དཔལ་ལྷ་མོ་ནག་མོའི་སྒྲུབ་ཐབས

Sanskrit title (Tibetan script, as in the text) ཤྲཱི་ཡ་དེ་ཝཱི་ཀཱ་ལི་སཱ་དྷ་ནོ་པི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 28 · folio 275a

༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཡ་དེ་ཝཱི་ཀཱ་ལི་སཱ་དྷ་ནོ་པི་ཀ །བོད་སྐད་དུ། དཔལ་ལྷ་མོ་ནག་མོའི་སྒྲུབ་ཐབས། དཔལ་ལྷ་མོ་ནག་མོ་ལ་ཕྱག་འཚལ་ལོ། །དཔལ་ལྷ་མོ་

སྒྲུབ་པར་འདོད་པའི་རྣལ་འབྱོར་པས། ཡོ་བྱད་ཕུན་སུམ་ཚོགས་པ་དང་ལྡན་པར་བཤམས་ལ། དེ་ནས་དུར་ཁྲོད་དམ་ཤིང་གཅིག་གི་དྲུང་ངམ། གཅོང་རོང་ངམ་ཁང་སྟོང་ངམ་དབེན་པའི་གནས་སུ་ཕྱིན་ལ། དེ་ནས་དང་པོ་ཕྱོགས་སྐྱོང་ལ་སོགས་པ་འཇིག་རྟེན་པའི་ལྷ་འདྲེ་ཐམས་

ཅད་ལ་གཏོར་མ་སྦྱིན་ཞིང་། གསེར་སྐྱེམས་རྒྱས་པར་གཏོང་ངོ་། །དེ་ནས་ཨེའི་མཎྜལ་ཀུན་དུ་ཁྲུ་རེ་ལ། འཕངས་སུ་ཁྲུ་གང་གི་ཚད་དུ་བྱའོ། །དེ་ལ་སྟེགས་བུ་སུམ་རིམ་དུ་བྱའོ། །བར་མ་ལ་ཟླ་གམ་གསུམ་དུ་བྱའོ། །ཐ་མ་གྲུ་གསུམ་དུ་བྱའོ། །ཐ་མའི་གྲུ་གསུམ་རེ་རེ་ལ་རབས་

Vol. 28 · folio 275b

ཆད་ཀྱི་ཐོད་པའམ། ཡང་ན་གང་ཡང་རུང་བའི་ཐོད་པ་རེ་རེ་བཞག་སྟེ། དེ་ཡང་ཐོད་པ་སྟེང་དུ་མངོན་པར་བྱས་ལ། ཐོད་པའི་ནང་དུ་ཡི་གེ་ཡ་ནག་པོ་རེ་རེ་རོ་སོལ་གྱིས་བྲིའོ། །ཐོད་པའི་ཕྱི་ལ་ཡང་ཡི་གེ་མ་དམར་པོ་རེ་རེ་ཁྲག་གིས་བྲིའོ། །ཟླ་གམ་གསུམ་ཡང་དམར་པོས་བྱུག །གྲུ་གསུམ་

དམར་པོར་ཚོན་བཏང་སྟེ། མ་ལེགས་ན་ཡང་འདི་ལྟ་བུའི་སྐྱོན་ཡོད་དེ་ཚོན་སྦོམ་ན་སློབ་དཔོན་དང་སློབ་བུ་ལ་ནད་མང་དུ་ཡོང་། ཚོན་ཕྲས་ན་སློབ་དཔོན་དང་སློབ་བུ་ལ་ནོར་ཡལ་བ་འོང་ངོ་། །ཡ་ཡོར་གྱུར་ན་ཡུལ་དུ་འཁྲུག་པ་འོང་ངོ་། །བར་ཆད་པར་གྱུར་ན་སློབ་དཔོན་སློབ་བུ་མྱུར་དུ་འཆི་བར་

འགྱུར། དེ་བས་རེ་ཁཱ་སྨྱུག་མ་འབྲིང་པོ་ཙམ་པ་བྱས་ལ། གཡས་ནས་བསྐོར་ཞིང་བྲིས་ཏེ། ཚོན་དགྱེ་བ་ཡང་གྲུ་གསུམ་ཉིས་འགྱུར་གྱི་བར་དུ་དགྱེ་སྟེ། ནང་གི་གྲུ་གསུམ་ནག་པོར་བྱ། ཕྱིའི་གྲུ་གསུམ་དམར་པོར་བྱ། ནང་གི་གྲུ་གསུམ་གྱི་རྩེ་མོ་རེ་རེ་ལ། རྡོ་རྗེ་ཕྱེད་པ་རེ་རེས་མཚན་

པར་བྲི། ཐལ་ཆེན་དང་ཁྲག་སྐམ་པོ་བསྲེས་པས་ཨེའི་དབུས་སུ་སྔགས་ཀྱི་ས་བོན་ཧཱུཾ་བྲི། ནང་གི་ཟུར་གསུམ་ལ་མ་མོ་ཐམས་ཅད་ཀྱི་སྲོག་གི་སྙིང་པོ་ཕུལ་བ་བྷྱོཿརེ་རེ་བྲི་བར་བྱའོ། །དེ་ནས་ད་དུ་རའི་ཁུ་བ་དང་ར་རོག་པོའི་ཁྲག་དང་། བྱ་མོ་ནག་མོའི་ཁྲག་དང་། དེ་དག་ཆ་བསྙམས་

ནས་བསྲེས་ལ་ཞིབ་ཏུ་བཏགས་ལ་ཚོན་རྩི་དང་སྦྱར་ནས། དུར་ཁྲོད་ཀྱི་རས་ལ་དཔལ་ལྷ་མོའི་སྐུ་བྲིས་ལ། ཨེའི་མཎྜལ་གྱི་དབུས་སུ་བཞུགས་སུ་གསོལ་ཏེ། དེར་ཡང་སྤོས་ལ་སོགས་པའི་མཆོད་པའི་ཡོ་བྱད་ལྔ་ཚང་བར་བསགས་ལ་མཆོད་པ་འབུལ་ཏེ། དེ་ཡང་བདག་དམ་

ཚིག་གི་ལྷ་མོར་བསྒོམས་ཏེ། དང་པོར་རྣལ་འབྱོར་པའི་སྙིང་གའི་དབུས་སུ་པདྨ་བཞི་པའམ། ཡང་ན་པདྨ་འདབ་མ་བརྒྱད་པ་སྙིང་པོ་དང་བཅས་པ་ཞིག་བསམ། པདྨ་དེའི་སྙིང་པོའི་དབུས་སུ་ཡི་གེ་ཨོཾ་ཀླད་ཀོར་དང་བཅས་པ་ལས་འོད་འབར་བ་ཅིག་བསམ་མོ། །དེའི་སྟེང་དུ་

ཡི་གེ་རཾ་རཾ་གྱི་གཟི་བརྗིད་ཀྱིས་རཾ་ཉིད་མེ་ལྟར་འབར་བ་ཅིག་བསམ། མེ་དེས་བདག་གི་རྣམ་པར་རྟོག་པ་ཅན་གྱི་ལུས་བསྲེགས་ནས་ཐལ་བར་གྱུར་བར་བསམ་མོ། །དེ་ནས་ཡང་ཐལ་བ་དེའི་དབུས་སུ་ཞི་བའི་ཡིད་ཀྱིས་བསམ་པར་བྱ་བ། སྔོན་གྱི་པདྨའི་སྙིང་པོ་ལ་གནས་པ་སྲོག་གི་རང་

Vol. 28 · folio 276a

བཞིན་ཡི་གེ་ཨཾ། །དེའི་སྟེང་དུ་ཡི་གེ་བཾ་བསམ་མོ། །དེ་ནས་བཾ་དེ་ཡོངས་སུ་གྱུར་པ་ལས། བུམ་པ་དཀར་པོ་ཁ་ནས་བདུད་རྩིའི་ཆུ་རྒྱུན་འབབ་པ་ཅིག་བསམ། དེ་ནས་སྔོན་གྱི་སྲོག་ཏུ་བཤད་པའི་ཡི་གེ་ཨཾ་དེ་ལས་བདུད་རྩིའི་ཆུ་རྒྱུན་བབ་ཅིང་སྦྲེངས་པས་ཡི་གེ་ཀུན་གྱི་མཆོག་

ཏུ་བཤད་པའི་ཨཾ་ཞེས་པ་ཆུ་དེས་ལྷག་པར་ཡང་བརྟན་ཞིང་བརྟག་པར་བྱས་ནས་གཟི་བརྗིད་དང་ལྡན་པར་གྱུར་ནས། ཟླ་བ་དང་ཁ་བ་དང་འོ་མ་དང་། ཀུནྡ་དང་སྤྲིན་དཀར་པོ་དང་དུང་ལྟ་བུར་བསམས་ཏེ། དེ་ནས་དཔལ་ལྷ་མོའི་མཚན་གྱི་སྔགས། ཨོཾ་མ་ཧཱ་ཀཱ་ལི་དེ་ཝཱི་ཀཱ་རཱ་ལི། བི་ཀྲིནྟ། ཀཱ་ལ་ར་ཏྲི།

ཙཎྜ་རཱུ་པི་ཎི་ཧཱུཾ་ཕཊ། ཅེས་བརྗོད་པའི་སྒོ་ནས། སྔགས་ཀྱི་ས་བོན་ཨོཾ་དེ་ལས་ས་བོན་ལྷར་བསྒྲུབས་ཏེ། དཔལ་ལྷ་མོ་ཆེན་མོའི་སྐུར་བསྒྱུར་ཞིང་བསྒོམ་པར་བྱ་བ་ནི། སྐུ་མདོག་ནག་མོ་ནག་པོ་སྲིན་དང་བུང་བ་ལྟ་བུར་གནག་པ། ཤིན་ཏུ་སྒེག་པ། ཀེང་རུས་ཀྱི་ལུས་ཅན། ཞལ་གཅིག་ཕྱག་བཞི།

ཞབས་གཉིས་པ། གཡས་ཀྱི་དང་པོ་ན་རལ་གྲི། འོག་མ་ན་བྷནྡྷ་དམར་གྱིས་བསྐྱིལ་བ། ཁ་ཊྭཱཾ་ག་འཁྲོལ་བ། གཡོན་གྱི་དང་པོའི་ཕྱག་ན་ཤཀྟི། འོག་མ་ན་ཏྲི་ཤཱུ་ལའི་མགུལ་དུ་དར་དཔྱངས་ཕྱར་བ་ཐོགས་པ། མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་བཞི་གཙིགས་པ། སྤྱན་གསུམ་དམར་པོ་

བཟློག་ནས་བལྟ་བ། དབུ་སྐྲ་རལ་པ་གྱེན་དུ་བརྫེས་ཤིང་ལེན་བུ་གཡོན་དུ་འཁྱིལ་བ། དབུ་སྐྲ་ལ་སྦྲུལ་དང་ཐོད་ཕྲེང་གིས་བརྒྱན་པ། སྙན་ཆ་གཡས་ན་སྦྲུལ་གྱི་མགུལ་ན་དྲིལ་བུ་གསིལ་བ། སྙན་ཆ་གཡོན་པ་ན་སེང་གེའི་རལ་པ་དམར་བ། རྣ་ལྟག་གཉིས་ན་མེ་ཏོག་དང་དར་དམར་པོའི་ཅོད་པན་

འཕུར་པ། ལྷ་མ་ཡིན་ལ་སོགས་པའི་ཐོད་པས་དོ་ཤལ་དུ་བྱས་པ། གླང་པོ་ཆེའི་ཀོ་རློན་གྱིས་སྟོད་གཡོགས་བྱས་པ། བ་ལང་གི་ཀོ་རློན་ཆན་པས་དྲས་པ་ལ། རེ་ལྡེ་སེར་པོས་ཤམ་བུར་བཏགས་པས་སྐུ་སྨད་དཀྲིས་པ། ཁྲག་དང་ཞག་གི་ཐིག་ལེས་བྲིས་པ། ཀླུའི་རྒྱལ་པོ་

གཤིབས་པས་སྐ་རགས་བྱས་པ། ཞབས་གཉིས་ལྕགས་སྒྲོག་གིས་བརྒྱན་པ། བོང་བུ་གྭ་པའི་སྟེང་ན་རྩེན་སྐྱིལ་དུ་བཞུགས་པ། དུར་ཁྲོད་བརྒྱད་ཀྱི་དབུས་ན་སྐད་དུང་དང་འབྲུག་གི་སྒྲ་ལྟ་བུ་སྒྲོགས་ཤིང་། མ་མོ་དང་མཁའ་འགྲོ་དང་། ཤ་ཟ་ཐམས་ཅད་དབང་དུ་སྡུད་པ་ཅིག་

Vol. 28 · folio 276b

ཏུ་བསྒོམ་མོ། །དེ་ལྟར་གསལ་བ་དེའི་ཐུགས་ཀའི་དབུས་སུ། ཐུགས་མེའམ་མེ་སྟག་འདྲ་བ་ལ། རང་གི་སོར་བཞིའི་ཚད་ཙམ་དུ། དབྱིབས་སྒོ་ངའི་གཟུགས་དང་འདྲ་བ་ཅིག་གསལ་བར་བསྒོམ་མོ། །སྒོ་ང་དེའི་དབུས་སུ་ཧཱུཾ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དང་ལྡན་པ་ཅིག་བསྒོམ་མོ། །དེ་ཡང་

ཧཱུཾ་གི་ཐིག་ལེ་ནི་ཉི་མའི་དཀྱིལ་འཁོར་དུ་བསམ། ཧཱུཾ་གི་ཟླ་ཚེས་ནི་ཟླ་བའི་དཀྱིལ་འཁོར་དུ་བསམ་མོ། །དེའི་འོག་ཏུ་ཧཱུཾ་དེ་ལས་འོད་ཟེར་བྱུང་བས། བཟླས་པའི་ཡིག་འབྲུ་རྣམས་ཀྱི་ཕྲེང་བར་གྱུར་པར་བསམ། ཧཱུཾ་དེ་ཉིད་མཐའ་མ་བསྐོར་བར་བསྒོམ་ཤིང་། ཧཱུཾ་དེ་ཉིད་ལ་བལྟ་ཞིང་གསལ་བ་དང་།

འདྲིས་ཤིང་གོམས་པའི་སྦྱོར་བས་རྩེ་གསུམ་པ་ཁོ་ན་བསྒོམ་མོ། །དེ་ལྟར་བདག་དམ་ཚིག་གི་ལྷ་མོར་གསལ་བ་དང་། གྲུབ་པའི་གནས་ནས་རང་བཞིན་གྱི་ལྷ་མོ་སྔོན་གྱི་དང་འདྲ་བ་ཞིག །འཁོར་ནག་མོ་གཅེར་བུ་རལ་པ་ཅན། ཐོད་པ་སེ་རལ་ཁར་བརྒྱན་པ། ལག་པ་གཡས་པ་ན་མིའི་

སྙིང་ཐོགས་པ། ལག་པ་གཡོན་པ་ན་བྷནྡྷ་རཀྟས་བཀང་བ་འཛིན་པ། སྙིང་གི་དབུས་ན་སྲོག་གི་སྙིང་པོ་ཡི་གེ་བྷྱོཿརེ་རེ་ཡོད་པ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་བྱོན་པར་བསམ་མོ། །དེ་ལྟར་ནམ་མཁའ་ལ་སྤྱན་དྲངས་ནས། མདུན་གྱི་ཨེའི་དབུས་སུ་སྔགས་ཀྱི་ས་བོན་ཧཱུཾ་དང་བྷྱོཿལ་

སོ་སོར་ཐིམ་པས་སྐུ་ཕྱག་རྒྱར་ཞེས་པས་བྱའོ། །དེ་ཡང་དགུག་པ་དང་། གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བའི་སྔགས་འདིས་བྱའོ། །དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿཞེས་བརྗོད་ནས། དེ་ནས་གཟུགས་དངོས་སུ་སྟོན་ཅིག་པར་བསྒོམ་མོ། །དེ་ལྟར་མི་སྟོན་ན་ཨོཾ་

ཧཱུཾ་བྷྱོཿ། །ཨེ་ཨ་རལླི་ཧྲཱིཿཛཿཞེས་སྔགས་དེ་བརྗོད་ཅིང་གཟིར་རོ། །མངོན་སུམ་དུ་མ་བྱུང་ན་ཡང་ངའི་སེམས་ལ་ཅི་འདོད་པ་དེ་ནི་ཁྱོད་ཀྱིས་གྲུབ་པར་གྱིས་ཤིག་པར་བསྒོའོ། །དེ་ནས་ཀྱང་སྔགས་ཀྱི་ལས་བྱེད་པའི་ཚེ་རིགས་ཀྱི་དམ་ཚིག་བྱིན་ཏེ། དམ་ཚིག་ཀྱང་གུར་གུམ་གྱི་ཆུ་ལ་སྔགས་

ཀྱིས་བཏབ་ལ་སྦྱིན་ནོ། །དམ་ཚིག་གི་སྔགས་འདིའོ། །ཨོཾ་ཧ་ན་ཧ་ན་བཛྲ་ས་མ་ཡ་མ་ཏི་ཀྲ་མ་ནན་ཧཱུཾ་ཕཊ། དམ་ཚིག་གི་ཆུ་བྱིན་ནས་བསྒོ་བ། ལྷ་མོ་ཁྱོད་དམ་ཚིག་འདི་ལས་འདས་ན། བསྒོ་བ་བཞིན་དུ་མ་ཉན་གྱི་བར་དུ་གཟིར་བ་ཆེན་པོར་བྱེད་པ་དང་། དམ་ཚིག་གི་ཆུ་འདི་ཡང་དུག་ཧ་ལ་ཧ་ལ་

Vol. 28 · folio 277a

ཆེན་པོར་གྱུར་ཏེ། མཐོང་བས་ཁྲག་ཏུ་སྐྱུག་པ་དང་། རྡོ་རྗེ་ཟ་བྱེད་ཆེན་པོས་སྙིང་དྲངས་ཏེ་དུས་མ་ཡིན་པར་འཆི་བར་འགྱུར་བ་དང་། གནོད་སྦྱིན་གྱིས་གསོད་པར་འགྱུར་བ་དང་། འགས་པ་དང་ཁྲོ་བོ་ཟ་བྱེད་ཆེན་པོ་དང་འཇིགས་བྱེད་ཆེན་པོར་འགྱུར་ཏེ། དཔལ་ཆེན་པོའི་རྡོ་རྗེ་ཆེན་

པོས་སྙིང་དྲལ་ཏེ། མེ་དཔལ་རྡོ་རྗེ་འབར་བས་ཚིག་ནས་ལུས་ཐལ་བར་བྱས་ཏེ། སོ་སོ་རང་རང་གི་གནས་བོར་བ་བཞིན་དུ་དམྱལ་བ་འབོད་འགྲོགས་སུ་སྐྱེ་བར་འགྱུར་རོ་ཞེས་དམ་ཚིག་བོར་རོ། །དེ་ནས་དཔལ་ལྷ་མོ་ལ་མཆོད་པ་ལྔ་དང་གཏོར་མ་དབུལ་ཏེ། ཨོཾ་ཧཱུཾ་ཤྲི་ཡེ་དེ་ཝཱི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུཾ་བྷྱོ། །ཨོཾ་

བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། ཅེས་བརྗོད་དེ་མེ་ཏོག་དབུལ་ལོ། །ཨོཾ་བཛྲ་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། ཅེས་བརྗོད་དེ་བདུག་སྤོས་ཤངས་ལ་དབུལ་ལོ། །ཨོཾ་བཛྲ་དཱི་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། ཅེས་མར་མེ་སྤྱན་ལ་དབུལ་ལོ། །ཨོཾ་བཛྲ་གྷནྡྷེ་

པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། ཅེས་དྲི་ཆབ་ཐུགས་ཀར་དབུལ་ལོ། །ཨོཾ་བཛྲ་ནཻ་བིདྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། ཅེས་བརྗོད་དེ་ལྷ་བཤོས་ཕྱག་ཏུ་དབུལ་ལོ། །དེ་ནས་ར་རོག་པོའི་ཤ་ཁྲག་དང་། བྱ་མོ་ནག་མོའི་ཤ་ཁྲག་དང་། གཞན་གྱི་ཡང་ཁྲག་སྣ་ཚོགས་གང་འབྱོར་དང་ཤ་

ཆང་ལ་སོགས་པ་བཟའ་བ་སྣ་ཚོགས་དང་ལྡན་པའི་གཏོར་མ་དབུལ་བར་བྱས་ཏེ། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ་པ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་དེ་གཏོར་མ་དབུལ་བར་བྱའོ། །དེ་ནས་མཆོད་པ་རྫོགས་པར་ཕུལ་ནས། བསྟོད་དེ་གླིང་བུའམ་མི་

རྐང་འབུད། ཅང་ཏེའུ་འམ་མི་ཐོད་ཀྱི་རྔ་བརྡུང་ཞིང་དབྱངས་སྙན་པས་བསྟོད་པར་བྱ་སྟེ། ཨོཾ་དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རང་དོན་བསྒྲུབ་ཕྱིར་རྣམ་ཐར་ལ་གཞོལ་ཀྱང་། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡི། །ཤེས་རབ་སྣ་ཚོགས་དག་གིས་འགྲོ་དོན་བྱེད། །ལྷ་མོ་སྐུ་མདོག་

ནག་མོ་ཆར་སྤྲིན་མདོག །མཚན་མོ་ནག་མོ་ཤིན་ཏུ་གཏུམ་པའི་གཟུགས། །ཤིན་ཏུ་སྒེག་ཅིང་ཀེང་རུས་ལུས་ཅན་མ། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་བརྗིད་པའི་སྐུ། །རལ་པ་གྱེན་འགྲེང་ལན་བུ་གཡོན་དུ་འཁྱིལ། །སྐྲ་རྐེད་སྦྲུལ་ལ་ཐོད་པའི་ཕྲེང་བ་ཅན། །རྣ་ལྟག་མེ་ཏོག་དར་ནག་ཅོད་

Vol. 28 · folio 277b

པན་ཅན། །ཁྲག་གི་ཆང་གིས་ར་རོ་སྤྱན་རྩ་དམར། །མི་རོ་རེད་པ་ཁར་བཅུག་མཆེ་བ་བཞི། །རྣམ་པར་གཙིགས་ནས་ཁྲག་ལ་ཤིན་ཏུ་དགྱེས། །སྙན་གཡས་སྦྲུལ་གྱི་མགུལ་ནས་དྲིལ་གསིལ་ཞིང་། །གདུག་པ་བཏུལ་ནས་ཚངས་པའི་སྒྲ་སྒྲོགས་མ། །སྙན་ཆ་གཡོན་པ་སེང་གེའི་རལ་པ་དམར། །

དཔའ་བོ་ཁམས་གསུམ་སེང་གེའི་སྒྲ་སྒྲོགས་མ། །ཕྱག་བཞི་གཡས་ཀྱི་དང་པོས་རལ་གྲི་འཛིན། །འོག་མ་བྷནྡྷ་རཀྟ་དམར་བསྐྱིལ་འཛིན། །གཡོན་གྱི་དང་པོས་ཤཀྟའི་མཚོན་ཆ་འཛིན། །འོག་མ་ཏྲི་ཤཱུའི་མགུལ་ན་དར་དཔྱངས་འཕྱར། །ཤཀྟི་རལ་གྲིས་མཚོན་གྱིས་བསད་པ་ཡི། །ལྷ་མ་

ཡིན་གྱི་ཐོད་པས་དོ་ཤལ་བྱས། །གླང་པོ་ཆེ་ཡི་ཀོ་རློན་སྟོད་གཡོགས་འཛིན། །སྨད་ནི་བ་ལང་ཀོ་རློན་དྲས་པ་ལ། །ཕྱེད་ནི་རེ་ལྡེ་སེར་པོ་ཤམ་བུར་དཀྲིས། །ཀླུ་ཡི་དབང་པོ་གཤིབས་པའི་རྐེད་བཅིངས་ཅན། །ཞབས་གཉིས་ལྕགས་སྒྲོག་དག་གིས་མཛེས་པར་བརྒྱན། །ཁྲག་ཞག་དམར་པོའི་

ཚོམ་བུས་ཐིག་ལེར་བྲིས། །བོང་བུ་གྭ་ཞོན་མཚན་མོ་དུར་ཁྲོད་རྒྱུ། །བོང་བུའི་རྨིག་པ་གློག་གི་ཤུགས་ཅན་མ། །ཁམས་གསུམ་སྐད་ཅིག་དག་གིས་སྐོར་བར་བྱེད། །སྐད་ནི་དུང་དང་འབྲུག་གི་སྒྲ་ལྟ་བུས། །མ་མོ་མཁའ་འགྲོ་ཤ་ཟ་དབང་དུ་སྡུད། །ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་རྟག་ཏུ་

གནས། །དམ་པའི་ས་ནས་གཟུགས་སྐུ་གཉིས་གཟིགས་མ། །ཏིང་འཛིན་དབང་ཐོབ་གཟུགས་ཁམས་གནས་སུ་བྱོན། །ཚངས་པའི་རྒྱལ་པོ་ལ་སོགས་ཕྱག་བྱས་མ། །གཞན་ལ་དབང་སྒྱུར་འདོད་ཁམས་ས་མཐར་ཕྱིན། །དབང་ཕྱུག་ཆེན་པོའི་སྐུ་ལ་དགྱེས་འཁྲིལ་མ། །སུམ་ཅུ་རྩ་

གསུམ་གནས་བཞིར་བྱོན་པའི་ཚེ། །ལྷ་རྣམས་དབང་ཕྱུག་བརྒྱ་བྱིན་ཕྱག་བྱས་མ། །ལྷ་མ་ཡིན་རྣམས་ཕུང་བར་བྱས་པའི་ཚེ། །ལྷ་མིན་དབང་པོ་ཀུན་གྱིས་ཕྱག་བྱས་མ། །སྐུ་མཆོག་རི་རབ་ཆེ་དང་བསྒྲིལ་བའི་ཚེ། །ལྟེ་བའི་ཐད་ཀྱི་ཕྱོགས་ནས་ཉི་ཟླ་འཆར། །རྒྱལ་ཆེན་བཞི་ལ་སོགས་

པས་ཕྱག་བྱས་མ། །རྒྱ་མཚོའི་གཏིང་ནས་མེ་འབར་མཚོ་སྐེམས་ནུས། །ས་འོག་དབང་པོ་ཀུན་གྱིས་ཕྱག་བྱས་མ། །ལྷ་མོ་ཁྱོད་ཀྱིས་ཆོ་འཕྲུལ་འདི་བསྟན་པས། །བདུད་དང་མུ་སྟེགས་རྒྱལ་པོ་འདར་ཞིང་འདུད། །མ་མོ་སྲིན་མོའི་ཚོགས་རྣམས་རྔམ་ཞིང་དགོད། །རིན་ཆེན་གུར་ཕུབ་

Vol. 28 · folio 278a

ཙིཏྟའི་གཞལ་ཡས་ནས། །ཉི་ཟླའི་དཀྱིལ་འཁོར་བརྩེགས་པའི་འོད་ཟེར་འབར། །ཕྱོགས་བཅུའི་འཇིག་རྟེན་དག་གི་བཅུད་བསྡུས་ནས། །ཉི་མའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛད། །དུག་གི་རླངས་པས་ནག་པོའི་ཕྱོགས་རྣམས་ཀྱིས། །བཞི་བརྒྱ་རྩ་བཞིའི་ནད་

རྣམས་སློང་བྱེད་མ། །དེའི་ཕྱིར་ནད་ཀྱི་བདག་མོ་དམ་ལ་འདུ། །ཕྱོགས་བཅུའི་འཇིག་རྟེན་བདུད་རྩིའི་བཅུད་བསྡུས་ནས། །ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛད། །བདུད་རྩིའི་རླངས་པས་དཀར་པོའི་ཕྱོགས་རྣམས་ཀྱི། །བཞི་བརྒྱ་རྩ་བཞིའི་ནད་ནི་རྩད་གཅོད་མ། །བདུད་རྩི་སྨན་གྱི་རྒྱལ་

མོ་དམ་ལ་འདུ། །གང་ཞིག་ཁྱོད་ལ་དད་ན་མ་བས་བྱམས། །དེ་ཕྱིར་མ་གཅིག་ནད་བདག་སྨན་གྱི་གཙོ། །ལྷ་མོ་ཁྱོད་ལ་བདག་གིས་རྟག་ཏུ་བསྟོད། །སངས་རྒྱས་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །བདག་གིས་འདི་ནས་འཁོར་བ་ཇི་སྲིད་བར། །དཀར་པོའི་ཕྱོགས་ཀྱི་ནད་དང་སྡུག་བསྔལ་

སོགས། །ཞི་བར་བྱ་ཕྱིར་ཚེ་དང་ལོངས་སྤྱོད་སྤེལ། །ནག་པོའི་ཕྱོགས་ནི་དགུག་ཅིང་དབང་དུ་བསྡུ། །སྨྱོ་འབོག་གསད་ལ་སོགས་པའི་ལས་འདི་དག །བསྟན་པ་བསྲུང་ཕྱིར་ལས་འདི་གྲུབ་པར་བགྱི། །འདི་ལས་འགལ་ན་རྒྱལ་བའི་བཀའ་བསླུས་པས། །དུས་གསུམ་རྒྱལ་བའི་

རྡོ་རྗེས་མགོ་འགེམས་ཤོག །དེ་སྐད་རྒྱལ་བའི་སྤྱན་སྔར་དམ་བཅས་པ། །དམ་བཅས་བཞིན་དུ་ཕྲིན་ལས་མྱུར་དུ་མཛོད། །རྣལ་འབྱོར་བདག་དང་བདག་གི་འཁོར་རྣམས་ལ། །ཞལ་ནས་བདུད་རྩི་ཆར་པའི་རྒྱུན་ཕོབ་ལ། །ནད་སོགས་སྡུག་བསྔལ་ཚོགས་ནི་ཞི་བར་མཛོད། །

ཚེ་དང་དབང་དང་ལོངས་སྤྱོད་རྒྱས་པར་མཛོད། །ཟང་ཟིང་ལོ་ཐོག་འབྲུ་ཡི་ཕུང་པོ་དང་། །རིན་ཆེན་རྐང་འགྲོའི་ཕྱུགས་རྣམས་འཕེལ་བར་མཛོད། །བླ་མ་སྨོད་ཅིང་དཀོན་མཆོག་དབུ་འཕང་སྨོད། །བདག་གི་དགེ་བའི་བར་ཆད་བྱེད་པའི་དགྲ། །ཆེ་གེ་མོ་ཞེས་བྱ་བའི་ལས་ངན་འདི། །

ཁྱོད་ཀྱི་ཁོང་ནས་དུག་གི་རླུང་བུས་ལ། །འདུ་བ་རྣམ་བཞིའི་ནད་རྣམས་ཁོང་ནས་སློང་། །བག་བཞི་ས་ལ་ལྷུང་ནས་བརྡེབས་སུ་ཆུག །དོན་སྙིང་སྨད་ལྔའི་ཁོང་ཁྲག་སྐྱུག་ཏུ་ཆུག །ལས་ངན་འཁོར་བཅས་བྲང་ཆེན་བརྡུང་དུ་ཆུག །སྨྲེ་སྔགས་ཆོ་ངེ་གནམ་དུ་འབོད་དུ་ཆུག །

Vol. 28 · folio 278b

འཆི་བའི་དུག་མདའ་སྨྱོ་འབོག་གསད་པར་མཛོད། །གཅན་གཟན་མཁའ་ལྡིང་ལ་སོགས་ལྟས་ངན་ཕོབ། །བསྟན་པ་བསྲུང་བའི་ལས་འདི་མྱུར་དུ་མཛོད། །ཨོཾ་རུ་རུ་རོ་རུ་བི་ཏིཥྛ་བ་དྷོཏྶི། ཀཱ་མ་ལ་རཱཀྑ་སཱི་ཧཱུཾ་བྷྱོཿ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བཟླས་ཤིང་། དམ་བརྡར། གཏོར་མར་སྦྲེང་

ཞིང་། བརྒྱ་རྩ་བརྒྱད་དམ་ཡང་ན་ཉི་ཤུ་རྩ་གཅིག་བཟླས་ལ་གཞན་ཡང་ལྷ་མོའི་གཟུངས་ལ་སོགས་པས་བསྟོད་པ་མཐའ་དག་བྱའོ། །དེ་ནས་ལྷ་མོའི་སྦྱོར་བ་ལ་གནས་ནས། ཐམས་ཅད་དོན་ནི་གྲུབ་བྱེད་པའི། །སྙིང་པོ་ཡི་ནི་གསང་སྔགས་འདི། །རྟག་པར་བཟླས་པ་བྱས་པ་སྟེ། །མྱུར་

བ་ཡང་ནི་མ་ཡིན་པ། འཐོགས་པ་ཡང་ནི་མ་ཡིན་པ། མི་གསལ་བ་ཡང་མ་ཡིན་པ། གུག་སྐྱེད་ཉམས་པ་མ་ཡིན་པར། གཡེང་བའི་རྟོག་པ་སྤངས་ལ་བཟླས་པའོ། །ཨོཾ་ཧཱུཾ་ཤྲཱི་ཡ་དེ་ཝཱི་ཀཱ་ལཱི་མ་ཧཱ་ཀཱ་ལི་ཧཱུཾ་བྷྱོཿ། ཨོཾ་ཨ་ར་ལླི་ཧྲིཾ་ཛཿཞེས་ཡིག་འབྲུ་གསལ་བར་ལྷ་མོས་བཟླས་ཏེ། སྔགས་

ཀྱི་བཟླས་པ་ཐམས་ཅད་ཀྱང་ལྷ་མོའི་ཚིག་ཡིན་པར་ཆེ་བའི་ང་རྒྱལ་བྱ་ཞིང་། རང་གི་སྤྲུལ་པའི་ལྷ་མོ་ཐམས་ཅད་ཀྱི་ཞལ་ནས་ཀྱང་སྔགས་ཀྱི་སྒྲ་བྱུང་བར་བསམ་ཞིང་། བཟླས་པ་བརྩོན་པར་བྱས་པས་དེ་ལྟ་བུ་ཐམས་ཅད་ཀྱིས་བཟླས་པར་འགྱུར་རོ། །དེས་ནི་སྔོན་དུ་བསྙེན་པ་བྱ་བའི་སྔགས་ཏེ།

འབུམ་ཕྲག་བདུན་བཟླས་པའམ། ཡང་ན་འབུམ་ཕྲག་གསུམ་བཟླས་པའམ། ཡང་ན་འབུམ་ཕྲག་ལྔ་བཟླས་པས་ལས་ཐམས་ཅད་འགྲུབ་པོ། །དེ་ཡང་ན་སྔགས་ཁྲི་ཕྲག་རེ་རེ་བཟླས་ནས་གཏོར་མ་རེ་རེ་གཏང་སྟེ། ཁུ་ཚུར་བཅངས་མཛུབ་མོ་གཉིས་བསྒྲེངས་ལ། ཁ་འགྲམ་གཡས་

གཡོན་དུ་མཆེ་བ་ལྟར་བྱས་ལ། ཨོཾ་བྷྱ་བ་བ་ཏ་ལི་བ་ཏ་ལི་ཚེ། །ཞེས་ལན་བདུན་ནམ་གསུམ་བཟླས་ནས། འདི་སྐད་དུ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་འཇིགས་བྱེད་ཡི་དགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མོ། །ཀི་ལི་སྒྲ་སྒྲོགས་སྦྱོར་ཟིན་མོ། །དུར་ཁྲོད་

རོ་ཡི་ཚལ་དབུས་ན། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཅིག་བཞེས་ཞིག་དམ་ཚིག་ལྷ། །གནས་ནས་གནས་སུ་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་གྲུབ་པར་མཛད། །བདག་གིས་ལས་ནི་

Vol. 28 · folio 279a

ཅི་བྱེད་ཀྱང་། །དེ་ལ་ཀུན་གྱིས་གྲོགས་གྱིས་ཤིག །ཧཱུཾ་གྲྀཧྞ་གྲྀཧྞན་སརྦ་དུཥྚཱཾ། བྷཀྵ་བྷཀྵ། ཕྲོཾ་ཕྲོཾ་ཕྲོཾ་ཕཊ་སྭཱ་ཧཱ་ཞེས་བརྗོད་དེ། སེ་གོལ་ལན་གསུམ་གདབ་སྟེ་གཏང་བར་བྱའོ། །འཛབ་མ་རྫོགས་ཀྱི་བར་དུ་རྒྱུན་དེ་ལྟར་ཤེས་པར་བྱའོ། །ཇི་སྲིད་

སྐྱོ་བར་མ་གྱུར་གྱི་བར་དུ་དེ་ལྟར་བཟླས་ལ། སྐྱོ་བར་གྱུར་ན་ཡང་བསྟོད་པ་བྱས་ལ་མཆོད་པ་ཕུལ་ནས། ཕྱག་བྱས་ཏེ་ལྷ་མོ་སླར་གཤེགས་སུ་གསོལ་ལོ། །དཔལ་ལྷ་མོ་ནག་མོ་ལ་སྔོན་དུ་མཆོད་པ་ཆེན་པོ་དབུལ་ཞིང་། བསྙེན་པ་རྫོགས་པར་བྱས་ལ། ལྷ་མོས་ལུང་བསྟན་

ཅིང་མཚན་མ་ཐོབ་པའི་རྣལ་འབྱོར་པས་ཀྱང་། དང་པོ་ཉིད་དུ་སྙིང་པོའི་སྔགས་ལ་འབུམ་ཕྲག་གཅིག་ཏུ་བཟླས་ལ། དེ་ནས་བསྟོད་ཅིང་ལས་ལ་སྦྱར་རོ། །དེ་ནས་སྨྱོ་ཞིང་གསད་པའི་ལས་བྱ་ན། གྲོག་མཁར་གྱི་ས་དང་། ཆུ་འགྲམ་གྱི་ས་དང་། དུར་ཁྲོད་ཀྱི་ས་དང་།

དུར་ཁྲོད་ཀྱི་ཐལ་བ་དྲོན་མོ་དང་། དུར་ཁྲོད་ཀྱི་སོལ་བ་དང་། རྫས་དེ་དག་གཅིག་ཏུ་བསྲེས་ཏེ་ཞིབ་ཏུ་བཏགས་ལ། བོང་བུའི་གཅིན་གྱིས་སྦྲུས་ཏེ་བསྒྲུབ་བྱའི་གཟུགས་བརྙན་བྱའོ། །ལྡུམ་བུ་དང་། ལྡུམ་བུ་མེད་ན་ལུང་ཐང་ཙེའི་འབྲས་བུ་དང་དུག་དང་སྐེ་ཚེ་དང་ལན་

ཚྭར་ཁྲག་དང་སྦྱར་བས། མི་དེའི་མིང་རུས་རིགས་ཀྱི་བླ་གང་ཡིན་པའི་བླ་གཟུགས་གྲོ་ག་ལ་བྲིས་ལ། བླ་དེའི་ལུས་ལ་དགྲ་བོ་དེའི་མིང་རུས་སོད་ཅིག་པའི་བསྐུལ་ཚིག་དང་བཅས་པ་བྲིས་ཏེ། འདི་སྐད་དུ་ཧཱུཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཨུན་མནྟ་ཀུ་རུ་ཕཊ། ཅེས་བྲིས་ལ་བླ་རྡོ་དང་

སྦྲགས་ལ་གཟུགས་བརྙན་གྱི་སྙིང་གར་གཞུག །གཞན་ཡང་གོང་གི་རྫས་དང་ཚ་བ་གསུམ་མུ་ཟི་ནག་པོ་རྣམས་བསྲེས་ཏེ། ཞིབ་པར་བཏགས་ཏེ་བོང་བུའི་གཅིན་དང་སྦྱར་ཏེ། གཟུགས་བརྙན་གྱི་ཀུན་དུ་ཁྱབ་པར་བསྐུའོ། དེ་ནས་གཅན་གཟན་གྱི་ཐོད་པའི་ཁ་ནང་དུ་བཅུག་

ལ། །མཎྜལ་གྱི་དབུས་སུ་གཞག །དེ་ནས་གང་ལ་བྱ་བ་དེ་བཀུག་ཅིང་གཟུགས་བརྙན་ལ་བསྟིམ། དེ་ཡིན་པ་ཁོ་ནར་བསམས་ལ་དེ་ལ་ལས་བྱའོ། །རྒྱ་གར་ཕན་ཆོད་ན་མི་གསོད་པའི་གསལ་ཤིང་རྩེ་གཅིག་པ་བྱེད་པས། འདིར་ཡང་ལྕགས་ལས་གསལ་ཤིང་རྩེ་གཅིག་པ་བརྡུངས་

Vol. 28 · folio 279b

ལ་བྱའོ། །བྱས་པས་ནི་ལྷ་མོ་ཡིན་ཏེ། གཟུགས་བརྙན་གྱི་རྐུབ་ནས་གྱེན་དུ་བཙུགས་ཏེ་ཁར་ཕྱུང་ལ་གཟུགས་སོ། །དེ་ནས་སྔགས་འབུམ་ཕྲག་གསུམ་བཟླས་ན་དགྲ་བོ་བརླག་པར་འགྱུར་རོ། །དེའི་དུས་སུ་བསམ་པར་བྱ་བ་ནི་བསྒྲུབ་བྱ་དེའི་སྙིང་གའི་དབུས་ཀྱི་ཡི་གེ་ཀཾ་ལས་གྱུར་

པའི་སྡིག་པ་ཁ་དོག་ནག་པོ་མི་སྡུག་པ་ཞིག་གིས། སྙིང་གི་མར་མེའི་དབུས་ནས་སྙིང་ཁྲག་འཐུང་ཞིང་ཤ་ཟ་བར་བསམ་མོ། །གཞན་ཡང་བདག་དཔལ་ལྷ་མོ་བསྒོམས་པའི་སྙིང་གའི་མར་མེའི་ནང་གི་ཧཱུཾ་གི་འོད་ཟེར་ལས་ཛཿདམར་པོ་བསྒྲིལ་མ་ཕྱོགས་བཅུར་འཕྲོས་འདུས་པ་ལས། དེ་

ཡོངས་སུ་གྱུར་པ་ལས་ལྕགས་ཀྱི་སྤྱང་མོ་རལ་པ་ཅན་ཅིག་ཏུ་བསྒོམ། དེས་བསྒྲུབ་བྱའི་སྙིང་རྩ་དབུ་མར་ཐོན་ནས་ཁྲག་འཐུང་བར་བསམ་ཞིང་སྔགས་བཟླས་ཏེ། ཨོཾ་ཧཱུཾ་ཤྲི་ཡེ་དེ་ཝཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུཾ་བྷྱོཿ། །མཱ་མ་ཤ་ཏྲཱུཾ་ཨ་མུ་ཀ་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། བརྒྱ་རྩ་རེ་

བཟླས་ནས། རྫས་ནི་ཀ་ན་ཀའི་རྩ་བ་དང་། ཟི་ར་ནག་པོ་དང་། དབང་པོ་ལག་པ་དང་། གནོད་སྦྱིན་ལག་པ་དང་། བྱིའུ་རུག་པ་དང་། སྐྱེ་བ་དམར་པོ་དང་། དུར་ཁྲོད་སོལ་བ་དང་། ལན་ཚྭ་བསྲེགས་པའི་ཕྱེ་མ་དེ་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མའི་སྦྱོར་བ་བྱས་པ་ལ་བསྔགས་ནས་

གཟུགས་བརྙན་ལ་གདབ། ཕུར་བུ་རྡོ་རྗེ་དྲག་པོ་དམར་ལྷག་གེ་བསྲེགས་ལ་སྙིང་གར་གདབ། དེ་ནས་གཟུགས་བརྙན་མཚོན་རྣོན་པོས་གཏུབས་ལ་ཕྱེ་མ་བྱས་ལ། སྨྱོ་ཤིང་གི་འབྲས་བུ་ཡོད་ན་རབ། མེད་ན་ལང་ཏང་ཙེའི་འབྲས་བུ་བརྒྱ་རྩ་བརྒྱད་རྩབ་མོའི་ནང་དུ་བཏགས་ནས་

གཟུགས་བརྙན་གྱི་ཕྱེ་མ་དང་བསྲེས་ལ། དཔལ་ལྷ་མོའི་སྦྱོར་བས་སྐྲ་བཤིག་གཅེར་བུར་ཕུད་ནས། ཁ་ལྷོ་ཕྱོགས་སུ་བལྟས་ནས་ཚེར་མའི་མེ་ལ་སྦྱིན་སྲེག་བྱའོ། །དེའི་སྔགས་ལ། ཨོཾ་ཧཱུཾ་ཤྲི་ཡེ་དེ་ཝཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུཾ་བྷྱོ། མ་མ་ཤ་ཏྲཱུཾ་ཨ་མུ་ཀཾ་མཱ་ར་ཡ་ཕཊ། ཨུནྨནྟཾ་

ཀུ་རུ་ཧཱུཾ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་ཏེ། རྫས་དང་བསྟུན་ཞིང་བརྒྱ་རྩ་བརྒྱད་དུ་བཟླས་པར་བྱའོ། །དེ་ལྟར་བྱས་ན་སྨྱོ་བར་འགྱུར་རོ། །ཨཾ་གི་ཐལ་བ་དེ་ཉིད་བླངས་ཏེ། དེ་ཉིད་ཀྱི་སྤྱི་བོར་བཏབ་ན་ལོ་ཉི་ཤུ་རྩ་གཅིག་ཏུ་སྨྱོ་བར་འགྱུར་རོ་ཞེས་ཀྱང་བཤད་དོ། །གཞན་ཡང་བདག་གི་

Vol. 28 · folio 280a

རྨི་ལྟས་སུ། །བུ་མོ་ནག་མོ་ཁྲོས་པ་ཡང་། །གང་ཞིག་འཆིང་བས་བཅིངས་གྱུར་ན། །མཚན་མོ་ནག་མོར་དེར་ཤེས་བྱ། །བསྒྲུབ་བྱ་ཉི་མ་བདུན་ན་ནི། །འཆི་སྟེ་གཤིན་རྗེའི་ཡུལ་དུ་འགྲོ། །གལ་ཏེ་ཅུང་ཟད་འགོར་ན་ཡང་། །ཉིན་ཞག་བདུན་དུ་བསམ་

གཏན་འདི་བྱའོ། །བསྒྲུབ་བྱའི་ལུས་པོ་སྐམས་པ་རིད་པ། མདོག་ཉམས་པ་དྲི་མ་ཅན། སྐྲ་འཛིངས་པ་སྣུམ་པ། ཁུ་བ་རྡུལ་དང་ཁྲག་འཛག་པ། འདར་བའི་ཆ་བྱད་ཅན་ཞིག་ཏུ་བསམ། ཡང་ན་མངོན་སུམ་དུ་བསམས་ཏེ། བདག་ལྷ་མོར་གནས་པའི་སྙིང་གའི་ཧཱུཾ་ལས་འོད་ཟེར་ཉི་མའི་ཟེར་

དང་མེ་སྟག་ལྟ་བུ་ལས། བསྐལ་པའི་མེ་བཞིན་དུ་འབར་ཞིང་འུར་སྒྲ་དང་ཏོག་ཏོག་དང་། ཆེམ་ཆེམ་ཅན་དུ་དྲག་པོའི་ཡི་གེ་ཧཱུཾ་དུ་གྱུར་ཏེ། ཧཱུཾ་དེ་ལས་རྡོ་རྗེ་འབར་བའི་ཁབ་ཏུ་གྱུར་པར་བསམ། རྡོ་རྗེ་འབར་བའི་ཁབ་དེ་དགྲ་བོའི་གཞང་ཁའི་སྒོར་ཞུགས་ཏེ། སྙིང་ཕུག་ནས་ཁའི་ནང་ངམ་

སྤྱི་བོ་ཚངས་པའི་བུ་གར་ཕྱུང་ནས་ཆེར་འབར་བར་བསམས་ཏེ། སྙིང་པོའི་སྔགས་ཀྱི་མཇུག་ལ། ཆེ་གེ་མོ་ཧ་ན་ཧ་ན། ད་ཧ་ད་ཧ། ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱི་སྔགས་ཀྱིས་ཁ་སྦུབ་ཏུ་ལྷུང་བར་བསམ་མོ། །དེ་ལྟ་བུའི་བསམ་གཏན་གྱིས། ལྷ་ཆེན་པོ་ཡང་འཆི་ན། འོན་ཀྱང་འཁོར་བ་ན་གནས་པའི་མི་

ལྟ་སྨོས་ཀྱང་ཅི་དགོས། མཁའ་འགྲོ་མ་དུད་སོལ་གྱི་སྒྲུབ་ཐབས་མཁས་པ་ཆེན་པོ་ནཱ་རོ་པས་མཛད་པ་རྫོགས་སོ། །ལོ་ཀ་ཤྲཱིས་བསྒྱུར་བའོ།། །།རྗེ་མར་པ་ལོ་ཙཱའི་ཕྱག་དཔེ་ལས་ཞུས་པ་དག་གོ།།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words