བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་སྒྲུབ་པའི་ཐབས
Sanskrit title (Tibetan script, as in the text) བྷ་ག་བཱན་ཤྲཱི་མཧཱ་སུ་ཁ་བཛྲ་སཏྭ་སཱ་དྷ་ནཾ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 27 · folio 300a
༄༅༅། །རྒྱ་གར་སྐད་དུ། བྷ་ག་བཱན་ཤྲཱི་མཧཱ་སུ་ཁ་བཛྲ་སཏྭ་སཱ་དྷ་ནཾ། བོད་སྐད་དུ། བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདེ་བ་ཀུན་གྱི་མཆོག་རིག་མཉམ་མེད་ཡེ་ཤེས་
གཟུགས། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་མིན། །བདག་ཉིད་ཀུན་དུ་རྟག་གནས་སྲིད་གསུམ་མཆོག་གསུམ་གཟུགས། །དཔལ་ལྡན་ཚད་མེད་བདེ་བའི་རྒྱ་མཚོ་མི་འགྱུར་བ། །བདེ་ཆེན་བདེ་སྐྱེད་རྡོ་རྗེ་སེམས་དཔའ་མགོན་པོ་ལ། །འགྲོ་བ་གསུམ་གྱི་གཉེན་
གྱུར་ཕྱོགས་པས་ཕྱག་བྱས་ཏེ། །སེམས་ཅན་དུས་ངན་རྙོག་པས་ཉེན་ཅིང་དགེ་སྟེར་བ། །ཡུལ་ལ་ཆགས་པའི་ཉོན་མོངས་མུན་ནག་ཆེན་པོ་རྣམས། །བླ་མའི་ལུང་གིས་སེར་སྣའི་ཐ་བ་འཇོམས་འགྱུར་པ། །བདེ་བྱེད་བྱང་ཆུབ་བླ་མེད་བདེ་བ་ཐོབ་པའི་ཕྱིར། །འདི་ཡི་སྒྲུབ་
པ་ཆོ་ག་ཅུང་ཟད་བཤད་པར་བྱ། །འཇིག་རྟེན་མགོན་པོ་རྡོ་རྗེ་སེམས། །སྐྱོབ་པ་པོས་ནི་རྣམ་གསུམ་པ། །རྣལ་འབྱོར་རྒྱུད་ནི་ཐམས་ཅད་ལས། །བདེ་བས་ཐམས་ཅད་ལྷ་ཉིད་དོ། །རྡོ་རྗེ་བྱང་ཆུབ་སེམས་འདི་ནི། །སངས་རྒྱས་ཀུན་གྱི་ངོ་བོ་སྟེ། །དེ་བས་བདག་ཉིད་ཀུན་
སྦྱོར་བས། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །སངས་རྒྱས་ཐམས་ཅད་བདག་ཉིད་དེ། །དེ་བཞིན་དཔའ་བོ་ཐམས་ཅད་པས། །རང་གི་ལྷ་ཡི་སྦྱོར་བ་ཡིས། །དེ་བས་བདག་ཉིད་བསྒྲུབ་པར་བྱ། །རྡོ་རྗེ་བྱིན་རླབས་ཚུལ་གྱིས་སུ། །ཏིང་ངེ་འཛིན་ནི་བདག་དབང་
Vol. 27 · folio 300b
བསྐུར། །སྙིང་པོའི་ཕྱག་རྒྱ་སྔགས་རིག་གིས། །གསང་བའི་མཆོད་པ་མཆོག་གིས་བསྐུལ། །སྦྱོར་དང་རབ་སྦྱོར་སྦྱོར་ཆེ་བ། །རྣལ་འབྱོར་ཐམས་ཅད་བསྒྲུབ་པར་བྱ། །དེ་ཉིད་བཅུ་ལ་སོགས་ཚུལ་གྱིས། །ཐམས་ཅད་སྐྱེ་འགྱུར་བསྒྲུབ་པར་བྱ། །འདི་ཡིས་སངས་རྒྱས་ཐམས་ཅད་དང་། །
དེ་བཞིན་དཔའ་བོ་ཐམས་ཅད་དག །ཅི་བདེར་ཡུལ་ལ་ལོངས་སྤྱོད་པས། །ཚེ་འདི་ཉིད་ལ་ཐོས་པར་འགྱུར། །དེ་ནས་བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་བསྒྲུབ་པར་འདོད་པས་ཐོག་མར་རྡོ་རྗེ་སློབ་དཔོན་ལ་བསྙེན་བཀུར་ཇི་ལྟ་བ་བཞིན་དུ་བྱས་ནས། །
དམ་ཚིག་གི་སྡོམ་པའི་དབང་ལ་སོགས་པ་མནོས་ཏེ། ཇི་ལྟ་བའི་གནས་སམ། ཐེག་པའམ། ཁྱིམ་མམ། གཞལ་མེད་ཁང་ངམ། སྐྱེད་མོས་ཚལ་གྱི་གནས་ལ་སོགས་པར། །རང་གི་སྟན་འཇམ་ཞིང་རེག་ན་བདེ་བ་པདྨ་སྣ་ཚོགས་ཀྱི་འདབ་མས་གཡོགས་པ་དེ་ནི་
གདན་ཐམས་ཅད་ཀྱི་ནང་ན་བསྔགས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་གང་དུ་རྣམ་པར་རོལ་པ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མའི་བདེ་བླངས་ཏེ། ཨོཾ་བཛྲ་པདྨ་ཨ་ས་ན་མ་ཧཱ་ཡོ་ག་པི་ཏ་ཧཱུྃ་ཞེས་བྱིན་གྱིས་བརླབས་ནས། སྟན་བདེ་བ་ལ་སྦྱོར་བའི་
དབང་ཕྱུག་རྣམ་པར་གནས་ཏེ་ཇི་ལྟར་བྱིན་གྱིས་བརླབས་པ་དེ་བཞིན་དུ་ཐམས་ཅད་ཀྱི་སྟན་དང་སྦྱར་རོ། །མཉམ་པར་གཞག་ནས་རྒྱལ་བ་ཀུན། །ཉེ་བར་ནམ་མཁའ་ཐམས་ཅད་ལ། །རྡོ་རྗེ་སེ་གོལ་བཅིབས་པ་ཡིས། །རྡོ་རྗེ་གཏོགས་པས་བསྡུ་བར་བྱ། །ཛཿཧཱུཾ་བཾ་ཧོཿསངས་
རྒྱས་ཀུན། །རབ་ཏུ་སྦྱོར་བས་ཡང་དག་བརྗོད། །ཐལ་མོ་གསུམ་གྱི་སྦྱོར་བ་ཡིས། །ཞི་བའི་ཐལ་མོས་མཉེས་པར་བྱ། །ཆོ་ག་བཞིན་དུ་ཕྱག་བྱས་ཏེ། །ཅི་རིགས་མཆོད་པ་རྣམས་བྱས་ལ། །འདོད་པ་ལྔ་ཡི་ཡོན་ཏན་རྣམས། །དབང་པོ་ཀུན་ནས་སྤྲོ་བར་བྱ། །དངོས་གྲུབ་ཐམས་ཅད་སྒྲུབ་
བྱེད་པ། །ཞི་བའི་ཐལ་མོའི་སྦྱོར་བ་ཡིས། །ཤ་རྫ་གནྡར་ཚུལ་གྱིས་སུ། །རྡོ་རྗེ་དབྱངས་ཀྱིས་བསྟོད་པར་བྱ། །མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་
Vol. 27 · folio 301a
མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་ཆོས་མཆོག་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྐྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་
པར་སྩོལ། །རྟག་ཏུ་དྲི་མ་མེད་པའི་ཐུགས་རྗེའི་ཤུགས་ལས་བྱུང་། །སྨིན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་བསྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོ་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡིས། །བདེ་བར་
གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པ་ཡོངས་མི་འགྱུར། །ཨེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་བརྙེས་
པས། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །དེ་ནས་སྔོན་ཚེ་གང་བྱས་པའི། །སྡིག་པ་རྣམས་ནི་བཤགས་པར་བྱ། །རྒྱལ་བ་རྣམས་ནི་
དགེ་མཛད་ལ། །མ་ལུས་རྗེས་སུ་ཡི་རང་བྱ། །དེ་རྣམས་གསོལ་གདབ་པར་བྱ་བ། །སྐད་ཅིག་སྐད་ཅིག་སེམས་པར་བྱ། །མ་ལུས་པ་ཡི་དགེ་བ་རྣམས། །སེམས་ཅན་རྣམས་ལ་བསྔོ་བར་བྱ། །དེ་ནས་བརྩོན་འགྲུས་ཆེན་པོའི་གོ་བགོས་པ། །སྙིང་རྗེ་ཆེན་པོས་བརླན་པའི་སེམས་གཞན་
ལ་ཕན་པ་གཅིག་པུ་མཐར་གྱུར་པའི་མཆོག་མ་ལུས་ལུས་པ་མེད་པའི་འཇིག་རྟེན་ན་གནས་པའི་འགྲོ་བ་ཐམས་ཅད་བདག་གིས་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱའོ་སྙམ་དུ་བསམས་ཏེ། དེ་བཞིན་གཤེགས་པས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་བདེ་བ་ཆེན་པོ་
དཔལ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་མངོན་དུ་བྱས་ནས་པདྨའི་ལག་པ་གཡས་གཡོན་གྱི་མཐིལ་ལ་མ་ཊ་ཡི་གེ་གཉིས་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་ཆ་ཐམས་ཅད་ཀྱིས་རྣམ་པར་མཛེས་པར་མངོན་དུ་བརྟགས་ཏེ། དེའི་སྟེང་དུ་འདིས་རྡོ་རྗེ་དང་པདྨོར་བསམ་པར་བྱ་སྟེ། ཨོཾ་
Vol. 27 · folio 301b
མ་ཧཱ་སུ་ཁ་ས་མནྟ་བྷ་དྲ་ཧཱུྃ་ཨ་ཞེས་བརྗོད་ནས་རྡོ་རྗེའི་ཚིག་ལས་མངོན་དུ་བསྡུ་བ་དང་། སྤྲོ་བ་བྱ་བ་ནི་འོད་ཟེར་གྱི་རྒྱན་སྣ་ཚོགས་ཀྱི་ཕྲེང་བས་སྤྲོ་བ་དང་བསྡུ་བ་བྱ་སྟེ། གཡོན་པའི་སོར་མོ་ཐམས་ཅད་དུ་ཡི་གེ་ས་བོན་ལྔ་ལས་གཟུགས་མར་བསམ། གཡས་ཀྱི་རྣམས་ལ་གཙོ་བོ་རྣམས་ཚུལ་འདི་
བསམ་མོ། །ཨཾ་ཨ་ཨཾ་ཨ་ཨཾ། ཧཱུྃ་ཧཱུྃ་ཏྲཱཾ་ཧྲཱིཿཨ། དེ་ནས་སྙིང་པོ་འདིས་རྡོ་རྗེ་ཐལ་མོ་བཅིང་བར་བྱའོ། །ཨོཾ་བཛྲ་ཨཉྫ་ལི་ཨོཾ། །རྡོ་རྗེ་ཁུ་ཚུར་བསྡམས་པའི་སྙིང་པོ་ནི། ཨོཾ་བཛྲ་བནྡྷ་ཧཱུྃ། དེ་ཡང་སྙིང་པོ་འདི་ལན་གཉིས་སམ་གསུམ་དུ་བརྗོད་དེ་དབབ་པར་བྱིན་གྱིས་བརླབ་པོ། །ཨོཾ་བཛྲ་པདྨ་སཾ་ཡོ་ག་
ཨཱ་བེ་ཤ་ཨཱ་བེ་ཤ་མ་ཧཱ་སུ་ཁ། ཨོཾ་བཛྲ་སཏྭ་ཧཱུྃ་ཨ། སུ་ར་ཏ་སྟྭཾ། ཛཿཧཱུྃ་བཾ་ཧོཿབཅིངས་པ་དེ་འབབ་པར་གྱུར་གྱི་བར་དུ་བརྗོད་ནས་དེ་ནས་སྙིང་གར་དགྲོལ་བར་བྱའོ། །ཨོཾ་བཛྲ་བནྡྷ་མ་ཧཱ་ཀྲོ་དྷ་ཧ་ན་ད་ཧ་པ་ཙ་ག་ཏ་ཡ། སརྦ་དུཥྚ་པྲ་དུཥྚཾ། མེ་མ་ན་སིད་ཙ། ཛྙཱ་ན་མཧཱ་ཏ་མོནྟ་ཀ་ར་བི་ཏི་ཙི་གི་ར་བི་ཀི་ར་ཧཱུྃ། ཏྲད་
ཏ་ཏྲད་ཏེ་ཏ་ཏྲད་ཏེ། དེ་ནས་རང་གི་ལུས་མི་ཤེས་པའི་དྲི་མ་དང་བྲལ་ནས་ཟླ་བ་ལྟ་བུར་ཡོངས་སུ་དག་པར་བསྒོམས་ཏེ། ཨོཾ་སརྦྦ་བི་ཤུདྡྷི་དྷརྨཱ་ཏ་ས་མ་ཡ་ཧཱུཾ་ཞེས་ཡིད་ལ་བརྗོད་དོ། །དེ་ནས་བཅིངས་པ་དེ་སླར་གཉིས་སུ་བཅིངས་ནས་མཛུབ་མོ་གཉིས་བརྐྱང་བ་ལས་ལྕགས་ཀྱུ་ལྟར་བཅུས་ཏེ།
དེ་བཞིན་དུ་རང་གི་སྙིང་གར་སྔགས་འདིས་གྲོལ་བར་བྱའོ། །ཨོཾ་བཛྲ་བནྡྷ་ཨཾ་གུ་ཤ་མཧཱ་ཀྲོ་དྷ་ཛཿཧཱུྃ་བཾ་ཧོཿ། །ཧཱུྃ་ཧཱུྃ་ཕཊ་ཕཊ། དེ་ནས་བདག་ཉིད་ཤིན་ཏུ་རྣམ་པར་དག་པར་བསམས་ཏེ། ཡེ་ཤེས་ཡོངས་སུ་དག་པ་ཙམ་ལ་དམིགས་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བདག་ལ་འདིས་
བསྐུལ་བར་བསམ་མོ། །སྟོང་པ་ཡོད་མེད་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་དུ་དམ་ཚིག་ཉེ་བར་གཤེགས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའི་སྐལ་བཟང་དཔལ་ཁྱོད་བདག །དེ་ནས་དེ་བདག་གིས་བདག་ལ་བསྐུལ་བར་རིག་ནས་
བདག་ཉིད་བདེ་བ་ཆེན་པོ་རིམ་པ་འདི་ལྟར་བསྐྱེད་པར་བྱའོ། །ཧཱུྃ་གིས་ཕྱག་རྒྱ་དང་བཅས་པར་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ལ་ཕྱག་རྒྱ་ནི་རྡོ་རྗེ་བཅིངས་པ་ལས་བརྐྱང་སྟེ། མཐེའུ་ཆུང་དང་སྲིན་ལག་གི་དབུས་སུ་མཐེ་བོང་རྩེ་སྦྱར་ནས། དབབ་པ་བྱས་ལ། སྙིང་གར་དབུ་མ་རྩེ་མོ་ཅན་དུ་བྱས་ཏེ།
Vol. 27 · folio 302a
ཨའི་པདྨའི་སྟེང་དུ་གཞག་གོ། །ཨོཾ་མཧཱ་སུ་ཁ་ས་མནྟ་པ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ་ཨ་ཞེས་བརྗོད་ནས་དབབ་པའི་ཕྱག་རྒྱ་བསྐྱོད་དོ། །ཡང་ན་ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་བརྟགས་ཏེ། ས་བོན་རྒྱལ་པོ་རྡོ་རྗེ་སེམས་དཔའི་ཀུན་གཞི་རྣམ་པར་ཤེས་པ་བཞིན་བསམས་ཏེ། ཧཱུྃ་གདན་
ལ་ཨ་ལ་སོགས་པས་ཀྱང་འོད་ཟེར་གྱི་ཆས་བརྒྱན་པ་ལྟར་བསམས་ནས་ས་བོན་ཧཱུྃ་དེ་ལས་རྡོ་རྗེ་རྩེ་ལྔ་པར་བསམ་མོ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པ་འདིས་རྡོ་རྗེ་རྩེ་ལྔ་པ་འདིར་མངོན་དུ་འགྲུབ་སྟེ། རྡོ་རྗེའི་ཡེ་ཤེས་དེ་ལས་ཡེ་ཤེས་རྣམ་ལྔར་གཟུགས་དང་ཁ་དོག་སྣ་ཚོགས་སུ་བྱུང་ནས། དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པར་ཀུན་དུ་སྣང་བར་བྱེད་པར་བསམས་ཏེ། དེ་བདག་ཉིད་རྡོ་རྗེ་ལ་སླར་འདུས་པས་ཕྱག་རྒྱ་ཆེན་པོའི་ཚུལ་དུ་གྱུར་པར་བསམས་ལ། ཐམས་ཅད་བདེ་བྱེད་དཀར་བའི་ཕྱིར། །ཐམས་ཅད་དག་ལ་རྣམ་དག་སྟེ། །ཟླ་བ་གང་
བ་དཀར་བའི་སྐུ། །རྡོ་རྗེ་སེམས་དཔའ་མཆོག་ཏུ་བདེ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ནི། །དམར་པོ་སྣ་ཚོགས་འབར་བའི་འོད། །གཡས་ཀྱིས་འདུད་པའི་སྙིང་ག་རུ། །འཛུམ་བཅས་རྡོ་རྗེ་གསོར་བར་མཛད། །སེམས་དཔའི་སྐྱིལ་ཀྲུང་དབྱིབས་སུ་གནས། །ཆུ་སྐྱེས་སྤྱན་ཡང་ཡིད་
ཙམ་རྒྱས། །སངས་རྒྱས་རིན་ཆེན་དབུ་རྒྱན་རྣམས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །རྒྱབ་ཏུ་འོད་དང་འདྲ་བ་ཡི། །ཟླ་བའི་དཀྱིལ་འཁོར་འོད་ཀྱི་མཆོག །ཨ་ལས་ཡང་དག་བསྐྱེད་བྱས་ཏེ། །དེ་ནས་ཀུན་དུ་སྤྲོ་བར་བྱ། །སངས་རྒྱས་རིན་ཆེན་ཁམས་གསུམ་ནི། །རིན་ཆེན་གཞན་
དང་མཚུངས་པ་མེད། །སངས་རྒྱས་ཀུན་གྱི་རིན་པོ་ཆེ། །དེ་བས་དབུ་རྒྱན་མཆོག་ཅེས་བྱ། །བདག་གི་གཞན་གྱིས་མི་འཕྲོགས་ཏེ། །དག་ཅིང་དང་བའི་ཆུ་འདྲ་བ། །ངོ་བོ་ཉིད་ཀྱི་མཐར་གྱུར་པས། །རང་བཞིན་གྱི་ནི་དངོས་གྲུབ་འགྲུབ། །དེ་ནས་བྱིན་རླབས་ཚུལ་གྱིས་སུ། །སྙིང་ག་སྨིན་
མཚམས་མགྲིན་སྤྱི་བོར། །གར་བཅས་ལག་པ་འདུད་པ་ཡིས། །རྡོ་རྗེ་ཕྱག་རྒྱ་བཅིང་བར་བྱ། །བྱིན་རླབས་ཕྱག་རྒྱ་འདི་ཡིན་ཏེ། །རྡོ་རྗེ་ཁུ་ཚུར་བཅིངས་བྱས་ཏེ། །མཛུབ་མོ་མཐེ་བོའི་མཚན་ཉིད་དུ། །གཡས་པའི་མཐེ་བོ་དབང་པོ་ཡིས། །ཁ་རུ་བཅུག་ནས་བསྡམ་པར་
Vol. 27 · folio 302b
བྱ། །འདི་ཡིས་བྱིན་གྱིས་བརླབས་པ་ཡིས། །རྡོ་རྗེ་དགའ་ཆེན་ཐོབ་པར་འགྱུར། །བདེ་བ་ཆེན་པོ་བདེ་བྱེད་ཆེ། །ཕྱི་ཡི་གསང་བ་རྣམ་སྡུད་ཡིད། །རྡོ་རྗེ་དགའ་བ་རབ་བཅིངས་ནས། །དབུ་མ་བཅིངས་བ་ནང་དུ་གཞུག །མཐེ་བོ་མཐེའུ་ཆུང་མཉམ་བསྣོལ་བའི། །རྡོ་རྗེའི་ཕྱག་རྒྱ་བསྒྲུབ་པར་
བྱ། །བཅིང་བ་དེ་ཡིས་བྱིན་བརླབས་ན། །རྡོ་རྗེ་འཛིན་པ་མཆོག་ཏུ་འགྱུར། །འདི་ཡིས་ཇི་ལྟར་རིགས་པ་ཡིས། །བློ་དང་ལྡན་པས་དབང་བསྐུར་བྱ། །དར་གྱི་བཅིང་བས་བཅིང་བྱ་སྟེ། །འགྱིང་དང་བཅས་པས་མཐའ་དགྲོལ་བྱ། །དར་དཔྱངས་འདྲ་བའི་ཚུལ་ཉིད་ཀྱིས། །ཐལ་མོ་ཡིས་ནི་
བསྟན་པར་བྱ། །སྔགས་ཤེས་པ་ཡིས་སྔགས་འདི་ཡིས། །ཧཱུྃ་ཨ་བྷི་ཥིཉྩ་མཾ། །འདི་ནི་རང་གི་རིགས་ཀྱི་དབང་བསྐུར་བའི་བྱིན་གྱིས་བརླབ་པའི་རིམ་པའོ། །མཐེ་བོ་སེམས་དཔའི་སྐྱིལ་ཀྲུང་ལས། །མཛུབ་མོ་རྩེ་མོ་དགུག་པར་བྱ། །གུང་མོ་མཆོག་གཉིས་མཉམ་སྦྱོར་མཉམ། །ལྷག་མ་རྡོ་རྗེ་
ཐལ་མོ་འོད། །སངས་རྒྱས་རིན་ཆེན་དབང་བསྐུར་རྒྱ། །རང་བྱུང་བ་ཡིས་དབང་བསྐུར་བས། །རྒྱལ་སྲིད་མཆོག་གི་དངོས་གྲུབ་ཀུན། །མ་ལུས་ལུས་པ་མེད་པར་འགྲུབ། །སྤྱི་བོ་དང་ནི་དཔྲལ་བ་གཉིས། །གློ་དང་དེ་བཞིན་རྒྱབ་ཉིད་དུ། །བྱས་ནས་དར་དཔྱངས་ཚུལ་དུ་བྱ། །ཨོཾ་བུདྡྷ་ཨ་བྷི་ཥེ་
ཀེ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་བུདྡྷ་ལོ་ཙ་སརྦྦ་ཨརྠ་སཱ་དྷ་ན་ཨ་བྷི་ཥིཉྩ་མཾ་སྭཱ་ཧཱ། སངས་རྒྱས་ཀུན་གྱིས་དབང་བསྐུར་བའོ། །རྡོ་རྗེ་རབ་ཏུ་དགའ་བའི་ཕྱག་རྒྱས་སྔ་མ་བཞིན་དབང་བསྐུར་རོ། །ཨོཾ་བཛྲ་རཏྣ་ཨཾ་བྷི་ཥེ་ཀ་ཧི་རི་མི་ཏི་རི་ནི་ཤྲཱི་ཡ་ཨ་བྷི་ཥིཉྩ་མཾ་སྭཱ་ཧཱ། རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་བའོ། །ཨོཾ་
པདྨ་ཨ་བྷི་ཥེ་ཀ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་ཨི་བྷི་ཥིཉྩ་མཾ་སྭཱ་ཧཱ། །དེའི་ཕྱག་རྒྱ་ནི་སངས་རྒྱས་རིན་ཆེན་གྱིས་དབང་བསྐུར་བས་དབུ་མའི་རྩེ་མོ་ཕབ་པ་ནི་པདྨ་རིན་ཆེན་གྱི་ཕྱག་རྒྱ་སྟེ། འདིས་སྔ་མ་བཞིན་དུ་དབང་བསྐུར་རོ། །རྡོ་རྗེ་ཐལ་མོ་རབ་སྦྱར་ཏེ། །གཉིས་ཀྱིས་རིན་ཆེན་འཛིན་པ་ལྟར། །ཇི་ལྟར་
རིགས་པས་མཉམ་པར་བྱ། །མཐེ་བོའི་རྩེ་མོ་གདོང་བཞི་ཡིས། །ཕྱག་རྒྱ་དེ་ནས་རབ་བསྒྱུར་ཏེ། །གཡས་པ་ཉིད་དུ་གཞག་པར་བྱ། །བློ་དང་ལྡན་པའི་སྔགས་འདི་ཡིས། །སྔགས་རིགས་དེ་བཞིན་དབང་བསྐུར་བྱ། །ཨོཾ་རཏྣ་རཏྣ་ཨ་བྷི་ཥེ་ཀེ་ཏྲཾ་ཏྲཾ། བྷ་བྷ་ཏ་ཏ་ཏྲ་ཏྲ་ཏྲ་ཏྲ་ཨ་བྷི་ཥིཉྩ་མཾ་སྭཱ་ཧཱ།
Vol. 27 · folio 303a
རིན་ཆེན་རིགས་ཀྱི་དབང་བསྐུར་བའོ། །རྡོ་རྗེ་ཐལ་མོ་གདབ་པ་སྟེ། །མཛུབ་མོའི་རྩེ་མོ་ཡུད་ཙམ་དགུག །མཐེ་བོ་དཔའ་བོའི་སྐྱིལ་ཀྲུང་དུ། །ལྷག་མ་རྣམས་ནི་འོད་བཞིན་བཏང་། །སྔོན་བཞིན་ཡང་ནི་སྦྱང་བར་བྱ། །ལས་ཀྱི་རིན་ཆེན་དབང་བསྐུར་བའོ། །ཨོཾ་བཛྲ་ཀརྨྨ་
རཏྣ་ཨ་བྷི་ཥེ་ཀེ་ཧི་ཧི་ཧི་ཧི། ཤྲཱི་པདྨ་བ་ད་མུ་ཥེ་ཨ་བྷི་ཥིཉྩ་མཾ་སྭཱ་ཧཱ། རིག་སྔགས་སྤྱིས་བདག་ལ་དབང་བསྐུར་བར་བསྟན་ཏེ་རང་གི་རིགས་ཀྱི་ཐོག་མ་ཉིད་དུ་དབང་བསྐུར་རོ། །དེ་ལྟར་བདག་ཉིད་དབང་བསྐུར་བར་བྱས་ནས། གོ་བགོ་བར་སྟེ། རྡོ་རྗེ་ཁུ་ཚུར་བརྐྱང་བ་ལས་མགྲིན་པར་བཞག་
སྟེ། ཨོཾ་བཛྲ་ཀ་བ་ཙ་ཡཱ་མཾ་ཧཾ་བཾ་ཡཾ། ཞེས་བྱ་བའི་སྙིང་པོ་བརྗོད་ནས་བཅིངས་པ་དེ་ལས་མཛུབ་མོ་བརྐྱང་སྟེ། སོ་སོ་ནས་གདོང་སྤྲད་པ་མདུད་པའི་ཚུལ་གྱིས་སྙིང་ག་ནས་བརྩམས་ཏེ། སྤྱི་བོའི་གཙུག་གི་བར་དུ་སྔགས་འདིས་ཨོཾ་ཊུཾ་ཀ་བ་ཙ་ཡཾ་མཾ་ཧཱུཾ། ལན་གསུམ་དུ་བྱས་ན་ལུས་ལ་
ཅིས་ཀྱང་མི་ཕྱེད་པར་འགྱུར་རོ། །དེ་ནས་ཨ་ལས་བཅོམ་ལྡན་འདས་མ་རྡོ་རྗེ་ཤིན་ཏུ་དགའ་བ་མའམ་རྡོ་རྗེ་སེམས་མ་བསྐྱེད་དེ། བཅོམ་ལྡན་འདས་ཀྱི་ཆ་ལུགས་དང་། ཁ་དོག་དབྱིབས་སུ་ལྡན་པ་གཡས་གཡོན་གྱི་པདྨོའི་དབྱིབས་ཅན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྔ་མ་
བཞིན་དུ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱ་སྟེ། གཉིས་སུ་མེད་པའི་ཏིང་ངེ་འཛིན་ཀྱིས་བརྩམ་པར་བྱ་བ་ནི་ལུང་ངོ་། །ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ཅིང་བཅིང་བ་ནི་ནང་གི་དབུ་མའི་ལྕགས་ཀྱུ་རང་གི་སྙིང་གར་ལྕགས་ཀྱུས་དྲང་བར་བྱ། དེ་ཉིད་གདོང་རེག་པ་ནི་ཞགས་པའོ། །དེ་ཉིད་ལུ་གུ་རྒྱུད་
ལྟར་བྱས་པ་ནི་བཅིང་བའོ། །དེ་ཉིད་རྩེ་མོ་བསྡམས་པ་ནི་དགྱེས་པའོ། །འདི་ནི་གསང་བའི་ཕྱག་རྒྱ་སྟེ། ཕྱིའི་ཕྱག་རྒྱ་རྣམས་ཀྱིས་ཀྱང་སྦྱར་བར་བྱའོ། །དེ་ལ་དེ་རྣམས་ཀྱི་ཕྱག་རྒྱ་ནི་འདི་ལྟ་སྟེ། རྡོ་རྗེ་བཅིང་བ་གཉིས་སུ་བྱ་སྟེ། གཡོན་པའི་སྟེང་དུ་གཡས་པ་བཞག་ནས་མཐེའུ་ཆུང་བསྣོལ་བ་ལ་
གཡོན་གྱི་མཛུབ་མོ་བསྒྲེང་བའི་ཚིགས་ནས་གཡས་ཀྱི་མཛུབ་མོ་དགུག་པ་ནི་རྡོ་རྗེ་འདོད་པའི་ཕྱག་རྒྱ་སྟེ། ཨོཾ་བཛྲ་ཀཱ་མ་ཨཾ་ཀུ་ཤ་ཀ་ཏ་ཀ་ཏ་ཧཱུྃ་ཛཿཞེས་པའི་སྙིང་པོ་དང་བཅས་པས་དྲང་བར་བྱའོ། །དེ་ཉིད་ལས་ཕན་ཚུན་དུ་མཛུབ་མོ་གཉིས་ཞགས་པ་ལྟར་བཅིངས་ཏེ། ཨོཾ་བཛྲ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་སྭཱ་ཧཱ།
Vol. 27 · folio 303b
ཞེས་བྱ་བའི་སྙིང་པོ་དང་བཅས་པས་གཞུག་གོ། །དེ་ཉིད་ལས་ཕན་ཚུན་ཤིན་ཏུ་བསྐུམས་ཏེ། ཨོཾ་བཛྲ་ཀཱ་མ་བནྡྷ་བནྡྷ་བཾ། ཞེས་པས་བཅིང་བར་བྱའོ། །དེ་ཉིད་ལས་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ལྟར་གཟུང་སྟེ་རྒྱབ་སྦྱར་བ་འདི་ནི་རྡོ་རྗེ་དགྱེས་པའོ། །ཨོཾ་བཛྲ་དུཥྚི་ཀཱ་མ་སུ་ཀེ་ཤོ་ཏ་ཡ་ཧོ། །ཞེས་བརྗོད་ནས་ཕྱག་
རྒྱ་དེས་དགྱེས་པར་བྱ་སྟེ། བདེ་བའི་ཐལ་མོ་འམ། ཞི་བའི་ཐལ་མོ་གསུམ་གྱིས་དགྱེས་པ་བསྐྱེད་ནས་མདུན་དུ་རྡོ་རྗེ་ཤིན་ཏུ་དགའ་བ་ལ་སོགས་པ་མངོན་དུ་བལྟ་བར་བྱ་བའི་ཕྱིར་དབྱངས་ཀྱིས་བསྐུལ་བར་བྱའོ། །རྡོ་རྗེ་སེམས་དཔའ་བདེ་ཆེན་སྐལ་བཟང་ཁྱོད་བདག་ལགས་སོ་སྒྲུབ་ལ་རྟོགས་པར་མཛད་
དུ་གསོལ། །དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་བདེ་བ་མཁའ་འགྲོ་སྒྱུ་མ་སྣ་ཚོགས་བདེ་བའི་མཆོག །འགྲོ་བའི་རྒྱུད་རྣམས་རྣམ་པ་སྣ་ཚོགས་འདུལ་མཆོག་གྲུབ་པ་བདག་ལ་གྲུབ་པར་མཛད་དུ་གསོལ། །ཨ་ལ་ལ་ཧོ། །དེ་བཞིན་གཤེགས་པའི་སྦྱོར་བ་རྣམ་པ་སྣ་ཚོགས་གར་རྣམས་
བསྟན་དུ་གསོལ། །ཛཿཧཱུྃ་བཾ་ཧོཿཀྱེ་མ་བདེ་མཆོག་བདེ་བས་གཟུང་བ་རྣམ་པར་སྤྲུལ་པ་སྣང་བར་མཛད་དུ་གསོལ། ཨ་ལ་ལ་ལ་ལ་ཧོ། །དེ་བཞིན་གཤེགས་པ་ཀུན་གྱི་སྣ་ཚོགས་སྒྱུ་མ་མཁའ་འགྲོ་སློབ་མས་གཟུང་དུ་གསོལ། །དེ་ནས་འཇུག་པ་དེ་ལངས་ཏེ། མ་དང་ཊ་ལས་གྱུར་པའི་མིག་གིས་
ནམ་མཁའི་ངོས་ལ་བདེ་བར་གཤེགས་པ་རྣམས་ཀྱིས་ཏིལ་འབྲུ་བཞིན་བཏགས་ཏེ་རྡོ་རྗེ་ལྕགས་ཀྱུ་བཅངས་ནས་ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ཅིང་རང་གི་ལྷ་ལ་མཆོད་པའི་ཕྱིར་དེ་རྣམས་ཀྱི་སྙིང་གར་གཞུག་པར་བྱའོ། །ཡང་ན་རང་བཞིན་གྱིས་གྲུབ་པའི་ཕྱག་རྒྱ་སྩལ་ཏེ། ཆོ་ག་ཇི་ལྟ་བ་བཞིན་དུ་བྱིན་གྱིས་
བརླབས་ལ། དབང་བསྐུར་བ་ལ་སོགས་པ་བྱས། །མཆོད་པ་བརྩམ་པར་བྱའོ། །མདུན་དུ་ཟླ་བའི་ཁ་དོག་ཅན། །ཆུ་སྐྱེས་ཞལ་ནི་འཛུམ་དང་བཅས། །ཕྱག་རྒྱ་མདའ་ལྟར་འདྲེན་པ་འཛིན། །སངས་རྒྱས་རིན་ཆེན་རྣམས་ཀྱིས་བརྒྱན། །རྒྱབ་ཏུ་ལྷ་མོ་ཆུ་སྲིན་གྱི། །པདྨ་དམར་པོ་འོད་དང་ལྡན། །
དཔལ་བྱེད་དྲན་པ་སྣ་ཚོགས་ཀྱི། །སངས་རྒྱས་དབུ་རྒྱན་མཆོག་འཛིན་མ། །སྔོ་མཐིང་མཆོག་གི་ཕྱག་གཉིས་ཀྱིས། །ཕྱག་རྒྱ་རང་གིས་འཁྱུད་པ་ཡི། །སངས་རྒྱས་དབུ་རྒྱན་ཕྲེང་བ་ལ། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །འདུད་བཅས་གཡོན་ནས་སྔོ་བསངས་ཏེ། །སངས་རྒྱས་གཙུག་གིས་རྣམ་
Vol. 27 · folio 304a
པར་སྤྲས། །རྣལ་འབྱོར་འབྱོར་ལྡན་བསམ་བྱ་བ། །རང་གི་སྙིང་པོ་རྫོགས་པར་བྱ། །བཞི་པོ་དེ་རྣམས་ནི་ཕྱག་རྒྱ་ཕྱི་མོའི་ཚོགས་སུ་བསྟན་ཏེ་གཟུགས་དང་སྒྲ་དང་དྲི་དང་རོའི་ལྷ་མོ་རྣམས་ཕྱོགས་བཞིར་རང་གི་སྟན་ལ་པདྨོའི་ལོ་མ་ལ་གནས་པར་བསམ་མོ། །པདྨོའི་ཕྱི་
མཚམས་སུ་སྒེག་མོ་དང་། ཕྲེང་བ་མ་དང་། དབྱངས་ཅན་མ་དང་། གར་མ་ལ་སོགས་པ་གྲྭ་བཞིར་གཞག་གོ །དེ་བཞིན་དུ་མེ་ཏོག་མ་དང་། བདུག་པ་མ་དང་། མར་མེ་མ་དང་། སྣ་ཚོགས་ཀྱི་དྲི་ལ་སོགས་པ་ཡང་ཕྱོགས་མཚམས་སུ་གཞག་གོ། །གླིང་བུ་དང་། པི་ཝང་དང་།
ཅང་ཏེའུ་དང་། རྫ་རྔ་དང་། ཆ་ལང་དང་། དར་དིར་དང་། པ་ཊ་ཧ་བརྡུང་བ་ལ་སོགས་པ་ཡང་ཕྱོགས་ཕྱོགས་སུ་གཞག་གོ། །ཤར་གྱི་སྒོ་རུ་བསམ་པ་ནི། རྡོ་རྗེ་ལྕགས་ཀྱུ་འདོད་པ་མཆོག །གཡོན་དུ་རྡོ་རྗེ་ཞགས་པ་སྟེ། །ནུབ་ཏུ་རྡོ་རྗེ་ལྕགས་ཀྱུ་རྒྱུད། །བྱང་དུ་དྲིལ་བུ་བཤད་པ་སྟེ། །དེ་རྣམས་
རང་གི་ལས་ལ་བརྩོན། །ཀུན་ཀྱང་གཟུགས་ཀྱི་མཆོག་ལྡན་པ། །རང་གི་ལྷ་ལ་རྗེས་མཐུན་པའི། །རང་གི་ཕྱག་མཚན་འཛིན་ལྡན་པར། །སྔགས་ཤེས་པས་ནི་དགོད་པར་བྱ། །རང་གི་ལྷ་ཡི་སྦྱོར་ལྡན་པས། །ཅི་རིགས་མཉམ་པར་གཞག་བྱ་སྟེ། །
མཉམ་པར་གཞག་པའི་ཏིང་འཛིན་ཉིད། །རྡོ་རྗེ་འཛིན་དུ་ཉེ་བར་འགྱུར། །དེ་ནས་ཇི་ལྟར་སྦྱོར་བ་ཡི། །སྦྱོར་དགྱེས་པ་ཡིས་རོལ་བྱས་ཏེ། །སྦྱོར་བ་བཞི་ཡི་ཚུལ་གྱིས་སུ། །མཉམ་པར་གཞག་ནས་རབ་ཏུ་བྱ། །མཆོད་པ་ཐམས་ཅད་མ་འབྱོར་ན། །ཕྱག་རྒྱ་བཅིང་ཞིང་མཆོད་བྱ་བ། །རང་ཉིད་ལྷ་
ཡི་ངོ་བོ་ལ། །དེ་དག་གིས་མཆོད་དམིགས་པར་བྱ། །བརྡུང་དང་གར་དུ་བཅས་པ་ཡིས། །སྟེག་བཅས་དགའ་བས་བདེ་བ་ཡི། །གླུ་ལ་སོགས་པའི་རོ་ལྡན་པས། །ཧཱུྃ་ཨ། བདེ་བ་ཆེན་པོ་སྐལ་བཟང་ཁྱོད། །ཐམས་ཅད་འདོད་པ་བཞིན་དུ་འདོད་ཆགས་པས། །བཅོམ་ལྡན་འདས་ལ་བདག་བཞེས་
ཤིག །མཆོད་པ་ཐམས་ཅད་ཀྱི་ཆོ་ག་ལ་སོགས་པ་སྦྱོར་བ་དང་ལྡན་པས་དབུལ་བར་བྱའོ། །ཛཿཧཱུྃ་བཾ་ཧོཿ རུ་ཊ་མ་ཊ་སྨ་ར་ཏྲ། ཧུ་ལུ་ཧུ་ལུ། པྲི་སི་ཏ། ཏ་ཀི་ཧཱུྃ། ཏྲུ་ཏ་ཀི་ནི། ཧཱུཾ་ཛ་ཛ། ཧུ་ལུ་ཧུ་ལུ། ཨ་ལ་ལ་ཧོ། །ཤུདྡྷྱ། སིདྡྷ་ཡ། ད་རི་ཤ་ཡ། སརྦ་ཀ་ཏེ་ཏ་གྷེ་ཏ་གྷེ་ཏ་གྷེ། ཏ་ཏ་གྷེ་ཏ་གྷེ། གྷེ་གྷེ་ཏ།
Vol. 27 · folio 304b
གྷེ་ཏེ་གྷེ་ཏ། གྷེ་ན་ཏོ། །ཏ་ཀི་ཧཱུཾ་ཛ་ཛ། ཧུ་ལུ་ཧུ་ལུ་ཧུ་ལུ། ཨ་ལ་ལ་ལ་ཧོ་རུ་ཊ་མ་ཊ། ཐལ་མོ་མྱུར་བ་སྟེ། བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ལ་འདིས་མཆོད་པ་ཐམས་ཅད་དབུལ་བར་བྱའོ། །ཏེ་གྷེ་ཏ་གྷེ། ཏ་གྷེ་གྷེ། ཏ་གྷེ་གྷེ། གྷེ་གྷེ་ཏ། རྒྱུན་གྱི་བརྡུང་བའོ། །ཨཾ་ཨཾ་
ཨཾ། ཧཾ་ཧཾ་ཧཾ། བཾ་བཾ་བཾ། དཾ་དཾ་དཾ། དམ་ཚིག་གསུམ་གྱི་བརྡུང་བ་སྟེ། འདིས་ནི་བཅོམ་ལྡན་འདས་སྐུ་གསུང་ཐུགས་བསྐུལ་བའི་དམ་ཚིག་གསུམ་གྱི་གསང་བའི་སྦྱོར་བ་སྟེ། དེ་རྣམས་ཀྱི་བརྡུང་བ་དབྱངས་སུ་བླང་ཞིང་ཤརྫ་དང་དེ་བ་ཏི་དབྱངས་འདིས་ཀྱང་སྦྱོར་བའི་བདག་ཉིད་ཀྱིས་ཧཱུྃ་ལ་
སོགས་པའི་དབྱངས་ཀྱིས་བསྐུལ་བར་བྱའོ། །རྗེས་སུ་ཆགས་པའི་རྣམ་མང་དགའ་བའི་པདྨོ་རྣམ་དག་པའི། །མཆོད་པ་གསལ་བས་རྗེས་སུ་མཆོད་བྱས་མཆོག །རྟག་པའི་རྣལ་འབྱོར་བདེ་བས་བདེ་བ་གྲུབ་པར་མཛོད། །ཀྱེ་མཆོག་བདེ་བའི་དམ་མཆོག་རང་གི་ངོ་བོ་ཉིད། །མཆོག་
ཏུ་བདེ་བའི་རྣལ་འབྱོར་ཤིན་ཏུ་སྐལ་བཟངས་ཆོག་བརྙེས་པ། །རང་གི་དམ་ཚིག་སྐྱོན་མེད་རྟག་ལ་རོལ་ཅིག་རོལ་ཅིག་ཧོ། །ཀྱེ་མཆོག་ཏུ་གསང་བའི་བདག་པོ་རང་གི་དམ་ཚིག་ཡིན་པའི་ཕྱིར། །རབ་ཏུ་གསང་བའི་ལྷ་མོ་མཆོག་རྣམས་སོ། །འགྲོ་བའི་རྒྱུད་ནི་རྣམ་པ་སྣ་ཚོགས་འདུལ་བ་
གསལ་བར་མཁྱེན། །དམ་ཚིག་ཐམས་ཅད་དངོས་པོ་བརྟན་གཡོ་ཀུན་གྱི་ངོ་བོར་གྱུར། །རྒྱལ་བ་ཀུན་གྱི་བདག་ཉིད་རྣལ་འབྱོར་བདེ་བ་སྒྱུ་མ་མཁའ་འགྲོ་ཧོ། །ཀྱེ་དམ་པ་རྟག་པའི་དངོས་གྲུབ་ཆེན་པོ་རབ་ཏུ་བསྒྲུབས་ལ་སྟོན། ཛཿཧཱུཾ་བཾ་ཧོཿཀྱེ་མ་ཧོ་བདེ་མཆོག་བདེ་བས་དྲོངས། །རྣམ་པར་
སྤྲུལ་པ་སྣང་བར་མཛོད། །ཨ་ལ་ལ་ལ་ཧོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཁའ་འགྲོ་སྒྱུ་མ་སྣ་ཚོགས་ཀྱི། །སློབ་མ་དག་ནི་གསུང་དུ་གསོལ། །འདི་ནི་བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་བདེ་བས་བསྐུལ་བའོ། །གཡས་དང་གཡོན་གྱི་ལག་པ་ཡིས། །
འགྱིང་བའི་ཚུལ་གྱིས་གར་བྱས་ཏེ། །གཡོན་གྱི་མཐེ་བོ་སྲིན་ལག་སྦྱར། །གཡས་ཀྱི་བ་དན་གསུམ་པ་ཡིས། །ཕྱག་རྒྱ་འདི་ཡིས་བཏབ་པ་ནི། །སངས་རྒྱས་ཀུན་དང་ཡང་དག་འགྲོགས། །ཐམས་ཅད་མཆོག་གི་དངོས་གྲུབ་ཆེ། །དབང་ཕྱུག་ཆེན་པོ་རབ་ཏུ་འགྲུབ། །
Vol. 27 · folio 305a
དེ་ཉིད་དོར་བའི་ཚུལ་གྱིས་སུ། །སླད་དུ་བརྫུན་པ་ཆེར་བྱས་ཏེ། །བསྒྱུར་ནས་གཡས་ཀྱི་འགྲམ་པ་དང་། །སྤྱི་གཙུག་མཚམས་སུ་བཞག་པ་ལས། །སླད་དུ་གར་གྱི་དབབ་ཚུལ་གྱི། །ཆ་ལུགས་ཀུན་གྱིས་རབ་བསྒྱུར་ཅིང་། །སྐལ་བཟང་ཧཱུྃ་གི་དབྱངས་ལྡན་
པས། །མཆོད་པ་ཐམས་ཅད་དབུལ་བར་བྱ། །ལ་ལར་ཟླ་བ་དྲི་མེད་དཀྱིལ་འཁོར་སྟོང་པས་མཛེས་པའི་གཟུགས་སུ་སྣང་བར་སྣང་། །ལ་ལར་རབ་ཏུ་འཇིགས་པའི་ཉི་མ་བྱེ་བ་ཕྲག་དགུའི་འོད་ཟེར་མཆོག་པས་འཇིགས། །ལ་ལར་མདངས་བཟངས་གཟི་ཆེན་ཞི་བར་ལྡན་པ་རྒྱལ་བའི་
གཟུགས་སུ་སྣང་། །ལ་ལར་འགྲོ་བ་ཐམས་ཅད་མཉམ་པར་འཇོག་པའི་གཟུགས་ལྡན་གསུང་མཆོག་ལྡན་པར་སྟོན། །རྡོ་རྗེ་སེམས་དཔའ་གྲུབ་ཕྱིར་འདུལ་མཁས་མ་ལུས་བདེ་བའི་མཆོག་རྣམས་ལས། །ཨ་རལ་ཐམས་ཅད་མཉམ་སྦྱོར་གྲུབ་པར་མཛོད། །རུ་ཊ་ཏ་མ་ཏེ་
ཨ་ལ་ལ་ལ་ཧོ། །རྣམ་པ་མང་པོ་འདུལ་བར་མཛད་པའི་ཚུལ་ལ་གར་མཁན་མཆོག་གིས་གར་མཛད་པ། །དམ་ཚིག་གར་གྱི་དབང་ཕྱུག་སངས་རྒྱས་གར་མཁན་གར་མཛོད་ཨ་ལ་ལ་ལ་ཧོ། །རྣམ་མང་བདེ་མཆོག་རབ་ཏུ་གར་མཛད་པ་ཡིས་ཐར་པའི་བདེ་བའང་ཐོབ་
པར་མཛོད། །འདི་ཡིས་བ་དན་གསུམ་དང་ལྡན་པར་གར་དུ་བྱའོ། །རབ་ཏུ་དགའ་དང་རྗེས་སུ་ཆགས་པར་དགའ་བའི་མདའ་གཞུ་རབ་ཏུ་ཕྲ་བས་རྒྱས་བཏབ་པས། །རབ་ཏུ་དགའ་བར་སྦྱོར་བའི་བདེ་བས་མྱོས་པ་བདེ་བ་ཐམས་ཅད་བདག་ལ་གྲུབ་པར་མཛོད། །རབ་ཏུ་བདེ་
བའི་རྣམ་པ་སྣ་ཚོགས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེང་བའི་ལོངས་སྤྱོད་དང་། །རབ་ཏུ་དགའ་བའི་དབང་ཕྱུག་མཆོག་ཏུ་གྲུབ་པས་དེ་བཞིན་གཤེགས་པ་བཞུགས། །ཧོ་རྟ་མཆོག་ཧོ། །ཀྱེ་མ་ཧོ་རབ་ཏུ་བདེ་བའི་རྣམ་པ་སྣ་ཚོགས་རོལ་ཅིག་ཧོ། །དེ་བས་སློང་རྣམ་
པར་རོལ། །ཧཱུྃ་སྣང་བར་མཛོད། །ཨ་ལ་ལ་ལ་ཧོ། །དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མ་རྣམ་པ་སྣ་ཚོགས་ཀྱི་སློབ་མ་གཟུང་དུ་གསོལ། །ཀྱེ་བདེ་བའི་མཆོག་གྲུབ་པར་མཛོད། །ཀྱེ་མ་ཧོ་བད་བས་བདེ་བ་སྩོལ། །དམ་པ་རབ་ཏུ་ཞུགས་པར་
Vol. 27 · folio 305b
མཛོད། །བདག་ལ་རབ་ཏུ་བདེ་བར་གྱུར། །ཨ་ལ་ལ་ལ་ཧོ། །ཀྱེ་མ་ཧོ་ཤི་ཤི་བཞུགས་ཤིག་མཁའ་འགྲོ་བདེ་བའི་མཆོག །ཡོངས་སུ་སྐོར། །ཀུན་དུ་ཞུགས། དེ་ནས་གར་དང་ལྡན་པ་ཡིས། །དབྱངས་འདི་རྣམས་ཀྱིས་གླུར་བླངས་ཤིང་། །དཔལ་ལྡན་གཡོན་
དུ་འདུད་པ་ཡིས། །གཡས་ཀྱི་བ་དན་གསུམ་དུ་བྱ། །དེ་ལྟར་གཡས་དང་གཡོན་ཚུལ་གྱིས། །སེམས་དཔའི་སྐྱིལ་ཀྲུང་བསྙེམས་བྱས་ཏེ། །སྟེང་དུ་དོར་དང་འོག་ཏུ་དོར། །བསྐོར་དང་དེ་བཞིན་བྱུག་བྱས་ཏེ། །མེ་ཏོག་བདུག་པ་མར་མེ་མཆོག །དྲི་ཡི་མཆོད་པ་
བསྐོར་བ་ཡིས། །ལྷག་མ་གར་གྱི་ཚུལ་གྱིས་སུ། །གླིང་བུ་པི་ཝང་རྫ་རྔ་མཆོག །དེ་བཞིན་ཅང་ཏེའུ་རྣམས་དག་ཀྱང་། །གཡོན་གྱི་ཁུ་ཚུར་རབ་བསྡམས་ཏེ། །ལག་པ་གཡས་པས་བརྡུང་བྱ་སྟེ། །རང་གི་མིང་གིས་བསྐུལ་བཅས་པས། །སྔགས་པས་མཆོད་པ་དབུལ་
བར་བྱ། །ཞི་བའི་ཐལ་མོ་བདེ་མཆོག་གིས། །ཐལ་མོའི་སྦྱོར་བས་དགྱེས་པ་བསྐྱེད། །གཡོན་དུ་འདོད་པས་ཕྱག་བྱ་ཞིང་། །འཛུམ་དང་བཅས་པས་ལྟ་བའི་མིག །སྨིན་མ་མིག་དང་མཆུ་གདོན་པ། །ཁ་དང་ལུས་ཀྱི་གདོན་པ་ཡིས། །ཆ་ལུགས་ཇི་བཞིན་གར་བྱ་སྟེ། །
ཕྱག་རྒྱ་ཐམས་ཅད་དབུལ་བར་བྱ། །ན་མོ་སྟུ་སརྦྦ་བུདྡྷེ་བྷྱཿ །ཞེས་པས་ཕྱག་རྒྱ་རབ་གནས་ཏེ། །མཆོད་པ་མཆོག་གི་དངོས་གྲུབ་རྣམས། །མ་ལུས་ལུས་པ་མེད་པར་འགྲུབ། །ཕྱག་རྒྱ་འདི་རྣམས་ཀྱིས་བཏབ་ན། །བདག་ཉིད་དང་ནི་ཡང་ན་གཞན། །སྒྲུབ་པ་པོ་ནི་མྱུར་འགྲུབ་སྟེ། །རྡོ་རྗེ་སེམས་
དཔའ་མཆོག་འདྲར་འགྱུར། །ལངས་པའི་ཚེ་ཡང་དེ་བཞིན་དུ་དབང་བསྐུར་བ་དང་། སྲུང་བ་ལ་སོགས་པ་བྱས་ཏེ། །བདེ་བའི་ཐལ་མོས་དགྱེས་པ་བསྐྱེད་ནས་ཅི་དགའ་བར་གནས་པར་བྱའོ། །ཨོཾ་རྡོ་རྗེ་སེམས་དཔའ་སྡུད་པ་དང་། །རྡོ་རྗེ་རིན་ཆེན་བླ་མེད་པ། །རྡོ་རྗེ་ཆོས་ནི་གསུང་བ་དང་། །
རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཨ་ཧོ་སུ་ཁ་ཞེས་པའི་མིང་། །རྡོ་རྗེ་སེམས་གང་གང་ཀློག་པ། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང་། །བསོད་ནམས་རྣམས་ནི་བྱིན་བརླབས་འགྱུར། །བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་སྒྲུབ་པའི་ཐབས་རྫོགས་སོ།། །།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words