དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཀྱི་དཀའ་འགྲེལ
Sanskrit title (Tibetan script, as in the text) ཤྲཱི་སརྦ་བུདྡྷ་ས་མ་ཡོ་ག་ཏནྟྲ་ནཱ་མ་པཉྩི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 27 · folio 1b
༄༅༅། །རྒྱ་གར་སྐད་དུ། ཤྲཱི་སརྦ་བུདྡྷ་ས་མ་ཡོ་ག་ཏནྟྲ་ནཱ་མ་པཉྩི་ཀཱ། བོད་སྐད་དུ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཀྱི་དཀའ་འགྲེལ། བཅོམ་ལྡན་
འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཀུན་མཛད་ཐམས་ཅད་པ། །ཀུན་ཁྱབ་མཆོད་ཆེན་རྡོ་རྗེ་དང་། །སློབ་དཔོན་ཨིནྡྲ་བྷཱུ་ཏི་ལ། །ཤཱཀྱ་བཤེས་གཉེན་ཕྱག་འཚལ་ལོ། །སངས་
རྒྱས་ཀུན་གྱི་ངེས་པའི་ཚིག །བླ་མས་བསྟན་པར་མཛད་དུ་གསོལ། །གསང་བ་ཞེས་ནི་གང་ལ་བགྱི། །མཆོག་གི་ཞེས་ནི་གང་ལ་བགྱི། །དགྱེས་པ་ཞེས་ནི་ཇི་ལྟར་བཤད། །ཐམས་ཅད་བདག་ཉིད་ཇི་ལྟར་
བཞུགས། །སངས་རྒྱས་ཀུན་གྱི་དངོས་པོ་གང་། །སེམས་དཔའ་ཞེས་ནི་གང་ལ་བགྱི། །རྣམ་པ་དག་ནི་གང་དག་གིས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །བདེ་བ་རྣམ་པ་དུ་རུ་བཤད། །རྡོ་རྗེ་སེམས་
དཔའ་ཇི་ལྟ་བུ། །དེ་ནི་ཇི་ལྟར་རང་བྱུང་ཡིན། །གཅིག་པུ་ཉིད་ནི་ཇི་ལྟ་བུ། །བཅོམ་ལྡན་འདས་སྒྲ་ཇི་ལྟ་བུ། །ཆེ་བའི་ལྷ་ནི་ཇི་ལྟ་བུ། །སངས་རྒྱས་ཐམས་ཅད་དོན་གང་ལགས། །མཉམ་པར་སྦྱོར་ཞེས་གང་
Vol. 27 · folio 2a
ལ་བགྱི། །མཁའ་འགྲོ་ཞེས་བྱ་གང་གི་མིང་། །སྒྱུ་མ་ཇི་ལྟར་འགྱུར་བ་ལགས། །བདེ་བའི་མཆོག་ཅེས་གང་ལ་བགྱི། །དེ་བཞིན་ངན་པར་སྤྱོད་པ་གང་། །ཁྱེད་ཀྱི་ཆགས་པ་མེད་པ་གང་། །ཆགས་པ་ཡང་
ནི་གང་ཞིག་ལགས། །ཆགས་བྲལ་མིན་པའང་ཁྱེད་ཀྱིས་ཤོད། །བུད་མེད་ཀུན་གྱི་སྒྱུ་མ་ཅི། །རྒྱ་འདི་གཉིས་མེད་ཐེག་པ་ཡི། །མཆོག་ཅེས་གང་ལ་རབ་ཏུ་བསྒྲགས། །གནས་ནི་གང་དུ་ཡང་དག་བཤད། །ཞུ་བ་པོར་ནི་འདིར་གྱུར་པ། །འདིར་
ནི་རྒྱུད་འདིའི་སྟོན་པ་སུ། །དེར་ནི་འཁོར་ཡང་ཇི་ལྟ་བུ། །རིགས་ནི་དབྱེ་བ་དུ་རུ་བཤད། །སྔགས་བཏུ་བ་ཡི་རིམ་པ་གང་། །སྟོང་པའི་ཀླུ་ཞེས་གང་ལ་བཤད། །བརྗོད་དང་འབྲེལ་དང་དགོས་པ་དང་། །སྔོན་བྱུང་བ་ཡི་རྣམ་དྲུག་
དང་། །དེ་བཞིན་སྣ་ཚོགས་པདྨ་རས། །ཨཱ་ལི་ཀཱ་ལི་མཉམ་པའི་རྒྱ། །མཉམ་མེད་མི་གཡོ་བསྟོད་པ་དང་། །དེ་ཉིད་མིན་པའི་རྣལ་འབྱོར་དང་། །ཤིན་ཏུ་དེ་ཉིད་ཇི་ལྟར་འགྱུར། །རོལ་མོ་ཕྱག་རྒྱའང་བཤད་དུ་གསོལ། །མཉམ་
པར་མ་གཞག་རྣལ་འབྱོར་དང་། །རྫོགས་པའི་སངས་རྒྱས་ཉི་ཟླ་དག །ཤར་བ་དག་ནི་ཇི་ལྟ་བུ། །དཀྱིལ་འཁོར་ཟླུམ་པོ་སངས་རྒྱས་ཀྱི། །རྡོ་རྗེ་ཅན་གྱི་ཟླ་གམ་བཞིན། །པདྨོའི་དབང་གིས་པདྨོའི་དབྱིབས། །རིན་ཆེན་མཆོག་གི་
Vol. 27 · folio 2b
རིན་ཆེན་དབྱིབས། །བྲི་བའམ་ཡང་ན་མི་བྲི་བའི། །དཀྱིལ་འཁོར་རྣམས་ནི་ཇི་ལྟར་གཞག །དཀྱིལ་འཁོར་དང་ནི་རྒྱུད་དང་ནི། །དེ་བཞིན་དུ་ནི་སྔགས་རྣམས་ཀྱིས། །སྦས་དང་གཙོ་བོའི་སྒྲ་ནི་གང་། །ཆོ་ག་རྣམས་ཀྱང་བཤད་དུ་གསོལ། །སྦྱོར་བའི་རྣམ་པའང་ཇི་ལྟ་བུས། །རྡོ་རྗེ་སེམས་
དཔའ་སྟོབས་ཆེན་ཡིན། །དབང་ཕྱུག་དང་ནི་ཚངས་པ་དང་། །དབང་པོར་བཅས་དང་ཁྱབ་འཇུག་དང་། །འདོད་ལྷ་ཆུང་མར་བཅས་གསོལ་ཞིང་། །ལྷ་མོ་བྷི་མ་དྲུག་མིན་བཅས། །མངོན་ཐོན་སྦྱར་བས་སྤྱད་མཛད་ལ། །སྔོན་ནི་དེ་ལ་སྐྱབས་སུ་སོང་། །རྟག་ཏུ་འདི་ལྟར་གཡུལ་འགྱེད་པ། །དེར་ནི་
གསང་བ་ཇི་ལྟ་བུར། །རྡོ་རྗེ་ཅན་དེ་བརྫུན་པའི་ཚིག །ཕྱི་ནས་གསུང་བར་མཛད་གྱུར་ཏེ། །སངས་རྒྱས་རྡོ་རྗེ་སེམས་དཔའ་དང་། །ཚངས་པ་ཁྱབ་འཇུག་ཟླ་བ་དང་། །ཐམས་ཅད་བདག་ཉིད་རྟག་བཞུགས་ཞེས། །གཞན་ཡང་སྔོན་ནི་གསུངས་པ་ཉིད། །རྡོ་རྗེ་སེམས་དཔའ་བྱེད་པ་པོ། །ལྷ་གཞན་
གང་ཞིག་ཡོད་དམ་ཅི། །རྡོ་རྗེ་ཉི་མ་མནན་པ་དང་། །རྣམ་པར་སྣང་མཛད་དཔལ་ཉིད་དང་། །དཔལ་ལྡན་རྡོ་རྗེ་མཆོག་མནན་ཅིང་། །དེ་བཞིན་དུ་ཡང་རྟ་མཆོག་དང་། །འཇིག་རྟེན་དབང་ཕྱུག་སྤྲུལ་མོ་དང་། །བྱང་ཆུབ་དེ་བཞིན་ཕ་རོལ་ཕྱིན། །རྐང་པ་རྐྱོང་དང་གནོན་པ་དང་། །བསྐུམས་
ནས་འདེགས་པའི་སྟབས་དག་གིས། །གཡས་དང་གཡོན་པའི་སྦྱོར་བ་ཡིས། །གཟུགས་རྣམས་ཐམས་ཅད་གནོན་པར་བྱེད། །བཅོམ་ལྡན་ལྷ་ཡི་རྣལ་འབྱོར་ནི། །མངོན་སུམ་རྗེས་སུ་དཔག་པ་གང་། །ཌཱ་ནི་ནམ་མཁར་འགྲོ་སྒྲ་དང་། །ཐམས་ཅད་མ་ལུས་པ་ཉིད་དང་། །ཀུན་
ཏུ་ཀུན་ནས་ཐམས་ཅད་ནི། །བདག་ཉིད་ཀུན་ཏུ་རྣམ་པ་ཀུན། །སངས་རྒྱས་བརྟན་གཡོ་ལ་སོགས་ཀུན། །ཀུན་གྱི་དངོས་པོར་ཇི་ལྟར་འགྱུར། །ཇི་ལྟར་སེམས་དེ་འདི་ལྟར་ཡང་། །དངོས་པོ་ཀུན་ལ་གནས་པར་འགྱུར། །རྡོ་རྗེ་ཅན་གྱི་གཞི་ཉིད་དང་། །ཁྲོ་བོའི་གཟུགས་སུ་ཇི་ལྟར་འགྱུར། །ཆོས་ཀྱི་སྐུ་ནི་ཇི་
ལྟར་བཤད། །ལོངས་སྤྱོད་རྫོགས་པས་གང་ཞིག་བྱ། །སྤྲུལ་པའི་ཚིག་ནི་ཇི་ལྟ་བུ། །རྡོ་རྗེ་སེམས་དཔའི་ཚིག་ནི་གང་། །ལྷ་ཡི་ཚིག་ནི་གང་ཞིག་ཅེས། །ཤཱཀྱའི་བཤེས་གཉེན་ཐེ་ཚོམ་གྱུར། །སྔགས་སྟོན་རྣམས་ཀྱིས་བཏུས་པ་ཡིས། །བཅོས་པའི་ཚིག་ནི་གང་ཞིག་ལྷ། །ཨིནྡྲ་བྷཱུ་
Vol. 27 · folio 3a
ཏི་དེ་ཉིད་མཁྱེན། །འདི་དག་ཐམས་ཅད་བཤད་དུ་གསོལ། །དེ་ནས་ལེགས་སོ་ལེགས་སོ་ཞེས། །སློབ་དཔོན་ཨིནྡྲ་བྷཱུ་ཏིས་བྱིན། །ཤཱཀྱ་ཤེས་རབ་རབ་ལྡན་ཁྱོད། །སངས་རྒྱས་ཀུན་གྱི་ངེས་པ་ཉོན། །ཇི་ལྟར་བླ་མས་བདག་ལ་བཤད། །མདོར་བསྡུས་
ནས་ནི་བཤད་པར་བྱ། །གནས་ནི་ནམ་མཁའ་ལྔས་བརྒྱན་པའི། །ཤེས་རབ་བྷ་ག་ཡིན་པར་བཤད། །ཆོས་ཀྱི་འཁོར་ལོ་ལྟེ་བ་ཆེར། །རྡོ་རྗེ་ཅན་ནི་སྟོང་པར་བཞུགས། །ཉིད་ཀྱི་ཐུགས་ནི་བདག་ཉིད་ཅན། །བདེ་མཆོག་དེ་ཡི་ཞུ་བ་པོ། །རྡོ་རྗེ་ཅན་གྱིས་བདག་འདོད་སྤྱོད། །ལོངས་
སྤྱོད་རྫོགས་པའི་སྐུར་མཛད་ཅིང་། །སྤྲུལ་པའི་སྐུ་ནི་སྟོང་པ་དང་། །ཆོས་ཀྱི་སྐུ་ནི་ཐིག་ལེར་བཅས། །ཇི་ལྟར་ཡང་དག་རྫོགས་གྱུར་ཅིང་། །སྟོན་པ་གདན་ལ་ལེགས་བཞུགས་ཏེ། །ལོངས་སྤྱོད་རྫོགས་པའི་སྐུར་མཛད་ནས། །སངས་རྒྱས་ཀུན་སྦྱོར་བཤད་དུ་གསོལ། །བདེ་མཆོག་མ་
མོའི་ཚོགས་བཅས་པར། །འདིར་ནི་ཞུ་བ་པོར་གྱུར་ཏོ། །རྡོ་རྗེ་ཅན་གྱི་མ་མ་ལ། །རིགས་ཀྱི་དབྱེ་བས་ཕྱི་སྟེ་བཤད། །འབྲེལ་བ་འཇིག་རྟེན་ཕ་རོལ་ཏེ། །དགོས་པ་སྒྲུབ་པ་པོ་རྣམས་ཀྱིས། །སྦས་པའི་སྒྲ་ནི་གསང་བ་སྟེ། །རྡོ་རྗེ་ཅན་གྱི་སྦ་བར་བཤད། །གཙོ་བོའི་སྒྲ་ནི་འདི་ནི་བཤད། །མངོན་
སུམ་གྱི་ནི་ཚིག་ཉིད་དོ། །གང་ཚེ་སེམས་ནི་མི་མཐོང་བས། །སྦས་ཏེ་རྗེས་སུ་དཔག་པ་སྟེ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །གཟུགས་སོགས་སྔོ་དང་སེར་པོ་དང་། །དཀར་དང་ལེ་བརྒན་མདོག་ཏུ་ནི། །གང་ཚེ་སེམས་ནི་མི་མཐོང་ཞིང་། །
རྣ་བ་དག་གིས་མི་ཐོས་པས། །གང་ཚེ་སེམས་ནི་ཇི་འདྲ་ཞེས། །རྗེས་སུ་དཔག་པར་དེ་ཚེ་འགྱུར། །གཞན་ཡང་དྲི་བཅས་སྣ་དང་ནི། །ལྕེ་ཡིས་ཚོར་བར་མི་འགྱུར་ཞིང་། །དེ་བཞིན་ལོངས་སྤྱོད་བདེ་བ་དག །གཞན་གྱི་སེམས་མཐོང་མི་འགྱུར་ལ། །ཁ་དང་རོ་ཡིས་མ་ཡིན་ཞིང་། །
རེག་བྱ་རྣམས་ཀྱང་དེ་བཞིན་ཏེ། །གསང་བ་མཆོག་གི་དགྱེས་པ་ན། །གང་ཞིག་ཐམས་ཅད་བདག་ཉིད་བཞུགས། །རྗེས་སུ་དཔག་པས་སྒོམ་བྱེད་པ། །གསང་བའི་གཞུང་ནི་འདི་ལྟ་བུའོ། །འདི་ནི་ཞེས་བྱའི་སྒྲ་ཡོད་པས། །ལ་ལ་མངོན་སུམ་པར་འདོད་ཏེ། །རང་བྱུང་ཀུན་ཏུ་སྣང་གྱུར་ཅིང་། །
Vol. 27 · folio 3b
དེ་བཞིན་ལོངས་སྤྱོད་རྫོགས་སྐུ་དང་། །མི་རུ་སྣང་ཞིང་སྤྱོད་པ་དང་། །སྣོམ་ཞིང་མྱང་དང་བཞད་པ་དང་། །རྣམ་པ་སྣ་ཚོགས་གཡུལ་འགྱེད་དང་། །དབང་པོ་གཉིས་ཀྱིས་འདོད་བདེ་དང་། །ཕྱག་ནི་བརྒྱ་ཕྲག་བྱེ་བ་དང་། །དབུ་ནི་འབུམ་ཁྲག་ཁྲིར་གྱུར་ཅིང་། །ཚད་མེད་ཞབས་
གཉིས་ཞབས་བཞི་དང་། །རྡོ་རྗེ་སེམས་དཔའ་བརྟན་པ་དང་། །གཡོ་བ་རྣམས་ནི་ཁྱབ་པ་ཞེས། །གང་ཕྱིར་སྔར་བཞིན་བཤད་པས་ན། །རྟག་ཏུ་མངོན་སུམ་སྣང་བ་ཡིས། །གསང་བ་མཆོག་གི་དགྱེས་པ་ཡི། །མངོན་སུམ་གཞུང་ནི་འདི་ལྟ་བུ། །དེ་ནས་ཤཱཀྱའི་བཤེས་གཉེན་
གྱིས། །ཨིནྡྲ་བྷཱུ་ཏི་ལ་ཞུས་པ། །གསང་བ་ཞེས་ནི་བཤད་པ་དེ། །གང་གིས་མི་ལ་རབ་ཏུ་བཤད། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །དེ་ཉིད་གསང་བ་ཞེས་བཤད་པ། །ས་བོན་ལྔ་ནི་གསང་བ་སྟེ། །སྦས་པའི་བདེན་པ་བཤད་པ་ཡིན། །གསང་བའི་པདྨ་གསང་བའོ། །
ཀཪྞ་ཀ་ཡི་དགའ་གསང་བ། །ཐམས་ཅད་འདུས་པ་གསང་བ་སྟེ། །བདེ་བའི་འོག་ནི་གསང་བ་ཞེས། །བརྡ་ཡིས་བཤད་པར་མཛད་པ་ཡིན། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །ཏིང་ངེ་འཛིན་ནི་མཆོག་ཅེས་བཤད། །སེམས་ཀྱི་རང་བཞིན་བསམ་མི་ཁྱབ། །ཡིད་བཞིན་ནོར་བུ་
འདྲ་བ་བཞིན། །བདེ་མཆོག་ཅེས་ནི་བྱ་བར་བསྒྲགས། །རྡོ་རྗེ་སེམས་དཔའི་བཙུན་མོ་གང་། །དེ་ནི་གཅིག་ལས་དུ་མར་ཕྱེ། །ཤེས་རབ་ཕ་རོལ་ཕྱིན་པའང་དེ། །ཀུན་མཁྱེན་ཀུན་རྩོལ་ཕྲ་བ་སྟེ། །སྙིང་གའི་ཕུག་གི་ནང་ན་གནས། །དེ་ནི་སྒྱུ་མའི་གཟུགས་སུ་ཤེས། །སངས་རྒྱས་ཐམས་
ཅད་སྟོན་པ་ཏེ། །སྔོན་བྱུང་བ་ནི་རྣམ་ལྔ་ཉིད། །བདེ་མཆོག་ལ་ནི་ཡང་དག་བཤད། །དྲུག་པ་ཉིད་ཀྱང་འབུམ་སྡེ་ཡི། །ཚད་ཀུན་རྒྱུད་ཀྱི་ནང་ཡིན་དེ། །རྡོ་རྗེ་སེམས་དཔའ་དེ་ལ་བཤད། །མི་ཡི་འཇིག་རྟེན་དག་ན་མེད། །བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུངས་སོ། །སྔོན་བྱུང་
གོ་རིམས་ཇི་ལྟ་བ། །འདི་ནི་བདེན་པ་མཆོག་གི་ཚིག །སྐད་ཅིག་ཙམ་གྱིས་དུས་གཅིག་ན། །སྔོན་བྱུང་བ་དང་གསུངས་པ་ནི། །སྔོན་བྱུང་བ་དང་བདེ་མཆོག་གི། །དུས་མང་ངག་དུ་མ་བཤད་དེ། །བླ་མ་རྡོ་རྗེ་ཅན་བཤད་པ། །མ་མོ་རྣམས་ཀྱི་ནང་དུ་བཤད། །ཐམས་ཅད་སྟོང་པ་ཉིད་
Vol. 27 · folio 4a
རྨོངས་པས། །ཤིན་ཏུ་ཡོངས་སུ་མྱ་ངན་འདས། །དེ་ཚེ་རྟག་ཏུ་རྡོ་རྗེ་ཅན། །སངས་རྒྱས་སྐུར་ནི་འཛིན་མཛད་ནས། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །ཁེངས་ལས་སེམས་ཅན་ཀུན་གྲོལ་མཛད། །སངས་རྒྱས་སྲིད་ལ་ལེགས་བཞག་ནས། །དབུགས་
འབྱིན་པ་ནི་སྩོལ་བར་མཛད། །རྣམ་པར་སྣང་མཛད་དབུགས་འབྱིན་བཤད། །ཧེ་རུ་ཀའི་ཡང་དེ་ཉོན་ཅིག །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཁྲོ་གཏུམ་གདུག་པར་གྱུར། །ལྷ་ལ་སོགས་པ་འཇིགས་བྱེད་ཅིང་། །བསྟན་པ་དག་ཀྱང་འཇིག་པར་བྱེད། །དེ་ནས་བཅོམ་ལྡན་རྡོ་རྗེ་
ཅན། །ཁྲོ་བོའི་གཟུགས་སུ་རྣམ་པར་ཕྱུང་། །འཇིགས་པ་ཆེན་པོའི་དུས་ལྟར་གཏུམ། །མཁའ་འགྲོ་རྣམས་ཀྱིས་ཡོངས་སུ་བསྐོར། །ཐམས་ཅད་ཟ་ཞིང་དྲལ་བ་དང་། །ཐལ་བར་གྱུར་པའང་འཚོ་བར་བྱེད། །ཧེ་རུ་ཀ་ཡི་དབུགས་འབྱུང་པའང་། །པདྨ་གར་གྱི་དབང་ཕྱུག་གིའམ། །
རྡོ་རྗེ་ཉི་མ་རྟ་མགྲིན་ཏེ། །ཐམས་ཅད་རྡོ་རྗེ་ཅན་ལས་ཕྱུང་། །འདི་ནི་གཏམ་གྱི་ཕྱག་རྒྱ་ལས། །འདི་ཉིད་དང་པོ་བསྟན་པ་ཡིན། །སྡུད་པར་བྱེད་པས་འདི་སྐད་ཅེས་གསོལ་ཏོ། །ཚངས་པ་ཁྱབ་འཇུག་དབང་པོར་བཅས། །ལྷ་ཆེན་པོ་དང་འདོད་ལྷ་དག །རྡོ་རྗེ་ཅན་གྱི་ཞབས་དག་ལ། །དད་
པས་སྐྱབས་སུ་འོངས་གྱུར་པ། །ཅི་ཡི་ཕྱིར་ན་དེ་ཡིས་གསོལ། །བི་མ་ལ་སོགས་མངོན་ཐོན་སྤྱད། །བདག་གིས་སྔར་ནི་གསོལ་མོད་ཀྱི། །འདི་ལ་ཐེ་ཚོམ་གྱུར་པ་མཆིས། །སློབ་དཔོན་གྱིས་དེ་སྐད་ཅེས་སྨྲས་སོ། །ཁྱབ་འཇུག་སྒྲ་ནི་རྣམ་ཤེས་ཡིན། །ཚངས་པ་ས་བོན་ཡིན་པར་
བཤད། །དབང་པོ་ལུས་སུ་གྱུར་པ་ཡིན། །བདེ་བ་ཐམས་ཅད་འདོད་པའི་ལྷ། །ལྷ་ཆེན་པོ་ནི་སེམས་དེ་ཉིད། །གཟུགས་མེད་ཁམས་ལ་གནས་པའོ། །བི་མ་ལ་སོགས་མིང་གིས་ནི། །ཤེས་རབ་ཀྱི་ནི་བྷ་གར་བཤད། །ནང་གི་གཞུང་ནི་འདི་ཡིན་ལ། །ཕྱི་ཡི་གཞན་དུ་བཤད་པ་
སྟེ། །རྡོ་རྗེ་སེམས་དཔས་ཚངས་ལ་སོགས། །མུ་སྟེགས་རྣམས་ནི་མངོན་མནན་པ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ། །རབ་ཏུ་འདུད་པར་མི་བྱེད་པས། །དགོས་པ་དེ་ཡི་དོན་དུ་ནི། །ཞབས་གཡོན་གྱིས་ནི་དྲག་པོ་མནན། །རྡོ་རྗེ་ཅན་གྱི་བརྫུན་ཚིག་ནི། །གང་ཞིག་ཁྱོད་
Vol. 27 · folio 4b
ཀྱིས་སྔོན་དྲིས་པ། །གང་ཚེ་ལྷ་ཆེན་མནན་གྱུར་ན། །ཐམས་ཅད་ཁྱབ་པར་ཇི་ལྟར་འགྱུར། །རྡོ་རྗེ་སེམས་དཔས་འགྲོ་བ་ཀུན། །སྣ་ཚོགས་གཟུགས་སུ་རྣམ་སྤྲུལ་ཏེ། །གཏི་མུག་ཞེ་སྡང་ཆགས་པ་ནི། །ཚངས་དང་ཁྱབ་འཇུག་ལྷ་ཆེན་གྱུར། །རྡོ་རྗེ་ཅན་གྱིས་བཀའ་མ་སྩལ། །
ལྷ་ཆེན་མོ་ཡང་སྟོང་པ་ཡིན། །བསྟན་པ་ཐམས་ཅད་གནོན་པར་མཛད། །མ་ནི་མི་དང་ལྷ་མ་ཡིན། །ཧ་ནི་བཞིར་གྱུར་པ་ཉིད་དེ། །གཏི་མུག་ཞེ་སྡང་ཆགས་པ་ནི། །དེ་ནི་ལུས་ཀྱི་དབུགས་གནས་པ། །བི་ནི་རླུང་གི་གཟུགས་ཅན་ནོ། །དེ་ཉིད་ཚངས་པའི་སྒྲ་ཅན་ཏེ། །ཁྱབ་འཇུག་
དང་ནི་དབང་པོའང་ཡིན། །རྡོ་རྗེ་སེམས་དཔའི་སྙིང་གནས་པའི། །བུད་མེད་རྟག་པར་འདོད་ཆགས་སྤྱད། །དེ་བས་བརྟན་དང་གཡོ་བཅས་ལ། །སྤྱོད་པས་འདོད་པའི་ལྷར་གྱུར་ཏོ། །ཐམས་ཅད་བདག་ཉིད་བཞུགས་ཉིད་ལ། །ཨིནྡྲ་བྷཱུ་ཏིའི་གཞུང་འདི་ཡིན། །སྡུད་པར་བྱེད་པས་འདི་
སྐད་ཅེས་གསོལ་ཏོ། །པདྨ་གསང་བ་ཞེས་བཤད་ཅིང་། །གསང་བ་འདོད་པར་བཤད་པ་དང་། །གསང་བ་ས་བོན་ཞེས་བཤད་ཅིང་། །གསང་བ་མཚལ་ཆེན་ཞེས་བཤད་དོ། །གསང་བ་རྣལ་འབྱོར་པ་ཡི་རྫས། །དྲི་ཆུ་ཤ་སྟེ་ལྔ་པོ་ཡི། །མཆོག་ནི་བདུད་རྩི་རྫས་རྣམས་ཏེ། །གཡོ་བ་ཡི་ནི་ཁམས་
རྣམས་ཀུན། །དགྱེས་པ་གཟི་བརྗིད་ཅེས་བཤད་ལ། །དགྱེས་པ་བདག་ལའང་གནས་པའོ། །སློབ་དཔོན་གྱིས་དེ་སྐད་ཅེས་གསུངས་སོ། །གསང་བ་བྱང་ཆུབ་སེམས་ཡིན་ཞིང་། །མཆོག་ནི་རྟ་མཆོག་ཡིན་པར་བཤད། །དགྱེས་པ་རྣམ་པར་སྣང་མཛད་ཡིན། །ཐམས་ཅད་སྒྲ་ནི་ཧེ་རུ་ཀ །ཡི་གེ་ར་ནི་གཉིས་
པ་ཡིས། །མཚལ་ཆེན་པདྨའི་རིགས་བྱུང་བའོ། །བ་ནི་རྡོ་རྗེ་ཉི་མའོ། །སྔོན་བྱུང་རིམ་པ་དེ་བཞིན་ནོ། །སྡུད་པར་བྱེད་པས་འདི་སྐད་ཅེས་གསོལ་ཏོ། །ཐམས་ཅད་ཁྱབ་པའི་ཡེ་ཤེས་གང་། །ཐམས་ཅད་བདག་ཉིད་ཇི་ལྟར་བཞུགས། །འགྲོ་བ་དང་ནི་འོང་བ་ཉིད། །ཐུགས་ཀྱི་པདྨ་ཇི་
ལྟར་གནས། །སྣོད་ནི་ཇི་ལྟར་འབིགས་པར་འགྱུར། །མཐོང་བའི་གཏམ་ནི་ཇི་ལྟ་བུ། །གཞན་གྱི་གྲོང་དུ་ཇི་ལྟར་འགྲོ། །བདག་ནི་ཐེ་ཚོམ་ཆེན་པོ་འདི། །རང་གི་ལུས་ལ་རྩ་རྒྱུས་སུ། །བདག་ཉིད་ཀྱིས་ནི་ནང་ན་གནས། །འབྱུང་བ་ཀུན་ལ་གནས་པ་ཡི། །ཡེ་ཤེས་དེ་ནི་གང་དུ་
Vol. 27 · folio 5a
གནས། །རྣམ་པ་གང་དང་གང་དག་གིས། །རྟག་ཏུ་རོལ་ཅིང་རྩེ་བར་འགྱུར། །ཅིར་སྣང་བརྟག་པར་མི་ནུས་ལ། །ཕྲ་ཞིང་ཤིན་ཏུ་དྲི་མ་མེད། །ཧཱུཾ་ཆ་བཅས་པ་གང་ལགས་ལྷ། །ཆ་མེད་ཆ་ནི་རྣམ་སྤངས་གང་། །སློབ་དཔོན་གྱིས་དེ་སྐད་ཅེས་གསུངས་སོ། །
སྙིང་གར་གནས་པའི་ཡི་གེ་ཧཱུཾ། །ས་བོན་ཆ་དང་བཅས་པ་ཡིན། །ཡི་གེ་ཧ་ནི་ཆ་སྤངས་པ། །དེ་བཞིན་ཆ་མེད་འགྱུར་ཡིན་ཞེས། །འདུལ་བ་དོན་ཡོད་རྒྱུད་ལས་ནི། །ཕྱག་ན་རྡོ་རྗེས་གསུངས་པ་ཡིན། །མཚན་ནི་ལྡན་པར་རབ་གྱུར་ཞེས། །དེ་ཉིད་བསྡུས་ལས་བཤད་པ་ཡིན། །
མི་ཤིགས་འདུ་ཤེས་བྲལ་བ་ཞེས། །དཔལ་མཆོག་ལས་ཀྱང་གསུངས་པ་ཡིན། །བཅོམ་ལྡན་དེ་ཉིད་འདི་ལྟ་བུར། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །རྟག་ཏུ་མེད་ཅིང་སྣང་བ་མེད། །ནམ་མཁའ་ལྔས་ནི་རྣམ་པར་བརྒྱན། །རྐང་པའི་མཐིལ་ནས་སྤྱི་བོའི་བར། །བདག་
ཉིད་རྟག་ཏུ་བརྗོད་པ་ཡིན། །དེར་ནི་སྒོམ་པར་བྱེད་པ་ན། །ཕྲེང་བ་མི་དགོས་སྔགས་མི་དགོས། །གཟུང་དང་སྦྱིན་སྲེག་ལས་རྣམས་དག །མཆོག་ལས་མཆོག་ཏུ་ལྡོག་པར་འགྱུར། །ནམ་མཁའ་མཆོག་ནི་མྱ་ངན་འདས། །མྱ་ངན་འདས་པ་ཡིན་ཞེས་བརྗོད། །ཡིད་ལས་འདས་པ་
རྡོ་རྗེ་ཆེ། །རྣམ་རྟོག་མེད་ཅིང་གནས་མེད་པ། །འགྱུར་བ་མེད་ཅིང་སྣང་བ་མེད། །ཆགས་པ་མེད་ཅིང་སྐྱེ་བ་མེད། །དམིགས་སུ་མེད་ཅིང་མཚན་མ་མེད། །ལུས་མེད་དབང་པོ་རྣམ་ཀྱང་མེད། །ཆ་མེད་དག་ཅིང་དྲི་མ་མེད། །གཞན་ཡང་ཞི་ཞིང་ངེས་པར་རྒྱལ། །འཆི་མེད་རྒ་བ་
མེད་རྡོ་རྗེ། །ནད་མེད་བསྟན་ཏུ་མེད་པ་དང་། །རྨ་མེད་བདེ་སོགས་སྟོང་པ་ཉིད། །ཟག་མེད་དེ་བཞིན་འཇིག་པ་མེད། །ཆགས་མེད་ཀུན་འགྲོ་གསང་བ་སྟེ། །དེ་ཉིད་གནས་པ་རྣམས་སྤངས་པ། །ཆ་མེད་ཆ་བཅས་ལས་འདས་པ། །སྒྲ་དང་རེག་པ་མེད་པ་སྟེ། །ངོ་བོ་ཉིད་དང་
འབའ་ཞིག་གཅིག །དེ་བཞིན་གནས་སུ་ངེས་པ་སྟེ། །ཟུར་གཅིག་མ་ཡིན་ཟུར་གསུམ་མིན། །ལ་ལ་ཟླུམ་པོའི་དབྱིབས་སུ་མིན། །རིང་པོར་མ་ཡིན་ཐུང་ངུར་མིན། །དེ་བཞིན་ཡོ་དང་དྲང་བ་མིན། །ཚད་མིན་རྣམ་པར་ཤེས་པ་མིན། །མདུན་དུ་མ་ཡིན་རྒྱབ་དུ་མིན། །མངོན་
Vol. 27 · folio 5b
སུམ་མ་ཡིན་ལྐོག་ཏུ་མིན། །གཟུང་མེད་གཟུང་བ་རྣམས་སྤངས་པ། །ཆ་ཙམ་མ་ཡིན་སྤུ་ཙམ་མིན། །ཤིན་ཏུ་ཕྲ་བའི་ཆར་ཡང་མིན། །འགྲོ་བ་དང་ནི་འོང་བ་མིན། །ལམ་དང་དེ་བཞིན་ལམ་ངན་མིན། །ཚད་མེད་བསམ་གྱིས་མི་ཁྱབ་པར། །རྡོ་རྗེ་སེམས་དཔའ་རྣམ་པར་
བཞུགས། །སྡུད་པར་བྱེད་པས་འདི་སྐད་ཅེས་གསོལ་ཏོ། །རྫོགས་པའི་སངས་རྒྱས་ཉི་ཟླ་རྣམས། །ཤར་བ་དག་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང་། །བསོད་ནམས་ཐམས་ཅད་གྲུབ་པར་འགྱུར། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །བསམ་
གཏན་དུས་སུ་རྣལ་འབྱོར་པས། །གསང་བའི་དཀྱིལ་འཁོར་རྟག་མཐོང་བ། །ཉི་ཟླ་དག་ནི་ཤར་བ་སྟེ། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང་། །བསོད་ནམས་ཐམས་ཅད་འགྲུབ་པར་འགྱུར། །གཞན་དག་འདོད་པའི་གཞུང་ཡང་ནི། །ཟླ་བ་ས་བོན་ཞེས་བཤད་པ། །ཉི་མ་མཚལ་
ཆེན་ཡིན་པར་འདོད། །དེ་ནས་འདྲེས་པ་རྫོགས་སངས་རྒྱས། །འབྲེལ་བས་ས་བོན་མཚལ་ཆེན་པོ། །དེ་དག་མཐོང་བ་ཙམ་གྱིས་ནི། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང་། །སྔགས་ཀྱི་གཟུགས་ཀྱིས་ཟོས་པས་ནི། །བསོད་ནམས་ཐམས་ཅད་འགྲུབ་པར་འགྱུར། །ཤར་བ་ཞེས་
བྱའི་སྒྲ་གང་ཡིན། །ས་བོན་རྒྱུན་ནི་མིན་པར་བཤད། །བཞད་པའི་རྡོ་རྗེའི་གཞུང་ཡིན་ཏེ། །ཨིནྡྲ་བྷཱུ་ཏིས་གཞུང་ཡང་ཡིན། །རྩ་བའི་རྒྱུ་བར་བཤད་པ་ནི། །དེ་ནི་སྣ་སྦྱོར་གཉིས་དག་སྟེ། །དེ་དག་འདུས་པའི་དུས་ཀྱང་ནི། །ལྷ་རྣམས་དམིགས་པ་དྲན་པའོ། །འདི་ནི་འགྲོ་དང་འོང་
བ་ཡི། །དོན་ནི་ཡང་དག་བསྟན་པ་ཡིན། །དེ་ནི་ལུས་ལ་སྟེང་སྒོར་ཡང་། །རྡོ་རྗེ་ཅན་ནི་རྟག་ཏུ་གནས། །སྟེང་གི་སྒོ་ནི་འདབ་མ་གསུམ། །སྒོ་དགུ་ཡིས་ནི་ཡོངས་བསྐོར་ལ། །རྙོག་མེད་བརྟག་པར་མི་ནུས་པས། །བླ་མའི་ཁ་ལས་རྙེད་པར་འགྱུར། །རང་གི་བདག་དབུས་ནས་
རྙེད་པས། །དེས་ན་རང་བྱུང་ཞེས་བརྗོད་དེ། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཕྱེ་བའི་ལྷ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་པར་བཞུགས། །སྡུད་པར་བྱེད་པས་འདི་སྐད་ཅེས་གསོལ་ཏོ། །ཌཱ་ནི་ནམ་མཁར་འགྲོ་མ་ཞེས། །
Vol. 27 · folio 6a
ཁམས་ལས་མངོན་དུ་རྟག་པ་སྟེ། །ནམ་མཁའ་ཀུན་ཏུ་སྤྱོད་འགྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཌེ་ནི་མཁའ་འགྲོ་མ་ཞེས་པའི། །དོན་ནི་ཇི་ལྟར་ཉེ་བར་སྦྱར། །དེ་ནས་སྒྲ་འདི་བརྟག་བྱ་སྟེ། །དེ་ལ་རབ་བཤད་རྡོ་རྗེ་དང་། །སློབ་དཔོན་
གཞན་གྱི་གཞུང་དག་གིས། །འདི་ནི་སྦྱོར་བ་བཤད་པར་བྱ། །ཁམས་ཀྱི་སྒྲ་ནི་ས་བོན་ཏེ། །གཅིག་ཏུ་བརྟག་པ་ཉིད་ཀྱིས་ནི། །བཟའ་བ་བརྟག་པ་དེ་བཞིན་ཏེ། །ཌཱ་ནི་མཁའ་འགྲོའི་སྒྲ་ཡིས་སོ། །ཨིནྡྲ་བྷཱུ་ཏིའི་གཞུང་ཉོན་ཅིག །ཌེ་ནི་ལུས་ཞེས་བཤད་པ་ཡིན། །བེ་ནི་རྟག་ཏུ་རྡོ་རྗེ་འཛིན། །
ཧ་ནི་གཞི་རུ་གྱུར་པ་སྟེ། །རྐང་པའི་གཞི་ནས་སྤྱི་བོར་བརྟེན། །མི་ཤིགས་གང་དང་གང་ཕྲད་པ། །རྟག་ཏུ་རང་ཉིད་བརྗོད་པ་ཡིན། །ཡ་ནི་མི་མངོན་པ་ཉིད་དེ། །མི་མངོན་གནས་ལས་བྱུང་བའོ། །འགྲོ་དང་འོང་བ་ཉིད་དག་གིས། །ཁམས་ནི་རང་གར་འགྲོ་བའོ། །རེ་ཞིག་ཁམས་ཞེས་
བྱ་བའི་སྒྲ། །གསང་བའི་ཡི་གེ་བཅུ་དྲུག་སྟེ། །རི་ནི་འཚལ་ཆེན་པོ་ཡི་ཁམས། །ཧ་ནི་དེ་བཞིན་རེག་པའོ། །སྱེ་ནི་བད་ཀན་ཡིན་པར་བཤད། །ཡི་གེ་པ་ནི་འཁྲིག་པ་ཉིད། །ར་ནི་ཆུ་ཡི་ངོ་བོའོ། །མེ་ནི་དེ་བཞིན་ཚིལ་ཡིན་ཏེ། །ར་ནི་མེ་ཉིད་ཡིན་པར་བཤད། །མེ་ནི་དེ་བཞིན་ཤ་
ཉིད་དོ། །ས་ནི་བཤང་བར་བཤད་པ་ཡིན། །རྦ་ནི་དེ་བཞིན་ཞག་ཡིན་ལ། །མ་ནི་པགས་པ་ཉིད་དུ་བཤད། །ནི་ནི་རུས་པ་ཉིད་ཡིན་ནོ། །ས་ནི་གཅི་བར་གྱུར་པ་ཡིན། །ད་ནི་གློ་བ་ཡིན་པར་བཤད། །སྠི་ནི་གང་གང་ཞེས་བཤད་པའི། །མཁལ་མའི་རྫས་ནི་རབ་མཛེས་པའོ། །རྟ་
ནི་ཁུ་བར་གྱུར་པ་སྟེ། །བྱང་ཆུབ་སེམས་ལས་ལེགས་བྱུང་བའོ། །ཁམས་ཀྱི་སྒྲ་ནི་འདི་དག་ཏུ། །ཨིནྡྲ་བྷཱུ་ཏིའི་གཞུང་ཡིན་ནོ། །བདག་ཉིད་རང་གི་ལྷར་སྦྱོར་བས། །བདག་ཉིད་རབ་ཏུ་བསྒྲུབ་བྱ་བར། །རྒྱུད་འདིར་ཡང་དག་བསྟན་པ་ཡིན། །ཚོགས་ཀྱི་དཀྱིལ་འཁོར་བསྒྲུབ་པ་ནི། །ཁྲག་
དགྱེས་པ་ཡི་རྒྱེན་དུ་རྐང་། །རབ་ཏུ་འབད་དེ་བསྒྲུབ་པར་བྱ། །དབུས་སུ་རྣམ་སྣང་མགོན་པོ་གཙོ། །དེ་དབུས་བདེ་བ་ཆེན་པོ་སྟེ། །དངོས་གྲུབ་དཀྱིལ་འཁོར་བཞི་པོ་ནི། །རིམ་པ་བཞིན་དུ་གཞག་པར་བྱ། །སྡུད་པར་བྱེད་པས་འདི་སྐད་ཅེས་གསོལ་ཏོ། །གཙོ་བོ་ཁྱོད་ཀྱིས་གསུངས་པ་ཡི། །
Vol. 27 · folio 6b
གཞུང་འདི་སློབ་དཔོན་གང་གིས་ལགས། །སློབ་དཔོན་གྱིས་ནི་འདི་སྐད་ཅེས་གསུངས་སོ། །དེ་ནི་བཞད་པའི་རྡོ་རྗེ་སྟེ། །ཨིནྡྲ་བྷཱུ་ཏིའི་གཞུང་ཡིན་ལ། །སློབ་མ་རྣམས་ལ་ཕན་འདོད་པས། །དཀྱིལ་འཁོར་བྲི་བར་བཞག་པ་ནི། །ཨིནྡྲ་བྷཱུ་ཏིའི་བཤད་པའི་གཞུང་། །དཀྱིལ་འཁོར་དབུས་
སུ་ཧེ་རུ་ཀ །ཟླ་གམ་ཞེས་ནི་བཤད་པ་གང་། །ཐོད་པ་མགོ་ཡི་ཁུ་བས་ཁྱབ། །ཟུར་བཞི་རྡོ་རྗེ་ཅན་དཀྱིལ་འཁོར། །སངས་རྒྱས་དཀྱིལ་འཁོར་ཟླུམ་པོ་ཡིན། །པདྨའི་དབྱིབས་ཞེས་བཤད་པ་ནི། །པདྨ་གར་དབང་ལས་བྱུང་བའོ། །དཀྱིལ་འཁོར་གྲུ་གསུམ་བྲི་བ་ནི། །རྟ་མགྲིན་གྱི་
ནི་དཀྱིལ་འཁོར་དུ། །རིན་ཆེན་དབྱིབས་སུ་བྱ་བ་ནི། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་དུའོ། །ཤར་ལ་སོགས་པའི་ཕྱོགས་སུ་ནི། །སྒོ་སྲུང་བཞི་ནི་གཞག་པར་བྱ། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །རྡོ་རྗེ་སེམས་དཔའ་ལྷ་མོ་དང་། །གང་གཞན་ཧེ་རུ་ཀ་སོགས་ཀྱི། །སྔགས་
ཀྱི་འབྱུང་བ་གསང་བ་དང་། །ཁྲོ་བོ་རྣམས་ཀྱི་ཁྱད་པར་དུའོ། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །དང་པོར་ཨོཾ་ནི་ཡང་དག་སྦྱར། །དེ་ནི་ལྷ་མོ་རྣམས་ལའང་བཤད། །དེ་ནས་ཨ་དང་སྦྱར་བྱས་ཤིང་། །དེ་ཡི་འོག་ཏུ་ཡི་གེ་ཧཱུཾ། །ཧ་ནི་སྟོང་པ་ཞེས་བཤད་དེ། །མགོ་དང་
ཐིག་ལེར་བཅས་བྱས་པའོ། །ཡི་གེ་སྭཱ་ཧཱར་དེ་བརྗོད་པ། །སྔགས་རྣམས་ཀྱི་ནི་དཔལ་བྱེད་པའོ། །དེ་ནས་ཕཊ་དང་སྦྱར་བ་ནི། །གང་གཞན་ཁྲོ་བོའི་དཀྱིལ་འཁོར་དུའོ། །སྔགས་ཀྱི་འབྱུང་བ་གསང་བ་ནི། །བདག་གི་དེ་ཉིད་ལ་གནས་སོ། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་
ཏོ། །རྣམ་པ་དག་ནི་ཇི་ལྟ་བུ། །ལྷ་རྣམས་ཀྱི་ནི་ཁང་པར་བཤད། །ཁང་པ་རྣམ་པ་དུ་རུ་བཤད། །ལྷ་ནི་གང་ཞིག་ཁང་པ་གང་། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །ལྷ་ནི་ལྷ་རུ་སྦྱོར་བ་སྟེ། །ལྷ་རྣམས་ཀྱི་ནི་ལྷ་ཉིད་དོ། །ཁང་པ་དཀྱིལ་འཁོར་ཞེས་བཤད་པ། །
བཞད་པ་རྡོ་རྗེའི་གཞུང་ཡིན་ནོ། །ཨིནྡྲ་བྷཱུ་ཏིའི་གཞུང་ཇི་བཞིན། །ལྷ་ཡི་ཁང་པ་དེ་བཤད་བྱ། །དེ་ནི་ལུས་ཞེས་བཤད་པ་ཡིན། །བཛྲ་རྡོ་རྗེ་ཡིན་པར་བཤད། །ག་ནི་པདྨ་ཞེས་བཤད་ལ། །ར་ནི་རིན་ཆེན་འབྱུང་ལྡན་ནོ། །རིན་ཆེན་ས་བོན་ཞེས་བཤད་ཅིང་། །རིན་ཆེན་པདྨ་ཞེས་
Vol. 27 · folio 7a
བཤད་དེ། །རིན་ཆེན་བཅུད་ལེན་མཚལ་ཆེན་དང་། །དྲི་ཆུ་ཤ་སྟེ་ལྔ་པའོ། །དམར་ཆེན་དང་ནི་ག་པུར་བཅས། །ཙནྡན་དམར་པོ་སྦྱོར་བ་དག །ཚོགས་ཀྱི་དབུས་སུ་བཞག་པ་ནི། །ར་ས་ཡ་ན་ཀུན་སློང་བའོ། །དུས་སུ་ཡང་དག་བྱུང་བ་ཡི། །མེ་ཏོག་
མཚལ་ཆེན་ཡིན་པར་བཤད། །ག་པུར་ས་བོན་ཞེས་བཤད་དེ། ཙནྡན་དམར་པོ་སྦྱར་བ་དག །རབ་ཏུ་འབད་དེ་ཟོས་གྱུར་ན། །བདུད་རྩི་སྨན་ནི་ཆེན་པོའོ། །ཆགས་མིན་ཆགས་དང་བྲལ་བ་མིན། །དབུ་མར་ཡང་ནི་མི་དམིགས་པ། །ཆགས་པ་མིན་པ་རྡོ་རྗེ་ཅན། །ཆགས་དང་
བྲལ་མིན་བདེ་བའི་མཆོག །དེ་དག་ཕྱག་རྒྱ་རབ་སྦྱོར་བ། །དབུ་མར་ཡང་ནི་མི་དམིགས་པའོ། །གཞུང་གཅིག་ལེགས་པར་བཤད་ནས་ནི། །གཞུང་གཉིས་པོ་ནི་བཤད་པར་བྱ། །ཆགས་པས་གྲོལ་བར་མི་འགྱུར་ཞིང་། །དེ་བཞིན་སྡང་བས་མ་ཡིན་པ། །གཏི་མུག་དབུ་མ་ཞེས་
བརྗོད་དེ། །དེ་བས་འདི་ནི་སྤང་བར་བྱ། །སློབ་དཔོན་གཉིས་པའི་གཞུང་འདི་ཡིན། །གསུམ་པའི་གཞུང་ནི་བཤད་བྱ་སྟེ། །ཆགས་པ་མིན་པས་ས་བོན་ཏེ། །ཆགས་དང་བྲལ་མིན་རྡོ་རྗེ་ཆུ། །དབུ་མར་གྱུར་པ་མཚལ་ཆེན་པོ། །བཞི་པའི་གཞུང་ནི་བཏུ་བར་བྱ། །ཚོགས་ཀྱི་དཀྱིལ་
འཁོར་དབུས་སུ་ནི། །རྟག་ཏུ་ཆགས་པར་མི་བྱ་ཞིང་། །བུད་མེད་ཀྱིས་ནི་ཆགས་བྲལ་མིན། །སྒོམ་པ་དབུ་མར་གྱུར་པའོ། །སྐུ་གསུང་ཐུགས་ནི་བསྒྲུབ་པ་ཡི། །ཨིནྡྲ་བྷཱུ་ཏིའི་གཞུང་གིས་བཤད། །རྩ་བའི་སྦུབས་ནི་གཙོ་བོ་གསུམ། །ལུས་ཀྱི་ནང་ན་རྣམ་པར་གནས། །དེ་རྣམས་ཀྱི་
ནི་ཁང་པ་དགུ། །བཅུ་པ་བླ་མའི་ཁ་ལས་སོ། །ཨཱ་ལི་ཀཱ་ལི་ཡོངས་སྤངས་ཤིང་། །ཕྱག་རྒྱའི་ཡི་གེ་མཆོག་ཡིན་ལ། །མི་ཤིགས་རྡོ་རྗེ་ཅན་གྱིས་ནི། །ལྷ་མོ་རྟག་ཏུ་དྲན་པར་བྱ། །ཆགས་པ་མིན་པས་མིག་གི་སྒོ། །ཆགས་དང་བྲལ་མིན་ཁ་ཉིད་ཡིན། །དབུ་མ་སྣ་ཞེས་བཤད་
པ་སྟེ། །གནས་གསུམ་དག་ནི་སྤང་བར་བྱ། །སྟོང་པ་ཤིན་ཏུ་རྣལ་འབྱོར་ཡོད་མེད་མཐུས། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །སྟོང་པ་ནམ་མཁའ་ཞེས་བརྗོད་
Vol. 27 · folio 7b
ཅིང་། །སྟོང་པ་བདག་ལ་རྣམ་པར་གནས། །སྟོང་པ་ཆ་ལས་འདས་པ་དང་། །མི་ཤིགས་པ་ཡི་ཡི་གེར་བཤད། །སྟོང་པ་དངོས་པོ་མེད་པ་ཡིས། །རྡོ་རྗེ་སེམས་དཔའ་རྣམས་བཞུགས་ཏེ། །འབྱུང་བ་བཞི་སོགས་གོང་པོ་ནི། །ཆོས་ཀྱི་དབྱིངས་སུ་རབ་ཏུ་བརྟག །ཨ་ནི་མེ་
ལོང་ལྟ་བུར་བཤད། །ས་ནི་མཉམ་པ་ཉིད་དུ་གྱུར། །པྲ་ནི་སྒྲ་བརྙན་ལྟ་བུ་སྟེ། །སོ་སོར་རྟོག་པ་འདྲ་བར་བཤད། །ཀྲི་ནི་བྱ་བ་བྱེད་པས་ན། །དེ་ནི་བྱ་བ་སྒྲུབ་པར་འགྱུར། །རྐང་མཐིལ་ནས་ནི་སྤྱི་མཐའ་རུ། །སྟོང་པ་དེ་ནི་དབུས་ན་གནས། །སེམས་ཅན་ཀུན་ལ་རྣམས་གནས་ནས། །
རྟག་ཏུ་རང་ཉིད་བརྗོད་པར་འགྱུར། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །དཀྱིལ་འཁོར་དག་ནི་མ་ལུས་པའི། །ལྷ་ནི་དུ་ཞིག་རྣམ་པར་བཞུགས། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །དེ་ལ་དང་པོ་ཉིད་དུ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ནི། བདེ་མཆོག་
ཀཱི་ལི་ཀཱི་ལའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་སེམས་དཔའི་དམ་ཚིག་བདེ་མཆོག་ཀཱི་ལི་ཀཱི་ལ་ཞེས་བྱ་བའི་ཕྱག་རྒྱ་དང་། །དཔལ་རྡོ་རྗེ་བདེ་མཆོག་ཀཱི་ལི་ཀཱི་ལ་ཞེས་བྱ་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་ཆེ་བདེ་མཆོག་ཀཱི་ལི་ཀཱི་ལ་ཞེས་བྱ་བའི་ཕྱག་རྒྱ་དང་། དཔལ་ཚངས་པའི་མགོ་རྡོ་རྗེའི་
མདའ་ཞེས་བྱ་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་སྲེད་མེད་ཀྱི་བུ་ཞེས་བྱ་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་གར་གྱི་དབང་ཕྱུག་ཅེས་བྱ་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་འདོད་པའི་ལྷ་མོ་ཞེས་བྱ་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་པདྨ་རྟ་གདོང་ཞེས་བྱ་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་ཕག་མོ་ཞེས་
བྱ་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་ཉི་མའི་མེ་ཞེས་བྱ་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་ཆོས་ཀྱི་དབྱིངས་ཡང་དག་པར་འཚོ་བ་ཞེས་བྱ་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་གླིང་བུ་བྱེད་པ་ཞེས་བྱ་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་པི་ཝང་གི་བདེ་བས་རབ་ཏུ་རྨོངས་པ་ཞེས་བྱ་བའི་ཕྱག་རྒྱ་དང་།
དཔལ་རྡོ་རྗེ་མུ་ཀུན་ད་ཞེས་བྱ་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་རྫ་རྔ་ཞེས་བྱ་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་མེ་ཏོག་ཅེས་བྱ་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་བདུག་པ་ཞེས་བྱ་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་མར་མེ་ཞེས་བྱ་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་དྲི་ཞེས་བྱ་བའི་ཕྱག་རྒྱ་དང་།
Vol. 27 · folio 8a
དཔལ་རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་ཞགས་པ་ཞེས་བྱ་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་ལྕགས་སྒྲོག་ཅེས་བྱ་བའི་ཕྱག་རྒྱ་དང་། དཔལ་རྡོ་རྗེ་དྲིལ་བུ་ཞེས་བྱ་བའི་ཕྱག་རྒྱ་སྟེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ། །ཉི་ཤུ་རྩ་ལྔས་
ཡོངས་སུ་བསྐོར། །སངས་རྒྱས་མེ་ཏོག་ཕྲེང་བརྒྱན་པའི། །དཀྱིལ་འཁོར་གཉིས་པ་བཤད་པར་བྱ། །དང་པོ་སངས་རྒྱས་ཀུན་བརྗོད་མ། །གཉིས་པ་ཤིན་ཏུ་རྒྱལ་མོ་སྟེ། །གསུམ་པ་ཀུན་ཏུ་བཟང་མོ་ཡིན། །བཞི་པ་མི་ཟད་ཟ་མ་ཏོག །རྡོ་རྗེ་སངས་རྒྱས་ཀུན་ཡན་ལག །དེ་བཞིན་
ཞལ་བཟང་གཟུང་མ་དང་། །སྤྲིན་ཆེན་མོ་ནི་བདུན་པ་སྟེ། །བརྒྱད་པ་ནམ་མཁའི་སྤྱན་ཡིན་ནོ། །སངས་རྒྱས་དཀྱིལ་འཁོར་བཤད་ནས་ནི། །ཧེ་རུ་ཀར་གྲགས་བསྟན་པར་བྱ། །དཀར་མོ་ཀུན་བྱེད་རབ་རྨོངས་དང་། །རོ་ལངས་དེ་བཞིན་སྤོས་བྱེད་མ། །གཏུམ་མོ་སྨེ་ཤ་ཉིད་ཡིན་ཏེ། །
ལྷ་མོ་བདུན་པོ་བརྡ་ཡིས་ནི། །ངེས་པར་ཐམས་ཅད་སློང་བྱེད་དེ། །པདྨར་གནས་པ་བརྒྱད་པའོ། །པདྨ་གར་གྱི་དབང་ཕྱུག་ནི། །ལྷ་མོ་བརྒྱད་ཀྱིས་ཡོངས་བསྐོར་ཏེ། །རྣམ་པར་ལྟ་བ་རྣམ་དག་དཔལ། །སྒྲོལ་མ་བློ་གྲོས་མཆོག་གྱུར་དང་། །འཁོར་ལོས་སྒྱུར་ཉིད་བུདྡྷི་ནི། །ཁྲོ་གཉེར་
ཅན་དེ་ཕྱག་རྒྱའི་ལམ། །ལྷ་མོ་དཔལ་ཆེན་ལྔ་པ་སྟེ། །དྲུག་པ་པདྨ་ལ་གནས་པ། །འདོད་པའི་དབང་མོ་བདུན་པ་ཡིན། །འགྲོ་བ་གསུམ་མོ་བརྒྱད་པའོ། །རྡོ་རྗེ་ཉི་མ་མཆོད་པ་ནི། །བརྒྱད་ཀྱིས་བསྐོར་རིམ་བདག་གིས་བཤད། །མདའ་གཞུ་དང་ནི་རལ་གྲི་དང་། །གཟི་བརྗིད་
འབར་བ་གསུམ་པའོ། །དབང་བསྐུར་བ་ནི་བཞི་པ་སྟེ། །ལག་ན་གཏོར་འཆང་ལྔ་པ་ཡིན། །ལག་ན་རྒྱལ་མཚན་དྲུག་པ་སྟེ། །མཆོད་པ་ཆེན་པོ་བདུན་པ་ཡིན། །བརྒྱད་པ་ལག་ན་ཉི་མ་སྟེ། །སྣ་ཚོགས་གཟུགས་ཅན་ཕྱག་བཞི་པ། །རྟ་མགྲིན་མཆོད་པ་གང་ཡིན་པ། །
དྲག་པོའི་སྦྱོར་བས་བསྒྲུབ་པ་སྟེ། །ལྷ་མོ་བྷི་མ་དྲུག་མ་དང་། །དེ་བཞིན་རབ་ཏུ་ཞི་མ་དང་། །དགའ་དང་གདུག་དང་ནག་མོ་དང་། །འདོད་མི་སྤྱོད་པའི་ཆུང་མར་བཅས། །དབང་པོའི་ཆུང་མའང་གང་ཡིན་པ། །དྲག་པོའི་སྦྱོར་བས་བསྒྲུབ་པའོ། །པི་ཝང་རོལ་མོའི་མཆོག་གང་དང་། །
Vol. 27 · folio 8b
ལྕགས་ཀྱུ་ལ་སོགས་སྒོ་སྲུང་རྣམས། །འཁོར་ལོ་ཀུན་ལ་ཐུན་མོང་སྟེ། །དཀྱིལ་འཁོར་ཆོ་གའི་རིམ་པ་ཡིན། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱའི་ཡེ་ཤེས་དང་། དཔལ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱའི་ཡེ་ཤེས་དང་།
དཔལ་ཧེ་རུ་ཀའི་ཕྱག་རྒྱའི་ཡེ་ཤེས་དང་། དཔལ་པདྨ་གར་གྱི་དབང་ཕྱུག་གི་ཕྱག་རྒྱའི་ཡེ་ཤེས་དང་། དཔལ་རྡོ་རྗེ་ཉི་མའི་ཕྱག་རྒྱའི་ཡེ་ཤེས་དང་། དཔལ་རྟ་མཆོག་གི་ཕྱག་རྒྱའི་ཡེ་ཤེས་ཏེ། འདི་དག་རྣམ་པ་ཇི་ལྟ་བུས། །ཚིག་འདི་གསུངས་པར་གྱུར་པ་ཡིན། །
ཕྱི་ཡི་དོན་བསྟན་གང་ཞིག་ཡིན། །ཡང་ན་ཡེ་ཤེས་མཆོག་གྱུར་གང་། །ཡེ་ཤེས་འདི་དོན་ཇི་ལྟ་བར། །འདི་དག་ཐམས་ཅད་བཤད་དུ་གསོལ། །འདི་ལ་བདག་ནི་སོམ་ཉི་སྐྱེས། །ཁྱེད་ནི་མཆོད་པར་འོས་པ་ཡིན། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །ཕྱག་རྒྱ་
ལྷ་མོ་ཡིན་པར་བཤད། །ཡེ་ཤེས་རྡོ་རྗེར་བསྟན་པ་སྟེ། །རང་ཉིད་ཀྱི་ནི་ལྷ་མོའི་གཟུགས། །རབ་ཏུ་དམ་འཁྱུད་འོ་བྱེད་ཅིང་། །རྡོ་རྗེ་སེམས་དཔའི་སྒྲ་འཛིན་པས། །རིག་པ་ཡིད་དང་འདྲ་བར་འཇོག །བྱང་ཆུབ་སེམས་ཀྱི་རྣམ་འཕྲུལ་བ། །ལུས་ཀྱི་ནང་དུ་འོང་བར་བསམ། །པདྨ་
ཀུ་མུད་ལས་བྱུང་བའི། །རྗེས་སུ་སྦྱོར་བས་བྱེད་པར་འགྱུར། །འདི་དག་ཐམས་ཅད་བཤད་པ་ནི། །རྣམ་པར་ཤེས་པར་གང་གིས་ནུས། །རྡོ་རྗེ་སེམས་དཔའི་རྒྱ་ཡེ་ཤེས། །ཚིག་གིས་ཁྱོད་ལ་བསྟན་པ་ཡིན། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །སེམས་དཔའ་
སངས་རྒྱས་ཀུན་ངོ་བོ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །དེ་ཉིད་ཇི་ལྟར་ཤེས་པར་བགྱི། །ཨིནྡྲ་བྷཱུ་ཏིའི་གཞུང་ནི་གང་། །རབ་བཞད་རྡོ་རྗེ་ཇི་ལྟ་བུ། །གཞན་གྱི་གཞུང་གིས་ཇི་ལྟར་བཤད། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །དེ་དག་ཐམས་ཅད་བཤད་དུ་གསོལ། །
སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །སངས་རྒྱས་ཀུན་གྱི་ངོ་བོའི་སྒྲ། །ས་ནི་དཔལ་རྣམ་པར་སྣང་མཛད་དང་། དཔལ་ཧེ་རུ་ཀ་དང་། དཔལ་པདྨ་གར་གྱི་དབང་ཕྱུག་དང་། དཔལ་རྡོ་རྗེ་ཉི་མ་དང་། དཔལ་རྟ་མཆོག་སྟེ། འདི་དག་ནང་དུ་ཞུགས་པ་ནི། །རྡོ་རྗེ་
Vol. 27 · folio 9a
སེམས་དཔའ་བདེ་བའི་མཆོག །སློབ་དཔོན་གཞན་གྱི་གཞུང་འདི་ཡིན། །གཉིས་པའི་གཞུང་ནི་བཤད་པར་བྱ། །སངས་རྒྱས་ཀུན་གྱི་སྒྲ་ཡིས་ནི། །བཅུ་དྲུག་ཁམས་རྣམས་ཐམས་ཅད་ཡིན། །ཕུང་པོ་ལྔ་ཡང་དེ་བཞིན་ཏེ། །འབྱུང་བ་ལྔ་ལ་སོགས་
པའི་ལུས། །ཐམས་ཅད་ས་བོན་དག་ལས་བྱུང་། །མཆོག་ནི་བདེ་བས་འབྱུང་བ་ཞེས། །རབ་བཞད་རྡོ་རྗེའི་གཞུང་ཡིན་ནོ། །སློབ་དཔོན་གཉིས་པའི་གཞུང་འདི་ཡིན། །གསུམ་པ་གཞན་གྱི་གཞུང་གི་བརྡ། །ལྷ་རུ་སྦྱོར་བའི་དུས་སུ་ནི། །བ་སྤུའི་བུ་གའི་མཚམས་
རྣམས་སུ། །གཟུགས་ཀྱི་རང་བཞིན་དཀྱིལ་འཁོར་དུ། །རྟག་པར་རྒྱུན་དུ་བསྒོམ་པར་བྱ། །སངས་རྒྱས་སྟོང་ཕྲག་དུ་མ་ནི། །ཕྱོགས་བཅུ་རྣམས་སུ་སྤྲོ་བར་བྱ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །བདེ་བ་མཆོག་ལ་གནས་པའོ། །སློབ་དཔོན་གསུམ་པའི་གཞུང་
འདི་ཡིན། །ཨིནྡྲ་བྷཱུ་ཏིའི་གཞུང་ཉོན་ཅིག །སྔགས་པས་ཐིག་གིས་ཐིག་བཏབ་པའི། །ལྟེ་བའི་དཀྱིལ་འཁོར་བཅུ་དྲུག་པར། །ཨ་སོགས་ཀྵ་ཡི་མཐར་ཐུག་པར། །རིམ་གྱིས་དགོད་པ་བླང་བར་བྱ། །སངས་རྒྱས་ཀུན་གྱི་ངོ་བོ་ནི། །ཡི་གེ་ཐམས་ཅད་ཡིན་པར་བཤད། །
གང་ཚེ་ཐ་མའི་གོང་མ་ནི། །ཆ་དང་ཐིག་ལེ་རྣམས་སྤངས་ལ། །དབུས་སུ་ཡང་དག་གནས་པ་སྟེ། །མི་མངོན་ཕྲ་ཞིང་ཟད་པ་མེད། །བྱང་ཆུབ་སེམས་མཆོག་ཡེ་ཤེས་ཏེ། །རྡོ་རྗེ་སེམས་དཔའ་མི་འཇིགས་པའི། །དེས་ནི་རང་ཉིད་ཆེ་བའི་ལྷ། །མཆོག་ཏུ་བདེ་ལ་རྣམ་པར་
བཞུགས། །འདི་ནི་མི་ཤིགས་པར་བཤད་དེ། །རང་བྱུང་གཅིག་པུ་ཆེ་བའི་ལྷ། །སངས་རྒྱས་ཐམས་ཅད་ཡི་གེའི་ཚོགས། །གོ་རིམས་ཇི་བཞིན་ཡང་དག་སྦྱར། །ཡི་གེ་ཀུན་ནི་བདེ་མཆོག་གི། །ཨུ་དང་ཐིག་ལེ་རྣམས་སྤངས་པ། །ཀྵ་ཡི་མཐའ་ནི་སྤང་བྱ་སྟེ། །འདིས་
ནི་ས་བོན་གཟུགས་ཅན་ནོ། །ཀ་དང་ཥར་ལྡན་ཟད་མཐའ་ཅན། །ཇི་ལྟར་ཐར་པ་ཡིན་པར་བཤད། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །སངས་རྒྱས་ཀུན་དངོས་སྟོང་པ་ཡི། །ཡི་གེ་ཉིད་ནི་མཁའ་འགྲོ་མ། །སངས་རྒྱས་ཀུན་གྱི་ཇི་
Vol. 27 · folio 9b
བཞིན་དོན། །ཨིནྡྲ་བྷཱུ་ཏིའི་གཞུང་བཞིན་བཤད། །གཅིག་པུ་མིན་པར་རྟག་ཏུ་སྤྱོད། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐིག་ལེ་གུག་སྐྱེད་རྣམས་སྤངས་པ། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །རྡོ་རྗེ་ཅན་འདིས་དབུས་ན་བཞུགས། །ཡི་གེ་རྣམས་ཀྱིས་ཀུན་ནས་བསྐོར། །
སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །རོལ་མོ་རྒྱས་བཏབ་ཡེ་ཤེས་ནི། །ཇི་བཞིན་དོན་དུ་ཇི་ལྟར་སྦྱར། །ངེས་པའི་ལམ་སྟོན་ཇི་ལྟ་བུ། །རོལ་མོའི་དམ་ཚིག་ལམ་གང་ལགས། །ཧེ་རུ་ཀ་ནི་དཔལ་རོལ་མོ། །དེ་བཞིན་པདྨའི་ལམ་དང་ནི། །རྒྱུན་གྱི་རྔ་དང་དེ་
བཞིན་གཞན། །རྒྱལ་པོའི་རོལ་མོ་ཤིན་ཏུ་མྱུར། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །སྙིང་པོ་ཕྱག་རྒྱ་སྔགས་རིག་དང་། །བྱ་བ་རྣམ་པ་སྣ་ཚོགས་དང་། །རྣམ་པར་སེལ་ལ་སོགས་བྱ་བས། །རོལ་མོའི་ཕྱག་རྒྱ་རབ་ཏུ་གནས། །གཞུང་གཞན་རྣམ་པ་སྣ་ཚོགས་
དང་། །སྔགས་བཏུ་བ་ཡི་ཚིག་རྣམས་དང་། །རིགས་ཀྱི་དབྱེ་བ་རྣམ་དྲུག་དང་། །བདུན་པ་ཚོགས་ཀྱི་དཀྱིལ་འཁོར་རྣམས། །བདག་ལ་སྒྲུབ་པ་བཞིན་དུ་བཤད། །དེ་ཉིད་མཆོག་ནི་ངེས་སྟོན་པ། །རོལ་མོ་ཀུན་གྱི་གཞིར་གྱུར་པ། །རྒྱུད་ཀྱི་རོལ་མོ་བླ་མེད་པའོ། །འདི་ལ་
སློབ་དཔོན་མང་པོའི་གཞུང་། །གཞུང་གཞན་སྔགས་ནི་ཡིན་པར་སྨྲ། །ཨིནྡྲ་བྷཱུ་ཏིའི་གཞུང་ཡང་གཞན། །རབ་བཞད་རྡོ་རྗེའི་གཞུང་ཉོན་ཅིག །རྒྱུད་བཞིན་འབབ་པའི་རྒྱུན་གྱིས་ནི། །ས་བོན་རྒྱུན་གྱིས་གང་འབབ་པ། །ཁམས་རྣམས་ཀྱི་ནི་གཞིར་གྱུར་པས། །དེས་ན་འདི་
ནི་རྒྱུད་ཅེས་བྱ། །ཨིནྡྲ་བྷཱུ་ཏིའི་བཤད་པའི་གཞུང་། །གང་འདིར་ཀུན་གྱི་སྙིང་ལ་གནས། །བརྟན་པ་དང་ནི་གཡོ་བ་ཡི། །དྷ་ནི་སེམས་ཅན་ཀུན་རྒྱུན་ཡིན། །ར་ནི་འོད་ཟེར་ཡིན་པར་བཤད། །བ་ནི་རྡོ་རྗེ་ཅན་ཡིན་ཏེ། །ཏྱེ་ནི་ལུས་ཞེས་བཤད་པ་ཡིན། །ཐམས་ཅད་བདག་ཉིད་
དེ་བཞིན་གནས། །བརྟག་པར་མི་ནུས་ཤེས་མི་ནུས། །ལུས་མེད་དབང་པོ་རྣམས་དང་བྲལ། །རྒྱུན་གྱི་རོལ་མོ་ཡིན་པར་བཤད། །བརྟན་པའི་ལམ་ནི་ཇི་ལྟ་བུ། །བརྟན་པའི་ལམ་གྱི་རོལ་མོ་དང་། །སློབ་དཔོན་ལ་ལས་བཤད་པ་ནི། །བརྟན་པ་ཡོད་དང་མེད་པ་སྟེ། །བརྟན་
Vol. 27 · folio 10a
པ་བདེན་པ་ངེས་མཐོང་དང་། །བརྟན་པ་སྨིག་རྒྱུའི་ཆུ་ལྟ་བུ། །བརྟན་པ་ཐམས་ཅད་སྒྱུ་མ་བཞིན། །བརྟན་པ་ས་བོན་ཡིན་བཤད་པ། །རབ་བཞད་རྡོ་རྗེའི་གཞུང་ཡིན་ནོ། །ཨིནྡྲ་བྷཱུ་ཏིའི་གཞུང་ཇི་བཞིན། །དེ་ནི་བཤད་ཀྱིས་བུ་ཁྱོད་ཉོན། །འདི་
དག་ཆ་ཤས་དྲུག་དང་ནི། །བརྟན་པ་རྡོ་རྗེ་ཅན་ཉིད་ཡིན། །བརྟན་པ་སྟོང་པ་ཡིན་པར་བཤད། །བརྟན་པ་མར་མེ་རྩེ་ལྟ་བུ། །བརྟན་པ་དབང་པོའི་ལམ་ཉིད་ཅེས། །བླ་མའི་ཁ་ལས་སྟོན་པ་ཡིན། །བརྟན་པ་སེམས་ཞེས་བཤད་པ་སྟེ། །ཆ་དང་བྲལ་ཞིང་སྦས་པ་ཡིན། །
གསུམ་པ་གཙོ་བོའི་རོལ་མོ་ཡིན། །དམ་ཚིག་གསུམ་གྱི་རོལ་མོ་ནི། །གྲགས་པ་ཀུན་ནི་བྱ་བ་སྟེ། །གར་གྱི་དུས་ཀྱི་རོལ་མོ་ཡིན། །དཀྱིལ་འཁོར་བྲི་བའི་དུས་དང་ནི། །སྐུ་གཟུགས་རྣམས་ལ་མཆོད་པ་ན། །རྣལ་འབྱོར་དེ་ཉིད་མ་ཡིན་སེམས། །བྱང་ཆུབ་སེམས་ནི་རྣམ་
སྤོང་ལ། །གཞུང་འདི་ཉིད་ནི་བཤད་པ་ཡིན། །གཞན་ཡང་རབ་བཞད་རྡོ་རྗེའི་གཞུང་། །ཏྲི་ནི་གྲུ་གསུམ་ཡིན་པར་བཤད། །ས་ནི་བུད་མེད་ཐམས་ཅད་ཡིན། །མ་ནི་རྡོ་རྗེ་སེམས་དཔའ་ཡི། །ཐུགས་ལ་གནས་པ་ཡིན་པར་བཤད། །ཡ་ནི་གང་ཞེས་བཤད་པ་ཡིན། །ནམ་མཁའི་
གནས་ཀྱི་ས་བོན་ཡིན། །ས་བོན་ཉིད་ཀྱང་བ་ཡིས་ནི། །གང་ཞིག་བཤད་པའི་རྡོ་རྗེ་ཅན། །ཏྱེ་ནི་ལུས་ཞེས་གང་བཤད་པ། །བུད་མེད་བྷ་གའི་དབུས་གནས་པ། །རབ་བཞད་རྡོ་རྗེས་སློབ་མ་ལ། །དམ་ཚིག་གསུམ་གྱི་རོལ་མོར་བཤད། །ཨིནྡྲ་བྷཱུ་ཏིའི་གཞུང་གཞན་ནི། །
ཤཱཀྱའི་བཤེས་གཉེན་གྱིས་ཞུས་པ། །ཏྲི་ནི་རྩ་སྦུབས་གསུམ་ཡིན་ལ། །ས་ནི་ཐམས་ཅད་ཡིན་པར་བཤད། །མ་ནི་བདག་གི་ཡིན་ཞེས་སྟོན། །ཡ་ནི་མི་ཤིགས་གང་ཡིན་པའོ། །བ་ནི་རྩ་སྦུབས་མང་པོ་སྟེ། །ཏྱེ་ནི་ལུས་ཀྱི་དབུས་གནས་པ། །སྐུ་དང་གསུང་ཐུགས་གསུམ་
གྱིས་ནི། །རྡོ་རྗེ་ཅན་ནི་བསྒྲུབ་པར་བྱ། །དམ་ཚིག་གསུམ་གྱི་རོལ་བཤད་ནས། །པདྨའི་ཐལ་མོ་རྟོགས་པར་བྱ། །པདྨའི་ཐལ་མོ་རོལ་མོ་ཆེ། །པདྨའི་གར་དབང་འབྱུང་བའོ། །རོལ་མོ་མང་པོ་རྟག་པར་ནི། །ལ་ལ་སྔགས་ནི་ཡིན་པར་སྨྲ། །པདྨ་ཐལ་མོའི་སྒྲ་ཡང་
Vol. 27 · folio 10b
ཡིན། །རབ་བཞད་རྡོ་རྗེའི་གཞུང་ཉོན་ཅིག །རྐན་སོགས་མགོ་ནས་རྐང་པའི་བར། །རྒྱན་རྣམས་ཀུན་གྱིས་རྣམ་བརྒྱན་པའི། །རྡོ་རྗེ་ཅན་ནི་ཐལ་མོ་སྟེ། །པདྨའི་སྒྲས་ནི་བདེ་མཆོག་གོ། །དེ་དག་ཕྱག་རྒྱ་རབ་སྦྱོར་བ། །པདྨ་ཐལ་མོ་དེ་བཤད་པ། །རབ་བཞད་རྡོ་རྗེའི་
གཞུང་ཡིན་ཏེ། །དེ་བཞིན་ཨིནྡྲ་བྷཱུ་ཏིའི་གཞུང་། །པདྨ་ཐལ་མོའི་བདག་ཉིད་ཆེ། །ཤཱཀྱ་བཤེས་གཉེན་འདི་ཉོན་ཅིག །པདྨའི་སྒྲ་ཡིས་པདྨ་ནི། །དཀྱིལ་འཁོར་ལྔར་ལྡན་ཡིན་པར་བཤད། །དེ་ནི་གཉིད་ལོག་ཤེས་མིན་ཞིང་། །ལུས་མེད་དབང་པོ་རྣམས་
དང་བྲལ། །བྲི་བ་ཉིད་ཀྱིས་དེ་བསྐུལ་ཞིང་། །ཐལ་མོ་དེ་གསུམ་གསུམ་ཡིན་ནོ། །དེ་ནས་རྡོ་རྗེ་ཅན་བསྐུལ་ནས། །མངལ་འཛིན་པ་ནི་ལེགས་པར་བཤད། །ཧེ་རུ་ཀ་དཔལ་དང་འདྲར་བཤད། །དོན་མང་ཕ་རོལ་གནོན་སྦས་པའོ། །ཤྲཱི་ནི་དང་པོར་ཡང་དག་ལྡན། །
ཧཱུྃ་བྷྱོའི་སྔགས་ནི་བཏུ་བར་བྱ། །ཁྲོ་བས་འཁྲུག་པའི་དཀྱིལ་འཁོར་དུ། །སློབ་དཔོན་བོ་ཥཊ་སྨྲ་བར་བྱེད། །ཡི་གེ་གསུམ་གྱི་དངོས་བཟླས་པའི། །ཅང་ཏེའུ་མཚན་མོ་རྡུང་བྱེད་ན། །ཇི་སྙེད་ཐོས་པའི་མཁའ་འགྲོ་རྣམས། །ཕྱོགས་བཅུ་རྣམས་སུ་སྒྲ་ཡང་སྒྲོགས། །
སྒྲ་ནི་སྟོང་པར་མི་བྱེད་ཅིང་། །མ་མོ་རྣམས་ཀྱི་དཀྱིལ་འཁོར་གནོན། །གལ་ཏེ་རྡོ་རྗེ་མཁའ་འགྲོ་ཡི། །དཀྱིལ་འཁོར་སྒྲུབ་པ་ལྟ་འདོད་ན། །ཁ་ཊྭཱྃ་ག་ནི་གཡོན་པས་བླང་། །མཚལ་ཅན་གྱིས་བཀང་ཐོད་པ་ཐོགས། །མི་ཡི་རྒྱུ་མས་ལུས་དཀྲིས་ཏེ། །རིག་པ་དག་ནི་སྒྲུབ་
པ་ཡི། །ཤ་ཆེན་དག་ཏུ་ཕྱག་རྒྱ་དང་། །ཐལ་བས་ལུས་ལ་བསྒོས་པ་དང་། །ཤ་ཡིས་བཀང་བའི་ཐོད་པ་ནི། །ཕྱག་རྒྱའི་ལག་པས་སྦྱིན་པར་བྱ། །སྨིན་མ་ལ་སོགས་བསྒོམས་ནས་ནི། །བྷ་གའི་པདྨ་མཆོད་པར་བྱ། །བྷ་གའི་དཀྱིལ་འཁོར་དུ་སྒྲུབ་པའོ། །དེར་
ན་ཡི་གེ་ཕཊ་བསྒྲགས་བྱ། །ཤིང་གཅིག་དྲུང་ངམ་དུར་ཁྲོད་དམ། །ཆུང་ངོགས་དག་གམ་བཞི་མདོ་རུ། །ཟླ་བ་མར་ངོའི་བཅུ་བཞི་ལ། །རྒྱལ་དང་ལྷན་ཅིག་བརྟུལ་ཞུགས་ཅན། །བརྩོན་འགྲུས་བརྟན་པས་བགྲོད་པ་ཡིས། །སངས་རྒྱས་བྱང་ཆུབ་རབ་ཏུ་སྒྲུབ། །
Vol. 27 · folio 11a
རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་ནི། །དེ་ལ་རྟག་ཏུ་ཕྱག་འཚལ་ཞིང་། །ཡིད་ལ་གང་དག་འདོད་པ་ཡི། །ནམ་མཁར་སྤྱོད་པའི་དངོས་གྲུབ་སྟེར། །དངོས་གྲུབ་ཀྱི་ནི་སྦྱོར་བ་འདིས། །སློབ་དཔོན་ཀུ་ཀུ་རས་བསྒྲུབ་པ། །ཤཱཀྱའི་བཤེས་
གཉེན་ཁྱོད་ལ་བཤད། །གཞན་གྱིས་སློབ་མ་གཞན་ལ་མིན། །ཧེ་རུ་ཀ་ཡི་རོལ་མོ་གསང་། །སྦྱོར་བ་དག་གིས་བཤད་པ་ཡིན། །གཞུང་འདི་ཇི་ལྟར་སྨྲ་བ་ནི། །སློབ་དཔོན་ཨིནྡྲ་བྷཱུ་ཏི་ཡིན། །སློབ་དཔོན་རབ་བཞད་རྡོ་རྗེའི་གཞུང་། །ཡི་གེ་ཤྲཱི་ནི་རིག་པར་བཤད། །ཧེ་ནི་ས་
བོན་ཡིན་པར་བཤད། །རུ་ནི་མཚལ་ཆེན་ཉིད་ཡིན་ཞིང་། །ཀ་ནི་སྐུ་ཡི་རྡོ་རྗེའོ། །ཁྲག་འཐུང་རོལ་མོ་བཤད་པ་ཡིན། །ཤཱཀྱའི་བཤེས་གཉེན་གྱིས་ཞུས་པ། །རྒྱལ་པོའི་རོལ་མོ་རོལ་མོ་གཞན། །ཤིན་ཏུ་མྱུར་བ་བཤད་དུ་གསོལ། །སློབ་དཔོན་གྱིས་འདི་སྐད་ཅེས་
གསུངས་སོ། །རྒྱལ་པོའི་རོལ་མོའི་དཀྱིལ་འཁོར་དུ། །རྟག་པར་རྒྱུན་དུ་བརྡུང་བར་ནི། །ལ་ལ་རོལ་མོ་ཉིད་དུ་འདོད། །ལ་ལ་སྔགས་ནི་ཡིན་པར་སྨྲ། །འདི་འདྲའི་དོན་གྱི་གཞུང་མང་ལ། །རབ་བཞད་རྡོ་རྗེའི་གཞན་ཡིན་ཏེ། །རཱ་ནི་མཚལ་ཆེན་ཡིན་པར་བཤད། །ཛ་
ནི་རྐང་པའི་ནང་གནས་པ། །བ་ནི་མཚན་དག་ཡིན་པར་བཤད། །ཏྱེ་ནི་ལུས་སུ་གྱུར་པ་ཡིན། །རབ་བཞད་རྡོ་རྗེའི་གཞུང་ཡིན་ཏེ། །ཨིནྡྲ་བྷཱུ་ཏིའི་གཞུང་ཉོན་ཅིག །རཱ་ནི་གཟི་བརྗིད་ཡིན་པར་སྨྲ། །སྟེང་གི་སྒོ་ན་རྣམ་པར་གནས། །ཛ་ནི་གང་དུ་སྐྱེ་བ་སྟེ། །ཆོས་ཀྱི་ལྟེ་
བ་བྷ་གའི་ནང་། །བ་ནི་ཁམས་ཀྱི་གཟུགས་ཅན་ཏེ། །སྤུའི་རྩེ་མོ་བརྒྱར་གྱུར་པའི་ཆ། །ཏྱེ་ནི་སྙིང་གི་པདྨ་རུ། །བྱང་ཆུབ་སེམས་ནི་རྡོ་རྗེ་ཅན། །དབང་པོ་ཀུན་ལས་རྣམ་འདས་ཤིང་། །དབང་པོ་ཐམས་ཅད་ཡོངས་སྤངས་པའོ། །དབང་པོ་ཐམས་ཅད་འཛིན་རྒྱལ་པོ། །རྒྱལ་
པོའི་རོལ་མོར་དེ་འགྱུར་རོ། །ས་དང་ཆུ་དང་མེ་ལ་སོགས། །འབྱུང་བ་ཀུན་གྱི་རྒྱལ་པོ་ཡིན། །ཨིནྡྲ་བྷཱུ་ཏིའི་གཞུང་འདི་ནི། །ཤཱཀྱའི་བཤེས་གཉེན་ལ་བཤད་པའོ། །ཤིན་ཏུ་མྱུར་བ་ཇི་བཞིན་སྨྲ། །གཞན་ཡང་བདག་གིས་བཤད་པར་བྱ། །ཨ་ནི་སྔགས་སུ་གྱུར་པ་
Vol. 27 · folio 11b
ཡིན། །ཏི་ནི་འདི་ཡིས་གནས་པའོ། །དྷཱུ་ནི་མཚལ་ཆེན་ཡིན་པར་བཤད། །ཏ་ནི་ས་བོན་ཉིད་ཡིན་པ། །རབ་བཞད་རྡོ་རྗེའི་གཞུང་ཡིན་ཏེ། །ཨིནྡྲ་བྷཱུ་ཏིའི་གཞུང་ཉོན་ཅིག །ཨ་ཞེས་བྱ་བའི་རིམ་པ་འདིས། །བདེ་མཆོག་སྒྲོན་མ་ལ་སོགས་པ། །ཏི་ནི་དངོས་པོ་གསུམ་སྤངས་
ཏེ། །སྐུ་གསུང་ཐུགས་ལ་རེག་པ་ལ། །དྷ་ནི་ངེས་པ་ཐམས་ཅད་སྟེ། །ཏ་ནི་མི་ཟད་དེ་ཉིད་ཡིན། །གཟུགས་མེད་གྱུར་པའི་བདེ་བ་ནི། །རེག་པའི་བདེ་བ་ཚོར་བའོ། །ཡོད་དང་མེད་པ་མ་ཡིན་དང་། །ཁམས་གསུམ་ཐམས་ཅད་བདག་ཡིན་ཞིང་། །མྱུར་བར་ཞུ་བར་གྱུར་
པ་ཡིན། །བྱང་ཆུབ་སེམས་སུ་རྣམ་པར་འཕྲུལ། །ཤིན་ཏུ་མྱུར་བའི་སྒྲར་གྲགས་པ། །བདག་གིས་ཕྱེ་སྟེ་བཤད་པ་ཡིན། །ཨིནྡྲ་བྷཱུ་ཏིའི་གཞུང་འདི་སྟེ། །ཤིན་ཏུ་མྱུར་བ་མི་རྟག་པའོ། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །སློབ་དཔོན་ཨིནྡྲ་བྷཱུ་ཏི་ལྷ། །
བདག་ནི་སླར་ཡང་ཞུ་བར་འཚལ། །སློབ་དཔོན་རབ་བཞད་རྡོ་རྗེ་དང་། །སློབ་དཔོན་གཞན་གྱི་གཞུང་རྣམས་ཀྱི། །རོལ་མོའི་དོན་རྣམས་མང་པོ་དང་། །ཨཱ་ལི་ཀཱ་ལི་སྔགས་བཅས་དང་། །གསང་བའི་གཞུང་གི་དོན་མང་དང་། །དཀྱིལ་འཁོར་གྱི་ནི་ཆོ་གའི་རིམ། །རྫོགས་
པའི་སངས་རྒྱས་ཉི་ཟླ་དང་། །ཊཱ་ནི་ནམ་མཁའ་འགྲོ་བའི་སྒྲ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ལྷ་ཡི་ཇི་བཞིན་བཀའ་སྩལ་ཅིང་། །སྔགས་རྣམས་ཀྱང་ནི་གསལ་བར་མཛད། །དེ་ནས་ཤཱཀྱའི་བཤེས་གཉེན་ལ། །སློབ་
དཔོན་གྱིས་ནི་ལེགས་ཞེས་གནང་། །འདི་འདྲའི་གཞུང་ནི་ཐོས་པ་དང་། །སྟན་ནི་ཡོངས་སུ་སྤངས་ནས་ཀྱང་། །པུས་མོ་ས་ལ་བཞག་ནས་ནི། །བདག་ཉིད་ཡོངས་སུ་ཕུལ་བར་གྱུར། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །གནས་ནི་གང་དུ་བཞུགས་གྱུར་པ། །བརྟན་གཡོ་ཀུན་
ལ་རོལ་མཛད་པ། །བཅོམ་ལྡན་ལྷ་ཡིས་བཤད་དུ་གསོལ། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་བ། །ཤཱཀྱ་ཚུལ་བཞིན་མཉན་པར་གྱིས། །ཐམས་ཅད་བདག་ཉིད་རྟག་བཞུགས་པར། །གང་ཞིག་སྔར་ནི་བཤད་པ་ཉིད། །དཀྱིལ་འཁོར་
Vol. 27 · folio 12a
ལུས་ནི་ཡིན་པར་བཤད། །དེ་ནི་སྒོ་དགུ་དག་ཏུ་འགྱུར། །དེ་ལ་ལྟེ་བའི་འཁོར་ལོ་ནི། །ཐམས་ཅད་མཁྱེན་པ་ཞེས་བྱར་བཤད། །རྡོ་རྗེ་ཅན་ནི་དེར་བཞུགས་པ། །ཆ་མེད་ཆ་ནི་རྣམ་སྤངས་པ། །ལུས་ཅན་རྣམས་ཀྱི་ནང་ན་རོལ། །ལུས་ལས་འདས་ཤིང་
གོས་པ་མེད། །ལ་ལར་གཟུགས་ཅན་དག་ཏུ་བཞུགས། །ལ་ལར་སྣང་དང་ཁ་དག་དང་། །ལ་ལར་རྣ་བ་སྒྲ་དག་དང་། །ལ་ལར་དྲི་ཆེན་རྡོ་རྗེ་ཆུ། །ལ་ལར་ཚོར་དང་བཅས་པའི་སེམས། །ལ་ལར་སྐོམ་དང་ལ་ལར་བཀྲེས། །ལ་ལར་ཁྲོ་དང་ལ་ལར་ཞི། །ལ་ལར་བདེ་
ལ་རྣམ་པར་གཟིགས། །ལ་ལར་བུད་མེད་འདོད་ཆགས་དེ། །ལ་ལར་གསོད་དང་འཇོམས་པ་སྟེ། །ལ་ལར་རོལ་མོ་བརྡུང་བར་མཛད། །ལ་ལར་མེ་ཏོག་འབྲས་བུར་གནས། །ལ་ལར་རོལ་ཞིང་སྤྱོད་པར་འགྱུར། །ལ་ལར་སྲོད་ཏུ་རྣམ་པར་གནས། །ལ་ལར་ས་དང་ཆུ་དང་
མེ། །ལ་ལར་འབྱུང་བ་ཆེན་པོ་ལྔ། །ལ་ལར་རིགས་ཀྱི་བྱེ་བྲག་གིས། །བྲམ་ཟེ་དང་ནི་གདོལ་པ་དག །ལ་ལར་མ་དང་སྲིང་མོ་རུ། །ལ་ལར་ཆུང་མ་བུ་མོ་རུ། །ལ་ལར་ཚངས་དང་དབང་ལྡན་དང་། །ཁྱབ་འཇུག་དང་ནི་ཉི་མ་ཉིད། །ལ་ལར་ཟླ་བ་སྐར་མས་བཅས། །ལ་
ལར་ཉིན་དང་མཚན་མོར་གྱུར། །ལ་ལར་ཁམས་གསུམ་པ་རྣམས་ཀུན། །བྱེད་པ་པོ་དང་མི་ཟད་རྒྱལ། །ལ་ལར་རྒྱུ་དང་མི་རྒྱུ་བར། །ལ་ལར་ཤི་བའི་དབང་གིས་ཞུམ། །མི་གསལ་སྟོང་པའི་རྡོ་རྗེ་ཅན། །ལ་ལར་བྱང་ཆུབ་ཆེན་པོར་གཤེགས། །ལ་ལར་ཕ་རོལ་བདུད་ལས་
རྒྱལ། །ལ་ལར་བྱིས་པའི་རང་བཞིན་ཉིད། །ལ་ལར་རྒས་ཤིང་འཁོགས་པའོ། །ལ་ལར་ནད་ཆེན་གྱིས་ཟིན་པ། །ལ་ལར་སྔོ་དང་ལེ་བརྒན་དང་། །ལ་ལར་དཀར་དང་སེར་བའོ། །ལ་ལར་སངས་རྒྱས་རྣམ་སྣང་མཛད། །ལ་ལར་སྒྲོན་མ་གོས་དཀར་མོ། །ལ་ལར་སྤྱན་
དང་མཱ་མ་ཀཱི། །ལ་ལར་དཀའ་ཟློག་ཞི་བ་མོ། །ལ་ལར་འདབ་ཆགས་མཁའ་ལྡིང་དང་། །ནམ་མཁའ་དང་ནི་མཁའ་འགྲོ་ཉིད། །ལ་ལར་ཀླུ་དང་སྦྲུལ་ཆེན་པོ། །ལ་ལར་སྨད་འཚོང་སྤྲེའུ་དང་ནི། །ལ་ལར་རྨི་ལམ་མཐོང་བ་དང་། །ལ་ལར་གཉིད་ནི་ལོག་པས་གནས། །
Vol. 27 · folio 12b
ལ་ལར་རླུང་དང་མཁྲིས་པ་དང་། །ལ་ལར་ཁྲག་དང་པགས་པར་འགྱུར། །ལ་ལར་མྱ་ངན་ངུ་བ་དང་། །ལ་ལར་བསྲེག་པའི་མི་དག་ཡིན། །ལ་ལར་མཐོ་རིས་སྐྱེ་བ་སྟེ། །རྣམ་པར་འཕྲུལ་བ་འདི་ལྟ་བུ། །ཐམས་ཅད་བདག་ཉིད་བཞུགས་འདི་ལ། །ཨིནྡྲ་བྷཱུ་ཏིའི་བཤད་པ་
ཡིན། །ལྷ་གང་ཆ་ནི་རྣམ་སྤངས་པའི། །དེ་ཡི་སྒྱུ་མ་སྣ་ཚོགས་འདི། །རྟག་པ་མིན་པ་རྡོ་རྗེ་ཅན། །གཟུགས་མེད་པར་ནི་བྷ་གའི་ནང་། །ལྟེ་བའི་ནང་ན་པདྨ་ཆེ། །བཅུ་དྲུག་ཐིག་གིས་ཐིག་བཏབ་པར། །ཡི་གེ་དང་ཡང་མཉམ་སྦྱོར་བས། །བསྐོར་བའི་བྱ་བ་བྱས་པ་ཡིན། །དེ་དབུས་
རྟག་ཏུ་གསང་བ་ནི། །འབྱིན་དང་སྡུད་པ་བྱེད་པའོ། །དེ་ནི་རང་ཉིད་རྡོ་རྗེ་ཅན། །གཅིག་པུ་རང་འབྱུང་ཆེ་བའི་ལྷ། །དེ་ནི་སངས་རྒྱས་ཀུན་དངོས་ཞེས། །མཚན་ནི་རབ་ཏུ་བཤད་པ་ཡིན། །གསང་བ་མཆོག་གི་དགྱེས་པ་ལ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཐམས་ཅད་
མཁྱེན་པས་འདི་བཤད་པའམ། །ཡང་ན་མི་ཤིགས་ཀུན་མཁྱེན་པ། །སངས་རྒྱས་ཀུན་གྱི་དངོས་པོར་ནི། །ལ་ལར་ལྷ་མོའི་ཚོགས་ལ་འདོད། །བཅོམ་ལྡན་ལྷ་ཡི་རྣལ་འབྱོར་ནི། །སྔགས་དང་ཕྱག་རྒྱ་བསྡུས་པ་ཡིན། །བསམ་གཏན་དག་ནི་ཇི་ལྟར་བགྱི། །ལྷ་ནི་ཇི་ལྟར་བསྐྱེད་པར་
བགྱི། །དཀྱིལ་འཁོར་གནས་ནི་གང་དག་ཏུ། །ལྷ་རྣམས་རྣལ་འབྱོར་བསྒོམ་པ་རྣམས། །གཙོ་བོ་འདི་དག་ཐེ་ཚོམ་གྱུར། །དེ་དག་ཐམས་ཅད་བཤད་དུ་གསོལ། །སློབ་དཔོན་གྱིས་འདི་སྐད་ཅེས་གསོལ་ཏོ། །ལུང་དང་བསྟན་བཅོས་ཤེས་པ་དང་། །སྙན་དངགས་བྱེད་པ་ཉིད་
དང་ཡང་། །སློབ་དཔོན་མང་པོའི་གཞུང་ཐོས་ནས། །བདག་གི་གཞུང་འདི་ཟབ་གྱུར་པ། །སངས་རྒྱས་བསྟན་པ་འཛིན་པ་པོ། །ཤཱཀྱ་བློ་གྲོས་ཆེན་པོ་ཉོན། །དང་པོ་ཆགས་ལས་རྣམ་རྒྱལ་ཞིང་། །དེ་བཞིན་ཞེ་སྡང་གཏི་མུག་དང་། །ང་རྒྱལ་དེ་བཞིན་ཁྲོ་བ་དང་། །སྲེད་དང་སྡུག་
བསྔལ་བཀྲེས་སྐོམ་དང་། །བདེ་བ་མེད་ཅིང་ཆགས་བྲལ་བ། །མཛའ་བཤེས་དང་ནི་དགྲར་མཉམ་པས། །གལ་ཏེ་དངོས་གྲུབ་འདོད་གྱུར་ན། །ལྷ་ཡི་རྣལ་འབྱོར་བསྒོམ་པར་བྱ། །ལུས་གནས་བྷ་གའི་དཀྱིལ་འཁོར་དུ། །དང་པོ་སྟོང་པ་བསྒོམ་པར་བྱ། །ཤིན་ཏུ་ཕྲ་བའི་རླུང་གི་ངོས། །
Vol. 27 · folio 13a
ཕྲ་རབ་དྲུག་ཏུ་ཕྱེ་བ་ཡིས། །སྒོ་དགུ་པོ་ནི་ཐམས་ཅད་དག །རྟག་ཏུ་དེ་ཡིས་དབྱེ་བར་བྱ། །སྟེང་གི་སྒོར་ནི་ངེས་འབྱུང་བར། །སྔགས་པས་རྟག་ཏུ་བསམ་པར་བྱ། །ཟླ་བའི་དཀྱིལ་འཁོར་རྫོགས་པར་ནི། །བྷ་གའི་དབུས་གནས་བསྒོམ་པར་བྱ། །དེར་ནི་
སྟོང་ཉིད་དབུས་གནས་པར། །བསྒོམས་ནས་གླུ་ནི་བརྗོད་པར་བྱ། །སྟོང་པ་ཡོད་མེད་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །ཨོཾ་ལས་
དཀྱིལ་འཁོར་བྱ་བ་སྟེ། །ཟུར་གསུམ་དུ་ནི་དཀྱིལ་འཁོར་བསྒོམ། །ཡི་གེ་ཨ་ལས་པདྨ་ཏེ། །འདབ་བརྒྱད་ལྟེ་བར་བཅས་པ་བསྒོམ། །རྟག་ཏུ་སྟོང་པ་ནམ་མཁའ་ལྔ། །དབུ་དང་ཐིག་ལེར་རྣམ་བརྒྱན་ཞིང་། །ཟླ་བའི་ཕྱེད་དང་ལྡན་པ་ནི། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །སངས་
རྒྱས་བྱེ་བ་སྟོང་ཕྲག་ནི། །ཕྱོགས་བཅུ་རྣམས་སུ་སྤྲོ་བར་བྱ། །རང་གི་ངོ་བོའི་རིགས་དབྱེ་བས། །ལྷ་ནི་དེ་རུ་བསྐྱེད་པར་བྱ། །ཞལ་གཅིག་ཕྱག་ནི་གཉིས་པ་དང་། །བརྒྱ་འམ་ཡང་ན་སྟོང་ཉིད་དུ། །སྒྲུབ་པ་པོ་ནི་ཅི་འདོད་པར། །བསམ་གཏན་དུ་ནི་བརྟག་པར་བྱ། །སྔགས་པས་
ཡང་ནི་རྟག་སྟོང་པ། །ཨ་ཡིས་མནན་ཅིང་བརྒྱན་པ་ལ། །ར་ནི་སྟན་དུ་དགྲམ་བྱ་བ། །བདེ་མཆོག་སྒྲོན་མ་ལ་སོགས་པ། །ལྷ་རྣམས་བསྐྱེད་པ་འདི་ཡིས་ནི། །ལྷ་ཡི་རྣལ་འབྱོར་བསྒོམ་པར་བྱ། །རང་གི་ལྷ་ཡི་རིམ་པ་ཡི། །དེར་ནི་སྙིང་པོ་བརྗོད་པར་བྱ། །ཕྱག་རྒྱ་རྣམས་ཀྱིས་
ཡོངས་བསྐོར་ནས། །སྔགས་པས་ཡོངས་སུ་རྫོགས་པར་བསྒོམ། །དྲི་ཆུ་མཚལ་ནི་ཆེན་པོ་དང་། །དེར་ནི་མཆོད་པར་རབ་ཏུ་བྱ། །ཤ་ཆེན་ས་བོན་དག་དང་ཡང་། །རྟག་ཏུ་མཆོད་པ་རིམ་བཞིན་བརྩམ། །ཇི་སྲིད་སྐྱོ་བར་མ་གྱུར་པར། །ལྷ་ཡི་རྣལ་འབྱོར་བསྒོམ་པར་བྱ། །སླར་
ཡང་བདག་གིས་གསང་སྔགས་ཀྱི། །ལྷ་ཡི་བཟླས་བརྗོད་དག་ཀྱང་བྱ། །སྤོས་དང་མེ་ཏོག་བྱུག་པ་དང་། །གླུ་གར་ཉེ་བར་མཆོད་པ་དང་། །མཆོད་ཡོན་ཡང་དང་ཡང་ཕུལ་ནས། །དེ་འོག་ལྷ་རྣམས་གཤེགས་སུ་གསོལ། །སྔགས་པས་ལྷ་རྣམས་སྤྱན་དྲངས་ནས། །བདག་
Vol. 27 · folio 13b
གི་སྙིང་ནི་དགང་བར་བྱ། །སྔགས་པ་ཏིང་འཛིན་ལ་གནས་ནས། །བདག་ཉིད་རྣམ་པར་སེལ་བས་ནི། །སྟོང་པ་ཉིད་དུ་བསྒོམས་ནས་སུ། །སྟེང་གི་སྒོ་ནས་ཞུགས་པར་བྱ། །ཆོས་ཀྱི་འཁོར་ལོ་ལྟེ་བ་ཆེ། །སངས་རྒྱས་ཀུན་གྱིས་ཡོངས་བསྐོར་པ། །རང་གི་རིགས་ཀྱི་ལྷ་དག་ནི། །
སྟོང་པའི་དབུས་གནས་བསྒོམ་པར་བྱ། །དམར་ཆེན་དང་ནི་ག་པུར་བཅས། །ཙནྡན་དམར་པོ་བཟའ་བྱ་ཞིང་། །ཚོགས་ཀྱི་དབུས་སུ་བཞག་པ་ནི། །ར་ས་ཡ་ན་ཀུན་སློང་བའོ། །གང་ཞིག་དེ་ཡི་རིགས་གྱུར་པའི། །བུད་མེད་ཐམས་ཅད་སྤྱད་བྱ་སྟེ། །གསང་སྔགས་ཡི་གེ་གསུམ་གྱི་
ལུས། །ལྷ་ཡི་རྣལ་འབྱོར་བསྒོམ་པར་བྱ། །བྷྲཱུྃ་ནི་བྷ་གའི་དབུས་གནས་ཤིང་། །ཧཱུྃ་ལས་རྡོ་རྗེར་གྱུར་པ་ནི། །བསམས་ནས་སྔགས་པས་ལས་རིགས་བྱ། །ཆོ་ག་ཡིས་ནི་རྫས་རྣམས་བཟའ། །བགེགས་རྣམས་འདུལ་བའི་ཁྲོ་བོ་ནི། །བདུད་རྩི་ཐབ་སྦྱོར་ལས་བྱུང་བ། །དེ་དང་དམར་
ཆེན་ཙནྡན་བཅས། །བདུད་རྩི་དག་ནི་བཟའ་བ་ནི། །ལས་རྣམས་ཐམས་ཅད་བྱེད་པར་བཤད། །དེ་བཞིན་དབང་དང་དགུག་པ་ལ། །དང་པོ་བདུད་རྩི་ཐབ་སྦྱོར་ཞེས། །གྲགས་པ་སྔགས་པས་བརྗོད་པར་བྱ། །དེ་ནས་སྐལ་བཟང་རྣལ་འབྱོར་པའི། །སྒྲུབ་པ་པོས་ནི་བལྟས་ཙམ་
གྱིས། །ས་སྟེངས་བུད་མེད་ཇི་རྙེད་པ། །འཆི་བ་དག་ཀྱང་རྗེས་སུ་འགྲོ། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་མོ། །རིགས་ངན་སྨེ་ཤ་ཁྲུས་མཁན་མ། །འདུག་པ་འམ་ནི་ལྡང་བའང་རུང་། །གང་དུ་འདོད་པར་སྤྱད་པར་བྱ། །བསམ་གཏན་སྦྱོར་བ་འདི་ཡིས་ནི། །ཕྱག་རྒྱར་བཅས་བདག་
སྔགས་རིག་པས། །སངས་རྒྱས་བྱང་ཆུབ་བསྒྲུབ་བྱ་ཞིང་། །བྷ་གར་བདུད་རྩི་བཟའ་བར་བྱ། །བྷ་གའི་པདྨ་རེག་བྱ་ཞིང་། །རོ་འཛིན་པ་ཡང་བསྐྱོད་པར་བྱ། །རྙོག་པ་མེད་པའི་བྱང་ཆུབ་སེམས། །དེ་ཡིས་སངས་རྒྱས་ཉིད་འགྲུབ་འགྱུར། །དེ་ཡི་དུས་སུ་རང་གི་ལྷའི། །སྦྱོར་བ་
དག་ནི་མི་བྱ་མིན། །སྐྱེ་བོ་མེད་ཅིང་དབེན་པ་དང་། །གསང་ཞིང་བཟང་བའི་གནས་གཅིག་ཏུ། །རང་གི་ལྷ་ཡི་དཀྱིལ་འཁོར་གྱི། །ལྷ་ཡི་རྣལ་འབྱོར་བསྒོམ་པར་བྱ། །བྱང་ཆུབ་སེམས་ནི་རབ་འབད་པས། །སུ་ལའང་སྦྱིན་པར་མི་བྱའོ། །ཚོགས་ཀྱི་དཀྱིལ་འཁོར་བརྟུལ་ཞུགས་ཅན། །
Vol. 27 · folio 14a
གསང་སྔགས་དེ་ཡང་བརྗོད་མི་བྱ། །ལྷ་ཡི་རྣལ་འབྱོར་བསྒོམ་པ་དག །འདི་ནི་བྱང་ཆུབ་ཡིན་པར་བསྟན། །ཇི་ལྟར་གཟུགས་ནི་རྣམ་གནོན་པ། །གཞན་ཡང་ཡང་དག་བཤད་པར་བྱ། །སློབ་དཔོན་ལ་ལས་བཤད་པ་ནི། །རྣམ་སྣང་དཔལ་གྱི་དཀྱིལ་
འཁོར་དུ། །ཆོ་ག་བཞིན་དུ་དབང་བསྐུར་ནས། །བསམ་བཟླས་ཆོ་གའི་རིམ་གྱིས་ནི། །གང་ཚེ་དེ་ལ་མི་འགྲུབ་ན། །རྐང་པས་མནན་ནས་བཟླས་བྱས་ཏེ། །ལུགས་མའམ་འབུར་དུ་བརྐོས་པའང་རུང་། །གང་གཞན་ཁྲོ་བོའི་ལྷ་རྣམས་ནི། །སློབ་དཔོན་ཁྲོ་ལ་ཞེན་པ་ཡིས། །
གཟུགས་རྣམས་ཐམས་ཅད་མནན་པར་བྱ། །རྐང་པ་རྐྱོང་དང་གནོན་པ་དང་། །དྲག་པོའི་སྦྱོར་བས་དེ་བཞིན་དུ། །རྡོ་རྗེ་ཉི་མ་སྤྱན་བྱ་ཞིང་། །དེ་བཞིན་རྡོ་རྗེ་འཛིན་པ་དང་། །པདྨ་གར་གྱི་དབང་ཕྱུག་དང་། །དེ་བཞིན་དུ་ནི་རྟ་མཆོག་གོ། །ཤེས་རབ་ཕ་རོལ་ཕྱིན་པ་དང་། །དེ་བཞིན་མཁའ་
འགྲོ་ཐམས་ཅད་སྤྱད། །འདི་ལ་སློབ་དཔོན་གཞུང་མང་སྟེ། །གཞན་དང་གཞན་དུ་སྟོན་པར་བྱེད། །སྔགས་ཀྱིས་གཟུགས་དག་མནན་པ་ལ། །འདི་ལྟ་བུ་ཡི་དོན་སྟོན་ཏེ། །གཟུགས་ནི་སྒྲུབ་པ་པོ་ཡི་ལུས། །རིགས་ཀྱི་དབྱེ་བས་མནན་པར་བྱ། །མནན་པ་སྒོམ་པ་ཞེས་བཤད་པས། །
བདག་གིས་ཐམས་ཅད་བསྒོམ་པར་བྱ། །སྔགས་པ་གྲུབ་པར་གྱུར་པ་ནི། །ཕོངས་པ་ཀུན་ལས་གྲོལ་བར་འགྱུར། །གཞན་ཡང་རབ་བཞད་རྡོ་རྗེ་ཡིས། །གནས་འདིར་གཞུང་དུ་གྱུར་པ་ནི། །རྣམ་པར་སྣང་མཛད་དཔལ་གྱི་སྒྲ། །ས་བོན་ཉིད་ནི་ཡིན་པར་བཤད། །སྟོང་པའི་རྡོ་རྗེ་ལས་བྱུང་བས། །
དེ་ཚེ་རྡོ་རྗེ་ཉི་མར་གྱུར། །དེ་ཉིད་རྡོ་རྗེ་འཛིན་པ་སྟེ། །པདྨ་གར་དབང་ངོ་བོའང་དེ། །སྐྱེས་པ་བུད་མེད་གཟུགས་རྣམས་ནི། །དེ་ཡིས་ཐམས་ཅད་མནན་པ་ཡིན། །ཤེས་རབ་ཕ་རོལ་ཕྱིན་པ་དང་། །དེ་བཞིན་མཁའ་འགྲོ་མ་ཀུན་སྤྱད། །བྱང་ཆུབ་སེམས་ཀྱི་རྣམ་འཕྲུལ་བ། །དེ་ཉིད་བྱེད་
པ་རང་ཉིད་གཙོ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །རྐང་པ་རྐྱོང་དང་གནོན་པ་དང་། །བསྐུམས་ནས་འདེགས་པའི་སྟོབས་དག་གིས། །ཀུན་བྱེད་ས་བོན་བྱེད་པ་ནི། །སྣ་ཚོགས་གཟུགས་ཅན་འགྲོ་བསྐྱེད་པ། །རབ་བཞད་རྡོ་རྗེའི་
Vol. 27 · folio 14b
གཞུང་ཡིན་ཏེ། །སློབ་དཔོན་ཀུ་ཀུ་ར་ཡིས་གཞན། །དཀར་མོ་རྐུ་བྱེད་མར་ལྡན་པའི། །ཧེ་རུ་ཀ་ཡིས་ཀུན་མནན་ཏེ། །དཔལ་ལྡན་རྣམ་སྣང་ཚངས་ལ་སོགས། །ཟ་ཞིང་མཚལ་ཆེན་འཐུང་བར་བྱེད། །རྡོ་རྗེ་ཅན་གྱི་སླར་བསླངས་ནས། །ཐལ་བར་གྱུར་པའང་འཚོ་བར་བྱེད། །བསྒོམ་
བྱའི་གཞུང་ནི་འདི་ལྟ་བུ། །གྲུབ་པ་སློབ་དཔོན་ཀུ་ཀུ་རའི། །སློབ་དཔོན་གཞན་གྱིས་བཤད་པ་ནི། །ཤཱཀྱའི་བཤེས་གཉེན་མཉན་པར་གྱིས། །གཟུགས་ཉིད་རྣམ་པར་སྣང་མཛད་དཔལ། །སྒྲ་ནི་རྡོ་རྗེ་ཉི་མ་ཡིན། །དྲི་ནི་རྟ་མགྲིན་ཡིན་པར་བཤད། །པགས་པ་རུས་པ་ཧེ་རུ་ཀ །
ཚིགས་ནི་པདྨ་གར་དབང་ཡིན། །སེམས་ནི་བདེ་བ་ཆེན་པོའོ། །ལུས་ཀྱི་གཟུགས་སུ་རྣམ་པར་བཤད། །གནོན་པ་རིམ་བཞིན་སྤྱད་པའོ། །འབྱོར་པ་རྒྱལ་པོ་རོལ་མོ་ཆེ། །བུད་མེད་ཀུན་གྱི་གསང་བའོ། །སློབ་དཔོན་གཞན་དག་འདི་ལྟར་འདོད། །འདོད་ཆགས་རྣམ་པར་སྣང་མཛད་ཡིན། །
ཞེ་སྡང་རྡོ་རྗེ་རིགས་སུ་བཤད། །གཏི་མུག་དེ་བཞིན་པདྨའི་རིགས། །ང་རྒྱལ་རྡོ་རྗེ་ཉི་མ་ཡིན། །ཁྲོ་བོ་ཉིད་ནི་ཧེ་རུ་ཀ །སྲེད་པ་རྟ་མགྲིན་ཡིན་པར་བཤད། །གང་གཞན་བུད་མེད་ལོངས་སྤྱོད་ཅིང་། །དྲག་པོའི་སྦྱོར་བས་ལོངས་སྤྱོད་ལ། །སྣ་ཚོགས་ཕྱག་རྒྱས་ཡོངས་བསྐོར་ནས། །
གཟུགས་ཀྱི་སྒྲ་ནི་མཚན་ཡིན་ཏེ། །ལུས་ཉིད་ཀྱང་ནི་གཟུགས་ཡིན་ནོ། །རིམ་པ་འདི་ཡི་སྦྱོར་བ་ཡིས། །འདི་ནི་འདི་འདྲ་སྟོན་བྱེད་པ། །སློབ་དཔོན་མང་པོའི་གཞུང་འདི་ཡིན། །ཨིནྡྲ་བྷཱུ་ཏིའི་གཞུང་ཉོན་ཅིག །སངས་རྒྱས་ཀྱི་ནི་དཀྱིལ་འཁོར་གཅིག །གཉིས་པ་རྡོ་རྗེ་ཉི་མ་
ཡི། །གསུམ་པ་གར་གྱི་དབང་ཕྱུག་གི། །བཞི་པ་རྟ་མཆོག་ཉིད་ཀྱི་ཡིན། །རྡོ་རྗེ་འཛིན་པར་བཤད་པ་ཡི། །ཧེ་རུ་ཀ་ནི་ལྔ་པ་ཡིན། །དགའ་བ་ཆེན་པོ་རོལ་པ་ཡིས། །རྡོ་རྗེ་སེམས་དཔའ་ཀུན་ནས་མནན། །གང་ཞིག་བདེ་ཆེན་གྲུབ་པ་ཡི། །སྒྲུབ་པ་པོ་ཡི་ཡོན་ཏན་འདི། །རྟོག་
པ་དག་ནི་བཞི་པ་རུ། །སྔར་ནི་བཤད་པ་མཛད་པ་ཡི། །རྐང་པ་རྐྱོང་དང་གནོན་པ་དང་། །བསྐུམས་ནས་འདེགས་པའི་སྟོབས་དག་གིས། །གཡས་དང་གཡོན་པའི་སྦྱོར་བ་ཡིས། །ཁྲོ་བོས་ཐམས་ཅད་མནན་པར་བྱ། །སྦྱོར་བ་ཐམས་ཅད་སྤྱད་ན་ནི། །རྟག་ཏུ་དོན་ནི་འགྲུབ་པར་
Vol. 27 · folio 15a
འགྱུར། །ཤེས་རབ་ཕ་རོལ་ཕྱིན་པ་དང་། །དེ་བཞིན་མཁའ་འགྲོ་ཐམས་ཅད་སྤྱད། །འདི་ལ་མི་སྦྱིན་ཅི་ཡང་མེད། །སངས་རྒྱས་ཀུན་གྱི་དོན་བྱ་བ། །འགྲོ་བ་དང་ནི་བྱེད་པ་དང་། །དཔུང་རྣམས་ཐམས་ཅད་རབ་འཇོམས་པར། །རྡོ་རྗེ་ཅན་གྱིས་གང་གསུངས་པ། །
གང་ཞིག་བདེ་ཆེན་གྲུབ་གྱུར་པའི། །སྔགས་པ་ཡིས་ནི་ཐམས་ཅད་བྱ། །དེ་ལ་ངན་འགྲོ་ཡོད་མིན་ཏེ། །རྟག་ཏུ་སྒྲུབ་པ་པོར་འགྱུར་རོ། །གདུག་པ་རྣམས་ནི་གདུལ་བའི་ཕྱིར། །ཁྲོ་བོའི་རྒྱལ་པོར་དེ་སྤྲུལ་ཅིང་། །རྡོ་རྗེ་པདྨའི་སྦྱོར་ཆེན་གྱིས། །ཚོགས་ཀྱི་དཀྱིལ་འཁོར་བསྒྲུབ་པར་བྱ། །
སངས་རྒྱས་ཐམས་ཅད་མཐོང་བ་ལ། །སྔགས་པ་གང་ཞིག་མངོན་སློབ་པ། །སེམས་ཀུན་ལས་ནི་ལེགས་བྱུང་བ། །སངས་རྒྱས་ཆགས་པ་རྡོ་རྗེ་ཅན། །གང་ཚེ་སྔར་ནི་དེས་བཤད་པ། །བརྟན་པ་དང་ནི་གཡོ་བ་དག །རྣལ་འབྱོར་ཡང་དག་མ་ཡིན་སེམས། །གཟུགས་བརྙན་ལ་ནི་བསྒོམ་
པ་སྟེ། །ལུགས་མའམ་འབུར་དུ་བརྐོས་པའམ། །བྲིས་པར་གང་དག་གྱུར་པ་ལའོ། །ཡང་དག་མཆོག་སེམས་རྣལ་འབྱོར་པ། །བྱང་ཆུབ་སེམས་ནི་རྣམ་པར་བསྒོམ། །རང་ཉིད་ཀྱི་ནི་ནང་དག་ན། །གང་ཞིག་སྟོང་པར་རྣམ་གནས་པ། །བྱང་ཆུབ་སེམས་ནི་སྟོང་པ་སྟེ། །རྡོ་རྗེ་རྣམ་སྣང་
རང་ཉིད་དོ། །དེ་ཉིད་ཆགས་དང་ཆགས་བྲལ་དང་། །སྲིད་དང་གྲོལ་བར་གྱུར་པ་ཡིན། །བརྟན་དང་གཡོ་བ་སྣ་ཚོགས་པ། །ཐམས་ཅད་དུ་ནི་འདི་འགྱུར་རོ། །གཏན་ཚིགས་དེས་ན་བདག་ཉིད་ནི། །སངས་རྒྱས་ཐམས་ཅད་ཉིད་དུ་ཤར། །རང་གི་ཆེ་བ་ལྷ་ཡི་སྒྲས། །རང་གི་སྟོང་པའི་
རྡོ་རྗེ་ཅན། །བདེ་བའི་མཆོག་ལ་ཚིག་འདི་ཉིད། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །བདེ་མཆོག་སྔོན་ནི་བྱུང་བ་རྣམས། །མི་ཡི་འཇིག་རྟེན་དག་ཏུ་སྒྲོགས། །མ་ལུས་འཇིག་རྟེན་གསུམ་རྒྱལ་སྲིད། །འཇིག་རྟེན་དབང་ཕྱུག་ཀུན་དང་བཅས། །དོན་མཐོང་སྟོབས་ཀྱིས་
ཕྲོགས་ནས་ནི། །དེ་ནི་དད་ལ་སྦྱིན་པར་བྱེད། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང་། །ཕྲོགས་ནས་ཀྱང་ནི་སྦྱིན་བྱེད་ན། །ལས་མཆོག་དང་ནི་རབ་འབྱམས་དང་། །དངོས་གྲུབ་དང་ནི་ཇི་ཞིག་སྨོས། །འདི་ནི་ཨིནྡྲ་བྷཱུ་ཏིའི་གཞུང་། །ཡོན་ཏན་སྒྲུབ་པར་བྱེད་པ་ཉིད། །དབང་པོ་
Vol. 27 · folio 15b
གང་དག་གང་ལམ་གྱུར། །དེ་དང་དེ་ཡི་ངོ་བོར་ཏེ། །མཉམ་པར་མ་བཞག་སྦྱོར་བ་ཡིས། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །མིག་གི་ལམ་གྱུར་གཟུགས་རྣམས་ཏེ། །དེ་ལ་རྣམ་པར་སྣང་མཛད་གནས། །རྣ་བ་རྡོ་རྗེ་ཉི་མ་སྟེ། །སྒྲ་ཡང་དེར་ནི་རབ་ཏུ་བསྒྲགས། །སྣ་ཡི་ལམ་དུ་རྟ་
མགྲིན་ཏེ། །དྲི་ཡི་ལམ་དུའང་བཤང་བ་ཡིན། །ལྕེ་ལམ་པདྨ་ཞེས་བྱ་བ། །པདྨ་གར་དབང་རོ་ཡང་ཡིན། །སེམས་ཀྱི་ལམ་ནི་གཟུགས་མེད་པར། །རྡོ་རྗེ་སེམས་དཔའ་རྣམ་པར་གནས། །པགས་པ་རུས་པ་རྐང་དག་དང་། །ཁྲག་དང་རྒྱུ་མ་ཧེ་རུ་ཀའོ། །དེ་ལྟར་དབང་པོ་ལམ་རྣམས་ནི། །ངོ་
བོ་ཉིད་ཀྱིས་ཐ་དད་པའོ། །མཉམ་པར་མ་བཞག་སྦྱོར་བ་ནི། །གཞུང་ནི་མང་དུ་བཤད་པ་ཡོད། །ལ་ལའི་གཞུང་ནི་མི་རྟག་པ། །ལྡང་བའམ་གང་ཡང་རུང་བ་དང་། །འདུག་དང་འཆག་པ་དག་ལའང་རུང་། །རྟག་ཏུ་སངས་རྒྱས་དངོས་པོར་བསྒོམ། །མཉམ་པར་མ་བཞག་པ་ཡི་
གཞུང་། །རབ་བཞད་རྡོ་རྗེས་མཉན་པར་གྱིས། །དབང་པོ་གང་དང་གང་སྒོམ་ན། །འོངས་པའི་རྫས་ནི་ཡང་དག་བླང་། །དེ་དང་དེ་ནི་ས་བོན་འགྱུར། །སྔགས་ཉིད་མཉམ་པར་མ་བཞག་པའོ། །སངས་རྒྱས་ཀུན་གྱི་དངོས་བསམས་ལ། །ཐམས་ཅད་རྡོ་རྗེ་ཅན་དུ་སྦྱོར། །པདྨའི་སྣོད་དུ་
བཞག་ནས་ནི། །ལག་པ་གཡོན་དུ་སྒྲུབ་པ་པོས། །གཡས་པ་ཡི་ནི་ལག་པ་ཡིས། །བ་དན་གསུམ་པས་བཟའ་བར་བྱ། །རབ་ཏུ་བཞད་པའི་རྡོ་རྗེ་ཡིས། །མཉམ་པར་མ་གཞག་སྔགས་སུ་བཤད། །ཨོཾ་ཨ་ས་མ་ཧཱི་ཏྃ་ཨཿཨ། །རབ་བཞད་རྡོ་རྗེའི་གཞུང་ཡིན་ཏེ། །གཞན་དག་
གི་ནི་གཞུང་གཉིས་པ། །མཉམ་པར་མ་བཞག་མིང་གིས་ནི། །སྟོང་པ་མི་ཤིགས་པ་ཡི་གཞུང་། །ཆོས་ཀྱི་འཁོར་ལོ་ལྟེ་བ་ཆེར། །དེས་ནི་ཐམས་ཅད་སད་པར་བྱེད། །དེས་ན་འདི་ནི་སངས་རྒྱས་ཀུན། །མི་མཉམ་ནམ་མཁའ་ལ་གནས་པའོ། །དེ་ཡི་ཡོན་ཏན་བརྟག་པ་ནི། །མཉམ་
མེད་ཅེས་བྱའི་བསྟོད་པ་ཡི། །འདི་ལ་གཞུང་ནི་གཞན་ཅིའང་རུང་། །བདག་གིས་བཤད་པ་ཡོད་མ་ཡིན། །རིགས་ཀྱི་དབྱེ་བར་ལ་ལར་འདོད། །སྐུ་གསུམ་དུ་ནི་ལ་ལ་འཆད། །ཨ་ནི་ཆོས་ཀྱི་སྐུ་ཡིན་ལ། །མ་ནི་མཁའ་འགྲོ་ལ་བརྟན་པ། །ལོངས་སྤྱོད་རྫོགས་པའི་བཤད་པའོ། །
Vol. 27 · folio 16a
ས་ནི་མཉམ་མེད་མི་གཡོ་བའོ། །རབ་བཞད་རྡོ་རྗེའི་བཤད་པ་ནི། །ཨ་ནི་ས་བོན་ཉིད་ཡིན་ལ། །ས་ནི་སྐྱེ་འགྲོ་ཐམས་ཅད་དེ། །མ་ནི་ཤ་དང་པགས་པ་ཡི། །གལ་ཏེ་ས་བོན་མི་སྤྱོད་ན། །མྱུར་དུ་རྟག་པར་གསོད་པར་བྱེད། །གཡོ་དང་གཡོ་བས་ལེགས་པར་
ནི། །བྷ་ག་ཉིད་ཁམས་རྡོ་རྗེ་ཅན། །འདིས་ནི་ས་བོན་བསྟན་པ་སྟེ། །དེ་ལ་འདིར་ནི་བསྟོད་བཤད་པའོ། །སྔོན་ནི་ཤཱཀྱས་བསྐུལ་བ་ཡི། །རང་བྱུང་གཅིག་པུ་ཆེ་བའི་ལྷ། །སྦྱོར་བ་ལ་ལས་བཤད་པ་ཡིན། །ལྷ་ཉིད་ཀྱིས་ནི་རྣལ་འབྱོར་ཡིན། །ལ་ལ་སྣ་ཚོགས་པདྨའི་རས། །གཞུང་
དུ་མཁས་པ་ལ་ལ་འདོད། །ཚོགས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །ཕྱག་རྒྱས་བསྟོད་པ་འདོན་པར་བྱེད། །སྣ་ཚོགས་མཆོད་པ་དུ་མ་སྟེ། །རས་ལ་པདྨ་བྲི་བར་བྱ། །བླ་བྲེ་བསྒྲེངས་ནས་བྲི་བྱ་ཞིང་། །བསྒྲུབ་པའི་སྟན་ནི་འཛོམ་པར་བྱེད། །ལྷ་མོ་རྣམས་ཀྱི་རང་གི་མཚན། །གོས་དང་
རྒྱན་གྱིས་རྣམ་བརྒྱན་པ། །བཞག་ནས་རིག་པ་མཆོད་བྱའི་ཕྱིར། །ཡང་དང་ཡང་དུ་སྤྱད་པར་བྱ། །ཕྱི་ནས་མཉམ་མེད་མི་གཡོ་བའི། །བསྟོད་པ་དབྱངས་སུ་གདོན་པར་བྱ། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །སྣ་ཚོགས་རས་ཀྱིས་བཀབ་པ་ཡི། །ཐམས་ཅད་
དག་པའི་སྟན་དེ་ནི། །རང་གི་གཞུང་ནི་གང་ཡིན་པ། །རབ་ཏུ་བརྩེ་བས་བཤད་དུ་གསོལ། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །སྣ་ཚོགས་རྡོ་རྗེ་ཞེས་བཤད་པ། །པདྨའི་སྒྲ་ནི་བདེ་མཆོག་ཡིན། །རས་ཀྱི་སྒྲ་ནི་པགས་པར་བཤད། །ཐམས་ཅད་དག་པ་ས་བོན་ཡིན། །
སྟན་ནི་བྷ་ག་ཞེས་བཤད་དེ། །གང་དུ་རྣལ་འབྱོར་པས་རོལ་པ། །རབ་བཞད་རྡོ་རྗེའི་གཞུང་ཡིན་ཏེ། །ཨིནྡྲ་བྷཱུ་ཏིའི་གཞུང་ཉོན་ཅིག །སྣ་ཚོགས་དུ་མ་ཞེས་བཤད་དེ། །བསྟོད་པ་མཁའ་དང་མཚུངས་པའོ། །པདྨ་གནས་སུ་གྱུར་པ་ཡིན། །རས་ནི་དེ་ཡི་པགས་པ་ཡིན། །
བཀབ་པ་སྒྲུབ་པ་ཡིན་པར་བཤད། །བྷ་ག་ཐམས་ཅད་དག་པའི་སྟན། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ། །དེ་ཉིད་དུ་ནི་རྣམ་པར་རོལ། །སངས་རྒྱས་ཀུན་གྱི་མཉམ་སྦྱོར་བ། །གཅིག་པུ་བསྡུས་པའི་བྱ་བ་མཛད། །ནང་གི་གཞུང་ནི་འདི་ཡིན་ཏེ། །ཕྱི་ཡི་ཚོགས་ཀྱི་དཀྱིལ་
Vol. 27 · folio 16b
འཁོར་ཏེ། །ཨིནྡྲ་བྷཱུ་ཏིའི་བཤད་གཞུང་གིས། །ཚོགས་ཀྱི་དཀྱིལ་འཁོར་བྱ་བ་ཡིན། །ཚེས་བརྒྱད་དང་ནི་བཅུ་བཞི་པ། །རྣལ་འབྱོར་མ་དང་བླ་མ་མཆོད། །དམར་ཆེན་ཙནྡན་བཅས་པ་ཡི། །རྫས་ནི་འདི་ཡིས་བཟའ་བར་བྱས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །གལ་ཏེ་ཅུང་ཟད་
སྒྲུབ་འདོད་ན། །གང་ཞིག་བྱ་བ་དང་བྲལ་བས། །སྒྲུབ་པ་འགའ་ཞིག་བརྩམ་པར་བྱ། །སྦྱིན་སྲེག་ལས་ནི་མི་བྱ་ཞིང་། །བཟླས་བརྗོད་མ་ཡིན་གཟུང་མ་ཡིན། །བསྙུང་བ་བརྟུལ་ཞུགས་མཆོད་མེད་པར། །དེ་ཡིས་དངོས་གྲུབ་མཆོག་ཏུ་འགྱུར། །སྡུད་པར་བྱེད་པས་
ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ཕྱག་མཚན་བཤད་དུ་གསོལ། །དེ་བཞིན་འདོད་ཆགས་ཆེ་ལས་བྱུང་། །དེ་བཞིན་ལྷ་མོའི་སྔགས་རྣམས་དང་། །ཆོས་གོས་དང་ནི་ལྷུང་བཟེད་ཉིད། །རྣལ་འབྱོར་རྒྱུད་ལས་བཤད་པ་
ཡི། །དེ་བཞིན་གླེགས་བམ་མཁར་གསིལ་གསུང་། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །འདོད་ཆགས་ཆེན་པོ་ལས་བྱུང་བ། །གཞོན་ནུ་བདག་པོ་དང་འདུས་ཁྲག །ཙནྡྲན་དང་ནི་ཤ་ཆེན་ཏེ། །གཅི་བ་རྡོ་རྗེ་ཆུ་ཞེས་བྱ། །རྡོ་རྗེ་བཅས་པའི་དྲི་བཤད་པའོ། །
པདྨའི་སྣོད་ནི་ཀཱ་པ་ལ། །སྒྲུབ་པས་ཚོགས་ཀྱི་དཀྱིལ་འཁོར་དུ། །རྫས་དེ་དེར་ནི་བརྟག་པར་བྱ། །བདེ་མཆོག་ས་བོན་ཧོཾ་ཞེས་བྱ། །བརྡ་ཡི་ཚིག་གིས་ཆོས་གོས་ཡིན། །ཀྱེ་མའོ་བདེ་བ་ཞེས་བྱ་བའི། །ཛ་ཡི་ས་བོན་ལྷུང་བཟེད་ཡིན། །སྒྲོན་མའི་ཡི་གེ་བ་ཡང་ཡིན། །བརྡ་
ཡི་ཚིག་གིས་མཁར་གསིལ་ཡིན། །ཤ་ཤིའི་ཡི་གེ་ཧ་ཡང་ཡིན། །ས་བོན་ལྔ་དང་ལྡན་གྱུར་པ། །སངས་རྒྱས་མིང་གིས་སྦས་པ་སྟེ། །དེ་ཉིད་མིང་ནི་གླེགས་བམ་མོ། །པདྨ་གར་དབང་ཕྱག་རྒྱ་ནི། །པདྨར་ལྡན་པའི་ཡི་གེ་ཧཱུྃ། །ཧཱུྃ་བྷྱོ་ཧཱུྃ་ཞེས་བཏུས་པའི་སྔགས། །
སྔགས་ནི་ཧེ་རུ་ཀ་འབྱུང་བའོ། །ཕྱག་རྒྱ་རྣམས་ནི་དྲིལ་བུ་ཉིད། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བཤད། །མྃ་ཏྲཱྃ་བཱི་བི་ཛྃ་ཛྃ་བྃ་བྃ། རྡོ་རྗེ་ཉི་མའི་ལྷ་མོ་རྣམས། །ཨོཾ་ཨོཾ་ཉིད་དེ་སྟོང་པ་སྟེ། །བྃ་བྃ་དྃ་དྃ་དེ་བཞིན་ཏེ། །སངས་རྒྱས་དཀྱིལ་འཁོར་བརྟུལ་ཞུགས་ཅན། །དེ་ནས་
Vol. 27 · folio 17a
གསང་སྔགས་བརྗོད་པར་བྱ། །གཞན་གྱི་འགྲོས་ནི་རོལ་པ་སྟེ། །ཡི་གེ་ཨུ་ནི་རིང་རབ་འགྱུར། །གང་གཞན་དྲག་པོའི་སྦྱོར་བ་ནི། །རྟ་མཆོག་གི་སྟེ་མཐའ་ཡས་པའོ། །སྣ་ཚོགས་པདྨར་དེ་བཤད་པ། །བདེ་མཆོག་ཀྱེ་མ་བདེ་བ་དང་། །སྣ་
ཚོགས་པདྨའང་ཤ་ཤི་སྟེ། །སྒྲོལ་མ་དེ་ནི་བཞི་པའོ། །ལྷ་མོ་རྣམས་ཀྱི་སྔགས་བཤད་པ། །ས་བོན་ལྔ་དང་ཡང་དག་ལྡན། །སྟོང་པ་དྲུག་པར་ཡང་དག་སྦྱར། །དཀྱིལ་འཁོར་རྣམས་ཀྱི་རིམ་པ་ཉོན། །སྔར་ནི་བཤད་པ་བྱས་པའི་ཚིག །གནས་ནི་ཤེས་རབ་བྷ་ག་སྟེ། །དེར་ནི་པདྨ་འདབ་མ་བརྒྱད། །ལྟེ་བ་ལ་ནི་
བདེ་ཆེན་པོ། །དཀྱིལ་འཁོར་རྣམས་ཀྱི་ཀུན་དུ་ཡང་། །དེ་ཡི་རྣམ་པར་བྲི་བར་བྱ། །དབུས་སུ་པདྨ་འདབ་མ་བརྒྱད། །ལྟེ་བ་ལ་ནི་ལྷར་བཅས་པ། །སྣ་ཚོགས་གཟུགས་ཅན་ཕྱག་བཞི་པའི། །ཕྱག་རྒྱ་འདབ་མ་རྣམས་ལ་བྲི། །དགུ་པ་ལ་ནི་སྒྲ་འཛིན་པས། །རྡོ་རྗེ་བསྡམས་པའི་
ཕྱག་རྒྱ་བྲི། །ངོས་ལ་མེ་ཏོག་བདུག་པ་སྤོས། །ལྕགས་ཀྱུ་ལ་སོགས་སྒོ་སྲུང་བྲི། །རབ་བཞད་རྡོ་རྗེའི་གཞུང་ཡིན་ཏེ། །ཨིནྡྲ་བྷཱུ་ཏིའི་གཞུང་ཡང་ཡིན། །གནས་འདིར་གཞུང་ནི་འདི་ལྟ་བུས། །བྲི་བའི་དཀྱིལ་འཁོར་བྱ་བ་ཡིན། །རྡོ་རྗེ་སེམས་དཔའ་ཧེ་རུ་ཀར། །གང་ཞིག་དབང་
ནི་བསྐུར་གྱུར་པ། །དེ་དང་རྣམ་པར་སྣང་མཛད་ཞལ། །དེ་ཡི་དབུས་སུ་རང་གི་ལྷ། །ཆོ་ག་འདིས་ནི་མཆོད་བྱ་ཞིང་། །ཚོགས་ཀྱི་དཀྱིལ་འཁོར་མཉེས་པར་བྱ། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་སྒྲ་ནི་གང་དུ་བསྡུ། །དེ་བཞིན་དེར་ནི་བཅོམ་ལྡན་
གང་། །དེ་བཞིན་རྒྱུད་ཀྱི་སྒྲ་དག་དང་། །རྟོག་པའི་སྒྲ་ཡང་བཤད་དུ་གསོལ། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །དེ་ལ་བྷ་ནི་བྷ་ག་སྟེ། །ག་ནི་ནམ་མཁའ་ཡིན་པར་བཤད། །བཱན་ནི་སྟོང་པ་ཉིད་རྡོ་རྗེ། །དེར་ནི་སྒྲ་དེ་ལུས་དེ་སྟེ། །དེར་ནི་རྩ་ཡིས་ཐིག་བཏབ་བོ། །ཏ་ནི་
བྱང་ཆུབ་སེམས་ཡིན་ལ། །ཏྲི་ནི་རྣམ་པ་གསུམ་པ་སྟེ། །སྐུ་དང་གསུང་དང་ཐུགས་རྣམས་ནི། །གསང་བར་བཅས་པས་རྟག་ཏུ་བརྟག །རྟོག་པ་ཞེས་བཤད་ཁང་པ་སྟེ། །དཀྱིལ་འཁོར་བྱ་བར་གསུངས་པས་ན། །རྟོག་པའི་སྒྲ་ནི་དེ་བཤད་དེ། །ངན་པར་སྤྱོད་པའང་མཉན་
Vol. 27 · folio 17b
པར་གྱིས། །ངན་པར་སྤྱོད་པ་སྨད་འཚོང་མ། །གལ་ཏེ་དངོས་གྲུབ་སྒྲུབ་འདོད་ན། །དགའ་སྟོན་དང་ནི་བདེ་རྙེད་པར། །རང་གི་རྡོ་རྗེ་ཅན་དང་ལྡན། །འང་གི་སྒྲ་ནི་ངེས་པ་སྟེ། །སྨད་འཚོང་མ་འདིས་འགྲུབ་པར་འགྱུར། །བྷ་གའི་ནང་གི་རྩ་སྦུབས་གཉིས། །ངན་པར་སྤྱོད་པ་ཡིན་པར་
བཤད། །གཞོན་ནུའི་མཚལ་ཆེན་ས་བོན་དག །ལེགས་པར་རྙེད་པ་ཉིད་དགའ་བསྟན། །ལས་ཀྱི་རིགས་ནི་བསྒོམས་ནས་སུ། །བུད་མེད་ཐམས་ཅད་བསྒྲུབ་པར་བྱ། །སློབ་དཔོན་གཉིས་པའི་གཞུང་འདི་ཡིན། །སློབ་དཔོན་རབ་བཞད་རྡོ་རྗེའི་གཞུང་། །ཨིནྡྲ་བྷཱུ་ཏིའི་གཞུང་
གིས་ནི། །ཇི་ལྟར་ངན་སྤྱོད་འགྲུབ་པར་བཤད། །ངན་པར་སྤྱོད་པ་རྡོ་རྗེ་ཅན། །གཞིར་གྱུར་ས་བོན་ངོ་བོ་ཉིད། །བདེ་མཆོག་རྟག་ཏུ་སྤྱོད་པ་སྟེ། །བྷ་ག་ནང་གི་ལིང་གར་རོ། །འང་གི་སྒྲ་ནི་ངེས་པར་ཏེ། །བདེ་བ་ཆེན་པོ་དེ་འཐོབ་པའོ། །རབ་བཞད་རྡོ་རྗེའི་གཞུང་བཤད་ནས། །ཨིནྡྲ་བྷཱུ་ཏའི་
གཞུང་ཉོན་ཅིག །གུག་སྐྱེད་གཉིས་དང་རྣམ་བྲལ་བ། །ངན་པར་སྤྱོད་པ་རྣམ་པར་བཤད། །དེ་ནི་ཐམས་ཅད་སྒྱུ་མ་ཉིད། །བུད་མེད་གཟུགས་སུའང་དེ་གནས་པ། །ངན་པར་སྤྱོད་པ་ཞེས་བཤད་དེ། །སྟོང་པ་རྡོ་རྗེ་མཁའ་ལ་གནས། །རྙེད་པ་ཀུན་དང་བདེ་སྤྱོད་པས། །ངན་པར་
སྤྱོད་པའང་འགྲུབ་འགྱུར་ན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞི་བ་ལ་ནི་སྨོས་ཅི་དགོས། །སློབ་དཔོན་གཞན་དག་འཆད་པ་ནི། །ཡི་གེ་གཉིས་ནི་སྒོམ་བྱེད་ཏེ། །ཧྃ་ནི་རྡོ་རྗེ་ཅན་དུ་བཤད། །ཨ་ནི་བུད་མེད་འདི་ཡིན་ཏེ། །ཡི་གེ་གཉིས་ཀྱི་མིང་དག་ནི། །ངན་པར་སྤྱོད་
པ་རྣམ་པར་བཤད། །རྙེད་དང་བདེ་བ་ཐམས་ཅད་ཀྱིས། །བུད་མེད་འདི་ནི་འགྲུབ་པར་འགྱུར། །ཤཱཀྱ་འདི་ནི་མངོན་སུམ་དུ། །རྡོ་རྗེ་སེམས་དཔས་རབ་ཏུ་གསུངས། །ཕྱག་རྒྱ་འདི་ཉིད་དག་གིས་ནི། །བུད་མེད་ཀུན་གྱི་སྒྱུ་མ་བཤད། །སྐུ་ནི་ཡོངས་སུ་མ་བསྒྱུར་བས། །བདེ་མཆོག་
རྡོ་རྗེ་ཅན་གྱིས་གསུངས། །བསྒོམས་དང་བསམ་གཏན་འཛིན་པ་ཡི། །དེ་ལ་འདོད་ཆགས་ཡོད་མ་ཡིན། །དེ་བཞིན་ཆགས་དང་བྲལ་བ་དང་། །དབུ་མའང་དམིགས་པར་མི་འགྱུར་རོ། །ཕྲ་བའི་གཟུགས་ཅན་མཁའ་ལ་གནས། །ལྷ་མོ་དེ་ནི་དམིགས་མི་འགྱུར། །བདེ་མཆོག་
Vol. 27 · folio 18a
བྱེད་པར་བྱས་ནས་ནི། །བརྟན་དང་གཡོ་བ་རྣམས་ལ་གནས། །རང་གི་གཟུགས་ནི་ཡོངས་གྱུར་པས། །བུད་མེད་ཀུན་གྱི་སྒྱུ་མར་བཤད། །ཁམས་རྣམས་དང་ནི་ལུས་ཉིད་ནི། །ལྷ་མོ་བདེ་མཆོག་ཡིན་པར་བཤད། །སྣ་ཚོགས་དུ་མར་བཤད་པ་སྟེ། །
སངས་རྒྱས་རོལ་མོ་རྡོ་རྗེ་ཅན། །ཆོས་རྣམས་རྣམ་པར་མི་རྟོག་ཅིང་། །སྟོང་ཉིད་ནམ་མཁའ་འདྲ་བ་ལས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཡོངས་སུ་རྟོག་པ་གསུངས་པ་ཡིན། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མ་དམིགས་པར་མི་འགྱུར་བའི། །སྟོང་ཉིད་གསུམ་
བཤད་བདེ་མཆོག་གི། །སྒྲ་བརྙན་ལྟ་བུའི་ཚིག་ཏུ་ཐོས། །དངོས་མེད་མཚན་མ་མེད་པ་ན། །ཕྱི་དང་ནང་དུ་བཅས་ན་གནས། །སྙིང་གའི་མཁའ་དང་ཕྱི་རོལ་ནས། །དེ་བཞིན་འཆར་དང་ནུབ་པ་རུ། །རྟག་ཏུ་རྡོ་རྗེ་ཅན་རོལ་ཀྱང་། །རང་གི་སྐུ་ནི་སྣང་མི་འགྱུར། །སྟོང་ཉིད་
གཅིག་པུའང་མ་ཡིན་ཏེ། །དེ་བཞིན་སྤྲུལ་པའི་སྐུར་མཛད་དོ། །སྟོང་ཉིད་མིན་པའང་མ་ཡིན་སྒྲ། །ཆོས་ཀྱི་སྐུ་ནི་ཡིན་པར་བཤད། །དབུ་མ་མིང་མེད་ཅེས་གྲགས་ཏེ། །ལྟེ་བའི་དབུས་ན་རྣམ་པར་གནས། །ཤེས་རབ་ཕ་རོལ་ཕྱིན་པའི་མིང་། །བདེ་མཆོག་རྡོ་རྗེ་ཅན་དུ་བཤད། །
རྣལ་འབྱོར་སྒྲ་ནི་མཉམ་སྦྱོར་བ། །ཨུ་ནི་སྟོང་པ་ཉིད་ཡིན་པས། །རྣལ་འབྱོར་སྟོང་ཉིད་རྡོ་རྗེ་ཅན། །ཨུ་ཉིད་ཀྱང་ནི་བདེ་མཆོག་གོ། །ཆ་དང་ཐིག་ལེར་རྣམ་བརྒྱན་ན། །ཐབས་ནི་ཐམས་ཅད་བྱེད་པར་འགྱུར། །སངས་རྒྱས་ཀྱིས་འདུས་ཐམས་ཅད་ལ། །སེམས་ཅན་ཀུན་དོན་བླ་མེད་
པ། །ཆ་མེད་རྟག་ཏུ་རྡོ་རྗེ་ཅན། །ཆ་དེ་ཡོད་པ་མ་ཡིན་པ། །རླུང་གི་གཟུགས་སུ་གཉིད་ལོག་པ། །དེ་ལས་སྤྲུལ་པར་འགྱུར་བ་ཡིན། །ས་བོན་ཁམས་རྣམས་འཛིན་བྱེད་ཅིང་། །ཁམས་རྣམས་ཐམས་ཅད་ཉིད་ཀྱང་ངོ་། །དེ་བས་ཆོས་ཀྱི་སྐུར་འགྱུར་བ། །གང་ཚེ་སྟོང་ཉིད་ཐིག་
ལེར་བཅས། །གང་ཚེ་དེ་ཡི་གུག་སྐྱེད་དང་། །ཆ་དང་ཟླ་ཕྱེད་བྱུང་གྱུར་པ། །དེ་ཚེ་འདིར་ནི་སྐུ་ཡི་སྒྲར། །ལོངས་སྤྱོད་རྫོགས་པ་ཆེན་པོར་བཤད། །ལྟེ་བའི་དབུས་ན་པདྨ་ཆེ། །བཅུ་དྲུག་ཐིག་གིས་ཐིག་བཏབ་པ། །དེ་དབུས་རྟག་ཏུ་སྟོང་པ་ཡིན། །གཡས་པ་མཆོག་ལ་
Vol. 27 · folio 18b
ཞུགས་པ་ཡིན། །དབང་པོ་གཉིས་ཀྱིས་མཉམ་སྦྱོར་བས། །ཐམས་ཅད་བསྐྱེད་པར་མཛད་པ་ཡིན། །ཆོས་ཀྱི་སྐུ་ནི་བྱུང་གྱུར་ནས། །དེ་འོག་མི་རྣམས་བྱུང་བ་ཡིན། །རྟག་ཏུ་གཟུགས་མེད་རྡོ་རྗེ་ཅན། །རྟག་ཏུ་སྦྲུམ་མའི་བུ་བཞིན་ནོ། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །
ཐོད་པའི་ཕྲེང་བའི་དབུ་རྒྱན་དང་། །དེ་བཞིན་སྤྱི་བོར་ནོར་བུ་འཆིང་། །རྟག་དུའི་སྒྲ་ནི་ཇི་ལྟ་བུ། །བཅོམ་ལྡན་བླ་མས་བཤད་དུ་གསོལ། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ནི། །ཧེ་རུ་ཀ་ཡི་དབང་བསྐུར་བའོ། །སློབ་དཔོན་མང་པོས་རབ་ཏུ་བཤད། །
རབ་བཞད་རྡོ་རྗེའི་གཞུང་ཡིན་ཏེ། །ཐོད་པ་ལུས་ཞེས་བྱ་བ་ཡིན། །ཕྲེང་བ་རྐེད་པའི་མིང་ཡིན་ལ། །ཅོད་པན་བྷ་ག་ཡིན་པར་བཤད། །སངས་རྒྱས་ས་བོན་ཡིན་པར་བཤད། །ནོར་བུ་བདེ་བ་ཞེས་བཤད་དེ། །རྡོ་རྗེ་སེམས་དཔའི་ས་བོན་དག །རབ་བཞད་རྡོ་རྗེའི་གཞུང་ཡིན་ཏེ། །
ཨིནྡྲ་བྷཱུ་ཏའི་གཞུང་ཉོན་ཅིག །ཐོད་པ་གཡོགས་པ་ཡིན་པར་བཤད། །ཕྲེང་བ་སྔགས་ནི་སྟོང་པའོ། །དབུ་རྒྱན་ལྟེ་བའི་ཁ་ཡིན་ཏེ། །བཅུ་དྲུག་ཐིག་གིས་ཐིག་བཏབ་པའོ། །སངས་རྒྱས་སྒྲ་རུ་བཤད་པ་དེར། །ཨ་ལ་སོགས་པའི་ཡི་གེ་རྣམས། །དེ་རྣམས་དབུས་གྱུར་སྟོང་པ་
ཉིད། །དེ་ཉིད་གཙུག་གི་ནོར་བུར་བཤད། །གང་ཚེ་རྡོ་རྗེ་སེམས་དཔའ་ཡིས། །རྟག་པར་སྔོན་ནི་གསུངས་པ་ཡི། །ཐོད་པའི་ཕྲེང་བའི་དབུ་རྒྱན་དང་། །དེ་བཞིན་སངས་རྒྱས་གཙུག་གི་ནོར། །པདྨ་དཔལ་གྱི་ནགས་གནས་འདི། །སངས་རྒྱས་ཕྱག་རྒྱའི་བརྡ་ཡིན་ཏེ། །དཔལ་ནི་ལྷ་
མོའི་སྟོང་ཉིད་དེ། །ལྟེ་བའི་ཁ་ཡི་པདྨ་ཡིན། །ནགས་ཀྱི་གནས་ཞེས་བསྟན་པ་ནི། །ཨ་ལ་སོགས་པའི་ཡི་གེ་རྣམས། །འདི་ཞེས་བྱ་བར་རྗེས་དཔག་པར། །བརྡ་ཡི་སྒྲས་ནི་བསྟན་པ་ཡིན། །སངས་རྒྱས་སྒྲ་ནི་སྟོང་ཉིད་དེ། །ཕྱག་རྒྱ་བདེ་མཆོག་བྷ་ག་ཡིན། །རྡོ་རྗེ་སེམས་
དཔའ་རྟག་སངས་རྒྱས། །ཧེ་རུ་ཀ་དང་རྟ་མཆོག་དང་། །རྡོ་རྗེ་ཉི་མ་འཇིག་རྟེན་དབང་། །སངས་རྒྱས་ཐམས་ཅད་འཇིག་རྟེན་དུ། །དེ་དག་གཟུགས་རྣམས་ཐམས་ཅད་མཛད། །སྟོང་པའི་ཐིག་ལེ་རྣམ་སྤངས་པ། །ཇི་ལྟར་ཁང་པའི་ཟུར་བཞི་ནི། །དུས་ཀྱི་མཐར་ནི་འཇིག་པར་འགྱུར། །
Vol. 27 · folio 19a
དེ་ཡི་དབུས་མ་མི་འཇིག་སྟེ། །འདི་ནི་སྟོང་པའི་མཚན་ཉིད་དོ། །ཆ་ཡི་རྙོག་དང་རྣམ་བྲལ་ཞིང་། །སྟོང་པའི་ཐིག་ལེ་ཡོངས་སྤངས་པ། །སེམས་མེད་པར་ནི་ཡང་དག་བསྟན། །རྣལ་འབྱོར་པ་ཡི་གནས་མཆོག་གོ། །སྐྱེ་གནས་ས་བོན་རིམ་ཁྱབ་
པ། །གཞི་དང་ཁང་པ་ཉིད་དང་ནི། །ལས་དང་སྦྱོར་བ་རང་ནུས་པ། །རང་གི་ངོ་བོར་ཡི་གེར་སྦྱར། །ཚིག་གི་དོན་ནི་བཅུ་གཉིས་པོ། །སྔགས་ཀྱི་སྙིང་པོར་གྱུར་པའོ། །དེ་དག་ཐམས་ཅད་རིག་པ་ནི། །སྔགས་ཀྱི་དེ་ཉིད་མཚོན་པ་སྟེ། །ཡིད་ལ་གང་དག་འདོད་པ་ཡི། །དངོས་
གྲུབ་ཐམས་ཅད་བསྒྲུབ་པར་བྱ། །དེ་ལ་རྡོ་རྗེ་ཞེས་བྱ་བ་ནི་རྩེ་ལྔ་པའོ། །རྡོ་རྗེ་ཁ་ཊྭཱཾ་ག་ཞེས་བྱ་བ་ནི། །རྡོ་རྗེ་ཁ་ཊྭཱཾ་ག་ཉིད་དོ། །རྡོ་རྗེ་དྲིལ་བུ་ཞེས་བྱ་བ་ནི་དྲིལ་བུ་ཉིད་དོ། །ཀཱ་ལ་ཀ་ཞེས་བྱ་བ་ནི་ཌ་མ་རུའོ། །གོས་ཆེན་པོ་ཞེས་བྱ་བ་ནི་མིའི་པགས་པའོ། །དབང་བསྐུར་བ་ཆེན་པོ་ཞེས་བྱ་བ་ནི་
བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་བའོ། །ཤ་ཆེན་པོ་ཞེས་བྱ་བ་ནི་ཤ་ཆེན་པོ་ཉིད་དོ། །ཆང་ཆེན་པོ་ཞེས་བྱ་བ་ནི་དམར་ཆེན་པོའོ། །མཆོད་ཕྱིར་ཐོགས་ཞེས་བྱ་བ་ནི་མིའི་མགོའི་ཕྲེང་བའོ། །སྟོང་པ་ཞེས་བྱ་བ་ནི་རྡོ་རྗེའོ། །སེམས་དཔའ་ཞེས་བྱ་བ་ནི་ས་བོན་ནོ། །ས་བོན་ཞེས་བྱ་
བ་ནི་རྡོ་རྗེ་འཛིན་པའོ། །རབ་ཏུ་བཞད་པའི་རྡོ་རྗེའི་གཞུང་ནི། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ལ་ཨོཾ་ཞེས་བྱ་བ་ནི་སའོ། །ཨཱཿཞེས་བྱ་བ་ནི་ཆུའོ། །ཧཱུྃ་ཞེས་བྱ་བ་ནི་མེའོ། །སྭཱ་ཞེས་བྱ་བ་ནི་རླུང་ངོ་། །ཧཱ་ཞེས་བྱ་བ་ནི་ནམ་མཁའོ། །ཧཱྃ་ཞེས་བྱ་བ་ནི་ཆོས་
ཀྱི་དབྱིངས་ཀྱི་ངོ་བོའོ། །དེ་ཡང་དང་པོའི་ཨོཾ་ནི་སའི་ངོ་བོ་སྟེ། །མིག་གིས་ནམ་མཁར་གནས་ནས་གཟུགས་རྣམས་མཐོང་། །རྡོ་རྗེ་ཧཱུྃ་ནི་སྙིང་གར་རྣམ་བསམ་པ། །རྒྱལ་བ་རྣམས་ཀྱིས་རྣམ་ཤེས་མིང་གིས་གསུངས། །ཨཱཿནི་གསུང་སྟེ་འཇིག་རྟེན་དབང་ཕྱུག་དང་། །རྣ་བར་གནས་
སྭཱ་རྡོ་རྗེ་ཉི་མ་ཡིན། །སྣ་ཡི་ཧཱ་ནི་ཧེ་རུ་ཀ་རུ་བཤད། །རྟ་མཆོག་མིང་ནི་སྟོང་པའི་རྡོ་རྗེ་ཅན། །ཞེས་བཤད་པས་སོ། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་འགྲོ་བ་འཐོན་བྱེད་བདེ་བ་ཆེ། །ཨེ་མའོ་སངས་རྒྱས་རྣམ་འཕྲུལ་བསམ་མི་ཁྱབ། །ཨེ་མའོ་
Vol. 27 · folio 19b
ངེས་སྦས་སངས་རྒྱས་ཐམས་ཅད་མཆོག །ཨེ་མའོ་རྙེད་དཀའ་ཨིནྡྲ་བྷཱུ་མིའི་བླ། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །ཤཱཀྱས་གང་དྲིས་ཨིནྡྲ་བྷཱུ་ཏིའི་གཞུང་གི་དཀའ་འགྲེལ་བཤད། །སློབ་དཔོན་ཆེན་པོ་མང་པོས་བཤད་གཞུང་མིང་གིས་ལེགས་བཤད་པས། །
བདག་གིས་བསོད་ནམས་ངེས་པར་གང་བསགས་དེས་ནི་འགྲོ་བ་ཀུན། །མྱུར་དུ་སངས་རྒྱས་ཀུན་སྐྱེས་དངོས་གྲུབ་ཆེ་མཆོག་སྣང་ཐོབ་ཤོག །དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་བྱ་བ་རྣལ་འབྱོར་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་ཨིནྡྲ་བྷཱུ་ཏིའི་མཛད་པ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷ་ཀ་ར་བརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བཅོས་ཞིང་བསྒྱུར་ཏེ་གཏན་ལ་ཕབ་པ།།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words