འཕགས་པ་གདན་བཞི་པའི་རྣམ་པར་བཤད་པ

Sanskrit title (Tibetan script, as in the text) ཨཱརྱ་ཙ་ཏུ་ར་པཱི་ཋི་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 25 · folio 29b

ནས་ཀྱང་། །སླར་ཡང་འདི་རུ་གཤེགས་སུ་གསོལ། །ཞེས་སོ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ནས། །གཡོན་པ་སྙིང་གར་བཞག་ནས་སུ། །ལག་པ་གཡས་པ་བརྐྱང་བྱས་ནས། །ས་ལ་གཞག་སྟེ་གཤེགས་སུ་གསོལ། །ཞེས་པ་དང་སྔགས་འདིས་གཏང་བར་བྱ་སྟེ། ཨོཾ་

ཨཱཏྨ་ཏིཥྛ་ཧཱུྃ་སྭཱ་ཧཱ་ཞེས་སོ། །དེ་ནས་རང་གི་དབུགས་ལས་ནི། །རང་གི་ལུས་ལ་ཐིམ་པར་བྱ། །ཞེས་པ་ནི་ཕྱི་ནས་བདག་གི་དབུགས་ཁ་ནས་རང་གི་སྙིང་གར་ཆུད་ནས་ཐིམ་པར་བྱས་ཏེ། འོ་མ་དང་ཆུ་འདྲེས་པ་ལྟར་གཅིག་ཏུ་གྱུར་པའི་ངོ་བོར་བྱ་བའི་དོན་ཏོ། །དེ་ལྟར་ཡང་གསུངས་

པ། འདུས་པ་ཡིས་བསམ་འདྲེས་པ་ཡིས། །དཀྱིལ་འཁོར་ཇི་ལྟར་དེ་བཞིན་གཤེགས། །སྔ་དྲོ་ཕྱི་དྲོ་བཟླ་བྱས་ཏེ། །གང་དང་དེ་ལ་ཆེར་གནས་སོ། །གང་གང་དབང་པོའི་ལམ་ཉིད་ནི། །གང་གང་དེ་ཉིད་རང་བཞིན་དུ། །མཉམ་པ་མེད་པའི་སྦྱོར་བ་ཡིས། །སངས་རྒྱས་

ཐམས་ཅད་མཉམ་པར་འདྲེན། །ཞེས་སོ། །ཡུད་ཙམ་གྱི་ནི་སྦྱོར་བ་ཡིས། །བདག་ཉིད་ངོ་བོ་མཆོད་པར་བྱ། །ཞེས་པ་ནི་དེ་ལ་ཡུད་ཙམ་ཡུད་ཙམ་ཞེས་པ་ནི། །ཡེ་ཤེས་མཁའ་འགྲོ་མའི་བདག་ཉིད་བདག་ལ་བསམས་ཏེ། ཉེ་བར་སྤྱོད་པ་ལྔ་ལ་སོགས་པས་མཆོད་ནས་ཡན་ལག་

བརྒྱད་པ་བཀོད་པར་བྱ་སྟེ། སྔོན་བཞིན་དུ་དམ་ཚིག་ཀྱང་བསྟན་ནས། དེ་ནས་ཕྱིའི་ལྷ་རྣམས་ཀྱང་དེ་ཁོ་ན་བཞིན་དུ་མཆོད་ནས་སྔགས་འདིས་གཏང་བར་བྱའོ། །ཨོཾ་དུཥྚཱ་པྲ་དུཥྚཱ་ན་ཧ་ཎ་གྲིཧྣ་གྲིཧྣ་ཁ་ཁ་ཁཱ་ཧི་ཁཱ་ཧི་གཙྪ་གཙྪ་ཧཱུྃ་ཕཊ། ཅེས་སེ་གོལ་གསུམ་བརྡབས་ནས་གཏང་བར་

བྱའོ། །ཨོཾ་ཀི་ལི་ཀི་ན་ཏྱ་ཧཱུྃ། ཛཿཞེས་པས་རྡུལ་ཚོན་བསྡུས་ཏེ་གཙང་པོ་ལ་དོར་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ས་ལ་དྲི་ལ་སོགས་པས་བྱུགས་ནས་རྡུལ་ཚོན་སེར་པོས་པདྨ་འདབ་བརྒྱད་བྲིས་ཏེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་པ་དང་མཆོད་པ་ལ་སོགས་པ་བྱའོ། །

དཔལ་ལྡན་གདན་བཞི་པ་གཟིགས་པ་ལས་གཞན་གྱི་གདན་དཀྱིལ་འཁོར་གྱི་ཆོ་ག་ལེའུ་གསུམ་པའི་རྣམ་པར་བཤད་པ་རྫོགས་སོ།། །།ད་ནི་བདུད་རྩི་ལྔ་དང་། ལྕགས་ཀྱུ་ལྔ་དང་། ཨཱ་ལི་དང་། ཀཱ་ལི་དང་། བདུད་རྩིའི་འོད་དང་། ཕྱིའི་ཕྱག་རྒྱ་ལ་སོགས་པ་རྣམས་ཁྱད་

Vol. 25 · folio 30a

པར་གྱི་ངོ་བོ་ཉིད་མངོན་དུ་གྱུར་འདོད་པ་ཕྱག་ན་རྡོ་རྗེས། །བདུད་རྩི་ལྔའི་བྱེ་བྲག་དང་། །ཞེས་པ་ལ་སོགས་པས་གཞན་གྱི་གདན་ལེའུ་བཞི་བ་བརྩམས་སོ། །ཐོག་མ་བདུད་རྩི་རྡོ་རྗེ་ཆུ། །ལྔ་ནི་བདག་ཉིད་འབྱུང་བ་སྟེ། །ཞེས་པ་ནི། དེ་ལ་ཐོག་མ་ཞེས་པ་ནི། །

དང་པོ་བྱང་ཆུབ་སེམས་བཤད་པར་བྱའོ་ཞེས་པའི་དོན་ཏོ། །བདུད་རྩི་རྡོ་རྗེ་ཆུ་ཞེས་པ་ནི། བྱང་ཆུབ་སེམས་སོ། །ལྔའི་ཞེས་པ་ནི། ངོ་བོ་ཉིད་ལྔ་ཞེས་པའོ། །བདག་ཉིད་འབྱུང་བ་ཞེས་པ་ནི། བདག་ལས་སྐྱེས་པ་ཞེས་པའི་དོན་ནི་འདི་ལྟ་སྟེ། བདག་གི་ས་ནས་འབྱུང་བའི་བྱང་ཆུབ་

སེམས་དཔའི་ཁམས་ལྔའི་བདག་ཉིད་ཅེས་པའོ། །དེ་ཁོ་ན་འགྲེལ་པས་གསུངས་པ། རེག་ན་དྲོ་བ་མེ་ཡིན་ནོ། །ཞེས་པ་སྟེ། དྲོ་བ་ཉིད་དུ་རེག་པའི་རང་བཞིན་ནི་མེའི་ཁམས་ཞེས་སོ། །དུ་བར་སྣང་བ་རླུང་ཡིན་ཏེ། །ཞེས་པ་ནི་རླུང་གི་གཟུགས་ཀྱིས་ཡར་གྲོལ་བར་མཐོང་

སྟེ། དེ་བས་ན་རྟག་པར་འགྲོ་བའི་མཚན་ཉིད་དོ། །གཤེར་བའི་དངོས་པོ་ཆུ་ཡིན་ཏེ། །ཞེས་པ་ནི་གཤེར་བ་ཉིད་ཀྱང་ཡོད་པ་དེ་བས་ན་ཆུའི་ཁམས་སོ། །གཟུགས་སུ་སྣང་བ་ས་ཡིན་པས། །ཞེས་པ་ནི། །རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་དམིགས་པ་ཉིད་ཀྱི་ཕྱིར་ན་རྩུབ་པ་ཉིད་ཀྱང་ཡོད་དེ། དེ་

བས་ན་སའི་ཁམས་སོ། །ཡེ་ཤེས་རྡོ་རྗེར་བྱིན་བརླབས་ནས། །ཞེས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་རོ་མཉམ་པ་ཉིད་ཀྱི་ཕྱིར་ན་ནམ་མཁའི་ཁམས་སོ། །ལྷ་ཉིད་ལྔ་ནི་བསྒོམ་པར་བྱ། །ཞེས་པ་ནི་ཁམས་ལྔའི་བདག་ཉིད་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་དུ་བསྒོམ་པར་བྱའོ་ཞེས་

པའི་དོན་ཏོ། །ཐམས་ཅད་ཆུ་ཡི་དབྱིངས་དང་ནི། །ཟད་པར་ཞེས་པ་ནི། དེ་ཡང་མ་ལུས་པར་གཙོར་ནི་ཆུའི་དངོས་གནས་ཏེ། རྟེན་ཅིང་འབྲེལ་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་ན་སྟོང་པ་ཉིད་དུ་ཆེར་དམིགས་པར་བྱའོ། །མེ་ཡང་དེ་བཞིན་ཏེ་ཞེས་པ་ནི་མེའི་དབྱིངས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་

བའི་རང་བཞིན་ཉིད་ཀྱི་ཕྱིར་ན་སྟོང་པའོ། །ཡང་ཞེས་པའི་སྒྲས་ནི། ས་ལ་སོགས་པ་རྣམས་ཀྱང་དེ་བཞིན་དུ་ནན་ཏན་གྱིས་རང་བཞིན་ཤེས་པར་བྱའོ། །ད་ནི་དེ་ཁོ་ན་ལ་བཀོད་པར་བྱ་བའི་ས་བོན་གསུངས་པ། ཇི་ལྟར་དག་པ་རླུང་དག་དང་། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཇི་ལྟར་

Vol. 25 · folio 30b

དག་པ་ཞེས་པ་ནི། ཡི་གེ་ཧའོ། །རླུང་དག་དང་ཞེས་པ་ནི་ཡི་གེ་ཡའོ། །དད་པའི་དོན་དང་ཞེས་པ་ནི་ཡི་གེ་སའོ། །སའི་ཞེས་པ་ནི་ཡི་གེ་ཧའོ། །དབང་ཞེས་པ་ནི་ཡི་གེ་ཀཱའོ། །ཡེ་ཤེས་ཡི་གེ་ལྔ་རྣམས་ལ། །ཐིག་པ་འདྲེས་པས་ཀུན་སྦྱར་ཞིང་། །ཞེས་པ་ནི་ཆོས་ཀྱི་ཡི་གེ་དེ་དག་ལྔ་རྣམས་

ལ་ཐིག་ལེ་སྟེ། སྟེང་གི་ཐིག་ལེ་ང་རོའོ། །ཞབས་སྐྱེད་ཡི་གེ་ཨུ་དང་ཡང་དག་པར་སྦྱར་བར་བྱའོ་ཞེས་པའི་དོན་ཏོ། །དེ་ཡི་དབུས་སུ་ཟླ་བ་ལ། །བདུད་རྩི་ཡི་གེ་དབུས་སུའོ། །ཞེས་པ་ནི་དེ་ལ་དེའི་ཞེས་པ་ནི། དེ་དག་གི་ཞེས་པའི་དོན་ཏོ། །དབུས་སུ་ཟླ་བ་ཞེས་པ་ནི། མགོའི་དབུས་སུ་གནས་

པའི་ཟླ་ཚེས་སོ། །བདུད་རྩི་ཡི་གེ་དབུས་སུའོ། །ཞེས་པ་ནི་ཡི་གེ་ས་གནས་གྱུར་པ་ཐིག་ལེ་ཟླ་ཚེས་དེའི་དབུས་སུ་བསམ་པར་བྱའོ་ཞེས་པའོ། །ལྔ་པ་ལྔ་ཡི་བསྟན་པ་ལ། །བདག་ཉིད་དག་པའི་རྡོ་རྗེ་ཆུ། །ཞེས་པ་ནི་དེ་ལ་ལྔ་པ་ཞེས་པ་ནི་སངས་རྒྱས་ལྔའི་རང་བཞིན་ནོ། །ཡང་

ལྔའི་ཞེས་པ་ནི་ས་བོན་ལྔའོ། །བསྟན་པ་ཞེས་པ་ནི་བཟླས་པའོ། །བདག་ཉིད་དག་པ་ཞེས་པ་ནི་རང་གི་ལུས་དག་པར་བྱའོ་ཞེས་སོ། །རྡོ་རྗེ་ཆུ་ཞེས་པ་ནི་བྱང་ཆུབ་སེམས་སོ། །དེས་ཅིར་འགྱུར་ཞེ་ན། ཁམས་ལྔའི་བདག་ཉིད་བྱང་ཆུབ་སེམས་ཞེས་པའོ། །ཕྱིར་གསུངས་པའི་བདུད་རྩི་

ལྔའི་རྣམ་པར་སྣང་མཛད་ལ་སོགས་པ་བཞི་དང་། ལྷན་ཅིག་ཏུ་གོང་ནས་གསུངས་པའི་ས་བོན་ལྔ་དང་། འདོད་ཆགས་ལ་སོགས་པའི་བྱིན་གྱིས་བརླབས་པའི་ལུས་རྣམ་པར་ཤེས་པས། ཤེས་པར་བྱ་བ་ཉེ་བར་སྦྱོར་བས་འདིར་ཡང་བདུད་རྩིའི་ཡི་གེ་བྱང་ཆུབ་སེམས་ཁོ་ནས་མ་འདྲེས་པའི་

སྦྱོར་བ་གསུངས་ཏེ། བཤང་གཅི་ལ་སོགས་པ་རྣམས་བཀོད་པའི་ཕྱིར་ན་སྙིང་པོར་གསུངས་པའོ། །ས་གསུམ་བསྐྱེད་པའི་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་ན། བྱང་ཆུབ་སེམས་གཙོར་རྣམ་པར་དག་པ་གསུངས་ཏེ་གཞན་རྣམས་མ་ཡིན་ནོ། །དེ་ལྟར་ཡང་གསུངས་པ། བདུད་རྩི་བྱང་ཆུབ་སེམས་

ཞེས་གསུངས་ཏེ། དེ་ལས་བསྐྱེད་དེ་འགྲོ་བ་གསུམ། །ཞེས་སོ། །བཤད་པའི་དོན་ཁོ་ནས་གསལ་བར་བྱེད་པ་གསུངས་པ། དངོས་དང་དངོས་མེད་ངེས་འབྲེལ་བས། །དེས་ན་རྨོངས་པ་རིང་དུ་སྤངས། །ཞེས་པ་སྟེ་དེ་ལ་དངོས་པོའི་སྒྲས་ནི། ཆོས་ཐམས་ཅད་ཡོད་པ་ཉིད་ཀྱིས་དམིགས་པའོ། །

Vol. 25 · folio 31a

དངོས་མེད་ཅེས་པའི་སྒྲས་ཀྱང་། དེ་རྣམས་ཁོ་ན་ལ་མེད་པ་ཉིད་ཀྱིས་དམིགས་པའོ། །ངེས་བྲལ་ཞེས་པ་ནི། དེ་གཉིས་ཡོངས་སུ་སྤངས་ནས་གནས་པ་ཇི་སྙེད་པའོ། །དེ་ནས་རྨོངས་པ་ལ་སོགས་པ་དེ་དག་རིང་དུ་སྤངས་པར་འགྱུར་རོ་ཞེས་པའི་དོན་ཏོ། །

དེ་ལྟར་ཡང་གསུངས་པ། ཇི་ལྟར་མིའི་ཟས་ལ་ཐུན་མོང་སྤྱོད་པ་བཞིན། །ཉི་མ་ཇི་ལྟར་མཐོང་ལ་ཐུན་མོང་མཐོང་བཞིན་དུ། །རླུང་ཡང་ཇི་ལྟར་དྲིལ་བུ་ཐུན་མོང་བ་རྣམས་བཞིན། །རྣམ་རྟོག་རྨོངས་པའི་རྒྱ་མཚོ་རིང་དུ་སྤང་བར་བྱ། །ཞེས་སོ། །དེ་ལྟར་རྣམ་པར་སྦྱང་པའི་རྫས་ཟས་དང་།

ཟས་མ་ཡིན་པའི་རྣམ་པར་རྟོག་པ་མེད་པས་འོག་ནས་བྱུང་བའི་མཚན་ཉིད་ཀྱིས་གསུངས་པའི་ཧོམ་ཁུང་སྦྱིན་སྲེག་བྱ་ཞེས་གསུངས་པ། ཕྱི་ཡི་བདུད་རྩི་ཟས་བཟང་པོ། །འཁྲུགས་པའི་མེ་ཡིས་བཙོས་པ་བཞིན། །ཞེས་པ་སྟེ་དེ་ལ་ཕྱིའི་བདུད་རྩི་ཞེས་པ་ནི། མར་དང་སྦྲང་རྩི་དང་། འོ་མ་

དང་འདམ་བུ་ཀ་ར་ལ་སོགས་པའོ། །འཁྲུགས་པ་ཞེས་པ་ནི་འཇུ་བའོ། །མེ་ཡིས་བཙོས་པ་ཞེས་པ་ནི་ཕྱིའི་མེ་ཁོ་ནའོ་ཞེས་པའོ། །བསམ་པ་ནི་འདི་ལྟ་སྟེ། ཇི་ལྟར་ཕྱིའི་མེས་སྨིན་ཞིང་བསྐྱེད་པར་བྱས་པའི་འབྲས་བུ་ལ་སོགས་པ་དང་། བུ་རམ་ལ་སོགས་པའི་དོན་ལྷག་པར་དག་པའི་

དེ་ཉིད་མངོན་པར་འདོད་ནས་ཁས་བླངས་པ་བཞིན། འདིར་ཡང་ཡེ་ཤེས་ཀྱི་མེས་སྨིན་ཞིང་བསྐྱེད་པར་བྱས་པའི་བཤང་གཅི་ལ་སོགས་པའི་དོན་ཉེ་བར་དང་དུ་བླངས་ནས་དམ་པ་རྣམས་ཀྱིས་ཁས་བླངས་པ་ནི་འགལ་བ་མེད་དོ་ཞེས་པ་སྟེ། དངོས་པོ་ཐམས་ཅད་མ་བརྟགས་པ་གཅིག་པུ་ཁོ་ནས་རུང་བ་

ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། །དངོས་གཅིག་དེ་ཉིད་སུས་མཐོང་ན། །དངོས་ཀུན་དེ་ཉིད་མཐོང་བ་ཡིན། །དངོས་ཀུན་རང་བཞིན་གང་ཡིན་པ། །དངོས་གཅིག་རང་བཞིན་དེ་ཡིན་ནོ། །ཞེས་སོ། །གཞན་ཡང་གསུངས་པ། ཐབས་དང་ཤེས་རབ་སྟོབས་ཀྱིས་ནི། །མི་བྱ་བ་ནི་འགའ་

ཡང་མེད། །ཅེས་པའོ། །གསུངས་པའི་དོན་ཁོ་ན་གསལ་བར་གསུངས་པ། ལྟོ་བ་ལ་སོགས་ཡེ་ཤེས་མེས། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ལྟོ་ཞེས་པ་ནི་ཁོང་པའི་ནང་ངོ་། །སོགས་པའི་སྒྲས་ནི་མིག་ལ་སོགས་པའི་སྐྱེ་མཆེད་དོ། །ཡེ་ཤེས་མེ་ཡིས་ཞེས་པ་ནི་ལྷ་ལ་སོགས་པའི་མེ་ཞེས་པའོ། །

Vol. 25 · folio 31b

བསྲེགས་པ་ཞེས་པ་ནི་སྨིན་པར་བྱས་པའོ། །བཤང་བ་དང་གཅི་ཞེས་པ་ནི་དྲི་ཆེན་ལ་སོགས་པའོ། །དེས་ནི་འདི་ལྟར་གསུངས་པར་འགྱུར་ཏེ། ལྟོ་ལ་སོགས་པའི་ཡེ་ཤེས་མེས་ཡོངས་སུ་སྨིན་པར་བྱས་པའི་བཤང་གཅི་ལ་སོགས་པ་ཤིན་ཏུ་ཁྱད་པར་ཅན་དུ་འགྱུར་ཏེ། དེ་བས་ན་བཤང་

གཅི་ལ་སོགས་པ་ནི་ལྷ་བཤོས་མཁས་པས་ཤིན་ཏུ་འགལ་ལོ་ཞེས་རྟོག་པ་ནི་མི་བྱའོ། །མི་གཙང་བ་ལ་སོགས་པའི་རྣམ་པར་རྟོག་པ་ཉིད་འཇོམས་པའི་དོན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་སྒྱུ་འཕྲུལ་དྲ་བ་ལས་གསུངས་པ། འབྱུང་བ་ཆེན་པོས་འབྱུང་ཉིད་ཕྱིར། །ཇི་ལྟར་མི་གཙང་

ཉིད་དུ་གསུངས། །ཞེས་སོ། །མེ་ཡིས་སྨིན་པར་བྱས་པ་དེ། །མེ་ཡི་དབུས་སུ་བཙོས་བྱས་པའི། །མེ་ཡི་དབུས་སུ་བསྲེག་བྱ་བ། །ཞེས་པ་ནི་དེ་ལ་མེ་ཡིས་སྨིན་པ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །མེ་ཡི་ཞེས་པ་ནི་ཡེ་ཤེས་ཀྱི་མེའོ། །དེའི་དབུས་སུ་ཞེས་པ་ནི། ཡེ་ཤེས་ཀྱི་མེའི་

དབུས་སུ་བསྲེག་བྱ་བ་ཞེས་པ་ནི་སྦྱིན་སྲེག་བྱ་བའོ། །དོན་ནི་འདི་ལྟ་སྟེ། ཇི་ལྟར་ཕྱི་མེ་ལྷན་ཅིག་འབྱུང་བའི་རྐྱེན་དྲི་ཞིམ་པའི་འབྲས་སཱ་ལུ་ལ་སོགས་པ་བསྐྱེད་པར་བྱ་བ་འབྲས་ཆན་ལ་སོགས་པ་ཁྱད་པར་གྱི་རྐྱེན་ཁྱད་པར་བསྐྱེད་པ་ཤིན་ཏུ་ཁྱད་པར་གྱུར་པ་བཞིན། དེ་བཞིན་འདིར་ཡང་

བཤང་གཅི་ལ་སོགས་པའི་དོན་ཡང་ཡེ་ཤེས་མེ་ལྷན་ཅིག་འབྱུང་བའི་རྐྱེན་གྱིས་བསྐྱེད་པར་བྱ་བ་འབྲས་སཱ་ལུ་ལ་སོགས་པའི་ཆན་ཞེས་སོ། །རྣམ་པར་དག་པ་དེ་མེ་ལ་སྦྱིན་སྲེག་བྱའོ། །དེས་ན་ཡེ་ཤེས་ཀྱི་མེ་ལ་རྣམ་པར་སྣང་མཛད་ལ་སོགས་པ་གཙང་དང་མི་གཙང་ལ་སོགས་པ་

རྣམ་པར་རྟོག་པ་མེད་པས་སྦྱིན་སྲེག་དབུལ་བར་བྱའོ་ཞེས་པའོ། །གང་གི་རྡོ་རྗེ་ཆུ་ས་བོན། །ས་བོན་དེ་བཞིན་བཟླ་བར་བྱ། །ཞེས་པ་ནི་དེ་ལ་རྡོ་རྗེ་ཞེས་པ་ནི། ནང་གི་ཧོམ་ཁུང་ལ་བསམ་པའི་རྡོ་རྗེ་ཞེས་པའི་དོན་ཏོ། །རྡོ་རྗེ་ས་བོན་ཞེས་པ་ནི་ད་ལྟར་ཡི་གེ་ཧཱུྃ་བཟླས་པའོ། །ས་བོན་དེ་བཞིན་

ཞེས་པ་ནི་རྡོ་རྗེའི་བུམ་པའི་དབུས་སུ་ཡི་གེ་ཧཱུྃ་བསམ་པར་བྱས་ནས།དེའི་ཚེ་ས་བོན་དང་བཅས་པར་འགྱུར་རོ་ཞེས་པ་ཇི་སྙེད་པའོ། །དེ་དབུས་འབར་བའི་ཉི་མ་ཡི། །མེ་ཡི་ཡི་གེ་རྣམ་པར་བསམ། །ཞེས་པ་ནི་མེའི་ཡི་གེ་ཀྵུྃ་འབར་བའི་རང་བཞིན་དུ་འདུག་པའི་མཁའ་འགྲོ་མ་བསམས་ཏེ།

Vol. 25 · folio 32a

དེ་འབར་བའི་ཉི་མའི་དབུས་སུ་སྦྱིན་པར་བྱའོ་ཞེས་པའོ། །གཟུགས་དང་མཛེས་པའི་མདོག་ནི་པདྨོའི་དབང་ཕྱུག་སྟེ། ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །ད་ནི་བྱང་ཆུབ་སེམས་ཁོ་ན་ཐབས་དང་ཤེས་རབ་ལས་བྱུང་བ་ཉིད་ཀྱིས་ཆོས་ཀྱི་དབྱིངས་

ཀྱི་རང་བཞིན་གྱི་ཕྱིར་ན། རྡོ་རྗེ་སྒྲས་མངོན་པར་བརྗོད་དོ་ཞེས་གསུངས་པ། ཨཱ་ལི་ཞེས་བྱ་བུང་བ་སྟེ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཨཱ་ལི་ནི་བུང་བ་དང་། རྡོ་རྗེ་དང་འཇིགས་བྱེད་ཅེས་རྣམ་གྲངས་སོ། །དེ་ཁོ་ན་ནམ་མཁའ་མཐར་ཐུག་པ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་

གྱིས་ཐམས་ཅད་ཁྱབ་པ་ཉིད་དུ་གསུངས་པ། ཨཱ་ལི་ནམ་མཁའ་མཐའ་ཀླས་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །རྒྱུ་དང་མི་རྒྱུ་གསང་འཛིན་པ། །ལུས་རྣམས་ཐམས་ཅད་དེ་ལས་འབྱུང་། །ཞེས་པ་སྟེ། ཐམས་ཅད་གསང་བའི་རང་བཞིན་གསང་བའི་གཟུགས་ཀྱིས་

འཛིན་པའི་ཕྱིར་གསང་འཛིན་ནོ། །བདུད་རྩི་དེ་ཡང་གང་ལ་གནས་ཤེ་ན། གསུངས་པ། ལུས་ཀྱི་ཡན་ལག་བཅོ་བརྒྱད་ལ། །ཞེས་པ་སྟེ་ནུ་མ་ལ་སོགས་པའི་གནས་བཅོ་བརྒྱད་ཆེར་གནས་སོ་ཞེས་པའི་དོན་ཏོ། །དེ་ཁོ་ན་ལ་གསུངས་པ། དབང་པོ་ཀུན་གྱི་བདུད་རྩི་ལྔ་དག་ཅེས་པ་སྟེ། དབང་

པོ་ཐམས་ཅད་ལ་གནས་པ་ཉིད་ཀྱི་ཕྱིར་ན་དེ་དག་གི་རང་བཞིན་ཞེས་པའི་དོན་ཏོ། །དེ་ནི་དབུས་ནས་དྲངས་བྱས་ཏེ། །ཨཱ་ལི་དབུས་སུ་ཐིམ་པར་བྱ། །ཞེས་པ་ནི་དབང་པོ་དེ་དག་ལས་དྲངས་ཏེ། ཨཱ་ལི་དབུས་སུ་གསང་བའི་རྡོ་རྗེ་ལ་གནས་པར་བྱའོ་ཞེས་པའོ། །དོན་ནི་འདི་ལྟ་སྟེ། གནས་བཅོ་བརྒྱད་ནས་

ཉེ་བར་བསྡུས་ནས་མཚན་མ་བརྒྱད་བྱའོ་ཞེས་པའོ། །འཇིགས་བྱེད་ཅེས་པ་ནི། རྡོ་རྗེ་བདུད་རྩི་ལ་བརྗོད་དེ། །དེའི་རང་བཞིན་ཡིན་ནོ། །འཇིགས་བྱེད་ནི་བཀང་བ་ཞེས་ཏེ། བདུད་རྩིའི་རང་བཞིན་སེམས་ཅན་ཐམས་ཅད་བཀང་ནས་ཤིན་ཏུ་རོལ་ཞིང་ཐམས་ཅད་རིག་གོ། །ཁམས་

གསུམ་ལ་ཁྱབ་ཅིང་གནས་པར་གྱུར་པས་ན། འཇིགས་བྱེད་ཅེས་པའོ། །དེ་ལྟར་ཡང་གསུངས་པ། ཐམས་ཅད་ལ་ནི་བཀང་བྱས་ཏེ། །ཐམས་ཅད་དུས་ལ་རོལ་པར་བྱེད། །ཐམས་ཅད་དུ་ཡང་གནས་བྱེད་པས། །དེ་བས་འཇིགས་བྱེད་ཅེས་སུ་བཤད། །རྡོ་རྗེ་ང་རོ་ཡིས་ཞེས་པ་ནི་ཡི་གེ་

Vol. 25 · folio 32b

ཧཱུྃ་ངོ་། །སྦྱོར་བའི་རྫས་ནི་འབྱུང་བར་འགྱུར། །ཞེས་པ་ནི་ཡི་གེ་ཧཱུྃ་གི་སྒྲས་བཏང་ནས་དབྱུང་བར་བྱའོ། །རྣལ་འབྱོར་པའི་རྫས་རིག་པའི་རིམ་པས་སྐྱེས་མ་ཐག་ཏུ་དམ་པའི་ཚངས་པའི་ངོ་བོ་ཉིད་སྐྱེ་བར་འགྱུར་རོ་ཞེས་པའོ། །དེ་ལྟར་ཡང་གསུངས་པ། རྡོ་རྗེ་པདྨ་མཉམ་སྦྱོར་

བས། །རྡོ་རྗེ་སེམས་དཔའ་བདག་མཉམ་ཞེས་སོ། །དེ་ནས་རྡོ་རྗེའི་ང་རོ་ངོ་བོ་ཉིད་ཀྱིས་བཤད་འདོད་པས་གསུངས་པ། མེ་དང་རླུང་གི་བདུན་པ་ཡིས། །ཞེས་པ་ལ་སོགས་པ་སྟེ། དེའི་དོན་ནི་བཤད་ཟིན་ཏོ། །སྒྲ་སོགས་གོང་མའི་ས་བོན་ནི། །ཞེས་པ་ནི་ཡི་གེ་ཨའོ། །དེའི་

དབུས་སུ་གཟུང་བར་བྱ། །ཞེས་པ་ནི་རྡོ་རྗེའི་དབུས་སུ་ཡི་གེ་ཨ་ཞུ་བ་ལས་གྱུར་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཡི་གེ་ཧཱུྃ་བསམ་པར་བྱའོ་ཞེས་པའོ། །དེ་ལྟར་ཨཱ་ལིའི་ངོ་བོ་བཤད་ནས། ད་ནི་ཀཱ་ལིའི་དེ་བཞིན་ཉིད་བཤད་པར་འདོད་པས་གསུངས་པ། ཀཱ་ལིའི་མེ་ཏོག་ཀུན་དུ་ཤེས། །

ཞེས་པ་སྟེ། དེ་ལ་ཀཱ་ལི་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་སོ། །མེ་ཏོག་ཀུན་དུ་ཤེས་ཞེས་པ་ནི། །དེ་ཁོ་ན་མེ་ཏོག་ཅེས་པ་དང་། ཀུན་དུ་ཤེས་པ་ཞེས་པ་ཇི་སྙེད་པའོ། །མེ་ཏོག་ཐུག་པ་རྡོ་རྗེ་ཅན། །ཞེས་པ་ནི་པདྨའི་རང་བཞིན་ཉིད་ཀྱི་ཕྱིར་ན་དེ་ལ་ཐུག་པར་བྱེད་པ་རྡོ་རྗེ་ཐུག་པར་བྱས་ནས་རྡོ་རྗེའོ། །

དེ་ཁོ་ནས་མེ་ཏོག་ལ་ཐུག་པའི་ཕྱིར་བུང་བའི་སྒྲ་ཡིས་གོང་དུ་བཤད་ཟིན་ཏོ། །འཁོར་བ་ལས་བྱུང་ཐམས་ཅད་དུ། །མེ་ཏོག་ཐམས་ཅད་ས་ཡིན་ནོ། །ཞེས་པ་ནི་འཁོར་བ་ལ་སྐྱེ་བ་ཅན་ཐམས་ཅད་དེ་ཁོ་ནའི་སྐྱེད་པ་པོ་ཉིད་ཀྱི་ཕྱིར་ན་མའོ། །དེ་ཁོ་ནའི་ཐམས་ཅད་སའི་རྣམས་ཞེས་པས་ཁྱད་

པར་བྱས་ཏེ། ཐམས་ཅད་ཁོ་ན་སྐྱེ་བའི་གནས། །ཞེས་པའོ། །ཡང་ནས་ཡང་དུ་ཁྱད་པར་གསུངས་པ། །ཡེ་ཤེས་ཆུ་ཡི་རྒྱ་མཚོ་འདི། །ཤེས་རབ་ཆུ་སྲིན་ཉ་དག་དང་། །ཞེས་པ་སྟེ། དེ་ལ། ཡེ་ཤེས་ཆུ་ཡི་རྒྱ་མཚོ་འདི། །ཞེས་པ་ནི། བདུད་རྩི་ཆུས་བཀང་བའི་རྒྱ་མཚོ་ཞེས་པའི་དོན་ཏོ། །ཡང་ན་

རྡོ་རྗེ་འཛིན་དེ་ཁོ་ན་ཉིད་ཀྱི་རྒྱུར་གྱུར་པ། སྣ་ཚོགས་ཐབས་དང་ལྡན་པའི་བྱང་ཆུབ་སེམས་རིན་ཆེན་གྱི་གཞི་ཉིད་ཀྱི་ཕྱིར་ན་རྒྱ་མཚོའོ། །ཤེས་རབ་ཆུ་སྲིན་ཉ་དག་དང་། །ཞེས་པ་ནི་སེམས་ཅན་གྱི་ཁམས་ཀུན་འཁོར་བ་ལས་དྲངས་པའི་མཐུ་གང་ཡིན་པ་དེ་ཤེས་རབ་ཀྱི་སྒྲ་བརྗོད་དོ། །དེ་ཡང་

Vol. 25 · folio 33a

སྣ་ཚོགས་ཀྱི་གཟུགས་སུ་ཆུ་སྲིན་དང་ཉ་ལ་སོགས་པ་ལྟ་བུའོ། །གཉིས་མེད་འདམ་པའི་དབུས་དག་ལ། །ཐབས་ཀྱི་མྱུ་གུ་དག་གིས་ནི། །ཞེས་པ་ནི་དེ་ལ་གཉིས་མེད་ཅེས་པ་ནི་སྙོམས་པར་སྦྱོར་བའི་པདྨའོ། །འདམ་པ་ནི་ཐབས་ཀྱི་མཚན་མའོ། །དེ་ཁོ་ན་མྱུ་གུ་

ཞེས་ཇི་སྙེད་པའོ། །བནྡུ་ཀ་ནི་རྒྱས་པ་བཞིན། །ཞེས་པ་ལ་སོགས་པས་ནི། ཀཱ་ལི་དེ་ཁོ་ནའི་དབུས་སུ་མདོག་གི་རྣམ་པའི་ཆ་གསུངས་སོ། །སྦྲང་རྩི་བདུད་རྩི་གནས་ཡིན་ཏེ། །ཞེས་པ་ནི། སྦྲང་རྩིའི་ངོ་བོ་བདུད་རྩིའི་གཞི། །ཞེས་པའི་དོན་ཏོ། །ཀཱ་ལི་བདུད་རྩི་དེ་ཉིད་ཀྱིས། །ཞེས་པ་ནི་བདུད་

རྩི་དེའི་རྟེན་ཉིད་ཀྱི་ཕྱིར་ན། ཀཱ་ལི་ཡང་བདུད་རྩིའི་རང་བཞིན་ཡིན་ནོ་ཞེས་ཇི་སྙེད་པའོ། །དེ་ལྟར་བསྒོམས་པའི་པདྨ་ཇི་ལྟར་རྒྱས་པར་བྱ་ཞེས་གསུངས་པ། མེ་ཏོག་རྒྱས་པའི་ཆུ་སྐྱེས་པ། །ཞེས་པ་སྟེ། དེ་ལ་མེ་ཏོག་ཅེས་པ་ནི། པདྨའི་ཁྱད་པར་ལ་བྱའོ། །རྒྱས་པ་ཞེས་པ་ནི། ཁ་རྒྱས་པའོ། །

ཆུ་སྐྱེས་ཞེས་པ་ནི་པདྨའོ། །དེ་བས་ན་གསང་བའི་མེ་ཏོག་པདྨ་ཁ་རྒྱས་པར་བྱ་བ་ཞེས་བཤད་པར་འགྱུར་རོ། །གང་གིས་ཁ་རྒྱས་པར་བྱ་ཞེ་ན་གསུངས་པ། །ཡི་གེ་གཉིས་འགྱུར་ཐིགས་པ་དང་། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡི་གེ་གཉིས་འགྱུར་ནི་ཀྵའོ། །ཐིགས་པ་དང་ཞེས་པ་ནི། མགོ་

ན་ཟླ་ཚེས་ཀྱི་ཚུལ་སྟེང་ན་ཐིག་ལེ་རི་མོའོ། །རྩ་བར་འདྲེན་པར་སྦྱོར་བར་བྱ། །ཞེས་པ་ནི། འོག་ན་ཞབས་སྐྱེད་ཡི་གེ་ཨུ་དང་སྦྱར་བར་བྱའོ་ཞེས་པའོ། །དོན་ནི་འདི་ལྟ་སྟེ། པདྨའི་སྙིང་པོ་ཡི་གེ་ཨ་ལས་གྱུར་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྐྱེ་གནས་ཀྱི་ས་བོན་བཀོད་པར་བྱའོ་ཞེས་

པའོ། །དེ་ཡི་ཡི་གེ་ས་བོན་དག །ལྷ་མོ་ཉིད་ཀྱི་རིགས་ཀྱི་ཡུམ། །ཞེས་པ་ནི། ཡི་གེ་ས་བོན་དེ་བཀོད་པའི་ས་དྲག་པོའི་མཁའ་འགྲོ་མའི་ངོ་བོར་གྱུར་པར་འགྱུར་རོ་ཞེས་ཇི་སྙེད་པའོ། །རིགས་ཀྱི་ཡུམ་ཞེས་པ་ནི། དེ་ལྟར་སྐྱེས་མ་ཐག་ཏུ་རིགས་ཀྱི་ཡུམ་ཉིད་དུ་འགྱུར་རོ་ཞེས་པའི་དོན་ཏོ། །

དེ་ལྟར་ཡང་གསུངས་པ། སྒྲོལ་མ་ན་བཟའ་དཀར་མོ་དང་། སངས་རྒྱས་སྤྱན་དང་མཱ་མ་ཀཱི། །ཤེས་རབ་ཕ་རོལ་ཕྱིན་མ་དག །ལྷ་མོ་དེ་ལ་རིགས་ཀྱི་ཡུམ། །ཞེས་པའོ། །ཟླ་བའི་དབུས་སུ་ལེགས་བསམ་པ། །བདུད་རྩི་ས་བོན་བསམ་པར་བྱ། །ཞེས་པ་ནི། ལྷ་མོས་ཀྱང་ཆོས་ཀྱི་

Vol. 25 · folio 33b

འབྱུང་གནས་ལ་ཡི་གེ་ཨ་ལས་གྱུར་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཡི་གེར་རྣམ་པར་བསྒོམ་པར་བྱའོ་ཞེས་པའོ། །ཨཱ་ལི་ཞེས་བྱ་བུང་བ་སྟེ། །ཀཱ་ལི་དེ་བཞིན་གཤེགས་པ་ཡིན། །ཞེས་པ་ནི། ཇི་ལྟར་བུང་བའི་སྒྲའི་དོན་དེ་ལྟར་དེ་བཞིན་གཤེགས་པ་བརྗོད་པར་བྱའོ། །མེ་ཏོག་

གི་སྒྲ་དང་ཀཱ་ལིའི་སྒྲ་ཇི་ལྟར་ཐུན་མོང་གི་དོན་དེ་བཞིན་གཤེགས་པ་ཡང་བརྗོད་པར་བྱའོ། །གཉི་ག་ལས་ནི་འབྱུང་སྐྱེ་བ། །བདུད་རྩིའི་ཆོ་ག་མཆོག་ཡིན་ནོ། །ཞེས་པ་ནི། དེ་ལ་གཉི་ག་ཞེས་པ་ནི་ཐབས་དང་ཤེས་རབ་པོ། །འབྱུང་སྐྱེ་བ་ནི་དེ་ལས་འབྱུང་བའི་ལས་སོ། །

བསམ་པ་ནི་འདི་ལྟ་སྟེ། ཐབས་དང་ཤེས་རབ་འདུས་པ་ལ་སྐྱེ་བར་བྱེད་པ་ཤིན་ཏུ་ཁྱད་པར་ཅན་རྡོ་རྗེ་བདུད་རྩིར་བྱས་པའི་དོན་ཏོ། །སྒྲར་བརྗོད་པར་བྱའོ། །དེ་བས་མདོར་ཡང་ཐབས་དང་ཤེས་རབ་ཏུ་འགྱུར་བའི་པདྨ་དང་། རྡོ་རྗེ་སྦྱོར་བ་ལས་བསྐྱེད་པ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་

རྩི་ཞེས་བྱ་བ། མྱ་ངན་ལས་འདས་པའི་རྐྱེན་ཉིད་ཀྱི་ཕྱིར་ན་བདུད་རྩི་དགུར་བརྗོད་པར་བྱ་སྟེ། རྐྱེན་ལ་དོན་དུ་ཉེ་བར་བརྟགས་པའི་ཕྱིར་རོ། །དེ་ཡང་ལྷའི་བདག་ཉིད་ཀྱི་ཕྱིར་ན། ཆོས་ཀྱི་ཡི་གེ་འབྲུ་གསུངས་པ། །ཇི་ལྟར་སྡེ་ཚན་གསུམ་པ་ཡི། །ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་

སྡེ་ཚན་གསུམ་པ་ཡི། །ཡི་གེ་གསུམ་པ་གཟུང་བྱ་ཞིང་། །ཞེས་པ་ནི་ཡི་གེ་ཌའོ། །གློ་རུ་དབྱུག་པ་རྡོ་རྗེ་དང་། །ཞེས་པ་ནི། དེའི་གློ་རུ་ཡི་གེ་རའི་དབྱུག་པའི་རི་མོ་སྦྱིན་པར་བྱའོ། །ལུ་གུ་རྒྱུད་ཀྱིས་དཀྲི་བར་བྱ། །ཞེས་པ་ནི། དེ་དང་དབྱིག་པ་གཉིས་ཀྱི་བར་དུ་ལུ་གུ་རྒྱུད་ཀྱི་རི་མོས་སྤྲེལ་བར་བྱའོ་

ཞེས་པའོ། །དེས་ན་ཡི་གེའི་གཟུགས་སུ་འགྱུར་རོ། །ཡི་གེ་ཨ་ནི་ཆོས་ཐམས་ཅད་སྐྱེ་བ་ལ་རྐྱེན་དུ་གྱུར་པ་ཅིའི་ཕྱིར་དེ་བས་ན་ཡི་གེ་ཨ་ནི་རྒྱུད་ཐམས་ཅད་ལ་རབ་ཏུ་གྲགས་སོ། །ཨཱ་ཀ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ་ཨཱདྱ་ནུ་ཏྤནྣ་ཏྭཱཏ་ཅེས་སོ། །རིམ་པ་ཁོ་ནར་གསུངས་པ། བདུད་རྩི་ལྔ་ཡི་དེ་བཞིན་

ཉིད། །ཅེས་པ་སྟེ། དེ་ལ་ཞེས་བ་ནི་ཡི་གེ་ཨའོ། །ཡི་གེ་ཨ་གནས་གྱུར་ནས། བསྐྱེད་པ་ཉིད་ཀྱི་ཕྱིར་ན་བྱང་ཆུབ་སེམས་ལ་སོགས་པ་བདུད་རྩི་ལྔ་དེ་བཞིན་ཉིད་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་བསྒོམ་པའི་ཕྱིར་རོ་ཞེས་མངོན་ཏོ། །ཡང་ན་ཡི་གེ་ཨ་ཁོ་ན། །བདུད་རྩི་

Vol. 25 · folio 34a

ལྔ་ཡི་དེ་བཞིན་ཉིད། །ཅེས་པའོ། །དེ་ཉིད་ཀྱི་ཕྱིར་ན་ལྟ་བ་ངན་པ་རྣམས་ཀྱིས་བདག་ཏུ་ལྟ་བ་ལ་སོགས་པ་སྤང་བའི་དོན་དུ་སྐལ་པ་དང་ལྡན་ནོ་ཞེས་གསུངས་པ། བདག་ཉིད་ལུས་ནི་བཤལ་པར་བྱ། །ཞེས་པའོ། །བདུད་རྩི་གང་གིས་མངོན་ཤེས་ན། །བདུད་རྩི་ལྔ་ཡི་

ཁྱད་པར་གྱིས། །ཞེས་པ་ནི། བདུད་རྩི་ཞེས་བྱ་བ་བྱང་ཆུབ་སེམས་བདུད་རྩི་ལྔའི་ཁྱད་པར་གྱི་ངོ་བོ་གང་དག་གིས་ཤེས་པར་གྱུར་ན་དེ་དག་གིས་ནི་དེ་བཞིན་གཤེགས་པའི་ལམ་མངོན་པར་འགྱུར་རོ་ཞེས་བྱའོ། །དེ་བས་གསུངས་པ། འགྲོ་བའི་སྒྲ་ནི་ཀུན་བལྟས་ནས། །གང་ལ་

ལུས་ནི་དག་པའོ། །ཞེས་པ་སྟེ། དེ་ལ་གང་ཞིག་དག་པའི་ལུས་བྱང་ཆུབ་ཀྱི་ལུས་ཀྱི་སྙིང་པོ་ཀ་ལ་དག་པའི་ལུས་ཞེས་པ་སྟེ། སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་དུ་ཐོབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ཁོ་ན་གསལ་བར་བྱེད་པས་གསུངས་པ། གང་གིས་བདུད་རྩི་

བཀང་བ་ཡིས། །རང་དགར་བདུད་རྩི་མྱང་བར་བྱ། །ཞེས་པ་སྟེ། རཀྟ་ལ་སོགས་པ་རྣམ་པར་དག་པར་བྱའོ། །ད་ནི་བདུད་རྩི་རྣམ་པ་ལྔ་དང་ལྕགས་ཀྱུ་རྣམ་པ་ལྔའི་ཁྱད་པར་བཤད་པར་འདོད་པས་གསུངས་པ། ཉོན་ཅིག་རྡོ་རྗེ་དེ་ཁོ་ན། །བཟའ་བ་ལྔ་ཡི་བྱེ་བྲག་གིས། །ཞེས་པ་སྟེ།

རྫས་བཅུ་པོ་དེ་དག་ནི་བཟའ་བ་ལྔ་ཞེས་ཇི་ལྟར་ཡིན་ཞེ་ན། དོན་འདི་ལྟ་སྟེ། ལྔ་དང་ལྔ་ཉིད་གཅིག་ཏུ་བྱས་ནས། ཉེ་བར་སྦྱོར་བ་ཉིད་ཕྱིར་བཟའ་བ་ལྔ་ཞེས་གསུངས་སོ། །གོང་གིས་ཤེས་པས་ཟིན་གྱུར་ན། །ལམ་ནི་མྱུར་དུ་མཐོང་བར་འགྱུར། །ཞེས་པ་སྟེ། གང་གིས་ཤེས་པ་ནི་སྒྲུབ་པའི་

ངོ་བོ་ཉིད་ཤེས་པར་བྱའོ། །གལ་ཏེ་སྒྲུབ་པ་པོས་ལྷ་བསྒོམས་ཏེ་བསམས་པར་གྱུར་ན་ལམ་ནི་མྱུར་དུ་མཐོང་ནས་དེས་བདེ་བ་ཆེན་པོ་མྱུར་དུ་མཐོང་བའོ་ཞེས་པའི་དོན་ཏོ། །བློ་གྲོས་ཆེན་པོ་ཞེས་པ་ནི། བྱང་ཆུབ་སེམས་སོ། །གང་དག་དང་ཞེས་པ་ནི་རཀྟའོ། །རིགས་ལྡན་ཞེས་པ་ནི་རྡོ་རྗེ་

ཆུའོ། །བསྐྱེད་པ་ནི་རྣམ་པར་སྣང་མཛད་དོ། །ཤེལ་ཞེས་པ་ནི་འདིའི་གནས་སྐབས་སུ་སྣབས་ལ་སོགས་པ་ལ་བྱའོ། །སྤྱད་པར་བྱ་ཞེས་པ་ནི་གཟུང་འཛིན་རྣམ་པར་རྟོག་པ་མེད་པར་དག་པའི་རང་བཞིན་གྱིས་བརྩམ་པར་བྱའོ་ཞེས་པའོ། །རྣལ་འབྱོར་པ་ཞེས་པ་ནི། རྣལ་འབྱོར་པ་རྣམས་

Vol. 25 · folio 34b

ཀྱིས་སྤྱོད་དོ་ཞེས་པའི་དོན་ཏོ། །ལྕགས་ཀྱུ་ཆེ་ཞེས་པ་ནི་ཤ་ཆེན་ནོ། །རྣམ་ཤེས་ས་བོན་བཟླས་པ་ཡིས། །དེ་ཡི་ས་བོན་གཟུང་བྱས་ཏེ། །ཞེས་པ་ནི། དེ་ལ་རྣམ་པར་ཤེས་པའི་ས་བོན་ཞེས་པ་ནི་ཡི་གེ་ཨའོ། །དེས་ཡོངས་སུ་བསྐྱེད་པ་བདུད་རྩི་ལྔ་དང་། ཤ་ཆེན་ཞེས་པའོ། །དེ་བས་ན་

བདུད་རྩི་ལྔ་དང་། ཤ་ཆེན་གྱི་ས་བོན་གཅིག་པས་ཤ་ཆེན་གྱི་འོག་ཏུ་ས་བོན་གསུངས་སོ། །བཟླས་པ་ཡིས་ཞེས་པ་ནི། སྔགས་དེས་བཀུར་ནས་སྔགས་བཟླ་བར་བྱའོ་ཞེས་པའི་དོན་ཏོ། །ལྕགས་ཀྱུ་ལྔའི་ཆོས་ཀྱི་ཡི་གེ་ནི་གོང་དུ་བཤད་ཟིན་ཏོ། །ད་ནི་དེ་དག་རྣམ་པར་སྦྱང་བའི་ས་བོན་

བཀོད་པར་གསུངས་པ། བགེགས་ཀྱི་ལྕགས་ཀྱུ་གཅིག་གིས་ནི། །དེ་ཡི་ལམ་དུ་སྦྱར་བྱས་པ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་བགེགས་ཀྱི་ལྕགས་ཀྱུ་ནི་གླང་པོ་ཆེའི་ཤ་སྟེ། ཡི་གེ་ཧཱུྃ་གིས་སྦྱང་བར་བྱའོ་ཞེས་པའོ། །ཡུལ་གྱི་བདག་པོ་ལྕགས་ཀྱུ་ཆེ། །ཞེས་པ་ནི་ཁྱི་ཤ་སྟེ།

ཡི་གེ་གྷྲིཾ་གིས་སྦྱང་བར་བྱའོ། །རྟའི་ཤ་ཡི་གེ་ཛིྃ་གིས་སྦྱང་བར་བྱའོ་ཞེས་གསལ་བར་བྱའོ་ཞེས་གསུངས་པ། རྟའི་ལྕགས་ཀྱུ་བྱིན་བརླབས་པ། །ཞེས་པ་ལ་སོགས་པའོ། །བ་ལང་གི་ཤ་ཡི་གེ་སྲིྃ་གིས་སྦྱང་བར་བྱའོ་ཞེས་གསུངས་པ། རྡོ་རྗེ་ལྕགས་ཀྱུས་བྱིན་རླབས་ཞེས་པ་ལ་སོགས་

པའོ། །ལྕགས་ཀྱུ་ཆེན་པོའི་ས་བོན་ནི། །བདུད་རྩི་ལྔའི་བཤད་པ་ལ་གསལ་བར་བཤད་ཟིན་ཏོ། །བར་འདིར་ནི་མ་བཀྲོལ་ལོ། །བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་བསྲེས་པའི་དྲི་ཞིམ་པོ་ལ་སོགས་པ་དེ་དག་ཁོ་ནའི་ཆོས་ཀྱི་འབྲས་སོ་སོར་རེ་རེ་མཆན་ཁུང་སྦྱོར་བའི་ཚུལ་གྱིས་ཕྱག་

འཚལ་བ་དང་བསྲེག་པ་བཅས་པར་བཟླ་སྟེ། དུ་བས་བསྒོས་པར་བྱ་བ་དང་། བསྐུས་པ་དང་། ཐུལ་བ་དང་། ཐིག་ལེར་བྱས་པ་ལ་སོགས་པ་སྦྱོར་བར་བྱའོ་ཞེས་གསུངས་པ། །རྫས་བཅུ་དག་དང་སྦྱར་བྱས་ཏེ། །ཞེས་པ་ལ་སོགས་པའོ། །རྣལ་འབྱོར་མ་བཞི་སྒྲུབ་པ་དང་། །

ཞེས་པ་དེ་ནས་བརྩམས། རྣལ་འབྱོར་མ་རྣམས་དབུས་སུ་བདག་མཆིའོ་སྒོ་དབྱེར་གསོལ་ཞེས་པའི་ཚིགས་བཅད་ཇི་སྙེད་མཐར་ཐུག་པ་ནི་མེ་མར་ལ་སོགས་པའི་སྒྲུབ་པ་གསུངས་སོ། །གཞན་ཡང་ངག་གི་ཕྱག་རྒྱའི་མཚན་ཉིད་ཅེས་དང་པོ་བཟུང་ནས་རྣལ་འབྱོར་ཕ་དང་། རྣལ་

Vol. 25 · folio 35a

འབྱོར་མ་དགའ་ནས་རྩེ་ཞིང་འདི་དག་ནི། །ངག་དང་བརྡ་ཡི་ཕྱག་རྒྱའོ། །ཞེས་ཏེ། མཐར་ཐུག་པའི་བར་ནི་ཕྱག་རྒྱའི་བརྡ་བསྟན་པའོ། །དཔལ་རྡོ་རྗེ་སློབ་དཔོན་དགེ་བའི་གོ་ཆས་མཛད་པའི་དཔལ་ལྡན་གདན་བཞི་པའི་གཟིགས་པ་ལས་གཞན་གྱི་གདན་

རྫོགས་སོ།། །།དེ་ཁོ་ན་ཉིད་བཞི་ལ་ཕྱེ་ན། རྟོགས་འདོད་པ་ཕྱག་ན་རྡོ་རྗེ། གཞན་ཡང་མཚན་ཉིད་བསྟན་པ་ནི་ཞེས་པ་ལ་སོགས་པས་སྦྱོར་བའི་གདན་བརྩམས་སོ། །དང་པོ་རྡོ་རྗེ་དེ་ཁོ་ན། །ཞེས་པ་ལ་སོགས་པས་ནི་དེ་ཁོ་ན་ཉིད་བཞི་སོ་སོར་ཕྱེ་ནས་གོ་

བར་བྱས་པའོ། །དེ་ལ་རྡོ་རྗེའི་དེ་ཁོ་ན་ཉིད་ཅེས་པ་ནི་དོན་དམ་པའི་རང་བཞིན་ཉིད་དེ། ཡེ་ཤེས་ལྔའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དྲིལ་བུའི་དེ་ཁོ་ན་ཉིད་ཅེས་པ་ནི་སྒྲའི་རྗེས་སུ་འགྲོ་བ་ཉིད་ཀྱི་ཕྱིར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ་ཞེས་པ་ཇི་སྙེད་པའོ། །བགྲང་ཕྲེང་གི་དེ་བཞིན་ཉིད་

ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱིས་བསྒོམ་པར་བྱས་པ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ། །ཡེ་ཤེས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟར་ཆེར་གནས་པའི་ཚིག་གི་དོན་ངོ་བོ་ཉིད་ཀྱིས་རྒྱས་པ་མཐར་ཕྱིན་པའོ། །དེ་ཁོ་ན་ཉིད་དེ་གང་གིས་ཤེས་ན། དེས་ནི་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཤེས་བྱའི་

ཕ་རོལ་ཏུ་ཕྱིན་པ་ཐོབ་པོ་ཞེས་གསུངས་པ། དེ་བཞིན་ཉིད་ཀྱི་ཡན་ལག་བཞིས། །འདོད་པའི་ཕྱི་རོལ་ཞེས་གསུངས་པ། །དེ་ལ་རེ་ཞིག་རྡོ་རྗེའི་དེ་ཁོ་ན་ཉིད་གོ་བར་བྱས་ནས་གསུངས་པ། དབུས་སུ་རྣམ་སྣང་མཛད་ཀྱི་ལྷ། །ཞེས་པ་ལ་སོགས་པ་དེ་ལ། དབུས་སུ་བཅུ་གསུམ་

སྒོ་ང་རུ། །ཡེ་ཤེས་ལྷ་ཉིད་ཐིམ་པར་བྱ། །ཞེས་པ་ནི། དེ་ཡང་བཅུ་གསུམ་ཞེས་པ་ནི་དེ་ལྷ་རྣམས་ཀྱི་རིས་ཤེས་པའོ། །དེ་རྣམས་ཀྱི་བསྐྱེད་པའི་གནས་ནི་སྒོ་ང་སྟེ། ཚངས་པའི་སྒོ་ང་ཞེས་པ་ཇི་སྙེད་པའོ། །ཡེ་ཤེས་ལྷ་ཉིད་ཅེས་པ་ནི། རྣམ་པར་སྣང་མཛད་ཆེན་པོའམ་རྡོ་རྗེ་འཛིན་པའམ། ཀུན་

ཏུ་བཟང་པོའམ། དཔལ་མཆོག་དམ་པ་ཞེས་རྣམ་གྲངས་སོ། །དོན་ནི་འདི་ལྟ་སྟེ། རྡོ་རྗེའི་བུམ་པའི་དབུས་སུ་རྣམ་པར་སྣང་མཛད་ཆེན་པོ་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །ཡང་རྡོ་རྗེ་བུམ་པའི་འོག་གི་པདྨ་དང་རྩེ་ལྔ་ལ་ཇི་ལྟར་གསུངས་པའི་ལྷ་རྣམས་བཀོད་པར་བྱའོ་ཞེས་

Vol. 25 · folio 35b

གསུངས་པ། པདྨོ་ལྷ་མོ་བརྒྱད་དག་ནི། །ཞེས་པ་ལ་སོགས་པའོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་བཞི། །དེ་བཞིན་ལྟེ་བའི་ཕྲེང་བའི་ཕྱོགས། །རྣམ་པར་སྣང་མཛད་ཆེན་པོ་བཀོད་པའི་རྡོ་རྗེའི་བུམ་པའི་ས་ཕྱོགས་བཞི་ནི། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞི་དགོད་པར་བྱའོ་ཞེས་པའི་ཐ་ཚིག་

གོ། །ཇི་ལྟར་གསུངས་པའི་རྡོ་རྗེ་དེ་ཉིད་དེ་བཞིན་དུ་བསམ་པར་བྱའོ་ཞེས་གསུངས་པ། གང་ཞིག་རྡོ་རྗེ་དེ་ཁོ་ན་རྡོ་རྗེ་བདག་ཉིད་སེམས་པ་ཞེས་པའོ། །དྲིལ་བུ་ལ་ཡང་ཕྱོགས་མཚམས་བརྒྱད་ལ་སྒྲོལ་མ་ལ་སོགས་པའི་ལྷ་མོ་བརྒྱད་བསྒོམ་པར་བྱའོ་ཞེས་གསུངས་པ། ཕྱོགས་བརྒྱད་

དག་ཏུ་ཤེས་བྱ་བ། །ལྷ་མོ་བརྒྱད་དུ་གྲགས་པ་ཡིན། །མདོག་མཛེས་དངར་བྱེད་མདངས་ཅན་དང་། །བཞི་པ་རྡོ་རྗེ་ཕྲེང་མའོ། །ཞེས་པ་ནི་ཙུནྡེ་མ་དང་། རིན་ཆེན་སྒྲོན་མ་དང་། ཁྲོ་གཉེར་མ་དང་། རྡོ་རྗེ་ལུ་གུ་རྒྱུད་མ་ལྷ་མོ་བཞི་རྣམས་སོ། །ནམ་མཁའི་དཀྱིལ་དུ་གཟུགས་དག་ནི། །ཞེས་པ་

ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དབུས་སུ་བཀོད་པར་བྱའོ་ཞེས་ཇི་སྙེད་པའོ། །དེ་ལྟར་བསྒོམས་པའི་རྣལ་འབྱོར་པ་བཟླས་པ་མེད་པར་མཆོག་གི་དངོས་གྲུབ་མི་འགྱུར་རོ་ཞེས་ཏེ། དེ་རྟོགས་འདོད་པས་བགྲང་ཕྲེང་གི་དེ་ཁོ་ན་ཉེ་བར་སྟོན་པ་གསུངས་པ། ཉོན་ཅིག་རྡོ་རྗེ་ཡང་དག་པ། །ཞེས་པ་ལ་

སོགས་པའོ། །བགྲང་ཕྲེང་རི་ལུའི་ཚུལ་གྱིས་བཟླ་བར་བྱ་ཞེས་གསུངས་པ། སྔགས་བསྒྲུབ་པ་ནི་ལྔ་བཅུ་སྟེ། །ཞེས་པ་ལ་སོགས་པའོ། །ཡང་ན་ཇི་ལྟར་བཟླ་བར་བྱ་ཞེ་ན་གསུངས་པ། རྡོ་རྗེ་མ་དངོས་གཡོན་པ་སྟེ། །གཡས་པ་རྡོ་རྗེའི་ངོ་བོའོ། །ཞེས་པ་སྟེ། ཡེ་ཤེས་མཁའ་འགྲོ་མ་ལ་སོགས་

པའི་སྔགས་ནི་གཡོན་པས་འདྲེན་པ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྔགས་ནི་གཡས་པས་དྲང་ངོ་ཞེས་པའི་དོན་ཏོ། །དེ་ཉིད་རྟོག་པ་མེད་པར་བྱ་བ་ཐམས་ཅད་ཀྱི་དངོས་གྲུབ་མི་ཐོབ་པོ་ཞེས་བསམས་པས། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བཤད་པ། །ཡེ་ཤེས་དེ་ཉིད་བྱེ་བྲག་དག །ཉོན་

ཅིག་ཡང་དག་རྡོ་རྗེ་ཆེ། །ཞེས་པ་ལ་སོགས་པ་སྟེ། དེ་ལ། ཡེ་ཤེས་ཁྱད་པར་ཉིད་དུ་གནས། །ཞེས་པ་ནི་དེ་ལ་ཡང་ཡེ་ཤེས་ཁྱད་པར་ཞེས་པ་ནི། ནག་པོ་དང་སེར་པོ་ལ་སོགས་པའི་ཁྱད་པར་རོ། །ཉིད་དུ་གནས་ཞེས་པ་ནི། རང་བཞིན་བསྲེས་ནས་ཆེར་གནས་སོ། །ཞེས་པའི་དོན་ཏོ། །དེ་

Vol. 25 · folio 36a

ལྟར་ཡང་གསུངས་པ། དངོས་པོ་ཐམས་ཅད་རང་བཞིན་གྱིས། །རང་བཞིན་དང་བཅས་ཆེར་གནས་ཏེ། །བདག་དངོས་གཞན་དངོས་གཉི་ག་ནི། །རྣམ་པའི་ཆ་ཅན་ཀུན་རྫོབ་ཕྱིར། །ཞེས་པའོ། །བསམ་པ་ནི་འདི་ལྟ་སྟེ། ཕན་ཚུན་ཀླན་ཀ་སྤངས་པ་ཡིས། །

གོ་བར་བྱས་ནས་དེ་དག་ཐམས་ཅད་ནི་སེམས་ཙམ་ཁོ་ན་ཞེས་པའོ། །དེ་ཁོ་ན་གསལ་བར་བྱས་ནས་གསུངས་པ། །ཐུན་མོང་ཡེ་ཤེས་བརྗོད་པ་ནི། །ཞེས་པ་ལ་སོགས་པའོ། །དེ་ལ་གཉིས་མེད་ཅེས་པ་ནི་དབྱེར་མེད་པར་སྣང་བའོ། །གཉིས་པ་དང་ནི་ཞེས་པ་ནི། ཕྱེ་ནས་སོ་སོར་

སྣང་བའོ། །ཆོ་ག་གཉིས་ཞེས་པ་ནི། ཤིན་ཏུ་དབྱེ་བར་ཆེར་རྟོགས་པའོ། །དོན་ནི་འདི་ལྟ་སྟེ། དབྱེར་མེད་པ་དང་། དབྱེ་བ་དང་། ཤིན་ཏུ་དབྱེ་བས་འབྱུང་བ་གང་ཞིག་ཀྱང་། དེ་ཀུན་རྣམ་པར་ཤེས་པ་ཙམ་ཁོ་ན་ཡིན་ནོ་ཞེས་པ་སྟེ། ཀྱེ་རྒྱལ་བའི་བུ་ཁམས་གསུམ་ནི་སེམས་ཙམ་མོ་

ཞེས་གསུངས་པའི་ཕྱིར་རོ། །དེ་ཁོ་ན་གསལ་བར་བྱས་པས་གསུངས་པ། །གནོད་སྦྱིན་ལྷ་མིན་གྲུབ་པ་པོ། །ཞེས་གསུངས་པ་ལ་སོགས་པ་སྟེ། ཡེ་ཤེས་ཙམ་ཞིག་གནས་པ་ལ་འགྲོ་བ་ལ་ཁྱད་པར་དུ་སོ་སོར་སྣང་བའོ་ཞེས་པའོ། །ཇི་ལྟར་ཡིན་ཞེ་ན་གསུངས་པ། གང་གིས་ཡེ་

ཤེས་ཁྱད་པར་ནི། །ཞེས་པ་ལ་སོགས་པ་སྟེ། །དེ་ལ། ཉི་ཤུ་རྩ་གསུམ་ལྷ་རྣམས་ནི། །ཞེས་པ་ནི་རྒྱལ་ཆེན་རིགས་བཞི་ནས་བརྩམས་ནས་འོག་མིན་གྱི་ལྷའི་རྒྱལ་པོའི་བར་དུ་ཇི་སྙེད་པའོ། །གང་དུ་གཉིས་འགྱུར་འཕེལ་བ་ནི། །ཞེས་པ་ནི། རྣམ་པར་ཤེས་པ་ཤིན་ཏུ་ཁྱད་པར་དུ་གོང་

མའི་རིམ་པས་གཉིས་འགྱུར་འཕེལ་བའི་ཞེས་པའི་དོན་ཏོ། །ཡང་ནས་ཡང་དུ་ཁྱད་པར་དུ་གསུངས་པ། །འདོད་པ་ལྔ་ཡི་ཡེ་ཤེས་དག །ཡེ་ཤེས་ཡེ་ཤེས་གོང་མ་འཕེལ། །ཞེས་པ་སྟེ། དེ་ལ་དོན་ནི་འདི་ལྟ་སྟེ། རྒྱལ་ཆེན་རིགས་བཞི་དང་པོ་ནས། །གཞན་འཕྲུལ་དབང་བྱེད་

ཀྱི་ལྷའི་རྒྱལ་པོའི་ཇི་སྙེད་ཀྱི་བར་འདོད་པ་ལྔའི་ཡེ་ཤེས་ཁྱད་པར་དུ་འཕེལ་ལོ་ཞེས་པའོ། །སྤྱོད་གྲོལ་ཐབས་ནི་འདོད་པ་དང་། །ཞེས་པ་ནི་མཐོ་རིས་དང་མྱ་ངན་ལས་འདས་པའི་གོ་འཕང་བརྩམས་པའོ། །རྣལ་འབྱོར་གཙུག་ལག་སྙིང་པོ་དེ་ཉིད་ཅེས་པ་ནི། དེ་རྣམ་པ་དེ་ནི་སྙིང་པོ་སྦྱོར་བ་གོམས་

Vol. 25 · folio 36b

པས་ཐོབ་པོ་ཞེས་པའོ། །དེ་ཁོ་ན་གསལ་བར་བྱེད་འདོད་པས་གསུངས་པ། སྙིང་པོ་སྙིང་པོ་གཙུག་ལག་སྟེ། རྣལ་འབྱོར་ལམ་ནི་བལྟ་བར་བྱ། །ཞེས་པའོ། །དཔལ་ལྡན་གདན་བཞི་པ་གཟིགས་པ་ལས་སྦྱོར་བའི་གདན་གྱི་ལེའུ་དང་པོའི་རྣམ་པར་བཤད་པའོ།། །།དེ་ཁོ་ན་ཉིད་

ཆེར་རྟོག་པས་ཞི་བ་ལ་སོགས་པའི་ལས་བསྒྲུབ་པར་བྱའོ་ཞེས་གསུངས་པ། །འཁོར་ལོ་བསྒྲུབ་པའི་བྱེ་བྲག་ཅེས་པ་ལ་སོགས་པའོ། །དེ་ལ། དང་པོ་ཐ་མ་དབུས་གནས་པ། །ཞེས་པ་ནི། དེ་ལ་དང་པོ་ཐ་མ་ནི་ཡི་གེ་ཨོཾ་དང་ཡི་གེ་ཧའོ། །དང་པོ་དབུས་ཀྱི་རེ་མིག་ལ། །བཀོད་པར་བྱ་བ་ཇི་སྙེད་པའི། །

དབུས་ན་བདག་ནི་བསམ་ནས་སུ། །ཞེས་པ་ནི། ཡེ་ཤེས་མཁའ་འགྲོ་མའི་ས་བོན་ནོ། །བརྒྱད་པའི་ཡི་གེ་བརྒྱད་དག་ལ། །ཞེས་པ་ནི། ཡི་གེ་སུྃ་ལ་སོགས་པའི་ས་བོན་བར་གྱི་རེའུ་མིག་བརྒྱད་ལ་གཞག་པར་བྱའོ། །སྒྲ་ཡི་ས་བོན་བཅུ་གཉིས་ལ། །ཞེས་པ་ནི་རེའུ་མིག་བཅུ་གཉིས་པ་ལ་

སྒྲའི་ས་བོན་བཅུ་གཉིས་བཀོད་པའོ། །ཇི་ལྟར་སྡེ་ཚན་གསུམ་པ་དང་། །ཞེས་པ་ནི་ཇི་ལྟར་གོ་རིམས་བཞིན་དུ་དེའི་ཡི་གེ་གཟུང་སྟེ། སྡེ་གསུམ་གྱི་ཡི་གེ་བཅོ་ལྔ་གཟུང་བར་བྱའོ་ཞེས་ཇི་སྙེད་པའོ། །ཡི་གེ་ལྷག་མ་གཅིག་དང་ནི། །ཞེས་པ་ནི། སྡེ་པ་བཞིའི་དང་པོ་ཡི་གེ་ཏ་གཟུང་བར་བྱ་སྟེ། ཡི་གེ་ཏ་དེ་

དང་བཅུ་དྲུག་རེའུ་མིག་བཅུ་གཉིས་ལ་བཀོད་པར་བྱའོ་ཞེས་པའོ། །ཇི་ལྟར་སྡེ་ཚན་དང་པོ་ལས། །ཐོག་མའི་ཡི་གེ་གཅིག་བཟུང་སྟེ། །ལྕགས་ཀྱུ་ཡིས་ནི་གཙེས་པ་དང་། །རྩ་བར་ར་ཡིག་གདགས་པར་བྱ། །སྟེང་དུ་བདུད་རྩི་ཐིགས་པ་རྣམས། །ཞེས་པ་ནི་ཡི་གེ་ཀྲུྃ་ངོ་། །ཡི་གེ་གཉིས་

འགྱུར་ས་བོན་དང་། །རྩ་བར་ང་རོ་སྦྱར་བར་བྱ། །ཞེས་པ་ནི་ཡི་གེ་ཀྵུྃ་ངོ་། །བདུད་རྩི་ཞེས་བྱ་མཐར་གཞག་སྟེ། །ཞེས་པ་ནི། དེ་ལ་བདུད་རྩི་ཞེས་བྱ་བ་ནི་ཡི་གེ་སའོ། །མཐར་གཞག་སྟེ་ཞེས་པ་ནི། ཡི་གེ་ཀྵུྃ་གི་གློ་ན་གཞག་པར་བྱའོ། །དེ་ལྟར་ཟིན་མ་ཐག་ཏུ་ཨོཾ་ཀྲུྃ་སྭཱ་ཧཱ། །ཞེས་བཟླས་པར་

བྱའོ་ཞེས་སོ། །གལ་ཏེ་ན་ཕྱག་འཚལ་བ་དང་། བསྲེགས་པ་མཐར་གཞག་གོ་ཞེས་འདིར་མ་བསྟན་ན་ཡང་འདིར་འོན་ཀྱང་དོན་དུ་ཤེས་པར་བྱའོ་ཞེས་སོ། །དེ་ལྟར་ཡང་གསུངས་པ། ཕལ་དུ་སྔགས་རྣམས་ཐམས་ཅད་དུ། །ཕྱག་འཚལ་སྭཱ་ཧཱ་ལྡན་པའོ། །དེ་བས་རང་བཞིན་ཁོ་ན་ལ་

Vol. 25 · folio 37a

ལུང་དུ་མ་བསྟན་ཡང་དོན་དུ་དེ་གཉིས་གཞུག་པར་བྱའོ། །བདུད་རྩི་གུག་སྐྱེད་ཀུན་བཅས་པ། །ཞེས་པ་ནི། ཡི་གེ་སུྃ་སྟེ། ཐིག་ལེ་དང་ཡི་གེ་ང་རོར་ལྡན་པའོ་ཞེས་པའི་དོན་ཏོ། །ལྕགས་ཀྱུ་ཡི་གེ་བསམས་ནས་ནི། །ཞེས་པ་ནི་ཡི་གེ་ཀྵུྃ་ངོ་། །བདུན་ལ་ང་རོ་སྦྱར་བ་ཡིས། །

ཞེས་པ་ནི་སྒྲ་ཡིག་བདུན་པའི་ཡི་གེ་རྀའོ། །ཡང་ན་ཡི་གེ་ཨེའོ། །ཡེ་ཤེས་རྣམ་ཤེས་ཞེས་པ་ནི་ཡི་གེ་ཧཱུྃ་ངོ་། །ཕྱོགས་ན་བདུད་རྩི་བཞི་དག་ནི། །ཞེས་པ་ནི། ཨ་ཨཱཿཨཾ་ཨཱཿཞབས་སྐྱེད་ཀུན་དང་ལྡན་པའོ། །ཞེས་པ་ནི་འ་དང་ཐིག་ལེ་ཚེག་དྲག་དང་ལྡན་པ་ཕྱག་འཚལ་དང་སྭཱ་ཧཱ་སྦྱར་བར་བྱའོ་ཞེས་

པའོ། །ཕྱག་རྒྱ་ཆེན་པོའི་ཕྱག་གཉིས་ནི། །ཐུགས་ཀྱི་གནས་སུ་འཇོག་པར་མཛད། །ཅེས་པ་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྒོམ་པར་བྱའོ་ཞེས་པའོ། །དཔལ་ལྡན་གདན་བཞི་པ་གཟིགས་པ་ལས་སྦྱོར་བའི་གདན་གྱི་ལེའུ་གཉིས་

པའོ།། །།དེ་དག་ལ་སོགས་ཏེ་ལས་གྲུབ་པའི་རྣལ་འབྱོར་པས་གཞན་ལ་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་པ། བྱིན་རླབས་རིམ་པ་ཇི་ལྟར་ལགས། །སེམས་ཅན་གང་གིས་རྟོགས་པ་དང་། །ཞེས་པ་ལ་སོགས་པའོ། །དེ་ཁོ་ན་བཅོམ་ལྡན་འདས་ཀྱིས་སླར་གསུངས་པ། སྙིང་གར་ཟླ་བ་བསམས་

ནས་ནི། །དབུས་སུ་ས་བོན་ཧཱུྃ་བསྒོམས་ཏེ། །ཞེས་དང་པོ་བརྩམས་ནས། གཉིས་མེད་གཏོར་མ་ལྡན་པ་ཡིས། །དབང་བསྐུར་ནས་ནི་ཞི་བར་འགྱུར། །ཞེས་མཐར་ཐུག་པའི་བར་ཇི་སྙེད་པས་བྱིན་གྱིས་བརླབ་པའི་རིམ་པ་གསུངས་སོ། །དཔལ་ལྡན་གདན་བཞི་པ་གཟིགས་པ་ལས་སྦྱོར་བའི་གདན་གྱི་ལེའུ་

གསུམ་པའོ།། །།ད་ནི་རྡོ་རྗེ་དང་དྲིལ་བུ་ལ་སོགས་པ་སྦྱོར་བ་དང་། མེ་ཏོག་ལ་སོགས་པ་དབྱེར་མེད་པ་ཇི་ལྟར་སྦྱར་བར་བྱའོ་ཞེས། ཕྱག་ན་རྡོ་རྗེ་ཤེས་འདོད་པས། །གཉིས་མེད་སྦྱོར་བའི་སྙིང་པོ་ནི། །ཞེས་པ་ལ་སོགས་པས་སྦྱོར་བའི་གདན་ལེའུ་བཞི་པ་བརྩམས་སོ། །གཟུང་འཛིན་རྣམ་པར་རྟོག་པ་

སྤངས་པའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྦྱོར་བས་སླར་ལན་བཏབ་པ་གསུངས་པ། །གཉིས་མེད་སྦྱོར་བ་དེ་ཉིད་དང་། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང་། །ཞེས་པ་ལ་སོགས་པ་སྟེ་རྡོ་རྗེ་དྲིལ་བུ་ལ་སོགས་པའི་བསྒོམ་པ་གསུངས་པ་ནི། འོག་ཏུ་སྟོན་པའི་རིམ་པས་བརྩམ་པར་བྱའོ་ཞེས་པའི་དོན་ཏོ། །

Vol. 25 · folio 37b

ཇི་ལྟར་བརྩམ་པར་བྱ་ཞེ་ན་གསུངས་བ། །རྡོ་རྗེ་དེ་ནི་བདག་ཉིད་དེ། །དྲིལ་བུ་ཆོས་ཀྱི་གཟུངས་མའོ། །ཞེས་ཏེ། དེ་ལ། རྡོ་རྗེ་དེ་ཉིད་བདག་ཉིད་དེ། །ཞེས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་ཕྱིར་ན་དོན་དམ་པར་བརྟགས་པ་ལ་རང་གི་ཕུང་པོ་ཁོ་ན་རྡོ་རྗེར་བསྒྱུར་ཏེ། རྡོ་རྗེ་བཞིན་དུ་

རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་དང་། དེ་བཞིན་དུ་མི་འཇིགས་པ་ཉིད་ཀྱི་ཕྱིར་རོ། །དྲིལ་བུ་ཆོས་ཀྱི་གཟུངས་མའོ། །ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཉིད་ཀྱི་ཕྱིར་ན། དེའི་རང་བཞིན་ཡང་དེ་ལྟར་རྡོ་རྗེ་ཐབས་ཀྱི་དུས་ཀྱི་གཞན་གྱི་དྲིལ་བུ་ཤེས་རབ་མ་ཞི་ཞེས་པར་བྱའོ། །ཕྱག་

རྒྱ་ཁ་སྦྱོར་ཚུལ་གྱིས་ནི། །དེ་ལ་ཐབས་ནི་ཐིམ་པར་འགྱུར། །ཞེས་པ་སྟེ། དེ་དག་ཐམས་ཅད་ཁོ་ནས་ཕྱག་རྒྱའི་རང་བཞིན་ནོ་ཞེས་པའོ། །དེ་ལྟར་ཡང་དཔལ་ལྡན་གསང་བ་འདུས་པ་ལས་གསུངས་པ། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །ལག་པའི་ཕྱག་རྒྱ་མི་བཅའོ། །ཞེས་སོ། །དྲ་

བ་ཕུར་བུ་ར་བ་ཡིས། །བདུད་དང་གནོད་པ་བསལ་བར་བྱ། །ཞེས་པ་ནི། ཇི་ལྟར་དྲ་བ་དང་ར་བ་ལ་སོགས་པའི་ཕྱག་རྒྱ་དང་སྔགས་ཀྱིས་ཕྱིའི་སྡང་བ་དང་བདུད་ལ་སོགས་པ་རྣམས་འཇོམས་པ་དེ་ལྟར་རང་གི་སེམས་ལས་བྱུང་བ་རྣམ་པར་རྟོག་པའི་བདུད་ལ་སོགས་པ་དེ་རྣམས་ཀྱང་སྦྱིན་

པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ར་བ་ལ་སོགས་པས་སྤང་བར་བྱའོ་ཞེས་སོ། །དེ་ལྟར་མཉམ་སྦྱོར་བདེ་མཆོག་གི་རྒྱུད་ཕྱི་མ་ལས་གསུངས་པ། བདུད་ནི་རང་སེམས་ལས་བྱུང་སྟེ། །སྔོན་གྱི་སེར་སྣ་བསྟེན་ཕྱིར་རོ། །ཞེས་སོ། །དེ་ཁོ་ན་བསྟེན་འདོད་པས་གསུངས་པ། །བདུད་

མེད་བདུད་ཀྱིས་མ་ཡིན་པས། །ཞེས་པ་ལ་སོགས་པའོ། །བཟོད་པའི་མེ་ཏོག་རྣལ་འབྱོར་པས། །ཞེས་པ་ལ་སོགས་པ་ནི། བཟོད་པའི་མེ་ཏོག་བཀང་ནས་སྦྱིན་པར་བྱའོ་ཞེས་པའི་དོན་ཏོ། །དེ་ལ་བཟོད་པ་གོང་མ་དང་འདི་ནི་ཁྱད་པར་ཅི་ཞིག་ཡོད་དེ་སེམས་ཁོ་ན་ཁྱད་པར་རོ། །

རལ་གྲི་ལ་སོགས་པའི་མཚོན་ཆས་བརྡེགས་པ་ལ་ཡང་ཅི་ཡང་མི་སེམས་པར་བཟོད་ནས་བྱམས་པ་བསྒོམ་པ་དང་། ཇི་ལྟར་ངག་རྩུབ་པ་ལ་སོགས་པ་འཕྲོག་པ་ལ་ཅི་ཡང་མི་སེམས་པའི་བཟོད་པའོ། །དཔེར་ན་བྱམས་པ་དང་སྙིང་རྗེ་ལྟ་བུའོ། །དེ་ལྟར་སྟོང་པ་ཉིད་དམིགས་པས་

Vol. 25 · folio 38a

ཇི་ལྟར་གནས་པར་བྱ་ཞེ་ན་གསུངས་པ། མཉམ་པར་ལྡན་པའི་གནས་དག་ནས། །སྐྱེས་བུ་གཅིག་གི་ཚུལ་གྱི་བར། །ཞེས་པ་སྟེ། དེ་ཡང་བསམ་པ་འདི་ལྟ་སྟེ། སྣའི་རྩེ་མོ་ལ་མིག་གཞག་པས། ཁྲུ་གང་ཙམ་གཞག་པར་མཉམ་པ་ཉིད་ཀྱིས་བསམ་པར་

བྱའོ་ཞེས་པའོ། །རྡོ་རྗེ་གོང་དུ་བསྟན་པ་རྣམས། །ཉི་ཤུ་རྩ་བརྒྱད་ལྷ་ཉིད་དང་། །ཞེས་པ་ནི། བུམ་པ་དང་སྟེང་འོག་དབུས་ཀྱི་རྩེ་མོ་ལྷ་གསུམ་བཞག་ནས་འཁོར་གྱི་ལྷ་ཁོ་ན་ཉི་ཤུ་རྩ་བརྒྱད་ཅེས་གསུངས་ཏེ། གཅིག་ཏུ་བརྩིས་ནས་སུམ་ཅུ་རྩ་གཅིག་ཅེས་པའི་དོན་ཏོ། །དྲིལ་

བུ་ཡང་ཅི་ཙམ་གྱིས་བསྒོམ་པར་བྱ་ཞེ་ན། །གསུངས་པ། དྲིལ་བུ་དབུས་སུ་བསྒོམ་པ་ནི། །ཉི་ཤུ་རྩ་གསུམ་ལྷ་རྣམས་དག །ཅེས་པ་ལ་སོགས་པ་སྟེ། དེ་ལ་འོག་གི་པདྨའི་འདབ་མ་ལ་སྒྲོལ་མ་ལ་སོགས་པའི་ལྷ་མོ་བརྒྱད་དང་། དེ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཞལ་དང་།

གོང་གི་པད་འདབ་བརྒྱད་ལ་བྱང་ཆུབ་སེམས་དཔའ་བརྒྱད་དང་། རྩེ་ལྔ་ལ་རིགས་ལྔ་དང་། ཡེ་ཤེས་དང་། རྣམ་ཤེས་རྣམས་ཀྱི་བདག་ཉིད་དབྱིག་པ་དང་། ཉི་ཤུ་རྩ་གསུམ་དུ་འགྱུར་བའི་དོན་ཏོ། །རྡོ་རྗེ་མཛུབ་མོ་རྩེ་མོ་རུ། །བདུད་རྩི་ཡི་གེ་བསམས་ནས་སུ། །ཞེས་པ་

གཡོན་གྱི་མཛུབ་མོ་ལ་ཡི་གེ་ས་བཀོད་པར་བྱའོ། །གཡོན་གྱི་ཕྱོགས་སུ་བསྟན་པ་ཡི། །ཞེས་པ་ནི། སྐུ་ལ་སོགས་པ་ལ་རེག་པར་བྱ་བའོ་ཞེས་པའོ། །ལྷ་མོའི་མདུན་དུ་གཟུགས་པར་བྱ། །ཞེས་པ་ནི་གསང་བའི་པདྨ་ལ་གཞག་པར་བྱ་བའོ་ཞེས་པའི་དོན་ཏོ། །བཅོ་བརྒྱད་དག་གི་

གནས་རྣམས་ནི། །ཞེས་པ་ནུ་མ་དང་ལག་པའི་རྩེ་མོ་དང་། མགྲིན་པ་དང་། མ་མཆུ་དང་། འགྲམ་པ་དང་། མིག་དང་། རྣ་བའི་རྩ་དང་། སྤྱི་བོ་དང་། ཡན་ལག་མཆོག་གསང་བ་རྣམས་སོ། །གནས་དགུ་ལ་ཟླ་བའི་ཆ་ཤས་ཀྱི་ཚུལ་གྱིས་ཡར་དང་མར་ལན་གཉིས་སྦྱོར་བར་རེག་

པར་བྱས་ན་གནས་བཅོ་བརྒྱད་བསྒྱུར་རོ་ཞེས་པའོ། །དེ་ལྟར་བརྒྱད་བརྒྱད་ལ་གསུངས་པ། །ནུ་མ་ལག་རྩེ་མགྲིན་པ་དང་། །མ་མཆུ་དེ་བཞིན་འགྲམ་པ་མིག །རྣ་བ་སྤྱི་བོ་ཡན་ལག་མཆོག །དེ་དག་ཀུན་ལ་བཏུང་བྱེད་པ། །ན་བཟའ་དཀར་ལ་མར་ཡར་དུ། །ཟླ་བ་ནག་ལ་ལོག་པར་བཤད།

Vol. 25 · folio 38b

མཐེ་བོའི་རྩར་ནི་ཡི་གེ་ཨ། །རྗེ་ངར་གཉིས་ལ་དེ་བཞིན་ཨཱ། །བརླ་གཉིས་ལ་ནི་ཡི་གེ་ཨི། །ཡི་གེ་ཨཱི་ནི་གསང་བར་བསྟེན། ལྟེ་བའི་རྩ་ལ་ཡི་གེ་ཨུ། །དེ་བཞིན་བསྡུས་པར་ཡི་གེ་ཨཱུ། །ནུ་མའི་རྩ་ལ་ཡི་གེ་རྀ། །ཡི་གེ་རཱྀ་ནི་ལག་པར་གནས། །མགྲིན་པ་ཁོ་ནར་ཡི་གེ་ལྀ། །དེ་བཞིན་

སྤྱི་བོར་ཡི་གེ་ལཱྀ། །འགྲམ་པའི་ཕྱོགས་སུ་ཡི་གེ་ཨེ། །དེ་བཞིན་ཨཻ་ནི་མིག་གཉིས་ལ། །རྣ་བའི་རྩར་ནི་ཡི་གེ་ཨོ། །ཡི་གེ་ཨཽ་ནི་སྤྱི་བོར་གནས། །ཨཾ་ཨ་ཡན་ལག་ལུས་ཀུན་ལ། །ཆོ་ག་རྣམས་ནི་སྦྱོར་བར་བྱ། །འོ་བཏབ་པ་དང་འཁྱུད་ལ་སོགས། །སོས་བཏབ་པ་དང་སྦྱོར་བ་རྣམས། །

གནས་རྣམས་བརྟགས་ནས་སྦྱོར་བྱས་ཏེ། །ཡི་གེ་རྨ་རེ་རྣམ་པར་བསམ། །དེ་ལྟར་བསམས་པ་ཙམ་གྱིས་ནི། །བུད་མེད་དགའ་སྟེ་གཞན་དུ་མིན། །ཕོ་མོ་མཚན་མ་མེད་སྦྱོར་ཀྱང་། །གཞོམ་པ་ཙམ་གྱིས་ངོ་བཟང་དགའ། །ཞེས་སོ། །བདུད་རྩི་ཐམས་ཅད་ཀུན་གནས་པ། །ཞེས་པ་ནི་གནས་

བཅོ་བརྒྱད་ལ་བྱང་ཆུབ་སེམས་གནས་པའོ་ཞེས་ཇི་སྙེད་པའོ། །བཤད་པར་བྱེད་པའི་དོན་ཁོ་ན་གསལ་བར་བྱེད་པས་གསུངས་པ། མཛུབ་མོ་དེ་ཡིས་བསྐྱོད་བྱས་ནས། །བདུད་རྩི་ཆུ་དག་འཛག་པར་འགྱུར། །ཞེས་པའོ། །དེ་ལྟར་བསྐུལ་མ་ཐག་ཏུ་ཡང་ཕྱག་རྒྱ་ཆེན་པོ་བརྟན་པོར་བྱས་

ནས་གཉིས་སུ་མེད་པའི་སྙོམས་པར་ཞུགས་པ་སྦྱོར་ཏེ་བྱ་བ་བརྩམ་པར་བྱའོ་ཞེས་གསུངས་པ། བཙུགས་ནས་གཉི་གས་འཁྱུད་བྱས་ནས། །ཞེས་པ་ལ་སོགས་པ་སྟེ། དེ་ལ་འཁྱུད་ནས་ཞེས་པ་ནི། མི་ཤེས་པའི་འདམ་དུ་བྱིང་བ་རྣམས་བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱ་བའི་དོན་དུ་འཇིག་རྟེན་

ལས་འདས་པའི་སྙིང་རྗེ་ཆེན་པོ་དང་དུ་བླངས་པའི་འཁྱུད་པའོ། །ཁ་ཤར་ལ་སོགས་གནས་པར་བྱ། ཞེས་པ་ནི། གཉིས་སུ་མེད་པར་སྙོམས་པར་ཞུགས་པ་ལ་ལྷ་མོ་ནི་ཁ་ཤར་དུ་བལྟ་བར་བྱའོ། །དོན་ནི་འདི་ལྟ་སྟེ། བསྒྲུབ་བྱ་ལྷ་མོ་གཙོར་འགྱུར་བའི་ཕྱིར་དང་། ལྷ་ནི་གཙོ་བོར་མ་ཡིན་པའི་ཕྱིར། །

དེ་བས་ན་ལྷ་མོ་ཁ་ཤར་དུ་བལྟ་བར་རིགས་ཏེ། ཁྱད་པར་དུ་ཡང་འདི་ནི་མཁའ་འགྲོ་མའི་ཏནྟྲ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་རྒྱལ་པོའི་བུ་མོ་ཞེས་པ་ལ་སྨྲས་པ། གཉིས་པ་ཡི་ནི་གཙོར་འགྱུར་བས། །དེ་བཞིན་དུ་ནི་བསྟེན་པར་བྱས། །ཅི་ཕྱིར་དེ་ལྟར་ཁྱད་པར་དུ། །ཆོ་ག་རབ་མཆོག་བཤད་པའོ། །

Vol. 25 · folio 39a

རོལ་པར་འཕེན་པའི་ལྷ་མོ་རྣམས། །ཞེས་པ་ནི་རོལ་པའི་སྐྱིལ་མོ་ཀྲུང་གིས་གནས་པའི་ལྷ་མོ་དང་ཞེས་པའོ། །རྡོ་རྗེ་ཞེས་པ་ནི། རྡོ་རྗེ་སེམས་དཔའ་གནོན་པོའི་ལུས། །ཞེས་པའོ། །ཇི་ལྟར་གནོན་ཞེ་ན་གསུངས་པ། རྐང་པས་རྐང་པའི་ཞེས་པའོ། །དེ་དག་གི་བྱེད་པ་བྱ་བ་དེ་ནི་

འདུག་པ་ཞེས་བཤད་པའོ། །དེ་ཡང་རྣལ་འབྱོར་པ་འདུག་པའི་རྣམ་པར་བརྟགས་པ་རྣམ་པ་གཉིས་སུ་འགྱུར་རོ། །དེ་ལྟར་ཡང་སྨྲས་པ། སྐུ་ཡི་ཕྱི་རོལ་གཞག་པ་སྟེ། །བུད་མེད་རྐང་པས་བཀང་བར་བྱ། །འདུག་པ་རྣམ་པ་གཉིས་བསྟན་ཕྱིར། །ཕོ་ཡི་འདུག་སྟངས་རྣམ་རྟོག་ཕྱིར། །ཞེས་སོ། །གཡོན་

གྱི་དྲིལ་བུ་བརླ་དག་ཀྱང་། །ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ལག་པ་གཡོན་པ་བརླའི་རྩའི་འོག་ཏུ་གཞག་པར་བྱ་སྟེ། དེས་ནི་སྙིང་རྗེ་ཆེན་པོའི་འདོད་ཆགས་ཞེས་པའི་དོན་ཏོ། །ལག་པ་གཡས་པ་གཞག་པ་ནི། །གོང་དུ་འབྲེལ་བས་འདིར་མི་བཤད་དོ། །འཁྱུད་པ་ཁོ་ན་ནི་ཐབས་

མེད་པར་སེམས་ཅན་སྣ་ཚོགས་དོན་བྱེད་པ་ལས་འཇུག་པ་མེད་དོ་ཞེས་པའོ། །དེ་ཁོ་ན་མངོན་པར་བྱེད་པས་སྣ་ཚོགས་སྟོན་པ་གསུངས་པ། དྲིལ་བུ་ལག་གཉིས་གསུངས་པ་ཡི། །ཞེས་པའོ། །མ་བྱུང་བའི་སོ་སོའི་སྐྱེ་བོའི་རྣམ་པར་རྟོག་པ་ལ་གནས་པར་མི་བྱའོ་ཞེས་གསུངས་པ།

གཉི་གས་ས་བོན་བཟླས་པར་བྱ། །ཞེས་པ་ལ་སོགས་པའོ། །གཡོན་དུ་འཕེན་པའི་ལྷ་མོ་ནི། །ཁ་ནི་ལྷོ་རུ་ཕྱོགས་པར་འགྱུར། །ཞེས་པ་ནི། ལྷ་མོ་གཡོན་པ་འཕེན་ནས་གནས་པ་ནི་ལྷོར་ཁ་བལྟ་བར་གཞག་པར་བྱའོ་ཞེས་པའོ། །རྡོ་རྗེ་དེ་ནི་ཡང་འཕགས་པས། །ཞེས་པ་ནི། རྡོ་རྗེ་

སེམས་དཔའ་དེ་ཡང་བྱང་དུ་ཁ་བལྟས་ནས་གནས་པར་བྱའོ་ཞེས་པ་ཇི་སྙེད་པའོ། །རྐང་མཐིལ་གཉིས་ཀྱང་བཙིར་བར་བྱ། །ཞེས་པ་ནི། ལྷ་མོའི་རྐང་མཐིལ་གཉིས་ཀྱིས་རྡོ་རྗེ་སེམས་དཔའི་ལག་མཐིལ་གཉིས་ལ་གཟིར་བར་བྱའོ་ཞེས་པའོ། །རྡོ་རྗེ་གཡས་སུ་ནུ་མ་སྟེ། །དེ་བཞིན་གཅིག་གིས་

གསང་བར་རོ། །ཞེས་པ་ནི། རྡོ་རྗེ་སེམས་དཔའོ། །དྲིལ་བུ་ལག་པ་གཉི་ག་ཡིས། །རྐང་པ་བསྡམས་ནས་གཙེ་བར་བྱ། །ཞེས་པ་ནི། དེ་ལ་དྲིལ་བུ་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །དེའི་ལག་པ་གཉིས་ཀྱིས་རྡོ་རྗེ་སེམས་དཔའི་རྐེད་པར་ཇི་ལྟར་ཤིན་ཏུ་བསྡམས་པར་གྱུར་པ་དེ་

Vol. 25 · folio 39b

ལྟར་གཟིར་བར་བྱའོ་ཞེས་པའོ། །རྡོ་རྗེ་གཡས་སུ་ནུ་མ་སྟེ། །དེ་བཞིན་གཅིག་གིས་གསང་བར་རོ། །ཞེས་པ་ནི། རྡོ་རྗེ་སེམས་དཔའི་ལག་པ་གཡོན་པས་གསང་བ་ལ་རེག་ཅིང་གཡས་པས་ནི་ནུ་མ་ལ་གཟིར་བར་བྱའོ་ཞེས་པའོ། །དྲིལ་བུ་རྡོ་རྗེ་ཁ་དག་དང་། །ཡང་དང་ཡང་དུ་ཕྲད་པར་བྱ། །

ཞེས་པ་ནི། དེ་ལ་དྲིལ་བུ་ནི་ཤེས་རབ་མའོ། །རྡོ་རྗེ་སེམས་དཔའི་ཁའི་ཁ་ལ་སོགས་པ་འོས་བཏབ་པ་ནི། གནས་དགུ་ལ་ཡང་ནས་ཡང་དུ་གཡས་སུ་འཁོར་ནས་འོས་གདབ་པར་བྱའོ་ཞེས་པའོ། །ས་བོན་གཉིས་བཅས་བཟླས་པ་ཡིས། །ཞེས་པ་ལ་སོགས་པས་ནི་ཐབས་དང་ཤེས་རབ་

གཉིས་ཀྱིས་ཇི་ལྟར་རང་རང་གི་ས་བོན་བཟླས་ཏེ། ལྷོའི་ཕྱོགས་སུ་གནས་པའི་འཇིག་རྟེན་གྱི་སེམས་ཅན་རྣམས་བསྒྲལ་བར་བྱའོ་ཞེས་པའི་དོན་ཏོ། །རྐང་པ་མཉམ་པར་ནུབ་ཕྱོགས་ནི། །ཞེས་པ་ལ་སོགས་པས་ནི་ནུབ་ཕྱོགས་ཀྱི་བྱེད་པས་བརྩམས་ནས། གཉི་ག་རྐང་པ་གཡས་པ་མཉམ་

པོར་སྟབས་ཀྱིས་གཞག་སྟེ། རྐང་པ་གཡོན་པའི་པུས་མོ་གཉི་གས་ཕན་ཚུན་གནོན་པར་བྱའོ། །དེ་ལྟར་ཡང་སྨྲས་པ། དཔུང་པས་འགུགས་པའི་བརླ་ནུ་མར། །གསུམ་འདུས་མདུན་དུ་ཟིལ་གནོན་ཏེ། །ཟུར་གསུམ་གནས་ལ་ལག་སྦྱོར་བ། །ཁ་སྤྲད་ཁ་སྦྱོར་དྲན་པའོ། །མགྲིན་

པའི་ལྟག་ཁུང་ཕན་ཚུན་དཔུང་པའི་ཞགས་པས་དཀྲིས་ཏེ། དྲིལ་བུའི་ལྕེ་དྲིལ་བས་རྡོ་རྗེ་སེམས་དཔའི་ལྕེ་ལ་རེག་སྟེ། འགུལ་བས་ཇི་ལྟར་རང་གི་ས་བོན་བཟླས་པར་བྱའོ་ཞེས་པའི་དོན་ཏོ། །ད་ནི་བྱང་གི་འཕེན་པ་གསུངས་སོ། །ཇི་ལྟར་མགྲིན་པའི་རྒྱབ་ཏུ་དཀྲི་བར་བྱ་ཞེས་གསུངས་

པ། རྡོ་རྗེ་མཉམ་པའི་དབུས་སུ་ནི། ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའི་དཔུང་པ་གཉིས་ཀྱིས་ལྷ་མོའི་མཉམ་པའི་དབུས་སུ་ནུ་མའི་དྲུང་དུ་དཀྲིས་ཏེ། དྲིལ་བུ་ལག་པ་གཉིས་ཀྱིས་ཀྱང་རྡོ་རྗེ་སེམས་དཔའི་རྣ་བའི་རྩར་བཙིར་བར་བྱ་སྟེ། །སྦྱར་ནས་སེན་མོས་གདབ་པར་བྱའོ་ཞེས་

པའི་དོན་ཏོ། །དེ་ལྟར་ཡང་སྨྲས་པ། འཁྱུད་པ་དང་ནི་བཏབ་པ་དང་། །སོས་བཏབ་དེ་བཞིན་སེན་མོས་རྒྱབ། །སྟེང་ནི་རྣམ་པ་ལྔ་ཤེས་ཏེ། །འོག་མ་ཡི་ནི་རྣམ་པ་བཞི། །སེན་མོས་གདབ་པ་ལ་གཡོན་གྱི། །ལྟེ་བའི་རྩ་དང་མཚན་དུ་ཡང་། །ཡན་ལག་མཆོག་དང་སྤྱི་བོ་དང་། །གླང་

Vol. 25 · folio 40a

ཆེན་ལག་པ་བཞིན་དུ་རེག །ཅེས་པའོ། །ཀུན་བསྡམས་མ་མཆུ་གཉིས་ཀྱིས་ནི། །ཞེས་པ་ལ་སོགས་པས་ནི་དགའ་བས་རྗེས་སུ་ཆགས་ཏེ། མ་མཆུ་ཕན་ཚུན་བཏུང་བར་བྱའོ། །ཞེས་པའི་དོན་ཏོ། །སེམས་ཅན་ཐམས་ཅད་ཅེས་པ་ལ་སོགས་པ་ནི་དོན་

གསལ་ལོ། །དྲིལ་བུའི་ལྷ་ཡི་སྦྱོར་བ་རྣམས། །ཞེས་པ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ལུས། རྡོ་རྗེ་སེམས་དཔའི་ལུས་ལ་སྔགས་ཀྱི་ཡི་གེ་བརྒྱད་གོང་ནས་གསུངས་པའི་རིམ་པས་བསྒོམ་པར་བྱའོ་ཞེས་པའོ། །དེ་ལྟར་དེ་ཁོ་ན་ཉིད་སོ་སོ་གཉིས་བྱེད་མ་

ཐག་ཏུ་ལྷ་མོ་དང་། རང་གི་ལུས་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཐབས་ཀྱི་བདག་ཉིད་རྣམ་པར་རྟོག་པ་མེད་པའི་བདག་ཉིད་དུ་སེམས་གྱུར་པ་ལ་བྱ་སྟེ། ཡང་སེམས་དེའི་རྒྱབ་ཏུ་གྱུར་པ་རྣམ་པར་རྟོག་པ་དང་བཅས་པའི་དབྱངས་དང་བསྟོད་པ་བརྗོད་པས་བསྐུལ་ཏེ། སེམས་ཅན་གྱི་

དོན་གྱི་རྒྱུའི་ཕྱིར་བསླང་བར་བྱའོ། །དེ་ལྟར་དཔལ་གསང་བ་འདུས་པའི་ཏནྟྲ་ལས་གསུངས་སོ། །རྡོ་རྗེ་སེམས་དཔའ་བདག་ཅེས་བརྗོད། །ཅེས་པ་ལ་སོགས་པའོ། །ལངས་མ་ཐག་ཏུ་ཆགས་པའི་སེམས་ཀྱིས་ཤེས་རབ་མ་དང་བཅས་པས། རྡོ་རྗེ་སེམས་དཔའི་ང་རྒྱལ་ཏེ། །ཨོཾ་བཛྲ་

སཏྭ་ཧཾ་ཞེས་བརྗོད་པར་བྱ་བའི་དོན་ཏོ། །མེ་ཏོག་རྣམས་ནི་ཆུ་སྐྱེས་རྣམས། །ནང་གི་གསང་བའི་མཚན་ཉིད་ཀྱིས། །མྱུ་གུ་རྩ་བ་མེ་ཏོག་ནི། །བནྡུ་ཀ་ནི་འབར་བ་འདྲ། །ཞེས་པ་ནི་པདྨ་དམར་པོ་དང་འདྲ་བའི་ནང་གི་དབུས་སུ་གསང་བར་གནས་པ་མཁའ་འགྲོ་ཆུའི་རྩ་ཞེས་ཇི་སྙེད་

པའོ། །དེ་ཡང་མིང་དང་གཟུགས་ཀྱི་མྱུ་གུར་སྐྱེས་པ་དང་། སྡོང་བུ་དང་། མེ་ཏོག་དང་། འབྲས་བུ་དང་། རྩ་བ་དང་། ས་བོན་ལ་སོགས་པའི་རྐྱེན་ཞེས་པའི་དོན་ཏོ། །དེ་ལྟར་ཡང་གསུངས་པ། ཉི་ཤུ་རྩ་བཞིའི་རྩི་རྣམས་ནི། །རྒྱུད་ཆེན་ལྷ་མོ་རྩ་རྣམས་ཏེ། །དེ་ལ་མཁའ་འགྲོ་ཆུ་ཡི་རྩར། །

མཁས་པ་ཡིས་ནི་བསྐུལ་བར་བྱ། །ཞེས་པའི་དོན་ཏོ། །ཐང་ག་གཉིས་སུ་ས་བོན་རྣམས། །ཁོང་པ་ལ་ཡང་གཅིག་བརྗོད་དེ། །རྩ་ལྔ་ཡི་གེ་ཁ་དགོད་པ། །རྟག་ཏུ་ཁ་ལ་བསྐུལ་བར་བྱ། །གང་ཞིག་རྐང་མཐིལ་ལ་འགུལ་བ། །མཁས་པས་རྐང་མཐིལ་མཐེ་བོར་ཡང་། །སྤྱི་བོར་གསུམ་

Vol. 25 · folio 40b

འདུས་བརླ་གཉིས་ལ། །ལག་པའི་རྩ་ལ་རེག་པར་བྱ། །ཞེས་པའོ། །ནང་གི་གསང་བའི་པདྨ་དེ་རྒྱས་པ་ལ་ཇི་ལྟར་ས་བོན་དུ་འགྱུར་ཞེ་ན། གསུངས་པ། ཐོང་ག་གཉིས་སུ་ས་བོན་རྣམས། །ཞེས་པ་ལ་སོགས་པ་སྟེ། དེ་ཐོང་ག་གཉིས་སུ་ས་བོན་ནི་སྟག་མོའི་ས་བོན་ནོ། །རྣམས་ཞེས་

པའི་ཚིག་སྟོན་པས་ན་བརྩེགས་པའི་ཡི་གེ་བཞི་ཆར་གཟུང་ངོ་ཞེས་པའི་དོན་ཏོ། །ས་ལ་སོགས་པ་བཞི་ཁོ་ན་དང་། ཡི་གེ་བརྒྱད་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་ན། འགྲོ་བ་དང་སྐྱེ་བ་དང་། འཁོར་བ་ལ་གནས་པའི་གཟུགས་ཡིན་པར་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །ཇི་

ལྟར་སྡེ་ཚན་གསུམ་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །ལྷ་མོའི་གཟུགས་ནི་བསམས་ནས་ནི། །ཞེས་པ་ནི་ས་བོན་དེ་ཁོ་ནས་བསྐྱེད་པའི་ཡེ་ཤེས་མཁའ་འགྲོ་མའི་གཟུགས་བསྐྱེད་པར་བྱའོ་ཞེས་པའོ། །སའི་ཞེས་པ་ནི་ཡི་གེ་ཧཱུྃ་ངོ་། །དབུས་སུ་ཐིམ་པར་བྱ་ཞེས་པ་ནི་སྙོམས་པར་འཇུག་པའི་

སྦྱོར་བ་ཇི་སྙེད་པའོ། །དོན་ཁོ་ན་གསལ་བར་བྱེད་པས་གསུངས་པ། དུས་ཀྱི་མེ་དང་ཡི་དགས་མེ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་དུས་ཀྱི་མེ་ཞེས་པ་ནི་ལག་པ་གཡས་པའོ། །ཡི་དགས་མེ་ཞེས་པ་ནི་ལག་པ་གཡོན་པའོ། །ཕན་ཚུན་ལག་པ་གཉིས་ཀྱིས་འཁྱུད་ནས། ལག་པ་གཅིག་

དང་ལྷན་ཅིག་ཏུ་འབྲེལ་པའི་གནས་ལ་རྩེ་གསུམ་གྱི་ཚུལ་དུ་གཞག་པར་བྱ་བ་སྟེ། སྲིད་པའི་ཐབས་ཀྱིས་གཟུགས་སོ། །བདུད་རྩི་བཏུང་བའི་སེམས་ཀྱིས་ནི། །ཞེས་པ་ལ་སོགས་པ་ནི་དོན་གསལ་བའོ། །ཡན་ལག་བཅོ་བརྒྱད་གནས་དག་ལ། །ཞེས་པ་ལ་སོགས་པ་ནི་ཟླ་བའི་ཆ་ཤས་ཀྱི་ཚུལ་

གྱིས་སྔོན་དུ་བཤད་ཟིན་ཏོ། །མཁའ་འགྲོ་མ་ཡི་མཆུ་འདྲའོ། །ཞེས་པ་ནི་དེ་ལ་མཁའ་འགྲོ་མཆུ་ཞེས་བྱ་བ་ནི་གསང་བའི་པདྨའི་རྩའོ། །ཕྱག་རྒྱ་དེ་ལ་བསྐུལ་བར་བྱ། །ཞེས་པ་ནི། གལ་ཏེ་ཤེས་རབ་མ་སྲ་བར་གྱུར་ན། དེ་ཚེ་གླང་ཆེན་གྱི་ལག་པ་ལ་སོགས་པའི་ལས་ཀྱིས་ཇི་ལྟར་བཞུ་བ་

དེ་ལྟར་བྱའོ། །དེ་ལྟར་ཡང་གསུངས་པ། ཡན་ལག་མཆོག་ནི་གཉིས་ཤེས་ཏེ། །དེ་བཞིན་དེ་ནི་མཆོག་དང་སྲ། །སྲ་བ་ལ་ནི་རྒྱུ་བྱས་པ། །བྱས་ཏེ་རིགས་ཀྱི་བུ་མེད་མིན། །ཞེས་པའོ། །གཡས་ཀྱི་རྡོ་རྗེའི་མཆུ་རྣམས་ཞེས་པ་ལ་སོགས་པས་ནི་དུས་མཉམ་པོ་ཇི་ལྟར་གྱུར་པ་དེ་ལྟར་རྡོ་རྗེའི་ཆུ་ཟག་

Vol. 25 · folio 41a

པའི་རྒྱུ་བྱའོ། །དེ་ཁོ་ན་སེམས་འདོད་པ་བསྐུལ་བའི་དོན་དུ། ཐོང་དང་ཡང་ན་གནས་དག་ཏུ། །དེ་ནས་སེན་མོས་གདབ་པར་བྱ། །ཞེས་པའོ། །དེ་ནས་རྡོ་རྗེ་རྩེ་ཕྱག་རྒྱ། །ཞེས་པ་ལ་སོགས་པས་ནི་བཤད་ཟིན་པའི་དོན་ཁོ་ན་གསལ་བར་བྱས་པའོ། །རྡོ་རྗེ་རོལ་པའི་

རྐང་པ་ཡིས། །ཞེས་པ་ལ་སོགས་པས་ནི། ཕན་ཚུན་རོལ་པ་ལ་འཕེན་པས། །བདེ་བའི་སྟན་རྣམ་པར་བཀོད་པ་སྣ་ཚོགས་བཀོད་པའི་བྱེད་པ་དང་། དབྱིབས་ལ་སོགས་པས་རྣལ་འབྱོར་པ་དང་། རྣལ་འབྱོར་མའི་གསང་བའི་རོལ་པ་བཤད་པར་བྱའོ། །དྲིལ་བུ་རོལ་པའི་ཚུལ་གྱིས་ནི། །

ཞེས་པ་ལ་སོགས་པས་ནི། སེམས་དཔའི་སྐྱིལ་མོ་ཀྲུང་བྱེད་པ་རྡོ་རྗེ་སེམས་དཔའི་བརླའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གནས་ཏེ། བརླའི་ཞགས་པས་སྐུ་ལ་དཀྲི་བར་བྱའོ་ཞེས་པའི་དོན་ཏོ། །སྙིང་པོ་མེད་པའི་འཁོར་བ་སྟོང་པ་ལ་ཞེས་པ་ལ་སོགས་པ་ནི་དེ་ལ་སྙིང་པོ་ཞེས་པ་ནི་

མཁའ་འགྲོ་མའི་དྲ་བའི་སྡོམ་པ་ཞེས་བྱའོ། །འདུས་པ་ཞེས་པ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རང་བཞིན་ནོ། །དེ་བས་ན་སངས་རྒྱས་ཐམས་ཅད་ཀྱིས་གང་མཁའ་འགྲོ་མའི་དྲ་བའི་བདེ་མཆོག་དེ་ཐོབ་བོ། །གང་ལས་ཡིན་ཞེ་ན་གསུངས་པ། གོང་མའི་ཚིག་སྙིང་

པོ་མེད་པའི་འཁོར་བ་སྟོང་པ་ལ་ཞེས་སོ། །ཅི་འདྲ་བ་ཡིན་ཞེ་ན་གསུངས་པ། འཇིག་རྟེན་ལ་ནི་དཔེ་བྱས་པ། །ཆུ་ཤིང་ལ་ནི་སྙིང་པོ་མེད། །དེ་ཡི་འབྲས་བུ་སྙིང་པོ་ཅན། །བཟའ་བ་ལ་ནི་བདུད་རྩི་འདྲ། །ཞེས་སོ། །དོན་ནི་འདི་ལྟར་གསུངས་པར་འགྱུར་ཏེ། གོང་དུ་གསུངས་པའི་རོལ་པའི་

ཐབས་བྱ་བ་ལ་སོགས་པ་སྙིང་པོ་མེད་པས། ཇི་ལྟར་བུ་རམ་ཤིང་གི་ཞིང་ལུད་ཀྱི་ཕུང་པོ་བསགས་པས་བཀང་བ་ལྟར་བདུད་རྩི་དང་འདྲ་བའི་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱི་འབྲས་བུ་བསྐྱེད་པར་འགྱུར་རོ་ཞེས་པའོ། །ལུང་ལས་ཀྱང་གྲགས་ཏེ། འདི་ལྟ་སྟེ། ཀྱེ་འོད་སྲུངས་ཇི་ལྟར་ལུད་ཀྱི་ཕུང་

པོ་བུ་རམ་ཤིང་གི་ཤིང་ལ་སོགས་པ་ལ་ཕན་པར་འགྱུར་བ་དེ་ཁོ་ན་ལྟར། ཀྱེ་འོད་སྲུངས་འདོད་ཆགས་པ་རྣམས་ཀྱང་ཐམས་ཅད་མཁྱེན་པ་ལ་ཕན་པར་བྱེད་པར་འགྱུར་རོ་ཞེས་གྲགས་སོ། །དངོས་ཞེས་པ་ནི་རྣམ་པར་རྟོག་པ་སྟེ། རྣམ་པར་གྲོལ་བ་ཞེས་པ་ནི་གསལ་བ་ཡོངས་སུ་བོར་བའོ། །དེ་

Vol. 25 · folio 41b

ལ་དངོས་གྲུབ་ནི་ཞེས་པ་སྟེ། ཐར་པ་གྲུབ་པའོ། །ཞེས་པའོ། །དེ་ལྟར་ཡང་འཕགས་པ་ལྷའི་ཞབས་ཀྱིས་གསུངས་པ། རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་ཐར་པར་ཞེས་པའོ། །ཕན་ཚུན་འཁྱུད་པའི་སྦྱོར་བྱས་ཏེ། །ཞེས་པ་ནི། ཐབས་དང་ཤེས་རབ་འདུ་བའོ། །

ཅིའི་ཕྱིར་ཡིན་ཞེ་ན་གསུངས་པ། དེ་ཡིས་ཐམས་ཅད་དོན་ནི་བྱེད་པར་འགྱུར། །ཞེས་པ་ནི། སེམས་ཅན་གྱི་ཁམས་མ་ལུས་པ་ཀུན་འཁོར་བ་ལས་བསྒྲལ་བར་བྱའོ་ཞེས་པའི་དོན་ཏོ། །དེས་ནི་རྣལ་འབྱོར་མའི་ཡེ་ཤེས་ཀྱི་སྡོམ་པ་ལ་གཞན་གྱིས་འཁོར་བ་ལ་སྙིང་པོ་མེད་པ་

ཡིན་ནོ་ཞེས་ཇི་སྙེད་པའོ། །སྨན་ལ་སོགས་པའི་ཁྱད་པར་དང་། །འཕེན་པ་དང་ནི་ལྡན་པར་བྱ། །ཞེས་པ་ནི་སྟང་སྟབས་བྱ་བ་དང་སྨན་གྱི་ཁྱད་པར་བྱ་བའོ། །ཁྱད་པར་སྒྲ་ནི་ཉེ་བར་བླང་བས་ན་ཁྲི་ཉིས་སྟོང་པ་ལས་གསུངས་པའི་མཆན་ཁུང་སྦྱོར་བ་དང་པོར་ཚིག་འདུས་པ་གསུངས་ཏེ། དེ་ལ་མཆན་

ཁུང་སྦྱོར་བ་ནི་འདི་ལྟ་སྟེ། རྒྱལ་བ་ལྷན་ཅིག་གཙུག་ཏོར་ཛཱ་རི་ལག་པའི་མཆི་མ་བུ་མོ་དང་། །རལ་པ་མི་དང་དགའ་བ་འཇིགས་པ་རྨོངས་པ་རྒྱལ་བ་རྡོ་རྗེ་རྣམས། །བཞི་ཆ་བཞི་རུ་བྱས་ཏེ་ལྔ་ཡི་ལུས་ཀྱིས་ཡང་བསྲེས་ནས། །ཁྱོ་དང་བུད་མེད་དབང་དུ་སྦྱོར་བ་སུམ་ཅུ་རྩ་བཞི་ལ། །ཞེས་པ་ལ་སོགས་པ་

མཆན་ཁུང་སྦྱོར་བ་མཐར་ཐུག་པ་བྲི་བར་བྱའོ། །གུར་གུམ་དང་ཞེས་པ་ནི་གསལ་ལོ། །སྦྱོར་བའི་གནས་སུ་ཞེས་པ་ནི་ཆ་མཉམ་པོར་སྦྱོར་བའོ། །དབང་པོ་ལག་དང་ཞེས་པ་ནི་རྩ་བ་སོར་མོ་ལྔའི་ཚུལ་ལོ། །བདག་ལྔའི་ནི་ཞེས་པ་ནི་མིག་ལ་སོགས་པའི་དབང་པོ་ལྔའི་དྲི་མའོ། །ཡན་ལག་ལྔ་ཞེས་པ་ལ་

སོགས་པས་ནི་གཅིག་ལྷ་མོའི་ཁྱད་པར་དང་ལས་ཀྱི་ཁྱད་པར་གྱི་དོན་ཤེས་པར་བྱ་བ་དེ་གོ་སླའོ། །གཞན་ཡང་འཕེན་པའི་ཐབས་དག་ནི། །ཞེས་པ་ལ་སོགས་པས་ནི་འཕེན་པ་བཅོ་བརྒྱད་གསུངས་ཏེ། ཀུན་དུ་ཕྱོགས་དང་མཚམས་ཐམས་ཅད་ལ་གནས་པའི་བགེགས་འཕེན་པ་དང་། བཏོང་

བ་བསྐྲད་པར་བྱའོ་ཞེས་ཇི་སྙེད་པའོ། །དེ་ཡང་ཕྱི་དང་ནང་སྟེ། ཕྱིའི་འཕེན་པས་ནི་ཕྱིའི་བགེགས་རྣམས་བསྐྲད་པར་བྱའོ། །ནང་གི་འཕེན་པས་ན་ནང་གི་བདུད་བསྐྲད་པར་བྱའོ་ཞེས་པའོ། །གཉིས་ནི་སྦྱར་ནས་འཕེན་པ་ཡིས། །ཞེས་པ་ནི་ཁ་སྦྱོར་བ་སྟེ། དེ་ཁོ་ན་ནི་དོན་དམ་པའི་ཕྱག་རྒྱ་ཞེས་གསུངས་

Vol. 25 · folio 42a

པ་ཉིད་ཀྱི་ཕྱིར་རོ། །དེ་བས། ཕྱག་རྒྱ་དེ་ཉིད་བཅིང་བར་བྱ། །ཞེས་པ་ནི་མཚན་ཉིད་གོང་དུ་བཤད་ཟིན་ཏོ། །མཉམ་པའི་ཐབས་ཞེས་པ་ནི་རྐང་པ་ཕན་ཚུན་སོར་མོའི་མཐེ་བོང་གཤིབས་ནས་སྦྱོར་བས་ན་མཉམ་པོའི་ཐབས་སོ། །དབྱེ་བའི་ཐབས་ཞེས་པ་ནི་དེ་ཁོ་ན་རྐང་པ་གཅིག་བཀུག་

ན་དབྱེ་བའི་ཐབས་སོ། །ཟླུམ་པོའི་ཐབས་ནི་ཁྲུ་དོའི་ཕྱི་རོལ་དུ་རྐང་པའི་སོར་མོ་ཕྱིར་བལྟས་པར་བྱ་སྟེ། པུས་མོ་གཉིས་ཡར་བསྒྲེང་བ་མར་བཀུག་ནས་ངང་པའི་གཤོག་པའི་ཚུལ་ནི་ཟླུམ་པོའི་ཐབས་སོ། །སྟི་ར་ཀྲ་མའི་ཐབས་ནི་ཞེས་པ་ནི་རྐང་པ་གཡས་པ་ས་ལ་གཞག་སྟེ། རྐང་པ་གཡོན་པས་འཇིག་རྟེན་གསུམ་

འགོམ་པའི་ཚུལ་གྱིས་འགྱིང་བག་གིས་ཡར་བཏང་བ་ནི་སྟི་ར་ཀྲ་མའི་ཐབས་སོ། །རུས་སྦལ་གྱི་ཐབས་ཞེས་པ་ནི་གཡས་པའི་རྐང་མཐིལ་གྱིས་གཡོན་པའི་བོལ་ལ་གནོན་པར་བྱ་བ་ནི་རུས་སྦལ་གྱི་ཐབས་སོ། །གཡས་བརྐྱང་བ་ནི་གཡོན་པའི་རྗེ་ངར་བཀུག་ནས་གཡས་པ་མཐོ་ལྔའི་ཚད་དུ་བརྐྱང་བ་ནི་གཡས་

བརྐྱང་བའི་ཐབས་སོ། །གཡོན་བརྐྱང་བ་དང་ཞེས་པ་ནི་དེ་ལ་གཡས་བཀུག་ནས་གཡོན་པ་དེ་ཁོ་ན་བཞིན་དུ་བརྐྱང་བ་ནི་གཡོན་བརྐྱང་བའོ། །གཅིག་ཏུ་གནས་པ་དང་ཞེས་པ་ནི། རྐང་པ་གཅིག་ཡར་བཏེག་ནས་གཅིག་གིས་གཡས་སུ་བསྐོར་བ་ནི་གཅིག་ཏུ་གནས་པའོ། །འདུག་པ་ཞེས་པ་ནི་

རོལ་པ་ལ་སོགས་པས་འཕེན་ནས་དེ་ལྟར་ཕྱོགས་སུ་ཁ་བལྟས་ནས་གནས་པའོ། །རྐང་པའི་འཕེན་པ་དང་ཞེས་པ་ནི་རྣམ་པ་སྣ་ཚོགས་ཀྱིས་རྐང་པ་འཕེན་པས་ན། རྐང་པའི་འཕེན་པའོ། །གལ་ཏེ་བདེན་ན་ཕྱེ་བ་ལ་སོགས་པ་ལ་ཐམས་ཅད་འདུས་པས་ཕྱིན་ཅི་ལོག་ཏུ་བརླ་དགོད་པར་སྦྱོར་བ་ཡང་དེའི་སྐད་

ཅིག་མ་དེ་ཁོ་ན་ཆད་པ་གོང་དུ་འབྱུང་། གཉི་ག་ཡིས་ཀྱང་མེད་པར་བྱའོ། །མཆོད་སྡོང་གི་ཚུལ་དང་ཞེས་པ་ནི་རྣལ་འབྱོར་མའི་རྐང་པ་གཉིས་བསྡུས་ནས་ཕྱེ་ལ་གཞག་པར་བྱས་པ་ནི། མཆོད་སྡོང་གི་ཚུལ་ལོ། །དེ་ལྟར་ཡང་སྨྲས་པ། གཅིག་ཏུ་བཀུག་ནས་གཞག་པ་ནི། བུད་མེད་པུས་མོ་དཀྲུགས་པ་

སྟེ། །འདུག་པའི་སྐྱེས་བུ་དང་ལྡན་པ། །རྐང་པ་བཟུང་ཞེས་རབ་ཏུ་གྲགས། །པུས་མོ་གནས་པ་དང་ཞེས་པ་ནི། པུས་མོ་གཉིས་ཕན་ཚུན་གཤིབས་ནས་གཡོན་གྱི་གློ་ན་གཟིར་བ་ནི། པུས་མོ་གནས་པའོ། །ལེགས་པར་འདུས་པ་དང་ཞེས་པ་ནི། རྡོ་རྗེ་སེམས་དཔའི་དཔུང་པའི་ཞབས་ཤེས་རབ་

Vol. 25 · folio 42b

ཀྱི་ཕ་རོལ་ཏུ་ཕྱིན་པའི་མགུལ་པ་ནས་བརྟན་པོར་འཁྱུད་དེ་ལྷ་མོའི་རྗེ་ངར་སྟེང་དུ་བཀོད་ནས་ཁ་སྦྱོར་བ་དེ་ནི་ལེགས་པར་འདུས་པའོ། །དེ་ལྟར་ཡང་སྨྲས་པ། བུད་མེད་མགུལ་པ་དམ་པོར་འཁྱུད། །ཕོ་ཡི་དཔུང་པ་གཉིས་ཀས་ཀྱང་། །གྲུ་མོ་གཉིས་ལ་གཞག་པ་ནི། །བུད་མེད་རྗེ་ངར་འདུས་པར་

བཤད། །ཅེས་པའོ། །མཉམ་པར་གནས་པ་དང་ཞེས་པ་ནི་གཉིས་ཀ་གནས་པའོ། །དུས་ཀྱི་མེ་ཡི་སྙིང་པོ་དང་། །ཞེས་པ་ནི། ལྷ་མོ་རྐང་མཐིལ་གཡས་ཀྱིས་རྡོ་རྗེ་སེམས་དཔའི་སྙིང་གར་གཞག་པ་ལ་སོགས་པ་ཐང་ག་བགྲོད་པ་ཞེས་བྱ་བ་བྱེད་པའི་དུས་ཀྱི་མེའི་སྙིང་པོའོ། །དེ་ལྟར་ཡང་སྨྲས་པ།

བུད་མེད་རྐང་པའི་མཐིལ་གཞག་པ། །ཕོ་ཡི་སྙིང་ག་ལ་ནི་ཡང་། །ཐང་ག་གཉིས་ཀ་བགྲོད་པ་ཡིས། །འདུག་པ་རྐང་པ་བརྐྱང་བའོ། །བསྲེགས་བརྐྱང་པ་ནི་དོན་གསལ་ལོ། །གནས་ངན་པ་དང་ཞེས་པ་ནི་འགུལ་ནས་འདུག་པ་དེ་ནི་མཐའ་འཁོབ་པའི་སྤྱོད་པ་སྟེ། གནས་ངན་པའོ། །དེ་ལྟར་ཡང་སྨྲས་

པ། དེ་ལ། འདུག་པ་པོ་ཡི་བརླ་གཞག་པ། །བུད་མེད་རྗེ་ངར་མཐའ་འཁོབ་བཤད། །ཕྱི་རོལ་བུད་མེད་རྐང་པ་ནི། །འཕེན་པ་དབུས་ཀྱི་ཚུལ་དུ་འདོད། །གཅིག་ཏུ་འདུས་པ་ཞེས་པ་ནི་གང་དུ་གསུངས་པའི་ལེགས་པར་བསྡུས་པ་ཁོ་ན་ལ་རྐང་པ་གཅིག་འདུས་པས་ན། རྐང་པ་གཅིག་

ཏུ་བསྡུས་པའོ། །དེ་ལྟར་ཡང་སྨྲས་པ། འདུག་པ་ཡི་ཕོ་དང་ལྡན་པ། །དེ་ཡི་རྩེ་གསུམ་འབྱུང་བའི་ཕྱིར། །ཕྱིན་ཅི་ལོག་པར་རབ་སྦྱོར་བ། །བཀྲམ་པ་དག་ནི་ཡང་དག་འབྱུང་། །བཅོ་བརྒྱད་དག་གི་འཕེན་པ་ཡིས། །མཆོད་པའི་དུས་སུ་རབ་སྦྱོར་བྱ། །ཞེས་པ་ནི། ཕྱི་ནང་གི་མཆོད་

པ་ལ་ཇི་ལྟར་རིམ་པར་སྦྱོར་བར་བྱའོ། །ཡོན་ཏན་ཀུན་གྱི་སྦྱོར་བ་ཡིས། །ཞེས་པ་ནི། ཇི་ལྟར་འབྱོར་པ་ཉེ་བར་སྤྱོད་པ་ལྔ་ལ་སོགས་པ་མཆོད་པར་བྱའོ་ཞེས་པའོ། །སྙིང་གར་ཉེ་བ་དང་ཞེས་པ་ལ་སོགས་པས་ནི། དཔུང་པའི་བྱེད་པ་སྟེ་གོ་སླའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །ཅེས་པ་ལ་སོགས་

པས་ནི་རྒྱས་པར་སྔོན་དུ་བཤད་ཟིན་ཏོ། །འདིར་ནི་མདོར་བསྡུས་པ་བཤད་དེ་རྡོ་རྗེ་ཞེས་པ་ནི་ཉེ་བར་ལེན་པའི་རྐྱེན་ཏོ། །དྲིལ་བུ་ཞེས་པ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཏོ། །དེ་གཉིས་སྦྱོར་བས་མིང་དང་། གཟུགས་ཀྱི་མྱུ་གུ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་སེམས་ཅན་གྱི་དོན་བྱེད་པ་སྦྱོར་བ་འབྱུང་ངོ་། །དེ་ཁོ་ན་མེད་

Vol. 25 · folio 43a

པར་ནི་མི་འགྲུབ་པོ་ཞེས་གསུངས་པ། མཚན་མོ་ཟླ་བ་མེད་པའི་ཞེས་པ་ལ་སོགས་པའོ། །ཨཱ་ལི་ཀཱ་ལི་ཐོག་བསྒོམས་ན། ཞེས་པ་ནི། གོང་དུ་གསུངས་པའི་རིམ་པས་བསྒོམ་མོ་ཞེས་པའི་དོན་ཏོ། །ཐབས་དང་ཤེས་རབ་ཕྱིན་པ་རྣམས། །འཁོར་བ་རྒལ་བར་གནས་

པར་འགྱུར། །ཞེས་པ་ནི། དོན་ཇི་ལྟར་འགྱུར་ཞེ་ན། བླུན་པོ་དང་ཉན་ཐོས་ལ་སོགས་པ་ནི་མི་རྒལ་ལོ་ཞེས་པའི་ཐ་ཚིག་གོ། །དེ་ལྟར་ཡང་དཔལ་བདེ་མཆོག་གི་རྒྱུད་ལས་གསུངས་པ། ཉན་ཐོས་ཐམས་ཅད་སྐལ་ངན་ཏེ། །ཤིན་ཏུ་མྱ་ངན་འདས་ཕྱིར་རོ། །ཕྱི་རོལ་གྱི་མུ་སྟེགས་པ་རྣམས་ལ་

ཡང་གསུངས་པ། མུ་སྟེགས་ཐམས་ཅད་སྐལ་ངན་ཏེ། བདག་དང་བདག་གིར་འཛིན་ཕྱིར་རོ། །ཞེས་སོ། །དེ་བས་གསུངས་པ། སེམས་ནི་ཤེལ་ལྟར་དག་པ་ལ། །དེ་ཡི་ཆོས་ནི་བསྐལ་པར་བྱ། །ཞེས་པ་སྟེ། དེ་དག་ཀྱང་ཟབ་མོའི་ཆོས་བསྟན་པས་ཐེ་ཚོམ་བསལ་ནས་མཉམ་པ་ཉིད་དུ་བྱ་

སྟེ། དེ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དེ་ཁོ་ན་ཉིད་འདི་བསྟན་པར་བྱའོ་ཞེས་པའོ། །སེམས་ཅན་དོན་བྱ་ཕྱི་རུ་ནི། །ནན་ཏན་དེ་ཁོ་ན་ཉིད་དམིགས། །ཞེས་པ་ནི་རང་བཞིན་མེད་པ་བསྒོམས་པས་རང་གི་སེམས་མཉམ་པ་ཉིད་དུ་བྱ་སྟེ། ཇི་ལྟར་གསུངས་པའི་སྙིང་རྗེ་ལྷའི་སྦྱོར་

བས་བསྙེན་པར་བྱའོ་ཞེས་བྱའོ། །གལ་ཏེ་དེ་ཁོ་ན་ཉིད་དམིགས་སུ་མི་ནུས་ན། ཇི་ལྟར་བྱ་ཞེ་ན་གསུངས་པ། ནང་གི་ས་བོན་དབུས་གནས་པ། །ཨཱ་ལིས་ས་བོན་གཟུང་བར་བྱ། །ཞེས་པ་སྟེ། དེ་ལ་ནང་གི་གསང་བའི་ས་བོན་ཞེས་པ་ནི་ཧཱུྃ་ངོ་། །ཕྱོགས་ཀུན་ནས་ནི་ཐལ་སྦྱར་ཏེ། །ཞེས་པ་ནི་

ཕྱོགས་བཅུ་ན་གནས་པའི་རྣལ་འབྱོར་པ་དང་། རྣལ་འབྱོར་མའི་དྲ་བ་ལ་བསྟོད་པ་དང་། མཆོད་པ་ལ་སོགས་པས་བསྟོད་ནས་སྨོན་ལམ་གདབ་པར་བྱའོ་ཞེས་པའོ། །ཀྱེ་མའོ་ཆོས་ཀྱི་མཆོག་གི་ལམ། །ཞེས་པ་ལ་སོགས་པ་ནི་དོན་གོ་སླའོ། །ཡི་གེ་གཉིས་འགྱུར་ཐིག་པ་དང་། །ཞེས་པ་ལ་སོགས་པ་

ནི་གོང་དུ་བཤད་ཟིན་པའི་ཕྱིར་ནི་འདིར་མི་འགྲེལ་པའོ། །རྡོ་རྗེ་སློབ་དཔོན་དཔལ་དགེ་བའི་གོ་ཆས་མཛད་པ་དཔལ་ལྡན་གདན་བཞི་པ་གཟིགས་པ་ལས་སྦྱོར་བའི་གདན་གྱི་རྣམ་པར་བཤད་པ་རྫོགས་སོ།། །།དེ་དག་གདན་གསུམ་ནི་སྒྲུབ་པ་པོ་དགེ་བའི་གོ་ཆས་སེམས་ཅན་ལ་ཐུགས་རྗེས་

Vol. 25 · folio 43b

དགོངས་ནས་མཛད་དེ། གདན་འདི་ནི་གླེང་བཞིའི་ནང་ན་མཁའ་འགྲོ་མ་རྣམས་ཀྱིས་མ་གནང་ངོ་ཞེས་ཀྱང་ཟེར། ཊཱ་ཀ་མཛད་པའི་ཐད་ཀ་ནས་མཁའ་འགྲོ་མ་དང་ཞལ་མཇལ་ནས་གྲུབ་སྟེ་མི་སྣང་བར་སོང་ངོ་ཞེས་ཀྱང་ཟེར། །ཕྱི་ནས་རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་བླ་མའི་

རྒྱུད་ལས་ཐོས་པ་ཇི་བཞིན་དུ་དེ་ལྟར་གདན་བཞི་པའི་གདན་ཕྱི་མའི་ཊཱི་ཀ་འདི་བརྩམས་སོ། །དེ་ནས་ཐུགས་རྗེ་ཆེན་པོས་སྐྱེ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཕྱག་ན་རྡོ་རྗེ་ལ་བསྐུལ་བ། །ཉོན་ཅིག་རྡོ་རྗེ་ཇི་ལྟར་ལམ། །ཞེས་པ་ལ་སོགས་པས་གསང་བའི་གདན་གྱི་ལེའུ་དང་པོ་བརྩམས་སོ། །

སློབ་དཔོན་ཡོན་ཏན་ཅི་འདྲ་དང་། །ཞེས་པ་ལ་སོགས་པ་ནི་ཕྱག་ན་རྡོ་རྗེས་སླར་ཞུས་པ་སྟེ། དེ་ལ་སློབ་དཔོན་ཡོན་ཏན་ཅི་འདྲ་ཞེས་པ་ནི། རྡོ་རྗེ་སློབ་དཔོན་གྱི་ཡན་ལག་དང་ཉིང་ལག་གི་ཡོན་ཏན་ཅི་འདྲ་ཞེས་ཞུས་པའོ། །སློབ་དཔོན་ཇི་ལྟར་སྦྱར་བ་དང་། །ཞེས་པ་ནི། སློབ་དཔོན་གྱི་ཡོན་ཏན་གང་དང་ལྡན་པ་

ལ་བྱ་ཞེས་ཞུས་པའོ། །བླ་མ་ཞེས་བགྱི་ཇི་ལྟར་ལགས། །ཞེས་པ་ནི་རྡོ་རྗེ་སློབ་དཔོན་བརྙས་པའི་སྡིག་པ་དང་། བསྟོད་པའི་བསོད་ནམས་ཇི་ལྟར་ཡིན་ཞེས་ཞུས་པའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྡོ་རྗེ་སློབ་དཔོན་གྱི་ཡན་ལག་གི་ཡོན་ཏན་སྟོན་འདོད་པས་གསུངས་པ།

ལག་ན་རྡོ་རྗེ་དེ་ཉིད་ཉོན། །ཞེས་པ་ལ་སོགས་པ་སྟེ། དེ་ལ། བྱང་ཆུབ་རྫོགས་པའི་མཚན་ཉིད་ཀུན། །ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱི་ལུས་དངོས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚན་ཉིད་དོ་ཞེས་པའི་དོན་ཏོ། །ཡན་ལག་བྱང་ཆུབ་སེམས་དཔའ་སྟེ། །ཞེས་པ་ནི་རྡོ་རྗེ་སློབ་དཔོན་

གྱི་ཡན་ལག་བྱང་ཆུབ་སེམས་དཔའི་རང་བཞིན་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །སྤྱི་གཙུག་དག་ཏུ་རིགས་ལྔ་སྟེ། །ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབུ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔས་དབུ་བརྒྱན་ནོ་ཞེས་པའི་དོན་ཏོ། །འཇིག་རྟེན་པ་ནི་རྐང་པའི་གདན། །ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱི་

རྐང་མཐིལ་གྱི་གདན་ནི་འཇིག་རྟེན་གྱི་ལྷ་ཆེན་པོ་ལ་སོགས་པའི་དངོས་པོ་ཞེས་པའི་ཐ་ཚིག་གོ། །འོད་ཟེར་གནོད་སྦྱིན་གསང་ལ་སོགས། །ཞེས་པ་ནི། རྡོ་རྗེ་སློབ་དཔོན་གྱི་གསང་བའི་རིས་གནོད་སྦྱིན་ལ་སོགས་པའི་རང་བཞིན་ནོ་ཞེས་པའོ། །ཡེ་ཤེས་ཅན་གྱི་ཤེས་བྱའི་རྟགས། །ཞེས་པ་ནི་རྡོ་རྗེ་

Vol. 25 · folio 44a

སློབ་དཔོན་གྱི་ཡོན་ཏན་དེ་འདྲ་བ་ཡེ་ཤེས་ཅན་སློབ་མས་ཤེས་པར་བྱའོ། །ད་ནི་སློབ་དཔོན་ཇི་ལྟར་སྦྱོར་བ་དང་། །ཞེས་པའི་ལན་བཤད་པ་འདོད་པས་གསུངས་པ། དུལ་ཞིང་ཞི་བའི་ཆ་བྱད་ཀྱིས། །ཞེས་པ་ལ་སོགས་པ་སྟེ། དེ་ལ་དུལ་ཞིང་ནི་ལུས་ངག་གི་སྒོ་ནས་སོ། །ཞི་

བའི་ཆ་བྱད་ཅེས་པས་ནི་ཁྲོ་བོའི་ཚུལ་མེད་པའོ། །སྙིང་རྗེ་ཕན་པའི་སེམས་ཀྱིས་ནི་སེམས་ཅན་སྡུག་བསྔལ་དང་བྲལ་བར་བྱའོ་ཞེས་པའོ། །ཕན་པའི་སེམས་ཀྱིས་ཞེས་པ་ཕྱི་ནས་སེམས་ཅན་ཀུན་སྡུག་བསྔལ་ཀུན་དང་བྲལ་བར་བྱའོ་ཞེས་པའི་ཤེས་རབ་པོ། དེ་ཁོ་ན་བཅུ་ཡོངས་སུ་ཤེས་ན་ཞེས་པ་ནི།

རྡོ་རྗེའི་དེ་ཁོ་ན་ཉིད་དང་། དྲིལ་བུའི་དེ་ཁོ་ན་ཉིད་དང་། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། སྦྱིན་སྲེག་གི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དང་། རྡུལ་ཚོན་གྱི་དེ་ཁོ་ན་ཉིད་དང་། གཏོར་མའི་དེ་ཁོ་ན་ཉིད་དང་། དབང་བསྐུར་བའི་དེ་ཁོ་ན་

ཉིད་དང་བཅུ་པོ་རྣམས་སོ། །ད་ནི། བླ་མ་ཞེས་བགྱི་ཇི་ལྟར་ལགས། །ཞེས་པའི་ལན། བླ་མ་ལ་བཀུར་བའི་དོན་བསྟན་པར་གསུངས་པ། གཞན་ཡང་ཉོན་ཅིག །དེ་ཁོ་ན་ཞེས་པ་ལ་སོགས་པ་སྟེ། དེ་ལ། སློབ་མས་སྤྱོད་པའི་ལས་རྣམས་ནི། །ཞེས་པ་ནི་སློབ་མས་སློབ་དཔོན་ལ་བྱར་

མི་རུང་བ་རྣམས་སོ། །གསང་བ་ཞེས་པ་ནི་ཐབས་དང་ཤེས་རབ་སྦྱོར་བའོ། །དམ་ཚིག་ཚུལ་ཞེས་པ་ནི་དམ་ཚིག་གི་སྡོམ་པའོ། །རྣལ་འབྱོར་གཏོར་མ་ཞེས་པ་ནི། མཁའ་འགྲོ་མའི་གཏོར་མའོ། །གསང་བ་ལ་སོགས་པ་ནི་བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་ལ་སོགས་པའི་མཆོད་པའོ། །མྱུར་དུ་མནར་མེད་

ལྟུང་བར་འགྱུར། །ཞེས་པ་ནི་དེ་དག་ལ་སུན་དབྱུང་བའི་སློབ་མ་ནི་ཚ་བའི་དམྱལ་བ་མནར་མེད་པར་སྐྱེ་བར་འགྱུར་རོ་ཞེས་པའོ། །མལ་དང་ལྷམ་དང་སྟན་རྣམས་དང་། །ཞེས་པ་ནི་སློབ་དཔོན་གྱི་མལ་ལ་སོགས་པ་ལ་འགོམ་པ་དང་། སློབ་དཔོན་གྱི་ཚིག་མི་ཉན་པ་ནི། ཚེ་འདིར་ནོར་

མེད་ཅིང་དཔལ་ཡང་མེད་ལ་བདུད་དང་བགེགས་ཀྱིས་གཙེ་བར་འགྱུར་རོ། །གལ་ཏེ་གྲིབ་མ་འགོམས་འདས་ན། །མཆོད་རྟེན་བཤིག་པ་བྱས་དང་འདྲ། །ཞེས་པ་ནི། རྡོ་རྗེ་སློབ་དཔོན་གྱི་གྲིབ་མ་འགོམ་པ་ནི་མཆོད་རྟེན་བཤིག་པའི་ལས་མཚམས་མེད་པ་ལྔ་དང་ཉེ་བའི་ལས་

Vol. 25 · folio 44b

ཡིན་པས། མནར་མེད་པའི་དམྱལ་བར་སྐྱེ་བར་འགྱུར་རོ་ཞེས་པའི་དོན་ཏོ། །མཚམས་མེད་པའི་ལས་ནི་མནར་མེད་པའི་དམྱལ་བ་ཁོ་ནར་སྐྱེ་བའི་ཕྱིར་རོ། །དེ་བས་ན་མི་བྱའོ་ཞེས་གསུངས་པ། རྡོ་རྗེ་སློབ་དཔོན་སྨོད་རྣམས་ནི། །ཞེས་པ་ལ་སོགས་པའོ། །སྨད་དུ་མི་རུང་བ་ཅིའི་

ཕྱིར་ཞེ་ན། གསུངས་པ། སྔགས་དང་ཕྱག་རྒྱ་སྦྱོར་ལ་སོགས། །དེ་ཡི་ལམ་གྱིས་འགྲུབ་ཕྱིར་རོ། །ཞེས་པ་སྟེ། སློབ་དཔོན་གྱི་བཀའ་ལུང་གིས་བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་ཕྱག་རྒྱ་དང་སྔགས་ལ་སོགས་པ་ཐོབ་པའི་ཕྱིར་རོ། །ད་ནི་སློབ་མ་གཟུང་བ་ལ། དང་པོ་བསླབ་པ་བྱིན་ནས་

གཟུང་། ཞེས་པ་ནི། དཀྱིལ་འཁོར་དང་ལ་སོགས་པའི་སྒྲ་ཡིས་དབང་བསྐུར་བ་དང་། གཏོར་མ་རྣམས་བསྟན་ནས་སློབ་མ་གཟུང་བར་བྱའོ་ཞེས་དབང་བསྐུར་བའི་ཁྱད་པར་དེ་ཁོ་ན་བཤད་འདོད་པས་གསུངས་པ། གོང་དུ་ཡི་གེ་གཅིག་གིས་ནི། །སངས་རྒྱས་ལྔ་རུ་བསྟན་པར་བྱ། །

ཞེས་པ་སྟེ། དེ་ལ་སངས་རྒྱས་ལྔའི་ཡི་གེ་ཧཱུཾ་སྟེ། དབྱིག་པ་འཇིག་རྟེན་དབང་ཕྱུག་གོ། །ཞེས་གསུངས་པའི་ཕྱིར་རོ། །དོན་ནི། འདི་ལྟ་སྟེ། སློབ་མ་དང་པོར་ཡིག་འབྲུ་གཅིག་ལ་སྙིང་པོ་ཧཱུཾ་བསྟན་ནས་དབང་བསྐུར་བར་བྱའོ་ཞེས་པའོ། །སྔགས་ཀྱི་དབང་དང་ལྡན་

པ་ཡིས། །ཡི་གེ་བརྒྱད་དག་བསྒོམ་པར་བྱ། །ཞེས་པ་ནི། དེ་ལ་ཡི་གེ་བརྒྱད་ནི། སུཾ་ཀྵུཾ་ཡུཾ་ཧཱུཾ། སྨྼྻུཾ་ཧྨྼྻུཾ་ཡྨྼྻུཾ་ཀྵྨྼྻུཾ་ཞེས་པའོ། །དོན་ནི། འདི་ལྟ་སྟེ། སློབ་མ་ལ་ཡི་གེ་འབྲུ་བརྒྱད་བཀོད་ནས། སྔགས་ཀྱིས་དབང་བསྐུར་མ་ཐག་ཏུ་སྤྱི་བོ་ལ་སོགས་

ཡན་ལག་བརྒྱད་ལ་ཡི་གེ་འབྲུ་བརྒྱད་བསྒོམ་ཞིང་བསྟན་པར་བྱའོ་ཞེས་པའི་དོན་ཏོ། །གཉིས་མེད་གཏོར་མའི་དབང་བསྐུར་བ། །དེ་ཡི་ཆོས་ཀྱང་ཤེས་པར་འགྱུར། །ཞེས་པ་ནི། ཆོས་ཉིད་ཀྱི་དངོས་དང་། དངོས་མེད་གཉིས་མེད་པའི་ཆོས་སློབ་མ་ལ་བསྟན་ནས་གཉིས་སུ་མེད་པའི་

དབང་བསྐུར་བ་ཡིན་ནོ་ཞེས་པའི་དོན་ཏོ། །སྦྱོར་བའི་དབང་དང་ལྡན་བྱ་བ། །ཡེ་ཤེས་རྣམ་ཤེས་བསྟན་པ་ཡིན། །ཞེས་སོ། །རྡོ་རྗེ་སློབ་དཔོན་དབང་བསྐུར་བ། །ཞེས་པ་ལ་སོགས་པས་ནི། དེ་ལ་ཡེ་ཤེས་ནི་ཐབས་ཏེ་ལྷའོ། །རྣམ་ཤེས་ནི་ཤེས་རབ་སྟེ་ལྷ་མོའོ། །དེ་ཉིད་སྦྱོར་

Vol. 25 · folio 45a

བའི་དོན་བསྟན་ནས་སྦྱོར་བའི་དབང་བསྐུར་བའོ། །དེ་ལྟར་ཡང་གསུངས་པ། ཐབས་དང་ཤེས་རབ་སྙོམས་འཇུག་པ། །སྦྱོར་བ་ཞེས་སུ་གྲགས་པ་ཡིན། །ཞེས་སོ། །དེ་ལ་གསང་བ་ནི་ལྔ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་

པར་གཡེམ་པ་དང་། བརྫུན་སྨྲ་བ་དང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་མ་སྤངས་པའོ། །དེ་ལ་སྲོག་གཅོད་པ་ནི་ཉོན་མོངས་པ་མ་སྤངས་པའོ། །མ་བྱིན་པར་ལེན་པར་ནི་ཉན་ཐོས་ལ་སོགས་པ་ལ་མ་བྱིན་པའི་དམ་རྫས་བླང་བའོ། །འདོད་པས་ལོག་པར་གཡེམ་པ་ནི་དེ་བཞིན་

གཤེགས་པ་ལ་མཆོད་པའི་ཕྱིར། དེ་བཞིན་གཤེགས་པ་ལ་སོགས་པ་བསྒོམས་ནས་ཕྱིན་ཅི་ལོག་གི་འདོད་ཆགས་ལ་སོགས་པ་སྤྱོད་པའོ། །བརྫུན་དུ་སྨྲ་བ་ནི་ཡང་དག་པའི་དོན་བརྗོད་དུ་མི་ལང་བས་སྔགས་བཟླས་པ་ནི་བརྫུན་དུ་སྨྲ་བའོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་

མ་སྤངས་པ་ནི་ཡང་དག་པའི་འདོད་ཆགས་ལ་སོགས་པ་དང་ལྡན་པའོ། །སོགས་ཞེས་པའི་སྒྲ་ནི་དཀྱིལ་འཁོར་དང་སྦྱིན་སྲེག་དང་། མཆོད་པ་དང་། གཏོར་མ་ལ་སོགས་པའོ། །དོན་ནི་འདི་ལྟ་སྟེ། སློབ་མ་གསང་བ་ལ་སོགས་པ་ཐམས་ཅད་བསྟན་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་

བསྐུར་བར་འགྱུར་རོ་ཞེས་པའོ། །དང་པོར་བསླབ་གཞི་བཟུང་ནས་སུ། །ཞེས་གསུངས་པ། དེ་ཇི་ལྟར་ཞེ་ན་གསུངས་པ། དང་པོར་རེ་ཞིག་སློབ་མ་རྣམས། །བསླབ་པའི་དོན་དུ་གསོལ་བ་གདབ། །ཅེས་པ་སྟེ། སློབ་མ་རྣམས་ཀྱིས་སློབ་དཔོན་ལ་སློབ་མའི་དགའ་བ་གང་ཡིན་པས་

ཞུ་བར་བྱའོ་ཞེས་པའོ། །དེ་ལྟར་ཞུ་བར་བྱ་ཞེ་ན་གསུངས་པ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཞེས་པ་ལ་སོགས་པས་སོ། །སློབ་དཔོན་གྱིས་བསླབ་པ་ཇི་ལྟར་སྦྱིན་པར་བྱ་ཞེ་ན་གསུངས་པ། བླ་མ་སྟན་ལ་བཞུགས་ནས་སུ། །ཞེས་པ་ལ་སོགས་པ་སྟེ། གདན་ལ་སྐྱིལ་མོ་ཀྲུང་

གིས་བཞུགས་པའི་སློབ་དཔོན་གྱིས་ཕྱག་གཡས་པས་པུས་མོ་ས་ལ་བཙུགས་པའི་སློབ་མའི་ཐལ་མོ་ལ་བཟུང་ནས་བསླབ་པ་སྦྱིན་ནོ་ཞེས་པའི་ཐ་ཚིག་གོ། །སློབ་དཔོན་ལ་ས་ལ་པུས་མོ་བཙུགས་ཤིང་ཐལ་མོ་སྦྱར་བའི་སློབ་མས་ཞུས་པའི་ཚིག་གང་ཡིན་ཞེ་ན་གསུངས་པ།

Vol. 25 · folio 45b

སངས་རྒྱས་ཆོས་དང་དགེ་འདུན་དང་། །ཞེས་པ་ལ་སོགས་པ་དང་པོ་བཟུང་ནས། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ་ཞེས་པའི་བར་དུ་སྟེ། དེ་ལ། མ་བརྒལ་བ་རྣམས་བདག་གིས་བསྒྲལ། །ཞེས་པ་ནི་སྲིད་པའི་རྒྱ་མཚོ་ལ་ལྷུང་བའི་སེམས་ཅན་ཡང་དག་པའི་རིག་པ་དང་

མི་ལྡན་པས། ངན་སོང་གསུམ་ནི་མ་བསྒྲལ་ཞེས་པའོ། །དེ་དག་ཡང་དག་པའི་ཆོས་ཀྱི་དོན་བསྟན་པ་དང་། སྤྱན་རས་གཟིགས་ཀྱི་དབང་ཕྱུག་བཞིན་དུ། དམྱལ་བ་ལ་སོགས་པ་ངན་འགྲོ་སྟེ། ཆོས་སྟོན་ཞིང་ཡང་དག་པའི་རིག་པ་དང་ལྡན་པར་བྱས་ནས་སྲིད་པའི་རྒྱ་མཚོ་ལས་དབྱུང་བར་

བྱའོ་ཞེས་པའི་ཐ་ཚིག་གོ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །ཞེས་པ་ནི། ངན་སོང་ནས་ཡང་བྱུང་ན་ཡང་བདག་དང་བདག་གིར་འཛིན་པ་རྣམས་ཀྱིས་སྲིད་པའི་འདོད་ཆགས་ལ་སོགས་པའི་བཅིངས་པ་ལས་མ་གྲོལ་བ་ནི་ལྷ་དང་མིའོ། །དེ་དག་ཀྱང་ཆོས་ཐམས་ཅད་བདག་མེད་པའི་

དོན་བསྟན་ནས་འདོད་ཆགས་ཀྱི་བཅིང་བ་དང་། ཞེ་སྡང་གི་བཅིང་བ་དང་། གཏི་མུག་གི་བཅིང་བ་ལས་གྲོལ་བར་བྱ་ཞིང་། མྱ་ངན་ལས་འདས་པར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་རྗེས་སུ་བརྩེ་བའི་ཕྱིར། །ཞེས་པ་ནི། དེ་ལྟ་བུའི་སྲིད་པའི་རྒྱ་མཚོ་ལ་ལྷུང་བའི་ངན་སོང་གསུམ་དང་། མཐོ་རིས་

གཉིས་ལ་བྱང་ཆུབ་ཀྱི། །གསད་པ་དང་། གསོད་དུ་འཇུག་པ་མ་ཡིན་པའི་སྒོ་ནས་གནོད་པར་མི་བྱ་སྟེ། བརྩེ་ཞིང་གདུང་བར་བྱའོ་ཞེས་པའོ། །སློབ་མ་དེ་དག་ལ་གདན་ལ་བཞུགས་པའི་སློབ་དཔོན་གྱིས་སླར་ལན་བཏབ་པ་སྟོན་འདོད་པས་གསུངས་པ། ལུས་ཀྱི་རྣམ་པ་གསུམ་ཉིད་དང་། །

ཞེས་པ་ལ་སོགས་པ་ནས་ཇི་ལྟར་གསུངས་པའི་ཆོས་བསྟན་ཞེས་བྱ་བའི་བར་དུ་སྟེ། དེ་ལ། ལུས་ཀྱི་རྣམ་པ་གསུམ་ཉིད་ནི། །ཞེས་པ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པའོ། །ངག་གི་སྤྱོད་པ་རྣམ་བཞི་དང་། །ཞེས་པ་ནི་བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་ཚིག་རྩུབ་

དང་། ཚིག་བརླང་པའོ། །ཡིད་ཀྱིས་ཀྱང་ནི་རྣམ་གསུམ་སྟེ། །ཞེས་པ་ནི། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའོ། །ལེགས་པར་བསྡམས་པས། ལུས་བསྲུང་ངོ་། །ཞེས་པ་ནི། མི་དགེ་བ་བཅུ་ལས་ཁྱོད་ཀྱིས་ཕུང་པོ་གཟེམ་པར་བྱའོ་ཞེས་བྱའོ། །མཉམ་ཉིད་

Vol. 25 · folio 46a

ཡེ་ཤེས་སེམས་ཀྱིས་སུ། །ཇི་ལྟར་གསུངས་པའི་ཆོས་བསྟན་པ། །ཞེས་པ་ནི་སློབ་མ་བདག་གཞན་མེད་པའི་སེམས་བསྐྱེད་ན་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྟན་པར་བྱའོ། །དེ་ལྟར་ཆོས་བསྟན་པའི་འོག་ཏུ་བསླབ་པ་ཇི་ལྟར་སྦྱིན་པར་བྱ་ཞེ་

ན་གསུངས་པ། དེ་ནས་གོས་ཀྱིས་མིག་བཀབ་ཅིང་། །ཞེས་པ་ལ་སོགས་པའོ། །དེ་ལ་གཏོར་མིའི་ས་རུ་ཞེས་པ་ནི་ཕྱི་ནང་གི་སྒོའི་བར་གྱི་སའོ། །སློབ་དཔོན་ལ་སློབ་མས་བསླབ་པ་ཇི་ལྟར་སྦྱིན་པའི་མདུན་དུ་ཡང་ཕྱག་འཚལ་བའི་ཚིག་གསུངས་པ། སངས་རྒྱས་ཐམས་ཅད་དངོས་ཀྱི་སྐུ། །

ཞེས་པ་ལ་སོགས་པའོ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་སྨོན་ལམ་བཏབ་པའི་དོན་འདོད་པས་གསུངས་པ། སློབ་མ་ཤེས་པ་དོན་དམ་སྨྲ་བའི་སེང་གེ་ཡིས། །ཉོན་མོངས་སྲིད་པ་ཉེས་པ་བསྐྱེད་པའི་ས་གཞོམ་དང་། །རྣལ་འབྱོར་ཆོ་གས་ཉོན་མོངས་གཡོས་པ་གཅོད་པའི་ཕྱིར། །རྣལ་

འབྱོར་དོན་དམ་རྒྱལ་པོ་དེ་ཉིད་འགྲུབ་འགྱུར་ཅིག །ཅེས་དེ་ཤེས་བྱའི་ཆོས་ལ་དོན་དམ་པའི་ཚིག་གིས་བརྗོད་ནས་སེང་གེ་བཞིན་དུ་རྟོག་པ་དང་བྲལ་ནས། སྲིད་པའི་རྒྱུར་གྱུར་པ་ཉོན་མོངས་པ་གཅོད་པའི་དོན་དུ་རྣལ་འབྱོར་ཆོ་ག་དང་། རྣལ་འབྱོར་གྱི་དོན་དམ་པ་རྒྱལ་པོ་དེ་ཉིད་སློབ་མ་ལ་གྲུབ་

པར་ཤོག་ཅིག་ཅེས་པའོ། །དེ་ལྟར་སྨོན་ལམ་བཏབ་པའི་འོག་ཏུ་སློབ་མའི་ལུས་ངག་ཡིད་ལ་ཡི་གེ་བཀོད་པ་གསུངས་པ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་པ་ལ་སོགས་པ་སྟེ། དེ་ལ་ཡེ་ཤེས་རྡོ་རྗེར་བྱིན་གྱིས་བརླབ་པ་ཞེས་པ་ནི་སློབ་མའི་ལུས་ངག་ཡིད་ལ། ཨོཾ་ཨཱཿ

ཧཱུཾ་གིས་བྱིན་གྱིས་བརླབས་མ་ཐག་ཏུ་ནུ་མའི་བར་དུ་ཡང་ཡི་དམ་གྱི་ལྷའི་ས་བོན་གྱིས་སེམས་ལ་བཀོད་པར་བྱ་སྟེ། ཕྱག་རྒྱ་བཞིས་གདབ་པར་བྱ་བའི་ཕྱིར་རོ། །བདུད་རྩི་ལྔ་དང་ལྡན་པ་ཡི། །དམ་ཚིག་ཆུ་ཡང་སྦྱིན་པར་བྱ། །ཞེས་པ་ནི། ཡི་གེ་བཀོད་ཟིན་མ་ཐག་ཏུ་བདུད་རྩི་ལྔ་དང་།

ལྕགས་ཀྱུ་ལྔ་དང་ལྡན་པའི་དམ་ཚིག་བདུད་རྩིའི་འོད་ཁ་ལ་བླུད་ནས་སྦྱིན་པར་བྱའོ། །བདུད་རྩི་ཅི་འདྲ་བ་བཞིན་ཞེ་ན་གསུངས་པ། ཧ་ཞེས་པ་ཡིས་ཁ་དོག་འཕྲོག །ཅེས་པ་ལ་སོགས་པ་སྟེ་དོན་བཤད་ཟིན་ཏོ། །དམ་ཚིག་ཕོག་ཟིན་མ་ཐག་ཏུ་གདོང་གཡོགས་བཀྲོལ་ནས་སློབ་མ་

Vol. 25 · folio 46b

བརྐྱང་ཕྱག་བྱའོ་ཞེས་གསུངས་པ། དེས་ནི་མིག་གྲོལ་མཐོང་མ་ཐག །ཐམས་ཅད་ཡན་ལག་ལྔས་ཕྱག་བྱ། །ཞེས་པ་ལ་སོགས་པའོ། །དེ་ལ། སྦྱོར་བའི་གདན་ལ་དབུལ་བར་བྱ། །ཞེས་པ་ནི་མེ་ཏོག་གི་ཕྲེང་བ་ལག་པར་བཟུང་ནས་དཀྱིལ་འཁོར་གྱི་སྟེང་དུ་གཏོར་ལ་ཕྱག་བྱའོ་ཞེས་པའོ། །

དེ་ཁོ་ནའི་དོན་གསུངས་པ། དེ་ནས་བརྟག་པར་བྱ་བ་ཡང་། །ཇི་ལྟར་རྟགས་ནི་བསྟན་པར་བྱ། །ཞེས་པ་ནི། གོང་དུ་དཀྱིལ་འཁོར་གྱི་སྟེང་ན་གཏོར་མའི་མེ་ཏོག་གི་ཕྲེང་བ་ཕྱོགས་གར་ལྷུང་བ་སློབ་དཔོན་གྱིས་མཚན་མ་གཟུང་བར་བྱའོ་ཞེས་པའོ། །དཀྱིལ་འཁོར་ལ་མེ་ཏོག་གང་ཡང་རུང་བ་ལ་

ལྷུང་བའི་ལྷ་དེ་ནི་སློབ་མ་ལ་ཡི་དམ་གྱི་ལྷར་སྦྱིན་པར་བྱའོ་ཞེས་སྟོན་པས་གསུངས་པ། ཇི་ལྟར་ལུས་དང་ལྡན་པ་ནི། །མཁས་པ་ཡིས་ནི་སྦྱིན་པར་བྱ། །ཞེས་པའོ། །དེ་ལ་ལུས་དང་ལྡན་པ་ནི་ཞེས་པ་ནི་སློབ་མའི་ལུས་དང་། མེ་ཏོག་གི་མཚན་མའི་ལྷ་དང་སྦྱོར་བར་བྱའོ་ཞེས་པའོ། །མཁས་

པ་ཡིས་ཞེས་པ་ནི་སློབ་དཔོན་ནོ། དེ་ནས་བསླབ་སོགས་ཡང་བྱས་ཏེ། །ཞེས་པ་ནི་གོང་དུ་བསླབ་པ་བྱིན་ཟིན་པའི་སློབ་མ་བརྟག་པའི་འོག་ཏུ་ཡང་བསླབ་པ་དང་། དམ་ཚིག་ཀྱང་སྦྱིན་པར་བྱའོ་ཞེས་པའི་ཐ་ཚིག་གོ། །ཇི་ལྟར་སྦྱིན་པར་བྱ་ཞེ་ན་གསུངས་པ། ཇི་ལྟར་བསྟན་པ་ཡིད་ཀྱིས་

བརྟགས། །ཞེས་པ་ནི་བསྟན་པ་བསླབ་པའི་ཚིག་ལས་མི་འབྱུང་བ་གང་དམ་ཚིག་སྟེ། འགལ་བ་ཐམས་ཅད་སློབ་དཔོན་རང་གིས་ཡིད་ཀྱིས་བརྟགས་ནས་བྱ་སྟེ། སློབ་མ་ལ་སྨྲ་བར་བྱའོ་ཞེས་པའི་ཐ་ཚིག་གོ། །ཡང་བསླབ་པ་སྦྱིན་པའི་སྔོན་དུ་མཁའ་འགྲོ་མ་དང་། སློབ་དཔོན་ལ་

སློབ་མས་རང་རང་གི་ལུས་དབུལ་བའི་ཚིག་གསུངས་པ། བླ་མའི་ཞབས་ཀྱི་དྲུང་དུ་ནི། །ཞེས་པ་ལ་སོགས་པ་དང་པོ་ནས། ཨོཾ་ས་ཀ་ལ་སཏྭ་པ་རི་ཏྲ་ནཱ་ཡཱ། ཨཱཏྨ་ནཾ་ནི་རྱ་ཏཱ་ཡཱ་མི། ཞེས་པའི་བར་དུའོ། །གོང་དུ་བསླབ་སོགས་སྦྱིན་པར་བྱ། །ཞེས་པའི་བསླབ་པའི་ཚིག་ནི་གང་ཞེ་ན།

ང་རྒྱལ་ཁྲོ་བ་མེད་བྱ་ཞིང་། །ཞེས་པ་ལ་སོགས་པ་དང་པོ་བཟུང་ནས། ཨ་ཨ་ཨོཾ་ཨཱཿཧཱུཾ་ཛཿཞེས་པའི་བར་དུ་སྟེ། དེ་ལ་ཕྱིའི་གཙུག་ལག་ཅེས་པ་ནི། འཇིག་རྟེན་པའི་གཙུག་ལག་དང་། ཐབས་དང་ཤེས་རབ་ཀྱི་གཙུག་ལག་དང་། ཆོས་ཀྱི་གཙུག་ལག་གོ། །དེ་ལྟར་བསླབ་པ་དང་དམ་ཚིག་

Vol. 25 · folio 47a

བྱིན་ནས་དབང་བསྐུར་བའི་འོག་ཏུ་སློབ་མ་ལ་ས་བོན་བཀོད་པ་གསུངས་པ། རྡོ་རྗེ་ཕྱག་རྒྱ་སོགས་ལྡན་པ། །ཡན་ལག་དྲུག་ཏུ་ས་བོན་དགོད། །ཅེས་པ་སྟེ། དེ་ལ་རྡོ་རྗེ་ཕྱག་རྒྱ་ནི། །ཞེས་པ་ནི་རྡོ་རྗེ་རྩེ་ལྔའོ། །དེ་ལྟར་ཡང་ནོ་པི་ཀ་ལས་གསུངས་པ། ཡེ་ཤེས་པདྨ་དང་

སྦྱར་ཏེ། །ས་ཡི་གདུགས་དང་རྣམ་ཤེས་སྦྱོར། །གཉི་ག་ལུ་གུ་རྒྱུད་བཅིངས་ཏེ། །ལྷག་མ་རྣམས་ནི་གྱེན་དུ་བསྒྲེང་། །དུད་པ་དྲི་མ་གསུམ་སྤངས་ཏེ། །རྩེ་ལྔ་རྡོ་རྗེ་འཛིན་ལ་སོགས། །ཞེས་སོ། །ཡན་ལག་དྲུག་ཏུ་ས་བོན་དགོད། །ཅེས་པ་ནི། དེ་ལ་ཡན་ལག་དྲུག་ཅེས་པ་ནི། སྤྱི་བོ་དང་། མིག་དང་།

རྣ་བ་དང་། སྣ་དང་། ལྕེ་དང་། སྙིང་ག་དང་། ས་བོན་ཞེས་པ་ནི་ཀྵུྃ་དང་། ཧཱུྃ་དང་། ཡུྃ་དང་། སུྃ་དང་། ཧཱུྃ་ངོ་། དོན་ནི་འདི་ལྟ་སྟེ། རྡོ་རྗེ་སློབ་དཔོན་གྱིས་རྩེ་ལྔ་པའི་ཕྱག་རྒྱ་བཅས་ནས་སློབ་མའི་སྤྱི་བོ་ལ་སོགས་པ་ལ་རེག་ནས་ཡི་གེ་ཀྵུྃ་ལ་སོགས་པ་བརྗོད་ནས་བཀོད་པར་བྱའོ་ཞེས་པའོ། །

ཡི་གེ་ལྔ་དྲུག་ཏུ་བྱས་པ་ནི་རྣ་བ་དང་སྣ་ལ་ཡི་གེ་ཡུྃ་ཁོ་ན་བཀོད་པས་དྲུག་གོ། །གཞན་ཡང་ཆོས་རྣམས་ཐམས་ཅད་ལ། །བྱང་ཆུབ་རྫོགས་པའི་རིམ་པ་བསྟན། །ཞེས་པ་ནི། དབང་བསྐུར་བ་དང་། ཡིག་འབྲུ་བཀོད་པ་ལས་གཞན་ལུང་དང་མན་ངག་གི་ཆོས་དང་གཞན་ཡང་ལྷའི་དེ་ཁོ་ན་

ཉིད་དང་། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་ཡང་དག་པའི་བྱང་ཆུབ་ཀྱི་རྒྱུ་སྟོན་པར་བྱའོ་ཞེས་པའོ། །དབང་བསྐུར་ཟིན་མ་ཐག་ཏུ་ཡོན་དབུལ་བའི་དོན་གསུངས་པ། དེ་ནས་རྟག་ཏུ་སློབ་དཔོན་ལ། །ཞེས་པ་ནས། བླ་མའི་ཡོན་དུ་དབུལ་བར་བྱ། །ཞེས་པའི་བར་དུའོ། །གོང་གི། །

བྱང་ཆུབ་རྫོགས་པའི་རིམ་པ་བསྟན། །ཞེས་པའི་ཚིག་གིས་བྱང་ཆུབ་རྫོགས་པའི་རིམ་པ་གང་ཡིན་པ་དེ་ཡེ་ཤེས་ཀྱི་ཚོགས་ཀྱི་སྒོ་ནས་གསུངས་པ། ཆོས་ཀྱི་རང་བཞིན་དག་པ་རང་བཞིན་དེ་ནི་ངོ་བོ་མེད། །དངོས་པོ་རང་བཞིན་ཡང་མེད་དེ། བྱང་ཆུབ་རྫོགས་པའི་རིམ་པ་བསྟན། །ཞེས་པ་སྟེ།

དེ་ལ། རང་བཞིན་དེ་ནི་ངོ་བོ་མེད། །ཅེས་པ་ནི་ཆོས་ཉིད་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ན། དངོས་སུ་མི་འགྱུར་ཏེ་བསམ་པ་ལས་འདས་པའི་ཕྱིར་རོ། །ངོ་བོ་རང་བཞིན་ཡང་མེད་དེ། །ཞེས་པ་ནི་དམིགས་པའི་ཆོས་རྣམས་ངོ་བོ་ཡང་སྟོང་པ་ཉིད་ཀྱི་རང་བཞིན་ཏེ་ཞེས་པ་སྟེ། རྟེན་ཅིང་འབྲེལ་པ་ལས་

Vol. 25 · folio 47b

འབྱུང་བའི་ཕྱིར་རོ། །དེས་ན་ངོ་བོ་དང་རང་བཞིན་ནི་དབྱེར་མེད་པར་བསྟན་ཏེ། རྟེན་ཅིང་འབྲེལ་པའི་ཆོས་དང་སྟོང་པ་ཉིད་ཐ་མི་དད་པའི་ཕྱིར་རོ། །དེ་ལྟར་ན་ཀླུ་སྒྲུབ་ཞབས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟོད་པ་ལས་གསུངས་པ། ངོ་བོ་ལས་གཞན་སྟོང་པ་མིན། །སྟོང་པ་ལ་ཡང་ངོ་བོ་མེད། །

དེས་ན་རྟེན་ཅིང་འབྲེལ་སྟོང་ཉིད། །ལྷ་ཁྱོད་ཀྱིས་ནི་བསྟན་པའོ། །ཞེས་པའོ། །ཡང་དང་ཡང་དུ་གཞན་ཡང་བྱང་ཆུབ་རྫོགས་པའི་རིམ་པ་བསོད་ནམས་ཀྱི་ཚོགས་ཀྱི་སྒོ་ནས་གསུངས་པ། སྔོན་དུ་བཟོད་པའི་ཚུལ་གྱིས་ནི། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཀུན་མཁྱེན་སློབ་མ་ཞེས་པ་ནི་ཕྱི་ནང་

གི་དོན་བསྟན་ཟིན་པར་སློབ་མ་ནི་ཀུན་མཁྱེན་ཞེས་བྱའོ། །མཉམ་ཉིད་ཡེ་ཤེས་བསྐྱེད་ནས་ནི། །ཐམས་ཅད་མཉམ་པར་བལྟ་བྱའོ། །ཞེས་པ་ནི་དངོས་པོ་དང་དངོས་པོ་མེད་པའི་སེམས་བསྐྱེད་ནས། སེམས་ཅན་ཀུན་མཉམ་པར་བལྟའོ་ཞེས་པའོ། །རྟག་ཏུ་མཉམ་པར་སྤྱོད་པ་ཡི། །སྦྱོར་བའི་

བསམ་གཏན་མཆོག་ཏུ་བརྩོན། །ཞེས་པ་ནི་ཡོད་མེད་དམིགས་པར་སྦྱོར་བའི་ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །དེ་ཁོ་ནའི་དཔེ་བསྟན་པ། སེམས་ཅན་སྦྱིན་ལ་སྲེད་པའི་གཞི། །ཚོང་བཞིན་འབྲས་བུ་འཕེལ་བ་ཡིས། །དེ་ཡི་མྱུ་གུ་ལྗོན་ཤིང་གིས། །འགྲོ་བའི་ལམ་ནི་འགག་

པར་འགྱུར། །ཞེས་པ་སྟེ། རྣལ་འབྱོར་པས་སྦྱིན་པ་ལ་སོགས་པ་དམིགས་པའི་ཚུལ་གྱིས་བྱས་ན་ཚོང་བཞིན་དུ་འཕེལ་ནས་ཚེ་ཕྱི་མ་ལ་འབྲས་བུར་འགྱུར་རོ། །འབྲས་བུ་དེ་སྲིད་པའི་དངོས་པོ་ཡིན་པས་མྱ་ངན་ལས་འདས་པའི་འགྲོ་བའི་ལམ་ལྗོན་ཤིང་བཞིན་དུ་འགག་པར་འགྱུར་རོ་ཞེས་པའི་དོན་ཏོ། །འབྲས་

བུའི་དེ་ཁོ་ན་གང་ཞེ་ན་གསུངས་པ། མཐོ་རིས་ལོངས་སྤྱོད་འདོད་ཕྱིར་དུ། །ཞེས་པ་ལ་སོགས་པ་སྟེ། དམིགས་པའི་ཚུལ་གྱི་བསོད་ནམས་ཀྱིས་ནི་མཐོ་རིས་ལྷ་དང་མིར་སྐྱེས་ནས་ལོངས་སྤྱོད་པ་དེ་ནི་སྲིད་པ་ལ་ལྟུང་བ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །དེའི་ཕྱིར་ན་རྣལ་འབྱོར་པས་གཉིས་སུ་མེད་པའི་དོན་བསྒོམས་

པ་སྤངས་པ་མཆོད་རྟེན་བསྐོར་བ་ལ་སོགས་པའི་དམིགས་པའི་ལས་ཀུན་མི་བྱའོ་ཞེས་སྟོན་འདོད་པས་གསུངས་པ། མཆོད་རྟེན་ལས་ནི་མི་བྱ་ཞིང་། །ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་ཞེ་ན། གཙུག་ལག་རྣམས་ནི་རྙེད་སླ་སྟེ། །འདི་ཡི་ལུང་ནི་ཐོས་པ་དཀའ། །ཞེས་པ་ལ་སོགས་པ་སྟེ། ཕྱིའི་གཙུག་

Vol. 25 · folio 48a

ལག་རྣམས་ཐོས་པ་དང་། ཤེས་པར་བྱ་བ་ནི་སླའོ། །གཉིས་སུ་མེད་པའི་དོན་མན་ངག་ཏུ་གྱུར་པ་ནི་སློབ་དཔོན་གྱི་ཞལ་ནས་མ་ཡིན་པ་གཞན་ནས་རྙེད་པར་དཀའ་བས་དེ་ཁོ་ན་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །བདག་ཉིད་ལྷའི་དང་གཞན་ལྷ་དང་། །བདག་ཉིད་ལྷ་ནི་མཆོག་

ཡིན་ནོ། །ཞེས་པ་ནི་གཞན་སྐུ་གཟུགས་ལ་སོགས་པའི་ལྷ་དང་། རང་གི་སྙིང་གར་བསྒོམས་པའི་ཡེ་ཤེས་སེམས་དཔའི་ལྷ་གཙོར་གྱུར་པས་ན་བསྒོམ་པ་ཁོ་ན་བསྔགས་པའོ། །དེ་བས་ན་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ། ལུས་ལ་ཚད་མ་སེམས་ཡིན་ནོ། །ཞེས་པའོ། །འོ་ན་ཕྱིའི་གཟུགས་

བརྙན་དང་། མཆོད་རྟེན་ལ་སོགས་པ་ཇི་ལྟར་ཡིན་ཞེ་ན་གསུངས་པ། བདག་ཉིད་གཟུགས་སུ་མི་ཤེས་པས། །གཟུགས་བརྙན་ལ་སོགས་བརྟག་པར་བྱ། །ཞེས་པའོ། །པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པའི་དཔལ་ལྡན་གདན་བཞི་པ་གཟིགས་པ་ལས། གསང་བའི་གདན་གྱི་ལེའུ་དང་པོའི་

རྣམ་པར་བཤད་པ་རྫོགས་སོ།། །།ད་ནི་སློབ་དཔོན་ལུང་ནས་སྟོན་འདོད་པའི་བར་བྱའོ་ཞེས་པ་ཚིག་གི་དོན་སྟོན་འདོད་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་ཀྱིས། དེ་ལ་འབྱོར་པ་རྙེད་དཀའ་བ། །ཞེས་པ་ལ་སོགས་པས་གསང་བའི་གདན་ལེའུ་གཉིས་པ་ལ་སེམས་ཀྱིས་བསྒྲུབ་པ་

བརྩམས་སོ། །དེ་ལ། རང་དོན་སྤྱོད་པའི་སྔགས་པ་རྣམས། །དེ་བཞིན་ཉིད་མེད་སྲེད་པར་འཁོར། །ཞེས་པ་ནི། རང་གི་དོན་དུ་དམིགས་ནས་སྦྱིན་པ་ལ་སོགས་པ་གཏོང་བའི་རྣལ་འབྱོར་པ་དང་། གཉིས་སུ་མེད་པའི་དོན་སྟོན་པ་ཉིད་དེ་ཁོ་ན་ཉིད་མི་ཤེས་པ་ནི་མངོན་པར་རྟོགས་པ་དང་ལྡན་ན་ཡང་

སྲིད་པས་འཁོར་རོ་ཞེས་པའི་ཐ་ཚིག་གོ། །དེ་ནས་དེ་བཞིན་གཤེགས་པའི་དོན་ལ་ཐེ་ཚོམ་ཟོས་པ་ཕྱག་ན་རྡོ་རྗེས་ཞུས་པ། ཡ་མཚན་ཅན་གྱི་ལུས་དག་པ། །ཞེས་པ་ལ་སོགས་པ་སྟེ། དེ་ལ། ཡ་མཚན་ཅན་གྱི་ལུས་དག་པ། །ཞེས་པ་ནི་གཉིས་སུ་མེད་པའི་སྟོང་པ་ཉིད་ཀྱི་རང་བཞིན་ལ་ཕུང་པོར་

སྣང་བ་ནི་ཡ་མཚན་ནོ། །དེ་ཁོ་ན་བཤད་པ། ཆོས་ཉིད་འདི་དག་བསྟན་པ་ཡིན། །ཞེས་པ་སྟེ། ཆོས་ཉིད་གཉིས་སུ་མེད་པ་སྟོང་པ་ཉིད་ལས་འདི་དག་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བསྟན་པའོ། །དེ་འདྲ་བའི་ལུས་དེ་ཁོ་ན་ལ་ཚད་མར་གྱུར་པ་གང་ཡིན་ཞེས་ཡང་ཞུས་པ། གང་གིས་ཚད་མར་

Vol. 25 · folio 48b

སྦྱོར་བ་དང་། །ཞེས་པ་ལ་སོགས་པའོ། །དེ་ལ་དོན་བསྡུས་པའི་སྒོ་ནས་ལན་གསུངས་པ། །ཉོན་ཅིག་ཇི་ལྟར་རྡོ་རྗེ་མཚན། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ལུས་ལ་ཚད་མ་སེམས་ཡིན་ཏེ་ཞེས་པ་ཁམས་གསུམ་གྱི་སེམས་ཅན་གྱི་ཕུང་པོ་ལྔའི་ཚད་མ་ནི་སེམས་ཡིན་ནོ་ཞེས་པའི་ཐ་

ཚིག་གོ། །གང་གིས་ཚད་མ་རྣམས་ཤེས་པ་ལ་སོགས་པ་ནི་ཞུས་པའི་ལན་གསུངས་པ། བདག་གི་ཁམས་ལ་བདུད་རྩི་ཡིས། །གཏོར་མའི་ལས་རྣམས་གསུངས་པ་ཡིན། །ཞེས་པ་སྟེ། འོག་ནས་འབྱུང་བའི་བདུད་རྩིའི་ཆོ་གས་བདག་གི་ལུས་ཀྱི་ལྷ་རྣམས་ཚིམ་པར་བྱ་བ་ནི། གཏོར་

མའི་ཚད་མ་ཞེས་པའི་ཐ་ཚིག་གོ། །ཆུ་དང་མེ་ཞེས་པ་ལ་སོགས་པ་ཞུས་པའི་ལན་གསུངས་པ། དཀྱིལ་འཁོར་མེ་དང་ཆུ་དག་དང་། །ཞེས་པ་སྟེ། ཆུ་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་ལུས་ལ་ཚད་མར་གྱུར་པ་ནི་དཀྱིལ་འཁོར་ཡིན་ནོ་ཞེས་གསུངས་པའོ། །སྔགས་དང་ཕྱག་རྒྱའི་ཚད་

མ་ཞེས་པའོ། །འདི་ལ་འགྲོ་བ་ཞེས་པ་ལ་སོགས་པ་ཞུས་པའི་ལན་གསུངས་པ། འབྲས་བུ་ཐོབ་པའི་རྣལ་འབྱོར་པ། །སྲིད་པའི་རྒྱ་མཚོར་ལྟུང་བར་འགྱུར། །ཞེས་པ་སྟེ། གང་ཞིག་ལ་བརྟེན་ནས་བསྒོམ་པར་བྱས་ན། རྣལ་འབྱོར་པའི་སྲིད་པའི་འབྲས་བུར་འགྱུར་ཏེ། དེས་མྱ་ངན་ལས་

འདས་པར་འགྲོ་བའི་ལམ་འགགས་ནས་སྲིད་པ་ལ་འཁོར་ཏེ། དམིགས་པའི་ཚུལ་གྱིས་བསྒོམ་པའི་ཕྱིར་རོ། །དེ་ལྟར་ཡང་ཀླུ་སྒྲུབ་ཞབས་ཀྱིས་རྣལ་འབྱོར་སྤྱོད་པའི་དབུ་མ་ལས་གསུངས་པ། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པའི་སྐལ་མི་ལྡན། །སྲིད་པའི་འཁོར་

བ་འགྲོ་དྲུག་ལ། །གཏི་མུག་ཅན་དེ་ཡང་དག་འཁོར། །ཞེས་སོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ལུས་ལ་སེམས་ཚད་མ་བསྟན་པའི་དོན་ལ་ཐེ་ཚོམ་ཟོས་ནས་ཕྱག་ན་རྡོ་རྗེས་ཡང་ཞུས་པ། ཕྱག་ན་རྡོ་རྗེས་ཡང་གསོལ་པ་ཞེས་པ་ལ་སོགས་པའོ། །ཞུས་པའི་ལན་རྒྱས་པའི་སྒོ་ནས་

སྟོན་འདོད་པས་གསུངས་པ། ཉོན་ཅིག་འཁོར་བའི་ཞུས་པ་དེ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་སེམས་ཀྱི་མཚན་ཉིད་གདུལ་བར་བྱའོ་ཞེས་པ་ནི་འཁོར་བའི་ནང་ནས་ལུས་ལ་ཚད་མར་གྱུར་པའི་སེམས་དེ་ཁོ་ན་གདུལ་བྱ་མྱ་ངན་ལས་འདས་ཏེ། གཞན་དུ་ནི་མ་ཡིན་ནོ། །སེམས་དེ་ཁོ་ན་ཁམས་གསུམ་

Vol. 25 · folio 49a

དུ་ཁྱད་པར་དུ་སྣང་བའི་སྟོན་འདོད་པས་གསུངས་པ། མ་དགར་ཡེ་ཤེས་གཟུགས་མེད་པ། །མཁའ་འགྲོ་རླུང་གིས་བསྐྱོད་པ་བཞིན། །ཞེས་པ་ནི། གཟུགས་མེད་པའི་ཁམས་སུ་སེམས་ཕུང་པོ་བཞིར་གྱུར་པ་ནི་ནམ་མཁའ་ལ་རླུང་བཞིན་དུ་རང་དགར་སྣང་ངོ་ཞེས་པའོ། །གཟུགས་

དང་གཟུགས་ནི་སེམས་ཀྱིས་ཀྱང་། །ཏིང་འཛིན་དམིགས་པས་འགྲུབ་པར་འགྱུར། །ཞེས་པ་ནི། དེ་ལ་གཟུགས་དང་ཞེས་པ་ནི་གཟུགས་ཀྱི་ཁམས་སོ། །གཟུགས་ནི་སེམས་ཀྱིས་ཀྱང་ཞེས་པ་ནི། སེམས་དེ་ཚངས་རིས་ལ་སོགས་པ་གཟུགས་ཁམས་བཅུ་བདུན་དུ་འགྱུར་རོ་ཞེས་པའོ། །ཏིང་

འཛིན་དམིགས་པས་འགྲུབ་པར་འགྱུར། །ཞེས་པ་ནི་བསམ་གཏན་བཞི་རྟོག་དཔྱོད་དགའ་བདེ་བཞིར་དམིགས་པའོ། །དོན་ནི་འདི་ལྟ་སྟེ། གཟུགས་ཁམས་དེ་ནི་བསམ་གཏན་བཞི་ལ་ཕུང་པོ་ལྔར་གྱུར་ནས་གཟུགས་བཅུ་བདུན་དུ་སྣང་ངོ་ཞེས་པའོ། །འདོད་པའི་ལྷ་སོགས་འདོད་ཅན་རྣམས། །

རྟག་ཏུ་འདོད་པ་སྤྱོད་པ་ཡིན། །ཞེས་པ་ནི། འདོད་ཁམས་ན་སེམས་དེ་འདོད་པའི་ལྷ་རྒྱལ་ཆེན་རིས་བཞི་ལ་སོགས་པ་འདོད་པའི་ལྷ་རིས་དྲུག་ཕུང་པོ་ལྔར་གྱུར་ནས། རྟག་ཏུ་འདོད་ཆགས་ཀྱིས་ལོངས་སྤྱོད་པ་སྣང་ངོ་ཞེས་པའོ། །དེ་ལྟར་འཁོར་བའི་མི་རྣམས་ནི། །རང་དགར་ས་དག་འགྲུབ་པར་འགྱུར། །

འདོད་པའི་ཁམས་དེ་ཁོ་ན་ལ་ཡང་སེམས་དེ་ནི་དམྱལ་བ་བརྒྱད་དང་ཡི་དགས་དང་། བྱོལ་སོང་དང་། གླིང་བཞི་རྣམས་ལ་ཕུང་པོ་ལྔར་འགྱུར་ཏེ། འཁོར་ཞིང་སྣང་ངོ་། །དེ་ལ་ཡང་མིར་འགྱུར་བ་ལ་སེམས་བཏུལ་ནས་འདོད་པའི་ས་མྱ་ངན་ལས་འདས་པ་བསྒྲུབ་པར་བྱའོ། །དེ་བས་ན་ཁམས་

གསུམ་ལ་སེམས་གཙོ་བའི་ཕྱིར་ན་ལུང་ལ་སེམས་ཚད་དོ་ཞེས་གསུངས་སོ། །དེ་དང་མདོ་ལས་ཀྱང་གསུངས་པ། ཀྱེ་རྒྱལ་བའི་བུ་ཁམས་གསུམ་ནི་སེམས་ཙམ་མོ་ཞེས་པའོ། །ད་ནི་སེམས་འདུལ་བའི་ཐབས་མདོར་བསྡུས་ནས་བསྟན་འདོད་པས་གསུངས་པ། དེ་ལས་སྒྲོལ་བའི་དངོས་པོ་ནི། །ཞེས་པ་

ལ་སོགས་པ་སྟེ། དེ་ལ། དེ་ལས་སྒྲོལ་བའི་དངོས་པོ་ནི། །ཞེས་པ་ནི་དེ་དག་ཁམས་གསུམ་ལས་གྲོལ་ནས་མྱ་ངན་ལས་འདས་པའི་རྒྱུ་ཉོན་ཅིག་ཅེས་པའོ། །རྒྱུ་གང་ཞེ་ན་གསུངས་པའོ། །འགྲོ་བ་འགྲུབ་བྱེད་རྣལ་འབྱོར་པས། །རྣམ་ཤེས་ལྷན་ཅིག་ཤེས་པར་བྱ། །ཞེས་པ་སྟེ།མྱ་ངན་ལས་འདས་པའི་ལམ་

Vol. 25 · folio 49b

སྒྲུབ་པར་བྱེད་པའི་རྣལ་འབྱོར་པས་ཐབས་དང་ཤེས་རབ་དང་། རང་བཞིན་ལྷན་ཅིག་གཅིག་པའི་ཡེ་ཤེས་དང་རྣམ་པར་ཤེས་པ་ཁོ་ནའི་མཚན་ཉིད་ཀྱི་ཕྱག་ན་རྡོ་རྗེས་ཤེས་པར་བྱའོ་ཞེས་པའི་ཐ་ཚིག་གོ། །དོན་དེ་ཁོ་ན་ཡང་དང་ཡང་དུ་ཞུས་པ། སེམས་ཀྱི་ངོ་བོ་ཐེ་ཚོམ་ན། །ཞེས་པ་ལ་སོགས་པའོ། །དེ་ཁོ་

ནའི་ལན་སྟོན་པས་གསུངས་པ། ཤེལ་དང་མཚུངས་པར་སེམས་པ་ནི། །ཞེས་པ་ལ་སོགས་པ་སྟེ། དེ་ལ། ཤེལ་དང་མཚུངས་པར་སེམས་པ་ནི། །ཞེས་པ་ནི་སེམས་ནི་ཉོན་མོངས་པ་གློ་བུར་ཡིན་པས་ཤེལ་བཞིན་དུ་དག་པ་སྟེ། རང་བཞིན་འོད་གསལ་བའི་ཕྱིར་རོ། །དེ་བས་ན། སྐྱོན་དང་ཡོན་ཏན་

སེམས་ལ་མེད། །ཅེས་པ་སྟེ། དེ་ལ་སྐྱོན་ནི་ཉོན་མོངས་པའོ། །ཡོན་ཏན་ནི་དེའི་གཉེན་པོ་ལམ་གཉིས་ཀྱི་ཤེས་རབ་བོ། །དེ་གཉིས་དོན་དམ་པར་མེད་དོ་ཞེས་པའི་ཐ་ཚིག་གོ། །དེ་འདྲ་བའི་སེམས་གཟུང་འཛིན་གྱི་སྒོ་ནས་གཞན་དབང་དུ་འགྱུར་ཏེ། སྲིད་པའི་ཉོན་མོངས་པ་ཅན་དུ་འགྱུར་རོ་ཞེས་

སྟོན་པས་གསུངས་པ། སྦྱོར་བ་ཡུལ་དུ་འཇུག་པ་ཡིས། །འཁོར་བའི་སྐྱོན་གྱིས་གོས་པ་ཡིན། །ཞེས་པ་ནི། དེ་ལ་སྦྱོར་བ་ཞེས་པ་ནི་མིག་ལ་སོགས་པ་དབང་པོ་དྲུག་གོ། །ཡུལ་དུ་ཞེས་པ་ནི་གཟུགས་ལ་སོགས་པའི་སྤྱོད་ཡུལ་དྲུག་གོ། །འཇུག་པ་ཡིས་ཞེས་པ་ནི་འཇུག་པའི་རྣམ་པར་ཤེས་

པ་དྲུག་གོ། །གཟུང་འཛིན་དེ་དག་གི་དབང་གིས་སེམས་དེ་སྲིད་པའི་ཉོན་མོངས་པའི་སྐྱོན་གྱིས་གོས་པ་ཞེས་པའོ། །སྲིད་པའི་རྒྱུར་གྱུར་པ་སྤངས་པས་མྱ་ངན་ལས་འདས་པའི་རྒྱུར་གྱུར་པ་ལ་བརྟེན་པར་བྱའོ་ཞེས་གསུངས་པ། ཡུལ་ལ་གནས་པ་སྤངས་ནས་སུ། །ཇི་ལྟར་གནས་སུ་སྦྱར་བར་བྱ། །ཞེས་

པ་སྟེ། སྲིད་པའི་དངོས་པོ་ཕྱིན་ཅི་ལོག་པའི་སྤྱོད་ཡུལ་སྤངས་ནས་ཡང་དག་པའི་གནས་པའི་མྱ་ངན་ལས་འདས་པའི་དངོས་པོ་མི་དམིགས་པའི་ཚུལ་གྱིས་ལྷ་མོ་རུ་བསྒོམ་པར་བྱའོ་ཞེས་པའོ། །དེ་ལྟར་ཡང་ཀུན་ནས་ཉོན་མོངས་པའམ་བྱང་བའི་ཀ་རི་ཀ་ལས་གསུངས་པ། གཞན་དབང་འདི་

ཡི་རང་བཞིན་ནི། །མཚན་ཉིད་ཆ་ནི་གཉིས་པ་སྟེ། །བརྟགས་པའི་ཆ་ཡིས་འཁོར་བ་སྟེ། །གྲུབ་པའི་ཆ་ཡིས་མྱ་ངན་འདས། །ཞེས་པའོ། །དེའི་དཔེར་གསུངས་པ། བུ་དང་སློབ་མ་བསླབ་པ་བཞིན། །ཞེས་པ་སྟེ། སྐྱོན་དང་ཡོན་ཏན་ཕྱོགས་མེད་པ་ལ་བུ་དང་སློབ་མ་བྱིས་པའི་དུས་ན་ཡོན་ཏན་ཁོ་ན་

Vol. 25 · folio 50a

ལ་ལོབས་པར་བྱས་ནས་ཡང་དག་པའི་རིག་པ་དང་ལྡན་པར་བྱས་པ་བཞིན་དུ་རང་བཞིན་འོད་གསལ་བའི་སེམས་ཀྱང་ཡང་དག་པའི་དོན་རྟོགས་པར་བྱས་ནས་མྱ་ངན་ལས་འདས་པར་བྱའོ་ཞེས་པའོ། །དེའི་དབུས་སུ་ཞེས་བྱ་བ། །རྣམ་པར་ཤེས་པ་མཁའ་བཞིན་བརྟག །

ཅེས་པ་ནི་སེམས་དེ་ནི་ཡོད་མེད་ཀྱི་དབུས་སུ་བརྟགས་ནས་རྣམ་པར་ཤེས་པ་ཡང་རྟག་ཏུ་ནམ་མཁའ་བཞིན་དུ་ཐ་སྙད་དུ་ཡོད་ལ་དཔྱོད་དུ་མེད་པར་སྣང་ངོ་ཞེས་པའོ། །མཚན་ཉིད་ཅི་འདྲ་བ་ཡིན་ཞེ་ན་གསུངས་པ། ཁ་དོག་མེད་ཅིང་མཚོན་ཀུན་དངོས། །ཞེས་པ་སྟེ་དེ་ལ་ཁ་དོག་མེད་ཅིང་ཞེས་པ་

ནི། སེམས་དེ་དབང་པོ་ལས་འདས་པས་ནག་པོ་དང་། སེར་པོ་ལ་སོགས་པའི་དངོས་པོ་མ་ཡིན་ཏེ། དངོས་པོ་ཐམས་ཅད་རྟེན་ཅིང་འབྲེལ་པ་ཙམ་གྱིས་འབྱུང་བའི་ཕྱིར་རོ། །མཚོན་ཀུན་དངོས་ཞེས་པ་ནི་མཚོན་ཐམས་ཅད་ཀྱི་ངོ་བོ་ཡང་སེམས་ལས་འབྱུང་བ་ཡིན་པས་མཚོན་ཀུན་དངོས་

ཡིན་ཏེ། ཕྱིའི་རྫས་སུ་མེད་པའི་ཕྱིར་རོ། །འབྲེལ་པ་མེད་ཅིང་ཞེས་པ་ནི་སེམས་དེ་ཐོགས་པ་མེད་པའི་ཕྱིར་རོ། །འབྲེལ་པའི་གཟུགས་ཞེས་པ་ནི་སེམས་དེ་ཡང་ཡན་ལག་དང་ཉིང་ལག་ཚང་བའི་གཟུགས་སམ་བུམ་པ་དང་སྣམ་བུ་ལ་སོགས་པར་གྱུར་པའོ། །གཟུགས་མེད་ཅེས་པ་ནི་སེམས་

དང་སེམས་ལས་བྱུང་བའི་ཆོས་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་གཟུགས་ཅན་དང་ཞེས་པ་ནི་གཟུགས་དང་སྒྲ་དང་དྲི་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །མི་རིང་བ་ནི་ཞེས་པ་ནི་ཆོས་ཉིད་ཀྱི་ཚད་མེད་པའི་ཕྱིར་རོ། །དེ་བཞིན་རིང་ཞེས་པ་ནི་ཆོས་ཉིད་ཀྱི་རང་བཞིན་མཐའ་ཡས་པའི་ཕྱིར་རོ། །སེམས་

ཀྱི་དེ་ཁོ་ན་ཉིད་ཀྱིས་རྫུ་འཕྲུལ་དངོས་མེད་འགྲུབ་པར་འགྱུར་ཞེ་ན། ཡོད་མེད་དབུས་ཀྱི་སེམས་དེ་ཁོ་ན་ཉིད་ཀྱིས་རྫུ་འཕྲུལ་དངོས་སུ་སྣང་བ་རང་བཞིན་དངོས་པོ་མེད་པ་འགྲུབ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །མཚན་ཉིད་མེད་པའི་སེམས་ཀྱིས་ཀྱང་། །ཞེས་པ་ནི་སྤྱིའི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ། །

མཚན་ཉིད་ཐམས་ཅད་དཔྱད་པར་བྱ། །ཞེས་པ་ནི་རང་བཞིན་རང་གི་མཚན་ཉིད་བུམ་པ་དང་སྣམ་བུ་ལ་སོགས་པའི་ངོ་བོའི་ཕྱིར་རོ། །ད་ནི་དེ་ལྟ་བུའི་རང་བཞིན་སེམས་ཀྱིས་ཇི་ལྟར་བསྒོམ་ཞེ་ན་གསུངས་པ། དངོས་མེད་བསྒོམ་པའི་དངོས་པོ་ཡིས། །བསྒོམ་པ་དེ་ནི་དཔྱད་པར་བྱ། །ཞེས་པ་ནི་དོན་དམ་

Vol. 25 · folio 50b

པའི་བདེན་པས་ནི་མེད་ལ། ཀུན་རྫོབ་ཀྱི་བདེན་པའི་སྒོ་ནས་ནི་བསྒོམ་པར་དཔྱད་པར་བྱའོ་ཞེས་པའོ། །ཇི་ལྟར་དཔྱད་པར་བྱ་ཞེ་ན་གསུངས་པ། གཟུགས་དང་སྟོང་པའི་དབུས་སུ་ནི། །སེམས་ནི་མཁས་པར་བྱ་བ་སྟེ། །ཞེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་འབྱུང་བའི་གཟུགས་ལ་

སོགས་པ་ཡོད་པར་དམིགས་པ་དང་རང་བཞིན་གྱིས་འདུ་བྱེད་པའི་ཆོས་སྟོང་པ་ཉིད་དུ་མེད་པ་དེ་གཉིས་དབུས་ཡོད་མེད་ཀྱི་སེམས་ནི་མཁས་པ་རྣལ་འབྱོར་པས་དཔྱད་པར་བྱའོ། །ད་ནི་དེ་ལྟར་དམིགས་པ་ཅན་གྱི་རྣལ་འབྱོར་པའི་ཡོན་ཏན་གསུངས་པ། ཐམས་ཅད་ཀུན་དུ་དམིགས་པ་ཡིས། །

རྣལ་འབྱོར་ལུས་ལ་ནད་མེད་འགྱུར། །ཞེས་པ་སྟེ། དེ་ལ་རྣལ་འབྱོར་པས་བསྒོམས་ན་སྲིད་པའི་སྐྱོན་ཆད་པ་དང་དངོས་པོའི་སྐྱོན་དུ་མི་འགྱུར་རོ་ཞེས་པའོ། །ཡང་སེམས་ཀྱི་ཡོན་ཏན་བརྗོད་འདོད་པས་གསུངས་པ། གསང་བའི་གསང་བ་ཞེས་པ་ལ་སོགས་པའོ། །དེ་ལ་གསང་བའི་གསང་

བ་ནི་བརྗོད་དུ་མི་ལང་བའི་ཕྱིར་རོ། །གསང་ཆེན་ཞེས་པ་ནི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ། །རྣམ་ཤེས་ཡེ་ཤེས་གསལ་བ་དང་། །ཞེས་པ་ནི་མཚན་ཉིད་དང་། མཚན་མ་ལས་འདས་པའི་ཕྱིར་རོ། །དེ་འདྲའི་དེ་ཁོ་ན་ཉིད་ཀྱི་སེམས་ནི་བླ་མའི་ལུང་ཁོ་ནས་ཐོབ་ཅེས་གསུངས་པ། གཙུག་ལག་ཀློག་

པའི་གསང་བ་ལས། །ཞེས་པ་ལ་སོགས་པའོ། །དེ་ལྟར་སེམས་ཀྱི་ཚད་མ་རྒྱས་པར་བཤད་ནས། ཕྱག་རྒྱ་ཚད་མ་རྒྱས་པར་སྟོན་འདོད་པས་གསུངས་པ། མཉམ་པའི་སེམས་དང་བཅས་པའི་ལུས། །ཞེས་པ་སྟེ། དེ་ལ། ལག་གཉིས་གསང་བའི་སྟེང་དུ་གཞག །ཅེས་པ་ནི་སེམས་དཔའི་སྐྱིལ་

མོ་ཀྲུང་བཅས་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྤང་བར་བྱའོ་ཞེས་པའོ། །དབུགས་ནི་ལྟེ་བའི་དྲུང་བར་རོ། །ཞེས་པ་ནི་དང་ལ་བུམ་པའི་ཏིང་ངེ་འཛིན་བསྒོམ་མོ་ཞེས་པའོ། །དཀྱིལ་འཁོར་ཚུལ་དུ་སྦྱར་བར་བྱ། །ཞེས་པ་ནི་དགུ་བ་དང་དགྱེ་བ་མེད་པར་དཔུང་པ་བཀྱེད་ནས་ཟླུམ་པོར་འཇུག་པར་

བྱའོ་ཞེས་པའོ། །གཞན་ནི་སྦྱོར་བའི་གདན་ལེའུ་བཞི་པ་ལ་བཤད་ཟིན་པས་མ་འབྲེལ་ཏོ། །ད་ནི་བསྒོམ་པ་དེ་ཁོ་ནའི་འཕྲོ་ཚད་མའི་གཏོར་མ་རྒྱས་པར་སྟོན་འདོད་པས་གསུངས་པ། བདུད་རྩི་གཏོར་མས་ཚིམ་པའི་ལུས། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཁ་དོག་སེར་པོ་ཞེས་པ་ལ་སོགས་པ་ནི་བདུད་རྩིས་

Vol. 25 · folio 51a

ཚིམ་པའི་མདུན་དུ་ཡིག་འབྲུ་བཀོད་པའོ། །ཀ་ཥ་གཉིས་འགྱུར་ཡི་གེ་ནི། །ཞེས་པ་ནི་མེའི་རང་བཞིན་ཀྵུྃ་སེར་པོ་སྟེ། ཀ་དང་ཥ་བརྩེགས་པའི་ཕྱིར་རོ། །ཐམས་ཅད་གཟུགས་ནི་འཇིགས་བྱེད་པ། །དྲིལ་བུ་ཡི་གེ་མིག་ལའོ། །ཞེས་པ་ནི་སའི་ཁམས་ཀྱི་རང་བཞིན་ཡི་གེ་ཧཱུྃ་ནག་པོ་

སྟེ། ལུས་ནི་འཇམ་དང་དྲིལ་བུའི་མཆོག །ཅེས་འདིར་གསུངས་པའི་ཕྱིར་ན། འཇམ་དཔལ་དང་དྲིལ་བུ་ནི་གཉིས་ཀྱི་རང་བཞིན་ནོ། །ཡི་གེ་ཧཱུྃ་ལས་ཤེས་པར་བྱ་བའི་ཕྱིར་རོ། །སྟོང་པའི་ས་བོན་ལྡན་པ་ཡི། །ཞེས་པ་ནི། སྟོང་པ་ནི་རྣ་བ་དང་སྣའི་བུ་ག་སྟེ། དེ་ལ་བཀོད་པ་ལ་རླུང་གི་རང་བཞིན་ཡུྃ་

དམར་པོ་ཞེས་པའོ། །བདུད་རྩི་ཆུ་ཡི་ས་བོན་ནི། །ཞེས་པ་ཆུའི་རང་བཞིན་ཡི་གེ་སུྃ་དཀར་པོ། སེང་གེའི་ས་བོན་བརྩེགས་པ་ཡིས། །ཞེས་པ་སྨྼྻུྃ་དཀར་སེར་རོ། །སྟག་མོའི་ས་བོན་ནི་བརྩེགས་པ་ཡིས། །ཞེས་པ་ནི་ཧྨྼྻུྃ་དཀར་ནག་གོ། །ཅེ་སྤྱང་ས་བོན་བརྩེགས་པ་ཡིས། །ཞེས་པ་ནི་ཡྨྼྻུྃ་དམར་

ནག་གོ། །ཕྱུགས་ཀྱི་ས་བོན་གྱིས་བསྲུང་ཞེས་པ་ནི་ཀྵྨྼྻུྃ་དམར་སེར་རོ། །ས་བོན་དག་ཀྱང་བཟུང་ནས་ཀྱང་། །ལྷ་འགྱེད་དག་ཀྱང་སྦྱར་བར་བྱ། །ཞེས་པ་ནི་ཡི་གེ་ཀྵུྃ་ལ་སོགས་པ་ས་བོན་དེ་བརྒྱད་ཀྱིས། དྲག་མོའི་མཁའ་འགྲོ་མ་ལ་སོགས་པ་བརྒྱད། རྣལ་འབྱོར་པའི་སྤྱི་བོ་ལ་ཡུ་སོགས་

པའི་གནས་བརྒྱད་ལ་བསྒོམ་པར་བྱའོ་ཞེས་པའོ། །དེ་དག་མདོག་དང་ས་བོན་ནི། །ལུས་ལ་ཐམས་ཅད་འབར་བར་རོ། །ཞེས་པ་ནི། རྣལ་འབྱོར་པའི་ལུས་བརྒྱད་ལ་ས་བོན་དེ་དག་འབར་བར་བསྒོམ་མོ་ཞེས་པའི་ཐ་ཚིག་གོ། །དེ་ནས་དེ་ལྟར་ལྷ་བསྒོམ་པའི་རྣལ་འབྱོར་པས་བདུད་རྩི་དབབ་

པའི་ཆོ་ག་གསུངས་པ། སྟེང་གི་མཆེ་བ་གཉིས་པ་ལས། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཆུ་སྦྱིན་རོ་འདྲའི་མཆུ། །ཞེས་པ་ནི་ཡ་སོ་མཆེ་བའི་ནང་རོལ་ལྕེ་རྩར་ཐུག་པ་རྟག་ཏུ་ཆུ་འཛག་པའོ་མའི་ཆུ་ཞེས་པའི་རྩའོ། །དེ་ལ་འཛག་པའི་ཆུ་ནི་ཅི་འདྲ་བ་ཡིན་ཞེ་ན། ཚྭ་ཆུའི་མདོག་ལྟར་གྱུར་འདྲ་བའི། །ཆུ་

ནི་མཆེ་བ་གཉིས་ཀྱི་ཆུ། །ཞེས་སོ། །ཆུ་གང་ནས་འབབ་ཅེ་ན་གསུངས་པ། ལྕེ་ཡི་དངོས་ཀྱིས་བརྟེན་པ་ཡི། །ཆུ་ཡང་སྟེང་གི་བདུད་རྩི་ལྕེ། །སྟེང་འབྱུང་ཞེས་སོ། །བདུད་རྩི་འབབ་པའི་རྩ་གང་ཞེ་ན། །དཔྲལ་བ་ཞེས་པ་ནི་མིག་གི་རྩའོ། །སྤྱི་གཙུག་ཅེས་པ་ནི་ཚངས་པའི་རྩ་སྤྱི་བོའི་རྩའོ། །

Vol. 25 · folio 51b

སྣ་དག་དང་ཞེས་པ་ནི་སྣའི་རྩའོ། །རྣ་བ་གཉིས་ཀྱི་རྒྱབ་ནས་ཀྱང་། །ཞེས་པ་ནི་རྣ་བའི་རྩའོ། །འདི་བཞི་དང་གོང་གི་མཆེ་བའི་རྩ་དང་ལྔ་འདུས་ནས་འབབ་པའི་བདུད་རྩི་ལྕེ་དྲུང་དུ་འབྱུང་ངོ་ཞེས་པའི་ཐ་ཚིག་གོ། །དཔེར་ན་ཅི་འདྲ་བ་ཡིན་ཞེ་ན་གསུངས་པ། བ་ཡི་ནུ་མར་བཞག་པ་བཞིན། །

ངོ་བོ་དྲངས་ནས་འབྱོར་པར་བྱ། །ཞེས་པ་སྟེ། ཇི་ལྟར་བའི་ལུས་ལ་ཁྱབ་པའི་འོ་མ་ནུ་མ་ལ་འདུས་པ་བཞིན་དུ། རྩ་ལྔའི་དངོས་པོ་ལས་དྲངས་ནས་ལྕེ་དྲུང་ཁོ་ནར་གཞག་པར་བྱའོ་ཞེས་པའོ། །བདུད་རྩི་དངོས་བསྡུས་པ་དེས་ཅི་བྱ་ཞེ་ན་གསུངས་པ། མཆོད་རྟེན་དབུ་རུ་ས་བོན་ནི། །ཞེས་

པ་ལ་སོགས་པ་སྟེ། སྲོལ་མདུད་ནང་དུ་མཆོད་རྟེན་བསམས་ནས། དེའི་རྩེ་མོ་ན་ཡི་གེ་བཀོད་དོ། །ཡང་ན་ཡི་གེ་ཧཱུྃ་གི་དབྱིབས་མཆོད་རྟེན་དུ་ཤེས་པར་བྱ་སྟེ། དེ་ལ་གོང་ནས་འདུས་པའི་བདུད་རྩི་དེས་ཡི་གེ་ཧཱུྃ་གི་སྟེང་དུ་བླུགས་པར་བྱའོ། །མཆོད་རྟེན་དེ་ན་མར་ཟག་པ་གར་

ཐིམ་ཞེ་ན་གསུངས་པ། ལྷག་མ་སྲོལ་གོང་ཐིམ་པར་བྱ། །ཞེས་གོང་ནས་བདུད་རྩི་དྲངས་པའི་དོན་སྟོན་ནས་འོག་ནས་ཡང་འདྲེན་པའི་ཆོ་ག་གསུངས་པ། ཡར་འདྲེན་མར་འདྲེན་ས་བོན་གྱིས། །ཐམས་ཅད་ཐབས་ཀྱིས་དྲངས་ནས་སུ། །ཞེས་པ་སྟེ། དེ་ལ་ཡར་འདྲེན་མར་འདྲེན་

ས་བོན་ནི་ཡི་གེ་ཕཊ་དེ་ལུས་སྨད་ལས་ཐབས་ཀྱིས་དྲངས་ནས་སྲོལ་གོང་ལ་ཐིམ་པར་བྱའོ་ཞེས་པའོ། །སྨད་ཀྱི་གནས་དྲང་བའི་ས་དགུ་གསུངས་པ། ཆུ་སོ་རྒྱབ་ཀྱི་ཆུ་མདོ་དང་། །ཞེས་པ་ལ་སོགས་པ་སྟེ། དེ་ལ། རྐང་པར་དུས་དང་ཡི་དགས་མེ། །ཞེས་པ་ནི། དེ་ལ་དུས་ཀྱི་མེ་ནི་རྐང་

པ་གཡས་པའོ། །ཡི་དགས་མེ་རྐང་པ་གཡོན་པའོ། །གནས་ཚིགས་ཞེས་པ་ནི་ལྟེ་བའི་འོ། །དེ་ཡི་གནས་ཀྱི་བདུད་རྩི་དག །བ་ལང་རྨིག་པར་ཐིམ་པར་བྱ། །ཞེས་པ་ནི། དེ་ལ་བ་ལང་རྨིག་པ་ནི་གློ་བ་སྟེ་བ་ལང་རྨིག་པ་དང་འདྲ་བའི་ཕྱིར་རོ། །དོན་ནི་འདི་ལྟ་སྟེ། བདུད་རྩི་དེ་སྲོལ་གོང་ནས་དྲང་ནས་ཡང་གློ་

པ་ལ་ཐིམ་པར་བྱའོ་ཞེས་པའོ། །སྲོལ་གོང་ནས་འདུས་པའི་བདུད་རྩི་དེ་ཡང་གར་ཁྱབ་ནས་གཞག་པར་བྱ་ཞེ་ན་གསུངས་པ། སྒོ་གཅིག་ནས་ནི་དྲངས་ནས་ཀྱང་། །སྒོ་དགུ་དག་ཏུ་གཞག་པར་བྱ། །ཞེས་པ་སྟེ། དེ་ལ་སྒོ་གཅིག་ནས་ནི་སྲོལ་གོང་ནས་དྲངས་ནས་གློ་བ་ལ་འདུས་པའི་བདུད་རྩི་

Vol. 25 · folio 52a

ཡང་མཇུག་དོ་ལ་སོགས་པ་གནས་དགུ་ལ་ཡང་གཞག་པར་བྱའོ་ཞེས་པའོ། །དེ་ལྟར་ཐབས་ཀྱིས་བདུད་རྩི་འདྲེན་པའི་རྣལ་འབྱོར་པས། ཏིང་ངེ་འཛིན་གང་བསྒོམ་པར་བྱ་ཞེ་ན་གསུངས་པ། ལུས་ལ་ཐམས་ཅད་གནས་པ་ཡི། །ཞེས་པ་ལ་སོགས་པའོ། །ཏིང་ངེ་འཛིན་སྦྱོང་

བ་དེ་ཁོ་ན་གསལ་བར་སྟོན་འདོད་པས་གསུངས་པ། སྙིང་གི་དབུས་སུ་ཟླ་བ་བསམ། །ཞེས་པ་སྟེ། དེ་ལ་སྙིང་གི་དབུས་སུ་ཞེས་པ་ནི་རང་གི་སྙིང་གི་དབུས་སུ་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །ཅི་འདྲ་བ་ཡིན་ཞེ་ན་གསུངས་པ། ཤིན་ཏུ་མཛེས་པ་མདངས་ལྡན་ཏེ། །ཞེས་པའོ། །

དེའི་དབུས་སུ་བཀོད་པའི་ས་བོན་གསུངས་པ། ཁ་བ་ཀུནྡ་ཟླ་བ་འདྲ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཀུན་རིག་ཅེས་པ་ནི་བཻ་རོ་ཙ་ནའོ། །དེ་དང་བཅས་པ་ཞེས་པ་ནི་ཡི་གེ་ཨོཾ་སྟེ་བཻ་རོ་ཙ་ནའི་ས་བོན་གྱི་ཕྱིར་རོ། །ཨོཾ་དེ་ནི་བདུད་རྩིའི་ཡི་གེ་ཞེས་བཤད་དོ། །དེ་ལྟར་གསང་བ་འདུས་པའི་ནོ་པི་ཀ་འཇིག་

རྟེན་སྣང་བ་ལས་ཀྱང་གསུངས་པ། སྤྱི་བོར་ཟླ་བ་ཕྱག་འཚལ་བརླན། །དམ་པའི་སེམས་ཀྱིས་ཆུ་རྒྱུན་ནི། །དབབ་པར་རིམ་པར་བྱས་ནས་སུ། །སྐུ་གསུང་ཐུགས་ལ་ཐིམ་པར་བྱ། །ཞེས་སོ། །དོན་ནི་འདི་ལྟ་སྟེ། ཟླ་བའི་དཀྱིལ་འཁོར་འོ་མས་བརླན་པའི་དབུས་སུ་ཁ་བ་དང་ཀུནྡ་དང་འདྲ་བའི་

མདོག་འོ་མས་གཤེར་བའི་བསིལ་བའི་འོད་དང་ལྡན་པའི་ཡི་གེ་ཨོཾ་བཀོད་པར་བྱའོ་ཞེས་བྱའོ། །མ་ནིང་རྣམས་ནི་སྤངས་ནས་སུ། །ཞེས་པ་ལ་སོགས་པས་ནི། དེ་ལ། མ་ནིང་རྣམས་ནི་སྤངས་ནས་སུ། །ཞེས་པ་ནི་སྒྲ་ཡིག་བཅུ་དྲུག་ལ་རྀ་རཱྀ་དང་། ལྀ་ལཱྀ་བཞི་སྤང་བར་བྱ་ཞེས་པའི་ཐ་ཚིག་གོ། །སྒྲ་ཡི་ཡི་

གེ་ཐམས་ཅད་དག །ཅེས་པ་ནི་བཅུ་དྲུག་ལ་བཞི་སྤངས་མ་ཐག་ཏུ་བཅུ་གཉིས་ཏེ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿརྣམས་སོ། །ཟླ་བའི་མཎྜལ་གློ་རུ་ནི། །ཐམས་ཅད་གནས་སུ་བསྐོར་བར་བྱ། །ཞེས་པ་ནི། །ཡི་གེ་འབྲུ་བཅུ་གཉིས་ཀྱིས་ཟླ་བའི་དཀྱིལ་འཁོར་གྱི་གློ་རུ་བསྐོར་ནས་བཀོད་

པར་བྱའོ་ཞེས་པའོ། །བདུད་རྩིའི་ཡི་གེ་ཨོཾ་དེ་བསྒོམ་པའི་ས་གསལ་བར་སྟོན་པས་གསུངས་པ། བ་ལང་རྨིག་པའི་སྟེང་དུ་ནི། །བདུད་རྩི་དག་ཏུ་གཞག་བྱ་ནས། །ཞེས་པ་སྟེ། གློ་བའི་སྟེང་གི་སྒོ་ང་འདྲ་བའི་སྙིང་གི་དཀྱིལ་འཁོར་དུ་ཟླ་བ་ལ་གནས་པའི་བདུད་རྩིའི་ཡི་གེ་ཨོཾ་བཞག་ནས་བསྒོམ་པར་

Vol. 25 · folio 52b

བྱ་ཞེས་པའི་དོན་ཏོ། །ཡང་ན་ཡིག་འབྲུ་དེས་ཡེ་ཤེས་སེམས་དཔར་གྱུར་ནས་བསྒོམ་པར་བྱའོ་ཞེས་པའི་དོན་སྟོན་འདོད་པས་གསུངས་པ། ཡེ་ཤེས་གཟུགས་སུ་བསྒོམ་བྱས་ནས། །གཟུགས་མདོག་ལ་སོགས་མདངས་ལྡན་པ། །ཞེས་པ་སྟེ། སྙིང་གི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཡེ་

ཤེས་སེམས་དཔའི་གཟུགས་སུ་སྐུ་མདོག་དཀར་བའོ། །བོ་དྷི་མཆོག་གི་ཕྱག་རྒྱ་དང་ལྡན་པ་འོད་ཟེར་བསིལ་བར་བསྒོམ་པའོ་ཞེས་པའོ། །འཇིགས་པ་མེད་ཅིང་འཚེ་མེད་པར། །དངོས་པོ་དངོས་པོ་བསྒོམ་པར་བྱ། །ཞེས་པ་ནི། དངོས་པོ་རྣལ་འབྱོར་པས་དངོས་པོ་ཡེ་ཤེས་སེམས་དཔར་

བསྒོམ་པ་དེ་ལ། རང་བཞིན་མེད་པ་ལ་མི་འཇིགས་ནས་དངོས་པོ་དམིགས་པ་ལ་འཚེ་བ་མེད་པར་སྟོང་པ་དང་དངོས་པོ་སྤངས་ནས་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །དེ་ལྟར་བསྒོམ་པའི་རྣལ་འབྱོར་པས་ཟླ་བའི་སྔགས་གསུངས་པ། འོ་མ་ཟླ་བའི་ས་བོན་ལ། །ཞེས་པ་སྟེ་ཡི་གེ་ཨོཾ་མོ། །

ཕྱག་འཚལ་བསྲེག་པ་མཐའ་གཞག་སྟེ། །ཞེས་པ་ནི་ཡི་གེ་ཨོཾ་གྱི་གོང་འོག་ཏུ་ཨོཾ་དང་སྭཱ་ཧཱ་གཞག་པར་བྱའོ། །འདི་ལྟ་སྟེ་ཨོཾ་ཨོཾ་སྭཱ་ཧཱ་ཞེས་པ་སྟེ། བདུད་རྩིའི་ཐབས་ཏིང་ངེ་འཛིན་བསྒོམ་པའི་རྣལ་འབྱོར་པའི་ཡོན་ཏན་དང་མཐུ་སྟོན་འདོད་པས་གསུངས་པ། མཉམ་གཞག་བཟླས་

པའི་ངོ་བོ་ཡིས། །ཞེས་པ་དང་པོ་གསུངས་ནས། གཟུགས་ཀྱི་ཡེ་ཤེས་བདག་ཉིད་ཆེ། །ཞེས་པའི་བར་དུའོ། །བདུད་རྩིའི་ཐབས་ཀྱིས་ཏིང་ངེ་འཛིན་གང་དུ་བསྒོམ་ཞེ་ན་གསུངས་པ། དེ་ཡི་སྦྱོར་བའི་གནས་དག་ནི། །ཞེས་པ་ལ་སོགས་པའོ། །དེ་ལྟར་སེམས་ཚད་མ་ལ་སོགས་

པའི་བཞིའི་དོན་རྟོགས་ནས་སེམས་སྣང་བར་སྦྱོར་བའི་ཏིང་ངེ་འཛིན་རྣལ་འབྱོར་པའི་བྱིན་རླབས་ཀྱིས་དོན་ཉན་འདོད་པ་ཕྱག་ན་རྡོ་རྗེས་ཞུས་པ། འཁོར་བ་ལས་བརྒལ་མཚན་ཉིད་དག །ཅེས་པ་ལ་སོགས་པའོ། །དེ་ནས་ཡེ་ཤེས་དབང་པོ་རྡོ་རྗེ་སེམས་དཔས་ཞུས་པའི་དོན་སྟོན་འདོད་པས་

གསུངས་པ། ཉོན་ཅིག་ཡེ་ཤེས་དེ་ཁོ་ན། །ཞེས་པ་ལ་སོགས་པ་སྟེ། དེ་ལ། སྔོན་དུ་གཉིས་སུ་མེད་སེམས་ཀྱིས། །འདོད་ཆགས་ཉོན་མོངས་དྲི་མེད་ཆུས། །བདག་གི་ལུས་ནི་བཀྲུ་བར་བྱ། །ཞེས་པ་ནི་ཏིང་ངེ་འཛིན་གྱི་སྔོན་དུ་གཟུང་འཛིན་གཉིས་དང་བྲལ་བའི་སེམས་བསྒོམ་པ།

Vol. 25 · folio 53a

འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་མ་མེད་པའི་ཆུ་དང་འདྲ་བས་བདག་གི་ལུས་བཀྲུས་ནས་དག་པར་བྱའོ་ཞེས་པའི་དོན་ཏོ། །དེ་ཁོ་ནའི་ཡོན་ཏན་སྟོན་འདོད་པས་གསུངས་པ། རྒྱ་མཚོ་ཟབ་མོ་ལྟ་བུ་ཡིན། །ཞེས་པ་ལ་སོགས་པ་སྟེ། དེ་ལ་སྟོང་པ་ཉིད་ཀྱི་ཡེ་ཤེས་

ནི་རང་བཞིན་མེད་པའི་ཡེ་ཤེས་ཏེ་འགྱུར་བ་མེད་པ་དེ་ཁོ་ན་ཉིད་ཅེས་པའོ། །དཔེར་ན་ཅི་འདྲ་ཞེ་ན། རྒྱ་མཚོ་ཟབ་མོ་ལྟ་བུ་ཡི། །ཞེས་པ་སྟེ། རྒྱ་མཚོའི་གཏིང་མི་རྟོགས་པ་དང་། གཤེར་བ་ཅི་འདྲ་བ་དེ་བཞིན་དུ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱང་རྣམ་པར་རྟོག་པ་མེད་ཅིང་སྙིང་རྗེས་

བརླན་པ་ཞེས་པའོ། །ཕྱི་དང་ནང་ཞེས་པ་ནི། བདག་དང་བདག་གིར་འཛིན་པའོ། །ལུས་ནི་ཤེལ་ལྟར་དག་པར་འགྱུར། །ཞེས་པ་ནི། དེ་ལྟ་བུའི་སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒོམ་ན། རང་གི་ལུས་དག་པར་འགྱུར་རོ་ཞེས་པའི་དོན་ཏོ། །ཤེལ་དང་མཚུངས་པའི་ལུས་དེ་ནི། །ཞེས་པ་ནི་

དེ་ལ་སོགས་པ་ཡེ་ཤེས་དབང་པོ་ཤེས་པ་ནི་ཡིད་དེ། ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་གྱི་ཕྱིར་རོ། །དོན་ནི་འདི་ལྟ་སྟེ། ཤེལ་དང་དུང་དང་ཀུནྡ་དཀར་ཞིང་གསལ་བ་ལ་ཚོན་སྣ་ཚོགས་ཀྱིས་བཙོས་པ་བཞིན་དུ་དྲི་མ་མེད་པའི་ལུས་ལ་དམ་པའི་ཆོས་ཀྱི་ཚོགས་ཡེ་ཤེས་ཀྱི་དབང་སྣ་ཚོགས་ཇི་

ལྟར་འདོད་པར་བཅས་པར་བྱའོ་ཞེས་པའི་ཐ་ཚིག་གོ། །ལུས་གསལ་བར་བྱ་བའི་ཐབས་སྟོན་འདོད་པས་བཅོམ་ལྡན་འདས་ཀྱིས་གསུངས་པ། རང་བཞིན་གྱིས་ནི་རྣལ་འབྱོར་པས། །བཟང་བྱེད་ངན་བྱེད་གྱུར་པ་ཡི། །ཞེས་པ་ལ་སོགས་པ་སྟེ། རྣལ་འབྱོར་པ་ཐམས་ཅད་ཀྱི་དགེ་བ་

དང་མི་དགེ་བས་གྱུར་པའི་སྲིད་པའི་དངོས་པོ་རང་བཞིན་གྱིས་སྟོང་པ་ཉིད་དེ། འདུས་བྱས་པའི་ཆོས་ཉིད་ཀྱི་ཕྱིར་རོ། །དེས་ན་སྟོང་པ་ཉིད་ཀྱི་རང་བཞིན་རྟོགས་ནས་འཇོམས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་སྣང་བར་བྱའོ། །དེ་ལྟར་སྟོང་པ་ཉིད་ཀྱི་མཚན་ཉིད་བརྟགས་ནས་སྟོང་པ་ཉིད་མངོན་པར་

རྟོགས་པ་གསུངས་པ། སྟོང་ཉིད་གང་གི་མཚན་ཉིད་ཀྱི། །ཞེས་པ་ལ་སོགས་པ་སྟེ། དེ་ལ་འགྲོ་བ་བཅུད་ཀྱི་འཇིག་རྟེན་ནོ། །གཟུགས་ལ་སོགས་པའི་སྣོད་ཀྱི་འཇིག་རྟེན་ནོ། །དོན་ནི་འདི་ལྟ་སྟེ། གོང་དུ་གསུངས་པའི་སྟོང་པ་ཉིད་ཀྱིས་བཅུད་དང་སྣོད་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་

Vol. 25 · folio 53b

པར་བསྒོམས་ཏེ། མཉམ་པ་ཉིད་དུ་སེམས་བསྐྱེད་པར་བྱའོ་ཞེས་པའོ། །སྟོང་པ་ཉིད་བསྒོམས་ཟིན་མ་ཐག་ཏུ། མཉམ་པའི་སེམས་ཀྱིས་ས་བོན་བསྐྱེད་པ་གསུངས་པ། དེ་ཡི་དབུས་སུ་བསམ་པར་བྱ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་དབུས་སུ་བསམ་པར་བྱ། །ཞེས་པ་ནི། མཉམ་

པ་ཉིད་ཀྱིས་སེམས་དེའི་དབུས་སུ་ས་བོན་བསྒོམ་པར་བྱའོ་ཞེས་གསུངས་པའོ། །ས་བོན་གང་ཞེ་ན། འོ་མ་ཟླ་བ་ས་བོན་དབུས། །ཞེས་འོ་མས་བརླན་པའི་ཟླ་བའི་དཀྱིལ་དུ་ས་བོན་ཨ་ཞེས་པ་ལ་སོགས་པའོ། །ས་བོན་དེ་ཁོ་ན་གསལ་བར་སྟོན་པས་གསུངས་པ། ཨཱ་ལི་ཀཱ་ལི་

སྦྱོར་བ་ཡི། །དེ་ཡི་དབུས་ན་གནས་པ་ཡི། །ཞེས་པ་ནི། ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ནང་ནས་བྱུང་བ་ནི་ཡི་གེ་ཨ་ཞེས་པའོ། །དེ་ནས་ཨཱ་ལི་ཀཱ་ལིའི་ཚིག་གིས་ཁྱད་པར་བྱས་པའོ། །དེ་ཡིས་ས་བོན་དེ་ཁོ་ན། །འོད་ཟེར་འབར་བ་བསམ་པར་བྱ། །ཞེས་པ་ནི། ཟླ་བའི་དཀྱིལ་འཁོར་

གྱི་སྟེང་གི་ས་བོན་ཡི་གེ་ཨ་ཁ་དོག་དཀར་ཞིང་འབར་བ་རང་གི་སེམས་དང་དབྱེར་མེད་པར་བསྒོམ་པར་བྱའོ། །དེའི་ཡོན་ཏན་གསུངས་པ། གང་གིས་དེ་ཉིད་ས་བོན་གྱིས། །མྱུར་དུ་ཡེ་ཤེས་སྣང་བར་འགྱུར། །ཞེས་སོ། །མཉམ་པའི་སེམས་ལས་ས་བོན་འབྱུང་བ་བཤད་ནས། ས་བོན་ལས་

བསྐྱེད་པ་བཤད་པ། དེའི་འོག་ཏུ་ཡེ་ཤེས་སྐུ། །ཞེས་པ་ལ་སོགས་པའོ། །དེ་བསྒོམ་པའི་བཟླ་བའི་སྔགས་གསུངས་པ། ཕྱག་འཚལ་བསྲེག་པ་མཐར་གཞག་སྟེ། །ས་བོན་འདི་ནི་བཟླས་པར་བྱ། །ཞེས་པ་སྟེ། ཨོཾ་ཨ་སྭཱ་ཧཱ་ཞེས་པ་ལ་སོགས་པའོ། །ཇི་ལྟར་སྡེ་ཚན་གསུམ་པ་ཞེས་

པ་ལ་སོགས་པ་ནི། ཨའི་ཡི་གེ་སྦས་གོང་དུ་བདག་གིས་གདན་ལེའུ་བཞི་པ་ལས་བཤད་ཟིན་ཏོ། །བཟླས་དང་བསམ་གཏན་རྣལ་འབྱོར་པས། །ཞེས་པ་ལ་སོགས་པ་གོ་སླའོ། །དེ་ནས་བྱིན་རླབས་སོགས་ནང་དུ། །བཟླས་དང་བསམ་གཏན་མཆོག་བརྩོན་པས། །ཞེས་པ་ནི། དེ་ལྟར་

བསྒོམས་ཤིང་བཟླས་པའི་རྣལ་འབྱོར་པས་སེམས་རྩེ་གཅིག་ཏུ་གྱུར་པའི་འོག་ཏུ། ཕྱོགས་བཅུའི་འཇིག་རྟེན་ན་སྣང་བའི་བྱིན་རླབས་བྱའོ། །ཇི་ལྟར་བྱ་ཞེ་ན་གསུངས་པ། སྤྲོ་བའི་འོད་ཟེར་རྣམས་སྤྲོས་ཏེ། །ས་བོན་རིམ་པ་གསུམ་ཡང་བསམ། །ཞེས་པ་སྟེ། དེ་ལ་རིམ་པ་བདུན་ཞེས་པ་ནི།

Vol. 25 · folio 54a

འཇིག་རྟེན་བདུན་ཞེས་པ་ལ་སོགས་པའོ། །ཡང་ན་རླུང་གི་དཀྱིལ་འཁོར་གྱི་བར་ཞེས་པ་ལ་སོགས་པའོ། །དོན་ནི་འདི་ལྟ་སྟེ། དེ་ཙམ་གྱི་བར་དུ་ཕྱོགས་བཅུར་འོད་ཟེར་སྤྲོས་ནས་བསྡུ་བར་བྱའོ་ཞེས་པའོ། །སྣང་བར་བྱ་བར་འདོད་པས། རྟག་ཏུ་སེམས་ཀྱིས་བསྒོམ་པར་

བྱ། །ཞེས་པ་ནི་དེ་ལྟར་རྟག་ཏུ་བསྒོམ་པར་འདོད་པའི་རྣལ་འབྱོར་པས་ཕྱོགས་བཅུའི་འཇིག་རྟེན་སྣང་བར་འགྱུར་རོ་ཞེས་པའོ། །ད་ནི་གཞན་གྱི་སེམས་ཤེས་པར་བྱ་བའི་བསྒོམ་པ་བསྟན་པས་གསུངས་པ། སྙིང་གའི་དཀྱིལ་འཁོར་དབུས་གནས་པར། །ཞེས་པ་ལ་སོགས་པ་སྟེ།

རང་གི་སྙིང་གའི་ཡི་གེ་ཧཱུྃ་བསྒོམས་ནས་དེའི་འོད་ཟེར་གྱིས་དངོས་པོ་ཐམས་ཅད་གོང་མའི་མཚན་ཉིད་བཞིན་དུ་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་པའོ། །སྟོང་པའི་སེམས་ཀྱིས་གདན་དང་ས་བོན་གསུངས་པ། རླུང་གི་དཀྱིལ་འཁོར་དབུས་གནས་པར། །ཞེས་པ་ལ་སོགས་པ་སྟེ། དེ་ལ།

དེ་དབུས་ཡེ་ཤེས་ས་བོན་ནི། །ཞེས་པ་ནི་ཧཱུྃ་ངོ་། །ས་བོན་དེས་སྐུ་བསྐྱེད་པ་གསུངས་པ། དེ་ནས་ཡེ་ཤེས་གཟུགས་སུ་ནི། །ཞེས་པ་ནས། གོང་གི་མཚན་ཉིད་ཀུན་ཤེས་པས། །ཞེས་པའི་བར་དུའོ། །སྙིང་གར་དཀྱིལ་འཁོར་དབུས་གནས་པར། །ཞེས་པ་ལ་སོགས་པ་ནི། གོང་མིའི་འོ་མ་ས་བོན་

ཨ་རང་གི་སྙིང་གར་བསྒོམ་པར་བྱའོ་ཞེས་པའོ། །དེ་ཡང་ཇི་ལྟར་བསྒོམ་པར་བྱ་ཞེ་ན་གསུངས་པ། ཁ་དོག་དཀར་པོ་འོད་འབར་བ། །དངུལ་དཀར་པོ་ནི་ཐམས་ཅད་དུའོ། །ཞེས་པ་ནི། ཁ་དོག་དཀར་པོ་ལ་འོད་ཟེར་དངུལ་དཀར་པོ་སྤྲོས་ནས། གཞན་གྱི་སེམས་ལ་ཕོག་པར་བསྒོམ་པར་བྱའོ་

ཞེས་པའི་དོན་ཏོ། །འོད་ཟེར་དེས་ཕོག་པར་བྱ་བའི་སེམས་ཅན་རྣམས་ལ་ལྷ་གང་བསྒོམ་པར་བྱ་ཞེ་ན་གསུངས་པ། ཕ་རོལ་དངོས་པོ་མང་པོ་རུ། །ཞེས་པ་ནས། རྡོ་རྗེ་སེམས་དཔའ་མངོན་པར་བསམ། །ཞེས་པའི་བར་དུའོ། །རྡོ་རྗེ་སེམས་དཔའ་བསྒོམ་པ་དེའི་སྙིང་གར་ཡི་གེ་བསྒོམ་པ་གསུངས་པ། གང་

གི་སྙིང་གི་དབུས་སུ་ནི། །ཞེས་པ་ལ་སོགས་པའོ། །དོན་ནི་འདི་ལྟ་སྟེ། གཞན་གྱི་སེམས་ཤེས་པར་བྱ་བའི་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པའི་ཡི་གེ་ཧཱུྃ་དུ་འགྱུར་ཏེ། ཕྱོགས་བརྒྱད་དུ་དམར་པོར་བསྒོམ་པར་བྱའོ་ཞེས་པའོ། །དེའི་ཡོན་ཏན་སྟོན་པས་གསུངས་པ། རྟག་ཏུ་མཉམ་ཉིད་མཐོང་བ་ཡིས། །

Vol. 25 · folio 54b

ཞེས་པ་ལ་སོགས་པ་སྟེ། དེ་ལ་དེས་ན་བསམ་པ་ཐམས་ཅད་ཀྱི་ཡི་གེ་དེ་ལ་མཐོང་བར་འགྱུར་ཞེས་པ་ནི། ཕ་རོལ་གྱི་སེམས་ལ་བསྒོམ་པའི་ཡི་གེ་ཧཱུྃ་ལ་ཕ་རོལ་གྱིས་ཅི་སེམས་པའི་རྟགས་རང་གི་སེམས་ཀྱིས་མཐོང་ངོ་ཞེས་པའི་དོན་ཏོ། །ད་ནི་ནང་གི་སྦྱིན་སྲེག་ཉན་འདོད་པ་ཕྱག་ན་རྡོ་རྗེས་ཞུས་པ།

དེ་ནས་མེ་ཡི་ལས་རྣམས་ནི། །ཞེས་པ་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱིས་ཞུས་པའི་ལན་གསུངས་པ། ཉོན་ཅིག་མེ་ཡི་དེ་ཁོ་ན། །ཞེས་པ་ལ་སོགས་པ་སྟེ། དེ་ཐམས་ཅད་ཡེ་ཤེས་ལ་གནས་སོ་ཞེས་པ་ནི། དེ་ལ་རེ་ཞིག་ཕྱག་ན་རྡོ་རྗེ་སེམས་ཅན་ཐམས་ཅད་ཡེ་ཤེས་ལ་བརྟེན་ཏོ་

ཞེས་པའོ། །སྐྱེས་པའི་ལུས་ལ་ཡེ་ཤེས་མེ། །ཞེས་པ་ནི་ཡེ་ཤེས་ཀྱི་མེ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གནས་སོ་ཞེས་པའོ། །ཅིའི་ཕྱིར་ཞེ་ན། སེམས་ཀྱིས་ཐམས་ཅད་བྱིན་བརླབས་པས། །ཞེས་པ་སྟེ། སེམས་ཅན་ཐམས་ཅད་དང་སེམས་དབྱེར་མེད་

པས་ན་ཕན་ཚུན་བྱིན་གྱིས་བརླབ་པོ་ཞེས་པའི་ཐ་ཚིག་གོ། །དེ་ཡི་སྲེག་བླུགས་རྣལ་འབྱོར་པས། །ཞེས་པ་ནི་ཡེ་ཤེས་ཀྱི་མེ་དེའི་སྦྱིན་སྲེག་རྣལ་འབྱོར་པས་བྱའོ་ཞེས་པའོ། །ནང་གི་སྦྱིན་སྲེག་གི་མེ་བསྟན་ནས། ནང་གི་སྦྱིན་སྲེག་གི་ཧོམ་ཁུང་གི་ས་སྟོན་འདོད་པས་གསུངས་པ།

བདག་ཉིད་སེམས་ཀྱི་སྲེག་བླུགས་ནི། །ཞེས་པ་ནས། ཀླུ་དབང་འཁྱིལ་པས་བསྐོར་བའོ། །ཞེས་པའི་བར་དུ་ནི་བླ་མའི་ལུང་གིས་ཤེས་པར་བྱའོ། །དེའི་དབུས་སུ་པདྨོར་ཤེས། །ཞེས་པ་ནི་ཧོམ་ཁུང་དེའི་དབུས་སུ་པདྨ་འདབ་བརྒྱད་འོད་ཟེར་འབར་བ་བསྒོམ་པའོ། །ཉི་མའི་དཀྱིལ་འཁོར་

དབུས་གནས་པར། །ཡེ་ཤེས་ལྷ་མོ་བཞུགས་པར་བསམ། །ཞེས་པ་ནི། པདྨའི་སྙིང་པོ་ཉི་མའི་དཀྱིལ་འཁོར་ལ་ཡེ་ཤེས་མཁའ་འགྲོ་མ་སྔོན་མོ་བསྒོམ་པའོ། །གཞུང་ཚིགས་དཀར་པོ་འབར་བ་ལ། རྡོ་རྗེ་མཁའ་འགྲོ་བསམ་པར་བྱ། །ཞེས་པ་ནི་གཞུང་ཚིགས་ཀྱི་ནུབ་ཕྱོགས་ཀྱི་འདབ་

མ་རྡོ་རྗེ་མཁའ་འགྲོ་མ་དཀར་མོའོ། །གཡས་ཀྱི་བརླ་ཡི་དབུས་སུ་ནི། །མེ་འདྲ་དྲག་མོ་བསམ་པར་བྱ། །རྣལ་འབྱོར་པའི་གཡས་མཚན་ཕྱོགས་ཀྱི་འདབ་མ་ལ་དྲག་པོའི་མཁའ་འགྲོ་མ་སེར་པོའོ། །ལྟེ་བ་དམར་པོ་འབར་བ་ལ། །རྡོ་རྗེ་མཁའ་འགྲོ་བསམ་པར་བྱ། །ཞེས་པ་ནི། རྣལ་

Vol. 25 · folio 55a

འབྱོར་པའི་ལྟེ་བའི་ཕྱོགས་ཀྱི་འདབ་མ་ལ་རོ་ལངས་མ་དམར་པོའོ། །གཡོན་གྱི་བརླ་ནི་ནག་པོ་རུ། །གདོལ་པ་འབར་བྱེད་དྲག་མོའོ། །ཞེས་པ་རྣལ་འབྱོར་པའི་མཚན་གཡོན་ཕྱོགས་ཀྱི་འདབ་མ་ལ་གདོལ་པ་མོ་ནག་མོའོ། །མེ་ལྔ་ཡི་ནི་

བདག་ཉིད་རྣམས། །ཞེས་པ་ནི་སྔོན་པོ་དང་། དཀར་པོ་དང་། དམར་པོ་དང་། སེར་པོ་དང་། ནག་པོའི་མེ་ལུས་ལ་འབར་བ་ཞེས་པའོ། །གཟུགས་ནི་མཐེ་བོང་ཙམ་དུ་ལྟ། །ཞེས་པ་ནི་ལྷ་མོ་དེ་ལྔའི་སྐུ་ཚད་ནི། མཐེ་བོང་ཙམ་དུ་བསྒོམ་མོ་ཞེས་པའོ། །ལྷ་མོ་དེ་ལྔའི་རང་

བཞིན་གང་ཞེ་ན། །ཆུ་དང་མེ་དང་རླུང་རྣམས་ནི། །ས་དང་ཡེ་ཤེས་རྣམ་པ་ལྔ། །ཞེས་པ་སྟེ། ས་ལ་སོགས་པའི་འབྱུང་བ་ཆེན་པོ་བཞི་དང་། རྣམ་པར་ཤེས་པ་རྣམ་པ་ལྔར་བྱས་ཏེ། སངས་རྒྱས་ཀྱི་བཀའ་ལས་འབྱུང་བ་ཆེན་པོ་བཞི་ཁོ་ནར་འབྱུང་བས། ནམ་མཁའ་ནི་མ་ཡིན་

ནོ། །སྤྱོད་དུ་མེད་པའི་ཕྱིར་རོ། །གང་དང་གང་དུ་འབྱུང་བ་ཆེན་པོ་ལྔ་ཞེས་འབྱུང་ན། དེ་དང་དེ་ལ་ནམ་མཁའ་ནི་མ་ཡིན་ཏེ། ཡེ་ཤེས་ཁོ་ན་ལ་ཤེས་པར་བྱའོ། །བདག་ཉིད་ལྔ་ཡི་ལྷ་རྣམས་ལ། །ཞེས་པ་ནི་རྣལ་འབྱོར་པ་རང་གི་འབྱུང་བ་ཆེན་པོ་བཞི་དང་། ཡེ་ཤེས་ལྔ་དང་ཡེ་

ཤེས་མཁའ་འགྲོ་མ་ལ་སོགས་པ་ལྷ་མོ་ལྔ་དང་སྦྱར་བར་བྱའོ། །འདི་ལྟ་སྟེ་ཡེ་ཤེས་དང་ཡེ་ཤེས་མཁའ་འགྲོ་མའོ། །ཆུའི་ཁམས་དང་རྡོ་རྗེ་མཁའ་འགྲོ་མའོ། །མེའི་ཁམས་དང་། དྲག་པོའི་མཁའ་འགྲོ་མའོ། །རླུང་གི་ཁམས་དང་། རོ་ལངས་ཀྱི་མཁའ་འགྲོ་མའོ། །སའི་ཁམས་དང་གདོལ་

པའི་མཁའ་འགྲོ་མ་རྣམས་སྦྱར་བར་བྱའོ་ཞེས་པའོ། །སྲེག་བླུགས་ཀྱི་ནི་ཆོ་ག་མཆོག །ཅེས་པ་ནི་རྣལ་འབྱོར་པའི་སྦྱིན་སྲེག་ཕྱི་ནང་གཉིས་ལ་ནང་གི་སྦྱིན་སྲེག་མཆོག་ཏུ་གསུངས་སོ་ཞེས་པའི་ཐ་ཚིག་གོ། །དེ་ལྟར་ཡང་གསང་བ་འདུས་པའི་ནོ་པི་ཀ་འཇིག་རྟེན་སྣང་བ་ལས་

ཀྱང་གསུངས་ཏེ། ཕྱི་ཡི་སྦྱིན་སྲེག་རྗེས་དཔག་སྟེ། །སེམས་ནི་སེམས་ཅན་གྱིས་ཡིན་པས། །བླ་ན་མེད་པ་འདི་ཡིན་ཏེ། །ཡེ་ཤེས་མེ་ནི་འབར་བྱས་ནས། །ཕུང་པོ་བུད་ཤིང་བསྲེགས་པའོ། །བཅོ་བརྒྱད་དག་གི་ཡན་ལག་ནས། །ཞེས་པ་ལ་སོགས་པའོ། །བཤད་

Vol. 25 · folio 55b

ཟིན་ཏོ། །ནང་གི་སྦྱིན་སྲེག་གི་ཧོམ་ཁུང་ལ་སོགས་པ་བཤད་ནས། ནང་གི་སྦྱིན་སྲེག་གི་བསྒོམ་པ་གསུངས་པ། མེ་ཡི་ནང་དུ་བསྲེག་པའི་རྒྱུ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་རེ་ཞིག་མེའི་ནང་དུ་བསྲེག་པའི་རྒྱུ། །ཞེས་པའི་ཟས་དང་བཏུང་བ་དང་བདུད་རྩི་ལ་

སོགས་པའོ། །དང་པོ་སྒྲ་ཡིག་ས་བོན་རྣམས། །ཞེས་པ་ནི། ཡི་གེ་ཨའོ། །འདི་ལྟར་དེ་ཁོ་ན་བསྒོམས་ན་ཞེས་པ་ནི་ནང་གི་སྦྱིན་སྲེག་རྫས་དང་བཏུང་བ་ལ་སོགས་པ་ཡི་གེ་ཨ་དེ་ཁོ་ན་ཉིད་ཀྱིས་སྦྱང་བར་བྱ་ཞེས་པའོ། །བདག་ཉིད་སྲེག་བླུགས་རྒྱས་པར་འགྱུར། །ཞེས་པ་གོ་སླའོ། །དེ་ཁོ་

ནའི་དོན་བཅོམ་ལྡན་འདས་ཀྱིས་གསལ་བར་སྟོན་འདོད་པས་གསུངས་པ། གང་ཞིག་ཅུང་ཟད་བཟའ་བཏུང་རྣམས། །བསྔོ་བར་བྱས་ནས་བཟའ་བར་བྱ། །ཞེས་པའོ། །ནང་གི་སྦྱིན་སྲེག་གི་ཡོན་ཏན་གསུངས་པ། འདི་ལྟར་སྤྱོད་པའི་རྣལ་འབྱོར་པ། །བུ་ལོན་དུ་ནི་མི་འགྱུར་རོ། །ཞེས་

པ་སྟེ། ཟས་བཏུང་བ་ལ་རྣལ་འབྱོར་པས་གོང་ནས་གསུངས་པའི་མན་ངག་ཏུ་བྱས་ནས་བདུད་རྩིར་འགྱུར་ཏེ། སྙིགས་མར་ནི་མི་འགྱུར་རོ་ཞེས་པའོ། །ཡང་ན་སྲིད་པའི་རྒྱུ་སྲེག་པར་མི་འགྱུར་ཏེ། མྱ་ངན་ལས་འདས་པའི་རྒྱུར་འགྱུར་རོ་ཞེས་པའི་ཐ་ཚིག་གོ། །དཔེར་ན་བུ་ལོན་བཞིན་དུ་

སྐྱོན་དུ་ཆགས་པར་མི་འགྱུར་རོ་ཞེས་པའི་དོན་ཏོ། །པཎྜི་ཏ་དྲན་པའི་ཡེ་ཤེས་གྲགས་པས་མཛད་པའི་དཔལ་ལྡན་གདན་བཞི་པ་གཟིགས་པ་ལས་གསང་བའི་གདན་ལེའུ་གཉིས་པའི་རྣམ་པར་བཤད་པ་རྫོགས་སོ།། །།ད་ནི་ལུས་ཀྱི་མཉམ་པ་དང་། ཡེ་ཤེས་ཀྱི་མཉམ་པ་

དང་། འཕྲོ་བར་བྱ་བ་དང་། དབུགས་འབྱུང་འཇུག་གི་བྱ་བའི་མན་ངག་བཞི་རྟོགས་འདོད་པ་ཕྱག་ན་རྡོ་རྗེས་ཞུས་པའི་ཚིག །ལུས་ཀྱི་སྦྱོར་བའི་མཚན་ཉིད་ནི། །ཞེས་པ་ལ་སོགས་པས་གསང་བའི་གདན་ལེའུ་གསུམ་པ་བརྩམས་སོ། །དེ་ལ། སྤྲེའུ་ལྟར་ནི་མི་བརྟན་པ། །ཞེས་པ་ནི།

སྤྲེའུ་ས་གཅིག་ཏུ་མི་ཚུགས་པ་བཞིན་དུ་གཟུགས་ལ་སོགས་པའི་སྤྱོད་པའི་སྐད་ཅིག་མ་ཡང་གཡེང་ཞིང་མི་བརྟན་པའི་རྣམ་པར་ཤེས་པ་ཇི་ལྟར་མཉམ་པོར་སྦྱོར་བ་ཞེས་ཞུས་པ། མཉམ་ཉིད་གང་གིས་སྦྱོར་བར་བགྱི། །ཞེས་པའོ། །ངོ་མཚར་ཞེས་པ་ནི་སྔ་ཕྱི་མེད་པའོ། །དེའི་ལན་བཅོམ་ལྡན་འདས་

Vol. 25 · folio 56a

ཀྱིས་གསུངས་པ། སེམས་འཕྱར་བ་ཡི་བྱེ་བྲག་ཉིད། །ཉོན་ཅིག་རྡོ་རྗེ་གནས་ཆེན་མོ། །ཞེས་པ་སྟེ། དེ་ལ་ནི་ཕྱག་ན་རྡོ་རྗེའོ། །གསང་ཆེན་པོ་ཞེས་པ་སྟེ། གསང་བ་ནི་གནོད་སྦྱིན་ཏེ། དེའི་གཙོ་བོར་གྱུར་པས་གསང་ཆེན་ཏེ་ཕྱག་ན་རྡོ་རྗེའི་ཁྱད་པར་རོ། །ད་ནི་དེ་དག་གི་

བཞིའི་ནང་ནས་རེ་ཞིག་ལུས་ཀྱི་མཉམ་པ་སྟོན་འདོད་པས་གསུངས་པ། མཉམ་ཉིད་གནས་པའི་སེམས་ཀྱིས་ན། །སྤངས་ནས་ཀཱ་ལི་འཇུག་པར་བྱ། །ཞེས་པ་སྟེ། དེ་ལ་ཀཱ་ལི་ཞེས་པ་ནི་ལུས་ཏེ། ཐབས་ཉིད་ཀྱིས་རྒྱུར་གྱུར་པའི་ཕྱིར་རོ། །དོན་ནི་འདི་ལྟ་སྟེ། གཉིས་སུ་མེད་པའི་སེམས་ཆོས་

ཉིད་ལས་སེམས་ཅན་གྱི་དོན་དུ་ལུས་བསྐྱེད་པར་བྱའོ་ཞེས་པའི་དོན་ཏོ། །ལུས་དེ་ལྔ་དང་མཉམ་པར་བསྟན་པ་ལ་རེ་ཞིག་ཆུ་དང་མཉམ་པར་སྦྱོར་བ་ལ་ཚད་མ་བཞི་གསུངས་པ་ལ་ཆུའི་ལས་ཀྱི་ཚད་མ་དང་སྦྱོར་བ་ནི། ཐམས་ཅད་ཆུ་ཡི་ཚད་མ་ཡིས། །ལུས་ཀྱི་མྱུ་གུ་འབྱུང་བ་ཡིན། །ཞེས་པ་

སྟེ། ས་བོན་ལས་མྱུ་གུ་འབྱུང་བ་ནི་བརླན་པ་ལས་ཡིན་པའི་ཕྱིར་རོ། །ལུས་ཀྱི་མྱུ་གུ་འབྱུང་བ་ཡང་ཆུའི་ཁམས་གཙོ་བོའི་ཕྱིར་རོ། །ཆུའི་ཁམས་རང་བཞིན་གྱི་སྦྱོར་བའི་ཚད་མ་གསུངས་པ། གཟུགས་ལ་ཆུ་མེད་ན་མི་རུང་སྟེ། གཟུགས་ཀྱི་ཚད་མ་ཆུ་ཡིན་ནོ། །ཞེས་པ་སྟེ་ལུས་ལ་གཤེར་བའི་

རང་བཞིན་ནི་ཆུའི་ཁམས་གཙོ་བའི་ཕྱིར་རོ། །ཆུའི་རྟེན་གྱི་སྦྱོར་བ་ཚད་མ་གསུངས་པ། འདིས་ནི་ཐམས་ཅད་ཁྱབ་གྱུར་ན། །བློ་ལྡན་ཆུ་ཡི་ཚད་མ་ན། །ཞེས་པ་སྟེ། ལུས་ཀྱི་ཡན་ལག་ཀུན་ལ་ཆུས་ཁྱབ་ནས་གནས་པ་གཙོ་བོའི་ཕྱིར་རོ། །ཆུའི་ལྷ་མོའི་ཚད་མ་སྦྱོར་བ་གསུངས་པ། རྡོ་རྗེ་ལྷ་མོ་

ལུས་ཀྱི་རྣམས། །བློ་ལྡན་ཚད་མ་ཞེས་བྱའོ། །ཞེས་བྱ་སྟེ། ལུས་ཀྱི་ཆུའི་གཙོ་ནི་ལྷ་མོ་རྡོ་རྗེ་མཁའ་འགྲོ་མ་ཞེས་པའོ། །དེ་ནས། མེ་དང་སྦྱོར་བ་ཚད་མ་བཞི། །གསུངས་པ་ལས། མེའི་རང་བཞིན་སྦྱོར་བ་ཚད་མ་གསུངས་པ། མེ་ཡི་ལུས་ལ་ཐམས་ཅད་དེ། །གཟུགས་ལ་འབར་བ་དྲོད་ཡིན་ཏེ། །

ཞེས་པ་ནི། ལུས་ལ་དྲོད་དང་ལྡན་པའི་རང་བཞིན་མེའི་ཁམས་གཙོ་བའི་ཕྱིར་རོ། །མེའི་ལས་ཀྱི་སྦྱོར་བ་ཚད་མ་གསུངས་པ། ནང་དུ་བཟའ་བའི་ཚད་མ་རྣམས། །ཚད་མར་མེ་ནི་གྲགས་པ་ཡིན། །ཞེས་པ་སྟེ། ལུས་ལ་བཟའ་བ་དང་བཏུང་བ་ཐམས་ཅད་འགྲུབ་དང་། སྨིན་པའི་ལས་བྱེད་པ་ལས་

Vol. 25 · folio 56b

མེའི་ཁམས་གཙོ་བའི་ཕྱིར་རོ། །མེའི་རྟེན་གྱི་སྦྱོར་བ་ཚད་མ་གསུངས་པ། ལུས་ལ་ཐམས་ཅད་ཁྱབ་པས་ན། །མེ་ཞེས་གྲགས་པ་ཀུན་དུ་ཤེས། །ཞེས་པ་སྟེ། ལུས་ཀྱི་ཡན་ལག་ཀུན་ལ་དྲོ་བའི་དངོས་པོའི་རྟེན་གཙོ་བའི་ཕྱིར་རོ། །མེའི་ལྷ་མོའི་སྦྱོར་བ་ཚད་མ་གསུངས་པ། དྲག་མོར་བསྟན་

པ་ལུས་ཀྱི་རྣམས། །ཚད་མར་གྲགས་པ་མཆོག་ཏུ་བརྩོན། །ཞེས་པ་སྟེ། ལུས་ཀྱི་མེའི་གཙོ་བོ་ནི་དྲག་མོའི་མཁའ་འགྲོ་མ་ཞེས་བྱའོ། །རླུང་དང་ཚད་མ་བཞི་སྦྱོར་བ། །གསུངས་པ་ལ་རང་བཞིན་སྦྱོར་བ་ཚད་མ་གསུངས་པ། ལུས་ལ་རླུང་གིས་ཐམས་ཅད་དུ། །ནང་གི་བུ་ག་དྲ་བ་བཞིན། །

ཞེས་པ་སྟེ། ལུས་ཀྱི་བུ་ག་དང་དྲ་བ་ལ་རྒྱུ་བའི་རང་བཞིན་རླུང་གི་ཁམས་གཙོ་བའི་ཕྱིར་རོ། །རླུང་གི་ལས་ཀྱི་སྦྱོར་བ་ཚད་མ་གསུངས་པ། །སེམས་ཀྱི་ཚད་མ་དབུགས་ཡིན་པས། །ཚད་མར་གྲགས་པ་རྟོགས་པ་ཡིན། །ཞེས་པ་ཏེ། ལུས་ཀྱི་སེམས་རླུང་གིས་སྲོག་འཛིན་པའི་ལས་བྱེད་པ་ལ་

རླུང་གི་ཁམས་གཙོ་བའི་ཕྱིར་རོ། །རླུང་གི་རྟེན་གྱི་སྦྱོར་བ་ཚད་མ་གསུངས་པ། གང་གིས་མངོན་པར་ཤེས་པར་དབུགས། །ལུས་ལ་སྦྱོར་བར་གནས་པ་ནི། །ཞེས་པ་ནི་ཡེ་ཤེས་སོ། །ལུས་ཀྱི་ཡེ་ཤེས་ལ་བརྟེན་པ་ལ་རླུང་གི་ཁམས་གཙོ་བའི་ཕྱིར་རོ། །རླུང་གི་ལྷ་མོའི་སྦྱོར་བ་ཚད་མ་གསུངས་

པ། ལྷ་མོ་རོ་ལངས་ཐམས་ཅད་དུ། །མཁས་པ་ཡིས་ནི་ཤེས་པར་བྱ། །ཞེས་པ་ནི། ལུས་ཀྱི་རླུང་གི་གཙོ་བོ་ནི་ལྷ་མོ་རོ་ལངས་མར་ཤེས་པར་བྱའོ། །ས་དང་སྦྱོར་བ་ཚད་མ་བཞི། །གསུངས་པ་ལ། སའི་རང་བཞིན་སྦྱོར་བའི་ཚད་མ་གསུངས་པ། ས་ཡི་ཐམས་ཅད་དབྱིབས་ཀུན་དུ། །གཟུགས་

ལ་ཡོན་ཏན་དབང་བརྒྱན་པ། ཞེས་པ་ནི། ལུས་ལ་དབང་པོ་དང་གཟུགས་ལ་སོགས་པ་བརྒྱན་པའི་རང་བཞིན་ལས་གཙོ་བའི་ཕྱིར་རོ། །སའི་ལས་ཀྱི་སྦྱོར་བ་ཚད་མ་གསུངས་པ། ཚད་མ་ས་ཡི་གནས་བྱུང་པའི། །ས་ནི་གཟུགས་སུ་སྣང་བ་ཡིས། །ཞེས་པ་སྟེ། ལུས་ལ་གཟུགས་ཀྱིས་ཆུ་དང་མེ་དང་རླུང་དང་

རྣམ་པར་ཤེས་པ་རྣམས་ཀྱི་གནས་སུ་གྱུར་ནས་འཛིན་པའི་ལས་བྱེད་པ་ལས་གཙོ་བའི་ཕྱིར་རོ། །སའི་རྟེན་གྱི་སྦྱོར་བའི་ཚད་མ་གསུངས་པ། དེ་བས་ཡོན་ཏན་ལྡན་པ་ཡི། །ས་རུ་གྲགས་པའི་བདག་ཉིད་ནི། །ཞེས་པ་སྟེ། དེ་ལ་ཡོན་ཏན་ནི་གཟུགས་དང་དབང་པོ་ལ་སོགས་པའོ། །ལུས་དེ་དག་གི་རྟེན་ལས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words