ཕྱག་ན་རྡོ་རྗེ་ཞེས་སྨོས་ཏེ། རྡོ་རྗེ་དབང་ཕྱུག་ཅེས་བྱ་བ་ནི་མི་བསྐྱོད་པའོ། །དེ་ཉིད་ནི་ཕྱག་གིས་རྡོ་རྗེ་བསྣམས་པའི་ཕྱིར་ཕྱག་ན་རྡོ་རྗེ་སྟེ། འདིར་

ཁ་དོག་ནི་སྔོན་པོའོ། །ཉེ་བར་བསྡུ་བ་བསྟན་པའི་ཕྱིར། ལྷ་གསུམ་རྣམ་གསུམ་དུ་ནི་བསྒོམ་པར་བྱ། །ཞེས་བྱ་བ་སྨོས་ཏེ། ཡི་གེ་གསུམ་གྱིས་ཐ་མལ་པའི་ཁ་དོག་ལ་སོགས་པ་བཅོམ་ནས། ཁྱད་པར་དུ་གྱུར་པའི་ཁ་དོག་ལ་སོགས་པས་གསུང་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་བསྒོམ་

པར་བྱ་ཞེས་བྱ་བའི་དོན་ཏོ། །ད་ནི་རྣལ་འབྱོར་མ་རྣམས་མཆོད་པའི་ཕྱིར་ཆང་བྱིན་གྱིས་བརླབ་པ་གསུངས་པ། གཡོན་པ་ཞེས་བྱ་བ་ལ་སོགས་པ་ལ། གཡོན་པ་ཟླ་བའི་ལག་པ་ལ། །ཟླ་བའི་དབུས་སུ་བདུད་རྩི་ཡི། །ཡི་གེ་ཀུན་རིག་གུག་སྐྱེད་བཅས། །ཞེས་བྱ་བ་ནི། ལག་

Vol. 24 · folio 190a

པ་གཡོན་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་དབུས་སུ་བདུད་རྩིའི་ཡི་གེ་ས་ལ། ཀུན་རིག་གི་གུག་སྐྱེད་ཅེས་བྱ་བའི་ཡི་གེ་ཨོཾ་སྦྱར་བས་ཨོཾ་ཞེས་བྱ་བར་འགྱུར་ཏེ། དེས་བདུད་རྩིའི་རང་བཞིན་དུ་བྱ་བའོ། །ཡང་སྦྱང་བ་བསྟན་པའི་ཕྱིར།

མཐེ་བོ་སོར་མོ་ས་ཉིད་དེ། །སྲིན་ལག་དག་ནི་རི་རབ་བོ། །ཞེས་བྱ་བ་སྨོས་ཏེ། ལག་པ་གཡས་པའི་མཐེ་བོ་ནི་ས་གཞིར་བསམས་ལ། སྲིན་ལག་ནི་རི་རབ་བདུན་དུ་བསམས་པའོ། བསྒྲུབས་པའི་སྟོབས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། སྟོབས་ནི་ལྷ་མ་ཡིན་འབའ་ལའི་

ངོ་བོ་ཉིད་དེ། རྫས་རྣམས་བསྲུབས་པའི་སྟོབས་སོ། །བདུད་རྩི་ཞེས་བྱ་བ་ནི་སྟེ་བསྲུབས་པས་ཅིར་འགྱུར་ཞེ་ན། ཆུ་ནི་རྣམ་པ་གསུམ་ལས་ཡེ་ཤེས་ཀྱི་ཆུའི་ངོ་བོ་ཉིད་དུ་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྣམ་གསུམ་ཞེས་བྱ་བ་ནི་ཧ་ཧོཿ་ཧྲཱིཿ་ཞེས་ཏེ་ལག་པ་གཡོན་པའི་མཐིལ་

དུ་ཆང་བཞག་ལ་དེའི་སྟེང་དུ་ཡི་གེ་སོཾ་བསྒོམས་ནས། མཐེ་བོ་དང་སྲིན་ལག་གིས་ཀུན་དུ་བསྲུབས་ལ། ཧ་ལ་སོགས་པའི་ཡི་གེ་གསུམ་བསྒོམས་པས། སྔར་སྨོས་པའི་ཚུལ་དུ་ཁ་དོག་ལ་སོགས་པའི་ལྷ་གསུམ་དུ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་མ་ནི་ཐམས་

ཅད་ལ། །མཐེ་བོའི་ཐོར་མ་སོ་སོར་དབུལ། །ཞེས་བྱ་བ་ལ། ཐོར་མ་ནི་བདུད་རྩི་ཆུའི་ཡར་མའོ། །མཐེ་བོ་ནི་མཐེ་བོ་དང་སྲིན་ལག་གོ། །སོ་སོར་ནི་རྣལ་འབྱོར་མ་སོ་སོར་ཐ་དད་པ་སྟེ། དེའི་འོག་ཏུ་དཀྱིལ་འཁོར་གྱི་རྣལ་འབྱོར་མ་ཐམས་ཅད་ལ་སོ་སོའི་མིང་ནས་སྨོས་ནས་

བདུད་རྩིའི་ཐོར་མ་དབུལ་ལོ། །དེའི་འོག་ཅེས་བྱ་བ་ལ་སོགས་པས་ནི། དེའི་འོག་ཏུ་བདག་ཉིད་མཆོད་པ་བསྟན་ཏེ་རང་གི་དངོས་པོ་ཡིས་ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མའི་གཟུགས་ཀྱིས་སོ། །བདག་ཉིད་ལ་ནི་བསམ་པར་བྱ། །ཞེས་བྱ་བ་ནི་བདག་ཉིད་དེར་བསྒོམ་

པའོ། །རྒྱས་པ་ལྔ་ཡི་མཆོད་རྟེན་ནི། །ཞེས་བྱ་བ་ལ་མཆོད་རྟེན་ནི་ལུས་ཏེ་ཕུང་པོ་རྣམ་པ་ལྔར་གསལ་བས་ན་རྒྱས་པ་ལྔའོ། །ཡང་ན་ཉོན་མོངས་པ་རྣམས་འཇོམས་པས་རྒྱས་པ་སྟེ། གང་ཞེ་ན། མཆོད་རྟེན་དུ་བསྒོམ་པའོ། །རྣམ་པ་ལྔ་ཞེས་བྱ་བ་ནི་རིགས་ལྔ་མདོར་

Vol. 24 · folio 190b

བསྡུས་པའི་ལུས་སོ། །རྣམ་གསུམ་ཞེས་བྱ་བ་ནི་མཐེ་བོའི་ཐོར་མ་གསུམ་གྱིས་ཏེ། དང་པོ་རྣལ་འབྱོར་མ་ཐམས་ཅད་མཐེ་བོའི་ཐོར་མས་མཆོད་ནས། དེའི་འོག་ཏུ་བདག་ཉིད་ཡེ་ཤེས་མཁའ་འགྲོ་མའི་རྣལ་འབྱོར་དང་ལྡན་པའི་ལུས་ལ་མཐེ་བོའི་ཡར་མས་མཆོད་དོ་ཞེས་བྱ་བའི་

དོན་ཏོ། །ཐོར་མ་གསུམ་གྱི་གནས་བསྟན་པའི་ཕྱིར་ལྕེ་རྩེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྕེ་རྩེ་ཞེས་བྱ་བ་ནི་ལྕེའི་རྩེ་མོའོ། །ཐིག་ལེ་ཞེས་བྱ་བ་ནི་སྨིན་མའི་དབུས་སོ། །སྟེང་ཞེས་བྱ་བ་ནི་སྤྱི་བོའོ། །བློ་དང་ལྡན་པས་གནས་གསུམ་མཆོད། །ཅེས་པ་ནི་ལྷའི་རྣལ་འབྱོར་

དང་ལྡན་པས་གནས་གསུམ་པོ་དེ་དག་ལྟར་མཐེ་བོའི་ཐོར་མས་མཆོད་པའོ། །ཚོགས་ཀྱི་དཀྱིལ་འཁོར་དུ་ཆང་སྦྱིན་པའི་ཚིགས་སུ་བཅད་པ་གསུངས་པ་ལྟོས་ཤིག་ཅེས་བྱ་བ་ལ་སོགས་པ་ལ། ཤིན་ཏུ་མཛེས་པ་ཞེས་བྱ་བ་ནི་ཤིན་ཏུ་རྣམ་པར་དག་པའོ། །ཅི་ཞིག་ཅེ་ན། ཆོས་དེ་ཕྱི་

ནང་གི་ཆོས་ཐམས་ཅད་དོ། །ལྟོས་ཤིག་ཅེས་བྱ་བ་ནི་མངོན་པར་ཞེན་པ་མེད་པས་ཞེས་བྱ་བའི་ལྷག་མའོ། །དེ་ཉིད་བསྟན་པའི་ཕྱིར། འདི་ལ་རྟོག་པ་ཡོད་མིན་ཐོང་། །ཞེས་བྱ་བ་སྨོས་ཏེ། ཐོང་ཞེས་བྱ་བ་ནི་རོ་གཅིག་པའོ། །ཅི་ཞིག་ཅེ་ན། རྟོག་པ་སྟེ་གཟུང་བ་དང་འཛིན་པ་ལ་

སོགས་པའི་རྟོག་པའོ། །ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དགྲ་ཟླ་ལ་སོགས་པ་ལྟར་སྣང་དུ་ཟིན་ཀྱང་ནམ་མཁའ་ལྟར་རང་བཞིན་རྣམ་པར་དག་པའོ་ཞེས་བྱ་བའི་དོན་ཏོ། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །ཞེས་བྱ་བ་ལ། བྲམ་ཟེའི་སྒྲས་མཚོན་པའི་

སྒོ་ནས། བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ་རིགས་རྣམས་གཟུང་ངོ་། །ཁྱིའི་སྒྲས་མཚོན་པའི་སྒོ་ནས་ཐ་མལ་པའི་བྱོལ་སོང་ཐམས་ཅད་གཟུང་བར་བྱའོ། །དེ་བཞིན་དུ་གདོལ་པའི་སྒྲས་དམངས་རིགས་ཐམས་ཅད་དང་མཐར་གནས་པ་རྣམས་གཟུང་བར་བྱའོ། །རང་བཞིན་

གཅིག་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མཚུངས་པ་སྟེ། འདི་ལྟར་མི་དང་བྱོལ་སོང་ལ་སོགས་པ་དང་བྲམ་ཟེ་དང་གདོལ་པ་ལ་སོགས་པ་རྣམས་ལ་རིགས་ལ་སོགས་པ་ཐ་དད་པར་འཛིན་པ་འདི་ནི་རང་གི་རྣམ་པར་རྟོག་པ་འབའ་ཞིག་སྙིང་པོ་སྟེ། འདི་ལྟར་ཁྲག་དང་ཁུ་བ་དང་འདོད་

Vol. 24 · folio 191a

ཆགས་དང་ཞེ་སྡང་ལ་སོགས་པ་ལས་གྱུར་པའི་ལུས་ལ། ཁུ་བ་ལ་སོགས་པའི་བྱེ་བྲག་ཅུང་ཟད་ཅང་མི་དམིགས་སོ་ཞེས་བྱ་བའི་དོན་ཏོ། །ལྷན་ཅིག་བཟའ་ཞེས་བྱ་བ་ནི། རྣམ་པར་རྟོག་པ་ཐམས་ཅད་བཏུང་བར་བྱ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །

ལེན་པ་པོའི་བྱ་བ་བསྟན་པའི་ཕྱིར། པདྨའི་བསྐོར་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། པདྨའི་བསྐོར་བ་ཞེས་བྱ་བ་ལ་སོགས་པའི་ཕྱག་རྒྱ་ནི་སྔར་བཤད་ཟིན་ཏོ། །སེམས་ནི་ཤེལ་ལྟར་བསམས་ནས་སུ། །ཞེས་བྱ་བ་ནི། རྣམ་པར་རྟོག་པའི་དྲི་མ་དང་བྲལ་བའི་སེམས་

ཏེ། མངོན་པར་ཞེན་པ་མེད་པས་ཆོས་ཉིད་ལ་དམིགས་པའོ། །ལེན་པ་པོའི་ཚིག་བཤད་བསྟན་པའི་ཕྱིར། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཆགས་དྲི་མ་དང་བྲལ་བ། །ཞེས་བྱ་བ་ལ་འདོད་ཆགས་ནི་སྲེད་པ་སྟེ། དེས་སེམས་ཀྱི་དེ་ཁོ་ན་ཉིད་མི་

གསལ་བར་བྱེད་པའི་ཕྱིར་རོ། །བྲལ་བ་ཞེས་བྱ་བ་ནི་བྲལ་བར་བྱེད་པ་སྟེ། འདིས་རིམ་གྱིས་སྲེད་པ་འཇོམས་པར་བྱེད་པའོ། །འོ་ན་ཅིའི་ཕྱིར་ཞེ་སྡང་ལ་སོགས་པ་མ་སྨོས་ཤེ་ན་བདེན་མོད་ཀྱི་འདིར་གཙོ་བོ་ཉིད་དུ་བསྟན་པའི་ཕྱིར་ཏེ། འདི་ལྟར་འཁོར་བའི་རྒྱུ་མཚན་གྱི་གཙོ་བོ་ནི་ཚོར་བ་

བདེ་བ་ཡིན་ལ། དེ་ཡང་ཆགས་པ་ལས་བྱུང་བ་ཡིན་པས། ཆགས་པ་འཁོར་དང་བཅས་པ་སྤངས་ན་ཉོན་མོངས་པ་གཞན་དག་ཀྱང་ཟད་པར་འགྱུར་སྙམ་དུ་དགོངས་པ་ཡིན་ནོ། །རིན་ཐང་མེད་ལས་ལེགས་འོངས་ཆོས། །ཞེས་བྱ་བ་ལ། ཆོས་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་

པ་དང་རྣམ་པར་བྱང་བའི་ཆོས་རྣམས་སོ། །ལེགས་ཞེས་བྱ་བ་ནི་རང་གི་སེམས་ཏེ། འོངས་པ་ནི་དེ་ལས་བྱུང་བའོ། །ཅིའི་ཕྱིར་ན་ཐམས་ཅད་རང་རིག་པ་ཡིན་པའི་ཕྱིར་རོ། །ཡང་ན་ལེགས་འོངས་ཞེས་བྱ་བ་ནི། ཕུང་པོ་ལ་སོགས་པའི་དངོས་པོའི་ཆོས་རྣམས་རང་གི་སེམས་ལས་བྱུང་

བའི་ཕྱིར། གཉིས་སུ་མེད་པའི་དེ་བཞིན་ཉིད་དུ་འགྲོ་བ་སྟེ་དེ་བཞིན་གཤེགས་པ་ཞེས་བྱ་བའི་དོན་ཏོ། །རིན་ཐང་མེད་པ་ཞེས་བྱ་བ་ལ། འདི་ལ་གང་ཞིག་བཏང་བས་གང་ཞིག་བླང་བར་བྱ་བ་དེ་ནི་རིན་ཐང་སྟེ། དེ་འདི་ལ་མེད་པས་ན་རིན་ཐང་མེད་པ་སྟེ། བླང་བ་དང་དོར་བ་མེད་པས་ཀུན་

Vol. 24 · folio 191b

ནས་མཆོད་པར་བྱ་བའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །འཛིན་དང་འཛིན་མིན་རྣམ་སྤངས་པ། །ཞེས་བྱ་བ་ལ། འཛིན་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་དང་བྲལ་བའི་རྣམ་པར་དག་པར་མངོན་པར་ཞེན་པའོ། །འཛིན་མིན་ནི་དེ་ལས་བཟློག་པའོ། །རྣམ་པར་སྤངས་པ་ནི་ཆོས་ཐམས་

ཅད་ལ་དངོས་པོར་མངོན་པར་ཞེན་པ་དང་། དག་པར་མངོན་པར་ཞེན་པ་གཉི་ག་ལས་གྲོལ་བའོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་མངོན་པར་ཞེན་པ་དང་བྲལ་བའི་དེ་ཁོ་ན་ཉིད་དེར་ཡིད་འཇུག་པར་བྱ་བའི་ཕྱིར། ཆོས་ལ་བདག་ཕྱག་འཚལ་ཞེས་བྱ་བར་སྦྱར་རོ། །སྦྱོར་བའི་དངོས་གྲུབ་དོན་

དུ་ནི། །ཀུན་སྤྱོད་དེ་ཉིད་ཇི་བཞིན་དུ། །རྣལ་འབྱོར་མ་ཡིས་ཀུན་དུ་སྦྱང་། །ཇི་ལྟར་བདེན་པར་སྤྱོད་ཅེས་བརྗོད། །ཅེས་བྱ་བ་ལས། སྦྱོར་བ་ཞེས་བྱ་བ་ནི་ཡང་དག་པའི་རྫས་སོ། །དངོས་གྲུབ་ཅེས་བྱ་བ་ནི་དམ་ཚིག་སྟེ། དམ་ཚིག་གིས་ཚིམ་པར་བྱ་བའི་ཕྱིར་རོ། །དོན་ཞེས་བྱ་བ་

ནི་བཟའ་བ་དང་བཏུང་བ་ལ་སོགས་པ་སྟེ། དེ་དག་སྔར་སྨོས་པའི་ཚིགས་སུ་བཅད་པས་ཆང་གི་སྣོད་བཟུང་ལ། །ཇི་བཞིན་ཞེས་བྱ་བ་ཇི་ལྟར་རྙེད་པ་རྣམས་རྣལ་འབྱོར་མ་ཡིས་ཀུན་དུ་སྦྱང་ཞིང་དག་པར་སྤྱོད་པས། ཀུན་དུ་སྤྱོད་ཅེས་བྱ་བ་ཀུན་ལ་བྲིམ་ཞིང་ཉེ་བར་སྤྱད་པར་བྱའོ་ཞེས་

བྱ་བའི་དོན་ཏོ། །ཇི་ལྟར་བདེ་བར་སྤྱོད་ཅེས་བྱ་བ་ནི་ཆང་གི་སྣོད་བྱིན་ལ་གོང་མ་རྣམས་ཀྱིས་ཀྱང་ཇི་ལྟར་བདེ་བར་སྤྱོད་ཅེས་ཀྱང་ཚིག་ཏུ་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱི་ཡི་དཀྱིལ་འཁོར་བརྟག་པར་བྱ། །ཞེས་བྱ་བ་ཉེ་བར་བཤད་པའི་ཕྱིར། དམར་པོ་ཡི་ནི་རྫས་རྣམས་ཀྱིས། །

མཎྜལ་གྲུ་གསུམ་བྱུག་པར་བྱ། །ཞེས་བྱ་བ་སྨོས་ཏེ། ཙནྡན་དམར་པོ་དང་གུར་ཀུམ་ལ་སོགས་པས་ཕྱི་རོལ་གྲུ་གསུམ་དུ་བྱུག་ཅིང་། དེ་ནས་གྲུ་བཞིར་བྱས་ལ་སྔར་སྨོས་པ་ལྟར་རེའུ་མིག་དགུ་དང་ལྡན་པའི་ཟླུམ་པོར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱིའི་དཀྱིལ་འཁོར་གྱི་ལྷ་

རྣམས་དགུག་པའི་སྔགས་དང་ཕྱག་རྒྱ་གསུངས་པ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །ཞེས་བྱ་བ་ལ། འདིའི་དོན་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ཕན་ཚུན་རྒྱབ་དང་རྒྱབ་སྤྲད་དེ། མཐེའུ་ཆུང་གཉིས་ཕན་ཚུན་བཅིངས་ལ། མཛུབ་མོ་གཉིས་བསྒྲེངས་ཏེ། གཡས་

Vol. 24 · folio 192a

པའི་མཛུབ་མོ་ཅུང་ཟད་བཀུག་པའི་རྒྱབ་ཏུ་གཡོན་པའི་མཛུབ་མོ་བཞག་པ་འདི་ཡིན་ནོ། །སྔགས་ནི། ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། དགུག་པའི་སྔགས་དང་ཕྱག་རྒྱའོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་ནོ། །མེ་ཏོག་དམར་པོ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་

སླའོ། །གཏོར་མའི་རྫས་གསུངས་པ། ཉེ་བར་སྤྱོད་པའི་གཏོར་མ་ཞེས་བྱ་བ་ལ་སོགས་པ་ལ། ཉེ་བར་སྤྱོད་པའི་གཏོར་མ་ནི་གཉིས་སུ་མེད་པའི་གཏོར་མ་སྟེ་དེ་ཉིད་བཤད་པའི་ཕྱིར། ཤ་རློན་དང་ནི་ཉ་ཤ་སོགས། །ཞེས་བྱ་བ་སྨོས་ཏེ། སོགས་པའི་སྒྲས་ནི་སྒོག་

བཙོང་ལ་སོགས་པ་གཟུང་ངོ་། །དེ་ཉིད་ཀྱི་ཕྱིར་གསུངས་པ། བཟའ་བའི་རྫས་རྣམས་ཐམས་ཅད་ལ། །ཞེས་བྱ་བ་ནི་བཟའ་བ་ཐམས་ཅད་ཅེས་བྱ་བ་ནི་བཤད་ཟིན་ཏོ། །རྫས་ཐམས་ཅད་ཅེས་བྱ་བ་ནི་འབྲུའི་ཆང་དང་བཅོས་པའི་ཆང་རྣམས་སོ། །དེ་ཡང་གསུངས་པ། འབྲུ་

དང་ཤིང་ཤུན་སོགས་བཅོས་པ། །འཇིག་རྟེན་གྲགས་པ་བཞིན་ཞེས་བྱ། །བུར་ཤིང་ལ་སོགས་ལས་བྱུང་བ། །འབྲུ་དང་བཅོས་པའི་ཆང་དུ་འདོད། །ཅེས་བྱ་བ་གང་ཡིན་པའོ། །བདུད་རྩི་ལྔ་དང་བཅས་པར་དགོད། །ཅེས་བྱ་བ་ལ། བདུད་རྩི་ལྔ་དང་བཅས་པ་ཞེས་

བྱ་བ་ནི། དེར་བདུད་རྩི་ལྔ་བླུགས་པའོ། །དགོད་ཅེས་བྱ་བ་ནི་སོ་སོའི་ས་བོན་དགོད་པའོ། །གཡོན་གྱི་ཆ་རུ་སྣོད་བཞག་ལ། །གཡས་སུ་ཁྲོ་བོ་བསྟན་པར་བྱ། །ཞེས་བྱ་བ་ནི། ལག་པ་གཡོན་པར་གཏོར་མའི་སྣོད་བཞག་ལ། ལག་པ་གཡས་པས་བསྟོད་དེ་ཁུ་ཚུར་བཅིངས་

ནས། མཛུབ་མོ་བསྒྲེངས་ཏེ་བསྟན་པར་བྱའོ། །ཁྲོ་བོ་ཞེས་བྱ་བ་ནི་མཛུབ་མོའོ། །ཡང་ན་ཆ་ཞེས་བྱ་བ་ནི་ཆ་གཉིས་སུ་བགོ་བ་སྟེ། གཏོར་མ་གཉིས་གཡོན་དང་གཡས་སུ་བཞག་ལ། གཡོན་གྱིས་ནི་དཀྱིལ་འཁོར་གྱི་ལྷ་ལ་དབུལ་བར་བྱའོ། །གཡས་ཀྱིས་ནི་ཕྱོགས་

སྐྱོང་བ་རྣམས་ལ་དབུལ་བར་བྱའོ། །དེའི་ཚེ་སྣོད་ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོའོ། །ཁྲོ་བོ་ཞེས་བྱ་བ་ནི་ཕྱོགས་སྐྱོང་བའོ། །ཨོཾ་ཤིང་གཅིག་དང་ནི་ཞེས་བྱ་བ་ནས། གཞུ་ཅན་མ་ཞེས་བྱ་བའི་བར་ནི་འཇིག་རྟེན་སྐྱོང་བ་རྣམས་དགུག་པའི་སྔགས་ཡིན་ཏེ།

Vol. 24 · folio 192b

གདོལ་པ་ཞེས་བྱ་བ་ནི་ཤན་པའི་ཁྱིམ་མོ། །སྣོད་ཅེས་བྱ་བ་ནི་རྒྱ་མཚོའོ། །དེ་ལྟར་ན་ཤིང་གཅིག་ལ་སོགས་པའི་གནས་དེ་དག་ན་གནས་པ་རྣམས་འདིར་སྤྱོན་ཅིག་ཅེས་བྱ་བ་དང་འབྲེལ་ཏོ། །དེ་དག་ཀྱང་སུ་དག་ཡིན་ཞེ་ན། ནག་པོ་དྲག་པོ་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། སྔར་སྨོས་པའི་རེའུ་མིག་དགུ་ལ་བསྒོམས་པའི་ཞིང་སྐྱོང་གི་འཁོར་རྣམས་ལ་དྲངས་ནས་གཞུག་པར་བྱའོ། །དེ་ལ་ཤར་དུ་ནི་རུ་ཏྲ་ནག་པོའོ། །བྱང་དུ་ནི་རུ་ཏྲ་ཆེན་པོའོ། །ནུབ་ཏུ་ནི་ལྷས་བྱིན་ནོ། །ལྷོ་རུ་ནི་ནག་པོའོ། །དབང་ལྡན་རུ་ནི་གཙིགས་པའོ། །མེ་མཚམས་སུ་ནི་མི་

སྡུག་པའོ། །བདེན་བྲལ་དུ་ནི་དགའ་ལས་འདས་པའོ། །རླུང་མཚམས་སུ་ནི་ལོག་འདྲེན་ཏེ། དེ་དག་སྤྱན་གསུམ་པ་ཕྱག་བཞི་པ། ཇི་སྐད་བསྟན་པའི་མཚོན་ཆ་དང་གོས་དང་རྒྱན་གྱིས་བཀླུབས་པའོ། །ཕྱོགས་བཞིར་གནས་པ་རྣམས་ནི་གོ་རིམས་བཞིན་དུ་

སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། དམར་པོའི་མདོག་ཅན་ནོ། །དབང་ལྡན་ལ་སོགས་པར་གནས་པ་རྣམས་ནི། གོ་རིམས་བཞིན་དུ་གནག་ཅིང་སེར་བ་དང་། སྔོ་ཞིང་དམར་བ་དང་། དམར་ཞིང་དཀར་བ་དང་། དཀར་ཞིང་སེར་བའི་མདོག་ཅན་

ནོ། །དེ་ལ་རུ་ཏྲ་ནག་པོའི་མདུན་དུ་ནི་རྒན་བྱེད་མའོ། །གཡོན་ཕྱོགས་ན་ནི་དྲག་མོའོ། །རྒྱབ་ཏུ་ནི་མི་སྡུག་མའོ། །གཡས་སུ་ནི་ཨུ་མ་སྟེ། དེ་དག་ནི་རིམ་བཞིན་དུ་མཁའ་འགྲོ་མ་ལ་སོགས་པའི་མདོག་ཅན་ནོ། །རུ་ཏྲ་ཆེན་པོའི་ཤར་དབང་བྱང་དང་ནུབ་དང་། ལྷོའི་

ཕྱོགས་རྣམས་སུ་ནི། རྒྱལ་མ་དང་། རྣམ་པར་རྒྱལ་མ་དང་། མི་ཐུབ་མ་དང་། གཞན་གྱིས་མི་ཐུབ་མ་སྟེ། མར་མེ་ལ་སོགས་པའི་མདོག་ཅན་ནོ། །ལྷས་བྱིན་གྱི་ཤར་དང་། བྱང་དང་། ནུབ་དང་། ལྷོའི་ཕྱོགས་སུ་ནི་ནག་མོ་བཟང་མོ་དང་། ནག་མོ་ཆེན་པོ་དང་།

ནག་མོ་སྦོམ་མོ་དང་། དབང་མོ་རྣམས་ཏེ། འཇིབ་བྱེད་མ་ལ་སོགས་པའི་མདོག་ཅན་ནོ། །ནག་པོའི་ཤར་དང་། བྱང་དང་། ནུབ་དང་། ལྷོ་ཕྱོགས་སུ་ནི་ཟླ་བ་མོ་དང་། དྲག་མོ་དང་། སྡང་མ་དང་། འཕྱང་མ་སྟེ་འཕྲོག་བྱེད་མ་ལ་སོགས་པའི་མདོག་ཅན་ནོ། །གཙིགས་

Vol. 24 · folio 193a

པའི་ཤར་དང་། བྱང་དང་། ནུབ་དང་། ལྷོའི་ཕྱོགས་རྣམས་སུ་ནི། སུམ་ཅུ་རྩ་གསུམ་གྱི་དབང་མོ་དང་། འཕྲོག་བྱེད་མ་དང་། མར་མེ་མ་དང་། འཇིབ་བྱེད་མ་དང་། རྒན་བྱེད་མ་ལ་སོགས་པའི་མདོག་ཅན་ནོ། །མི་སྡུག་པའི་ཤར་དང་། བྱང་དང་།

ནུབ་དང་། ལྷོའི་ཕྱོགས་རྣམས་སུ་ནི་དྲག་མོའི་གཟུགས་དང་། གཟུགས་ཆེན་མོ་དང་། མཆེ་བ་གཙིགས་མ་དང་། ཐོད་པ་གཅིག་མ་རྣམས་ཏེ། དབང་མོ་ལ་སོགས་པའི་མདོག་ཅན་ནོ། །དེ་དག་ལས་འདས་པའི་ཤར་དང་། བྱང་དང་། ནུབ་དང་། ལྷོ་ཕྱོགས་

རྣམས་སུ་ནི་ཐོད་ཕྲེང་ཅན་མ་དང་། ཕྲེང་ཅན་མ་དང་། ཁ་ཊྭཱཾ་མ་དང་། བདག་ཉིད་ཆེན་མོ་རྣམས་ཏེ། ནག་མོ་བཟང་མོ་ལ་སོགས་པའི་མདོག་ཅན་ནོ། །ལོག་འདྲེན་གྱི་ཤར་དང་། བྱང་དང་། ནུབ་དང་། ལྷོའི་ཕྱོགས་རྣམས་སུ་ནི། ལག་ན་རལ་གྲི་ཅན་དང་།

ལག་ན་དགྲ་སྟ་ཅན་དང་། ལག་ན་རྡོ་རྗེ་ཅན་དང་། ལག་ན་གཞུ་ཅན་མ་རྣམས་ཏེ། རྒྱལ་མ་ལ་སོགས་པའི་མདོག་ཅན་ནོ། །དེ་ལ་རྒན་བྱེད་མ་ནས། བདག་ཉིད་ཆེན་མོའི་མཐར་ཐུག་པ་རྣམས་ནི་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་པ་ལྔ་ལག་ན་ཐོགས་པས་རྣམ་པར་

རོལ་བའོ། །ལག་ན་རལ་གྲི་ཅན་ལ་སོགས་པ་བཞི་ནི་མིང་ཇི་བཞིན་དུ་ལག་ན་མཚོན་ཆ་ཐོགས་པའོ། །དེ་བཞིན་ཆེན་མོའི་མཁའ་འགྲོ་ལྔ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པ། །ཞེས་བྱ་བ་ནི་འབར་མ་ལ་སོགས་པ་རྣམས་སོ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་ཆེན་མོ། །དེ་

བཞིན་རྡོ་རྗེ་དབང་ཕྱུག་ཅེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར་རོ། །གཙོ་བོ་ཞེས་བྱ་བ་ནི། ཕྱོགས་སྐྱོང་བ་རྣམས་སོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ཏེ། །ཞེས་བྱ་བ་ནི་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་སྐུའི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །

ཅི་འདྲ་ཞེ་ན། རྡུལ་མེད་རྣལ་འབྱོར་འབྱིན་པ་མོ། །ཞེས་བྱ་བ་སྨོས་ཏེ། །རྡུལ་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པ་རྣམས་ཏེ། དངོས་པོར་ཞེན་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་གང་ལ་མེད་པ་དེ་ནི་རྡུལ་མེད་པ་སྟེ་རྡུལ་དང་བྲལ་བའོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་ཏོ། །

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words