དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱུད་འགྲེལ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཤྲཱི་གུ་ཧྱ་ས་མ་ཛ་ཏནྟྲ་སྱ་ཏནྟྲ་ཊཱི་ཀཱ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 29 · folio 137b

བསྐྱོད་པའོ། །གང་ན་ཡང་མི་གནས་པ་ནི་འཇའ་ཚོན་དང་འདྲ་བ་བསྒོམ་པའོ། །དེ་རྣམས་བྱ་བ་སྟེ་རང་བཞིན་ནོ། །དེ་བཞིན་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་ཆོས་འབྱུང་གི་ཕྱག་རྒྱ་སྟེ། ལུས་ངག་ཡིད་ནི་རྡོ་རྗེ་སྟེ། དེ་ཉིད་ཀྱི་བསྒོམ་པ་ནི་དེ་དང་ཡང་དག་པར་སྦྱོར་ཞིང་།

དེའི་ཚེ་རྣམ་པར་མི་རྟོག་པ་ནི་རྩ་ཟླ་བ་མ་དང་། མི་དམིགས་པ་ནི་རུས་སྦལ་མ་སྟེ། དེ་དག་མཉམ་པོར་བྱས་ལ། མཉམ་པ་ཉིད་ནི་འདོད་པའི་གདུགས་མ་སྟེ། དེ་རྣམས་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བས། གང་ན་ཡང་མི་གནས་པ་ནི་དམིགས་པ་མེད་པར་སྐྱེད་

པར་འགྱུར་ཏེ་རྒྱུའོ། །དེ་བཞིན་དུ་སྐུ་གསུང་ཐུགས་ནི་ཁམས་རྣམས་ཀྱི་གནས་ཡིན་པས་སྐུ་གསུང་ཐུགས་ནི་པདྨའོ། །རྡོ་རྗེ་ནི་གསང་བའི་རྡོ་རྗེའོ། །དེ་དག་ལུས་ངག་ཡིད་ནི་ཧཱུཾ་དང་ཕཊ་ལ་སོགས་པའི་ས་བོན་གྱིས་བྱིན་གྱིས་བརླབ་པར་བྱས་ལ། རྣམ་པར་མི་རྟོག་པ་

ནི་པདྨ་བསྐྱོད་པ་དང་། མི་དམིགས་པ་ནི་རྡོ་རྗེ་བསྐྱོད་པ་དང་། མཉམ་པ་ཉིད་ནི་གཉི་ག་བསྐྱོད་པ་སྟེ། དེ་རྣམས་བྱས་ལ་གང་དུ་ཡང་མི་གནས་པའི་བདེ་བ་ཆེན་པོ་ཐོབ་པར་གྱུར་ཏེ་ལས་སོ། །དེ་བཞིན་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེ་སྟེ། དེ་ཉིད་ལུས་

ངག་ཡིད་ནི་རྡོ་རྗེའི་རྩེ་མོར་བསྒོམ་པ་ནི་འཛིན་པར་བྱའོ། །རྣམ་པར་མི་རྟོག་ནི་དགའ་བ་ཟད་པས་མི་དམིགས་པ་ནི་མཆོག་ཏུ་དགའ་བ་མེད་པ་དང་། མཉམ་པ་ཉིད་ནི་དགའ་བྲལ་དང་མི་དམིགས་པས། གང་ན་ཡང་མི་གནས་པ་ནི་བདེ་བ་ཆེན་པོའི་རང་རིག་པར་བསྒོམ་

པར་བྱ་སྟེ་འབྲས་བུའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་དབང་པོ་རྣམས་ཏེ། དེ་དག་ལུས་ངག་ཡིད་ནི་ཡུལ་རྣམས་དང་གཅིག་ཏུ་བྱས་ལ། བསྒོམ་པ་ནི་འདོད་པ་སྤྱད་པར་བྱའོ། །རྣམ་པར་མི་རྟོག་པ་ནི་དམན་པའི་འདུ་ཤེས་དང་བྲལ་བ་དང་། མི་དམིགས་པ་ནི་བར་

པའི་འདུ་ཤེས་དང་བྲལ་བ་དང་། མཉམ་པ་ཉིད་ནི་མཆོག་གི་འདུ་ཤེས་དང་བྲལ་ཞིང་གང་ན་ཡང་མི་གནས་པ་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོས་ཡུལ་དེ་རྣམས་སྤྱད་པར་བྱ་སྟེ། སོ་སོར་སྡུད་པའོ། །དེ་བཞིན་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་ཡུལ་དང་དབང་པོ་རྣམས་ཏེ། དེ་

Vol. 29 · folio 138a

དག་ལུས་ངག་ཡིད་ནི་དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་བྱས་ལ་བསྒོམ་པར་བྱའོ། །རྣམ་པར་མི་རྟོག་པ་དང་། མི་དམིགས་པ་དང་མཉམ་པ་ཉིད་དང་། གང་ན་ཡང་མི་གནས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་རྟོག་པ་དང་། དཔྱོད་པ་དང་།

དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་གོང་ནས་རིམ་པས་ཡོངས་སུ་སྤངས་ཏེ། བསམ་གཏན་ལ་གནས་པར་བྱ་སྟེ་བསྟན་ནོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་ཐིག་ལེ་སྟེ། དེ་ཉིད་ལུས་ངག་ཡིད་ནི་རྣམ་པ་གསུམ་གྱི་སྣའི་རྩེ་མོར་བསྒོམ་པར་བྱ་བ་ནི་འཛིན་

པར་བྱའོ། །ཇི་ལྟ་བུ་ཞེ་ན། རྣམ་པར་མི་རྟོག་པ་ནི་ཡུངས་ཀར་གྱི་འབྲས་བུའི་འབྲུའི་ཚད་ཙམ་མོ། །མི་དམིགས་པ་ནི་དོན་དམ་པའི་རང་བཞིན་ནོ། །མཉམ་པ་ཉིད་དུ་སྟེང་དུ་རྒྱུ་བ་དང་ཡང་ཉེ་བར་བསྡུ་བ་སྟེ། ཉིན་མོ་དང་མཚན་མོ་ཟོ་ཆུན་གྱི་འཁྲུལ་འཁོར་དང་འདྲ་བར་རྒྱུ་བའོ། །གང་

ན་ཡང་མི་གནས་པ་ནི། ཀུན་དུ་འགྲོ་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བལྟ་བར་བྱ་སྟེ། སྲོག་དང་རྩོལ་བའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་ཐིག་ལེ་ཙམ་དེ་ཉིད་དེ། ལུས་ངག་ཡིད་ནི་འཇུག་པ་ལ་སོགས་པའི་བྱ་བ་དང་བྲལ་བ། བསྒོམ་པ་ནི་འཛིན་པར་བྱ་སྟེ། དེའི་ཚེ་རྣམ་

པར་མི་རྟོག་པ་ནི་འཇུག་པའི་རྟོག་པ་དང་བྲལ་བ་དང་། མི་དམིགས་པ་ནི་གནས་པའི་རྟོག་པ་དང་བྲལ་བ་དང་། མཉམ་པ་ཉིད་ནི་ལྡང་བའི་རྣམ་པར་རྟོག་པ་དང་བྲལ་བ་དང་། གང་ན་ཡང་མི་གནས་པ་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་མི་འགྱུར་བ་བསྒོམ་པར་བྱ་སྟེ་

འཛིན་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་སྟེ། ལུས་ངག་ཡིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་ལྷན་ཅིག་ཏུ་བྱས་ལ། བསྒོམ་པ་ནི་བསམ་པའོ། །རྣམ་པར་མི་རྟོག་པ་ནི་ས་ཐིམ་པས་ན་སྨིག་རྒྱུ་ལྟ་བུའོ། །མི་དམིགས་པ་ནི་ཆུ་ཐིམ་

པས་ན་དུ་བ་ལྟ་བུའོ། །མཉམ་པ་ཉིད་ནི་མེ་ཐིམ་པས་ན་སྲིན་བུ་མེ་ཁྱེར་ལྟ་བུའོ། །གང་དུ་ནི་རླུང་ཐིམ་པས་ན་མར་མེ་ལྟ་བུའོ། །མི་གནས་པ་ནི་ཁམས་བཞིའོ། །རྣམ་པར་རྟོག་པ་ཐིམ་པས་ན་སྤྲིན་མེད་པའི་ནམ་མཁའ་ལྟ་བུའོ། །དེ་ལྟ་བུའི་སྐུ་མཐོང་བས་ཤིན་ཏུ་གསལ་བ་རྗེས་

Vol. 29 · folio 138b

སུ་དྲན་པ་སྐྱེ་བར་འགྱུར་ཏེ། རྗེས་སུ་དྲན་པའོ། །དེ་བཞིན་དུ་སྐུ་གསུང་ཐུགས་ནི་ཀུན་རྫོབ་བོ། །ཡང་ལུས་ངག་ཡིད་ནི་དོན་དམ་པའོ། །བསྒོམ་པ་དེ་ནི་དེ་དག་གཉིས་སུ་མེད་པར་བསྒོམ་པ་ལྟ་བུའོ། །རྣམ་པར་མི་རྟོག་པ་ནི་གཙང་བ་དང་མི་གཙང་བ་ལ་སོགས་པའི་རྣམ་པར་རྟོག་

པ་དང་བྲལ་བའོ། །མི་དམིགས་པ་ནི་རྣམ་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བའོ། །མཉམ་པ་ཉིད་ནི་དགྲ་དང་ཟིན་ལ་སོགས་པ་ལ་རང་བཞིན་མཉམ་པའོ། །གང་ན་ཡང་མི་གནས་པ་ནི་ཟུང་འཇུག་གི་བདག་ཉིད་ཀྱི་ཏིང་ངེ་འཛིན་

བསྒོམ་པར་བྱ་སྟེ་ཏིང་ངེ་འཛིན་ནོ། །དེ་ལྟར་རྣལ་འབྱོར་རོ། །སྐུ་གསུང་ཐུགས་གསུམ་ནི་སྐུ་གསུང་ཐུགས་ཀྱི་རིགས་ཀྱི་སྡོམ་པ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ཕྱི་ལ་སོགས་པ་དམ་པའི་ཆོས་ཉན་པ་དང་རྡོ་རྗེ་ལ་སོགས་པ་དང་། ཁ་ཟས་

ལ་སོགས་པ་སྦྱིན་པ་དང་། མཆོད་པ་ལ་སོགས་པའོ། །ལུས་ངག་ཡིད་ལས་བྱུང་བའི་བདུད་རྩི་ནི་ལུས་ངག་ཡིད་དོ། །དེ་ཉིད་བསྒོམ་པ་ནི་བདུད་རྩི་མྱང་བ་བསྒོམ་པར་བྱའོ། །རྣམ་པར་མི་རྟོག་པ་དང་། མི་དམིགས་པ་དང་། མཉམ་པ་ཉིད་རྣམས་ནི་ཤ་གསུམ་མོ། །གང་

ཡང་ཞེས་པ་ནི་རྟའོ། །མི་གནས་པ་ནི་མིའོ། །ལྕགས་ཀྱུ་འདི་རྣམས་སྔགས་དང་ཕྱག་རྒྱའི་རིམ་པས་འདུས་བྱས་ཏེ་བཟའ་བར་བྱའོ། །དེ་ནི་སྒྲུབ་པའོ། །དེ་ལྟར་སྙིང་པོ་བསྐུལ་བའི་དང་པོ་བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་བསྟན་ཏེ། སྙིང་པོ་བསྐུལ་བ་ལ་རྗེས་སུ་མཐུན་

པ་ཏིང་ངེ་འཛིན་ཐོབ་པའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་གྱིས་དག་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །སྔགས་ནི་

སྙིང་པོའི་སྔགས་རྣམས་སོ། །ཚུལ་ནི་ཞགས་པ་དང་ལྕགས་ཀྱུ་ལ་སོགས་པའི་སྦྱོར་བས་དེ་རྣམས་དགུག་པར་བྱའོ། །དེ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་

Vol. 29 · folio 139a

ལ་འདི་སྐད་བཀའ་སྩལ་ཏེ། བསྐྱེད་པའི་རིམ་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་མི་བསྐྱོད་པ་ལ་སོགས་པ་ཞེས་པ་ནི་བོད་པའི་དོན་དུ་བྱེད་ཚིག་དང་པོའོ། །གཞན་ཡང་དེ་བཞིན་གཤེགས་པ་ཞེས་

པ་ནི་རྟགས་ཀྱི་དོན་ཙམ་ལ་བྱེད་ཚིག་དང་པོའོ། །ཡོད་ཅེས་པ་ནི་འོག་ནས་བཤད་པར་འགྱུར་བའི་གཞལ་བྱ་ཡོད་པའོ་ཞེས་སྟོན་ཏོ། །དེ་བཞིན་གཤེགས་པ་ནི་མི་བསྐྱོད་པ་ལ་སོགས་པའོ། །དེ་བཞིན་མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་རྣམས་ལ་

ཞུགས་ཏེ། དུ་མ་ནི་རིགས་ཀྱི་དབྱེ་བས་བཞུགས་པ་གང་ཞིག་རིགས་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་ཀྱི་ཞི་བ་དང་དྲག་པོ་ལ་སོགས་པའི་དབྱེ་བས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་ལྷན་ཅིག་ཏུ་སེམས་ཅན་ནི་འདོད་ཆགས་ལ་སོགས་པའི་རིགས་ཅན་གྱི་འདོད་ཆགས་ལ་

སོགས་པའི་ཉོན་མོངས་པ་སྤང་བའི་ཕྱིར་གང་ཞིག་དོན་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེ་ཉིད་ཀྱི་བྱ་བ་ནི་སྨིན་པ་དང་གྲོལ་བ་དང་བརྟན་པ་ལ་སོགས་པ་སྟེ། དེ་ཉིད་རོལ་པ་ནི་མཐའ་ཡས་པའི་ལུས་དང་། ངག་དང་། ཡིད་དང་། ཆ་ལུགས་ལ་སོགས་པའི་དབྱེ་བས་

དབྱེ་བར་གྱུར་པ། ཕྱག་རྒྱ་དང་། སྔགས་དང་། ཏིང་ངེ་འཛིན་དང་། བརྟུལ་ཞུགས་ལ་སོགས་པ་དང་ལྡན་པའི་རོལ་མོ་དང་འདྲ་བའི་རོལ་མོ་སྟོན་པར་མཛད་པ་ནི་གསལ་བར་མཛད་དེ། དེ་ལྟར་རེ་ཞིག་དེ་བཞིན་གཤེགས་པ་རྣམས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་

གཙོ་བོ་ཉིད་དུ་བཞུགས་པའོ། །དེ་རྣམས་ལ་ནི་བདག་ཉིད་ཀྱི་དོན་འདི་མ་ཡིན་ནོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐའ་ཀླས་པ་ནི་འདོད་པའི་ཁམས་ལ་སོགས་པའི་འཇིག་རྟེན་གྱི་ཁམས་ཏེ། དེ་རྣམས་ལ་འདོད་པའི་ཡོན་ཏན་ལྔ་ནི་གཟུགས་

རྡོ་རྗེ་མ་ལ་སོགས་པས་རོལ་པ་སྟེ། སྤྲོས་པ་དང་བཅས་པས་སྤྱོད་པ་མཛད་པའོ། །གཞན་ཡང་དགྱེས་པ་ནི་སྤྲོས་པ་མེད་པའི་སྤྱོད་པས་སོ། །ཡོངས་སུ་སྤྱོད་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་མའི་རིམ་པས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པས་སོ། །དེ་བས་ན་སེམས་ཅན་གྱི་

Vol. 29 · folio 139b

དོན་དུ་དེ་རྣམས་རྩོལ་བ་མཛད་པ་ཡིན་གྱི། བདག་ཉིད་ཀྱི་དོན་དུ་ནི་མ་ཡིན་ནོ། །སེམས་ཅན་དེ་རྣམས་འདུལ་བར་དཀའ་བ་ཡིན་པ་སྟེ། བསྐལ་པ་དུ་མས་གལ་ཏེ་སེམས་ཅན་གཅིག་ཅིག་སྣོད་དུ་རུང་བར་མཛད་ན་དེའི་ཚེ་བཅོམ་ལྡན་འདས་དེ་རྣམས་སྐྱོ་བར་མི་འགྱུར་རོ། །

ཇི་སྐད་དུ། སངས་རྒྱས་ཀུན་གྱི་སྙིང་པོ་ཀུན། །རྡོ་རྗེ་འཆང་ཆེན་གོ་འཕང་སྟེ། །དགེ་བ་འདིས་ནི་ཐོབ་འགྱུར་དང་། །དེ་ཡང་འགྲོ་བས་བདག་ཐོབ་འཇུག །ཅེས་འབྱུང་བ་དང་། དེ་བཞིན་དུ། ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པར། །སེམས་ཅན་གྱི་དོན་མཛད་

པའི་ཕྱིར། །ཇི་ལྟར་འཇམ་དཔལ་གྱིས་སྤྱོད་པ། །དེ་བཞིན་སྤྱོད་པ་བདག་ལ་ཤོག །ཅེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་བཞིན་གཤེགས་པ་དེ་རྣམས་ཀྱང་སྔགས་ཀྱི་སྤྱོད་པ་ལ་རྩོལ་བ་དང་ལྡན་པའི་རྣལ་འབྱོར་པ་ལ་སྤྱན་རས་ཀྱིས་མི་གཟིགས་སོ། །སྔགས་

དང་སྤྱོད་པ་ནི་སྔགས་སྤྱོད་པ་སྟེ། དེ་དག་ཚུལ་ནི་ལམ་མོ། །དེ་ལ་སྔགས་ཀྱི་ཚུལ་ནི་མདོར་བསྡུས་པས་རྣམ་པ་གཉིས་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དོ། །དེ་ལ་ཤེས་རབ་ཀྱི་བདག་ཉིད་ནི་དབྱངས་རྣམས་དང་། ཐབས་ཀྱི་བདག་ཉིད་ནི་གསལ་བྱ་རྣམས་སོ། །

དེ་རྣམས་ཀྱང་ཟླ་བ་དང་ཉི་མའི་བདག་ཉིད་ཡིན་ནོ། །གཞན་ཡང་དེ་རྣམས་སྡེ་ཚན་བརྒྱད་པོས་རྣམ་པར་ཤེས་པ་བརྒྱད་རྣམ་པར་དག་པའི་ངོ་བོར་བྱུང་བ་སྟེ། དེ་རྣམས་ཀྱང་འབྱུང་བ་ཆེན་པོ་བཞིའི་རང་བཞིན་གྱི་ཨ་ཀ་ཡ་ཤའི་ངོ་བོར་བྱུང་ངོ་། །དེ་རྣམས་ཀྱང་བུད་མེད་དང་

སྐྱེས་པ་དང་། མ་ནིང་གི་ངོ་བོར་ཡི་གེ་གསུམ་གྱི་རྣམ་པ་འབྱུང་ངོ་། །ཡི་གེ་གསུམ་པོ་དེ་རྣམས་ཀྱང་ཆ་ཤས་དང་ཆ་ཤས་ཀྱི་དབྱེ་བས་འོད་གསལ་བ་ལ་ཐིམ་པར་འགྱུར་ཏེ། དེ་ནི་སྔགས་ཀྱི་རང་བཞིན་ནོ། །དེ་བཞིན་དུ་སྔགས་ཀྱི་བརྡ་ནི་རྣམ་པ་བཅུ་གཅིག་ཡིན་ཏེ།

དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས་ཀྱང་། ཇི་སྐད་དུ། ཁ་སྦྱར་བཅིངས་དང་ཟོས་པ་དང་། །མ་བལྟས་རྣམ་པར་སྤེལ་བ་དང་། །གནོད་དང་དེ་ལས་ཐོག་མཐར་ལྡན། །དབུས་གནས་ཀུན་ནས་བསྐོར་བ་དང་། །དེ་བཞིན་རྣམ་པར་སྤེལ་ལྡན་དང་། །དེ་བཞིན་རྣམ་སྤེལ་བཅིངས་

Vol. 29 · folio 140a

ཞེས་པ། །སྔགས་ནི་རྣམ་པ་བཅུ་གཅིག་གོ། །ལས་རྣམས་སྒྲུབ་ཕྱིར་སྦྱར་བར་བྱ། །དབུས་གནས་དེ་བཞིན་ཟོས་པ་དང་། །ཀུན་ནས་བསྐོར་བ་གང་བཤད་དང་། །གནོན་པ་རྣམ་པ་གཉིས་བརྗོད་དེ། །བྲི་དང་དེ་བཞིན་གདོན་པར་བྱ། །གསུམ་པོར་

བཤད་པ་གང་ཡིན་པ། །བྲི་དང་གདོན་པར་མི་བྱའོ། །གནོད་པ་ཀུན་ནས་མིང་གི་ནི། །སྔགས་ཀྱིས་ཡོངས་སུ་བསྐོར་བར་བྱ། །དབུས་གནས་དེ་བཞིན་ཟོས་པ་ལ། །སྔགས་ནི་ཕྱོགས་སུ་སྤེལ་བར་བྱ། །གནོན་པ་ལ་ནི་ཇི་སྐད་བཤད། །དེ་བཞིན་ཀུན་ནས་བསྐོར་

ཤེས་བྱ། །དེ་ནི་བྲི་བའི་ཆོ་གར་བཤད། །བཟླས་པའི་ཆོ་གར་བཤད་བྱ་སྟེ། །ཐོག་མཐར་སྔགས་ནི་གང་ཡང་རུང་། །དབུས་སུ་མི་ལྡན་ཁ་སྦྱར་ཡིན། །དང་པོར་སྔགས་ཀྱི་ཡིག་ལྡན་ཞིང་། །ཐ་མར་བསྒྲུབ་བྱའི་མིང་ཡིག་བཅས། །རྣམ་པ་དེ་ལྟར་བཟླས་པའི་

སྔགས། །དེ་ནི་བཅིང་བར་བརྗོད་པ་ཡིན། །དང་པོ་ཨོཾ་ལྡན་ན་མཿམཐར། །མ་ལུས་རང་བཞིན་ཤེས་པར་བྱ། །དང་པོར་སྔགས་དང་མིང་ལན་ཅིག །བརྗོད་པ་རྣམ་སྤེལ་གཅིག་པར་བྱ། །དང་པོར་ཨོཾ་དང་བཅས་པ་ཡི། །བསྒྲུབ་བྱ་ངེས་པར་སྦྱར་བར་བྱ། །དེ་ནས་

ལས་དང་དེ་ནས་སྔགས། །གནོད་པ་དམ་པར་གྱུར་པ་ཡིན། །ཐོག་མཐར་ཁ་སྦྱར་དང་མཚུངས་ཤིང་། །དབུས་ན་སྔགས་བཅས་ཡང་ན་ནི། །དང་པོར་སྔགས་ལྡན་བསྒྲུབ་བྱའི་མིང་། །ལན་གསུམ་སྦྱར་བ་མཁས་པ་ཡིས། །ལས་རྣམས་བསྒྲུབ་པར་བྱ་བའི་ཕྱིར། །དེ་ནི་

རྣམ་སྤེལ་ཡིན་ཞེས་བྱ། །སྔགས་ནི་ལན་གསུམ་བསྒྲུབ་བྱ་གསུམ། །དང་པོར་ཨོཾ་དང་ན་མཿམཐར། །དེ་ནི་རྣམ་པར་སྤེལ་ལྡན་པའི། །སྦྱོར་བ་ཡང་དག་བརྗོད་པ་ཡིན། །དེ་ནི་ཐུན་མོང་བར་མའོ། །ཆོ་ག་རུ་ནི་རབ་ཏུ་བསྒྲགས། །མཆོག་ཏུ་གྱུར་པའི་སྔགས་རྣམས་ལ། །

རྡོ་རྗེ་སེམས་དཔའ་ངེས་པར་སྦྱར། །སྟོབས་ཆེན་རང་བཞིན་བསལ་བ་སྟེ། །དེ་འདྲའི་སྔགས་ནི་རྣམ་བཅུ་གཅིག །གང་གིས་ཤེས་དེ་དངོས་གྲུབ་སྣོད། །ཅེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་ལས་ཀྱི་ཚོགས་ཀྱི་རྗེས་སུ་འབྲང་ནས་སྦྲུལ་ལ་སོགས་པའི་བརྡ་གཞན་རྣམས་ཀྱང་

Vol. 29 · folio 140b

ཤེས་པར་བྱའོ། །དེ་བཞིན་དུ་ཨའི་སྡེ་ཚན་ལས་ཐུང་ངུ་ལྔའི་དོན་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །རིང་པོའི་སྡེ་ཚན་ནི་སྤྱན་ལ་སོགས་པ་རྣམས་སོ། །འབྲེལ་པའི་ཡི་གེ་ནི་ཁྲོ་བོ་རྣམས་སོ། །ཀའི་སྡེ་ཚན་ནི་སའོ། །ཙའི་སྡེ་ཚན་ནི་ཆུའོ། །ཊའི་སྡེ་ཚན་ནི་

མེའོ། །ཏའི་སྡེ་ཚན་ནི་རླུང་ངོ་། །པའི་སྡེ་ཚན་ནི་ནམ་མཁའོ། །ཡའི་སྡེ་ཚན་ནི་རྣམ་པར་ཤེས་པའི་ཁམས་སོ། །ཤའི་སྡེ་ཚན་ནི་སེམས་ཅན་གྱི་རིགས་རྣམ་པ་བཞིའོ། །ཨཾ་ཨཱ་ནི་ཀུན་རྫོབ་བོ། །ཀྵ་ནི་དོན་དམ་པའོ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཀྱི་དོན་ཡིན་

ནོ། །སྔགས་བཏུ་བ་ཡི་གེ་ཕྱི་མོ་སྟེ། དེ་ཡང་དཀྱིལ་འཁོར་བཞི་རུ་དགོད་པར་བྱའོ། །དེ་ལ་དབུས་སུ་ནི་དབྱངས་བཞི་དང་ཡི་གེ་ཧའོ། །འདབ་མ་རྣམས་ལ་གསལ་བྱ་བརྒྱད་དོ། །འདི་ལྟ་སྟེ་ཨ་ཨཱ་ཨི་ཨཱི་ཧ་ནི་སའི་རང་བཞིན་གྱི་གསང་བའི་དཀྱིལ་འཁོར་གྱི་

དབུས་དང་ཤར་ལ་སོགས་པའི་ཕྱོགས་རྣམས་སུའོ། །འདབ་མ་བརྒྱད་ལ་ནི་ཀ་ཁ་ག་གྷ་ཙ་ཚ་ཛ་ཛྷ་རྣམས་སོ། །དེ་བཞིན་དུ་ལྟེ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཧ། ཕྱོགས་རྣམས་སུ་ཨུ་ཨཱུ་རྀ་རཱྀ། འདབ་མ་རྣམས་ལ་ཊ་ཋ་ཌ་ཌྷ་ཏ་ཐ་ད་དྷའོ། །དེ་བཞིན་དུ་སྙིང་གའི་

དཀྱིལ་འཁོར་གྱི་དབུས་སུ་ཧ། ཕྱོགས་རྣམས་སུ་ལྀ་ལཱྀ། ཨེ་ཨཻ། འདབ་མ་རྣམས་ལ་པ་ཕ་བ་བྷ་ཡ་ར་ལ་ཝ་རྣམས་སོ། །དེ་བཞིན་དུ་ལྐོག་མའི་དཀྱིལ་འཁོར་གྱི་དབུས་སུ་ཡ་གེ་ཧ། ཤར་ལ་སོགས་པའི་ཕྱོགས་རྣམས་སུ་ཨོ་ཨཽ་ཨཾ་ཨཱ། འདབ་མ་རྣམས་ལ་ང་ཉ་ཎ་ན་ཤ་

ཥ་ས་མའོ། །དཀྱིལ་འཁོར་བཞི་པོ་དེ་རྣམས་ལ་བརྟེན་ནས་བཅོམ་ལྡན་འདས་མ་ཡི་གེ་ཕྱི་མོ་དེ་ཉིད་བྱ་བ་ཐམས་ཅད་བྱེད་དེ། འདི་ལྟ་སྟེ་སའི་དཀྱིལ་འཁོར་ལས་བྱུང་བའི་འོད་ཟེར་ཁ་དོག་སེར་པོ་གཉི་ག་ནས་རྒྱུ་བས་ནི་རྒྱས་པའོ། །གཡོན་ནས་བྱུང་བའི་ལྗང་སེར་གྱིས་ནི་

དགུག་པའོ། །དལ་བར་རྒྱུ་བའི་དཀར་པོ་གཉི་ག་ནས་བྱུང་བས་ནི་ཞི་བའོ། །གཡས་ནས་བྱུང་བའི་དམར་པོས་ནི་དབང་ངོ་། །དེ་རྣམས་ཉིད་ལ་གོ་རིམས་བཞིན་དུ་རིན་ཆེན་འབྱུང་ལྡན་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པ་དང་། འོད་དཔག་ཏུ་མེད་པ་སྟེ་ལྷ་རྣམས་

Vol. 29 · folio 141a

སོ་སོར་བཞུགས་སོ། །ལུས་ཐམས་ཅད་ལ་ཁྱབ་པའི་རྣམ་པར་སྣང་མཛད་གང་ཡིན་པ་དེ་ནི་ཡི་གེ་ཀྵའི་གཟུགས་སུ་ཁྱབ་བྱེད་ལ་བརྟེན་ནས་བཞུགས་ཏེ། དེ་ལ་འོད་ཟེར་གྱི་རྣམ་པར་དབྱེ་བ་དང་བསྡུ་བ་ཡང་མེད་དོ། །དེ་ནི་འཆི་བའི་དུས་སུ་ཕྱི་རོལ་

དུ་འབྱུང་བ་འབའ་ཞིག་ཏུ་ཟད་དེ། ཟད་པའི་ཕྱིར་ན་ཀྵ་ཞེས་བྱ་བའི་ཕྱིར་རོ། །རབ་ཏུ་བྱེད་པ་ལས་ཀྱང་། །ལུས་ཀུན་ལ་ནི་གནས་པའི་རླུང་། །བྱ་བ་ཀུན་ལ་འཇུག་པ་པོ། །འདི་ནི་རྣམ་སྣང་ངོ་བོ་སྟེ། །འཆི་བའི་ལུས་ལས་འབྱུང་བར་འགྱུར། །ཞེས་བཤད་དོ། །

དེ་ཉིད་ཀྱི་ཕྱིར་ཤི་བའི་རོ་བསྲེགས་པའི་དུས་སུ་སཱཙྪ་ཞེས་འབྱུང་བ་ནི་སྒྲས་འབྱུང་བ་གང་ཡིན་པ་དེ་ཡི་གེ་ཀྵའི་བདག་ཉིད་ཡིན་ནོ། །དེས་ནི་སྔགས་བཏུ་བ་བཤད་དོ། །དེའི་རྗེས་ལ་སྔགས་ཀྱི་དེ་ཁོ་ན་ཉིད་ནི་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་། སྟོང་པ་ཉིད་དང་སངས་

རྒྱས་ཉིད་དང་། རྡོ་རྗེ་འཆང་ཉིད་ཅེས་བྱ་བའི་རྣམ་གྲངས་ཅན་ནོ། །འདི་ལྟར་སྔགས་ཐམས་ཅད་ནི་ཨཱ་ལི་དང་ཀཱ་ལིའི་རང་བཞིན་ཅན་ཡིན་ཞིང་། དེ་རྣམས་ཀྱང་འོད་གསལ་བའི་གནས་ཀྱི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ལས་སྲོག་ནི་རླུང་གིས་བསྐུལ་ནས་

འབྱུང་ཞིང་དེ་ཉིད་དུ་ཐིམ་པར་འགྱུར་རོ། །སྒྲ་བརྙན་བཞིན་དུ་དམིགས་པར་ཡང་འགྱུར་རོ། །ཇི་སྐད་དུ་རབ་ཏུ་བྱེད་པ་ལས། ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང་། །མདོག་དང་དབྱིབས་ནི་ཐ་དད་པར། །ནམ་མཁའི་དབྱིངས་སུ་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་

རང་བཞིན་ཐམས་ཅད་ནི། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་པ་རྣམས་སྤྱད་ནས་ནི། །འོད་གསལ་བ་ནི་འཇུག་པར་འགྱུར། །ཞེས་བཤད་པ་བཞིན་ནོ། །དེར་རང་བཞིན་རྣམས་སྨོས་སུ་ཟིན་ཀྱང་། འོན་ཀྱང་སྒྲ་རྣམས་ནི་རྣམ་པར་རྟོག་པའི་རྒྱུ་ཅན་ཉིད་ཡིན་པའི་

ཕྱིར་རང་བཞིན་དང་སྒྲ་དག་ཐ་མི་དད་པར་འདོད་དོ། །བྱང་ཆུབ་སེམས་ཀྱི་འགྲེལ་པ་ལས་ཀྱང་། བུ་རམ་གྱི་ནི་མངར་དང་མེའི། །ཚ་བ་རང་བཞིན་ཡིན་པ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །སྟོང་པ་རང་བཞིན་ཡིན་པར་འདོད། །ཅེས་བཤད་དོ། །འཕགས་པ་

Vol. 29 · folio 141b

བྱམས་པས་ཀྱང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་བ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ནི་དབྱེ་བ་ཡོངས་སུ་བརྗོད། །ཅེས་གསུངས་སོ། །དེ་བས་ན་འོད་གསལ་བའི་ངོ་བོ་དེ་བཞིན་ཉིད་ནི་སྔགས་ཀྱི་དོན་ཏོ། །དེའི་ཕྱིར་མ་ལུས་

པའི་ངག་གི་ངོ་བོ་བཅོམ་ལྡན་འདས་མ་ཡི་གེ་ཕྱི་མོ་ནི་སྔགས་ཀྱི་ཚུལ་ཡིན་ནོ། །དེ་ཉིད་ཀྱང་རྣལ་འབྱོར་པ་རྣམས་ལོངས་སྤྱོད་དང་ཐར་པ་སྟེར་བར་བྱེད་པའོ། །དཔལ་རྡོ་རྗེ་ས་འོག་གི་རྒྱུད་ཀྱི་རྒྱལ་པོ་ལས། དེ་ནས་གཞན་ཡང་བཤད་པར་བྱ། །ཁྱོད་ལ་ཆོ་ག་རྡོ་རྗེ་འཛིན། །

གང་གིས་ཤེས་པ་ཙམ་གྱིས་ནི། །འདོད་པའི་དངོས་གྲུབ་ཐོབ་པར་འགྱུར། །བཞི་བཅུ་རྩ་དགུ་དབྱེ་བ་ཡི། །ཡི་གེ་མི་འགྱུར་གནས་པ་སྟེ། །ངག་གི་ཐམས་ཅད་ངོ་བོའི་རྒྱུ། །ཡི་གེ་ཕྱི་མོ་ལྷ་མོ་ཡིན། །རྣམ་པ་ཀུན་ཡང་རྣམ་པ་མེད། །ཕྱག་མཚན་ཀུན་ནི་འཛིན་

པར་མཆོག །སེམས་ངོ་མི་བཟད་མཚན་ཉིད་ཅན། །སེམས་ཅན་ཐམས་ཅད་ཁྱབ་མཛད་པའོ། །དེ་ནི་ཤེས་རབ་དང་པོར་བཤད། །འགྲོ་བ་འདི་ནི་དེས་ཁྱབ་པ། །སེམས་ཅན་ཀུན་གྱི་སྐྱེ་གནས་ཏེ། །སྔགས་རྣམས་ཀུན་གྱི་རང་བཞིན་ཉིད། །རྟོགས་པས་སྐྱོབ་པའི་

ཆོས་ཉིད་ཀྱིས། །ཀུན་དུ་རྟོགས་པ་རྗེས་མཛད་པའོ། །སྔགས་ཀྱི་ཚོགས་ནི་དེ་ལས་བྱུང་། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་ཡི་སྒྲ་དག་ཤེས་ནས་ནི། །ཅི་འདོད་འབྲས་བུ་ཐོབ་པར་འགྱུར། །གང་དང་གང་གི་དངོས་པོ་ཡིས། །དེ་ཉིད་མཐོང་བས་བསམ་གྱུར་ན།

དྲི་མེད་ཤེལ་སྒོང་དང་འདྲ་བ། །དེ་དེ་རྣམ་པར་དེ་འགྱུར་རོ། །ཇི་ལྟར་ཡིད་བཞིན་ནོར་བུ་ལྟར། །བསམ་པ་དག་ནི་སྟེར་བར་བྱེད། །དེ་བཞིན་ལྷ་མོའི་མཆོག་འདི་ཡིས། །དངོས་གྲུབ་ཐམས་ཅད་སྟེར་བར་མཛད། །ཡི་གེ་ཐིག་ལེ་སྒྲ་དང་ནི། །སྣང་བ་རླུང་དང་རྩེ་མོ་

ཆ། །དབྱེ་བ་གཙོ་བོ་བདུན་པོ་ཡིས། །ནུས་པ་དེ་རུ་བཞུགས་པ་ཡིན། །སྙིང་ལྐོག་རྐན་གྱི་ཕྱོགས་རྣམས་སུ། །ཐིག་ལེའི་ངོ་བོ་དེ་བཞུགས་པ། །སྒྲ་ཡི་རང་བཞིན་གྱིས་སྒྲོགས་པ། །འབྱུང་རྔུབ་དག་ནི་མཛད་པ་ཡིན། །མེ་ཡི་འབར་བའི་རྩེ་མོ་བཞིན། །སེམས་

Vol. 29 · folio 142a

ཅན་ཐམས་ཅད་ལྟོ་བ་ལ། །རླུང་གི་ངོ་བོ་རྣམ་པ་བཅུ། །དེ་ནི་རྩ་བ་ཀུན་བཞུགས་པའོ། །ཚངས་པ་ལ་སོགས་མི་འགྲོའི་མཐར། །རྟག་ཏུ་དེ་ནི་རབ་མཛད་ཅིང་། །སེམས་ཅན་ཐམས་ཅད་འདུལ་མཛད་དེ། །སེམས་ངོ་དེ་ནི་རབ་ཏུ་བརྗོད། །དེ་ལས་

གཞན་ནི་གང་བཤད་པ། །གསང་བའི་བདག་པོ་ཁྱོད་སྨྲོས་ཤིག །དེ་ཁོ་ན་ཉིད་ངོ་བོ་འདི། །ཀུན་དུ་ཞལ་ནི་བདག་གིས་བཤད། །ཅེས་བྱ་བ་འབྱུང་ངོ་། །དེ་བཞིན་དུ་སྤྱོད་པ་ནི་སྤྲོས་པ་ལ་སོགས་པའི་དབྱེ་བ་རྣམ་པ་གསུམ་སྟེ་བཤད་ཟིན་ཏོ། །སྔགས་ཀྱི་སྤྱོད་པ་དང་

ཚུལ་དེ་དག་ལ་མངོན་པར་བརྩོན་པ་ནི་འབད་པ་དང་ལྡན་པའི་རྣལ་འབྱོར་པ་སྟེ། དེ་ལ་སྤྱན་གྱི་རས་ཀྱིས་མི་གཟིགས་པའོ། །མི་གཟིགས་པའི་རྒྱུད་བསྟན་པར་བྱ་སྟེ། སྔགས་ཀྱི་སྤྱོད་པའི་ཚུལ་དང་། ཆོས་ཀྱི་སྤྱོད་པའི་ཚུལ་གྱི་ཆོས་ཏེ། སྔགས་ཀྱི་ཚུལ་གྱི་

ཆོས་དང་བསྟན་བཅོས་ལ་གང་གི་ཕྱིར། འདི་རྫོགས་པར་གྱུར་ཏོ་ཞེས་བྱ་བ་ནི་མཐར་ཕྱིན་པས་ན་འདི་ལ་སྤྱན་རས་ཀྱིས་གཟིགས་པ་ཅི་དགོས་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་ཚུལ་ནི་རྣམ་པ་བཅུ་སྟེ། ཇི་སྐད་དུ། དཀྱིལ་འཁོར་ཏིང་འཛིན་མཆོད་པ་སྔགས་དང་ནི། །

བྱེད་པ་སྟང་སྟབས་བཟླས་པ་སྦྱིན་སྲེག་དང་། །སྔགས་དང་ཕྱག་རྒྱ་ངེས་སྦྱོར་བསྡུ་བ་ནི། །སྔགས་ཀྱི་ཚུལ་ནི་འདི་ཉིད་བཅུ་རུ་བཤད། །སྤྱོད་པའི་ཚུལ་ནི་རྣམ་པ་གསུམ་སྟེ། ཆོས་འབྱུང་མངོན་པར་བྱང་ཆུབ་པ་ལ་སོགས་པ་སྔར་བཤད་ཟིན་ཏོ། །དེ་ནས་རྫོགས་པ་ཡིན་

པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱིས་སྤྱན་གྱིས་མི་གཟིགས་ན་ཡང་། འོན་ཀྱང་ཅིག་ཅར་དུ་དངོས་གྲུབ་འདོད་པ་དེའི་དོན་དུ་སྐྱེས་བུ་དམ་པའི་རྣལ་འབྱོར་པ་དེ་རྣམས་ལ་སྤྱན་རས་ཀྱིས་གཟིགས་པའི་ཕྱིར་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་གཟིགས་པའི་ཕྱིར་རོ། །

འདི་ནི་འོག་ནས་འཆད་པར་འགྱུར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་སྐུ་རྡོ་རྗེ་ལ་སོགས་པའི་སྐུ་གསུང་ཐུགས་བྱིན་གྱིས་རློབ་པར་བྱེད་པའི་སྔགས་ཀྱང་ཡིན་ལ། སྐྱེད་པའི་རྒྱུ་ཡིན་པའི་ཕྱིར་ཐམས་ཅད་ཀྱང་ཡིན་ལ། སྔགས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་

Vol. 29 · folio 142b

སོ། །དེ་རྣམས་ཀྱི་སྙིང་པོ་ནི་ཡེ་ཤེས་སེམས་དཔའི་སྙིང་པོ་སྟེ། ཏིང་ངེ་འཛིན་སེམས་དཔའི་ས་བོན་རྣམས་སོ། །དེ་སྐུལ་བར་བྱེད་པ་ནི་དེའི་ནུས་པ་འཕྲོག་པར་བྱེད་པའོ། །ཡང་ན་སྔགས་ཐམས་ཅད་ནི་དབང་ཕྱུག་ཆེན་པོ་ལ་སོགས་པའི་སྔགས་རྣམས་ཀྱི་སྙིང་པོ་ནི་ནུས་པ་

དེ་སྐུལ་བར་བྱེད་པ་ནི་ནུས་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །དྲག་ཤུལ་གྱི་སྔགས་རྣམས་ནི། ཡི་གེ་གསུམ་གྱིས་འཇོམས་པར་བྱེད། །ཅེས་མན་ངག་གོ། །དེ་ཉིད་ཀྱི་ཕྱིར་རབ་ཏུ་གསང་བ་ནི་རིག་སྔགས་དང་། ཉེ་བའི་སྙིང་པོ་དང་། ཕྲེང་སྔགས་དང་། གཟུངས་

སྔགས་ཀྱི་ནང་ན་སྙིང་པོའི་རང་བཞིན་ནོ། །སྙིང་པོ་ལ་སོགས་པའི་དབྱེ་བ་ནི་ལེའུ་བཅུ་བཞི་ལས་བཤད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དོ། །དེའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ་ནི། དེའི་སྐུ་སྐྱེད་པར་

བྱེད་པའི་རྒྱུར་གྱུར་པ་ཡི་གེ་ཨོཾ་མོ། །རྡོ་རྗེ་འཛིན་པ་ཐམས་ཅད་ནི་མི་བསྐྱོད་པའོ། །དེའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ་ནི་དེའི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་སྐྱེད་པ་ཡི་གེ་ཧཱུྃ་ངོ་། །ཆོས་འཛིན་པ་ཐམས་ཅད་ནི་འོད་དཔག་ཏུ་མེད་པའོ། །དེའི་སྐུ་

གསུང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ་ནི་དེའི་དང་པོ་སྦྱོར་བ་ལ་སོགས་པའི་རྒྱུ་སྟེ་ཡི་གེ་ཨཱཿའོ། །ཉིད་ཀྱི་སྐུ་གསུང་ཐུགས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་སྐུ་གསུང་ཐུགས་དང་ཐུགས་ལས་སོ། །ཚིག་གི་ལམ་ངེས་པར་བརྗོད་པ་ནི་ཚིག་གི་ལམ་ནས་ཏེ། སྐུ་ལ་སོགས་

པ་དབྱེར་མེད་པའི་ཕྱིར་དགོངས་པའོ། །སེམས་ནི་ལུས་ལྟ་བུ་ཞེས་ལེའུ་གཉིས་པ་ལས་བསྟན་ཏོ། །སྔགས་བསྡུས་པ་ནི་སྔ་མ་བཞིན་དུ་མ་ནིང་ལ་སོགས་པའི་རིམ་གྱིས་སྔགས་ཀྱི་སྙིང་པོ་གསུངས་པ་ནི་བསྟན་ཏོ། །ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་སྔགས་ཀྱི་དོན་ནི་སྔར་

བཤད་ཟིན་ཏོ། །ཧཱུྃ་ནི་དབུས་སུ་བཤད་པ་སྟེ། སེམས་ནི་སྙིང་གའི་ནང་ན་གནས་པའི་ཕྱིར་དང་། ངག་དང་ལུས་ནི་ཕྱི་རོལ་དུ་ཁ་བལྟས་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདི་གསུངས་པ་ཙམ་གྱིས་ཏེ་རྡོ་རྗེ་འཆང་གིས་གསུངས་པ་ཙམ་གྱིས་སངས་

Vol. 29 · folio 143a

རྒྱས་ཐམས་ཅད་སྲས་དང་བཅས་པ་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །འདར་བར་གྱུར་ཞིང་བརྒྱལ་གྱུར་པ་ནི་བསྐུལ་བར་འགྱུར་ཞིང་སྒྲུབ་པ་པོ་ལ་མངོན་པར་ཕྱོགས་པར་གྱུར་ཏོ། །རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པ་ཞེས་

པ་ནི་རྡོ་རྗེ་སེམས་དཔའི་གོ་འཕང་དོན་དུ་གཉེར་བའི་རྣལ་འབྱོར་པ་ལ་སྤྱན་རས་ཀྱིས་གཟིགས་པ་དང་། དེ་ཉིད་ལ་རྩེ་གཅིག་པར་གྱུར་པ་དང་། དེ་ཉིད་ལ་དངོས་གྲུབ་སྩོལ་ཏོ་ཞེས་ཚིག་གི་ལྷག་མའོ། །དེ་ནི་བསྐྱེད་པའི་རིམ་པའོ། །སྙིང་པོ་བསྐུལ་བའི་སྔགས་བསྟན་

ནས་དེའི་ཐབས་བསྐྱེད་པའི་རིམ་པ་སྟོན་པར་བྱེད་པ་སྟེ། ནམ་མཁའི་དབྱིངས་ནི་སྟོང་པ་ཉིད་དོ། །དེའི་དབུས་གནས་དགོད་པའི་དཀྱིལ་འཁོར་ནི། ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་སྐྱེས་པ་ཟླ་བ་དང་ཉི་མ་ལ་སོགས་པའི་གདན་བསྒོམ་པར་བྱའོ། །དེའི་སྟེང་དུ་ཡང་

ཡི་གེ་ཧཱུྃ་ནི་གཙོ་བོ་ཡིན་པའི་ཕྱིར་ཡི་གེ་ཨོཾ་དང་། ཨཱཿདག་ཀྱང་དགོད་ཅིང་དེ་ལས་བྱུང་བ་རང་གི་གཟུགས་ནི་མི་བསྐྱོད་པའི་སྐུ་རབ་ཏུ་བརྟག་པ་ནི་བསྒོམ་པར་བྱའོ། །རྡོ་རྗེ་ནི་ཕྱག་མཚན་གཙོ་བོ་འོད་ཟེར་ནི་དེའི་སྐུ་ལས་ཕྱུང་བའི་འོད་ཟེར་རྣམས་ཀྱིས་ཆེར་འབར་བ་ནི་ཤིན་

ཏུ་འབར་བ་དང་། ཕྱི་རོལ་དུ་ཡང་འོད་ཟེར་དེ་རྣམས་སྤྲོ་བར་བྱེད་པ་བསམ་པར་བྱའོ། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ནི་ཡེ་ཤེས་སེམས་དཔའ་སྟེ། དྲངས་པ་ནི་དམ་ཚིག་སེམས་དཔའི་སྙིང་གར་བསྒོམ་པར་བྱའོ། །དེ་ནས་སྙིང་གར་ཡང་སྐུ་གསུང་ཐུགས་རྡོ་རྗེ་ནི་སྐུ་

ལ་སོགས་པ་ས་བོན་འཛིན་པའི་དགོད་པ་སྟེ། དེ་སྐད་ཅིག་མ་ཅིག་ཅར་དུ་ཡེ་ཤེས་སེམས་དཔའི་སྙིང་གར་ཏིང་ངེ་འཛིན་སེམས་དཔའ་དགོད་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོའོ། །རྒྱལ་པོ་ཆེན་པོ་ནི་དེ་བཞིན་གཤེགས་པའི་བདག་པོ། །ཀུན་གྱི་གཙོ་

བོ་ནི་ལྷ་ལ་སོགས་པ་འགྲོ་བ་རིས་དྲུག་དང་། ཁམས་གསུམ་གྱི་རབ་མཆོག་གོ། །དབང་ཕྱུག་མཆོག་ནི་རྫུ་འཕྲུལ་ལ་སོགས་པ་མཛད་པའོ། །དེ་ལ་རྗེས་སུ་ཞུགས་ཤིང་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་བསམས་པ་ཇི་སྲིད་རང་གི་དཀྱིལ་འཁོར་ནི་རྡོ་རྗེ་འཆང་ཆེན་པོ་ལ་

Vol. 29 · folio 143b

རྗེས་སུ་ཞུགས་པའི་མི་བསྐྱོད་པའི་དཀྱིལ་འཁོར་རོ། །རང་སྔགས་ནི་ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པའི་སྔགས་རྣམས་ལས་སྐྱེད་པར་བྱེད་པའི་ཚུལ་ནི་བསྐྱེད་ཅིང་སྤྲོས་པར་བྱའོ། །འདི་ནི་སྔར་བཤད་པའི་ཡེ་ཤེས་སེམས་དཔའ་དང་། ཏིང་ངེ་འཛིན་སེམས་དཔའ་

ཞུགས་པ་དང་དགོད་པ་སྔགས་ཐམས་ཅད་ནི་དཀྱིལ་འཁོར་རྣམས་ལ་ཡང་བྱ་སྟེ། སྙིང་པོ་ནི་ཕྱིར་མི་ལྡོག་པའི་དབང་དང་། རྡོ་རྗེ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ལ། བསྡུ་བ་ནི་ཐླྷིཾ་ལ་སོགས་པའི་ས་བོན་དགོད་པར་བྱའོ། །དེ་ནས་རང་སྔགས་སྐྱེས་བུ་ནི་རྡོ་རྗེ་

འཆང་ཆེན་པོའི་སྐུ་གནས་བཞི་དག་ནི་ཕྱོགས་བཞི་དང་ནམ་མཁའ་ལ་བསྒོམས་ཏེ། ཞལ་གསུམ་ལྟ་བུ་དང་སྦྱོར་བའི་ཚིག་གིས་ཕྱག་དྲུག་པ་དང་། ཁ་དོག་གསུམ་ནི་དམ་ཚིག་དང་ཡེ་ཤེས་དང་ཏིང་ངེ་འཛིན་སེམས་དཔའི་རང་བཞིན་ནོ། །དེ་ནི་བཅོམ་ལྡན་འདས་

རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་ཏོ། །དེ་ལྟར་བསྒྲུབ་བྱ་དང་སྒྲུབ་པ་པོའི་བསྐྱེད་པ་བསྟན་ནས། སྒྲུབ་པའི་སྦྱོར་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ནི་བསྒྲུབ་བྱ་དང་སྒྲུབ་པ་པོའོ། །ངག་གི་མཆོག་ནི་སྙིང་པོ་ནུས་པ་འགུགས་

པ་དང་། གསང་བའི་བླ་མའི་མན་ངག་གིས་རྟོགས་པར་བྱའོ། །སྙིང་ག་ནི་ཡེ་ཤེས་སེམས་དཔའི་སྙིང་ག་སྟེ། དེའི་དབུས་གནས་ལ་ཕྲ་མོ་ནི་ཡི་གེ་ཧཱུྃ་ལ་སོགས་པ་ལས་གང་ཡང་རུང་བའི་ས་བོན་ཏེ་ཏིང་ངེ་འཛིན་སེམས་དཔའ་ཞེས་བྱ་བ། དཀྱིལ་འཁོར་རྣམས་ནི་

ཟླ་བ་དང་ཉི་མ་རྣམས་ལས་གང་ཡང་རུང་བའི་གདན་ལ་བསམས་ཏེ། ཕྱི་རོལ་དུ་གནས་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་བསྒྲུབ་བྱའི་དབུས་སུ་གནས་པ་ནི་ཡེ་ཤེས་སེམས་དཔའི་སྙིང་གར་གནས་པ། མཆོག་ནི་ཐུགས་རྡོ་རྗེ་ལ་སོགས་པའི་ཡི་གེའོ། །ས་བོན་

གནས་ནི་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་ལ་གནས་པར་བསམ་པར་བྱའོ། །དེའི་རྗེས་ལ་བསྒྲུབ་བྱ་དང་སྒྲུབ་བྱེད་དེ་དག་གི་ས་བོན་དེ་ཡོངས་སུ་གྱུར་པ་ལས་སྐྱེས་པ་འོད་ཟེར་གྱི་འཁོར་ལོ་སྤྲོ་བའི་རྡོ་རྗེ་རྩེ་ལྔ་པ་བསམ་པར་བྱའོ། །ཇི་ལྟར་ཞེ་ན། སྦྱོར་བ་ཞེས་པ་ནི་ནུས་

Vol. 29 · folio 144a

པ་འགུགས་པའི་སྦྱོར་བ་ཞེས་སྟོན་ཏོ། །རྡོ་རྗེ་གསུམ་ནི་ཕྱི་རོལ་གྱི་ནམ་མཁའ་ལ་གནས་པའི་དམ་ཚིག་དང་ཡེ་ཤེས་སེམས་དཔའ་དང་། ཏིང་ངེ་འཛིན་སེམས་དཔའ་ཞེས་བྱའོ། །དེ་རྣམས་ཀྱང་བདག་ཉིད་ཀྱི་ཏིང་ངེ་འཛིན་སེམས་དཔའི་

ངོ་བོ་རྡོ་རྗེ་རྩེ་ལྔ་པ་ལས་བྱུང་བའི་ཤིན་ཏུ་རྣོ་བའི་ལྕགས་ཀྱུ་དང་འདྲ་བའི་འབར་བའི་ཚོགས་ཀྱིས་དེའི་སྙིང་གར་གནས་པའི་ཡེ་ཤེས་སེམས་དཔའི་སྙིང་གར་གནས་པའི་རྡོ་རྗེ་རྩེ་ལྔ་པ་ལ་འབར་བའི་འོད་ཟེར་རྣམས་ཕོག་སྟེ་དྲག་ཤུལ་གྱིས་བཀུག་ལ་དེའི་ཞལ་ལམ་བ་སྤུའི་བུ་

ག་རྣམས་ལས་བྱུང་ཞིང་རང་གི་ཁའི་ལམ་ལ་ཞུགས་ཤིང་ཡེ་ཤེས་སེམས་དཔའི་ཞལ་ལམ་བ་སྤུའི་བུ་ག་རྣམས་ལས་སྙིང་གར་ཕྱིན་ཏེ་དེའི་ཏིང་ངེ་འཛིན་སེམས་དཔའི་རྡོ་རྗེ་རྩེ་ལྔ་པའི་འབར་བའི་ཚོགས་རྡོ་རྗེ་ལ་ཞུགས་ཤིང་དེ་ཉིད་དུ་ཐིམ་པར་བསམ་པར་བྱའོ། །ཡང་ན་རིགས་པ་དེ་

ཉིད་ཀྱིས་དཀྱིལ་འཁོར་པ་རྣམས་ཀྱི་སྙིང་ག་ནི་ཏིང་ངེ་འཛིན་སེམས་དཔའི་རྡོ་རྗེ་འབར་བས། ནམ་མཁའ་ལ་གནས་པའི་སྙིང་ག་ནི་ཏིང་ངེ་འཛིན་སེམས་དཔའ་སྟེ། དེ་ཉིད་བརྟན་པ་ནི་བསྐུལ་ཞིང་དགུག་པར་བྱའོ། །དེ་ལྟར་བྱས་ནས་ཁམས་གསུམ་གྱི་བདག་པོ་ཉིད་དུ་

འཁོར་དང་བཅས་པའི་རྣལ་འབྱོར་པས་ཐོབ་བོ། །གལ་ཏེ་དེ་ལྟར་རྣལ་འབྱོར་པས་བྱ་བར་མི་ནུས་ན། དེའི་ལྷ་རྣམས་ནི་ཁྲོ་བོ་དག་ཕྱོགས་བཅུ་ལ་བསྐུལ་ཏེ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཞེས་བྱ་བ་ལ་སོགས་པའི་སྔགས་རྣམས་ཀྱི་ཁྲོས་པའི་ཚིག་གིས། ན་མཿསརྦྦ་ཏ་ཐཱ་ག་ཏ་ཏི་ཏི་

དེ་ཧེ་ཞེས་བྱ་བ་དང་། ཕཊ་བཛྲ་ཧྲི་ཞེས་བྱ་བ་བརྗོད་ཅིང་བསྐུལ་བར་བྱ་བ་ནི་བཀའ་སྩལ་པའོ། །དེ་ནས་ཁྲོ་བོ་དེ་རྣམས་དེ་བཞིན་གཤེགས་པ་རྣམས་ཀྱི་མདུན་དུ་གནས་ལ། སྒྲུབ་པ་པོའི་བཀའ་འཇིགས་པའི་འཇིགས་པས་རང་གི་ཕྱག་མཚན་ལྕགས་ཀྱུ་དང་ཞགས་པ་

ལ་སོགས་པའི་འཁོར་ལོས། དེའི་སྙིང་གར་གནས་པའི་ཏིང་ངེ་འཛིན་སེམས་དཔའི་འབར་བའི་ཚོགས་བཀུག་སྟེ། རང་གི་དཀྱིལ་འཁོར་གྱི་བདག་པོ་འཁོར་དང་བཅས་པའི་སྙིང་གར་དགའ་བས་ཞུགས་པར་བསམ་པར་བྱའོ། །བླ་མའི་ཞལ་གྱི་མན་ངག་

Vol. 29 · folio 144b

ཡིན་ནོ། །འབྲས་བུ་བསྟན་པར་བྱ་སྟེ། འདི་ནི་རྡོ་རྗེ་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཐམས་ཅད་ནི་སྒྲུབ་པ་པོ་རྣམས་སོ། །དེ་རྣམས་ལ་སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་རང་གི་སྙིང་གའི་ནུས་པ་སྟེ། དེ་ཉིད་སྒྲུབ་པར་བྱེད་པ་

སྟེ་རྡོ་རྗེ་འཆང་ཆེན་པོ་ལ་རྗེས་སུ་ཞུགས་པའི་མི་བསྐྱོད་པའི་སྒོ་ནས་སྙིང་པོ་བསྐུལ་བའོ། །ཇི་སྲིད་འཁོར་ལོ་དང་པདྨའི་རིགས་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་སྔར་བཤད་པའི་རྡོ་རྗེ་ལྕགས་ཀྱུ་བསྒོམ་པར་བྱའོ་ཞེས་སྟོན་

ཏོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། དེ་ཡི་སྙིང་པོ་བསྐུལ་བར་བཤད། །ཅེས་བྱ་བ་ལ། གང་ཞིག་འདི་སྙིང་པོ་བསྐུལ་བ་བཤད་པ་དེ་ནི་རོལ་མོ་དང་འདྲ་བ་སྟེ། དཔེར་ན་བུད་མེད་དང་སྐྱེས་པ་དང་བྱིས་པ་ལ་སོགས་པའི་དབྱེ་བས་གར་མཁན་གྱི་རོལ་མོ་བརྩམ་པ་དེ་བཞིན་དུ་

སྒྲུབ་པ་པོ་གཅིག་པོས་བསྒྲུབ་བྱ་དང་སྒྲུབ་པའི་དབྱེ་བ་ལ་བརྟེན་ཏེ། སྙིང་པོ་བསྐུལ་བར་བྱ་སྟེ། ཆོས་ཐམས་ཅད་གཉིས་སུ་མེད་པས་བྱ་བ་ཡིན་ཏེ། བསྐྱེད་པའི་རིམ་པའོ། །ད་ནི་དུས་ཀྱི་ངེས་པ་བཤད་པར་བྱ་སྟེ། ཞག་བདུན་ཞེས་བྱ་བ་ལ་སོགས་པ་ལ་ཞག་བདུན་གྱི་

བར་དུ་རྡོ་རྗེའི་ཚུལ་འདི་ནི་དེ་བཞིན་གཤེགས་པའི་ལམ་ལས་བྱུང་བའི་བསྒོམ་པ་བྱའོ། །དེའི་ཚེ་རྣལ་འབྱོར་པ་དེ་ཉིད་ཀྱིས་ཡེ་ཤེས་རྡོ་རྗེ་ཅན་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ནི་དེ་དང་འདྲ་བ་སྐུ་ལ་སོགས་པ་འགྲུབ་པར་འགྱུར་བ་ནི་ཐོབ་པར་འགྱུར་རོ། །དེ་ཉིད་

ཀྱི་ཕྱིར། གསང་བ་ནི་ཉན་ཐོས་ལ་སོགས་པ་ལ་འདི་ཉིད་བསྟན་པར་མི་བྱའོ་ཞེས་ཚིག་གི་ལྷག་མའོ། །ཡང་ཞག་བདུན་ནི་ཁམས་བདུན་གྱི་རང་བཞིན་གྱི་ལུས་སོ། །དེ་ཉིད་གལ་ཏེ་སྔར་བཤད་པའི་རིམ་པས་རྡོ་རྗེ་ཚུལ་མཆོག་ནི་སྐད་ཅིག་མ་གཅིག་གིས་བསྒོམ་ན་དེའི་ཚེ་སྐུ་

གསུང་ཐུགས་འགྲུབ་པར་འགྱུར་རོ་ཞེས་སྔ་མ་བཞིན་ནོ། །དེ་ལྟར་བྱས་ནས་འཇིགས་པ་ནི་འཇིགས་པ་ཐོབ་པ་དེ་བཞིན་གཤེགས་པ་དེ་རྣམས་མཆོག་གསོལ་བ་ནི་མཆོག་སྩོལ་བ་ལ་སོགས་པ་དང་ལྡན་པ་དང་། ཡིད་སྐྲག་པར་འགྱུར་བ་ནི་ངོ་མཚར་དུ་གྱུར་ཅིང་རྣལ་འབྱོར་པ་དེ་ལ་

Vol. 29 · folio 145a

གཟིགས་པར་མཛད་པའོ། །གཟིགས་ནས་ཀྱང་དངོས་གྲུབ་རྒྱ་ཆེ་བ་ནི། ཉིད་དང་མཐུན་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་མཛད་པའོ། །ཇི་ལྟ་བུ་ཞེ་ན། ཡིད་ལ་མགུ་བ་ཞེས་བྱ་བ་ལ། ཡིད་ནི་ཏིང་ངེ་འཛིན་སེམས་དཔའོ། །

མགུ་བ་ནི་དེ་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནུས་པ་སྟེར་བའོ། །དགའ་བ་ནི་རྫུ་འཕྲུལ་དང་ཆོ་འཕྲུལ་ལ་སོགས་པ་འགྲུབ་པར་བྱེད་པ་སྟེ་སྒྲུབ་པའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ནི་བསྐྱེད་

པའི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །ཇི་ལྟ་བུ་ཞེ་ན། བྱང་ཆུབ་ནི་དེ་བཞིན་གཤེགས་པའི་སྙིང་པོ་འགུགས་པ་སྟེ། དེ་ལ་སེམས་དཔའ་ནི་བསམ་པ་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའོ། །ཡང་ཇི་ལྟ་བུ་ཞེ་ན། སྔགས་དང་སྤྱོད་པ་ནི་སྔགས་ཀྱི་

སྤྱོད་པ་སྟེ། དེ་དག་གི་དོན་ནི་དགོས་པ་འགྲུབ་ཏུ་འདོད་པས་ན་སྔགས་ཀྱི་སྤྱོད་པའི་དོན་འགྲུབ་པའོ། །གལ་ཏེ་དེ་རྣམས་རྨོངས་པའི་དབང་གིས་བླ་མའི་མན་ངག་བརྗེད་ངས་པས་སྙིང་པོ་སྐུལ་བ་འདི་ཟློ་བར་བྱེད་པ་ནི་སྒོམ་པར་མི་བྱེད་ན་དེའི་ཚེ་དེ་རྣམས་ཀྱི་སྲོག་

ནི་བསྐྱེད་པའི་རིམ་པའི་བསྒོམ་པ། དེར་ཟད་འགྱུར་བ་ནི་དེ་ཙམ་ཡིན་གྱི་དེ་བཞིན་གཤེགས་པའི་ནུས་པ་མ་ཐོབ་པའོ། །དེ་བས་ན་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མེད་པ་ཡིན་ནོ་ཞེས་སྟོན་ཏེ། དེ་ནི་བསྐྱེད་པའི་རིམ་པའོ། །ད་ནི་བསྐྱེད་པའི་

རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་དངོས་གྲུབ་རིམ་པ་གཞན་གྱིས་བཤད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཛིན་ནི་རྡོ་རྗེ་འཆང་ཆེན་པོའོ། །སྣ་ཚོགས་པའི་བསྒོམ་པའི་མན་ངག་སྟོན་པས་འགྲོ་བ་འདུལ་བས་རྒྱལ་བའོ། །འཇིག་

རྟེན་གསུམ་མཆོག་ནི་བྱ་བ་དང་སྤྱོད་པ་རྣལ་འབྱོར་གྱི་རྒྱུད་ལ་སོགས་པའི་རྣལ་འབྱོར་པ་རྣམས་སོ། །དེ་དག་འདུལ་བ་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་ཞུགས་པར་མཛད་པས་ན་འཇིག་རྟེན་གསུམ་མཆོག་གོ། །ཡང་ན་འཇིག་རྟེན་གསུམ་ནི་རྩ་གསུམ་མོ། །

Vol. 29 · folio 145b

མཆོག་ནི་གཞན་ཏེ་རྩ་གཉིས་སོ། །དེ་ལྟར་ན་རྩ་ལྔ་སྟེ་དེ་ལ་རྡོ་རྗེ་ནི་རྡོ་རྗེ་སྦྱོར་བས་མཆོག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཀྱི་གསུང་ནི་འདི་སྐད་ཅེས་པ་ནི་འོག་ནས་འཆད་པར་འགྱུར་བའི་གསུང་བཀའ་སྩལ་ཏོ། །སྔགས་

ཀྱི་སྐྱེས་བུ་ཇི་སྙེད་པ། །ཞེས་བྱ་བ་ལ་སོགས་པ་ལ། ཇི་སྙེད་པ་ཞེས་པ་ནི་ཇི་སྲིད་གྲགས་དང་ལྡན་པའི་རྩ་བདུན་ཁྲི་ཉིས་སྟོང་ངོ་། །དེ་རྣམས་ཀྱང་ཇི་ལྟར་ཞེ་ན། སྔགས་ཀྱི་སྐྱེས་བུ་ཞེས་བྱ་བ་ལ། སྔགས་ནི་ཁམས་རྣམས་ཀྱིས་སྐྱེས་བུ་ནི་གང་བར་བྱས་པའོ། །དེ་དག་

ཐམས་ཅད་རྡོ་རྗེ་གསུམ་གྱི་ཡེ་ཤེས་ནི་ཁྲག་དང་ཤུ་ཀྲ་དང་ཆུ་རྣམས་ཀྱིས་རྫོགས་པས་གཙོ་བོའི་སྒོ་ནས་གནས་པའོ། །དབང་པོ་གཉིས་ནི་རྩ་གཞན་གཉིས་ཏེ། རྣམ་པར་སྣང་མཛད་དང་དོན་ཡོད་གྲུབ་པ་དག་གིའོ། །སྦྱོར་བ་ནི་དེ་དག་ཐམས་ཅད་སྲོག་དང་རྩོལ་བའི་རླུང་གི་

སྦྱོར་བས་འགགས་ཏེ། དངོས་པོ་ཐམས་ཅད་ནི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ཀྱི་ངོ་བོ་བྱང་ཆུབ་ཀྱི་སེམས་རྟག་པར་བྱ་བ་ནི་རྡོ་རྗེའི་རྩེ་མོའམ་པདྨའི་རྩེ་མོར་འཛིན་པར་བྱ་སྟེ། འདི་ནི་རྩ་ཀུན་དུ་སྤྱོད་པར་འཛིན་པ་སྟེ། སངས་རྒྱས་ཐམས་ཅད་ནི་བསྐྱེད་པ་དང་རྫོགས་

པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་སྔགས་ཀྱི་དམ་ཚིག་ནི་འོད་གསལ་བ་བསྒོམ་པ་ནི་ཐོབ་པར་བྱེད་པའོ། །རིག་མའི་དབང་ཕྱུག་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་མ་སྟེ། དེ་ལ་ཞུགས་པ་ནི་དེ་ཉིད་བསྒོམ་ཞིང་རྣལ་འབྱོར་པ་ཐམས་ཅད་ནི་ཁམས་གསུམ་པ། སྦྱོར་བ་ནི་གཅིག་ཏུ་བྱ་

བ་སྟེ། དེ་ཉིད་བསྒོམ་པ་ནི་བསམ་པར་བྱའོ། །ཆགས་པ་ནི། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངོ་བོ་ཆོས་ཀྱི་སྐུའོ། །ཆགས་པ་བལྟ་བ་ནི་འགྲོ་བ་རྗེས་སུ་གཟུང་བའི་ལོངས་སྤྱོད་རྫོགས་པའི་སྐུའོ། །དམ་ཚིག་དཀྱིལ་འཁོར་ནི་སྤྲུལ་པའི་སྐུ་སྟེ།

དེ་རྣམས་བལྟ་བར་བྱ་བ་ནི་ཐོབ་པ་ཡིན་ནོ། །དེས་ནི་འདི་བཤད་པ་ཡིན་ཏེ། ཡེ་ཤེས་ཀྱི་ཕྱག་རྒྱ་མ་དང་སྙོམས་པར་ཞུགས་པས་རྩ་ཀུན་དུ་སྤྱོད་པ་འགགས་ཏེ། ཁམས་གསུམ་པ་རྗེས་སུ་ཞུགས་པས་རྣལ་འབྱོར་པས་སྐུ་གསུམ་ཐོབ་པར་འགྱུར་རོ་ཞེས་ཚིག་གི་དོན་

Vol. 29 · folio 146a

ཏོ། དེ་ནི་རྣལ་འབྱོར་རོ། །ད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་བསྒོམ་པ་བཤད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་འོད་གསལ་བ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །རང་བཞིན་དང་སྣང་བ་རྣམ་པར་

དག་པའི་རིམ་པས་མཛེས་པས་ན་རྒྱལ་བའོ། །དེ་བཞིན་གཤེགས་པ་ཀུན་ནི་རང་བཞིན་རྣམས་ཏེ། དེ་དག་སྲས་ནི་གང་ལས་བྱུང་བ་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཀུན་གྱི་སྲས་པོ། ཐམས་ཅད་དབང་བསྐུར་བ་ནི་ཟླ་བ་དང་། ཉི་མ་དང་། རྗེས་སུ་འཇུག་པའི་

དབྱངས་དང་། ཚེག་དྲག་དང་། པདྨ་དང་རྡོ་རྗེ་རྣམས་སོ། །དེ་དག་གི་གཙོ་བོ་ནི་དེའི་སྣང་བ་ལ་སོགས་པའི་སྣང་བ་དང་བྲལ་བའོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཀྱི་གསུང་འདི་ནི་འོག་ནས་འཆད་པར་འགྱུར་བའི་གསུང་བཀའ་སྩལ་ཏོ། །འཇིག་རྟེན་ཁམས་ནི་ཐམས་

ཅད་ན། །ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་ནི་འགྲོ་བ་དང་མི་འགྲོ་བའི་ངོ་བོ་ཁམས་གསུམ་མོ། །དེ་རྣམས་སྐྱེད་པར་བྱེད་པས་ན་འཇིག་རྟེན་ཁམས་ཏེ། རྣམ་པར་ཤེས་པ་གསུམ་མོ། །དེ་རྣམས་ལ་བུད་མེད་ཇི་སྙེད་པ་ནི་རང་བཞིན་རྣམས་ཡོད་པ་སྟེ།

ཕྱག་རྒྱ་ཆེ་ནི་འོད་གསལ་བའི་ཡེ་ཤེས་ཏེ། སྦྱོར་བ་ནི་སྒོམ་པ་དེ་ཉིད་ཀྱིས་རང་བཞིན་དེ་རྣམས་ཐམས་ཅད་ཉེ་བར་སྤྱོད་པ་ནི་འོད་གསལ་བ་ཉིད་ལ་ཞུགས་པར་བྱའོ། །དེའི་རྗེས་ལ་འོད་གསལ་བ་ལ་ཞུགས་པས་གཞན་གྱི་དོན་མེད་པ་དེ་འགྲུབ་པར་བྱ་བའི་ཕྱིར་སྣང་

བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས། སངས་རྒྱས་གནས་ནི་དེ་བཞིན་གཤེགས་པའི་ཚོགས་སྤྲོ་བར་བྱའོ། །དེ་རྣམས་གྲངས་མེད་ཅེས་པ་ནི་སྤྲོ་བའི་ནུས་པ་བསྟན་ཏོ། །བྱང་ཆུབ་ཀྱི་དམ་ཚིག་ནི་རྡོ་རྗེ་སེམས་དཔས་དེ་སྐད་བཀའ་སྩལ་ཏོ། །འབྲས་བུ་བསྟན་པར་

བྱ་བའི་ཕྱིར། རྡོ་རྗེ་གསུམ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡིས་ཞེས་པ་ནི་ཏིང་ངེ་འཛིན་འདི་ཉིད་ཀྱིས་བྱང་ཆུབ་ནི་སེམས་རྣམ་པར་དག་པ་སྟེ། རྡོ་རྗེ་གསུམ་པོ་འདྲ་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་དང་འདྲ་བ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའི་ཚེ་ནི་འགོ་

Vol. 29 · folio 146b

བའི་དོན་བྱ་བའི་ཕྱིར་རང་འདོད་པས་རྡོ་རྗེ་སེམས་དཔའ་བཞིན་དུ་ཚེ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དང་རྒྱལ་བ་དང་སངས་རྒྱས་རྣམས་སྤྲོ་བའི་ཕྱིར་རྣལ་འབྱོར་དེ་ནི་རྒྱ་མཚོ་དང་འདྲ་བ་ཡིན་ཏེ། སེམས་རྣམ་པར་དག་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་སྙིང་པོ་ནི་སྙིང་པོའི་ནུས་པ་སྟེ། དེ་བསྐུལ་བ་ནི་འགུགས་པ་སྟེ། དེ་གཙོ་བོར་གྱུར་པའི་གཞུང་གི་ཚོགས་ནི་ལེའུའོ། །རྒྱུད་འགྲེལ་ལས་ལེའུ་བཅུ་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །ལེའུ་བཅུ་པའི་ཚིགས་སུ་བཅད་པའི་གྲངས་ནི་ཉིས་བརྒྱ་དགུ་བཅུའོ།། །།

དེ་བཞིན་གཤེགས་པའི་སྙིང་པོ་བསྐུལ་བས་གང་ཞིག་དེ་བཞིན་གཤེགས་པའི་སྐུ་ཐོབ་པ་དེ་ཡང་རྣམ་པ་གཉིས་ཏེ། སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུའོ། །དེ་ལ་སྔགས་ཀྱི་སྐུ་ནི་བསྐྱེད་པའི་རིམ་པས་སོ། །ཡེ་ཤེས་ཀྱི་སྐུ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་སྟེ། དེའི་ཕྱིར་

ལེའུ་བཅུ་གཅིག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རིགས་ལྔའི་དཀྱིལ་འཁོར་པ་རྣམས་ཏེ། དེ་དག་རྫོགས་པར་བྱ་བའི་ཕྱིར། རྡོ་རྗེ་ནི་ཡི་གེ་

ཨོཾ་ལ་སོགས་པ་སྟེ། དེ་རྣམས་ཀྱི་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་རྫོགས་པ། སྐྱེས་བུ་མཆོག་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ། ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ཏེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་

ཏེ། འདི་ཞེས་པ་ནི་འོག་ནས་འཆད་པའི་ལེའུ་གསུངས་སོ། །ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ནི་ཡི་གེ་ཨོཾ་ལ་སོགས་པ་སྟེ། དེ་རྣམས་ཉིད་སྤྲོ་བ་ལ་སོགས་པ་བྱེད་པའི་ཕྱིར་དམ་ཚིག་སྟེ་དེ་དག་གིས་རྫོགས་པའི་རིམ་པའི་སྐྱེས་བུ་སྟེ་

རིག་མ་དང་བཅས་པའི་སྐྱེས་བུ་ནི་དེ་བཞིན་གཤེགས་པའི་ལེའུ་གང་ལ་ཡོད་པ་དེ་ནི་དེ་བཞིན་ཏེ་བསྐྱེད་པའི་རིམ་པའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡེ་ཤེས་ལྔ་སྟེ། དེ་རྣམས་དང་རོ་གཅིག་པར་གྱུར་པ་ནི་འོད་གསལ་བ་སྟེ། དེ་ཉིད་མི་ཕྱེད་པའི་

Vol. 29 · folio 147a

ཕྱིར་རྡོ་རྗེ་སྟེ། དེ་ལས་ཅིག་ཅར་དུ་སྤྲོ་བའི་སྐྱེས་བུ་མཆོག་ནི་འཇའ་ཚོན་དང་འདྲ་བའི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་སྐུའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡེ་ཤེས་གསུམ་སྟེ། དེ་རྣམས་ཡང་

དག་པར་འགྲོ་བ་ནི་ཐིམ་པ་གང་ལ་ཡོད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་འོད་གསལ་བའོ། །དེ་ལས་བྱུང་བའི་སྔགས་དང་རིག་པའི་ངོ་བོ་སྐྱེས་བུ་ནི་དེ་བཞིན་གཤེགས་པའི་སྐུའི་ལེའུ་གང་ལ་ཡོད་པ་དེ་ནི་དེ་བཞིན་ཏེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་

པའོ། །དེ་ལ་དང་པོ་མདོར་བསྟན་པ་བཤད་པར་བྱ་བའི་ཕྱིར། རྡོ་རྗེ་གསུམ་ཡིག་སྔགས་ཀྱི་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་གསུམ་ཡིག་ནི་དེ་བཞིན་གཤེགས་པ་གསུམ་གྱི་ས་བོན་རྣམས་ཏེ། དེ་ཉིད་སྔགས་ནི་སྙིང་པོ་ཉེ་བའི་སྙིང་པོ་ལ་སོགས་པའི་

མཆོག་ནི་གཙོ་བོ་ཡིན་ནོ། །གསུམ་པོ་དེ་དག་གིས་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་སྐུ། རྣམ་པར་ནི་ཁྱད་པར་ཏེ་ཆོས་འབྱུང་གི་གཞིར་གྱུར་པས་བསྒོམ་པར་བྱའོ། །ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རྡོ་རྗེ་རྣལ་འབྱོར་པས། བྱ་བ་ནི་བསྒོམ་པ་སྟེ་བྱའོ། །ཇི་ལྟ་

བུ་ཞེ་ན། བྱང་ཆུབ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལྔའི་དངོས་གྲུབ་དང་། མངོན་པར་ཤེས་པའི་དངོས་གྲུབ་སྟེ། དེ་དག་ཐོབ་པ་ནི་འགྲུབ་པར་བྱེད་པ་སྟེ་བྱང་ཆུབ་ཐམས་ཅད་ཐོབ་པར་བྱེད་པའོ། །དེ་ནི་བསྐྱེད་པའི་རིམ་པའོ། །རྡོ་རྗེ་གསུམ་ནི་རྣམ་པར་ཤེས་པ་གསུམ་

སྟེ། དེ་ཉིད་ཐ་མལ་པ་རྣམས་ཀྱིས་མི་འགྱུར་བའི་ཕྱིར་ཡི་གེ་སྟེ། དེ་རྣམས་སྔགས་ཀྱི་མཆོག་ནི་རྗེས་སུ་འཇུག་པའི་དབྱངས་ཚེག་དྲག་དག་གིས་སོ། །ཕྱག་རྒྱ་ཆེན་པོ་ནི་འོད་གསལ་བ་ལ་བསྒོམ་པ་ནི་ཞུགས་པར་བྱའོ། །དེའི་རྗེས་ལ་ཡེ་ཤེས་རྡོ་རྗེ་ནི་སྒྱུ་མའི་ངོ་བོའི་སྐུ་འཇའ་

ཚོན་འདྲ་བ། བྱ་བ་ནི་སྤྲོ་བར་བྱ་སྟེ་དང་པོའི་དོན་དུ་གསུངས་པའོ། །བྱང་ཆུབ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྟེ་ཐོབ་པར་བྱེད་པ་ནི་འགྲུབ་པར་བྱེད་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །རབ་ཏུ་བྱེད་པ་ལས་ཀྱང་། འདས་པ་

Vol. 29 · folio 147b

དེ་བཞིན་མ་འོངས་དང་། །ད་ལྟར་བྱུང་བ་སྲིད་གསུམ་ལ། །འོད་གསལ་རྣམ་པར་དག་པ་ཡིས། །སྐད་ཅིག་དེ་ཡིས་མ་ལུས་ཐོབ། །ཅེས་འབྱུང་བ་དང་། དངོས་པོ་ཐམས་ཅད་དངོས་པོ་གཅིག་རང་བཞིན། །དངོས་གཅིག་དེ་ཉིད་དངོས་པོ་ཀུན་རང་བཞིན། །དངོས་པོ་གཅིག་ནི་དེ་ཉིད་

གང་གིས་མཐོང་། །དངོས་པོ་ཐམས་ཅད་དེ་ཉིད་དེ་ཡིས་མཐོང་། །ཞེས་བྱ་བ་ལ་སོགས་པ་འབྱུང་། དོན་དགོད་པར་བྱས་ནས་ས་བོན་གྱི་ཡི་གེའི་རང་བཞིན་བསྟན་པར་བྱ་སྟེ། ཨོཾ་ནི་ཕྱག་འཚལ་བར་བྱེད་པ་སྟེ། དེ་ནི་ཡེ་ཤེས་ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་གྱི་རྣམ་པར་

སྣང་མཛད་ཀྱི་རང་བཞིན་གྱི་སྙིང་པོ་ནི་ས་བོན་ནོ། །སྐུ་ནི་ཐོབ་པར་བྱེད་པའོ་ཞེས་པ་ནི་རྟག་པའི་སྐུ་བསྐལ་པའི་བར་དུ་གནས་པ་སྐྱེད་པར་བྱེད་པའོ། །དེ་བཞིན་དུ་ཨཱཿནི་གསུང་གི་ས་བོན་ནོ། །བྱང་ཆུབ་བདག་མེད་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེའི་ངོ་བོ་གསུང་རྡོ་རྗེའི་

ངོ་བོ་འོད་དཔག་ཏུ་མེད་པའི་མི་འཇིགས་པའི་གསུང་ཐོབ་པར་བྱེད་པའོ། །དེ་བཞིན་དུ་ཧཱུཾ་ནི་སྤྲིན་སྒྲ་སྟེ། སྐུ་གསུང་ཐུགས་ཀྱི་རང་བཞིན་མི་བསྐྱོད་པའི་ས་བོན། རྡོ་རྗེ་མི་ཕྱེད་གསུམ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་པར་བྱེད་པ་སྟེ། བསྐྱེད་པའི་རིམ་པའོ། །ཨོཾ་ལ་

སོགས་པ་གསུམ་ནི་ལུས་ངག་ཡིད་མཚོན་པར་བྱེད་པའི་རང་བཞིན་རྣམས་སོ། །དེ་རྣམས་དགུག་ཅིང་འོད་གསལ་བར་འགྱུར་ཏེ། དེ་ཉིད་ལས་ཅིག་ཅར་དུ་ཁྱད་པར་གྱི་སྐུ་གསུང་ཐུགས་སྒྱུ་མའི་རང་བཞིན་སྐྱེད་པར་བྱེད་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སྐྱེད་པར་བྱེད་པ་སྔགས་ནི་ས་བོན་རྣམས་སོ། །དེ་རྣམས་སྐྱེད་པའི་སྐྱེས་བུ་ནི་མི་བསྐྱོད་པ་ལ་སོགས་པ་གང་ལ་དེ་ནི་རྡོ་རྗེ་འཆང་ཆེན་པོས་འདི་སྐད་བཀའ་སྩལ་ཏོ། །དེ་ནི་བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་སྐུ་གསུང་ཐུགས་ཉེ་བར་བསྡུ་བ་ནི་འོད་གསལ་བ་སྟེ། དེ་ལས་བྱུང་བ་སྔགས་ཀྱི་སྐྱེས་བུ་ནི་སྒྱུ་མའི་རང་བཞིན་གྱི་སྐུ་གང་གིས་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་བཀའ་སྩལ་ཏོ་ཞེས་སྔ་མ་བཞིན་ཏེ་བདག་བྱིན་གྱིས་བརླབ་པའི་རིམ་པའོ། །ནམ་མཁའ་རྡོ་རྗེ་ནི་སྟོང་པ་ཉིད་དེ་

Vol. 29 · folio 148a

དེའི་དབུས་གནས་ནི་དེའི་དབུས་ན་གནས་པའི་དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་རྡོ་རྗེ་ཀུན་སྐྱེས་པ་ནི་ཡི་གེ་གསུམ་ལས་སྐྱེས་པ་བསམ་པར་བྱའོ། །ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་བྷྲཱུཾ་ཡོངས་སུ་གྱུར་པ་ལས་གྲུ་བཞི་ལ་སོགས་པའི་ཡོན་

ཏན་དང་ལྡན་པ་རྣམ་པ་སྣ་ཚོགས་པ་རིན་པོ་ཆེས་སྤྲོས་པ་གཞལ་ཡས་ཁང་པ་གཡེར་ཁའི་དྲ་བའི་ཕྲེང་བ་ཅན་བཞི་བསམས་ཏེ། རྡོ་རྗེ་སྤྲིན་ནི་ཞི་བའི་དེ་བཞིན་གཤེགས་པའི་ཚོགས་ཏེ། དེ་དག་སྤྲོ་བས་ན་རྡོ་རྗེ་སྤྲིན་ནི་འཕྲོ་བའོ། །བདེ་བ་སྐྱེད་པར་བྱེད་པས་ན་སྐྱེས་བུ་

ནི་ཆོས་འབྱུང་གི་ཕྱག་རྒྱའོ། །རྡོ་རྗེ་སྤྲོ་བ་ཡང་ཡིན་ལ་བསྐྱེད་པ་ཡིན་ཏེ་ལས་འཛིན་པའི་བསྡུའོ། །དེ་ནས་གཞལ་ཡས་ཁང་པའི་གཞི་ནི་ཆོས་འབྱུང་བ་བསམ་པར་བྱའོ། །དེ་ལ་ཞེས་བྱ་བ་ནི་གཞལ་ཡས་ཁང་པ་དང་། ཆོས་འབྱུང་བའི་ཡེ་ཤེས་ནི་བསྐྱེད་པའི་

སྙིང་པོ་ནི་ས་བོན་ཏེ་བྷཱུའི་དོན་ནི་འདི་ཡིན། བྷཱུ་ནི་སའི་ས་བོན་ནོ། །ར་ནི་ཤེས་རབ་ཀྱི་རང་བཞིན་ཏེ་སྤྱན་ནོ། །དེ་ནས་སའི་ཁམས་ཀྱི་རང་བཞིན་གྱི་ས་བོན་ལས་གཞིའི་དཀྱིལ་འཁོར་བསམ་པར་བྱའོ་ཞེས་མན་ངག་གོ། །དཔེར་ན་བྷྲཱུཾ་མོ། །དེ་ནས་གཞལ་ཡས་

ཁང་པའི་ནང་དེ་ལ་རྡོ་རྗེའི་དཀྱིལ་འཁོར་ནི་ཉི་མིའི་དཀྱིལ་འཁོར་རོ། །དེའི་དབུས་སུ་གནས་པའི་ཡི་གེ་ཨོཾ་བསྒོམས་ལ། དེ་ཡོངས་སུ་གྱུར་པ་ལས་གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེའི་དབུས་སུ་ཡི་གེ་ཨཱ་ལས་ཆོས་ཀྱི་དཀྱིལ་འཁོར་ནི་

པདྨའི་དཀྱིལ་འཁོར་ལ་གནས་པ་ཡི་གེ་གསུམ་བསྒོམ་མོ། །ཐམས་ཅད་དུ་ཡི་གེ་བྷྲཱུཾ་ནི་གནས་པ་བསྒོམས་ཏེ་ཞེས་བྱ་བས། སྔར་བཤད་པའི་དོན་དྲན་པར་བྱེད་དེ། དེའི་ཚེ་རྡོ་རྗེ་ནི་བསྐྱེད་པའི་རིམ་པ་བསྒོམ་པར་བྱའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལྟར་

ཆོས་འབྱུང་ལ་གནས་པའི་ཁང་བཟངས་ལ། ཟླ་བ་དང་ཉི་མའི་གདན་ལ་གནས་པའི་ཡི་གེ་གསུམ་དགོད་ཅིང་། རྡོ་རྗེ་འཆང་ཆེན་པོའི་བསྐྱེད་པ་བསྟན་པར་བྱ་སྟེ། དུས་གསུམ་སངས་རྒྱས་ནི་དུས་གསུམ་རིག་པར་བྱེད་པའི་སྙིང་པོའི་ས་བོན་གསུམ་སྟེ། སྐུ་གསུང་ཐུགས་ནི་

Vol. 29 · folio 148b

མཉེས་པར་བྱེད་པ་སྟེ། ཐ་མལ་པ་དེ་རྣམས་ཡེ་ཤེས་ཀྱི་རང་བཞིན་བྱེད་པའོ། །དེ་རྣམས་ཇི་ལྟར་བསྒོམ་པར་བྱ་ཞེ་ན། ཨོཾ་ནི་དག་པའི་སྐུ་སྟེ་ཁ་དོག་དཀར་པོའོ། །ཨཱཿནི་སངས་རྒྱས་གསུང་གི་ལམ་སྟེ། འོད་དཔག་ཏུ་མེད་པ་དང་འདྲའོ། །ཧཱུྃ་ནི་ཐུགས་ཀྱི་ཡེ་ཤེས་

འཛིན་ནི་མི་བསྐྱོད་པ་དང་འདྲ་བའོ། །དེ་ལྟར་བསམས་ནས་བྱང་ཆུབ་ཚུལ་ནི་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་རྫོགས་པ་ལ། མཆོག་ནི་བྱུང་བའི་ཐབས་ཡིན་ནོ་ཞེས་སྟོན་ཏོ། །ཡི་གེ་དེ་དག་གསུམ་པོས་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་

རྡོ་རྗེ་འཆང་ཆེན་པོའི་སྐུ་རྫོགས་ཏེ། བྱང་ཆུབ་ཐམས་ཅད་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་རབ་སྒྲུབ་པ་ནི་རྫོགས་པར་མཛད་པ་སྟེ། དེ་རྣམས་ཀྱང་དེ་བཞིན་དུ་འབྱུང་བར་བསམ་པར་བྱའོ་ཞེས་སྟོན་ཏོ། །དེའི་རྗེས་ལ་ཡེ་ཤེས་རྡོ་རྗེ་ནི་དེ་བཞིན་གཤེགས་པ་

རྣམས་ཏེ། དེ་དག་ཀྱང་སྤྲུལ་པ་ནི་སྤྲོ་བར་བྱའོ་ཞེས་སྟོན་ཏོ། །སངས་རྒྱས་རྒྱུ་གང་ལ་ཡོད་པ་དེ་ནི་སངས་རྒྱས་རྒྱུ་སྟེ་བྱང་ཆུབ་སེམས་དཔའ་རྣམས་སོ། །འབྲས་བུ་ནི་བདེ་བ་ཆེན་པོ་གང་ལས་བྱུང་བ་དེ་ནི་འབྲས་བུ་བྱུང་སྟེ། གཟུགས་རྡོ་རྗེ་མ་ལ་སོགས་པའོ། །དེ་ཡང་ཉེ་

བར་མཚོན་པ་ཙམ་ཡིན་ལ་ཁྲོ་བོ་རྣམས་ཀྱང་སྔ་མ་བཞིན་དུ་བསྒོམ་པར་བྱའོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། འདི་དག་སངས་རྒྱས་སྐྱེས་བུ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་སྐྱེས་བུ་ནི་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་རྣམས་ཏེ། དེ་དག་ཐམས་ཅད་སྔགས་

ཏེ་ཡི་གེ་གསུམ་སྟེ་དེ་དང་རིག་པ་རྣམས་ནི་ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པས་བསྒྲགས་པ་ནི་འབྱུང་བ་བསྒོམ་པར་བྱའོ། །འདིར་རེ་ཞིག་རྡོ་རྗེ་འཆང་ཆེན་པོའི་བསྐྱེད་པ་ལ་ཡི་གེ་གསུམ་རིགས་པ་ཡིན་ཏེ། དཀྱིལ་འཁོར་པ་གཞན་རྣམས་རྫོགས་པ་ནི། བསྐྱེད་པའི་དུས་

སུ་རྡོ་རྗེ་གསུམ་ནི་ཡི་གེ་གསུམ་གྱིས་མི་ཕྱེད་པ་ནི། ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཚོགས་དང་སྤེལ་བར་བྱས་ལ། རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་པ་རྣམས་ཀྱི་བསྒོམ་པར་བྱའོ། །དེས་ནི་འདི་བཤད་པ་ཡིན་ཏེ། དེ་རྣམས་བསྒོམ་

Vol. 29 · folio 149a

པའི་དུས་སུ་ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པ་གཅིག་པུའམ། ཡི་གེ་ཨོཾ་ལ་སོགས་པས་མི་བསྒོམ་མོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སྐུ་རྡོ་རྗེ་ལ་

སོགས་པ་སྟེ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ནི་ས་བོན་གསུམ་སྟེ། དེ་དག་གི་རྫོགས་པ་གང་ཞིག་ཡེ་ཤེས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ཉིད་བྱིན་གྱིས་བརླབ་པ་ནི་སྤྲོ་བར་བྱ་བའི་ཕྱིར། དཀྱིལ་འཁོར་པ་རྣམས་ཀྱི་རྒྱུ་ཏིང་ངེ་འཛིན་གང་ལ་ཡོད་པ་

དེ་ནི་དེ་བཞིན་དུ་བཤད་པའོ། །དེ་ནི་བསྐྱེད་པའི་རིམ་པའོ། །ཡུལ་དང་དུས་ཀྱི་རྣམ་པར་དབྱེ་བ་བཤད་པར་བྱ་སྟེ། དབེན་པ་ནི་སྐྱེ་བོ་མེད་པ་སྟེ། དགོན་པ་ཆེན་པོ་ལ་སོགས་པའི་ས་ཕྱོགས་སུའོ། །ཉམས་དགའ་བ་ནི་མཆོག་གི་ཤིང་གིས་རྣམ་པར་མཛེས་པའི་ནགས་ཚལ་

གྱི་ཕྱོགས་སོ། །གནས་དེ་རྣམས་ལ་ཉམས་དགའ་བའི་ཕྱིར་རྣལ་འབྱོར་འདི་ནི་སྔར་བཤད་པའི་རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་རྣལ་འབྱོར་པས་བརྩམས་ན་ཞེས་པ་ནི་བྱ་བ་ཡིན་ན། དེ་ལ་སྐུ་གསུང་ཐུགས་ནི་འཇིག་རྟེན་ལས་འདས་པའི་སྐུ་གསུང་ཐུགས་འགྲུབ་པར་

འགྱུར་རོ། །ཟླ་བ་ཕྱེད་ཀྱིས་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ལ། ཡུན་རིང་མ་ཡིན་པས་འགྲུབ་པར་འགྱུར་ཏེ། འདིར་ནི་ཐེ་ཚོམ་མེད་དོ་ཞེས་སྟོན་ཏོ། །རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་བསྟན་ནས། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱི་

ཏིང་ངེ་འཛིན་བཤད་པར་བྱ་བའི་ཕྱིར། གསལ་བའི་དཀྱིལ་འཁོར་དམ་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་རྡོ་རྗེ་ནི་ནམ་མཁའི་དབྱིངས་དང་འདྲ་བའི་སྟོང་པ་ཉིད་དེ། དེའི་དབུས་སུ་ཡི་གེ་གསུམ་ལས་བྱུང་བའི་གསང་བའི་དཀྱིལ་འཁོར་ནི། ཕྱི་རོལ་

དུ་སྤྲོ་བའི་བདག་ཉིད་ཡིན་པའི་ཕྱིར་དམ་པ་སྟེ། དེ་ཉིད་བསྒོམས་ལ་རང་གི་སྔགས་ནི་རྣམ་པར་སྣང་མཛད་དེ། དེའི་དམ་ཚིག་ནི་ཡི་གེ་ཨོཾ་སྟེ། དེའི་སྙིང་ག་ནི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་དགོད་པར་བྱའོ། །འོད་ཟེར་ལྔ་ཡི་སྤྲིན་ཆེན་པོ། །ཞེས་པ་ནི་འོད་ཟེར་གྱི་

Vol. 29 · folio 149b

ཚོགས་སྤྲོ་བར་མཛད་དེ་དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་རྣམ་པར་སྣང་མཛད་བསྒོམ་པར་བྱའོ། །མཆོག་དེ་ཉིད་ཀྱི་དཀྱིལ་འཁོར་པ་རྣམས་ཀྱང་བསམ་མོ། །དེ་ལྟར་བྱས་ནས་སངས་རྒྱས་དང་འདྲ་བའི་སྐུ་རྡོ་རྗེ་རྣམ་སྣང་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་གྱི་རྣལ་

འབྱོར་པ་རྣམས་ཀྱིས་རྒྱ་མཚོ་དང་འདྲ་བ་ཐོབ་པར་འགྱུར་རོ། །ཟླ་བ་ཕྱེད་ཀྱིས་ཞེས་པ་ནི་དེ་ལ་མངོན་པར་ཞེན་པའི་བྱ་བས་སངས་རྒྱས་སྐུ་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་འདྲ་བའི་མདོག་རྣལ་འབྱོར་པ་དེས་ཐོབ་པར་འགྱུར་རོ། །རྣལ་འབྱོར་པ་དེ་ཉིད་ཀྱིས་ཀྱང་ཡེ་ཤེས་ལྔ་ལྡན་ནི་

ཡུལ་ལྔ་སྟེ་དེ་རྣམས་བསྟེན་ན་ཡང་། རྡོ་རྗེ་བསྐལ་པ་གསུམ་ནི་བསྐལ་པ་གསུམ་དུ་གནས་པར་འགྱུར་རོ། །སྐུ་རྡོ་རྗེ་ནི་གསང་བ་སྟེ་རྣམ་པར་སྣང་མཛད་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏེ། སྔ་མ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་

བཞིན་གང་ཞིག་སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དེ། དེ་ཉིད་ཀྱི་འོད་ཟེར་བཀོད་པ་ནི་དཀྱིལ་འཁོར་པའི་འཁོར་ལོའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པའི་རིམ་པའོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་ནམ་མཁའ་ནི་

ཆོས་འབྱུང་ལ་གནས་པའི་གཞལ་ཡས་ཁང་པ་ན་ཆོས་ཀྱི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་གཞིར་གྱུར་པའི་པདྨ་བསམས་ཏེ། དེའི་སྟེང་དུ་རང་གི་སྔགས་ཀྱི་སྐྱེས་བུ་ནི་ངག་གི་དབང་ཕྱུག་སྣང་བ་མཐའ་ཡས་བསྐྱེད་པའི་ཕྱིར། ངག་གི་ལམ་ནི་སྣང་བ་མཐའ་ཡས་དེ་ཉིད་དང་མདོག་

མཚུངས་པའི་ཕྱིར་ཡི་གེ་ཨཱཿདམར་པོ་བཀོད་ལ་དེ་ཡོངས་སུ་གྱུར་པ་ལས་སྐྱེས་པ། ཁ་དོག་ལྔ་ནི་དེ་བཞིན་གཤེགས་པ་ལྔས་བསྐོར་བ། རྡོ་རྗེ་ཆེ་ནི་གོས་དཀར་མོས་འཁྱུད་པ། འཇིག་རྟེན་དབང་ཕྱུག་ནི་ཡན་ལག་བཅུ་གཉིས་པའི་ཆོས་ཀྱི་གསུང་རབ་བསྟན་པ་གཙོ་བོར་གྱུར་པ་

སྣང་བ་མཐའ་ཡས་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། མཆོག་ནི་དཀྱིལ་འཁོར་པ་རྣམས་ཀྱིས་བསྐོར་པ་དང་། དམ་ཚིག་ཡེ་ཤེས་ནི་དམ་ཚིག་སེམས་དཔའ་དང་། ཡེ་ཤེས་སེམས་དཔའི་རང་བཞིན་དང་། ཚིག་གི་དམ་ཚིག་ནི་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཨཱཿདང་ལྡན་

Vol. 29 · folio 150a

པར་བྱས་ལ། ལྔ་ནི་དེ་བཞིན་གཤེགས་པ་ལྔ་དང་དབྱེར་མེད་པའི་སྐུ་བསྒོམ་པར་བྱའོ། །ཆོས་ཀྱི་ཚིག་གི་ལམ་ནི་སྣང་བ་མཐའ་ཡས་ཀྱི་ངོ་བོ་དེ་ཉིད་ལ་གནས་པའི་རྣལ་འབྱོར་པ་རྡོ་རྗེ་ཆོས་ནི་སྣང་བ་མཐའ་ཡས་དང་མཚུངས་པ་ནི་འདྲ་བར་འགྱུར་རོ། །

ཡེ་ཤེས་ལྔ་ལྡན་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་གསུམ་ནི་གསུང་རྡོ་རྗེའི་རང་བཞིན་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་བྱ་བ་དང་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གང་ཞིག་གསུང་རྡོ་རྗེ་ནི་ཡི་གེ་ཨཱཿསྟེ། དེ་ལས་

འབྱུང་བ་སྣང་བ་མཐའ་ཡས་ཀྱི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པའི་རིམ་པའོ། །རྡོ་རྗེ་དཀྱིལ་འཁོར་དམ་པ་ནི། །ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་ནམ་མཁའི་དབྱིངས་ཀྱི་དབུས་སུ་རྡོ་རྗེ་དཀྱིལ་འཁོར་ནི་ཡི་གེ་གསུམ་

ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསྒོམས་ལ། དེའི་སྟེང་དུ་པདྨ་དང་རྡོ་རྗེ་བསམས་ཏེ། དེ་ལ་ཡང་ཡི་གེ་ཧཱུྃ་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། རང་སྔགས་སྐྱེས་བུ་ནི་མི་བསྐྱོད་པ་དང་མདོག་མཚུངས་པའོ། །ཐུགས་ཀྱི་ས་བོན་ཡིན་པའི་ཕྱིར་སེམས་ལ་གནས་

པའོ། །དམ་ཚིག་ཆེན་པོ་ནི་ལྷ་མོ་བཞི་སྟེ། དེ་རྣམས་ཀྱི་དེ་ཉིད་ནི་སྐྱེད་པའི་རྒྱུའོ། །ཁ་དོག་རྣམ་ལྔ་ནི་དེ་བཞིན་གཤེགས་པ་རྣམས་ཀྱང་སྐྱེད་པའོ། །དེ་ལྟ་བུའི་ཡེ་ཤེས་རྡོ་རྗེ་ནི་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་སྐྱེས་པ་མི་བསྐྱོད་པ་བསྒོམ་པར་བྱའོ། །ཇི་ལྟ་བུ་

ཞེ་ན། རྡོ་རྗེ་ཀུན་ནི་དེ་བཞིན་གཤེགས་པ་རྣམས་དང་། རྒྱལ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་སོ། །དེ་ལྟར་བསྒོམ་ཞིང་རྣལ་འབྱོར་པའི་རྡོ་རྗེ་ཐུགས་ནི་ཐུགས་རྡོ་རྗེ་དང་འདྲ་བར་འགྱུར་རོ། །འགྲོ་བ་གདུལ་བར་བྱ་བའི་ཕྱིར་སྟོན་པའོ། །ཡེ་ཤེས་ནི་ལྔ་སྟེ་དེ་རྣམས་

ཀྱི་རྒྱ་མཚོ་དང་འདྲ་བས་རྒྱ་མཚོའོ། །ཡེ་ཤེས་ལྔ་ལྡན་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཐུགས་རྡོ་རྗེ་གསང་བ་ནི་དེའི་ངོ་བོ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་པ་དང་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ལྔ་པོའི་སྐུ་གསུང་ཐུགས་གཅིག་ཏུ་

Vol. 29 · folio 150b

བྱས་པའི་ངོ་བོ་མི་བསྐྱོད་པ་སྟེ། དེ་ཉིད་ཀྱི་དམ་ཚིག་ནི་ཡི་གེ་ཧཱུྃ་སྟེ་དེ་ལས་བྱུང་བ་རྡོ་རྗེ་ནི་དཀྱིལ་འཁོར་པ་རྣམས་ཀྱི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་དེ། བསྐྱེད་པའི་རིམ་པའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཆེན་པོ་ནི་སྟོང་

པ་ཉིད་དེ་དེ་ལ་དམིགས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ། ཟླ་བའི་དཀྱིལ་འཁོར་གཉིས་སོ། །དེ་དག་གི་པདྨའི་སྟེང་དུ་རིན་ཆེན་དང་རལ་གྲི་བསམས་ལ། དེ་དག་གི་སྟེང་དུ་ཡང་ཡི་གེ་ཁཾ་དང་ཏྲཾ་བསྒོམས་ལ་དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་

རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་བསམས་ན། རྡོ་རྗེ་མཁའ་ནི་རིན་ཆེན་འབྱུང་ལྡན་དང་། ཡེ་ཤེས་ནི་དོན་ཡོད་གྲུབ་པ་སྟེ་དེ་དག་དང་འདྲ་བར་འགྱུར་རོ། །ཁཾ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་པས་ཏྲཾ་ཡང་བསྒོམ་པར་བྱའོ། །དེ་ལྟར་བྱས་ན་སངས་རྒྱས་ནི་དེ་བཞིན་

གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་དང་རང་གི་སྒྲས་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ནི་དཀྱིལ་འཁོར་གྱི་དབང་ཕྱུག་ཉིད་དུ་བསྙེན་བཀུར་བྱེད་པའི་དེ་བཞིན་གཤེགས་པ་དེ་དག་ཡང་དང་ཡང་དུ་བསམ་པར་བྱའོ། །བསྐལ་པ་གསུམ་

དུ་ཤེས་པར་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ནམ་མཁའ་རྡོ་རྗེ་དང་དམ་ཚིག་ནི་ནམ་མཁའ་རྡོ་རྗེ་དམ་ཚིག་སྟེ། རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པའོ། །དེ་དག་གི་རང་བཞིན་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་སྔ་མ་དང་སྦྱར་རོ། །སྐུ་གསུང་ཐུགས་རྡོ་རྗེ་ནི་

ཐ་མལ་པའི་ལུས་ལ་སོགས་པ་མི་སྣང་བ་ནི་འཇིག་རྟེན་ལས་འདས་པའི་དེ་བཞིན་གཤེགས་པ་ཉིད་དུ་མཛད་པ་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་སྟེ། དེ་དག་ལས་འབྱུང་བ་བཀོད་པ་ནི་དཀྱིལ་འཁོར་པའི་ཚོགས་ཏེ། དེ་ཉིད་ཀྱི་ཕྲེང་བ་ནི་བསྐོར་བ་ཏིང་ངེ་འཛིན་གང་ལ་ཡོད་

པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པའི་རིམ་པའོ། །དེ་ལྟར་གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་། ཉོན་མོངས་པ་ལྔ་རྣམ་པར་དག་པ་བསྟན་ནས། སྐྱེ་མཆེད་ཀྱི་རྣམ་པར་དག་པ་བཤད་པར་བྱ་སྟེ། རྡོ་རྗེ་དཀྱིལ་འཁོར་དབུས་སུ་ནི། །ཞེས་བྱ་བ་ལ་སོགས་པ་

Vol. 29 · folio 151a

ལ། རྡོ་རྗེའི་དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་ཏེ། དེའི་དབུས་སུ་རང་སྔགས་སྐྱེས་བུ་ནི་འཇམ་དཔལ་དང་མདོག་འདྲ་བ་སྟེ། གུར་གུམ་དང་མཚུངས་པའི་ཡི་གེ་མཾ་བཀོད་ལ་དེ་ཡོངས་སུ་གྱུར་པ་ལས་སྐྱེས་པ་སྣང་བ་འབར་བའི་རྣམ་པ་རལ་གྲི་

བསམས་ཏེ། སྙིང་གའི་རལ་གྲི་དེའི་ནང་ན་རྡོ་རྗེ་རིགས་ཀྱི་ས་བོན་འོད་ཟེར་གྱི་ཚོགས་དང་ལྡན་པའི་ཡི་གེ་ཧཾ་བསྒོམས་ལ། དེ་ཡོངས་སུ་གྱུར་པ་ལས་འབྱུང་བ་འཇམ་དཔལ་གྱི་ལོངས་སྤྱོད་ནི་ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནི་སྐུ་ལ་སོགས་པ་ལ་བྱིན་

གྱིས་བརླབ་པ་བྱས་ལ། སྙིང་ག་ནི་ཡིད་ཀྱི་དབང་པོའི་གནས་སུ་བསྒོམས་ལ་རྣལ་འབྱོར་པ་དེ་ནི་དེའི་ཏིང་ངེ་འཛིན་གྱི་མཐུས་བྱང་ཆུབ་སེམས་དཔའ་ནི་འཇམ་དཔལ་དང་འདྲ་བར་འགྱུར་རོ། །ས་བཅུ་དག་ལ་གནས་པའི་ཞེས་པ་ནི་རྣལ་འབྱོར་པ་དེ་ཉིད་ཀྱི་ཕན་ཡོན་བསྟན་པའོ། །

བྱང་ཆུབ་སེམས་དཔའ་ནི་འཇམ་དཔལ་ཏེ། དེ་ཉིད་ཀྱི་ཡེ་ཤེས་ཀྱི་དམ་ཚིག་ནི་ཡི་གེ་མཾ་དང་ཧི་སྟེ། དེ་དག་ལས་བྱུང་བའི་ཟླ་བ་ལྟར་དམར་སྐྱའི་རྡོ་རྗེ་ནི་འཇམ་པའི་རྡོ་རྗེ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་མིག་གི་དབང་པོ་རྣམ་པར་དག་པ་བཤད་པར་བྱ་སྟེ། འོད་ཟེར་འབར་

བའི་ཡི་གེ་ཐླིཾ་ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའི་དབྱིངས་ནི་མིག་གི་དབང་པོའི་སྟོང་པའི་ཆའོ། །དེའི་དབུས་སུ་ཡི་གེ་ཐླིཾ་ཞེས་ཡི་གེ་ལ་དང་ཐ་ནི་སའི་སྙིང་པོའི་ས་བོན་ཡིན་པའི་ཕྱིར་དགོད་པར་བྱའོ། །འོད་ཟེར་འབར་བ་ནི་འོད་ཟེར་དང་ལྡན་པའོ། །ཡི་གེ་དེ་ཉིད་ཀྱིས་མཚན་མཆོག་

ནི་འཁོར་ལོ་སྟེ། དེ་ཉིད་ཕྱག་མཚན་དང་ལྡན་པ་དང་། རྡོ་རྗེའི་ལུས་ནི་རྣམ་པར་སྣང་མཛད་དང་འདྲ་བའི་སའི་སྙིང་པོ་བསྒོམ་པར་བྱའོ། །ཐླིཾ་ཞེས་པ་ནི་དཔེ་ཡིན་ཏེ། དེའི་སྙིང་གར་ཡང་དེ་ཉིད་བསྒོམ་པར་བྱའོ། །ནམ་མཁའི་རྡོ་རྗེ་ནི་ནམ་མཁའི་དབྱིངས་ལ་གནས་པའི་ཡུལ་

དང་དུས་དང་། རང་བཞིན་གྱིས་བསྐལ་པའི་གཟུགས་རྣམ་པ་གསུམ་པ་སྟེ། དེ་ཉིད་ཀྱི་དམ་ཚིག་ནི་མདུན་ན་གནས་པའི་གཟུགས་བཞིན་དུ་མཐོང་བ་སྟེ། དེའི་དགོད་པ་ནི་བསྒོམ་པ་སྟེ་དེ་ཉིད་ཀྱི་གནས་ནི་འབྱུང་པོའི་གནས་ཏེ། སའི་སྙིང་པོའི་ཏིང་ངེ་འཛིན་གང་ལ་

Vol. 29 · folio 151b

ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པའི་རིམ་པའོ། །འབྲས་བུ་བསྟན་པར་བྱ་སྟེ། སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མངོན་པར་ཤེས་པ་ནི་ལྷའི་མིག་ལ་སོགས་པའི་ངོ་བོ་སྟེ། དེ་རྣམས་ཀྱི་དམ་ཚིག་མཆོག་ནི་བྱང་ཆུབ་སེམས་དཔའ་ལྔའི་སྐུ་བསྒོམ་

པའོ། །བསྒོམ་པ་དེ་ཉིད་ཀྱིས་མངོན་པར་ཤེས་པ་ལྔ་ལྡན་ནི་དེ་བཞིན་གཤེགས་པ་རྣམས་དང་འདྲ་བར་འགྱུར་རོ། །འདི་ཞེས་པ་ནི་བཤད་ཟིན་པ་དང་འོག་ནས་འཆད་པར་འགྱུར་བའི་དངོས་གྲུབ་ཐམས་ཅད་ནི་ཟག་པ་ཟད་པའི་དངོས་གྲུབ་དང་། ཕྲ་བ་ལ་སོགས་པའི་སངས་རྒྱས་མངོན་

ཤེས་དྲུག་པོ་དག་སྟེ། འབྱོར་པ་དེས་འགྲུབ་པར་འགྱུར་ཏེ། བར་གྱི་ཚིགས་སུ་བཅད་པའོ། །རྣ་བའི་དབང་པོའི་རྣམ་པར་དག་པ་བཤད་པར་བྱ་སྟེ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ནི་རྣ་བའི་ཁོང་སྟོང་ངོ་། །དེའི་

དབུས་སུ་གནས་པའི་སངས་རྒྱས་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་དང་མདོག་འདྲ་བའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྣམ་པར་དག་པས་ཡི་གེ་ཨོཾ་བསྒོམ་པར་བྱའོ། །ཨོཾ་ཞེས་པ་ནི་དཔེ་ཡིན་ནོ། །

དེའི་རྗེས་ལ་རྡོ་རྗེ་དམ་ཚིག་གསུམ་ནི་རྡོ་རྗེ་ཕྱག་རྒྱ་སྟེ། དེ་ཉིད་ཡི་གེ་ཨོཾ་ལས་འབྱུང་བ་བསྒོམས་ན། མི་བསྐྱོད་རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ཆེན་པོའི་སྟེ། དེ་དང་འདྲ་བར་འགྱུར་རོ། །མི་བསྐྱོད་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་སྟོན་ཏོ། །མི་བསྐྱོད་

དམ་ཚིག་ནི་བསྐྱེད་པ་གང་ལ་ཡོད་པ་དེ་ནི་མི་བསྐྱོད་དམ་ཚིག་སྟེ་ཕྱག་ན་རྡོ་རྗེའོ། །དེ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ནི་འཛིན་པ་རྣ་བའི་དབང་པོའི་ནང་དུ་ཆུད་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་འཇིག་རྟེན་ཁམས་རྣམས་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་རྣམས་ལ་མི་བསྐྱོད་རྡོ་རྗེ་ནི་དེ་

དང་འདྲ་བར་མཆོད་པར་འགྱུར་རོ། །མི་བསྐྱོད་པའི་དམ་ཚིག་ནི་ཡུལ་ལ་སོགས་པས་བསྐལ་པའི་སྒྲའི་ཚོགས་སོ། །དེ་ཉིད་ཀྱིས་མངོན་པར་བྱང་ཆུབ་པ་ནི་མདུན་གྱི་སྒྲ་ཐོས་པ་བཞིན་ནོ། །དེ་ཉིད་ཀྱི་རྡོ་རྗེ་ནི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །སྣའི་དབང་པོ་རྣམ་པར་དག་

Vol. 29 · folio 152a

པ་བཤད་པར་བྱ་སྟེ། ནམ་མཁའི་དབྱིངས་ཀྱི་དབུས་སུ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ན་སྣའི་དབང་པོའི་ཁོང་སྟོང་ངོ་། །དེའི་དབུས་སུ་གནས་པའི་སངས་རྒྱས་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་ཏེ་འབར་བའི་ཕྱིར་འོད་བཟངས་

བསམས་ཏེ། ནམ་མཁའ་རྡོ་རྗེ་ནི་དེ་ཉིད་ཀྱི་མདོག་དང་འདྲ་བའི་རིན་ཆེན་ཨོཾ་ནི་རིན་ཆེན་གྱི་རིགས་ཀྱི་སྙིང་པོ་དགོད་པར་བྱའོ། །ཨོཾ་ཞེས་པ་ནི་དཔེ་ཡིན་ནོ། །དེ་ཉིད་ཡོངས་སུ་གྱུར་པ་ལས་སྐྱེས་པ་རྡོ་རྗེ་དམ་ཚིག་གསུམ་ནི་ནམ་མཁའི་སྙིང་པོ་སྟེ་དེ་བསྒོམས་ན། རྡོ་རྗེ་

གསུམ་གྱི་དཔལ་ནི་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་དང་འདྲ་བར་འགྱུར་རོ། །རྡོ་རྗེ་དཀོན་མཆོག་དཔལ་ནི་སྔ་མ་བཞིན་དུ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་པར་སྦྱར་རོ། །འབྲས་བུ་བསྟན་པར་བྱ་སྟེ། ལུས་ངག་ཡིད་ནི་རྣལ་འབྱོར་པས་ལུས་ལས་

སོགས་པ་སྟེ། དེ་རྣམས་དཀོན་མཆོག་དཔལ་གྱི་ནི་དེའི་ངོ་བོ་རིན་ཆེན་འབྱུང་ལྡན་དང་འདྲ་བར་འགྱུར་རོ། །དེ་བཞིན་དུ་བདག་མེད་བྱང་ཆུབ་ནི་ནམ་མཁའི་དབྱིངས་ཏེ། སྣའི་ཁོང་སྟོང་ངོ་། །དེ་ཉིད་ཀྱི་ཡེ་ཤེས་ནི་ཡུལ་ལ་སོགས་པས་བསྐལ་པའི་དྲི་སྣོམ་པ་སྟེ། དེ་ཉིད་

གསང་བ་གང་ལ་ཡོད་པ་དེ་ནི་དེ་བཞིན་ཏེ། འདྲ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་གནས་སུ་འགྱུར་རོ། །རིན་པོ་ཆེའི་དམ་ཚིག་ནི་རིན་ཆེན་འབྱུང་ལྡན་ཏེ། དེ་ཉིད་ལོངས་སྤྱོད་རྡོ་རྗེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྐྱེད་པར་མཛད་པའི་རྡོ་རྗེ་ནི་སྐྱེད་པའི་རྒྱུ་གང་ལ་ཡོད་པ་དེ་ནི་དེ་བཞིན་

གཤེགས་པའོ། །ལྕེའི་དབང་པོ་རྣམ་པར་དག་པ་བཤད་པར་བྱ་སྟེ། ནམ་མཁའི་དབྱིངས་ཀྱི་དབུས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ནི་ལྕེའི་བར་རོ། །དེའི་དབུས་སུ་གནས་པ་སངས་རྒྱས་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེའི་

སྟེང་དུ་འཇིག་རྟེན་དབང་ཕྱུག་ནི་ཆ་གསུམ་དང་ལྡན་པའི་ཡི་གེ་ཨོཾ་ལས་འབྱུང་བའི་སྤྱན་རས་གཟིགས་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་དམ་ཚིག་གསུམ་ནི་སེམས་དཔའ་གསུམ་དང་ལྡན་པའོ། །རྡོ་རྗེ་གསུམ་དཔག་མེད་ནི་པདྨ་འཛིན་པའི་ངོ་བོ་རྡོ་རྗེ་འཆང་ཆེན་

Vol. 29 · folio 152b

པོའི་ངོ་བོ་འདྲ་བར་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་འོད་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འབྲས་བུ་བསྟན་པར་བྱ་སྟེ། ལུས་ངག་སེམས་ནི་བདག་ཉིད་ཀྱི་ལུས་ལ་སོགས་པ་སྟེ། དེ་དག་གི་འོད་དཔག་མེད་ནི་དེའི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་

རོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་རྣམ་པར་དག་པར་ཐེག་པ་ཆེན་པོ་ནི་ཡན་ལག་བཅུ་གཉིས་པའི་ཆོས་ཀྱི་གསུང་རབ་ལམ་ནི་སྨྲ་བའི་ལམ་གང་ལས་འབྱུང་བ་དེ་ནི་དེ་བཞིན་ནོ་ཞེས་སྟོན་ཏོ། །ཡོན་ཏན་དཔག་ཏུ་མེད་པ་ནི་ཡུལ་ལ་སོགས་པས་བསྐལ་པའི་

རོ་དྲུག་སྟེ། དེ་རྣམས་རྡོ་རྗེ་ནི་ལྕེའི་རྩེ་མོར་འོད་ཀྱི་དཔལ་ནི་མདུན་དུ་གནས་པའི་རོ་མྱང་བ་བཞིན་དུ་དམིགས་པ་ཏིང་ངེ་འཛིན་གང་ལ་ཡོད་པ་ནི་དེ་བཞིན་དུ་བཤད་པའོ། །ལུས་རྣམ་པར་དག་པ་བཤད་པར་བྱ་སྟེ། ནམ་མཁའི་དབྱིངས་ཀྱི་དབུས་སུ་ཞེས་བྱ་བ་ལ་སོགས་པ་

ལ། ནམ་མཁའི་དབྱིངས་ནི་ཟླ་བ་ཕྱེད་པ་དང་འདྲ་བའི་གསང་བའི་རྡོ་རྗེའི་ནམ་མཁའོ། །དེའི་དབུས་སུ་གནས་པ་སངས་རྒྱས་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་རྡོ་རྗེ་ཨུཏྤལ་ནི་ནམ་མཁའ་ལྟར་ལྗང་གུ་དམ་ཚིག་ཨོཾ་ནི་དོན་ཡོད་གྲུབ་པའི་

རིགས་ཀྱི་ས་བོན་བཀོད་ལ་དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་རྡོ་རྗེ་དམ་ཚིག་གསུམ་ནི་སྒྲིབ་པ་རྣམ་པར་སེལ་བ་བསམས་ན། རྡོ་རྗེ་གདོན་མི་ཟ་བའི་དོན་ཡོད་གྲུབ་པའི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་གདོན་མི་ཟ་བ་ཞེས་བྱ་བ་

ལ་སོགས་པ་ནི་སྔ་མ་བཞིན་ནོ། །འབྲས་བུ་བསྟན་པར་བྱ་སྟེ། ལུས་ངག་སེམས་རྡོ་རྗེ་ནི་རེག་པ་གསུམ་མོ། །དེ་ཉིད་ཡུལ་ལ་སོགས་པས་བསྐལ་པས་དེ་ཉིད་འཛིན་པ་ལ་རྡོ་རྗེ་ཐོགས་མེད་ནི་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ། །དེ་བཞིན་དུ་ཡེ་ཤེས་ནི་

བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཏེ། དེ་ཉིད་རྒྱ་མཚོ་དང་འདྲ་བར་འགྱུར་རོ། །དེ་བཞིན་དུ་དཔལ་ནི་འདོད་པ་ཐམས་ཅད་ལོངས་སྤྱོད་པའི་ཕུན་སུམ་ཚོགས་པ་སྟེ། དེ་ཉིད་དང་ལྡན་པས་ན་དཔལ་དང་ལྡན་ནོ། །དེ་བཞིན་དུ་སེམས་ཅན་ཀུན་དོན་ནི་སྨིན་པ་དང་གྲོལ་བ་ལ་

Vol. 29 · folio 153a

སོགས་པ་རྣལ་འབྱོར་པ་གང་ལས་བྱུང་བ་དེ་ནི་དེ་བཞིན་ནོ། །གདོན་མི་ཟ་བའི་དམ་ཚིག་ནི་ཡུལ་ལ་སོགས་པས་བསྐལ་པའི་རེག་པ་སྟེ། དེ་ཉིད་འབྱུང་བ་ནི་མདུན་དུ་གནས་པའི་རེག་པ་བཞིན་འཛིན་པ་སྟེ། དེ་ཉིད་ཀྱི་ཕྱིར་འོད་ཟེར་འབྱུང་བ་ནི་རྣམ་པར་སེལ་

བའི་སྐུ་འཛིན་པ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པའི་རིམ་པའོ། །དེ་ལྟར་སྐྱེ་མཆེད་དྲུག་གི་རྣམ་པར་དག་པ་བསྟན་ནས། ད་ནི་ཡེ་ཤེས་ཀྱི་སྐུ་རྫོགས་པར་བྱ་བའི་ཕྱིར་བསྒོམ་པ་བཤད་པར་བྱ་སྟེ། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །ཞེས་

བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ནི་སྣང་བ་ལ་སོགས་པའི་རིམ་པས་རྣམ་པར་དག་པའི་འོད་གསལ་བའོ། །དེའི་དབུས་སུ་གནས་པ་ནི་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་གྱིས་ཐོབ་པར་སངས་རྒྱས་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྒོམ་

པར་བྱ་སྟེ། ཅིག་ཅར་དུ་བསྒོམ་པར་བྱའོ། །རྡོ་རྗེ་སྣང་མཛད་ནི་མོས་པའི་དབང་གིས་རྟག་པའི་གཟུགས་བསྒོམས་ཏེ། སྐུ་གསུམ་ནི་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུའི་རང་བཞིན་ཡི་གེ་ཨོཾ་ནི་ཚངས་པའི་རང་བཞིན་དེའི་ངོ་བོ་སྐུ་བསམ་པར་བྱའོ། །རྡོ་རྗེ་དམ་ཚིག་

གསུམ་ནི་ཁམས་གསུམ་པ་སྒྱུ་མར་བལྟ་བའི་རྣམ་པ་དེ་སྤྲོ་བས་རྣམ་པར་སྣང་མཛད་ནི་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པ་བརྟག་པ་བཞིན་དུ་འགྱུར་རོ། །འབྲས་བུ་བསྟན་པར་བྱ་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུའོ། །རྣམ་པར་སྣང་མཛད་

འོད་དང་འདྲ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དུ་རྡོ་རྗེ་འཆང་དང་འདྲ་བར་འགྱུར་རོ། །དེ་བཞིན་དུ་ཡེ་ཤེས་ནི་སྒྱུ་མའི་དཔེ་བཅུ་གཉིས་ཏེ། དེ་རྣམས་ཀྱི་རྫོགས་པའི་བྱང་ཆུབ་ནི་ཡང་དག་པར་བལྟ་བའོ། །སྐུ་ནི་ཁམས་གསུམ་མམ་སྐུ་གསུང་ཐུགས་སོ། །དེ་རྣམས་མི་

ཕྱེད་པ་ནི་བདག་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྒྲུབ་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །སྐུ་གསུང་ཐུགས་ཉེ་བར་བསྡུས་པའི་འོད་གསལ་བ་ལས་དམིགས་པ་ནི་སྒྱུ་མའི་སྐུ་འཛིན་པ་གང་ཡིན་པ་དང་། མངོན་པར་བྱང་ཆུབ་པ་ནི་སྒྱུ་མའི་དཔེ་མཐོང་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་

Vol. 29 · folio 153b

བྱའོ། །གཉི་གའི་རྣལ་འབྱོར་པ་རྣམས་ཀྱི་གནས་ཀྱི་ཕུན་སུམ་ཚོགས་པ་བསྟན་པར་བྱ་བའི་ཕྱིར། རྣམ་པར་དབེན་པའི་རི་བོ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣ་ཚོགས་པ་དང་སྐྱེ་བོ་མེད་པའི་ཤིང་དྲུང་དང་མེ་ཏོག་ལ་སོགས་པ་དང་ལྡན་པའི་རི་བོ་རྣམས་དང་། ཀླུང་ནི་

ཆུ་བོ་ཆེན་པོ་དང་ཆུ་མདོ་དང་འབབ་ཆུ་ནི་གང་ལས་དང་པོ་ཆུ་བྱུང་བ་སྟེ། གནས་དེ་རྣམས་དང་དེ་བཞིན་དུ་དུར་ཁྲོད་ལ་སོགས་པ་ནི། དུར་ཁྲོད་དང་། རྟགས་གཅིག་དང་། ཁང་སྟོང་དང་། བཞི་མདོ་དང་། སུམ་མདོ་ལ་སོགས་པ་ལ་འདི་སྔར་བཤད་ཟིན་པ་དང་། འོག་ནས་འཆད་

པར་འགྱུར་བའི་བསམ་གཏན་ནི་བསྐྱེད་པའི་རིམ་པའི་བསྒོམ་པ་དང་། མདོར་བསྡུས་པ་དང་། ཡེ་ཤེས་ཀྱི་སྐུ་བསྒོམ་པར་བྱའོ། །གང་གི་ཕྱིར་རི་བོ་ལ་སོགས་པའི་སྐྱེ་བོ་མེད་པའི་ཕྱིར་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་སེམས་རྩེ་གཅིག་པར་གྱུར་པ་ཉིད་དུ་བྱེད་དོ། །

དེ་རྣམས་ཀྱང་དངོས་གྲུབ་ཀྱི་གནས་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་རི་བོ་ལ་སོགས་པའི་བཤད་པའི་རྒྱུད་ལ་འཇུག་པར་བྱ་སྟེ། རྟགས་ནི། ཤིང་གཅིག་དང་ནི་དུར་ཁྲོད་དམ། །ཆུ་མདོའམ་ནི་བཞི་མདོ་དག །རི་

མཆོག་མ་ནི་སུམ་མདོའམ། །ཤིང་དྲུང་རྩ་བ་ཕ་བོང་རྩར། །རྒྱ་མཚོ་ཆེན་པོ་དགྱེས་འགྲམ་ན། །རྣལ་འབྱོར་མ་ཐུགས་དགྱེས་པར་བྱེད། །ཉོན་མོངས་ཐམས་ཅད་འཇོམས་བྱེད་པའི། །རྣལ་འབྱོར་པ་ནི་དེ་ལྟར་གྲུབ། །མན་ངག་རབ་ཏུ་བཤད་བྱ་བ། །མཆོག་གི་མདངས་ལྡན་

འགྲོ་བ་དག །བདག་ཉིད་གཟུགས་ནི་གཅིག་ཡིན་ཏེ། །འགྲོ་དང་མི་འགྲོ་དེར་གནས་པ། །རྟགས་གཅིག་དེ་ནི་བཤད་ཡིན་གྱི། །ཡིད་འོང་རྡོ་ལ་སོགས་པ་མིན། །གང་ཞིག་འོད་གསལ་དེ་ཁོ་ནའི། །གང་ཞིག་དྲག་པོ་འཇིགས་པར་བྱེད། །གསང་བའི་པདྨ་དེ་བཞིན་གཞན། །དུར་

ཁྲོད་དུ་ནི་ཤེས་པར་བྱ། །རུས་སྦལ་མ་དང་ཟླ་བ་མ། །ཆུ་བོའི་སྒྲས་ནི་བཤད་པ་སྟེ། །དེ་གཉིས་གང་དུ་ཕྲད་པ་ནི། །ཆུ་མདོ་དེ་ཉིད་བཤད་པ་ཡིན། །སྤྱན་དང་མཱ་མ་ཀཱི་སྒྲོལ་མ། །གོས་དཀར་མཆོག་གི་དབང་ཕྱུག་མ། །ཕྱག་རྒྱ་བཞི་པོས་མཚན་པ་ཡི། །བཞི་མདོ་ཡི་གེ་ཕྱི་

Vol. 29 · folio 154a

མོ་མཆོག །རི་མདོ་དེ་བཞིན་གཤེགས་པར་བཤད། །དེ་ཡི་མཆོག་ནི་རྡོ་རྗེ་འཛིན། །རྡོ་རྗེ་ཐེག་པར་རབ་གྲགས་པའི། །རི་མཆོག་དེ་ནི་ཤེས་པར་བྱ། །སྐུ་གསུང་ཐུགས་ནི་རྡོ་རྗེ་རྣམས། །དངོས་པོ་གཅིག་ཉིད་དུ་གྱུར་པ། །ཤིན་ཏུ་རྙེད་དཀའི་དམ་ཆོས་

འདིར། །སུམ་མདོར་དེ་ནི་ཤེས་པར་བྱ། །ཤིང་དྲུང་རྡོར་འཛིན་བཤད་པ་སྟེ། །རྩ་བ་ཡང་ནི་སྤྲོས་པ་མེད། །དེ་ནི་ཤིང་དྲུང་གཅིག་བཤད་པ། །འགྲོ་དང་མི་འགྲོ་དེས་འཛིན་པའོ། །ཕ་བོང་བཞིན་ནི་བེམས་དངོས་པ། །བདག་ནི་ཡོད་པ་མ་ཡིན་ཏེ། །དེ་ཉིད་རྟོག་པ་རྩར་

བཤད་པས། །ཕ་བོང་རྩ་བ་འདིར་བཤད་པའོ། །ཨ་དེ་ཆུ་ཡིས་གང་བ་དང་། །ཀ་ནི་སྡེ་ཚན་དབའ་རླབས་མཆོག །ཙ་ཡི་སྡེ་ཚན་ལྦུ་བས་རྒྱས། ཊ་ཡི་སྡེ་ཚན་འགྲམ་གྱིས་མཛེས། །ཏ་ཡི་སྡེ་ཚན་རི་བོར་ལྡན། །པ་ཡི་སྡེ་ཚན་དབའ་རླབས་ལྡན། །ཡ་ཡི་སྡེ་ཚན་ཉ་

ཆུ་སྲིན། །ཤ་ཡི་སྡེ་ཚན་རིན་ཆེན་སོགས། །ཥ་ནི་རྒོད་མའི་མེ་དང་ལྡན། །ཕྱོགས་ནི་ཁྱབ་ཅིང་ཡང་དག་གནས། །ཀློག་པ་དང་ནི་ཉན་པ་དང་། །རྒྱུད་ཐམས་ཅད་ལ་རབ་ཏུ་གནས། །དེ་ལ་གནས་པ་གང་ཡང་རུང་། །མཚོ་ཆེན་འགྲམ་ན་དེ་གནས་པའོ། །དེ་ལྟར་ཡི་གེ་

དབྱེ་བ་ཡིས། །མཛེས་མ་ཁྱོད་ལ་བཤད་པ་སྟེ། །མི་འགྱུར་དོན་གྱི་མན་ངག་འདི། །དོན་ནི་མང་པོ་ཡང་དག་བརྗོད། །རྣལ་འབྱོར་ཡེ་ཤེས་མཆོག་གི་མཆོག །རྡོ་རྗེ་ཞི་བའི་གནས་ལ་གནས། །ཐེ་ཚོམ་མེད་ཅིང་ལྷ་མོ་སྐྱེ། །ཁྱོད་ལ་གསང་བ་བཤད་པ་ཡིན། །ཞེས་གསུངས་

སོ། །མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ནམ་མཁའ་རྡོ་རྗེ་ནི་ནང་ནས་སྐུ་སྤྲོས་ཏེ་བསྒོམ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་བཤད་པ་ཡིན་ཏེ། མི་བསྐྱོད་ཡེ་ཤེས་དག་ཅེས་བྱ་བ་ལ་སོགས་པ་ལ་མངོན་ཤེས་ལྔ་ནི་ལྷའི་མིག་ལ་སོགས་པའི་དངོས་གྲུབ་བོ། །

དེ་རྣམས་ཀྱི་སྦྱོར་བ་ནི་དེ་གཙོ་བོར་གྱུར་པའི་གནས་རྣམས་ལ། སངས་རྒྱས་མཆོག་ནི་རྫོགས་པའི་རིམ་པ་བསྒོམ་པར་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་ནོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པའི་བསྒོམ་པ་གཞན་བཤད་པར་བྱ་བའི་ཕྱིར།

Vol. 29 · folio 154b

རྡོ་རྗེ་ཆེན་པོ་རྩེ་ལྔ་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩེ་ལྔ་པ་ནི་རྩ་ལྔའི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་དང་པདྨ་སྟེ། དེ་དག་གཉིས་འབར་བ་ལྔ་ནི་ཁམས་ལྔ་པོས་རྣམ་པར་བརྒྱན་པ་ནི་གང་བའོ། །དེ་ཉིད་གནས་ལྔ་པོ་ནི་གདན་དུ་བསྒོམས་ལ་སྦྱོར་བ་ནི་སྙོམས་པར་ཞུགས་པའི་

སྦྱོར་བས་རྡོ་རྗེ་མངོན་ཤེས་དགའ་བ་ལ་སོགས་པ་གསུམ་པོ་སྟེ། དེ་རྣམས་དང་འདྲ་བ་ནི་ལྷན་ཅིག་སྐྱེས་པ་སྟེ། དེ་གྱུར་པ་ནི་དེ་ཉིད་ཐོབ་པར་གྱུར་ཅེས་པ་འབྲས་བུའོ། །རང་སྔགས་ནི་ཡི་གེ་གསུམ་སྟེ། དེ་ཉིད་ཟོ་ཆུན་གྱི་འཁོར་ལོ་བཞིན་དུ་བསྐོར་བས་ན་འཁོར་ལོ་སྟེ།

འཁོར་ལོའི་རྣམ་པར་བསྒོམས་ལ། མེ་སྟག་མང་པོ་ནི་འོད་ཟེར་ལྔ་སྟེ། དེ་དག་གིས་འཁྲུག་པ་ནི་ཐོབ་པ་སྟེ། དེ་རྣམས་ཕྱི་རོལ་དུ་སྤྲོ་བར་བྱའོ། །དེ་ནས་རྡོ་རྗེ་ལྔ་ནི་སྲོག་ལ་སོགས་པའི་རླུང་ལྔ་སྟེ། དེ་རྣམས་སྦྱོར་བ་ནི་རོ་གཅིག་པར་བྱེད་པ་སྟེ། དེས་རྡོ་རྗེ་མངོན་ཤེས་ནི་རྡོ་

རྗེ་འཆང་ཆེན་པོ་སྟེ། དེ་དང་འདྲ་བར་གྱུར་ཏེ་རྡོ་རྗེའི་བཟླས་པའོ། །རྡོ་རྗེ་ནམ་མཁའི་དཀྱིལ་ཉིད་དུ། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནམ་མཁའ་ནི་འོད་གསལ་བའོ། །དེའི་དཀྱིལ་དུ་གནས་པ་ནི་དེ་ལས་བྱུང་བའི་འཁོར་ལོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དཀྱིལ་འཁོར་པ་

དང་བཅས་པས་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། སངས་རྒྱས་འབར་བ་ནི་འཇའ་ཚོན་དང་འདྲ་བའི་འོད་ཟེར་རྣམས་ཏེ། དེ་དང་འདྲ་བའི་འོད་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །དེ་ལྟ་བུ་བསམས་ནས་སངས་རྒྱས་འཇུག་པ་ནི་སངས་རྒྱས་ཐམས་ཅད་རོ་གཅིག་པར་བྱེད་པས།

སངས་རྒྱས་གནས་ནི་སྔགས་ཀྱི་སྐུ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །དེ་དང་འདྲ་བར་གྱུར་པ་སྟེ་བདག་ལ་བྱིན་གྱིས་བརླབས་པའོ། །ད་ནི་དབྱེ་བ་གཞན་པས་ཡེ་ཤེས་ཀྱི་སྐུ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། སངས་རྒྱས་དཀྱིལ་འཁོར་ནི་རང་གི་རིག་མའི་ཆོས་འབྱུང་གི་ཕྱག་རྒྱའོ། །དེའི་དབུས་སུ་གནས་པ་ནི་དེའི་ནང་དུ་བདག་གི་ལུས་ཞུགས་ཏེ། རྣམ་པར་སྣང་མཛད་ཀྱི་ངོ་བོ་བསམས་ལ། དེའི་སྙིང་གར་ནི་ཡེ་ཤེས་སེམས་དཔའི་སྙིང་གར་ཡི་གེ་ཨོཾ་

Vol. 29 · folio 155a

བཀོད་ལ། དེའི་རྗེས་ལ་སྔགས་ནི་ཏིང་ངེ་འཛིན་སེམས་དཔའི་ཐིག་ལེ་ལ་རྣམ་པར་ཤེས་པ་བསྒོམ་པ་ནི་དེ་ཉིད་དུ་རྣམ་པར་ཤེས་པ་ཐིམ་པར་བྱའོ། །དེའི་རྗེས་ལ་ཆོས་འབྱུང་གི་ཕྱག་རྒྱའི་རེག་པས། སེམས་ནི་གསུང་གི་བདག་ཉིད་དེ་རྣམ་པར་སྣང་མཛད་ཀྱི་

ངོ་བོ། །འགོག་པའི་དབུས་སུ་ནི་ཐིག་ལེ་ཙམ་ལ་ཐིམ་པ་སྟེ། ཇི་སྲིད་ནམ་མཁའ་ལ་སྤྲིན་གྱི་དུམ་བུ་བཞིན་དུ་ལྟེ་བའི་མཐར་དེ་ཉིད་དུ་ཐིམ་པར་གྱུར་ན་དེའི་ཚེ་ཡིད་བཞིན་ནི་དེ་ལས་ལྡང་ཞིང་ར་བ་ཐམས་ཅད་རྫོགས་པར་བྱེད་པ་དང་། དཔལ་ལྡན་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པར་

འགྱུར་རོ། །སངས་རྒྱས་ཀུན་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཏེ། དེ་རྣམས་ཀྱི་མཆོག་འཛིན་པ་གཙོ་བོར་གྱུར་པ་དང་འདུལ་བར་མཛད་པ་སྟེ། འབྲས་བུ་དག་ལ་བྱིན་གྱིས་བརླབ་པའི་རིམ་པ་དག་གོ། །རིག་པ་འདི་ཉིད་ཀྱིས་སངས་རྒྱས་དཀྱིལ་འཁོར་ནི་ཆོས་འབྱུང་གི་ཕྱག་

རྒྱའི་ནང་དུ་ཁམས་གསུམ་པ་འཇུག་པ་སྔོན་དུ་འགྲོ་བའི་རྡོ་རྗེ་མི་བསྐྱོད་པ་བསྒོམ་ཞིང་དེའི་ཡེ་ཤེས་སེམས་དཔའི་སྙིང་གར་ཏིང་ངེ་འཛིན་སེམས་དཔའི་ངོ་བོ་ཡི་གེ་ཧཱུྃ་བཀོད་ལ། དེའི་ཐིག་ལེ་ལ་སེམས་བཞག་ཅིང་ཆོས་འབྱུང་གི་ཕྱག་རྒྱའི་རེག་པས་གསུམ་པོ་ཡང་ཐིམ་པར་བསྒོམས་

ལ་སྔ་མ་བཞིན་དུ་ཅིག་ཅར་དུ་ལངས་ཏེ། དེ་དང་འདྲ་བར་གྱུར་པ་སྟེ། འབྲས་བུ་དང་བདག་ལ་བྱིན་གྱིས་བརླབས་པའོ། །དེ་བཞིན་དུ་སངས་རྒྱས་དཀྱིལ་འཁོར་ནི་ཆོས་འབྱུང་གི་ཕྱག་རྒྱའི་ནང་དུ་ཚེ་དཔག་མེད་ནི་གསུང་རྡོ་རྗེ་འཛིན་པ་སྟེ། ཁམས་གསུམ་པ་འཇུག་པ་སྔོན་

དུ་འགྲོ་བར་བསམས་ལ། དེའི་ཡེ་ཤེས་སེམས་དཔའི་སྙིང་གར་ཡི་གེ་ཨ་ནི་ངག་གི་དབང་ཕྱུག་གི་ས་བོན་ཏིང་ངེ་འཛིན་སེམས་དཔའ་བཀོད་ལ། དེ་ཉིད་ཀྱི་ཐིག་ལེ་ལ་རང་གི་སེམས་བཞག་ཅིང་ཆོས་འབྱུང་གི་ཕྱག་རྒྱའི་རེག་པས་ཐིམ་པར་བསྒོམས་ལ། དེ་ལས་ལྡང་ཞིང་སྔ་

མ་བཞིན་དུ་གྱུར་པ་སྟེ་འབྲས་བུ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། འདི་སྟེ་དམ་ཚིག་མཆོག་གི་མཆོག །ཅེས་བྱ་བ་ལ་སོགས་པ་ལ། དམ་ཚིག་མཆོག་ནི་ཆོས་འབྱུང་གི་ཕྱག་རྒྱའོ། །དེའི་མཆོག་ནི་དེ་ལ་

Vol. 29 · folio 155b

འཇུག་པའི་དེ་བཞིན་གཤེགས་པ་རྣམས་དགོད་པའོ། །རྡོ་རྗེ་གསུམ་ནི་སེམས་དཔའ་གསུམ་སྟེ། དེ་ཉིད་མི་ཕྱེད་བསྒོམ་པ་ནི་ཐིག་ལེ་ཙམ་ལ་ཐིམ་པར་བསྒོམ་པའོ། །འགོག་པའི་དམ་ཚིག་ཡེ་ཤེས་ཏེ། །ཞེས་པ་ནི་ཉན་ཐོས་པའི་རིགས་ཅན་གྱིས་འགོག་པ་ལ་སྙོམས་

པར་ཞུགས་པའི་གོ་འཕང་གི་རྣམ་པར་རྟོག་པའི་ཡེ་ཤེས་ཐོབ་པར་བྱེད་པའོ། །དེ་ལས་ལྡང་ཞིང་སངས་རྒྱས་དངོས་གྲུབ་ནི་སྒྱུ་མ་ལྟ་བུའི་དངོས་གྲུབ་སྟེ། དེ་ཉིད་ཐོབ་པར་འགྱུར་རོ། །དེ་ནི་འབྲས་བུ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །རྫོགས་པའི་རིམ་པའི་

རྣལ་འབྱོར་པས་བསྐལ་པར་གནས་པ་ཉིད་བསྟན་པར་བྱ་བའི་ཕྱིར་ཁྱད་པར་ཅན་གྱི་ཏིང་ངེ་འཛིན་བཤད་པར་བྱ་སྟེ། རྡོ་རྗེ་ནམ་མཁའི་དབྱིངས་གནས་པ། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནམ་མཁའི་དབྱིངས་ནི་སྟོང་པ་ཉིད་དོ། །དེའི་དབུས་སུ་གནས་པ་གསལ་བའི་

དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྣམ་པར་སྣང་མཛད་ཀྱི་སྐུ་བསྒོམ་སྟེ་དེ་ཉིད་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཡི་གེ་ཨོཾ་བཀོད་ལ། དེ་ཉིད་ཀྱི་ལུས་ངག་སེམས་ནི་དམ་ཚིག་དང་ཡེ་ཤེས་དང་ཏིང་ངེ་འཛིན་སེམས་དཔའ་གསུམ་སྟེ། དེ་རྣམས་

ཏིང་ངེ་འཛིན་སེམས་དཔའི་ཐིག་ལེ་ལ་ཞུགས་ཤིང་ཐིག་ལེ་ཡང་སྒྲ་ལ་དང་། སྒྲ་ཡང་སྒྲ་མཐའ་ལ་ཐིམ་པར་བསྒོམས་ན་ཇི་སྲིད་བསྐལ་པའི་བར་དུ་ཏིང་ངེ་འཛིན་དེས་གནས་པར་འགྱུར་ཏེ། རྣལ་འབྱོར་པ་དེ་དུས་མ་ཡིན་པའི་ཤི་བ་འབྱུང་བ་མ་ཡིན་ཏེ། སེམས་དབང་དུ་

གྱུར་པས་ལུས་ངག་ཡིད་ཀྱི་རྣམ་པར་རྟོག་པ་མི་དམིགས་པའི་ཕྱིར་རོ། །གང་གི་ཕྱིར་ནད་རྣམས་ནི་རྣམ་པར་རྟོག་པ་ལས་འབྱུང་བ་ཡིན་ནོ། །ཇི་སྐད་དུ། ཇི་སྲིད་སེམས་ནི་གཡོ་གྱུར་པ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་མིན། །དེ་ལྟར་ཡིན་པས་སྐྱོན་མེད་འདི། །དེ་ནི་ཅི་

ཕྱིར་རིགས་པ་མིན། །ཞེས་འབྱུང་ངོ་། །དེ་བཞིན་དུ་རྡོ་རྗེ་ནམ་མཁའི་དབྱིངས་གནས་པ་ནི་འོད་གསལ་བ་ལས་ཆོས་ཀྱི་འཁོར་ལོ་ནི་པདྨ་ལ་གནས་པའི་སྣང་བ་མཐའ་ཡས་བསྒོམས་ལ་དེ་ཉིད་ཀྱི་ཡེ་ཤེས་སེམས་དཔའི་སྙིང་གར་ཏིང་ངེ་འཛིན་སེམས་དཔའ་འམ་ངོ་བོ་ཡི་གེ་

Vol. 29 · folio 156a

ཨཱཿབཀོད་ལ། སྔ་མ་བཞིན་དུ་ལུས་ངག་སེམས་ནི་སེམས་དཔའ་གསུམ་ཏིང་ངེ་འཛིན་སེམས་དཔའི་ཐིག་ལེ་ལ་ཆ་ཤས་ཀྱི་སྒོ་ནས་ཐིམ་པར་གྱུར་ན་སྒྲུབ་པ་པོ་དེས་བསྐལ་པའི་བར་དུ་གནས་པར་འགྱུར་རོ། །དེ་བཞིན་དུ་སྟོང་པ་ཉིད་བསྒོམ་པའི་སྔོན་དུ་འགྲོ་བའི་

དམ་ཚིག་རྡོ་རྗེ་གསུམ་ནི་རྡོ་རྗེ་བཟླས་པའི་བཀའ་སྩལ་པ་སྟེ་རྡོ་རྗེ་བཟླས་པའི་རིམ་པའོ། །ཡང་ན་རྡོ་རྗེ་ནི་རྣམ་པར་ཤེས་པ་གསུམ་སྟེ། དེ་རྣམས་འཛིན་པ་ནི་འོད་གསལ་བ་ལ་ཞུགས་པས་ན་རྡོ་རྗེ་འཛིན་ནོ། །རང་བཞིན་རྣམས་ཉེ་བར་བསྡུས་པས་སྟོན་པའོ། །ཟླ་བ་དང་ཉི་མའི་

འོད་ཟེར་གྱི་སྣང་བ་མཚོན་ཅིང་གནས་པས་ན་བསྐྱེད་པའོ། །ཡེ་ཤེས་མཆོག་ནི་སྣང་བ་ལ་སོགས་པ་གསུམ་སྟེ། དེ་རྣམས་སྒྲུབ་པ་ནི་མཛད་པས་ན་ཡེ་ཤེས་མཆོག་སྒྲུབ་པའོ། །རྡོ་རྗེ་གསུམ་ནི་ཡེ་ཤེས་གསུམ་ཡང་དག་པར་འགྲོ་བ་ནི། ཐིམ་པས་ན་དམ་ཚིག་ནི་གསལ་བའོ། །

ཇི་ལྟ་བུ་ཞེ་ན། དེ་ཉིད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །རྡོ་རྗེ་གསུང་ནི་རྡོ་རྗེའི་ཚིག་གིས་རྟོགས་པར་བྱ་བའི་དོན་གྱི་མཚན་ཉིད་བཀའ་སྩལ་པ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །ཡང་ན་རྡོ་རྗེ་ནི་སྒྱུ་མའི་སྐུ་སྟེ། དེ་ཉིད་འཛིན་པ་ནི་འོད་གསལ་བ་ལས་སྤྲོ་བར་མཛད་

པས་ན་རྡོ་རྗེ་འཛིན་ནོ། །དེ་ཉིད་ཀྱི་ཕྱིར་ལོངས་སྤྱོད་པའི་སྐུས་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་གིས་འགྲོ་བ་གསུམ་རྗེས་སུ་འདུལ་བར་མཛད་པས་ན་སྟོན་པའོ། །སྤྲུལ་པའི་སྐུ་རྣམས་ཀྱི་སྣ་ཚོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་པར་མཛད་པས་ན་བསྐྱེད་

པའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་ཕྱི་དུས་སུ་བྱུང་བའི་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་རྣམ་པ་ནི་ཡེ་ཤེས་མཆོག་སྟེ་དེ་རྣམས་སྒྲུབ་པ་ནི་ཁམས་གསུམ་པ་དེ་བཞིན་དུ་གཟིགས་པས་ན་ཡེ་ཤེས་མཆོག་སྒྲུབ་པའོ། །རྣམ་པར་མི་རྟོག་པ་ལ་འཇུག་པ་ལས་ཀྱང་། ཤེས་བྱ་

དང་ཁྱད་པར་མེད་པའི་ཡེ་ཤེས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་གསུང་ནི་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུ་རྣམས་ཏེ། དེ་དག་གི་དམ་ཚིག་ནི་མཉམ་པར་གྱུར་པ་སྟེ། སྐུ་གསུམ་གྱི་རང་བཞིན་ནོ་ཞེས་སྟོན་ཏོ། །དེ་ཉིད་ཅེས་པ་ནི་སྒྱུ་མ་ལ་སོགས་པའི་རང་བཞིན་གྱི་སྐུ་

Vol. 29 · folio 156b

གསུམ་དེའི་དངོས་པོ་ནི་དེ་ཉིད་དེའི་ངོ་བོ་ཞེས་སྟོན་ཏོ། །གཞན་དང་ལྡན་པའི་རྣམ་པར་གཅོད་པ་སྲིད་པ་དྲུག་པ་ནི་གཞུ་འཛིན་པ་བཞིན་ནོ། །རྡོ་རྗེ་གསུང་བཀའ་སྩལ་པ་ནི་སྔ་མ་བཞིན་ཏེ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཡང་ན་རྡོ་རྗེ་ནི་བཞི་པའི་དེ་ཁོ་ན་ཉིད་དེ། དེ་འཛིན་པ་ནི་

མངོན་དུ་བྱེད་པས་ན་རྡོ་རྗེ་འཛིན་ནོ། །འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་པའི་རྣམ་པར་རྟོག་པ་རྣམས་སེལ་བའམ་བསྲེ་བར་མཛད་པས་ན་སྟོན་པའོ། །བྱང་ཆུབ་ཐོབ་པར་མཛད་པས་ན་བསྐྱེད་པའོ། །ཡེ་ཤེས་ནི་འབྱུང་བར་གྱུར་པའི་འོད་གསལ་བ་

སྟེ། དེ་ཉིད་ཀྱི་མཆོག་ནི་སྔོན་དུ་བྱུང་བའི་སྨིག་རྒྱུ་ལ་སོགས་པ་ལྔ་སྟེ། དེ་དག་སྒྲུབ་པ་ནི་ཉེ་བར་མཚོན་པས་ན་ཡེ་ཤེས་མཆོག་སྒྲུབ་པའོ། །རྡོ་རྗེ་གསུམ་ནི་འདོད་ཆགས་ལ་སོགས་པ་ཡང་དག་པར་བསྡུ་བས་ན་རྡོ་རྗེ་གསུམ་སྟེ། མངོན་པར་བྱང་ཆུབ་པའི་དེ་ཁོ་ན་ཉིད་དོ། །

མར་ལ་མར་བཞིན་དུ་མཉམ་པོར་ཐིམ་པར་གྱུར་པས་ན་དམ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་དམ་ཚིག་ནི་ཐམས་ཅད་སྟོང་པའོ། །རྡོ་རྗེ་གསུང་ནི་ཉམས་པར་མ་གྱུར་པའི་སྒྲ་བཀའ་སྩལ་ཏེ། མངོན་པར་བྱང་ཆུབ་པའི་རིམ་པའོ། །ཡང་ན་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་

ནི་རྡོ་རྗེ་སྟེ་དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །རྣམ་བཅས་དང་རྣམ་པ་མེད་པ་ལ་སོགས་པ་ཐ་དད་པ་དང་ཐ་མི་དད་པ་ཡོངས་སུ་སྤངས་ནས་གཟིགས་པས་ན་སྟོན་པའོ། །ཆོས་ཐམས་ཅད་སྤྲུལ་པར་མཛད་པས་ན་བསྐྱེད་པའོ། །ཡེ་ཤེས་ནི་ལྔ་སྟེ་དེ་རྣམས་ཀྱི་མཆོག་ནི་ཆོས་ཀྱི་

དབྱིངས་ཀྱི་ཡེ་ཤེས་ཏེ། དེ་སྒྲུབ་པ་ནི་གཞན་རྣམས་ལ་སྟོན་པ་སྟེ། ཡེ་ཤེས་མཆོག་སྒྲུབ་པའོ། །རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་ཏེ། དེ་རྣམས་ཀྱི་དམ་ཚིག་ནི་དམིགས་པ་མེད་པའི་སྦྱོར་བ་ལས་འགྲོ་བའི་དོན་མཛད་པའོ། །དེ་ཉིད་ནི་རྡོ་རྗེ་དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་

ལ་གནས་པ་མི་བསྐྱོད་པ་བསྒོམས་ཏེ། དེ་ཉིད་ཀྱི་ཡེ་ཤེས་སེམས་དཔའི་སྙིང་གར་ཏིང་ངེ་འཛིན་སེམས་དཔའི་ངོ་བོ་ཡི་གེ་ཧཱུྃ་བཀོད་ལ། ལུས་ངག་སེམས་ནི་སེམས་དཔའ་གསུམ་དེའི་ཐིག་ལེ་ལ་ཐིམ་ཞིང་སྒྲ་མཐའ་ཙམ་ལ་གནས་ན་རྣལ་འབྱོར་པ་དེས་བསྐལ་པའི་བར་དུ་གནས་

Vol. 29 · folio 157a

པར་གྱུར་ཏེ། རྫོགས་པའི་རིམ་པའོ། །གསུམ་རྟོག་པ་ནི་ལྷའི་སྐུ་རྫོགས་པར་བྱ་བའི་ཕྱིར་སྤྱོད་པ་སྟེ། གསུང་གི་རྟོག་པ་ནི་ལྷའི་སྐུ་རྣམ་པ་གསུམ་མོ། །དེ་རྣམས་ཉིད་དམ་ཚིག་གང་ལ་ཡོད་པ་དེ་ནི་རྡོ་རྗེ་གསུམ་གྱི་རྟོག་པའི་དམ་ཚིག་སྟེ། ཐམས་ཅད་སྟོང་

པ་ཉིད་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏེ། སྔ་མ་དང་སྦྱར་རོ། །ཡང་ན་རྡོ་རྗེ་ནི་ནམ་མཁའ་བཞིན་དུ་དབྱིངས་ནི་རྣམ་པར་ཤེས་པའི་ཁམས་གང་ལ་ཡོད་པ་དེ་ནི་རྡོ་རྗེ་མཁའ་དབྱིངས་ཏེ་རོའི་ལུས་སོ། །དེ་ལ་གནས་པ་ནི་དེའི་སྙིང་གར་གནས་པའི་གསལ་བའི་དཀྱིལ་

འཁོར་ནི་ཟླ་བའི་དཀྱིལ་འཁོར་བསམས་ལ་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་སྙིང་ག་ལ་ཡི་གེ་ཨོཾ། ལུས་ངག་སེམས་ནི་ཧཱུྃ་ཕཊ་ས་བོན་རྣམས་ཀྱིས་བདག་གི་ལྟེ་བའི་འཁོར་ལོ་ལས་བསྐུལ་ཏེ། དེའི་ལུས་ཀྱི་སྙིང་གར་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་ཞུགས་པར་

བསམས་ལ། དེའི་ཚེ་ལུས་གསར་པ་བླངས་ནས་རྙིང་པའི་ལུས་སྤངས་ཏེ། འགྲོ་བའི་དོན་མཛད་པའི་ཕྱིར་རྣལ་འབྱོར་པ་དེ་ནི་བསྐལ་པའི་བར་དུ་གནས་པར་འགྱུར་རོ། །དེ་བཞིན་དུ་སྣང་བ་མཐའ་ཡས་དང་རྡོ་རྗེའི་རིགས་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་བསྒོམ་པར་

བྱ་སྟེ། བསྐྱེད་པའི་རིམ་པའོ། །ལག་ན་རྡོ་རྗེ་ནམ་མཁའ་ནི་ཚངས་པའི་བུ་ག་སྟེ་དེའི་དབུས་སུ་གནས་པའི་གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་བསྒོམས་ཏེ། དེའི་དབུས་སུ་སྟོན་ཀའི་ཟླ་བ་དང་འདྲ་བའི་ཡི་གེ་ཨོཾ་བཀོད་ལ། དེ་ལས་བྱུང་བའི་འོ་མའི་རྒྱ་མཚོའི་རླབས་དང་

འདྲ་བའི་བདུད་རྩིའི་རྒྱུན་གྱིས་བདག་གི་ལུས་ལ་སོགས་པ་ཚིམ་པར་བསྒོམ་པ་བྱས་ན། ཕྱི་རོལ་གྱི་བཟའ་བ་མི་རྟོག་པས་བསམ་གཏན་གྱི་བཟའ་བ་ཅན་རྣལ་འབྱོར་པ་དེས་ནི་བསྐལ་པའི་བར་དུ་གནས་པར་གྱུར་ཏེ་ལས་ཀྱི་རྒྱལ་བ་མཆོག་གོ། །དེ་བཞིན་དུ་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེའི་རྣལ་

འབྱོར་པ་བདག་གིས་ཀྱང་བསྒོམ་པར་བྱའོ། །ཡང་ན་ནམ་མཁའ་ནི་མཁའོ། །རྡོ་རྗེ་ནི་ལྕེའོ། །དེའི་དབུས་སུ་གནས་པ་ནི་གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཕྲ་མོ་རྡོ་རྗེ་བསྒོམས་ལ། དེའི་རྗེས་ལ་རྡོ་རྗེ་དེ་ཉིད་ཀྱིས་བཟའ་བ་དང་བཏུང་བ་ལ་སོགས་པ་ནི་ཡི་

Vol. 29 · folio 157b

གེ་ཨོཾ་གྱིས་བདུད་རྩིར་བྱས་ལ་བཟའ་བར་བྱའོ། །ལུས་ངག་སེམས་ནི་སྙིང་ག་དང་ལྟེ་བ་དང་གསང་བར་གནས་པའི་དཀྱིལ་འཁོར་གསུམ་ནང་གི་སྦྱིན་སྲེག་གི་རིམ་པས་ཚིམ་པར་བྱས་ན། རྣལ་འབྱོར་དེས་ནི་བསྐལ་པར་གནས་པར་འགྱུར་རོ། །དེ་བཞིན་དུ་ཡང་གཉི་གའི་རྣལ་

འབྱོར་པ་དག་གིས་བསྒོམ་པར་བྱ་སྟེ་ལས་ཀྱི་རྒྱལ་བ་མཆོག་གོ། །ཡང་ན་རྡོ་རྗེ་ནམ་མཁའ་ནི་ལག་པ་གཉིས་ཏེ་དེ་དག་གི་དབུས་སུ་གནས་པ་ནི་དཀྱིལ་དུ་གནས་པའི་གསལ་བ་ནི་ཟླ་བའི་དཀྱིལ་འཁོར་ཏེ། ལག་པ་གཡོན་པ་དང་དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་ཏེ། གཡས་པ་

ལ་བཀོད་ལ་ཡི་གེ་ཨོཾ་ནི་ཨོཾ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཕྲེང་བ་བསམས་ཏེ། ཕྲེང་བ་དེ་ཉིད་ཀྱིས་ལུས་ངག་སེམས་ནི་སྐུ་ལ་སོགས་པའི་ངོ་བོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བཟླས་པ་བྱས་ན། བསྐལ་པ་ནི་རྟོག་པ་ལས་གསུངས་པའི་འབྲས་བུ་ཐོབ་པར་

འགྱུར་ཏེ། བསྐྱེད་པའི་རིམ་པའོ། །གཞན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་ནམ་མཁའི་དབྱིངས་ནི་དང་པོ་སྦྱོར་བ་ལ་སོགས་པའི་རིམ་པས་སྟོང་པ་ཉིད་ལ་ཞུགས་པའོ། །དེའི་དབུས་སུ་གནས་པའི་རྡོ་རྗེའི་དཀྱིལ་འཁོར་ནི་དོན་ཡོད་གྲུབ་པའི་དཀྱིལ་འཁོར་ཏེ། པདྨ་འདབ་

མ་བརྒྱད་པའི་ལྟེ་བར་བསམས་ཏེ། ཡི་གེ་ཨོཾ་ལས་བྱུང་བ་རྣམ་པར་སྣང་མཛད་ཀྱི་རིས་ཀྱི་ལྷ་མོའི་འཁོར་ལོས་དབང་བསྐུར་ཏེ། དམ་ཚིག་ཉམས་པ་ལྡོག་ཅིང་ཡོངས་སུ་རྫོགས་པའི་དོན་ཡོད་གྲུབ་པའི་སྐུས་བསྐལ་པའི་བར་དུ་དམ་ཚིག་ཉམས་པའི་འཇིགས་པ་དང་བྲལ་ཞིང་གནས་

པར་འགྱུར་རོ། །གསུང་དང་ཐུགས་རྡོ་རྗེའི་རྣལ་འབྱོར་པ་དག་གིས་ཀྱང་དེ་བཞིན་དུ་བསྒོམ་པར་བྱ་སྟེ། བསྐྱེད་པའི་རིམ་པའོ། །འབྲས་བུ་བསྟན་པར་བྱ་སྟེ། སྐུ་དང་གསུང་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་འདི་ནི་རྣམ་པ་གཉིས་ཏེ། སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་

སྐུའི་མཚན་ཉིད་དོ། །འགྱུར་ཕྱིན་ཆད་ཅེས་པ་ནི་ཏིང་ངེ་འཛིན་གྱི་དུས་ལ་བརྩམས་ཏེ། སྐུ་དང་གསུང་དང་། ཐུགས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་ལ་ཞུགས་པའི་རྣལ་འབྱོར་པས་ངོ་བོ་ཉིད་དུ་ཀློག་གམ་ཞེས་པ་ནི་བཟླས་པ་བྱའམ་བསམ་ཞེས་པ་ནི་བསྒོམ་པར་བྱ་བ་

Vol. 29 · folio 158a

ཡིན་ལ། རྣལ་འབྱོར་པ་དེ་ཉིད་རྡོ་རྗེ་འཛིན་ནི་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ། །བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་ཡི་གེ་ཨོཾ་ལ་སོགས་པའོ། །དེ་རྣམ་པ་དེ་ཁོ་ན་ཉིད་ནི་སྤྲོས་པ་ལ་སོགས་པ་སྟེ།

དེ་ལས་འབྱུང་བ་གང་ཞིག་རིག་མ་ལྷ་མོ་རྣམས་དང་བཅས་པའི་སྐྱེས་བུ་ནི་སྔགས་ཀྱི་སྐུའི་ངོ་བོའི་དེ་བཞིན་གཤེགས་པ་རྣམས་ལེའུ་གང་ལ་དེ་ནི་དེ་བཞིན་ནོ། །དེ་ཉིད་ཀྱི་མཆོག་ནི་ཕུལ་དུ་བྱུང་བ་སྟེ། བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ལྔ་དང་། སྔགས་

ནི་དཀྱིལ་འཁོར་པ་རྣམས་ཀྱི་གང་ཞིག་དེ་ཁོ་ན་ཉིད་ནི་དོན་དམ་པ་སྟེ་འོད་གསལ་བའོ། །དེ་ལས་ཅིག་ཅར་དུ་སྤྲོ་བ་གང་ཞིག་རིག་མའི་སྐྱེས་བུ་ནི་ལྷ་མོ་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་ཉིད་སྒྱུ་མའི་རང་བཞིན་ཡིན་པའི་ཕྱིར། མཆོག་ལེའུ་གང་ལ་ཡོད་པ་

དེ་ནི་དེ་བཞིན་དུ་བཤད་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །རྒྱུད་འགྲེལ་ལས་ལེའུ་བཅུ་གཅིག་གི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །ལེའུ་བཅུ་དྲུག་པའི་ཚིགས་སུ་བཅད་པའི་གྲངས་ནི་ཉིས་བརྒྱ་བཞི་བཅུའོ།། །།སྐུ་རྣམ་པ་གཉིས་ཀྱི་ནུས་པ་

ཐོབ་པའི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་ལ་བརྟེན་ཏེ། གཞན་གྱི་དོན་བྱ་བ་སྟེ་དེའི་ཕྱིར་ལེའུ་བཅུ་གཉིས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་ནི་རྡོ་རྗེས་ཉེ་བར་མཚོན་པའི་འཁོར་ལོ་ལ་སོགས་པ་སྟེ། དེ་ཉིད་རིག་པ་

འཛིན་པའི་དངོས་གྲུབ་འགྲུབ་པའི་ཕྱིར། འཛིན་པས་ན་རྡོ་རྗེ་འཛིན་པ་སྟེ། བསྐྱེད་པའི་རིམ་པའོ། །རྡོ་རྗེ་ནི་ཡན་ལག་དྲུག་པའི་རྣལ་འབྱོར་ཏེ། དེ་འཛིན་པས་ན་རྡོ་རྗེ་འཛིན་ཏེ་རྣལ་འབྱོར་རོ། །རྡོ་རྗེ་ནི་ཡེ་ཤེས་ལྔ་སྟེ་དེ་རྣམས་འཛིན་པས་ན་རྡོ་རྗེ་འཛིན་ཏེ། རྫོགས་པའི་རིམ་

པའོ། །སྟོན་པ་ནི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་རྣམས་ཀྱིས་གསལ་བས་ན་སྟོན་པའོ། །སྤྲོ་བའི་རིམ་པས་འགྲོ་བ་སྤྲུལ་པས་ན་བསྐྱེད་པའོ། །ཡེ་ཤེས་མཆོག་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ་དེ་རྣམས་སྒྲུབ་པའམ། སྐྱེད་པར་མཛད་

Vol. 29 · folio 158b

པས་ན་ཡེ་ཤེས་མཆོག་སྒྲུབ་པའོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཀྱིས་དམ་ཚིག་རྡོ་རྗེ་གསུམ་ནི་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་སྟེ། དེའི་དེ་ཉིད་ནི་སྙིང་པོ་སྟེ་རྡོ་རྗེ་གསུང་ནི་གསུང་ཁོ་ན་རྡོ་རྗེ་སྟེ། གསལ་བའི་གསུང་བཀའ་སྩལ་ཏེ། བསྐྱེད་པའི་རིམ་པའོ། །

ཡང་ན་རྡོ་རྗེ་ནི་ས་བོན་གསུམ་སྟེ། དེ་ཉིད་ཟོ་ཆུན་འཁྲུལ་འཁོར་གྱི་རིམ་པས་འཇུག་པ་དང་། གནས་པ་དང་ལྡང་བའི་རིམ་པས་འཛིན་པ་ན་རྡོ་རྗེ་འཛིན་ནོ། །དཀྱིལ་འཁོར་བཞིའི་རིམ་པས་འོད་ཟེར་གྱི་འཁོར་ལོ་སྤྲོ་བས་ན་སྟོན་པའོ། །དམར་པོ་ལ་སོགས་པའི་དབྱེ་བས་སྲོག་

དང་རྩོལ་བ་ནི་སྣའི་རྩེ་མོར་འཛིན་པས་ན་བསྐྱེད་པའོ། །ཡེ་ཤེས་ནི་ཡི་གེ་གསུམ་གྱི་བརྗོད་པར་གྱུར་པའི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གི་མཆོག་ནི་ཡེ་ཤེས་ལྔ་སྟེ་དེ་གྲུབ་པ་ནི་ཐོབ་པར་བྱེད་པས་ན་ཡེ་ཤེས་མཆོག་གྲུབ་པའོ། །དམ་ཚིག་རྡོ་རྗེ་གསུམ་དེ་ཉིད་དེ་མ་

ནིང་གི་བཟླས་པའི་མཚན་ཉིད་དང་། རྡོ་རྗེ་གསུང་སྟེ་རྡོ་རྗེ་བཟླས་པ་བཀའ་སྩལ་པ་ནི་གསུངས་པའོ། །དེ་ནི་རྡོ་རྗེ་བཟླས་པའི་རིམ་པའོ། །ཡང་ན་རང་བཞིན་རྣམ་སྟོན་ཅིང་། །ཉེ་བར་སྡུད་པས་ན་སྟོན་པའོ། །རྡོ་རྗེ་ནི་རྣམ་པར་ཤེས་པ་གསུམ་སྟེ། དེ་རྣམས་འོད་གསལ་བར་འཛིན་

ཅིང་འཛུད་པས་ན་རྡོ་རྗེ་འཛིན་ནོ། །ཟླ་བ་དང་ཉི་མའི་འོད་ཟེར་གྱི་སྣང་བ་ཤེས་ནས་སྐྱེད་ཅིང་གནས་པས་ན་སྐྱེད་པའོ། །ཡེ་ཤེས་མཆོག་ནི་སྣང་བ་ལ་སོགས་པ་གསུམ་སྟེ། དེ་རྣམས་སྒྲུབ་ཅིང་མངོན་དུ་མཛད་པས་ན་ཡེ་ཤེས་མཆོག་སྒྲུབ་པའོ། །རྡོ་རྗེ་གསུམ་སྟེ་ཡེ་ཤེས་

གསུམ་ཡང་དག་པར་ཞུགས་ཤིང་ཐིམ་པས་ན་དམ་ཚིག་སྟེ་འོད་གསལ་བའོ། །དེ་ནི་དེ་ཉིད་དེ་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །རྡོ་རྗེ་གསུང་སྟེ་རྡོ་རྗེ་ཚིག་གིས་རྟོགས་པར་བྱ་བའི་དོན་གྱི་མཚན་ཉིད་བཀའ་སྩལ་པ་ནི་བཤད་པའོ། །དེ་ནི་སེམས་རྣམ་པར་དག་པའི་རིམ་པའོ། །

ཡང་ན་རྡོ་རྗེ་སྟེ་སྒྱུ་མ་ལྟ་བུའི་སྐུ་འཛིན་ཅིང་འོད་གསལ་བ་ལས་སྤྲོ་བས་ན་རྡོ་རྗེ་འཛིན་ནོ། །དེ་ཉིད་ཀྱི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུས་གསུང་ཡན་ལག་དྲུག་ཅུ་དང་ལྡན་པའི་སྒོ་ནས་འགྲོ་བ་གསུམ་ལ་རྗེས་སུ་སྟོན་པར་མཛད་པ་ཉིད་ཡིན་པས་ན་སྟོན་པའོ། །སྤྲུལ་པའི་སྐུ་རྣམས་ཀྱིས་དཀྱིལ་

Vol. 29 · folio 159a

འཁོར་གྱི་འཁོར་ལོ་གསར་པ་གཞན་དང་གཞན་སྐྱེད་པར་མཛད་པས་ན་སྐྱེད་པའོ། །ཡེ་ཤེས་མཆོག་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་དུས་ཕྱིས་འབྱུང་བའི་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་རྣམ་པ་དག་སྟེ། དེ་རྣམས་ཀྱིས་བསྒྲུབ་ཅིང་ཁམས་

གསུམ་པ་ལ་དེ་དང་མཚུངས་པར་གཟིགས་པས་ན་ཡེ་ཤེས་མཆོག་སྒྲུབ་པའོ། །རྣམ་པར་མི་རྟོག་པ་ལ་འཇུག་པ་ལས། །ཤེས་བྱ་ཁྱད་པར་དུ་འཕགས་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ་། །དེའི་རྗེས་ལ་ཐོབ་པས་ནི་སྒྱུ་མ་

དང་སྨིག་རྒྱུ་དང་དྲི་ཟའི་གྲོང་ཁྱེར་དང་ཆུ་ཟླ་དང་སྒྲ་བརྙན་དང་རྨི་ལམ་དང་མཚུངས་པར་མཐོང་ངོ་ཞེས་གསུངས་སོ། །རྡོ་རྗེ་གསུམ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་རྣམས་སོ། །དེ་དག་ཡང་དག་པར་འདུས་པས་ན་དམ་ཚིག་སྟེ་གསུམ་གྱི་རང་བཞིན་ཅན་ཞེས་བྱ་

བའི་དོན་ཏོ། །དེ་ཉིད་ཅེས་བྱ་བ་ལ་སྒྱུ་མ་ལ་སོགས་པའི་རང་བཞིན་གྱི་སྐུ་གསུམ་པོ་དེའི་དངོས་པོ་ཙམ་ནི་དེ་ཉིད་དེ་དེའི་རང་བཞིན་ནོ་ཞེས་གཞན་དང་ལྡན་པ་བཅད་པ་སྟེ། སྲིད་སྒྲུབ་འཕོང་སྐྱེན་ཞེས་བྱ་བ་ལྟ་བུའོ། །རྡོ་རྗེ་གསུམ་འདི་བཀའ་སྩལ་པ་ཞེས་བྱ་བ་འདི་ནི་སྔ་མ་བཞིན་ནོ། །དེ་ནི་

བདག་བྱིན་གྱིས་བརླབ་པའི་རིམ་པའོ། །ཡང་ན་སྟོན་པ་སྟེ་གང་ཞིག་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མའི་རྣམ་པར་རྟོག་པ་སྤངས་པའམ་འདེགས་པར་མཛད་པ་དེ་ནི་སྟོན་པའོ། །རྡོ་རྗེ་སྟེ་དེ་ཁོ་ན་ཉིད་བཞི་པ་འཛིན་ཅིང་མངོན་དུ་མཛད་པས་ན་

རྡོ་རྗེ་འཛིན་ནོ། །བསྐྱེད་པ་སྟེ་བྱང་ཆུབ་ཐོབ་པར་མཛད་པས་ན་བསྐྱེད་པའོ། །ཡེ་ཤེས་ཏེ་འབྱུང་བར་འགྱུར་བའི་འོད་གསལ་བའི་མཆོག་ནི་སྔོན་དུ་འབྱུང་བའི་སྨིག་རྒྱུ་ལ་སོགས་པ་ལྔ་སྟེ། དེ་དག་སྒྲུབ་ཅིང་ཉེ་བར་མཚོན་པར་བྱེད་པས་ན་ཡེ་ཤེས་མཆོག་སྒྲུབ་པའོ། །དེ་བཞིན་

དུ་རྡོ་རྗེ་གསུམ་སྟེ་འདོད་ཆགས་ལ་སོགས་པ་རྣམས་གཅིག་ཏུ་བསྡུས་པ་ནི་རྡོ་རྗེ་གསུམ་སྟེ་མངོན་པར་བྱང་ཆུབ་པའི་དེ་ཁོ་ན་ཉིད་དོ། །ཡང་དག་པར་འདྲེས་ཤིང་མར་ལ་མར་བཞག་པ་བཞིན་དུ་ཐིམ་པས་ན་དམ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་ཏེ་ཐམས་ཅད་སྟོང་པ་ཉིད་དོ། །རྡོ་རྗེ་

Vol. 29 · folio 159b

གསུང་ནི་སྒྲས་ཏེ་ཐོགས་པ་མེད་པའི་གསུང་བཀའ་སྩལ་པ་ནི་འཆད་པར་འགྱུར་བའོ། །དེ་ནི་མངོན་པར་བྱང་ཆུབ་པའི་རིམ་པའོ། །རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ་ལ་སོགས་པ་རྣམས་ཐ་དད་པ་དང་གཅིག་པ་སྤངས་པར་སྟོན་ཅིང་གཟིགས་པས་ན་སྟོན་པའོ། །རྡོ་རྗེ་ནི་མི་

གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ། དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །ཆོས་ཐམས་ཅད་སྤྲུལ་པར་མཛད་པས་སྐྱེད་པའོ། །ཡེ་ཤེས་ལྔ་པོ་དེ་རྣམས་ཀྱི་མཆོག་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་བསྒྲུབ་ཅིང་གཞན་རྣམས་ལ་ཉེ་བར་སྟོན་པས་ན་ཡེ་ཤེས་མཆོག་

སྒྲུབ་པའོ། །རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་རྣམས་སོ། །དེ་དག་གི་དམ་ཚིག་ནི་དམིགས་པ་མེད་པའི་རྣལ་འབྱོར་གྱིས་འགྲོ་བའི་དོན་བྱ་བའོ། །དེ་ནི་དེ་ཉིད་དེ་ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པའོ། །དེ་ལྟ་བུའི་གསུང་ནི་བཅོམ་ལྡན་འདས་མི་ཕྱེད་པའི་ཕྱིར་རྡོ་རྗེ་བཀའ་

སྩལ་པ་སྟེ། ཟུང་འཇུག་གི་རིམ་པའོ། །གསུང་དེ་ཉིད་བཤད་པའི་ཕྱིར། མཁའ་དང་མཚུངས་པར་མཉམ་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁའ་དང་མཚུངས་པ་ནི་ནམ་མཁའ་དང་འདྲ་བ་སྟེ་འོད་གསལ་བ་ལས་འབྱུང་བའི་ཕྱིར་རོ། །གྱུར་པ་ནི་སྐུ་

གསུང་ཐུགས་ཀྱི་དེ་ཁོ་ན་ཉིད་ཐོབ་པར་བྱེད་པས་ན་གྱུར་པ་སྟེ། ཡི་གེ་གསུམ་མོ། །དེ་ཉིད་ཆ་ཤས་དང་ཆ་ཤས་ཅན་གྱི་དབྱེ་བས་མ་ནིང་གི་བཟླས་པའི་རིམ་པས་བསྡུ་བར་གྱུར་ན། རྣམ་པར་མི་རྟོག་ཁོ་བོ་ཉིད་ནི་ནམ་མཁའ་བཞིན་དུ་སྤྲོས་པ་མེད་པར་འགྱུར་རོ། །དེ་ལྟར་

བྱས་ནས་རང་བཞིན་དག་པ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་དེ། དེ་ཉིད་ཆོས་རྣམས་ནི་ཆོས་ཉིད་གང་ལ་ཡོད་པ་དེ་ནི་ཆོས་རྣམས་རང་བཞིན་དག་པའོ། །སྔགས་རྣམས་དེ་ལྟ་བུ་ཡིན་ན་ཡང་སེམས་རྣམ་པར་དག་པར་བྱ་བའི་ཕྱིར་རོལ་མོ་ནི་རོལ་མོ་དང་འདྲ། སྣ་ཚོགས་པའི་

སྤྲོས་པ་དང་བཅས་པའི་འཇུག་པ་དང་གནས་པ་དང་ལྡང་བའི་མཚན་ཉིད་རབ་ཏུ་ནི་དཀྱིལ་འཁོར་ལ་སོགས་པའི་རིམ་པས་བསྒོམ་པ་ནི་བཟླས་པར་བྱ་བ་སྟེ། རྡོ་རྗེའི་བཟླས་པའི་རིམ་པའོ། །ཡང་ན་མཁའ་དང་མཚུངས་པ་ནི་ནམ་མཁའ་བཞིན་དུ་ཐོག་མ་ནས་མ་སྐྱེས་པའོ། །

Vol. 29 · folio 160a

གང་ཞེ་ན། གྱུར་པ་ན་རྣམ་པར་ཤེས་པ་རྣམས་དང་། དེའི་རང་བཞིན་རྣམས་སོ། །ཇི་ལྟ་བུ་ཞེ་ན། རྣམ་པར་མི་རྟོག་ངོ་བོ་ཉིད། །ཅེས་པ་ནི་གཟུང་བ་དང་འཛིན་པ་དག་ཕན་ཚུན་གཅིག་དང་དུ་མ་དང་བྲལ་བས་རྣམ་པར་དཔྱད་ན་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེ་

བས་ན་རང་བཞིན་དག་པ་ནི་འོད་གསལ་བ་ལས་ཆོས་རྣམས་ནི་སྐྱེ་བ་དང་འཇིག་པའི་ཆོས་གང་ལ་ཡོད་པ་དེ་ལྟ་བུའི་རྣམ་པར་ཤེས་པ་གསུམ་དང་རང་བཞིན་རྣམས་ཡིན་ཏེ། རོལ་མོ་འདི་ནི་སྔགས་དང་ཕྱག་རྒྱའི་རིམ་པས་སྣང་བ་ལ་སོགས་པའི་ཡེ་ཤེས་ཀྱི་སྤྲོས་པ་བསྒོམ་པ་ནི་

རྣལ་འབྱོར་པ་རྣམས་ཀྱིས་བསླབ་པར་བྱ་བ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །ཡང་ན་མཁའ་དང་མཚུངས་པར་མཉམ་གྱུར་པ་ནི་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཀྱི་སྒྱུ་མའི་སྐུ་སྟེ། དེ་ཉིད་སེམས་ཅན་གྱི་དོན་མཛད་ན་ཡང་དམིགས་པ་མེད་པའི་སྙིང་རྗེའི་སྟོབས་

ཀྱིས་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་དོ། །དེ་ལྟ་བུའི་རྣམ་པ་གང་ཡིན་པ་དེ་ཡང་རང་བཞིན་དག་པ་ནི་འོད་གསལ་བའི་གོ་འཕང་དྲན་པར་བྱེད་པ་གང་ཞིག་ཆོས་རྣམས་ནི་སྒྱུ་མའི་དཔེ་བཅུ་གཉིས་ཏེ། དེ་ལ་རོལ་མོ་འདི་ནི་སྤྲོ་བ་དང་བསྡུ་བའི་བྱ་བ་བསྒོམ་པ་ནི་བྱ་བ་སྟེ། བདག་ལ་

བྱིན་གྱིས་བརླབ་པའི་རིམ་པའོ། །ཡང་ན་མཁའ་དང་མཚུངས་པ་ནི་ངོ་བོ་ཉིད་ཀྱིས་མེད་པ་དང་། མཉམ་པ་ནི་རང་རིག་པ་དང་། གང་གྱུར་པ་དེ་ནི་འདོད་ཆགས་ལ་སོགས་པ་སྟེ། དེ་རྣམས་ཀྱི་རང་བཞིན་དཔྱད་ན། རྣམ་པར་མི་རྟོག་པའི་ངོ་བོ་ཉིད་གང་ལ་ཡོད་པ་དེ་ནི་རྣམ་

པར་མི་རྟོག་པའི་ངོ་བོ་ཉིད་དེ། ཇི་སྲིད་ལྷན་ཅིག་སྐྱེས་པའི་རང་བཞིན་ཡིན་ནོ་ཞེས་སྟོན་ཏོ། །རང་བཞིན་དག་པ་ནི་སྨིག་རྒྱུ་ལ་སོགས་པ་སྟེ། དེ་དག་གི་འདོད་ཆགས་ལ་སོགས་པས་ཆོས་རྣམས་ནི་མཚོན་པར་བྱ་བ་ཡིན་ན། རོལ་མོ་འདི་ནི་རིལ་པོར་འཛིན་པ་དང་རྗེས་སུ་

འཇུག་པའི་ཏིང་ངེ་འཛིན་བསྒོམ་པ་ནི་ཡང་དང་ཡང་དུ་བསླབ་པར་བྱ་བ་སྟེ། མངོན་པར་བྱང་ཆུབ་པའི་རིམ་པའོ། །མཁའ་དང་མཚུངས་པ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་གཉིས་སུ་མེད་པའི་བསྒོམ་པར་བྱའོ། །གྱུར་པ་ནི་བརྟན་པ་སྟེ་མི་གནས་པའི་ཏིང་ངེ་

Vol. 29 · folio 160b

འཛིན་ལ་བཞུགས་པའི་རྡོ་རྗེ་འཆང་ཆེན་པོའི་སྐུ་རྣམས་ཏེ། དེ་དག་རྣམ་པར་དཔྱད་ན་རྣམ་པར་མི་རྟོག་ངོ་བོ་ཉིད་ནི་རང་དང་གཞན་གྱི་རྣམ་པར་རྟོག་པ་དབྱེ་བ་སྤངས་པའོ། །དེ་བཞིན་དུ་རང་བཞིན་དག་པ་ནི་དག་པ་དང་མ་དག་པའི་དབྱེ་བ་མེད་པའི་ཆོས་རྣམས་ཀྱི་སྤྱོད་པ་གང་ལ་

ཡོད་པ་དེ་ནི་ཆོས་རྣམས་རང་བཞིན་དག་པ་སྟེ། དེ་ལྟ་བུའི་སྐུ་ཐོབ་ནས་ཀྱང་རོལ་མོ་འདི་ཞེས་པ་ནི་སེམས་ཅན་གྱི་དོན་མཛད་པའི་རོལ་མོ་འདི་མང་བ་སྟེ་ཟུང་འཇུག་གི་རིམ་པའོ། །འོག་ནས་བཤད་པར་གྱུར་པའི་རྣལ་འབྱོར་པ་རྣམས་ཀྱི་ཏིང་ངེ་འཛིན་བསྒྲུབ་པའི་

གནས་བཤད་པར་བྱ་བའི་ཕྱིར། དགོན་པ་ཆེན་པོ་ས་ཕྱོགས་སམ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགོན་པ་ཆེན་པོ་ནི་འབིགས་བྱེད་དགོན་པ་ལ་སོགས་པའོ། །དགོན་པ་ཆེན་པོ་དེ་ཁོ་ན་ཉིད་རྗེས་སུ་དྲན་པའི་ཕྱིར་ས་ཕྱོགས་ནི་དྲི་མ་མེད་པའི་ཆུ་རྒྱུ་བ་

དང་ལྡན་པ་ཆུ་མདོའི་གནས་དེ་ལ་སེམས་ནི་རབ་ཏུ་ཞི་བའི་འདུ་བྱེད་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ་མེ་ཏོག་འབྲས་བུ་ལ་སོགས་ཀྱིས་བརྒྱན་པ་ཞེས་པ་ནི་རི་བོ་གང་ཡིན་པ་དེ་ལ་རྣམ་པ་སྣ་ཚོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བའི་ཏིང་ངེ་འཛིན་མངོན་དུ་གྱུར་

པའི་ཕྱིར་རོ། །དབེན་པ་ནི་སྐྱེ་བོ་དང་བྲལ་བའི་ལྷ་ཁང་ལ་སོགས་པ་སྟེ་དེ་ལ་ཆོས་ཀྱི་སྐུ་རྗེས་སུ་དྲན་པར་འབྱུང་བའི་ཕྱིར་རོ། །གནས་དེ་རྣམས་སུ་དངོས་གྲུབ་ཐམས་ཅད་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྟེ། དེ་རྣམས་བསྡུས་པས་རིམ་

པ་གཉིས་ཀྱི་སྒོམ་པ་སྒྲུབ་པ་སྟེ་རྣལ་འབྱོར་པས་བསྒྲུབ་པར་བྱའོ། །དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། །ཡང་ན། ཆོས་དང་གང་ཟག་བདག་མེད་པ། །དགོན་པ་ཆེན་པོ་ཞེས་བསྟན་ཏོ། །སྒྱུ་མའི་སྐུ་ནི་ཡོངས་འཛིན་པ། །སངས་རྒྱས་རྣམས་ཀྱིས་

ས་ཕྱོགས་གསུངས། །མེ་ཏོག་འབྲས་བུ་ཚོགས་ཀྱིས་བརྒྱན། །རི་བོ་ལྷ་རྣམས་ཀྱིས་བསྐོར་བ། །མཚན་ནི་སུམ་ཅུ་གཉིས་ལྡན་པའི། །དེ་བཞིན་གཤེགས་པའི་སྐུ་ཡི་མཆོག །སྐྱེ་བོས་དབེན་པ་ཐམས་ཅད་སྟོང་། །དངོས་པོ་ཐམས་ཅད་རྣམ་སྤངས་པའོ། །

Vol. 29 · folio 161a

དེ་ནི་སེམས་རྣམ་པར་དག་པ་དང་། བདག་ལ་བྱིན་གྱིས་བརླབ་པ་དང་། མངོན་པར་བྱང་ཆུབ་པ་དང་། ཟུང་དུ་འཇུག་པའི་རིམ་པ་རྣམས་སོ། །ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་བཤད་པར་བྱ་སྟེ། རེ་ཞིག་དང་པོ་རྣལ་འབྱོར་པས་ཅིག་ཅར་དུ་

འོད་གསལ་བ་ལས་ལངས་ཏེ། རང་གི་ལུས་ངག་སེམས་འཇམ་པའི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཤེས་རབ་རྣོན་པོ་དང་འདྲེས་པ་བསྒོམ་པ་དེའི་རང་བཞིན་སྐུ་གསུང་ཐུགས་ནི་སྤྲོ་བ་འཇའ་ཚོན་དང་འདྲ་བར་གྱུར་ན་ནི་སྒྱུ་མའི་སྐུའི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོ་

དང་འདྲ་བར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། དཔག་ཚད་བརྒྱ་ནི་དབྱེ་བས་བཞུགས་པའི་དེ་བཞིན་གཤེགས་པའི་ཚོགས་སོ། །དེ་ཉིད་ཀྱི་ཁྱོན་ཙམ་ནི་སྣ་ཚོགས་པའི་རིས་ཀྱི་དབྱེ་བས་བྱ་བའི་རིགས་ཏེ། དེ་རྣམས་ཀྱི་འོད་ནི་ཉིད་ཀྱི་སྐུའི་འོད་ཀྱིས་རྡོ་རྗེ་འབར་བ་ནི་ཉི་མ་སྟོང་དང་

འདྲ་བས་སྣང་བར་གྱུར་པ་ནི་སྤྲོ་བར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་སྒྲུབ་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་བདག་ཉིད་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །དེ་བཞིན་དུ་རྒྱན་རྣམས་ཀུན་ནི་གཟུགས་བརྙན་ལ་སོགས་པའི་དཔེ་རྣམས་ཏེ། དེ་དག་གིས་

བརྒྱན་པ་ནི་དེ་རྣམས་མཐོང་བའོ། །ཚངས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། ཐམས་ཅད་ཀྱི་ས་བོན་ཡིན་པའི་ཕྱིར་རོ། །དྲག་པོ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། བག་ལ་ཉལ་བཞི་ཡིས་མི་བཟོད་པའི་ཕྱིར་རོ། །སོགས་པའི་སྒྲས་ཁྱབ་འཇུག་ནི་

ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དབང་པོའི་ཤེས་པ་ཀུན་གནས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ལྷ་རྣམས་ཀྱང་ཞལ་ལྔ་པ་རྟག་ཏུ་ཞི་བ་སྟེ། དེ་ལ་ཕྲལ་དུ་སྐྱེས་པ་ནི་མིག་གི་དབང་པོའོ། །གཡོན་པའི་ལྟ་ནི་རྣ་བའི་དབང་པོའོ། །མི་བཟོད་པ་ནི་

སྣའི་དབང་པོའོ། །དེའི་སྐྱེས་བུ་ནི་ལྕེའི་དབང་པོའོ། །དབང་ལྡན་ནི་ལུས་ཀྱི་དབང་པོ་སྟེ། ཡུལ་ལྔ་ལ་ལེགས་པར་སྤྱོད་པ་ལ་ཆགས་པའི་ཕྱིར་རོ། །ཚངས་པ་ལ་སོགས་པའི་ལྷ་དེ་རྣམས་ནི་འཁོར་བའི་ལམ་ལ་ཡོངས་སུ་སྐོར་བར་བྱེད་པ་སྟེ། བསྐྱེད་པ་དང་

Vol. 29 · folio 161b

གནས་པ་དང་། འཇིག་པའི་རིམ་པས་འགྲོ་བ་དྲུག་ལ་ཡང་དང་ཡང་དུ་སེམས་ཅན་གྱི་ཁམས་སྐོར་བར་བྱེད་པའོ། །དེ་རྣམས་མཐོང་བར་མི་ནུས་པའི་རྣལ་འབྱོར་པ་དེས་ནི་རྣམ་པར་ཤེས་པ་དང་ལྡན་པའི་ཐ་མལ་པའི་ལུས་པོ་ཡང་དང་ཡང་དུ་བླང་བ་མ་ཡིན་ནོ་ཞེས་

སྟོན་ཏོ། །ནམ་ཀྱང་ཞེས་པ་ནི་ལྡན་པས་ཀྱང་ངོ་། །ཇི་སྐད་དུ། འཚེ་བ་མེད་དང་ཡང་དག་དོན། །རང་བཞིན་དག་ནི་ལྡོག་པ་ཡིས། །རྩོལ་བ་ཡོད་ཀྱང་གནོད་མེད་དེ། །བློ་ནི་དེ་ཕྱོགས་ལ་འཇུག་ཕྱིར། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་བཞིན་དུ་གཞན་

ལས་ཀྱང་། སྒྱུ་མ་ཆུ་ཡི་དབའ་རླབས་ཆུ་ཟླ་དང་ནི་རྨི་ལམ་མིག་འཕྲུལ་དང་འདྲ་བ། །སྣ་ཚོགས་དུ་མ་རྣམ་རྟོག་སྤྱོད་པོས་བྱས་པའི་འཁོར་བ་གང་གིས་ཀུན་བལྟས་ནས། །གསལ་བའི་དེ་བཞིན་ཉིད་ནི་གོ་འཕང་འཁྲུལ་པ་མེད་ཅིང་སྐད་ཅིག་གནས་འབྱུང་ན། །རྣམ་

དཔྱོད་ལ་ཆགས་ཡིད་ལྡན་དེ་ལ་ངེས་ལེགས་ཡལ་ག་བརྒྱ་ཡིས་འཕེལ་བར་འགྱུར། །ཞེས་འབྱུང་ངོ་། །མངོན་ནི་ཡེ་ཤེས་ལ་འཇུག་ནི་མདོའི་སྐད་ཀྱི་དབྱིངས་ཏེ་འགྲོ་བའི་དོན་དུའོ། །དེ་བས་ན་ཡེ་ཤེས་ནི་འོད་གསལ་བ་ལས་འབྱུང་བ་ནི་གང་ཞིག་རྡོ་རྗེ་འཆང་

ཆེན་པོ་གང་ཡིན་པ་དེ་ནི་མཉྫུ་སྟེ་འཇམ་པའོ། །འཇའ་ཚོན་དང་འདྲ་བས་ན་དཔལ་ལོ། །ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་རྡོ་རྗེའོ། །དེ་ཉིད་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་གསང་བའི་ཕྱིར་དམ་ཚིག་གོ། །མི་སྣང་བ་ནི་ཀུན་གཞི་ལ་སོགས་པའི་རྣམ་

པར་ཤེས་པ་རྣམས་མེད་པ་སྟེ། དེ་བྱེད་པས་ན་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཡང་དེ་བཞིན་དུའོ། །ཕྱག་རྒྱ་ཆེན་པོ་རབ་ཏུ་བསྒྲུབས་ནས་ཡོངས་སུ་གྱུར་པ་བཤད་པར་བྱ་བའི་ཕྱིར། རྡོ་རྗེ་མི་ཕྱེད་གསུམ་ལས་འབྱུང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤང་

གཅི་བཞིན་དུ་མ་དག་པ་གང་ཞིག་དམ་ཚིག་ལྔ་ནི་ཕུང་པོ་རྣམས་དང་། རྡོ་རྗེ་གསུམ་ནི་ལུས་ངག་ཡིད་དེ་མི་ཕྱེད་པ་ནི་མི་ཕྱེད་པར་མི་ནུས་པའི་རྣམ་པར་ཤེས་པ་གསུམ་དང་། འབྱུང་བ་ནི་དེ་རྣམས་ལས་འགྱུར་བ་སྟེ་རང་བཞིན་ནོ། །དེ་དག་ཐམས་ཅད་ལྕགས་

Vol. 29 · folio 162a

གསུམ་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་པ་རོ་གཅིག་པར་གྱུར་པའི་བཞི་པའི་དེ་ཁོ་ན་ཉིད་ལ་ལྡན་པ་ནི་ཞུགས་པར་བྱས་ལ། ཁ་ནི་བཞི་པ་ལས་ཕྱིས་བྱུང་བ་ལ་བཅུག་པ་ནི་ཞུགས་པར་བྱས་ལ། བསྒོམ་པར་བྱ་བ་ནི་མི་སྣང་བར་

བྱའོ། །རྣལ་འབྱོར་པ་དེ་ནི་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་དང་ལྡན་པས་སངས་རྒྱས་ཀུན་ནི་འདོད་ཆགས་ལ་སོགས་པའི་བག་ཆགས་རྣམས་ཀྱིས་མི་ཕྱེད་པ་ནི་ཐོབ་པར་མི་འགྱུར་རོ། །དེ་བཞིན་དུ་ཐུགས་ནི་སེམས་རྟག་པའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་དེ་རུ་ནི་དེ་ཁོ་ན་ཉིད་བཞི་

པ་དེ་ལས་བསྒོམས་ན་དེ་མ་ཐག་ཏུ་ནི་དེ་ཁོ་ན་ཉིད་ལ་འཇུག་པའི་འདས་མ་ཐག་ཏུ་རྡོ་རྗེ་འཇམ་པ་ནི་དེ་ལས་བྱུང་བའི་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་ཏེ། བདག་ལ་བྱིན་གྱིས་བརླབ་པ་དང་མངོན་པར་བྱང་ཆུབ་པའི་རིམ་པ་དག་གོ། །ད་ནི་ཕྱག་རྒྱ་ཆེན་པོ་སྒྲུབ་པས་རིགས་ཀྱི་དབྱེ་བས་

རྩའི་འཁོར་ལོ་བསྒོམ་པའི་རྣལ་འབྱོར་པའི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་བཤད་པར་བྱ་བའི་ཕྱིར། །འཁོར་ལོ་འོད་འཕྲོ་མདངས་མཆོག་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་རིག་པའི་པདྨར་རང་གི་སྔགས་ནི་ཡི་གེ་ཨོཾ་གྱིས་རྩ་བདུན་ཁྲི་ཉིས་སྟོང་བསྡུས་

ནས་གནས་པ་སྟེ། དེ་ནས་འཁོར་ལོ་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་མཚན་དང་འདྲ་བར་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། མདངས་མཆོག་ཅན་ཞེས་བྱ་བ་ནི་འབར་ཞིང་སྣང་བའི་རྣམ་པ་ཅན་ནོ། །སངས་རྒྱས་ཐམས་ཅད་ནི་ཁྲག་དང་ཤུ་ཀྲ་དང་བཤང་བ་དང་གཅི་བ་དང་ཤ་

རྣམས་ཀྱི་གནས་ཡིན་ནོ། །ཡང་ན་སངས་རྒྱས་ཐམས་ཅད་རྗེས་སུ་ཞུགས་པས་གནས་ནི་གཞིར་བསྒོམས་ལ་རང་གི་བདག་ཉིད་ཀྱི་དབུས་ཀྱི་ལྟེ་བ་ལ་གནས་པའི་ཐིག་ལེའི་ངོ་བོར་གནས་པའི་རྣལ་འབྱོར་པ་དེ་ནི་སངས་རྒྱས་ཏེ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྣམ་པར་སྣང་མཛད་

ཆེན་པོ་དང་འདྲ་བར་འགྱུར་རོ། །འཁོར་ལོ་ནི་རྩའི་འཁོར་ལོའི་ངོ་བོ་དེ་ཉིད་སུམ་ཅུ་རྩ་དྲུག་དང་སུམ་ཅུ་རྩ་དྲུག་ནི་སུམ་ཅུ་དྲུག་སྟེ། གཅིག་ལུས་པར་བྱས་པས་བདུན་ཅུ་རྩ་གཉིས་ཏེ། རི་རབ་ནི་རྩ་རྣམས་སྟོང་གི་རྡུལ་ཕྲན་ནི་ཆ་སྟེ་ཡལ་ག་རྣམས་སོ། །དེའི་རྗེས་སུ་འབྲང་བ་ནི་གཙོ་བོའི་རྩ་ལ་གཏོགས་

Vol. 29 · folio 162b

ཏེ། འཁོར་ལོ་དེ་དག་ཐམས་ཅད་རྡོ་རྗེ་འཛིན་ནི་བདེ་བ་ཆེན་པོའི་ངོ་བོ་རྣམ་པར་སྣང་མཛད་ཆེན་པོ་ངོ་བོ་འདྲ་བར་བསྒོམ་པར་བྱའོ། །འཁོར་ལོ་ནི་རྩའི་འཁོར་ལོ་སྟེ། དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་འཁོར་ལོའི་དམ་ཚིག་ནི་དེ་ལ་རྗེས་སུ་ཞུགས་པས། རྣམ་པར་སྣང་མཛད་ཉིད་དུ་བྱེད་པའི་

ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །རྡོ་རྗེ་འཆང་ཆེན་པོ་རང་སྔགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་ཐུགས་རྡོ་རྗེའི་རྣལ་འབྱོར་པས་ཀྱང་མཱ་མ་ཀཱིའི་པདྨར་རང་སྔགས་ནི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྩའི་འཁོར་ལོ། །རྡོ་རྗེ་འཆང་

ཆེན་པོ་ནི་རྩེ་དགུ་པའི་རྡོ་རྗེ་བསམས་ལ། དཀྱིལ་འཁོར་ནི་རྩའི་འཁོར་ལོ་དེ་ཉིད་ཀྱི་ལྟེ་བའི་དབུས་སུ་རྡོ་རྗེ་ཀུན་ནི་རྡོ་རྗེའི་རིགས་དང་ལྡན་པ་རྣམས་ཞུགས་ལ། དེ་ཉིད་དུ་ཡང་བདག་ཉིད་ཀྱང་ཐིག་ལེའི་ངོ་བོར་བསམས་ལ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཐུགས་རྡོ་རྗེ་དང་འདྲ་བར་འགྱུར་

རོ། །དེ་བཞིན་དུ་རི་རབ་སུམ་ཅུ་རྩ་དྲུག་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །བུད་མེད་རྣམས་ནི་རྩ་རྣམས་ཏེ། ཇི་སྙེད་ནི་གྲངས་ཇི་སྲིད་དང་ལྡན་པ་དེ་སྙེད་པ་རྩའི་རྡོ་རྗེ་ཉིད་ཀྱི་ཡོན་ཏན་ནི་བདེ་བ་ཆེན་པོ་སྟེ། དེའི་གནས་སུ་གྱུར་པ་ནི་དེའི་རང་བཞིན་དུ་འགྱུར་རོ། །ཁམས་

གསུམ་པ་ནི་བརྟག་པའི་ལུས་ངག་ཡིད་དེ་དེ་ཉིད་བདེ་བ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར། རྡོ་རྗེ་འཆང་ཆེན་པོ་རྣལ་འབྱོར་པ་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །དེ་བཞིན་དུ་དྲག་པོ་ནི། ཀུན་གཞི་ལ་སོགས་པའི་རྣམ་པར་ཤེས་པ་བརྒྱད་པོས་ཕྱག་བྱས་པས་སླར་ཡང་མ་བསྐྱེད་

པའི་ཕྱིར་བཀག་པར་འགྱུར་རོ། །རྡོ་རྗེ་དམ་ཚིག་ནི་རྩའི་འཁོར་ལོ་རྡོ་རྗེ་ཉིད་དུ་ཡོངས་སུ་གྱུར་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །པདྨ་ཆེན་པོ་འདབ་མ་བརྒྱད། །ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་ངག་གི་དབང་ཕྱུག་གི་ས་བོན་ཡོངས་སུ་གྱུར་པ་ལས་

སྐྱེས་པ་རྩའི་འཁོར་ལོ། །པདྨའི་རྣམ་པར་བསམས་ལ་པདྨ་དེ་ཡང་འདབ་མ་བརྒྱད་པ་སྟེ། ཤར་དང་ནུབ་ཀྱི་འདབ་མ་དག་ནི་ཕྲ་བ་ཡིན་ནོ་ཞེས་བླ་མ་རྣམས་ཀྱིས་གསུངས་པ་སྟེ། དེའི་དབུས་སུ་ཆོས་རྣམས་ཀུན་ནི་ཆོས་ཀྱི་རིགས་ཀྱི་སངས་རྒྱས་རྣམས་རྗེས་སུ་ཞུགས་པར་བྱས་ལ།

Vol. 29 · folio 163a

བདག་ཉིད་ཀྱང་དེ་ཉིད་དུ་ཐིག་ལེའི་ངོ་བོར་བསམས་ན། རྡོ་རྗེ་ཆོས་དང་འདྲ་བར་འགྱུར་རོ། །རི་རབ་སུམ་ཅུ་རྩ་དྲུག་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ཏེ། རྣལ་འབྱོར་པ་དེས་ཀྱང་དེ་སྙེད་ཀྱི་རྩ་རྣམས་འཇུག་པར་བྱེད་པ་སྟེ། བདེ་བ་

ཆེན་པོའི་ངོ་བོར་མོས་པར་བྱེད་པའོ། །དེ་བཞིན་དུ་དག་པའི་བདག་ཉིད་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དབང་ཐོབ་པའོ། །དེ་བཞིན་དུ་སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོད་པ་ནི་བླ་ན་མེད་པའི་མཆོད་པ་སྟེ། པདྨའི་རྣམ་པའི་རྩའི་འཁོར་ལོ་ལ་ཞུགས་

པའོ། །དེ་ཉིད་མཆོག་ནི་རྡུལ་ཚོན་དང་བྲལ་བའི་དཀྱིལ་འཁོར་ནི་སྙིང་པོའི་དོན་ལེན་པ་སྟེ། དེ་ལ་གནས་པར་གྱུར་པ་སྟེ་ཚིག་གི་དོན་ཏོ། །པདྨ་ནི་སྣང་བ་མཐའ་ཡས་ཀྱི་ཕྱག་མཚན་ཏེ། མཉམ་པ་ཉིད་ནི་རྩའི་འཁོར་ལོ་དེ་ཉིད་དུ་ཡོངས་སུ་གྱུར་པ་ཏིང་ངེ་འཛིན་གང་

ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །ཡེ་ཤེས་ལྔ་ལྡན་རབ་བསྟེན་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔ་མ་བཞིན་དུ་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་རང་གི་རིག་མའི་པདྨའི་ནང་དུ་བསྐལ་པ་གསུམ་གྱི་ཡུན་ནི་ལུས་ངག་ཡིད་ནི་འདོད་པའི་དགོངས་

པ་སྟེ། དེ་ཉིད་ཡང་དག་པར་རྫོགས་པར་བྱེད་པས་ན་བསྐལ་པ་གསུམ་གྱི་ཡུན་ཏེ་ཟུར་བརྒྱད་པའི་རིན་པོ་ཆེའོ། །དེ་ཉིད་ཡེ་ཤེས་ལྔའི་རང་བཞིན་གྱི་རྩའི་འཁོར་ལོ་བསྟན་ཞེས་པ་ནི་རིན་ཆེན་རིགས་ཀྱི་ས་བོན་ཡོངས་སུ་གྱུར་པ་ལས་སྐྱེས་པ་བསྒོམ་པར་བྱའོ། །དེའི་རྗེས་ལ་ཕྱོགས་

བཅུའི་སངས་རྒྱས་ཐམས་ཅད་ནི་རིན་ཆེན་གྱི་རིགས་ཅན་ཏེ། དེ་རྣམས་ཀྱང་དེ་ཉིད་དུ་ཞུགས་ལ། གསང་བ་གསུམ་ནི་བདག་ཉིད་ཀྱི་ལུས་ངག་ཡིད་དེ་ཉིད་དུ་ཐིག་ལེའི་ངོ་བོར་བསྙེན་བཀུར་བྱེད་པ་ནི་གཞག་པར་བྱའོ། །རི་རབ་སུམ་ཅུ་རྩ་དྲུག་ཅེས་བྱ་བ་ལ་སོགས་པ་ནི་འདིར་ཡང་

འཇུག་ལ་འབྲས་བུའི་གཞུང་དུ་བཤད་པར་བྱའོ། །འོད་ཟེར་ལྔའི་མདོག་འདྲ་བའི་འོད་ཅེས་བྱ་བ་ལ་སོགས་པ་ལ། དོན་ཡོད་གྲུབ་པའི་རྣལ་འབྱོར་པས་སྒྲོན་མེའི་པདྨའི་ནང་དུ་ཡི་གེ་ཁཾ་ལས་བྱུང་བའི་རྩའི་འཁོར་ལོ་རལ་གྲིའི་རྣམ་པར་བསམས་ལ། འོད་ཟེར་ལྔ་ནི་དེ་བཞིན་

Vol. 29 · folio 163b

གཤེགས་པ་རྣམས་ཏེ། དེ་དག་རྗེས་སུ་ཞུགས་པས་འདྲ་བའི་འོད་ནི་གཅིག་ཏུ་གྱུར་པ་སྟེ། བདག་ཉིད་ཀྱང་དེ་བཞིན་དུ་ཞུགས་ལ། ལག་ན་ནི་རལ་གྲིའི་དབུས་སུ་ཐོགས་པ་ནི་འཛིན་པ་བཅིངས་ལ། མིག་ཡངས་ནི་མིག་ལྔ་དང་ལྡན་པའི་རྣལ་འབྱོར་པར་དེ་ཉིད་

འགྱུར་རོ། །རྡོ་རྗེ་གསུམ་ནི་ལུས་ངག་ཡིད་གསུམ་སྟེ། དེ་རྣམས་ཀྱི་རིག་པ་ནི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་སྟེ། དེ་འཛིན་པས་ན་རྡོ་རྗེ་གསུམ་རིག་པ་སྟེ་དེ་དང་འདྲ་བར་འགྱུར་རོ། །དེ་བཞིན་དུ་ཁམས་གསུམ་ནི་འདོད་ཆགས་ལ་སོགས་པ་གསུམ་པོས་རབ་མཆོད་ནི་ལྷན་

ཅིག་སྐྱེས་པའི་རང་བཞིན་ཉིད་དུ་བྱས་པའོ། །ལྷ་མིན་ནི་རྣོ་བ་ཡིན་པའི་ཕྱིར་ཡུལ་རྣམས་དང་། ཚངས་པ་ནི་དབང་པོ་རྣམས་ཀྱིས་ཕྱག་བྱས་པ་ནི་གནོད་པར་མི་འགྱུར་རོ། །དེ་ལྡང་ཞིང་སྟོང་གསུམ་ནི་འཇིག་རྟེན་གྱི་ཁམས་ལ་ལན་ཅིག་ཏུ་འགྲོ་བའི་དོན་བྱེད་པའི་ཕྱིར་

གཅིག་པུ་དཔའ་བའོ། །དེ་བཞིན་དུ་མི་མཆོག་ནི་ཉན་ཐོས་ལ་སོགས་པས་རྗེས་སུ་གཟུང་བའི་ཕྱིར་ཕྱག་བྱས་པའོ། །གསང་བ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཏེ། དེ་དག་གི་མཆོག་གོ། །དེ་བཞིན་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན་ནི་སེམས་ཅན་རྣམས་

ཀྱི་བསམ་པས་གང་ཞིག་འདོད་པ་དེ་ལྟ་བུ་སྟེར་བའོ། །ཐུགས་ནི་མི་ཟད་པའི་ཕྱིར་རྡོ་རྗེ་སྟེ་ཡིད་བཞིན་ནོར་བུའོ། །དེ་ལས་བྱུང་བ་ནི་དེ་ཉིད་ལས་བསྐྱེད་པའོ། །ཐམས་ཅད་ནི་རྩ་རྣམས་ཏེ། དེ་དག་རལ་གྲིའི་ངོ་བོ་ཉིད་དུ་ཡོངས་སུ་གྱུར་པའི་ཏིང་ངེ་འཛིན་གང་ལ་ཡོད་

པ་དེ་ལ་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པ་དང་རྫོགས་པའི་རིམ་པ་དང་འབྲས་བུ་རྣམས་སོ། །དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས་ཀྱང་། སེམས་ནི་འཇུག་པ་རྣམས་འགོག་པ། །དེ་ནི་རྣལ་འབྱོར་ཞེས་བཤད་དོ། །སྲོག་དང་རྩོལ་བ་མེ་དང་མཉམ། །གྱེན་དུ་འགྲོ་

བ་ཁྱབ་བྱེད་དང་། །ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་ནོར་རྒྱལ་དང་། །སྲོག་ལ་སོགས་པའི་རླུང་ལྔ་སྟེ། །ཀླུ་སོགས་ཉེ་བའི་ཀླུ་རྣམས་སོ། །དེ་རྣམས་རིམ་པ་སྦྱོར་བ་ཡིས། །རྩ་བཅུ་ཡང་དག་གནས་པ་སྟེ། །རུས་སྦལ་མ་དང་ཟླ་བ་མ། །འདོད་

Vol. 29 · folio 164a

པའི་གདུགས་ནི་དེ་བཞིན་དུ། །ས་འཛིན་མ་དང་གླང་ལྕེ་མ། །ཉི་མ་མ་དང་དེ་བཞིན་ལྕི། །ཆུ་འཛག་མ་དང་གནམ་སྟོང་མ། །དུང་མ་དེ་བཞིན་བཅུ་པར་འདོད། །ཤར་ལ་སོགས་པའི་ཕྱོགས་རྩ་རྣམས། །བྷ་གའི་སྟེང་འོག་འདབ་མར་འདོད། །དེ་

འོག་འཕོ་བའི་སྦྱོར་བ་ཡིས། །རླུང་རྣམས་ཡང་དག་བརྗོད་པའོ། །རུས་སྦལ་མ་གྲགས་སྲོག་རྩ་ནི། །དེ་ཉིད་གྱེན་དུ་གདོང་སྤྱོད་ཡོལ། །རྩོལ་བའི་ཟླ་བ་མ་བརྩམས་ཏེ། །ལྟེ་བ་ལས་ནི་རྐང་མཐར་གནས། །འདོད་པའི་རྩ་ནི་དབུས་མ་སྟེ། །རྒྱལ་པོའི་རྩ་ཞེས་

གྲགས་པ་ཡིན། །རྣམ་པ་གཅིག་དང་ཕྱི་ནས་གསུམ། །གཞན་ཡང་བཅུ་དང་བརྒྱ་ཉིད་དུ། །དེ་ཡི་དབྱེ་བ་རྣམས་ཀྱང་ནི། །བདུན་ཁྲི་ཉིས་སྟོང་འདོད་པ་ཡིན། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །རང་བཞིན་དུ་ཡང་རབ་ཏུ་གྲགས། །གློ་སྙིང་ལྟེ་བ་གསང་བ་རྣམས། །

རིམ་པ་ཇི་བཞིན་གནས་རྣམས་སོ། །ཕྱི་ཡི་ཤེས་རབ་སྤྲུལ་པ་སྟེ། །ནང་གི་ཤེས་རབ་ལོངས་སྤྱོད་བཤད། །ཤེས་རབ་མེད་པ་ཆོས་དག་སྟེ། །རང་བཞིན་ཐམས་ཅད་བྲལ་བའོ། །བཞི་པ་ནམ་མཁའ་མཆོག་ཡིན་ཏེ། །རྡོ་རྗེ་སེམས་དཔའ་མཆོག་གི་གནས། །གཅིག་

དང་ལྡན་པའི་བརྒྱ་ཉིད་ནི། །རྡོ་རྗེའི་རྩ་ཡི་ཡང་དག་བརྗོད། །དེ་རྣམས་ཤིན་ཏུ་ཕྲ་བ་བུ། །བཅུ་ནི་གཙོ་བོ་ཉིད་དུ་བཤད། །བ་སྤུའི་བུ་ག་ལ་བརྟེན་ནས། །ཤིན་ཏུ་ཕྲ་བ་གཞན་ཞེས་བྱ། །དེ་ནི་གོང་བུ་ཐ་མལ་པའི། །རྟོགས་ན་ཐར་པ་སྟེར་བར་བྱེད། །ཅེས་བྱ་བ་ལ་

སོགས་པ་གསུངས་སོ། །ད་ནི་ལེའུ་གསུམ་པ་ལས་གསུངས་པའི་ཕྲ་མོའི་རྣལ་འབྱོར་རྣམ་པ་གཞན་གྱིས་བཤད་པར་བྱ་བའི་ཕྱིར། ཨོཾ་ནི་རི་ལུ་ཙ་ན་ཀའི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་གདོང་གི་སྣ་ལ་ཡི་གེ་

ཨོཾ་བཀོད་ལ་དེ་ལ་ཡང་བདག་ཉིད་ཀྱི་ལུས་ཞུགས་ཏེ། ཡི་གེ་ཨོཾ་ཡང་ཐིག་ལེ་ལ་ཞུགས་ཤིང་ཐིག་ལེ་ཙམ་འབའ་ཞིག་པ་ནི་སྐར་མ་དང་འདྲ་བ་དང་། ཤིན་ཏུ་ཕྲ་བའི་ཙ་ན་ཀའི་འབྲུའི་ཚད་ཙམ་དེ་ཉིད་རི་ལུའི་རྣམ་པར་བསམས་ཏེ། ནམ་མཁའི་དབྱིངས་ལ་ཞུགས་པའི་

Vol. 29 · folio 164b

རང་གི་ལྷའི་གཟུགས་ནི་རྣམ་པར་སྣང་མཛད་ཀྱི་རིགས་དེ་ཉིད་དུ་ཞུགས་ལ། གང་གིས་སྒོམ་པར་བྱེད་པ་ཡིན་པ་དེ་དེ་མ་ཐག་ཏུ་ཞེས་པ་ནི་སྐད་ཅིག་མ་གཅིག་གིས་སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །དེ་ཉིད་ཀྱི་བྱང་ཆུབ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་དང་འདྲ་བའི་

འོད་ནི་ཡེ་ཤེས་ཀྱི་འོད་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །དེ་ལས་ཀྱང་ལྡང་ཞིང་ཉི་མ་ཤར་བ་ནི་ནང་པར་གྱི་ཉི་མ་སྟེ་དེ་དང་འོད་འདྲ་བ་ནི་མཐུ་ཆེན་པོ་སྟོན་པར་བྱེད་པའོ། །དེ་བཞིན་དུ་འཛམ་བུ་ཆུའི་གསེར་ནི་དེ་དང་འདྲ་བའི་མདོག་སྟེ། རེ་བ་ཐམས་ཅད་

རྫོགས་པར་བྱེད་པའི་རྣལ་འབྱོར་པར་འགྱུར་རོ་ཞེས་སྟོན་ཏོ། །ཨཱཿནི་རི་ལུ་ཙ་ན་ཀའི། །ཞེས་བྱ་བ་ལ་སོགས་པ་ལ། སྣང་བ་མཐའ་ཡས་པའི་རྣལ་འབྱོར་པས་ཀྱང་པདྨའི་ལྟེ་བར་ཡི་གེ་ཨཱཿབཀོད་ལ་སྔ་མ་བཞིན་དུ་དེ་ཉིད་དུ་ཡང་ཞུགས་ཏེ། རང་གི་ལྷའི་གཟུགས་

ནི་གསུང་རྡོ་རྗེ་དེ་ཉིད་དུ་ཐིམ་ལ་ཕྲ་བའི་ཙ་ན་ཀའི་འབྲུའི་ཚད་ཙམ་དེ་ཉིད་རི་ལུའི་རྣམ་པར་བསམས་ལ། གང་ཞིག་སྒོམ་པར་བྱེད་པ་སྟེ། དེ་མ་ཐག་ཏུ་ཞེས་པ་ནི་སྐད་ཅིག་མ་གཅིག་གིས་བྱང་ཆུབ་ཡེ་ཤེས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་དང་འོད་འདྲ་བ་ནི་དེ་

ཐོབ་པར་འགྱུར་རོ་ཞེས་སྟོན་ཏོ། །ཉི་མ་ཤར་བ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཧཱུཾ་ནི་རི་ལུ་ཙ་ན་ཀའི། །ཞེས་བྱ་བ་ལ་སོགས་པ་ལ། ཐུགས་རྡོ་རྗེའི་རྣལ་འབྱོར་པས་སྙིང་གའི་པདྨའི་སྣ་ལ་ཡི་གེ་ཧཱུཾ་བཀོད་ལ་དེ་ཉིད་ཆ་ཤས་ཀྱི་དབྱེ་བས་ཐིག་ལེ་

ཙམ་ལ་ཉེ་བར་བསྡུས་ལ། རང་གི་ལུས་དང་རང་གི་ལྷའི་གཟུགས་ནི་ནམ་མཁའི་དབྱིངས་ལ་ཞུགས་པའི་རྡོ་རྗེའི་རིགས་དེ་ཉིད་དུ་དགོད་ཅིང་དེ་ཉིད་ཀྱང་རི་ལུའི་རྣམ་པར་བསམས་ལ། གང་ཞིག་སྒོམ་པར་བྱེད་པ་དེ། རྡོ་རྗེའི་སྐུ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ།

དེ་དང་འོད་འདྲ་བ་ནི་དེ་ཉིད་ཐོབ་པར་འགྱུར་རོ་ཞེས་སྟོན་ཏོ། །ཉི་མ་ཤར་བ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཏིང་ངེ་འཛིན་དེ་རྣམས་ལ་ཁའི་སྒྲས་ནི་གདོང་ལ་སོགས་པའི་སྣ་བཤད་པ་ཡིན་ནོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་དང་། དོན་ཡོད་གྲུབ་

Vol. 29 · folio 165a

པའི་རྣལ་འབྱོར་པ་དག་གིས་སྨིན་མའི་བར་དང་ལྟེ་བའི་དབུས་སུ་སྔ་མ་བཞིན་དུ་སྔགས་ཀྱི་ཐིག་ལེ་བསྒོམ་པར་བྱ་སྟེ་བླ་མ་རྣམས་སོ། །དེ་ནི་རྫོགས་པའི་རིམ་པའོ། །ཉན་ཐོས་པའི་ཐེག་པ་པ་རྣམས་ཀྱིས་འགོག་པའི་སྙོམས་པར་ཞུགས་པ་དེ་ཉིད་ཡིན་ནོ། །ད་ནི་ཕྱག་མཚན་འཛིན་

པའི་སྒོ་ནས་རིག་པ་འཛིན་པའི་དངོས་གྲུབ་བཤད་པར་བྱ་བའི་ཕྱིར། མཁའ་དབྱིངས་གསལ་བའི་དཀྱིལ་གནས་པར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁའ་དབྱིངས་ནི་དེ་བཞིན་ཉིད་དོ། །དེའི་དཀྱིལ་དུ་གནས་པ་ནི་ཅིག་ཅར་དུ་རྣམ་པར་སྣང་མཛད་སྒོམ་པ་ནི་སྤྲོས་ཏེ། མདུན་དུ་ཡང་

ཡི་གེ་ཨོཾ་ལས་བྱུང་བའི་འཁོར་ལོ་བསྐྱེད་ལ། དེ་ཉིད་ཀྱིས་དུ་བ་ལ་སོགས་པའི་མཚན་མ་རྣམས་བལྟས་ལ། ལག་ཏུ་བླངས་ཏེ་འཁོར་ལོའི་རིག་པ་འཛིན་པ་ཞེས་པ་ནི། དོན་དང་མཐུན་པའི་མིང་ཅན་རྣལ་འབྱོར་པར་གྱུར་ཏོ་ཞེས་སྟོན་ཏོ། །དེ་ནས་ཞི་བ་བྱས་ལ་སེམས་ཅན་ཐམས་ཅད་རྣམ་པར་སྣང་

མཛད་ཀྱི་ཞིང་ལ་བཞག་ཅིང་དེ་ཉིད་དུ་ཇི་སྲིད་དུ་བསྐལ་པའི་བར་དུ་སེམས་ཅན་གྱི་དོན་ལ་རྩོལ་བ་དང་ལྡན་པའི་རྣལ་འབྱོར་པས་གནས་པར་བྱའོ། །འཁོར་ལོ་རིག་པ་འཛིན་པའི་སྒོམ་པ་དེ་ནི་འཁོར་ལོ་ཆེན་པོའི་རིག་པ་ནི་རྡོ་རྗེ་འཆང་ཆེན་པོ་སྔོན་དུ་བསྒོམས་ལ་ཡེ་ཤེས་འདི་ནི་ལྔ་པོ་སྟེ། དེ་

དག་གི་མཆོག་ནི་རྣམ་པར་སྣང་མཛད་བསྒོམ་པ་སྟེ། ཡེ་ཤེས་རྡོ་རྗེ་ནི་རྣལ་འབྱོར་པས་བྱ་བ་ཡིན་ནོ། །ཇི་ལྟར་ཞེ་ན། འཁོར་ལོ་ནི་བསྒྲུབ་བྱ་དང་། སྐུ་ནི་རྣམ་པར་སྣང་མཛད་ཀྱི་སྐུ་དང་། རབ་སྦྱོར་བ་ནི་མཚན་མ་ཉེ་བར་མཚོན་པ་སྟེ། རྒྱུར་གྱུར་པ་དེ་རྣམས་ཀྱིས་སོ་ཞེས་སྟོན་ཏོ། །དེ་བཞིན་དུ་འོག་

ནས་བཤད་པར་འགྱུར་བའི་ཏིང་ངེ་འཛིན་རྣམས་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པས་ཤེས་པར་བྱའོ། །མཁའ་དབྱིངས་རྡོ་རྗེ་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་ལ། མཁའ་དབྱིངས་ནི་དེ་བཞིན་ཉིད་དོ། །དེའི་དབུས་གནས་པ་ནི་དེ་ལྡང་བའི་མི་བསྐྱོད་པ་བསྒོམས་ཏེ། སྔ་མ་བཞིན་

དུ་མདུན་དུ་ཡང་ཐུགས་ཀྱི་ས་བོན་ལས་བྱུང་བའི་རྡོ་རྗེ་རྩེ་དགུ་པ་བསྐྱེད་ལ། དེ་ཉིད་མཚན་མ་ཉེ་བར་མཚོན་པར་སྔོན་དུ་འགྲོ་བར་ལག་ཏུ་བླང་ཞིང་། རྡོ་རྗེ་རིག་པ་འཛིན་པར་འགྱུར། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་འབྱུང་བར་འགྱུར་རོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །མཁའ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words