No title in the text — opening words: གདན་བཞིའི་དེ་ཁོ་ན་ཉིད་བཞི་པ་བཞུགས

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 25 · folio 163a

༄། །གདན་བཞིའི་དེ་ཁོ་ན་ཉིད་བཞི་པ་བཞུགས།། ༄༅༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ནམ་མཁའི་བཙུན་མོ་དང་འདུས་ལས། །དཔལ་ལྡན་དགའ་བ་བཞི་སྟོན་པ། །འཇིག་རྟེན་གསུམ་པོ་བསྐྱེད་པའི་མགོན། །སྣ་ཚོགས་གཟུགས་ཅན་དེ་ལ་འདུད། །གདན་བཞིའི་

རིམ་པ་ལས་འོངས་པ། །འཁོར་ལོ་བཞི་ལ་ཡང་དག་གནས། །དེ་ཉིད་བཞི་ཞེས་གང་བཤད་པ། །དེ་ནི་བདག་གིས་གསལ་བར་བྲི། །དག་བྱས་བདེ་བའི་སྟན་གནས་ཏེ། །མདུན་དུ་བདེ་གཤེགས་ཡང་དག་མཆོད། །བློ་ལྡན་མ་ལུས་སྟོང་བསྒོམས་ནས། །རྒྱུད་ལས་གསུངས་པ་བསམ་

པར་བྱ། །ལྷུན་པོའི་རྩེ་མོར་ཁང་བརྩེགས་ནི། །ཤིན་ཏུ་མཛེས་པ་ཡིད་དུ་འོང་། །དེར་ནི་བྱང་ཆུབ་སེམས་ཉིད་ལས། །སྤྲུལ་པའི་དཀྱིལ་འཁོར་བསྒོམ་པར་བྱ། །རྐང་པའི་མཐིལ་དུ་གནས་པ་ཡི། །རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ། །ཇི་སྲིད་ལྟེ་བའི་མཚོ་སྐྱེས་སུ། །རིམ་གྱིས་སྟེང་དུ་འགྲོ་བ་སྟེ། །

དེ་ནས་མེ་ཡིག་ལས་བྱུང་བ། །མེ་ཡི་དཀྱིལ་འཁོར་གྲུ་གསུམ་ཚུལ། །འདིས་ནི་བདག་དང་ཀུན་བསྲེགས་ནས། །སྣ་ཚོགས་ནམ་མཁའ་མཚུངས་པར་བསམ། །དེ་ནས་སྔགས་དང་མཚན་མ་ཡི། །ཆོ་ག་རིམ་པས་ལུས་སུ་བསྒོམ། །སེང་གེའི་སྟན་ལ་གནས་པ་ཡི། །རི་བོང་ཅན་གྱི་འོད་འཛིན་

འཕྲོ། །མེ་དང་ཆུ་ཡི་དབུས་གནས་པ། །སྣ་ཚོགས་པདྨ་ཡིད་འོང་བ། །དེར་ནི་ཀུན་དུ་རྣམ་འཕྲོ་བའོ། །སྡེ་ཚན་དང་པོ་བསམ་བྱས་ཏེ། །གངས་དང་ཀུན་ད་ཟླ་འདྲ་བའི། །འོད་ཟེར་ཚོགས་ནི་ཤིན་ཏུ་བསིལ། །སངས་རྒྱས་ཚོགས་ཆེན་རྣམས་འཕྲོ་བའོ། །སྣ་ཚོགས་གཟུགས་ཅན་ནོར་བུའི་འོད། །ཡེ་

ཤེས་ལྷ་མོའི་བདག་ཉིད་གསལ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད། །དབུགས་ཀྱི་རླུང་ལ་ཞོན་ནས་སུ། །འབའ་སན་ཏི་ཡི་བདུད་རྩི་འཐུང་། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་དང་ནི་ཆོས་ཀྱི་ཁམས། །གཞན་ཡང་མིག་དང་རྣ་བ་དང་། །སྣ་དང་ལྕེ་དང་ལུས་དང་ཡིད། །རྣམ་ཤེས་དྲུག་

དང་འབྱུང་བ་དང་། །འབྱུང་ལས་གྱུར་དང་ཕུང་པོ་ལྔ། །བརྟན་པ་དང་ནི་གཡོ་བའོ། །འགྲོ་བ་ཐམས་ཅད་དེ་ལས་བྱུང་། །ཤར་དང་ལུས་ངན་ཕྱོགས་སུ་ནི། །དབྱངས་ཡིག་དང་པོ་གཉིས་པ་དགོད། །ནུབ་ཏུ་བཅུ་པའི་མཐའ་མ་སྟེ། །ལྷོ་ཡི་འདབ་མར་དེ་ཡི་མཐའ། །མཁའ་འགྲོ་མ་དང་དྲག་མོའི་

Vol. 25 · folio 163b

གཟུགས། །རོ་ལངས་མ་དང་གཏུམ་མོ་དང་། །སེང་གེ་སྟག་དང་ཅེ་སྤྱང་མོ། །འུག་པ་མོ་སྟེ་མཚམས་བཞིར་དགོད། །དཀར་དང་སེར་དང་དེ་བཞིན་དམར། །སྔོ་དང་སྔོ་བསངས་བཞི་པའོ། །མཚམས་སུ་ཁ་དོག་འདྲེས་མ་རུ། །མ་ནིང་ལས་སྐྱེས་བསམ་པར་བྱ། །ཞལ་གཅིག་ཕྱག་

གཉིས་ཤིན་ཏུ་དྲག །ལྷ་ཡི་རྒྱན་གྱིས་ཤིན་ཏུ་ཀླུབས། །སྤྱན་གསུམ་ཁྲོ་ཞིང་བཞད་པ་སྟེ། །ཁ་ཊྭཱཾ་ག་དང་མི་ཐོད་ལྡན། །མཚམས་ཀྱི་ལྷ་མོ་གཡོན་ན་ནི། །སྡིགས་མཛུབ་དང་ནི་ཞགས་པ་རྣམས། །རལ་གྲི་ལྕགས་ཀྱུ་དགྲ་སྟ་དང་། །དབྱུག་པ་རྣམས་ཏེ་ཕྱག་གཡས་ནའོ། །ལྷ་མོ་

རྡོ་རྗེ་ཅོད་པན་ཅན། །སྟག་གི་པགས་པའི་ཤམ་ཐབས་ཅན། །མི་ཡི་པགས་པའི་བླ་གོས་དང་། །སྒེག་པ་ཡི་ནི་ཉམས་ཀྱིས་མཛེས། །མཆེ་བ་ཅན་དང་ཅོད་པན་ཅན། །ངང་པ་ཅི་བགྱི་ཕྱོགས་ཀྱི་གདན། །མཚམས་སུ་སེང་གེ་སྟག་གདོང་དང་། །འུག་པ་དང་ནི་ཅེ་སྤྱང་ངོ་། །མཁའ་འགྲོ་

མ་དང་མར་མེ་མ། །འཇིབ་མ་འཕྲོག་བྱེད་རང་རྒྱ་ཅན། །རོ་དང་ཉི་མའི་སྟན་བཞུགས་པ། །རང་གི་གནས་ཀྱི་མདོག་བཞིན་བསམ། །མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་གྲུབ་ཤིན་ཏུ་དག་རྣམས་ལས། །སངས་རྒྱས་གཟུགས་སུ་བསྐྱེད་ནས་སུ། །རང་གི་རིགས་ཀྱི་ཕྱག་རྒྱས་གདབ། །

གང་ཞིག་ཕྱི་རོལ་དཀྱིལ་འཁོར་དགའ། །དེ་ཡིས་དེ་དག་ལུས་བསྒོམས་ནས། །དབྱངས་ཡིག་དང་པོ་ཐིག་ལེའི་གཟུགས། །སྔར་བསྟན་བཞིན་དུ་ལྟེ་བར་བསྒོམ། །བདག་ཉིད་དེ་ལྟར་བསྒོམས་ནས་སུ། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །སྔགས་ཀྱིས་བདག་ཉིད་མ་བསྟེན་

པར། །ལས་རྣམས་བྱ་བར་ནུས་མིན་པས། །ཇི་སྲིད་སྣང་བར་མཐོང་བའི་བར། །རྣལ་འབྱོར་ཅན་གྱིས་དེ་སྲིད་བསྒོམ། །མཚན་མ་ཐོབ་ན་མྱུར་དུ་ནི། །རྟག་ཏུ་གྲོལ་བའི་དངོས་གྲུབ་འགྲོ། །ཁ་སྣ་མིག་དང་རྣ་བ་ནི། །རང་གི་ལག་པས་བསྡམས་ནས་སུ། །མ་ཡེངས་བློ་ཡིས་བལྟས་ནས་ནི། །ཡང་

དག་སྦྱོར་བས་ཐིག་ལེ་མཐོང་། །རླུང་དང་མེ་དང་ས་དང་ཆུ། །འཁོར་ལོར་བསྒྱུར་བའི་ཐིག་ལེ་སྟེ། །དེ་ཡི་མཚན་ཉིད་ཤེས་བྱས་ནས། །ལས་ནི་ཇི་བཞིན་སྦྱར་བར་བྱ། །དཀར་པོ་སྣང་ན་ཞི་བར་བྱ། །སེར་ཞིང་དམར་བས་རྒྱས་པ་སྟེ། །སྔོན་པོས་ནང་གི་ལས་ནི་བྱ། །དུ་བའི་མདོག་གིས་བསྐྲད་

Vol. 25 · folio 164a

ཅིང་གསད། །ལག་གཉིས་གསང་བར་མཉམ་གཞག་སྟེ། །མཆོད་རྟེན་འོག་ཏུ་ཐུར་སེལ་ལ། །ཀ་ཤའི་ཡི་གེ་བལྟས་ནས་སུ། །ཤིན་ཏུ་མཉམ་པར་གཞག་ནས་བསྡམ། །མིག་གཉིས་སྣ་རྩེར་བལྟས་ནས་སུ། །རླུང་གིས་ལྟེ་བར་གསལ་བར་བསམ། །གཟུགས་ནི་

སྟོང་པར་བརྟན་བྱས་ན། །ཡིད་བཅིང་བ་ཡི་དམ་པ་ཡིན། །རྣམ་པར་སྣང་མཛད་དབྱངས་དང་པོ། །དེ་བཞིན་སངས་རྒྱས་ལྔར་ལྡན་པས། །རང་གི་ལྷ་ཡི་སྦྱོར་བ་ནི། །འབྱུང་དང་འཇུག་པས་བཟླས་པར་བྱ། །དྲོད་མཐའ་ཚེག་དྲག་བཅས་པ་དང་། །དེ་ཉིད་དགུ་པས་བརྒྱན་པ་

དང་། །མེ་ལ་གནས་ཤིང་ཨི་ཡིས་བརྒྱན། །འདི་ཡིས་རྫས་རྣམས་བྱིན་གྱིས་བརླབ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། བཟླས་པའོ། །ཧ་ཧོ་ཧྲཱིཿབྱིན་གྱིས་བརླབ་པའོ། །ཨ་ཨཱ་ཨཾ་ཨཿརྀ་རཱྀ་ལྀ་ལཱྀ། ཕུཾ་ཕེཾ་ཕྲོཾ་ཕྲིཾ། དཀྱིལ་འཁོར་གྱི་འཁོར་ལོའི་ས་བོན་ནོ། །རླུང་དང་མེ་ཡི་དཀྱིལ་འཁོར་ལ། །

གནས་པ་ཡི་ནི་ཐོད་པ་ལ། །ལུས་ལས་བྱུང་བ་ཐམས་ཅད་བསམ། །ཟླ་བ་ཞུ་བའི་ཚུལ་དུ་གྱུར། །དེ་ནས་ཟླ་བ་བར་སྣང་འཛག །པདྨའི་དབང་ཕྱུག་ཤིན་ཏུ་མདོག་མཛེས་ཤིང་། །རྣམ་པར་སྣང་མཛད་དྲི་ཞིམ་བཏུང་བར་མཛོད། །ཕྱག་ན་རྡོ་རྗེ་རོ་བྲོ་རྡོ་རྗེ་དབང་། །རྣམ་གསུམ་ལྷ་གསུམ་

དུ་ནི་གཟུང་བར་བྱ། །ལྟེ་བར་མེ་ཡི་རང་བཞིན་བསམ་བྱ་བ། །འོད་གསལ་འོད་ཟེར་དྲ་བའི་ཚོགས་འཕྲོ་བ། །ཉི་མར་གནས་ལ་དག་པའི་བློ་ཡིས་ནི། །བསྲེག་པའི་ལྷ་ལ་གཏོར་ན་གོས་མི་འགྱུར། །ནང་གི་སེམས་ལས་སྤྲུལ་པ་ཡི། །བདག་གི་གདན་ནི་བསྒོམ་པ་དང་། །སྔགས་དང་ཐིག་ལེའི་

དེ་ཁོ་ན་ཉིད་ཀྱི་དུམ་བུ་སྟེ་དང་པོའོ།། །།ཡེ་ཤེས་ལུས་སུ་བསྒོམས་ནས་ནི། །ཐུར་སེལ་རླུང་ནི་བསྡམས་ནས་ཀྱང་། །སྟེང་དུ་དྲངས་ཏེ་བསྡམ་བྱས་ལ། །འབྱུང་དང་འཇུག་པའི་བརྟན་པོར་བྱ། །ཆུ་ཤིང་མེ་ཏོག་ལྟ་བུའི་རྩ། །སྙིང་གར་གནས་ཤིང་འོག་ཏུ་ལྟ། །སྣ་ཚོགས་

པདྨས་མཛེས་པ་ལ། །ས་བོན་དག་གིས་དགོད་བྱ་སྟེ། །དེ་ཡི་དབུས་གྱུར་ས་བོན་ནི། །སངས་རྒྱས་ཀུན་གྱི་བདག་ཉིད་མཆོག །དབྱུག་པ་འཇིག་རྟེན་དབང་ཕྱུག་མགོན། །གྱ་གྱུར་རྡོ་རྗེ་འཛིན་པའི་གཙོ། །ཡན་ལག་དམ་ཚིག་རྡོ་རྗེ་སྟེ། །མགོ་ནི་རིན་ཆེན་རྒྱལ་པོ་ཡིན། །ཐིག་ལེ་སྒྲ་དང་

Vol. 25 · folio 164b

བཅས་པ་ནི། །སངས་རྒྱས་གཙོ་བོ་ཞེས་བྱར་གྲགས། །ཟླ་བའི་ཟེར་ལྟར་དྲི་མེད་པའི། །རིགས་ཀྱིས་ཁྱབ་པའི་འོད་ཟེར་འཕྲོ། །གལ་ཏེ་སྣ་ཚོགས་སྒྲུབ་འདོད་ན། །ཤེས་རབ་ཅན་གྱིས་འདི་བསམ་བྱ། །དེ་ནས་དྲོད་ཀྱི་གསུམ་པ་དང་། །བརྒྱད་ཀྱི་མཐའ་དང་བདུན་པ་ཡི། །དང་པོ་དེ་བཞིན་

དྲོད་པའི་མཐའ། །སྒྲ་དང་བཅས་པས་ཡང་དག་བརྒྱན། །ཤར་གྱི་ཕྱོགས་སུ་མཁའ་འགྲོ་མ། །དེ་བཞིན་བྱང་དུ་དྲག་མོ་བསྒོམ། །ནུབ་ཀྱི་ཕྱོགས་སུ་རོ་ལངས་མ། །ལྷོ་ཕྱོགས་མཁའ་འགྲོ་གཏུམ་མོ་སྟེ། །སྔོན་དུ་བསྟན་པའི་མདོག་བཞིན་དུ། །ཕྱོགས་ཀྱི་འདབ་མར་བསྒོམ་པར་བྱ། །མཚམས་

སུ་ཁ་དོག་འདྲེན་མ་རུ། །བརྩེགས་པའི་ས་བོན་བཞི་པོ་བསམ། །ཡན་ལག་བརྒྱད་ཀྱི་གོ་ཆ་གང་། །སྔགས་དེ་ཉིད་ཀྱིས་རྣལ་འབྱོར་ལྡན། །འོད་ཟེར་འབར་བའི་ཕྲེང་འཁྲུག་པའི། །སྔགས་དེ་དག་ནི་བལྟ་བར་བྱ། །ལས་བཞི་ཡི་ནི་གནས་སྐབས་ལ། །རྗེས་སུ་མཐུན་པའི་མི་ཤིགས་

བསྒོམས། །དེ་བཞིན་ལས་བཞི་སྒྲུབ་བྱེད་པས། །ལུས་ཀྱང་ཁ་དོག་བཞི་རུ་དགོད། །ཞལ་གཅིག་ཕྱག་གཉིས་ལ་སོགས་པ། །ཞལ་ཕྱག་ཇི་སྙེད་འདོད་པར་བྱ། །དྲག་ལ་ཁྲོ་བོར་བསྒོམ་པར་བྱ། །ཞི་བ་ལ་ནི་ཞི་བའི་ལུས། །རླུང་དང་མེ་ཡི་སྟེང་དུ་ནི། །ཉི་མ་ལ་གནས་དྲག་པོར་བྱ། །ས་ཆུ་ཟླ་

བ་ལ་གནས་ཏེ། །ཞི་བའི་ལས་ནི་བསྒོམ་པར་བྱ། །ཨོཾ་སུཾ་ཀྵུཾ་ཡུཾ་ཧཱུཾ་ཧཱུཾ། སྨྼྻུཾ་ཧྨྼྻུཾ་ཡྨྼྻུཾ་ཀྵྨྼྻུཾ། ཕུཾ་ཕེཾ་ཕྲོཾ་ཕྲིཾ། དཀྱིལ་འཁོར་གྱི་ས་བོན་ནོ། །ཨོཾ་ཧྲཱི་ཊ་ཊ་དྷ་ར་ཧཱུཾ་ཧཱུཾ་ཧཱུཾ་ཕུ་ཕུ་ཕུ། །ཨཱ་ཨཱ་ཨཱ་ཕཊ་ཕཊ་ཕཊ། ཀླུ་བརྒྱད་ཀྱི་དུག་དབྲོག་པའོ། །ཨོཾ་ཧྲཱི་ཀྲིཾ་ཀྵུཾ་སྭཱ་ཧཱ། །གྲོང་ཁྱེར་དཀྲུགས་པའིའོ། །ཨོཾ་བཏྟཱ་ལི་

རཀྵ་རཀྵ་ཧཱུཾ་ཧཱུཾ་ཕུ་ཕུཾ་ཕཊ། དམ་ཚིག་སྲུང་བའི་འཁོར་ལོ་འདི་བྲིས་ནས། དཔུང་པར་བཏགས་ཏེ་བསྲུང་བར་མོས། །ནད་པ་ནད་ལས་གྲོལ་གྱུར་ཞིང་། །དུས་ལ་བབ་པས་མཐོ་རིས་འགྲོ། །རྡོ་རྗེ་འཛིན་པར་སྙོམས་ཞུགས་ནས། །གཞན་གྱི་གདན་ནི་བསྟན་པ་སྟེ། །དངོས་གྲུབ་སྣ་

ཚོགས་བྱེད་པའི་གནས། །དངོས་གྲུབ་ཐམས་ཅད་ཀྱིས་ནི་གནས། །ཚེས་གཅིག་སོགས་ལ་རྐང་གཡོན་གྱི། །མཐེ་བོང་སོགས་འཕེལ་མགོ་བོར་གནས། །དེ་ནས་གཡས་ཀྱི་ཆ་ལ་ནི། །ཟླ་བ་གཉིས་ཀྱིས་འཇུ་བར་འགྱུར། །རླུང་དང་མེ་དང་ཉི་མ་ལ། །གནས་པའི་རང་ལ་ས་བོན་

Vol. 25 · folio 165a

བལྟ། །ཐམས་ཅད་དབང་བསྐུར་ཕྱག་རྒྱ་ནི། །བློ་དང་ལྡན་པས་གསང་སྔགས་ཀྱི། །སྦྱོར་བ་འདི་ཡིས་སློབ་མ་དབབ། །ར་མ་ར་མ་ཏུ་ཧཱུཾ་བཛྲ་ས་མ་ཡ་མ་ནུ་པཱ་ལ་ཡ་ཨོཾ་ཨཱཾ་ཧཱུཾ་ཧྲཱི། སྔགས་འདི་གནས་བཞིར་བཀོད་ནས་སུ། །རྫས་བཅུ་དག་ནི་བཟུང་ནས་

ཀྱང་། །འབུམ་དུ་བཟླས་ནས་བསྒྲུབ་པར་བྱ། །དེ་ནི་ཁ་རུ་བླུགས་ཙམ་གྱིས། །སློབ་མ་མྱུར་དུ་བབས་ནས་ནི། །གང་གིས་འཁོར་ལོའི་སྟེང་དུ་ནི། །ཤིན་ཏུ་མྱུར་བར་འཁོར་ཞིང་གནས། །དེས་ནི་འཁོར་བ་སྒྱུ་མ་དང་། །སྨིག་རྒྱུ་ལྟ་བུར་མཐོང་བར་འགྱུར། །སྙིང་གར་རྡོ་རྗེ་བཀོད་

ནས་སུ། །ཏིཥྛ་བཛྲ་ཞེས་བརྗོད་ལ། །ཞི་བར་ཤེས་ནས་མི་གཡོ་ཞིང་། །བྱུང་ཆུབ་སེམས་ནི་བརྟན་པར་བགྱི། །ཞེས་བརྗོད་དོ། །རི་དགས་དབང་ཞོན་རྡོ་རྗེ་གཞུ་དང་མདའ། །ཐོགས་ཤིང་རང་འོད་བཙུན་མོ་ཐོད་པ་དྲིལ། །བསྣམས་པའི་ཞལ་གསུམ་ཕྱག་དྲུག་མདོག་

སྔོ་བ། །སྙིང་གའི་ཕྱོགས་སུ་རྣམ་པར་བསྒོམ་བྱས་ནས། །རྫོགས་ལྡན་ཡི་གེ་འབུམ་ཕྲག་གཅིག་ཏུ་བཟླས། །གཉིས་ལྡན་དུས་སུ་སྔགས་པས་འབུམ་ཕྲག་གཉིས། །གསུམ་ལྡན་ལ་ནི་སུམ་འགྱུར་བྱ་བ་སྟེ། །རྩོད་དུས་བྱེ་བ་གསུམ་དང་འབུམ་ཕྲག་བཞི། །ལེ་ལོའི་ཉེས་པ་ཕན་

མིན་གདམས་ངག་དང་། །སྤྲོ་བ་ཉམས་དང་ཡུལ་ལ་ཆགས་པ་དང་། །དད་པ་དང་བྲལ་དགེ་བའི་རྩ་བ་ཉམས། །དེ་དག་ཐུབ་པའི་བཀའ་ནི་འགྲུབ་མི་འགྱུར། །ནང་གི་སེམས་ལས་སྤྲུལ་པ་ཡི། །བྱིན་གྱིས་བརླབས་པའི་རིམ་པ་དང་བཅས་པའི་གཞན་གྱི་གདན་བསྒོམ་པའི་དེ་ཁོ་

ན་ཉིད་དེ་དུམ་བུ་གཉིས་པའོ།། །།སྦྱོར་བའི་གདན་ལ་གནས་པ་ཡི། །འདབ་མ་བཅུ་དྲུག་པདྨ་ཆེ། །གནས་དེར་གནས་པའི་ལྷ་མོ་རྣམས། །སྣ་ཚོགས་གཟུགས་ཅན་ཡིད་དགའ་མ། །ཡི་གེའི་དབང་ཕྱུག་དབུས་ས་བོན། །སངས་རྒྱས་ཀུན་གྱི་རང་བཞིན་ཏེ། །མ་མོའི་ཚོགས་

དང་ཡང་དག་ལྡན། །རི་དགས་མཚན་མའི་བདུད་རྩི་འཛིན། །ཤར་དུ་མ་མོ་གསུམ་ཡིན་ཏེ། །དེ་བཞིན་བྱང་དུ་རྣམ་པ་གསུམ། །ནུབ་ཀྱི་ཕྱོགས་སུའང་གསུམ་ཡིན་ཏེ། །ལྷོ་ཡི་ཕྱོགས་སུ་རྣམ་གསུམ་དགོད། །མཚམས་སུ་མ་ནིང་ས་བོན་རྣམས། །སྔོན་བཞིན་འདྲེན་མར་

Vol. 25 · folio 165b

ཤེས་པར་བྱ། །ཕྱོགས་ཀྱི་འདབ་མའི་ས་བོན་རྣམས། །ཕྱོགས་ཀྱི་བདེ་གཤེགས་མདོག་ཏུ་བལྟ། །མཆོད་རྟེན་རྩེ་མོའི་སྒོ་རུ་ནི། །བློ་ལྡན་ཡི་གེའི་དབང་ཕྱུག་བསམ། །དེ་འོད་བདུད་རྩིར་འཛག་པ་ཡིས། །ཆོས་ཀྱི་དཀྱིལ་འཁོར་བཀྲུ་བར་བྱ། །དེ་ཡི་འོག་ཏུ་འབབ་བསྒྱུར་བས། །

ས་ཡི་བུ་གར་ཐིམ་པར་བྱ། །བདུད་རྩི་ཆར་པ་ལས་བྱུང་དེས། །ལྷ་མོ་ཐམས་ཅད་བསྐྱངས་པར་འགྱུར། །ཤིན་ཏུ་མཉམ་གཞག་སེམས་ཀྱིས་ནི། །སྲིད་པ་སྟོང་ཉིད་བསྒོམས་བྱས་ནས། །མངོན་སུམ་སངས་རྒྱས་ཉིད་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །འདི་ནི་

སྔོན་པོར་བསྒོམ་གྱུར་ན། །ནད་དང་སྐྲ་དཀར་འབྱུང་མི་འགྱུར། །དབང་ཆེན་ལ་གནས་བསམས་ནས་ནི། །དཔུང་རྣམས་ཐམས་ཅད་བཅིང་བར་འགྱུར། །དཀར་པོའི་མདོག་གིས་ལྟས་མཁན་དང་། །དྲི་མ་མེད་པའི་སྙན་དངགས་འགྱུར། །ཟླ་དྲུག་ཙམ་དུ་གོམས་པ་ཡིས། །

དངོས་གྲུབ་འདིར་འགྱུར་ཐེ་ཚོམ་མེད། །ཡེ་ཤེས་ལྷ་མོར་ཀུན་འཁྱུད་པའི། །རྡོ་རྗེ་སེམས་དཔར་རྣམ་བསྒོམས་ལ། །དངོས་གྲུབ་ཀུན་བྱེད་གདན་དང་ནི། །སྔགས་ཀྱིས་ཕ་རོལ་སོན་ཤེས་བྱ། །འདི་ནི་སྦྱོར་བའི་གདན་ཤེས་བྱ། །རྣལ་འབྱོར་ཐམས་ཅད་ཡང་དག་འབྱུང་། །

སྙིང་པོ་ལས་ཀྱང་སྙིང་པོ་སྦྱོར། །སངས་རྒྱས་ཡེ་ཤེས་སྒྲུབ་བྱེད་པ། །ཐུབ་པའི་དབང་པོ་ཞེས་བྱ་སྟེ། །གདན་དེ་འདོད་པ་ཐམས་ཅད་པའོ། །དེ་ལས་ལོངས་སྤྱོད་སྤྱད་བྱས་ན། །དེར་ནི་ཆགས་ལས་ཁྱད་པར་འགྲོ། །སྟེང་གི་ལམ་དུ་འབར་བ་དག །ཇི་སྲིད་མགྲིན་པའི་བར་

དུ་དམིགས། །མགྲིན་པར་འཁྱུད་ནས་ལྷ་མོ་རྣམས། །གང་ཡང་མགྲིན་པར་ཡང་དག་རིག །གཡས་གཡོན་གྱི་ནི་མཐེ་བོ་ཡིས། །སྟེང་དུ་འགྲོ་བ་བཙིར་བར་བྱ། །རྒྱས་པའི་འོག་ཏུ་བསྐྱོད་པ་ཡིས། །བདེ་བ་དམ་པ་རིག་པར་བྱའོ། །ཐོག་མཐའ་སྤངས་པའི་སྐད་ཅིག་སྟེ། །

དེར་ནི་དངོས་པོ་དམིགས་མི་འགྱུར། །བྱང་ཆུབ་སེམས་ནི་བདེ་བ་ཆེ། །རང་རིག་པ་ནི་སྐྱེ་གྱུར་པ། །བརྗོད་ལས་རིང་དུ་སོང་བ་སྟེ། །མཐོང་མེད་གང་ནའང་གནས་པ་མིན། །བླ་མའི་བསྙེན་བཀུར་བརྩོན་པ་ཡིས། །བསོད་ནམས་ལས་ནི་རང་གི་རྟོགས། །དེ་ལྟ་མོད་ཀྱིས་

Vol. 25 · folio 166a

ལུས་དང་ནི། །བླ་མའི་མན་ངག་གིས་མཚོན་ཆ། །དེ་ཉིད་ཁ་དོག་མེད་ཅིང་མཚན་ཉིད་མེད། །ཐུབ་དབང་འཆི་བའི་གནས་སྐབས་ལྟ་བུར་རྟོགས། །དག་པའི་ལུས་སུ་བསྒོམས་ནས་སྔགས་ཀྱིས་ནི། །མན་ངག་ཇི་བཞིན་སྒོ་རྣམས་བསྡམས་ནས་སུ། །རྣམ་

ཤེས་ས་བོན་རླུང་ལ་ཡང་དག་གནས། །ཚིགས་དགུ་ནས་ནི་སྟེང་དུ་འཕོ་བར་བྱ། །འཁོར་བའི་རྒྱ་མཚོ་འཇིགས་སུ་རུང་བའི་འདམ་དུ་བྱིང་བ་ཡི། །འཚེ་ཞིང་རྨོངས་པར་འགྲོ་བར་ཞུགས་གང་ཡིན། །ཉི་མ་སྟོང་གིས་མངོན་ཤེས་དྲུག་ལྡན་ལུས། །བླ་ན་མེད་པའི་གོ་འཕང་

ཐོབ་པར་འགྱུར། །ནང་གི་སེམས་ལས་སྤྲུལ་པའི་སྦྱོར་བའི་གདན་གྱི་བསམ་གཏན་གྱི་དེ་ཁོ་ན་ཉིད་དང་། བདག་མེད་མའི་མངོན་པར་བྱང་ཆུབ་པ་དང་། །གོང་དུ་འཕོ་བ་སྟེ་དུམ་བུ་གསུམ་པའོ།། །།རི་ཡི་རྩེར་གནས་གེ་སར་དང་། །སྣ་ཚོགས་འདབ་མ་འཇམ་པ་

ལ། །དེ་ཡི་དབུས་གནས་དཔའ་བོ་ནི། །འདོད་དོན་ཐམས་ཅད་སྒྲུབ་བྱེད་པ། །འབྱུང་པོ་ཀུན་གྱི་གནས་ཡིན་ཏེ། །ཐམས་ཅད་བསྐྱེད་པའི་རྒྱུ་ཡང་ཡིན། །ལུས་ཅན་ཀུན་ལ་ཁྱབ་པ་སྟེ། །ཐམས་ཅད་ཐམས་ཅད་བདག་ཉིད་གནས། །ཧཾ་གི་ས་བོན་ཡང་དག་འབྱུང་། །འཇིག་

རྟེན་གསུམ་བསྐྱེད་གཙོ་བོ་ཡིན། །ཡིད་བཞིན་ནོར་བུའི་བདག་ཉིད་དེ། །རིན་ཆེན་སྣ་ཚོགས་འབྲས་བུ་འབྱུང་། །མཚན་ནི་སུམ་ཅུ་རྩ་གཉིས་ལྡན། །དཔེ་བྱད་བཟང་པོ་བརྒྱད་ཅུར་བཅས། །རླུང་བསྐྱོད་པ་ལ་ཞོན་ནས་སུ། །རྟག་ཏུ་ལྟེ་བར་འགྲོ་འོང་བྱེད། །མགོ་བོ་མཐའ་ན་རླུང་

དཀྱིལ་འཁོར། །གཞུ་ཡི་དབྱིབས་ལྟར་གནས་པ་སྟེ། །སྟེང་དང་འོག་གི་རླུང་ལ་ནི། །འདབ་མ་བཞི་པོ་ཡང་དག་གནས། །ལྕེ་དང་རྐན་ནི་སྦྱར་ནས་སུ། །རྟག་ཏུ་སྒྲ་དང་བཅས་བྱེད་པ། །གཅིག་ཏུ་གྱུར་ཅིང་ཐིམ་གྱུར་པ། །དེར་ནི་ཕྱག་རྒྱ་ཆེན་པོར་བརྗོད། །འཇུག་པའི་རླུང་ནི་བསྡམས་

ནས་སུ། །སྟེང་དུ་དྲངས་ཏེ་སྦྱར་བར་བྱ། །ཇི་སྙེད་ལྡོག་པར་འགྱུར་བར་དུ། །རྣལ་འབྱོར་པ་ཡིས་བཙིར་བར་བྱ། །ཇི་ལྟར་མར་ལ་མར་བླུགས་ཤིང་། །ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ནམ་མཁའ་དང་ནི་ནམ་མཁའ་བཞིན། །རང་གིས་རང་ནི་རིག་པར་འགྱུར། །འཇུག་དང་འབྱུང་དང་

Vol. 25 · folio 166b

གནས་པ་ཡི། །དལ་ཞིང་ངལ་བའི་རིས་ཀྱིས་སུ། །ཆ་མེད་དགེ་བ་རབ་ཞི་ནས། །རང་བཞིན་མེད་པ་ཉིད་དུ་འགྲོ། །ཡེ་ཤེས་འདི་ནི་རང་རིག་སྟེ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །བདག་བྱིན་བརླབ་པའི་རིམ་གྱིས་ནི། །དེ་ཉིད་རྣལ་འབྱོར་ཅན་ཤེས་བྱ། །ཀུན་དུ་དགའ་ལ་

སོགས་རིམ་དང་། །ཉེ་བར་བསྟན་པ་ལ་སོགས་བྱེ་བྲག་དང་། །རྣལ་འབྱོར་ལ་སོགས་རིམ་པ་ཡིས། །བླ་མའི་ལུང་ལས་མཆོག་ཏུ་བདེ། །ས་བོན་མེད་ཅིང་བསྒོམ་པ་མེད། །རང་བཞིན་སྟོང་པ་གནས་མེད་པ། །མ་ལུས་བསྲེག་པར་གཤེགས་པར་བྱ། །ཁྱད་པར་འགྲོ་བའི་བདེ་

བ་དང་། །གང་ཕྱིར་ཆགས་པའང་རྣམ་རྟོག་སྟེ། །ཆགས་བྲལ་དེ་ཡིས་དྲི་མར་བཅས། །གཏི་མུག་སྤངས་པ་གང་ཡིན་པ། །གཉིད་ལོག་སད་པ་བཞིན་ཤེས་བྱ། །ས་འོག་ས་སྟེང་མཐོ་རིས་སུ། །སྐད་ཅིག་གཅིག་གིས་སྐུ་གཅིག་འགྱུར། །བདག་དང་གཞན་གྱི་རྟོག་པ་

ཡིས། །བཅིང་བར་ནུས་པ་མ་ཡིན་ནོ། །སྔགས་ཀྱི་རྗེས་འབྲངས་མན་ངག་ཤིན་ཏུ་བསྟན། །གང་ཡིན་དངོས་རྣམས་ཆུ་ཟླ་ལྟ་བུར་བལྟ། །ཡུལ་ལ་མངོན་ཞེན་དག་ནི་བཟློག་འགྱུར་ཞིང་། །ཐུབ་པའི་དབང་པོའི་ལམ་ནི་ཉེ་བར་འགྱུར། །རང་གི་སེམས་ཉིད་བདུད་ཡིན་པས། །དེ་བས་སེམས་

ནི་དབང་དུ་བྱ། །རང་སེམས་དབང་དུ་བྱས་ནས་ནི། །བདུད་དང་དགྲ་དག་ཡོད་མ་ཡིན། །དཔེར་ན་གེ་སར་དྲི་ཞིམ་ལ། །མྱོས་པའི་བུང་བ་པང་ནང་དུ། །ཉི་མ་ནུབ་པས་བཅིངས་ནས་སུ། །སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར། །དེ་བཞིན་བླ་མའི་ལུང་ནི་ཉི་མ་ནུབ་པའི་སེམས་ཅན་གང་། །འཁོར་བ་རབ་འཇིགས་

རབ་རིབ་བདེ་བའི་ཞགས་པས་བཅིང་གྱུར་པ། །དེ་ཤར་བ་ཡིས་དེ་ཁོ་ན་ཉིད་ལམ་ནི་ཉེར་མཚོན་ནས། །རྗེས་སུ་མཐུན་པའི་ལམ་གྱིས་གོ་འཕང་མཆོག་ནི་ཐོབ་པར་འགྱུར། །དཔེར་ན་ཟས་ལ་ལོངས་སྤྱོད་དང་། །འདོད་ལ་མངོན་པར་ཞེན་པ་བཞིན། །དེ་བཞིན་དུ་ནི་གོམས་བྱས་པས། །

དངོས་ཀུན་སྟོང་པ་ཉིད་དུ་མཐོང་། །འཁོར་ལོ་བཞི་ལ་གནས་པ་ཡིས། །གདན་བཞི་པ་ཡི་དེ་བཞིན་བཞི། །དགྲ་ལས་རྒྱལ་བའི་སློབ་དཔོན་གྱིས། །རང་གིས་མྱོང་བ་བཞིན་དུ་བྲིས། །གདན་བཞི་པའི་ཤེས་རབ་ཡེ་ཤེས་ཀྱིས་མངོན་པར་བྱང་ཆུབ་གཏན་ལ་ཕབ་པ་སྟེ་དུམ་བུ་བཞི་པའོ།། །།

Vol. 25 · folio 167a

དཔལ་གདན་བཞི་པའི་དེ་ཁོ་ན་ཉིད་བཞི་པ་སློབ་དཔོན་ཛེ་ཏཱ་རིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words