དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱུད་འགྲེལ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཤྲཱི་གུ་ཧྱ་ས་མ་ཛ་ཏནྟྲ་སྱ་ཏནྟྲ་ཊཱི་ཀཱ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 29 · folio 219a

བའི་ཁྲག་གི་རྒྱུན་སྐྱུགས་པ་དང་། སྙིང་ག་ལས་ཀྱང་དེ་ཉིད་འཛག་པ་དང་། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་འདྲེན་པ་དང་། སྲིན་པོ་དང་འུག་པ་དང་ཁྱི་དང་བྱ་རོག་ལ་སོགས་པས་སྐྲག་པར་བྱས་པ་དང་། དེ་ཉིད་ཀྱི་ཕྱིར་འཇིགས་པ་ནི་སྐྱབས་མེད་པ་སྟེ།

སྲིན་པོ་ལ་སོགས་པ་དེ་རྣམས་ཀྱིས་དུམ་བུར་བྱས་ཏེ་ཟ་བར་བསམས་པར་གྱུར་ན་དེའི་ཚེ། སངས་རྒྱས་དག་ཀྱང་ངེས་པར་འཇིག །ཅེས་པ་ནི་ཕུལ་དུ་བྱུང་བའི་ཚིག་གོ། །རིམ་པ་གཞན་གྱིས་མངོན་སྤྱོད་བཤད་པར་བྱ་སྟེ། སྦྲུལ་ནག་རབ་ཏུ་ཁྲོ་བ་ནི། །ཞེས་བྱ་བ་ལ་

སོགས་པ་ནི། ག་པེ་ག་ཙུ་དང་དུག་དང་ཁྲག་དང་། ལན་ཚྭས་ས་ལ་སྦྲུལ་ནག་པོ་བྲིས་ཏེ། དེའི་རྗེས་ལ་ཕྱོགས་བཅུ་ལ་གནས་པའི་སེམས་ཅན་ཐམས་ཅད་ལ་ཡམས་དང་གནོད་པ་འགྲོ་བ་དང་མི་འགྲོ་བའི་དུག་དང་ཉེ་བའི་དུག་ལ་སོགས་པ་ལ་ཡི་གེ་ཧཱུཾ་གིས་དེ་རྣམས་ཁ་དོག་

ནག་པོ་དུ་བའི་ཕུང་པོ་དང་འདྲ་བ་བཀུག་ལ། སྦྲུལ་དེ་ཉིད་ཀྱི་དཔྲལ་བའི་གདེངས་ཀའི་ཚོགས་ཀྱི་ནང་དུ་འཇུག་པར་བྱའོ། །དེ་ནས་སྦྲུལ་དེ་ཉིད་ཧཱུཾ་ནཱཾ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་བསྐུལ་ཏེ། །ཨོཾ་ཊ་ཊཎྚ་ད་ར་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་ཀྱིས་ཀླུའི་རྒྱལ་པོ་བརྒྱད་ཀྱི་སྙིང་པོ་དེ་

ཉིད་དུ་འཇུག་ལ། དེ་མ་ཐག་ཏུ་སྦྲུལ་བསྐྱོད་པར་འགྱུར་རོ། །དེའི་འོག་ཏུ་རྟ་མགྲིན་གྱི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་སྦྲུལ་དེ་ལ་བཀའ་སྩལ་པར་བྱ་སྟེ། སོང་ལ་ཆེ་གེ་མོ་འདི་ཟོ་ཤིག་པའོ། །དེ་ནས་སྦྲུལ་དེ་རུ་ཕྱིན་ནས་བསྒྲུབ་བྱ་དེ་ཟ་བ་ཡིན་ཏེ། འདི་ནི་ཟོས་

པས་མི་སྣང་བའི་སྦྱོར་བའོ། །ཐོ་བ་རབ་ཏུ་དྲག་པོ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་མངོན་སྤྱོད་ཀྱི་རྫས་རྣམས་ཀྱིས་དགྲ་བོའི་གཟུགས་བརྙན་བྱས་ལ། གཤིན་རྗེ་གཤེད་ལ་སོགས་པ་ལས་གང་ཡང་རུང་བའི་ཁྲོ་བོའི་གཟུགས་ལ་དམིགས་ཏེ། དེ་ཉིད་

ཀྱི་སྔགས་མིང་སྤེལ་བ་སྔོན་དུ་འགྲོ་བ་བརྗོད་ཅིང་རྡོ་རྗེ་ཐོ་བ་དང་སྟ་རེ་ལ་སོགས་པས་དགྲ་བོའི་སྙིང་གར་བརྡུངས་ན། རྡོ་རྗེ་སེམས་དཔའ་ནི་མངོན་སྤྱོད་ལ་མཁས་པ་སྟེ། དེ་ཡང་འཆི་བར་འགྱུར་རོ། །སྲུང་བ་ལ་སོགས་ཞེས་བྱ་བ་ལ་སོགས་པ་ལ། དགྲ་བོ་དེའི་ཕྱོགས་བྱེད་

Vol. 29 · folio 219b

པ་གང་ཞིང་སྲུང་བའི་སྔགས་དང་། ལྷ་རྣམས་ནི་ཙཎྜི་ཀ་ལ་སོགས་པ་སྟེ། དེ་རྣམས་ཀྱང་སྦྱོར་བ་འདི་ཉིད་ཀྱིས་ཕུར་བུས་གདབ་པར་བྱའོ། །དེའི་ཕྱིར་སྦྱོར་བ་འདིས་གསོད་པར་བྱེད་པའོ། །སྔར་བཤད་པའི་སྦྱོར་བ་རྣམས་ཀྱི་ནང་ན། མཆོག་ནི་གཙོ་བོར་གྱུར་པ་སྟེ། གཞན་གྱི་

ཕྱོགས་ཀྱང་འཇིག་པའི་ཕྱིར་རོ། །དམ་ཚིག་ཤིན་ཏུ་འདའ་དཀའ་བ། །ཞེས་བྱ་བ་ནི་འདི་ཉིད་དེ། གཞན་རྣལ་འབྱོར་པས་མི་ཐུབ་པའི་ཕྱིར་ཏེ། བསྐྱེད་པའི་རིམ་པའོ། །རྡོ་རྗེའི་ཕུང་པོར་ཇི་ཙམ་དུ། །ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས་ཅད་ཀྱི་ཇི་ཙམ་དུ་ཕུང་པོ་ནི་

ཕུང་པོ་ལྔའི་རང་བཞིན་གྱིས་ལུས་ངག་ཞིག་ཡོད་པ་དེ་ཉིད། རྡོ་རྗེ་ནི་འོད་གསལ་བས་གསད་པ་ནི་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པ་དག་གིས་བདག་ཉིད་རྟོག་པ་འོད་གསལ་བ་དེ་ཉིད་ལ་ཞུགས་པར་བསམ་པར་བྱའོ། །དེའི་ཚེ་སེམས་ཅན་དེ་རྣམས་མཉེས་པར་འགྱུར་

བ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ། །གཞན་དུ་མིན་ཞེས་པ་ནི་འོད་གསལ་བའི་གོ་འཕང་སྤངས་ནས་མ་ཡིན་ནོ་ཞེས་སྟོན་ཏོ། །འོད་གསལ་བའི་ཏིང་ངེ་འཛིན་འདིས། སངས་རྒྱས་ནི་གཟུགས་ཀྱི་ཕུང་པོ་དང་། རྡོ་རྗེ་འཛིན་ནི་ཚོར་བའི་ཕུང་

པོ་དང་། སྟོན་པ་ནི་འདུ་ཤེས་ཀྱི་ཕུང་པོ་དང་། རྡོ་རྗེ་ཆོས་ནི་འདུ་བྱེད་ཀྱི་ཕུང་པོ་དང་། རྡོ་རྗེ་ཅན་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། ལྔ་པོ་དེ་དག་བསམ་གཏན་སྦྱོར་བ་ནི། ཏིང་ངེ་འཛིན་འདིས་འཆི་བར་གྱུར་པ་ནི་འོད་གསལ་བ་ཉིད་དུ་གྱུར་པའོ། །རྡོ་རྗེ་ཐུགས་ཀྱི་བཀའ་

བཞིན་དུ་ཞེས་པ་ནི་ཡིད་ཆེས་པའི་ཕྱིར་རོ། །དྲག་པོ་ཆེན་པོ་ནི་གསོད་པའི་བསམ་གཏན་དང་། དམ་ཚིག་ནི་འོད་གསལ་སྒོམ་པ་སྟེ། དེ་དག་གང་ལས་བྱུང་བ་དེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། མངོན་པར་བྱང་ཆུབ་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་

འཛིན་ནི་རྡོ་རྗེའི་ཕྱག་མཚན་དང་ལྡན་པའོ། །དྲག་པོའི་ལས་ལ་མཛད་པས་ན་རྒྱལ་པོའོ། །གདུག་པ་ཐམས་ཅད་སྟོང་པ་ཉིད་དུ་མཛད་པས་ན་ཐམས་ཅད་ནམ་མཁའོ། །དེ་ལྟར་ཡིན་ན་ཡང་། ཐུབ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་གོ་འཕང་ཐོབ་ཏུ་འཇུག་པས་ན་ཐུབ་ཆེན་

Vol. 29 · folio 220a

པོའོ། །ཐམས་ཅད་དབང་བསྐུར་བ་ནི་དྲག་པོའི་ལས་ལ་འཇུག་པའི་ཕྱིར་རོ། །བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཁམས་འདུལ་བར་མཛད་པས་ན་རྫོགས་སངས་རྒྱས་སོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ནི་དེ་ཁོ་ན་ཉིད་དང་། རྡོ་རྗེ་ནི་དྲག་པོའི་

ལས་བཀའ་སྩལ་པ་སྟེ་བསྐྱེད་པའི་རིམ་པའོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་དེ་བཞིན་གཤེགས་པ་རྣམས། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །རྡོ་རྗེ་ཐེག་པ་ནི་སྔགས་ཀྱི་ཚུལ་ཏེ་རང་བཞིན་གྱིས་དག་པ་དང་། བླ་ན་མེད་པ་ནི་ཕུལ་དུ་བྱུང་བ་སྟེ།

གང་དུ་ཐོག་མ་ནས་མ་སྐྱེས་པའི་ཆོས་རྣམས་ནི་ཕུང་པོ་ལ་སོགས་པ་སྟེ། དེ་ལ་རྒྱལ་བ་རྣམས་ཀྱིས་ནི་ཁོ་བོ་ཅག་གིས་སྐྱེ་བར་བསྟན་པ་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་དང་སྒྲུབ་པའི་དབྱེ་བ་སྟེ། དེ་ལ་ཞི་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་སྤྲོས་པ་དེ་རྣམས་ལ། ཕྲན་ཚེགས་

ནི་གདུག་པའི་སེམས་ཅན་རྣམས་ཀྱི་སྒྲུབ་པ་ནི་གསོད་པ་ལ་སོགས་པ་དེ་ཉིད་ལས་ཡིན་པ་སྟེ། དེའི་འཁོར་ལོའི་ཚོགས་ཡིན་ནོ། །སྦྲུལ་ནི་མི་སྡུག་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྒྱུས་ཀྱི་སོལ་བ་ནི་མཚོན་ཆས་ཤི་བའི་སྐྱེས་པའི་སོལ་བའི་རྡོ་རྒྱུས་ཀྱིས་ལྕེ་གཉིས་པ་སྟེ་

སྦྲུལ་ནག་པོ་ས་ལ་བྲིས་ཏེ། དེའི་གདིངས་ཀའི་ནང་ན་ཡི་གེ་ཁཾ་བཀོད་ལ། དེ་ལ་ཀླུ་ཁྲོ་བོ་ནི་ནོར་རྒྱས་ཀྱི་བུ་ལ་སོགས་པའི་སྙིང་གར་གནས་པའི་དུག་དང་། དེ་བསྐུལ་བ་ནི་དེ་ཉིད་དགུག་པ་བྲིས་པའི་སྦྲུལ་གྱི་ཁའི་དབུས་སུ་ཡི་གེ་ཁཾ་ལ་བཞག་ཅིང་། སྦྲུལ་དེ་ཉིད་ཀླུའི་

རྒྱལ་པོ་ཐམས་ཅད་ཀྱི་དུག་གིས་ཡོངས་སུ་གང་བར་བསམས་ལ། དེ་ནས་སྦྲུལ་དེ་བསྐྱོད་པས་ཆེ་གེ་མོ་སོད་ཅིག་ཅེས་བསྐུལ་ན་བསྒྲུབ་བྱ་དེས་འཆི་བར་འགྱུར་རོ། །དུག་སེལ་བ་བཤད་པར་བྱ་སྟེ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དུག་ཐམས་ཅད་ནི་དུག་དང་ཉེ་བའི་

དུག་རྣམས་ཏེ། དེ་དག་འབྱིན་པ་ནི་དགུག་པ་སྟེ། དེ་ལ་སྙིང་པོ་ས་བོན་ཏེ་ཡི་གེ་ཧྲིའོ། །ཡི་གེ་འདིས་ཁམས་གསུམ་པར་གནས་པའི་འགྲོ་བ་དང་མི་འགྲོ་བའི་དུག་བཀུག་ལ། སྦྲུལ་གྱི་ལུས་ལ་ཞུགས་པར་བྱ་སྟེ། དེའི་ཚེ་སྦྲུལ་དེ་ཉིད་དུག་གི་རྒྱ་མཚོར་གྱུར་ཅིང་གང་

Vol. 29 · folio 220b

ལ་རེག་པ་དེ་དང་ཇི་སྲིད་འགྲོ་བ་རྣམས་ཀྱང་འཆི་བར་འགྱུར་རོ། །དེ་བཞིན་དུ་སྡིག་པ་དང་སྦལ་པ་ལ་སོགས་པའི་སེམས་ཅན་ཕྲན་ཚེགས་བསྒྲུབ་པར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དུག་ནི་རྣམ་པ་གཉིས་ཏེ། སྤོ་བ་ནི་གནས་ལས་གནས་གཞན་དུ་སྤོ་བ་སྟེ།

དེ་ལ་སྙིང་པོ་ནི་ས་བོན་ཏེ་ཡི་གེ་ཨོཾ་མོ། །ལྟ་བ་དང་དྲན་པ་དང་རེག་པ་ལ་སོགས་པའི་དུག་གང་ཡིན་པ་དེ་ནི་རེ་ཞིག་དང་པོར་སྔར་བཤད་པའི་རིམ་པས། ནམ་མཁའི་རྡོ་རྗེ་དཀྱིལ་འཁོར་ནི་བསྒྲུབ་བྱའི་ལུས་ལ་འཇུག་ཅིང་ཡི་གེ་ཨོཾ་གྱིས་སྤྱི་བོར་བཅིང་བར་བྱ་སྟེ། དེ་ནི་འཇུག་

པའི་རང་བཞིན་ཡིན་པའི་ཕྱིར་རོ། །དུག་གི་དམ་ཚིག་ཆེན་པོ་ནི་དགུག་ཅིང་འཇུག་པ་སྟེ། དེ་ལ་རྡོ་རྗེ་ནི་བརྟན་པའི་རྡོ་རྗེ་འཆང་གིས་དེ་སྐད་བཀའ་སྩལ་ཏོ་ཞེས་པ་དང་སྦྱར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དུག་གསོ་བ་ནི་སེལ་བ་སྟེ། དེ་ལ་དམ་ཚིག་ནི་བསྒོམ་པ་

སྟེ། རྡོ་རྗེ་སྙིང་པོ་ནི་མི་བསྐྱོད་པའི་རྡོ་རྗེ་སྟེ། ཡི་གེ་ཧཱུཾ་ངོ་། །ཡི་གེ་འདི་དཀར་པོ་སྒྲུབ་བྱའི་སྙིང་གར་བསམས་ལ། དེ་ལས་བྱུང་བའི་ཟླ་བ་དང་འདྲ་བའི་འོད་ཟེར་གྱི་འཁོར་ལོས། གནས་བཞི་ནི་པགས་པ་དང་ཤ་དང་ཁྲག་དང་གླད་པ་སྟེ། དེ་ལ་གནས་པའི་དུག་

སྦྱོར་བ་ནི་འོད་ཟེར་གྱི་སྦྱོར་བས་དགུག་སྟེ། འབྱུང་བར་གྱུར་པ་ནི། ཐམས་ཅད་བསྡུས་ནས་ལྐོག་མའི་རྩར་ཕྱིན་པའོ། །དེའི་རྗེས་ལ་ལན་གསུམ་མམ་གཉིས་ཀྱི་བར་དུ་དེ་ལས་བསྐུལ་ཞིང་ནད་པའི་ཁས་སྐྱུག་པར་བསམ་པར་བྱའོ། །ནམ་མཁའི་ཁམས་ཞེས་བྱ་བ་ལ་

སོགས་པ་ནི་ཕུལ་དུ་བྱུང་བའི་ཚིག་གོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཉེ་བའི་དུག་ནི་ནད་ཀྱིས་བྱས་པའི་དུག་རྣམས་ཏེ། དེ་རྣམས་ཐམས་ཅད་དྲང་བ་ནི་སེལ་བ་སྟེ། དེ་ལ་སྙིང་པོ་ནི་ཡི་གེ་ཨཱཿསྟེ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་བདུད་རྩིའི་ས་བོན་ནོ། །འབྲས་

དང་ཕོལ་མིག་ཅེས་བྱ་བ་ལ་སོགས་པ་ལ། འབྲས་ལ་སོགས་པའི་ནད་རྣམས་དང་། །གཞན་ནི་མཚན་རུལ་དང་སྐྲན་དང་། སྐྲངས་པ་ལ་སོགས་པ་དང་། མཛེའི་རྣམ་པ་བཅོ་བརྒྱད་དེ། དེ་རྣམས་ཀྱིས་ནོན་པའི་ནད་པ་རྣམས་ཀྱི་སྙིང་གར་གསུང་གི་ས་བོན་བཀོད་ལ་དེས་ཀྱང་

Vol. 29 · folio 221a

སྔ་མ་བཞིན་དུ་པགས་པ་ལ་སོགས་པར་གནས་པའི་དུག་བཀུག་ཅིང་སྒོ་གཉིས་ལས་སྐྱུགས་པར་བསམ་པར་བྱའོ། །དེའི་ཚེ་དེ་རྣམས་ལས་བྱུང་བའི་དུག་མེད་པས་ལུས་ཀྱི་ནད་རྣམས་ཞི་བར་འགྱུར་རོ། །ཕྱག་ན་རྡོ་རྗེ་བཀའ་བཞིན་ཞེས་པ་ནི་ཡིད་ཆེས་པའི་

ཚིག་གོ། །བསྒོམ་པ་གཞན་བཤད་པར་བྱ་བའི་ཕྱིར། པདྨ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་དང་པོ་རྣལ་འབྱོར་པས་ལག་པ་གཡས་པ་ལ་ངག་གི་དབང་ཕྱུག་གི་ས་བོན་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པ་བསྒོམས་ཏེ། དེའི་ལྟེ་བར་གནས་

པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡང་ངག་གི་ས་བོན་དེ་ཉིད་བཀོད་ལ། འདབ་མ་བརྒྱད་པོ་ལ་ཡང་། འོད་ཟེར་ལྔ་རྫོགས་པ་ནི་དབྱངས་ཀྱི་སྡེ་ཚན་བཀོད་ཅིང་དེ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་ཆུ་བྱིན་གྱིས་བརླབས་ལ། གང་ལ་བྱིན་པ་དེ་ནི་དེ་མ་ཐག་ཏུ་དུག་དང་བྲལ་བར་

འགྱུར་རོ། །ཁྱད་པར་བཤད་པར་བྱ་སྟེ། སྡུག་པ་ནི་དུག་སྤོ་བ་ལ། དམ་ཚིག་གནག་ནི་ས་བོན་དང་བདག་ཉིད་བསྒྲུབ་བྱ་རྣམས་ནག་པོར་བསྒོམ་པར་བྱའོ། །བསྐུལ་བ་ནི་དུག་སེལ་བ་ལ་དེ་རྣམས་དཀར་པོར་བསྒོམ་མོ་ཞེས་དགོངས་པའོ། །བསམ་གཏན་གནས་ཞེས་བྱ་བ་ལ་

སོགས་པ་ལ། བསམ་གཏན་ནི་ཏིང་ངེ་འཛིན་ཏོ། །ཇི་ལྟ་བུ་ཞེ་ན། གནས་ནི་སྔགས་པའི་འགྲོ་བའི་དོན་གྱི་གནས་སུ་གྱུར་པ་དང་། གསང་བ་ནི་ཉན་ཐོས་ལ་སོགས་པ་ལ་སྦ་བར་བྱ་བ་དང་། གསང་ཆེན་ནི་ཞལ་གྱི་མན་ངག་ལ་གནས་པ་སྟེ། ཤོ་བེ་ལ་སོགས་པ་ལ་ནི་མ་

ཡིན་ནོ། །ཡེ་ཤེས་དྲི་མེད་ནི་རྣམ་པར་དཔྱད་ན་དེ་ཁོ་ན་ཉིད་མངོན་དུ་བྱེད་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཕྱི་ནི་སེམས་དང་ལྡན་པ་དང་སེམས་དང་མི་ལྡན་པ་ལ་སོགས་པས་བྱས་པའི་སྐྱོན་རྣམས་སོ། །ནང་གི་ནད་ནི་རླུང་དང་མཁྲིས་པ་དང་བད་ཀན་ཚོགས་པ་བྱས་

ཏེ། དེ་རྣམས་གསོ་བ་ནི་སེལ་བ་སྟེ། དེ་ལ་སྙིང་པོ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་སྟེ། དེ་ཉིད་སྦས་པའི་རྣམ་པས་སྨྲ་བའི་ཕྱིར་སྔགས་དང་། ཡི་གེ་ནི་ནད་སེལ་བ་ལ་བརྟེན་པའི་ནུས་པ་དང་ལྡན་པའི་ཕྱིར་རོ། །ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པ་ལ།

Vol. 29 · folio 221b

སྔགས་དེ་རྣམས་སྐུ་གསུང་ཐུགས་ཀྱི་དེ་བཞིན་གཤེགས་པའི་རིགས་གསུམ་སྐྱེད་པར་བྱེད་པ་སྟེ། དེ་ཉིད་ཀྱི་ཕྱིར་གང་ཞིག་ཡི་གེའི་ཚིག་ནི་དེ་བཞིན་གཤེགས་པའི་སྐུ་སྟེ། དད་པས་ཡོན་ཏན་ཐོབ་འགྱུར་བ་ནི་གང་ཞིག་དད་པའི་མོས་པའི་དབང་གིས་རྣལ་འབྱོར་པས་མངོན་པར་འདོད་

པ་དེ་ལྟ་བུའི་དེ་བཞིན་གཤེགས་པའི་སྐུ་བསྒོམ་པར་བྱའོ། །ཅིའི་ཕྱིར་ཞེ་ན། ནད་ཀྱི་རྡོ་རྗེ་བསྐུལ་བ་ཡིས། །ཞེས་པ་ནི་སྔར་བཤད་པའི་རྡོ་རྗེ་བཞིན་དུ་མི་ཐུབ་པའི་ནད་རྣམས་བསྐུལ་བ་ནི་སེལ་བ་སྟེ་དེའི་ཕྱིར་རོ། །དེ་ལྟར་བདག་ཉིད་ཀྱིས་བསྒོམ་པ་བྱས་ལ་ནད་ཀྱིས་ཟིན་པ་

གང་ཞིག་ཡོད་པ་དེ་རྣམས་དེའི་སྙིང་ག་ལས་སྤྲེའུ་དང་འདྲ་བའམ། ཁྱི་ལ་སོགས་པ་འདྲ་བ་སྟེ། དེ་ཉིད་ཀྱི་ལུས་ངག་ཡིད་ལས་བྱུང་ཞིང་ཕྱི་རོལ་དུ་བལྟས་ཏེ། འོད་ཟེར་འབར་བའི་འཁོར་ལོ་དང་རྡོ་རྗེ་ལ་སོགས་པ་དེ་རྣམས་ཀྱི་ལུས་ལ་སོགས་པ་ཕྱེ་མར་བརླག་པར་བསྒོམ་པར་

བྱའོ། །དེའི་རྗེས་ལ་ནད་རྣམས་འཇིག་པས་རྫོགས་སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་དེའི་ཕུང་པོ་རྣམས་དང་། མིག་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་རྣམས་དགོད་པར་བྱའོ། །དེའི་རྗེས་ལ་ནད་པ་དེ་ཉིད་ཀྱི་ལུས་ལ་སོགས་པ་ལ། ནམ་མཁའ་ལ་

བཞུགས་པའི་སངས་རྒྱས་རྡོ་རྗེ་འཆང་གི་སྤྲིན་རྣམས་འོད་ཟེར་གྱི་ངོ་བོར་ཞུགས་པར་བསྒོམས་ན་དེའི་ཚེ་ནད་ལས་ཐར་པར་འགྱུར་བ་སྟེ་བསྐྱེད་པའི་རིམ་པའོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། །ཞེས་བྱ་བ་ལ་སོགས་པ་ལ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ནི་

རླུང་བཅུ་དང་། བྱང་ཆུབ་སེམས་དཔའ་ནི་རང་བཞིན་རྣམས་དང་། བློ་ལྡན་ནི་ཡེ་ཤེས་རྣམས་ཏེ། དེ་དག་ཐམས་ཅད་ཁྲོས་པ་ནི་དེ་རྣམས་ཉེ་བར་སྡུད་པར་བྱེད་པ་ལ་རྩོལ་བ་དང་ལྡན་པའི་རྣལ་འབྱོར་པས་བསམ་པ་ནི་འོད་གསལ་བ་ཉིད་དུ་བྱའོ། །འཆི་བར་བྱེད་པ་དམ་པ་ཡིན། །ཞེས་

པ་ནི། དོན་དམ་པའི་ངོ་བོ་མི་སྣང་བར་བྱེད་པ་དེ་ཡིན་ནོ་ཞེས་སྟོན་ཏོ། །བསམ་གཏན་སྦྱོར་བ་ནི་ཏིང་ངེ་འཛིན་གྱི་སྦྱོར་བ་འདིས་ལས་ལས་སྐྱེས་པ་ནི་ལས་སྐྱེས་ཏེ། ཡན་ལག་བཅུ་གཉིས་པའི་འཁོར་བའི་འཁོར་ལོ་སྟེ། གྲགས་པ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ཡིན་པ་

Vol. 29 · folio 222a

སྟེ། བརྒྱ་རྩ་བརྒྱད་བཟླས་པ་ནི་བརྒྱད་ཀྱིས་ལྷག་པའི་བརྒྱའི་བཟླས་པ་སྟེ་རྡོ་རྗེ་བཟླས་པས། ཉི་མ་བདུན་གྱིས་མ་རིག་པའི་ངོ་བོའི་རང་བཞིན་རྣམས་འགགས་པས་འཇིག་པར་འགྱུར་རོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། བདག་གི་སྔགས་རྒྱལ་ནི་བདག་ལ་བྱིན་གྱིས་བརླབ་

པའི་རིམ་པ་སྟེ། དེའི་སྒོ་ནས་རྡོ་རྗེ་བསམ་གཏན་ནི། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེ་ལས་བྱུང་བ་ནི་གང་ཞིག་སྤྲོ་བའི་རྣམ་པ་སྟེ། དེ་ཉིད་ཀྱིས། ནད་རྣམས་ཐམས་ཅད་དེ་རྣམ་པར་རྟོག་པ་ཐམས་ཅད་ཟད་པར་འགྱུར་རོ། །དེ་ཡང་ནད་རྣམས་ཐམས་ཅད་ཀྱི། དམ་ཚིག་ནི་འཁོར་བའི་

ཞགས་པར་གྱུར་པའི་ནད་རྣམས་ཀྱི་དམ་ཚིག་སྟེ་ཡང་དག་པར་བྲལ་བར་བྱེད་པའོ། །གཞན་ཡང་འདའ་དཀའ་བ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་སྤང་བར་མི་བྱ་བ་སྟེ། སེམས་རྣམ་པར་དག་པ་དང་རྡོ་རྗེ་བཟླས་པ་དང་། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་

རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་ཕྱག་རྒྱ་ཆེན་པོ་སྟེ་དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །འོད་གསལ་བ་ཉིད་དུ་མཛེས་ཤིང་སྣང་བས་ན་རྒྱལ་པོའོ། །ཡེ་ཤེས་ནི་ལྔ་སྟེ་དེ་རྣམས་ཉིད་མ་རིག་པ་འགུགས་པའི་ཕྱིར་སྐྱོ་བ་སྟེ། དེའི་སྒོ་ནས་འོད་པོ་ཆེ་ནི་ཕུལ་དུ་བྱུང་བ་ཐོབ་

པའོ། །འདོད་པ་ནི་སྤྱོད་པ་རྣམ་པ་གསུམ་སྟེ། དེ་ཉིད་ཀྱིས་གང་ཞིང་རྡོ་རྗེ་ཆེ་ནི་བྱང་ཆུབ་རྣམ་པ་གསུམ་གང་གིས་ཐོབ་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བཅོམ་ལྡན་འདས་དེས་གསུང་འདི་ནི་འོག་ནས་འཆད་པར་འགྱུར་བའི་གསུང་བཀའ་སྩལ་པ་སྟེ། རྫོགས་པའི་རིམ་པ་དང་སྒྲུབ་པ་

དག་གོ། །ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། ཆོས་རྣམས་ནི་ཕུང་པོ་ལ་སོགས་པ་སྟེ། དེ་རྣམས་རྨི་ལམ་ལྟ་བུ་ཡིན་པ་སྟེ། དེ་བཞིན་དུ་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ནི་ལྷའི་རྣམ་པ་རྣམས་སོ། །གཉི་ག་དེ་དག་ཀྱང་རང་བཞིན་དག་པ་ནི་འོད་གསལ་བའི་ངོ་བོ་དང་།

དེ་ཉིད་ནི་ངོ་བོ་དེ་ཉིད་ཀྱིས་གནས་པ་སྟེ། རྟག་པ་དང་ཆད་པ་ལ་སོགས་པ་དང་བྲལ་བ་དེ་རྣམས་ཀྱི་ནང་ན་འཁྲུལ་པ་ནི་རྨི་ལམ་སྟེ། དེ་ཉིད་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པའི་ཕྱིར་རམ། འབྲས་བུ་ངན་པ་རྩོལ་བའི་ཕྱིར་རྡོ་རྗེ་གསུང་པ་སྟེ་བཤད་པའོ། །དེ་བས་ན་འདི་དག་ཐམས་ཅད་

Vol. 29 · folio 222b

ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་སྟེ། སྒྱུ་མའི་རྣམ་པར་འཕྲུལ་པ་ཡིན་ནོ་ཞེས་ཤེས་པར་གྱིས་ཤིག་པའོ། །དེ་ཉིད་བཤད་པར་བྱ་སྟེ་བསམ་གཏན་བཟླས་པ་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོ་ནི་རྣལ་འབྱོར་པ་རྣམས་ཏེ། བསམ་གཏན་བཟླས་པའི་བརྩོན་པ་ནི།

བསམ་གཏན་དང་བཟླས་པ་ལ་སོགས་པ་དང་ལྡན་པ་དེ་རྣམས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཐོང་བར་འགྱུར་རོ། །ཇི་ལྟར་ཞེ་ན། དབྱེ་བ་རྣམ་པ་གཉིས་སུ་ཞེས་པ་ནི་རླུང་ལ་སོགས་པ་འཁྲུགས་པ། དེ་མེད་པ་མཐོང་བས་ནི་རྨི་ལམ་མཐོང་བར་འགྱུར་རོ། །

དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་འདི་ཞེས་པ་ནི་རྨི་ལམ་རྣམ་པ་གཉིས་པ་ལའོ། །རྨི་ལམ་ཆེན་པོ་ནི་བཟང་བ་དང་ངན་པའི་རྨི་ལམ་རྣམས་ཀྱི་དམ་ཚིག་ནི་དེ་རྣམས་མཐོང་བའོ། །བྱང་ཆུབ་ཡེ་ཤེས་མཆོག་ཐོབ་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། འོད་ཟེར་དང་ལྡན་པའི་སངས་རྒྱས་

བཅོམ་ལྡན་འདས་གལ་ཏེ་མཐོང་བའམ། རང་གི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་གྱིས་སངས་རྒྱས་མཐོང་ན་རྣལ་འབྱོར་པ་དེ་སེམས་ཅན་ཆེན་པོ་ཁམས་གསུམ་པ་ནི་ལྷ་ཆེན་པོ་དང་ཁྱབ་འཇུག་ལ་སོགས་པས་མཆོད་པར་འགྱུར་ཏེ། རྨི་ལམ་གྱི་རྣམ་པར་

སྨིན་པའོ། །སྤྲུལ་པའི་སྐུ་བཤད་པར་བྱ་སྟེ། ཡེ་ཤེས་ཆེན་པོའི་འོད་འདྲ་བའི་གཟུགས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་བྱང་ཆུབ་སེམས་དཔའ་ནི་མི་བསྐྱོད་པ་ལ་སོགས་པ་དང་། སའི་སྙིང་པོ་ལ་སོགས་པས་འདོད་པའི་ཡོན་ཏན་ལྔ་ནི་གཟུགས་རྡོ་རྗེ་མ་ལ་

སོགས་པས་མཆོད་པ་བྱས་པ་དང་། ཡེ་ཤེས་ཆེན་པོ་ནི་ཉི་མ་སྟེ། དེའི་འོད་དང་འདྲ་བ་ནི་དེའི་མདངས་དང་མཉམ་པ་དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ་དང་། གཟུགས་ཆེན་ནི་རྣམ་པར་སྣང་མཛད་དང་། རྡོ་རྗེ་ཆོས་ནི་སྣང་བ་མཐའ་ཡས་དང་།

གྲགས་པ་ཆེན་པོ་ནི་རིན་ཆེན་འབྱུང་ལྡན་དང་། གསང་བ་རྡོ་རྗེ་ནི་དོན་ཡོད་གྲུབ་པ་དང་། གྲགས་ཆེན་ནི་རྡོ་རྗེ་སེམས་དཔའོ། །རང་གི་གཟུགས་ནི་རང་གི་བདག་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་བསྐོར་ཞིང་ཕྱག་

Vol. 29 · folio 223a

བཙལ་བར་བྱས་པར་རྨི་ལམ་མཐོང་ན་དེའི་ཚེ་རྣལ་འབྱོར་པ་དེ་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཡུན་རིང་མ་ཡིན་པས་འབྱུང་བ་སྟེ་འབྲས་བུ་བསྟན་པའོ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པའི་ཞེས་བྱ་བ་ལ་སོགས་པ་ལ།

རྒྱན་དང་བཅས་པའི་ལྷའི་བུ་མོའམ་ཁྱེའུ་རྨི་ལམ་དུ་གལ་ཏེ་མཐོང་ན། དེའི་ཚེ་དངོས་གྲུབ་ནི་ཞི་བ་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ་འབྲས་བུ་བསྟན་པའོ། །ཕྱོགས་བཅུའི་སངས་རྒྱས་ནི་སངས་རྒྱས་ཀྱི་ཞིང་ལ་གནས་པའི་མི་བསྐྱོད་པ་ལ་སོགས་པ་རྣམས་གང་ལ། ཆོས་

མཆོག་ནི་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལ་སོགས་པའི་པོ་ཏི་སྩོལ་བ་མཐོང་བ་དང་། དེ་རྣམས་ཀྱང་དེ་ལ་བཞུགས་པར་མཐོང་བ་དང་། རང་གི་བདག་ཉིད་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སངས་རྒྱས་ཐམས་ཅད་ཀྱིས་བསྐོར་བ་རྨི་ལམ་དུ་མཐོང་ན་དེ་ནི། དམ་ཚིག་སྦྱོར་བ་ནི་

ཏིང་ངེ་འཛིན་དང་སྤོབས་པ་རྣམས་དང་། བསམ་གཏན་རྡོ་རྗེ་ནི་མི་གཡོ་བའི་ཏིང་ངེ་འཛིན་གྱི་ངོ་བོའི་དེ་ཁོ་ན་ཉིད་ལ་ཞུགས་པར་འགྱུར་ཏེ་འབྲས་བུ་བསྟན་པའོ། །དེ་བཞིན་དུ་ཀུན་དགའ་ར་བ་དང་། སྐྱེད་མོས་ཚལ་ནི་རྩྭ་མཆོག་དང་། ཤིང་དྲུང་དང་། མེ་ཏོག་དང་། འབྲས་བུ་ལ་སོགས་

པས་རྒྱས་པའི་ངལ་སོ་བའི་གནས་རྣམ་པ་སྣ་ཚོགས་པའི་ལྷའི་བུ་རྣམས་ཀྱིས་མི་གང་ལ་རྨི་ལམ་ན་དབང་བསྐུར་བ་སྩོལ་བ་དེ་ནི། བསམ་གཏན་དམ་ཚིག་ནི་ཏིང་ངེ་འཛིན་གྱི་དུས་སུ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ་འབྲས་བུ་བསྟན་པའོ། །དེ་བཞིན་དུ་སངས་

རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་གང་ལ་རྨི་ལམ་ན་དབང་བསྐུར་བ་སྩོལ་བ་དེ་ནི་རིག་པ་འཛིན་པའི་རྒྱལ་པོས་མཆོད་པར་འགྱུར་ཏེ་འབྲས་བུ་བསྟན་པའོ། །རྡོ་རྗེ་ལས་བྱུང་སྣ་ཚོགས་པའི། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལས་བྱུང་བ་ནི་དགེ་བའི་དབང་གིས་བྱུང་བ་སྟེ།

སྣ་ཚོགས་པ་ནི་རྣམ་པ་དུ་མའི་རྨི་ལམ་དྲི་མེད་ནི་དགེ་བའི་རྨི་ལམ་གལ་ཏེ་མཐོང་ན་དེའི་ཚེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་ལས་བྱུང་བའི་བླ་ན་མེད་པའི་དེ་ཁོ་ན་ཉིད་འགྲུབ་པར་འགྱུར་རོ། །རྨི་ལམ་གྱི་འབྲས་བུའོ། །རྨི་ལམ་ངན་པ་བཤད་པར་བྱ་སྟེ། གདོལ་བ་ཞེས་

Vol. 29 · folio 223b

བྱ་བ་ལ་སོགས་པ་ལ། གདོལ་པ་ནི་མཚོན་ཆ་འཛིན་པ་རྣམས་དང་། ཁྱི་ལ་སོགས་པ་ནི་ཁྱི་ལ་སོགས་པའི་སྲོག་ཆགས་ངན་པ་རྣམས། གལ་ཏེ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་མཐོང་ན་དེའི་ཚེ། བློ་ལྡན་ནི་ཤེས་རབ་ཅན་དེས་དམ་ཚིག་ཉམས་པ་སེལ་ཞིང་། ཚོགས་ཀྱི་འཁོར་

ལོས་མཆོད་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ནི་རྣལ་འབྱོར་དེའི་སེམས་ཀྱི་གནས་ནི་ཞེས་པ་རྡོ་རྗེ་སེམས་དཔའ་དང་འདྲ་བའི་ལུས་འགྲུབ་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ནི་རྨི་ལམ་གྱི་སྐབས་སུའོ། །རྨི་ལམ་རྣམ་པར་དཔྱད་པ་ནི་ཡོད་པ་དང་མེད་པ་

དག་ལས་གྲོལ་བ་ཉིད་དེ། དེའི་དམ་ཚིག་ནི་སྒོམ་པ་སྟེ། དེ་ཉིད་རྩེ་གཅིག་པར་གྱུར་པས་ཐོབ་པའི་ཕྱིར་སྙིང་པོའོ། །རང་སེམས་ཞེས་བྱ་བ་ལ་སོགས་པ་ལ། རང་སེམས་ནི་རྣམ་པར་ཤེས་པ་དྲུག་གི་ངོ་བོའི་སེམས་ཏེ། དེ་ཉིད་སེམས་དམིགས་པ་ནི་ཡང་དག་པར་རྣམ་པར་དཔྱད་པར་བྱ་

སྟེ། གཅིག་དང་དུ་མ་བྲལ་བའོ། །དེས་བྱས་པས་ཆོས་རྣམས་ཐམས་ཅད་ནི་སེམས་ཅན་དང་སྣོད་ཀྱི་རང་བཞིན་གྱི་ཆོས་རྣམས་སེམས་དམིགས་པ་དེ་ཉིད་ཀྱི་ངོ་བོ་ལ། རབ་ཏུ་གནས་པ་ནི་དེ་ཉིད་དུ་ཐིམ་པར་འགྱུར་བའོ། །དེ་བས་ན་ནམ་མཁའི་དབྱིངས་བཞིན་དུ་དེ་རྣམས་གཟུང་

བར་མི་ནུས་པ་དང་། བརྗོད་པར་མི་ནུས་པའོ། །དེ་བས་ན་ཆོས་ནི་ཕུང་པོ་ལ་སོགས་པ་མེད་པ་དང་། ཆོས་ཉིད་མེད་པ་ནི་སྟོང་པ་ཉིད་ལས་ཐ་དད་པ་མ་ཡིན་ནོ་ཞེས་ཚིག་གི་ལྷག་མ་སྟེ། ཇི་སྲིད་དེ་ཉིད་རྨི་ལམ་རྣམ་པར་དཔྱད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ངོ་མཚར་དུ་

གྱུར་པ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཐོས་པ་དང་། རྨད་དུ་གྱུར་པ་ནི་རྨི་ལམ་དང་དེའི་འབྲས་བུ་ཐོས་པས། ཐེ་ཚོམ་གཅོད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་སྐད་ཞུས་པ་སྟེ། ཀྱེ་བཅོམ་ལྡན་འདས་འདི་

ཅི་ཞིག་ངོ་མཚར་བ་ལགས། གང་གི་ཕྱིར། ཆོས་རྣམས་ངོ་བོ་མེད་པ་ལ། །ཞེས་པ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཕུང་པོ་ལ་སོགས་པ་ལ། ཆོས་ནི་རྨི་ལམ་རྣམས་དང་དེ་ཉིད་ནི་དེ་རྣམས་ཀྱི་འབྲས་བུའང་བཤད་པ་དེ་ནི་ངོ་མཚར་བའོ། །ནམ་མཁའ་ལས་ནམ་མཁའ་དང་སྟོང་པ་

Vol. 29 · folio 224a

ལས་སྟོང་པ་འབྱུང་བའོ་ཞེས་དགོངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཆང་གིས་དེ་རྣམས་ལ་འདི་སྐད་གསུངས་པ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་དེ་བཞིན་གཤེགས་པ་རྣམས་ཉོན་ཅིག །ནམ་མཁའ་ནི་གཟུགས་ལ་སོགས་པ་ཆོས་

གང་དང་ཡང་མི་ལྡན་ཏེ། ཐོགས་པ་མེད་པ་དང་བསྟན་དུ་མེད་པའི་ཕྱིར་རོ། །མི་ལྡན་པ་ཡང་མ་ཡིན་ཏེ་ཁྱབ་བྱེད་ཀྱི་ཕྱིར་རོ། །དེ་བཞིན་དུ་ནམ་མཁའ་དེ་ལ་ང་རྒྱལ་འདི་ལྟ་བུ་ཡོད་པ་མ་ཡིན་ཏེ། ང་ནི་ཐམས་ཅད་དུ་འགྲོ་བ་ནི་ཁྱབ་བྱེད་དང་། ཐམས་ཅད་ཀྱི་རྗེས་སུ་ལྟ་བ་ནི་བསྟན་དུ་མེད་

པའོ། །དེ་བཞིན་དུ་རྨི་ལམ་དང་དེའི་འབྲས་བུ་དག་ལ་ནམ་མཁའི་དཔེས་མཉམ་པ་ཉིད་དུ་ཤེས་པར་གྱིས་ཤིག་པའོ། །དཔེ་ལས་བྱུང་བ་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དཔེར་ན་ནམ་མཁའ་ནི་ཐོགས་པ་མེད་པ་དང་། བལྟར་མི་སྣང་བ་

ནི་གཟུགས་ལ་སོགས་པ་བཞིན་དུ་གནོད་པར་མི་འགྱུར་བ་སྟེ། འདིར་ནི་འདི་ཡིན་ནོ་ཞེས་ཤེས་པ་བཞིན་དུ་བསྟན་དུ་མེད་པ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་ཤེས་པར་གྱིས་ཤིག་པའོ། །ལུས་ལ་སོགས་པ་ཐ་དད་པས་དཔེ་བསྟན་པར་བྱ་སྟེ། ཆོས་ཐམས་

ཅད་ནི་ཁམས་གསུམ་ན་གནས་པའི་སེམས་ཅན་རྣམས་ཀྱིས་ལུས་ངག་ཡིད་རྣམས་སྟོང་པའི་རང་བཞིན་ཡིན་པའི་ཕྱིར་རྡོ་རྗེ་དང་། ཀུན་རྫོབ་ཀྱི་ངོ་བོ་ཡིན་པའི་ཕྱིར་གནས་ཏེ། དེ་རྣམ་པར་དཔྱད་ན་སེམས་ཅན་གྱི་རིགས་རྣམ་བཞི་ཁྱབ་པར་བྱེད་པའི་ཕྱིར་ཐམས་ཅད་ཀྱི་རྗེས་སུ་སོང་བ་

དང་། འོན་ཀྱང་བདེ་བ་དང་སྡུག་བསྔལ་གྱི་རང་བཞིན་གྱིས་མཉམ་པས་རང་བཞིན་གཅིག་པའོ། །དེ་རྣམས་གཉིས་སུ་མེད་པ་ཡིན་ནམ་མ་ཡིན་ཞེ་ན། ལུས་ཀྱི་རང་བཞིན་སེམས་དེ་དང་དབྱེར་མེད་པའི་ཕྱིར་རོ། །སེམས་ཀྱི་ངོ་བོ་ཉིད་ནི་ལུས་ཏེ། དེ་མེད་པས་ན་དེ་མི་འབྱུང་བའི་ཕྱིར་

རོ། །དེ་བཞིན་དུ་ངག་དང་སེམས་དང་ལུས་དག་དབྱེར་མེད་པ་ཉིད་དུ་ཤེས་པར་བྱའོ། །དེ་བས་ན་ལུས་ལ་སོགས་པ་དང་ནམ་མཁའི་ཁམས་གཉིས་སུ་མེད་པ་སྟེ། འདིས་བུམ་པ་དང་སྣམ་བུ་བཞིན་དུ་ཡང་དག་པར་སྦྱོར་བའི་གཉིས་སུ་མེད་པ་སེལ་བ་སྟེ། གཉིས་སུ་མེད་པ་ནི་ཤིང་དང་

Vol. 29 · folio 224b

ཤ་བ་བཞིན་དུའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་ཁམས་ཀྱི་རང་བཞིན་གྱི་ཕྱིར་སེམས་ཅན་ཐམས་ཅད་ནམ་མཁའི་ཁམས་ལ་གནས་པ་སྟེ་རེ་ཞིག་ཤེས་པ་ཡིན་ལ། ནམ་མཁའི་ཁམས་དེ་ཡང་འདོད་པའི་ཁམས་ལ་སོགས་པ་རྣམས་ལ་གནས་པ་མ་

ཡིན་ཏེ། སོ་སོར་ངེས་པའི་གནས་མེད་པས་ཁྱབ་བྱེད་ཀྱི་ཕྱིར་རོ། །དེ་ལྟར་གང་དུ་ཡང་མི་གནས་པའི་དངོས་པོ་གང་ཡིན་པ་དེ་ནི་སྐྱེད་པ་ཡང་མ་ཡིན་ཏེ། དོན་གྱིས་ཤེས་པར་བྱའོ། །དེ་བས་ན་ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ། ངོ་བོ་ཉིད་མེད་པ་ནི་སྐྱེ་བ་དང་འཇིག་པ་

དང་བྲལ་བའོ་ཞེས་ཤེས་པར་བྱའོ། །རྣམ་པར་བྱང་བའི་དཔེ་བསྟན་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་ནི་འོད་གསལ་བ་སྟེ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་ཡེ་ཤེས་ཀྱི་སྐུ་སྐྱེད་པར་བྱེད་པ་སྟེ། རིམ་པ་གཉིས་ཀྱིས་སྐྱེས་པ་དང་སྤྲོ་བར་བྱེད་པ་སྟེ། བྱང་ཆུབ་

ཀྱི་སེམས་དེ་ཡང་ཞེས་པ་ནི་དེ་ཁོ་ན་ཉིད་དེ་ལུས་ལ་སོགས་པ་ལ་མི་གནས་པ་སྟེ། འདུས་བྱས་པ་མ་ཡིན་པའི་ཕྱིར་རོ། །གང་ཞིག་ལུས་ལ་སོགས་པ་ལ་མི་གནས་པ་དེ་ནི་རྟག་པ་ཡིན་པའི་ཕྱིར་སྐྱེ་བ་དང་འཇིག་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་འོད་

གསལ་བ་དང་། ཡེ་ཤེས་ཀྱི་སྐུ་འབྱུང་བའི་རྡོ་རྗེའི་གནས་ནི་མི་གཡོ་བའི་ཏིང་ངེ་འཛིན་ཏོ། །དེ་བཞིན་དུ་རྨི་ལམ་ལ་ནི་འདི་ལྟར་འབྱུང་བ་མ་ཡིན་ཏེ། བདག་གིས་སྐྱེས་བུ་ལ་སྣ་ཚོགས་པ་འདི་ལྟར་བསྟན་ཏོ། །བདག་གིས་རྨི་ལམ་མཐོང་བར་བྱའོ་ཞེས་སྐྱེས་བུ་ལ་ཡང་སེམས་

པ་མི་འབྱུང་སྟེ། འདོད་ན་མི་མཐོང་བའི་ཕྱིར་དང་། མི་འདོད་ན་ཡང་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་ཁམས་གསུམ་པའི་བྱ་བ་ནི་དགེ་བའམ་མི་དགེ་བ་སྟེ། རྨི་ལམ་བཞིན་དུ་ཤེས་པར་བྱའོ། །སྒྱུ་མ་མཁན་གྱི་སྤྲུལ་པའི་སྐྱེས་པས་བསྐོར་བ་མཐོང་བ་བཞིན་དུ་འགྲོ་བ་ཐམས་ཅད་

ཡིན་ནོ་ཞེས་བཤད་པར་བྱའོ། །དེ་བཞིན་དུ་ཕྱོགས་བཅུ་ན་གནས་པའི་འཕགས་པར་གྱུར་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། སོ་སོའི་སྐྱེ་བོར་གྱུར་པའི་སེམས་ཅན་ཐམས་ཅད་དེ། དེ་རྣམས་རྨི་ལམ་ལ་བདག་མེད་པ་ནི་འཁྲུལ་པའི་ངོ་བོ་སྟེ། དེ་དང་

Vol. 29 · folio 225a

འདྲ་བར་ཤེས་པར་བྱའོ། །འོ་ན་གལ་ཏེ་དེ་ལྟར་ཡིན་ན་གང་སྦྱིན་པ་དང་། གང་ལ་སྦྱིན་པ་དང་། འབྲས་བུ་གང་ལས་འབྱུང་བ་དང་། སྒོམ་པ་གང་ཡིན་པ་དང་། འབྲས་བུ་གང་ཡིན་ཞེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ཡིད་བཞིན་གྱི་ནོར་བུ་

ནི་རིན་པོ་ཆེ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་དང་། ཡོན་ཏན་ཐམས་ཅད་དང་ལྡན་པ་ནི་རེ་བ་ཐམས་ཅད་རྫོགས་པར་བྱེད་པའི་ཕྱིར་རོ། །འདོད་པ་པོ་རྣམས་ཀྱིས་གང་ཞིག་འདོད་པར་གྱུར་པ་གསེར་ལ་སོགས་པ། དེ་དག་ཐམས་ཅད་འདོད་པ་ཙམ་གྱིས་སྟེར་བ་སྟེ། ངག་གིས་

ནི་མ་ཡིན་ནོ། །རིན་པོ་ཆེ་དེས་སྦྱིན་པའི་ནོར་ལ་སོགས་པ་དེ་སེམས་ལ་མི་གནས་པ་ནི་འདོད་པའི་སྐྱེས་པའི་ཡིད་ལ་གནས་པ་མ་ཡིན་ཏེ། སྔར་འདོད་ན་ཡང་མེད་པའི་ཕྱིར་རོ། །ཡིད་བཞིན་ནོར་བུ་ལ་གནས་པ་མ་ཡིན་ཞེས་པ་ནི། དོན་དུ་མ་གཉེར་ན་མི་སྟེར་བའི་ཕྱིར་ཏེ།

བ་ལང་ལ་སོགས་པ་བཞིན་ནོ། །འོན་ཀྱང་དེ་ལྟར་མ་ཡིན་ན་ཡང་རྐྱེན་གྱི་དབང་གིས་དེ་ལྟ་བུའི་འབྲས་བུ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ཞེས་པ་ནི་ཡིད་བཞིན་གྱི་ནོར་བུའི་དཔེ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་འགྲོ་བ་ཐམས་ཅད་ལ་ཆོས་བསྟན་པའི་སྒོ་ནས་བླ་ན་

མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ལ་ཐོབ་ཏུ་འཇུག་པའོ། །དེ་རྣམས་ལ་ཡང་རྣམ་པར་རྟོག་པ་གང་ཡང་མི་མངའ་སྟེ། རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཀྱིས་ཀྱང་ཐོབ་ཏུ་འཛུད་པ་མ་ཡིན་ཏེ། སྔར་ཐོབ་པའི་ཕྱིར་རོ། །འོན་ཀྱང་གློ་བུར་བའི་དྲི་མ་སེལ་བའི་ཕྱིར། བསྙེན་

བཀུར་བྱ་བ་དང་བསྙེན་བཀུར་བྱེད་པ་ཡིན་ནོ། །དེ་བས་ན་ཐམས་ཅད་སངས་རྒྱས་པ་ཡིན་ཏེ། རང་བཞིན་ལ་བརྟེན་ནས་དེ་བཞིན་གཤེགས་པ་དང་སོ་སོའི་སྐྱེ་བོ་དག་དོན་དམ་པར་དབྱེར་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །

དཔེར་ན་ངོ་བོ་ཉིད་མེད་པའི་ཕྱིར་གང་གིས་སྦྱིན་པ་དང་གང་ལ་སྦྱིན་པའོ། །འོན་ཀྱང་འདུས་བྱས་པ་ཙམ་ལ་བརྟེན་ནས་རྒྱ་སྐྱེགས་ཀྱི་ཁུ་བས་གཤེར་བའི་རས་བལ་གྱི་ས་བོན་ལས་དེ་དང་མཐུན་པའི་འབྲས་བུ་འབྱུང་བ་ཁོ་ན་ཡིན་ནོ། །དེ་བས་ན་ཆོས་ཐམས་ཅད་སྟོང་པ་ཡིན་ན་ཡང་འདས་མ་ཐག་

Vol. 29 · folio 225b

ཏུ་བཤད་པའི་རིགས་པས་ལས་དང་འབྲས་བུའི་འབྲེལ་པ་འབྱུང་ངོ་། །སངས་རྒྱས་ཀྱི་ཆོས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཏེ། དེ་རྣམས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་དབྱེ་བས་སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་དུ་ཐོབ་པར་བྱེད་པ་སྟེ། འོན་

ཀྱང་དོན་དམ་པར་དེ་རྣམས་དངོས་པོ་མེད་དོ། །ཐམས་ཅད་སྟོང་པ་ཉིད་ཀྱི་བདག་ཉིད་ཀྱི་སངས་རྒྱས་དག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་ཞུགས་པས་ཡིད་བཞིན་ནོར་བུ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཆོས་བསྟན་པ་ལ་སོགས་པ་མཛད་པའོ། །ཇི་སྐད་དུ། སྐྱེས་བུ་ཡིད་

བཞིན་ནོར་བུ་བཞིན། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་ཏེ། ཆོས་ཉིད་རྟོགས་པས་དགྱེས་ཤིང་སྤྱན་གདངས་ནས་རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་ཞུས་ཏེ། ཀྱེ་བཅོམ་

ལྡན་འདས་འདི་ནི་ངོ་མཚར་བ་ཡིན་ཏེ། གང་ཞིག་ནམ་མཁའི་ཁམས་དང་འདྲ་བ་ཆོས་ཐམས་ཅད་ནི་སྦྱིན་པ་ལ་སོགས་པ་དང་། ཕུང་པོ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་གང་ཡིན་པ་དེ་རྣམས། རྗེས་སུ་འབྲང་བ་ནི་དེ་དང་འདྲ་བ་

དང་དེའི་བདག་ཉིད་དང་འབྲས་བུའི་འབྲེལ་པ་དང་ལྡན་པར་གྱུར་པ་ཞེས་བྱ་བ་འདི་ནི་ཁོ་བོ་ཅག་གིས་རྟོགས་པ་ཡིན་ཏེ། ཐེ་ཚོམ་བྲལ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་བྱམས་པ་ལ་སོགས་པས་བཅོམ་ལྡན་འདས་ནི་དཀྱིལ་

འཁོར་གྱི་བདག་པོའི་ཞབས་གཉིས་ལ་ཕྱག་འཚལ་ནས་འདི་སྐད་ཞུས་སོ། །སྔགས་ཐམས་ཅད་ནི་ཞི་བ་དང་དྲག་པོ་གཙོ་བོར་གྱུར་པ་སྟེ། དེ་རྣམས་ཀྱིས་བྱས་པའི་གང་ཞིག་དངོས་གྲུབ་ནི་ཞི་བ་ལ་སོགས་པ་དང་། འདུས་པ་ནི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་

པ་སྟེ། དེ་དག་གང་ལ་གནས་པ་ལགས་ཞེས་འདྲི་བའོ། །དེའི་དགོངས་པ་འདི་ཡིན་ཏེ། རེ་ཞིག་བཅོམ་ལྡན་འདས་ཀྱིས་ཆོས་ཀུན་གྱི་རང་བཞིན་མེད་པ་ཉིད་གསུངས་པ་སྟེ། དེ་བས་ན་སྤྲོས་པ་དུ་མའི་དྲ་བ་དང་ལྡན་པའི་དངོས་གྲུབ་རྣམས་ཅུང་ཟད་ཀྱང་མ་

Vol. 29 · folio 226a

ཡིན་ཏེ་ཐེ་ཚོམ་ལྡང་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཛིན་གྱིས་དེ་རྣམས་ལ་འདི་སྐད་བཀའ་སྩལ་ཏེ། དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་པ་ནི་ཐེ་ཚོམ་ཟ་བའི་ཕྱིར་རོ། །སྔགས་ཐམས་ཅད་ཀྱི་དངོས་གྲུབ་འདི་རྣམས་སྐུ་གསུང་ཐུགས་

ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་བསྒྲུབ་པའི་ཡེ་ཤེས་ཀྱི་སྐུ་ལ་གནས་པ་སྟེ། དེ་ལ་བརྟེན་ནས་དེ་རྣམས་འགྲུབ་པའི་ཕྱིར་རོ། །རབ་ཏུ་བྱེད་པ་ལས་ཀྱང་། སྔགས་དང་ཕྱག་རྒྱའི་སྦྱོར་བ་དང་། །དཀྱིལ་འཁོར་ལ་སོགས་རྣམ་བརྟག་པ། །གཏོར་མ་སྦྱིན་

སྲེག་བྱ་བ་ཀུན། །རྟག་ཏུ་སྒྱུ་མ་ལྟ་བུར་བྱ། །ཞི་བ་དང་ནི་རྒྱས་པ་དང་། །དབང་དང་མངོན་སྤྱོད་དེ་བཞིན་དུ། །གང་ཞིག་དགུག་པ་ལ་སོགས་ཀུན། །དེ་དག་འཇའ་ཚོན་ལྟ་བུར་བྱ། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། གང་གི་

ཕྱིར་དེ་བཞིན་གཤེགས་པ་ནི་སངས་རྒྱས་རྣམས་དང་། དངོས་གྲུབ་ཐམས་ཅད་ནི་ཞི་བ་ལ་སོགས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་སྟེ། དེ་རྣམས་བདག་གི་ལུས་དང་ངག་དང་སེམས་རྡོ་རྗེ་ནི་སྒྱུ་མ་དང་འདྲ་བའི་རྣམ་པར་གནས་པ་

སྟེ། སྔར་བཤད་པའི་རིམ་པས་སོ་ཞེས་ཚིག་གི་ལྷག་མའོ། །སྒྱུ་མའི་རང་བཞིན་གྱི་ལྷའི་རྣམ་པའི་སྐུ་ལ་སོགས་པ་དེ་རྣམས་ཀྱང་འདོད་པའི་ཁམས་ལ་སོགས་པ་ལ་མི་གནས་པ་སྟེ། བྱེ་བྲག་མེད་པས་ཐམས་ཅད་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ལུས་ལ་སོགས་

པ་དེ་རྣམས་ཀྱང་ཕན་ཚུན་དུ་གཞི་དང་གཞི་ཅན་གྱི་འབྲེལ་པས་མི་གནས་པ་སྟེ། སྒྱུ་མ་ལྟ་བུ་ཉིད་གཅིག་ཡིན་པའི་ཕྱིར་དང་། མར་ལ་མར་བཞིན་དུ་དབྱེ་བ་མེད་པའི་ཕྱིར་ཏེ། ནམ་མཁའ་བཞིན་དུ་རང་བཞིན་གྱིས་དག་པའོ་ཞེས་པ་གཏན་ཚིགས་སོ། །དེ་ནས་ཞེས་བྱ་བ་ལ་

སོགས་པས་དཀྱིལ་འཁོར་པ་རྣམས་ཀྱིས་ཞུས་པ་སྟེ། ཀྱེ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཡིན་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ནི་སྒྱུ་མའི་དཔེ་བཅུ་གཉིས་ཏེ། དེ་རྣམས་གང་དུ་གནས་པ་སྟེ། གང་གི་དྲིན་གྱིས་སྒྱུ་མའི་རྒྱུ་ཡོངས་སུ་གཟུང་བ་སྟེ་དགོངས་

Vol. 29 · folio 226b

པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གི་ལུས་ངག་སེམས་ནི་སྒྱུ་མ་ལྟ་བུའི་སྐུ་ལ་སོགས་པའི་བདག་ཉིད་ཀྱི་ཡེ་ཤེས་ཙམ་དེ་ལ་གནས་པ། དེ་ཉིད་ལ་བརྟེན་ནས་འབྱུང་བ་ནི་ཕྱི་རོལ་དུ་སྣང་བ་ཡིན་ནོ་ཞེས་དགོངས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་

གསོལ་པ། དེ་ལྟ་བུའི་ཡེ་ཤེས་ཙམ་གྱི་སེམས་དེ་སྒྱུ་མའི་སྐུའི་རྣམ་པ་སྟེ་གང་དུ་གནས་ཞེས་འདྲི་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་ལ་གནས་པ་ནི་འོད་གསལ་བ་ལ་གནས་པའོ། །རབ་ཏུ་བྱེད་པ་ལས་ཀྱང་། བདག་ལ་བྱིན་རླབས་ཏིང་འཛིན་དང་། །

འོད་གསལ་གོ་འཕང་དེ་བཞིན་དུ། །རྒྱུ་དང་འབྲས་བུའི་དབྱེ་བ་ཡིས། །བདེན་པ་གཉིས་པོ་དེ་བཤད་པའོ། །བདག་ལ་བྱིན་རླབས་གོ་རིམས་ཀྱིས། །གང་ཕྱིར་འོད་གསལ་ཐོབ་འགྱུར་ཏེ། །དེ་ཕྱིར་རྡོ་རྗེ་སློབ་དཔོན་གྱིས། །སྔོན་དུ་བདག་ལ་བྱིན་རླབས་བསྟན། །ཞེས་

འབྱུང་ངོ་། །ཡང་གསོལ་བ། ནམ་མཁའ་ནི་འོད་གསལ་བ་སྟེ། དེ་ཡང་གང་དུ་གནས་ཞེས་དྲི་བའོ། །གང་ན་ཡང་མི་གནས་ཞེས་པ་ནི་ལན་ཏེ། ཐམས་ཅད་དུ་གནས་པའོ་ཞེས་སྟོན་ཏོ། །བྱང་ཆུབ་ཀྱི་སེམས་ཀྱི་རྣམ་འགྲེལ་ལས་ཀྱང་། ཇི་ལྟར་བུ་རམ་མངར་བ་

དང་། །མེ་ཡི་རང་བཞིན་ཚ་བ་སྟེ། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་ནས་ཞེས་བྱ་བ་ལ་སོགས་པ་མི་བསྐྱོད་པ་ལ་སོགས་པ་དང་། བྱམས་པ་ལ་སོགས་པ་དེ་རྣམས་ངོ་མཚར་དུ་གྱུར་པ་ནི་ཐེ་ཚོམ་ཆོད་པ་དང་། རྨད་དུ་གྱུར་པ་ནི་ཆོས་ཀྱི་དོན་རྟོགས་པས་སོ། །དེ་ཉིད་

ཀྱི་ཕྱིར་རང་གི་སེམས་ཀྱི་ཆོས་ཉིད་ལ་གནས་པ་ནི་འོད་གསལ་བའི་ཏིང་ངེ་འཛིན་བསྒོམ་པ་སྟེ། ཅང་མི་སྨྲ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ཡོངས་སུ་ཟད་པས་ཞི་བའི་སེམས་ཀྱི་རང་བཞིན་དུ་འགྱུར་བ་སྟེ། སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དག་གོ། །སེམས་ཐམས་ཅད་ནི་

རྣམ་པར་ཤེས་པ་གསུམ་སྟེ། དེ་རྣམས་ཀྱི་དམ་ཚིག་ནི་འོད་གསལ་བ་སྟེ། དེ་ཉིད་ཀྱི་སྙིང་པོ་ནི་བླང་བར་བྱ་བ་སྟེ། དེ་ལས་རྡོ་རྗེ་ནི་སྒྱུ་མའི་སྐུ་འབྱུང་བ་ལེའུ་གང་ལ་ཡོད་པ་དེ་རྗོད་པར་བྱེད་པའི་གཞུང་གི་ཚོགས་ཀྱང་དེ་བཞིན་དུ་བཤད་པའོ། །རྒྱུད་འགྲེལ་ལས་ལེའུ་བཅོ་ལྔ་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །

Vol. 29 · folio 227a

ལེའུ་བཅོ་ལྔ་པའི་ཚིགས་སུ་བཅད་པའི་གྲངས་ནི་བཞི་བརྒྱ་དྲུག་ཅུའོ།། །།ལེའུ་བཞི་པ་ལས་གསུངས་པའི་ཐུགས་ཀྱི་དཀྱིལ་འཁོར་རྫོགས་པར་བྱ་བའི་ཕྱིར་དང་། སྐུ་དང་གསུང་གི་དཀྱིལ་འཁོར་གཉིས་གཙོ་བོར་གྱུར་པ་ལེའུ་བཅུ་

དྲུག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལའང་འདུས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་ལ། དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཚིག་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་བཏབ་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རིན་ཆེན་གྱི་མཆོད་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་མཆོད་པ་རྣམས་

ཏེ། དེ་དག་གི་ཚོགས་ནི་རེ་རེའི་འཁོར་དུ་མ་རྣམས་ཀྱིས་མཆོད་པ་བྱས་ཏེ། ལས་ཀྱི་རྒྱལ་བ་མཆོག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱིས་གང་ཞིག་རྡོ་རྗེ་ཐམས་ཅད་

ཀྱི་དཀྱིལ་འཁོར་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་རྣམས་ཏེ། དེ་དག་གི་སེང་གེ་ནི་དཀྱིལ་འཁོར་གྱི་བདག་པོ་རྣམས་ཏེ། དེ་དག་མཆོད་པར་བྱ་བའི་ཕྱིར་དམ་ཚིག་ནི་ཕྱི་དང་གསང་བ་ལ་སོགས་པའི་མཆོད་པ་རྣམས་ཏེ། དེ་དག་ཉིད་དག་པ་ཐོབ་པར་བྱེད་པའི་ཕྱིར་

མཛེས་པས་ན་རྒྱལ་པོ་སྟེ། ཚོགས་ནི་སློབ་མ་འཇུག་པ་ལ་སོགས་པ་སྟེ། དེ་དག་གི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ། སྙོམས་པར་ཞུགས་ནས་རྡོ་རྗེའི་སྐུ་ནི་རྣམ་པར་སྣང་མཛད་དེ། དེའི་དཀྱིལ་འཁོར་སངས་རྒྱས་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོ་སྐུ་ལ་སོགས་པ་ལས་

ཕྱུང་ངོ་། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་གསོལ་བ་གདབ་པ་དང་། མཆོད་པའི་འོག་ཏུ། སྐུའི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རབ་ཏུ་བཤད་པ་ནི་ཕུལ་དུ་བྱུང་བས་ཕྱེ་ཞིང་བཤད་པར་བྱའོ། །ཇི་ལྟ་བུ་ཞེ་ན། མཆོག་ནི་མེ་ལོང་ལྟ་བུའི་

Vol. 29 · folio 227b

ཡེ་ཤེས་ཐོབ་པར་བྱེད་པའོ། །དེ་བཞིན་དུ་ཐུགས་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེའི་དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སོགས་པའི་ཡོན་ཏན་དང་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་འདྲ་བའོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གི་དཀྱིལ་འཁོར་

དག་སྟེ་གང་དང་གང་དེ་རུ་བདག་པོ་གཉིས་སུ་གྱུར་པ་དེ་དག་དེའི་དཀྱིལ་འཁོར་ཡིན་ནོ་ཞེས་འོག་ནས་གསུངས་པའི་ཕྱིར་རོ། །ཡང་ཇི་ལྟ་བུ་ཞེ་ན། ཁྲུ་ནི་བཅུ་དྲུག་ཅེས་བྱ་བ་ལ་སོགས་པ་ལ་ཕྱོགས་བཞི་ཡིན་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ནི་གཟུགས་ཀྱི་རང་བཞིན་ཡིན་ལ།

གཟུགས་ཀྱང་སའི་རང་བཞིན་ཡིན་པ་སྟེ། ས་ཡང་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཡིན་པས་ཕྱོགས་རེ་རེ་ཁམས་བཞི་བཞི་ཡིན་པའི་ཕྱིར་རོ་ཞེས་རྣམ་པར་དག་པའོ། །གྲུ་བཞི་ཞེས་པ་ནི་ཕྱི་དང་ནང་དུའོ། །རབ་ཏུ་མཛེས་པ་ནི་དྲི་མ་མེད་པ་དང་གསལ་བའི་ཚོན་གྱི་རི་མོ་དང་ལྡན་

པའོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་ཏེ། དེ་དག་གི་དཀྱིལ་འཁོར་ནི་བཞིར་གྱུར་པའོ། །སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དེ། དེ་ཉིད་ཀྱི་དབུས་ཀྱི་གཙོ་བོ་ཉིད་དུ་རབ་ཏུ་གནས་པ་ནི་དབུས་སུ་བཞུགས་པར་མཛད་པའོ། །དེའི་ནང་དུ་

ཞེས་བྱ་བ་ལ་སོགས་པ་ལ། འདས་མ་ཐག་ཏུ་བཤད་པའི་དཀྱིལ་འཁོར་དེའི་དབུས་སུ་འཁོར་ལོ་ནི་འཁོར་ལོའི་ཕྲེང་བ་བྲི་བ་ནི་དགོད་པར་བྱའོ། །གང་གིས་ཤེ་ན། ཆོ་གའི་རྡོ་རྗེ་ཞེས་པ་ལ། ཆོ་ག་ནི་དཀྱིལ་འཁོར་གྱི་ཆོ་ག་སྟེ། དེ་ཉིད་རྡོ་རྗེ་བཞིན་དུ་བརྟན་པ་གང་ལ་

ཡོད་པ་དེ་ནི་སྒྲུབ་པའི་བློས་བྲི་བར་བྱའོ། །འདིར་ནི་ཆོ་གའི་སྒྲའི་དོན་ཡིན་ཏེ། རེ་ཞིག་དང་པོ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ནི། ཕྱི་ཡི་རྣམ་རྟོག་ངན་འདྲ་བ། །རྣམ་པར་དབེན་པའི་ཡིད་ལས་སྤངས། །རྡོ་རྗེ་པདྨའི་དབང་བསྐུར་གྱིས། །གནང་བ་ཐོབ་དང་བློ་ལྡན་

པས། །ཟླ་བ་ཉི་མ་ཆུ་སྨན་དང་། །དེ་བཞིན་དྲི་ཡང་སྔགས་བྱས་པ། །འབད་པས་བྲི་བའི་དཀྱིལ་འཁོར་ལ། །དམ་ཚིག་གསང་བ་བསྙེན་པར་བྱ། །ལན་ནི་གཉིས་གསུམ་སློབ་དཔོན་ལ། །གསོལ་བཏབ་གསང་བའི་བདུད་རྩི་སྣོད། །ཐར་པ་འདོད་དང་དད་པ་ཅན། །

Vol. 29 · folio 228a

སློབ་མ་དམ་པ་བལྟས་ནས་ནི། །དཔལ་ལྡན་གསང་བ་འདུས་ཚུལ་གྱིས། །འདི་རྣམས་བདག་གིས་བྱང་ཆུབ་ལ། །གཞག་པར་བྱ་ཞེས་རྗེས་གཟུང་བ། །དེ་ལྟར་རྣལ་འབྱོར་པ་ཡིས་བསམ། །དེ་ལ་རེ་ཞིག་དང་པོ་སློབ་དཔོན་ནི་ཐེག་པ་ཆེན་

པོའི་ཚུལ་ལ་མཁས་པ་དང་། འགྲོ་བ་མ་ལུས་པ་གདོན་པ་ལ་ཐུགས་རྗེ་དང་ལྡན་པ་དང་། དད་པ་དང་ཐོས་པ་ལ་སོགས་པའི་སྟོབས་ཀྱིས་འབྱུང་བའི་འོད་གསལ་བ་རྟོགས་པས་མ་ལུས་པའི་ཡུལ་ཉེ་བར་སྤྱོད་པ་དྲི་མ་མེད་པར་མཛད་པ་དང་། ཀུན་དུ་འགྲོ་བའི་ཆོས་ཀྱི་དབྱིངས་

སོ་སོར་རྟོག་པའི་བསམ་པས་སྤྱོད་པ་རྣམ་པར་དག་པ་ལ་གནས་པ་དང་། ཡེ་ཤེས་ཀྱི་ཚོགས་འཕེལ་བས་དྲི་མ་དང་བཅས་པའི་བག་ཆགས་དང་གཏི་མུག་གི་རབ་རིབ་ཡུན་རིང་དུ་གདོན་ནུས་པའོ། །དེ་ལྟ་བུའི་སློབ་དཔོན་ལ་གང་གི་ཚེ་སློབ་མས་དཀྱིལ་འཁོར་བྲི་བའི་ཕྱིར་ལན་གཉིས་

ལན་གསུམ་དུ་གསོལ་བ་བཏབ་ན། དེའི་ཚེ་དེས་ཀྱང་དེ་ལ་དྲི་བ་སྟེ། ཕུན་སུམ་ཚོགས་པ་ཐམས་ཅད་ཁྱོད་ཀྱིས་རྫོགས་སམ་མ་རྫོགས། གལ་ཏེ་ཅུང་ཟད་རྫོགས་པ་དང་ཅུང་ཟད་མ་རྫོགས་སོ་ཞེས་ཟེར་ན་དེའི་ཚེ། ཡི་གེ་ཧཱུཾ་ལས་བྱུང་བའི་སྟེང་དུ་ཁྲོ་བོའི་གཟུགས་དང་འོག་ཏུ་རྩེ་

གཅིག་པའི་རྣམ་པའི་ཁྲོ་བོས་དེའི་སེམས་ཀྱི་བགེགས་རྣམས་ཕུར་བུས་བཏབ་ལ། དེའི་འོད་ཟེར་གྱི་འཁོར་ལོས་ཀྱང་གདུག་པ་དེ་རྣམས་བསྲེགས་ནས་སློབ་མའི་སེམས་བསྲུང་བར་བྱ་བའི་ཕྱིར་དབྱངས་ཐ་མ་ལས་བྱུང་བའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་ལས་ཀྱི་རྡོ་

རྗེ་ཡང་བསམ་པར་བྱའོ། །བདེན་པ་ཇི་བཞིན་དཀྱིལ་འཁོར་རྣམས། །བར་བརྟགས་གང་གིས་ནུས་པའོ། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །དཀྱིལ་འཁོར་བརྟགས་པས་བསྒྲུབ་པའོ། །དེ་བས་ན་རང་གི་ལྷའི་རྣལ་འབྱོར་གྱིས་དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་

གྱི་མཐར་ཕྲ་མོ་རྡོ་རྗེ་བསྒོམ་པ་དང་། རྡོ་རྗེ་ཐིག་ལེ་བསྒོམ་པས་སེམས་བརྟན་པར་བྱས་ལ་དཀྱིལ་འཁོར་པ་རྣམས་ཀྱི་སྔགས་རེ་རེ་འབུམ་བཟླས་ཏེ། རང་གི་སྙིང་གའི་རྡོ་རྗེའི་ལྟེ་བར་གནས་པའི་དཀྱིལ་འཁོར་བསྒོམ་པས་ངེས་པར་བྱས་ལ། དེ་བཞིན་གཤེགས་པའི་

Vol. 29 · folio 228b

བཀའ་སྔོན་དུ་འགྲོ་བ་རིམ་པ་འདིས་དཀྱིལ་འཁོར་བྲི་བར་བྱ་སྟེ། རེ་ཞིག་དང་པོ་ཨོཾ་བྷུ་ཁཾ་ཞེས་བྱ་བའི་སྔགས་ཀྱིས་ནམ་མཁར་གྱུར་པའི་ས་གཞི་ཧཱུཾ་ལཾ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་ཟླ་བ་རྡོ་རྗེའི་རང་བཞིན་དུ་བསམས་ལ། ཨོཾ་མེ་དི་ནཱི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་བྱིན་

གྱིས་བརླབས་ལ། སྔར་བཤད་པའི་བསམ་གཏན་གྱིས་ཕུར་བུས་འདེབས་ཤིང་ཡི་གེ་ཧྲིཿལས་བྱུང་བའི་ནམ་མཁའི་ཁམས་ཁྱབ་པར་བྱེད་པའི་ཆོས་འབྱུང་གི་ཕྱག་རྒྱའི་ནང་དུ་ཨཱ་ལི་དང་ཀཱ་ལི་ལས་སྐྱེས་པའི་སྔར་བཤད་པའི་གནས་པ་རྫོགས་པའི་ས་གཞི་བསྒོམས་

ལ། དེ་ཉིད་ལག་པ་གཡས་པས་རེག་ཅིང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱའོ། །ས་གཞི་ཇི་ལྟ་བུ་ཞེ་ན་གྲུ་བཞི་དང་སྒོ་བཞི་དང་རྡོ་རྗེའི་ཀ་བས་རྣམ་པར་བརྒྱན་པ་དང་། ཕྱོགས་བཞི་ལ་སྒོ་དང་རྟ་བབས་དང་། རྒྱལ་མཚན་དང་མེ་ཏོག་གི་ཕྲེང་བ་ལ་སོགས་

པས་བརྒྱན་པ་དམིགས་ཏེ། ལྷ་ཐམས་ཅད་ཀྱི་གནས་རྣམས་ལ་གནས་པའི་ཟླ་བ་དང་ཉི་མའི་གདན་རྣམས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པར་བསམས་ལ། དེའི་དབུས་ཀྱི་གཙོ་བོའི་ང་རྒྱལ་གྱིས་ཕྱི་རོལ་གྱི་བུད་མེད་རིགས་ཀྱི་དབྱེ་བས་ལྷ་མོ་སྤྱན་ལ་སོགས་པའི་རང་

བཞིན་དེ་རིགས་ཀྱི་ས་བོན་ལྔས་བྱིན་གྱིས་བརླབས་ཤིང་དེའི་པདྨར་ཡང་ཡི་གེ་ཨ་ལ་སོགས་པ་དགོད་ཅིང་སྔ་མ་བཞིན་དུ་དམ་ཚིག་ནི་དཀྱིལ་འཁོར་གྱི་ལྷ་རྣམས་འབྱུང་བར་བྱའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རེ་རེ་ལྷ་མོ་བཞི་དང་ལྡན་པ་དང་། ཁྲོ་བོ་རྣམས་ཀྱང་རང་རང་གི་

ཡེ་ཤེས་ཀྱི་ཕྱག་རྒྱ་མ་དང་བཅས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་དང་གཟུགས་རྡོ་རྗེ་མ་ལ་སོགས་པ་དང་བཅས་པ་སྤྲོ་བ་དང་བསྡུ་བ་དང་གནས་པ་དང་། བརྟན་པར་བྱ་བ་དང་། རྗེས་སུ་ཆགས་པས་ལས་ལ་གནས་པར་བྱས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་

བྱ་བ་བརྗོད་ཅིང་བདག་ཉིད་དང་རང་བཞིན་གྱིས་དག་པའི་ལྷ་ཐམས་ཅད་ཀྱི་ངོ་བོ་རང་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་ང་རྒྱལ་བྱས་པའི་སྔོན་དུ་འགྲོ་བའི་སློབ་མ་རྣམས་ཀྱིས་རྡོ་རྗེ་དང་དྲིལ་བུ་ལག་ན་ཐོགས་ཤིང་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ།

Vol. 29 · folio 229a

དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་མཆོག་ཀུན་གྱི་བདག་མེད་པ། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་གདབ་པར་བྱའོ། །

དེའི་འོག་ཏུ་སློབ་དཔོན་གྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་ལ། ཧཱུཾ་བཛྲོ་ཏིཥྛ་ཞེས་བྱ་བ་ལ་དཀྱིལ་འཁོར་གྱི་འཁོར་ལོ་བཏེག་ཅིང་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་ཡི་གེ་ཊ་དང་མ་དག་ལས་བྱུང་བའི་མིག་གཉིས་ནི་ཟླ་བ་དང་ཉི་མར་བསམས་ཏེ། ཕྱོགས་ཐམས་ཅད་ལ་ཡང་དེ་

ཉིད་ལས་རྡོ་རྗེ་ར་བ་ལ་སོགས་པ་བསམས་ཏེ། རྐང་པའི་འོག་ཏུ་སྣ་ཚོགས་རྡོ་རྗེ་བཀོད་ལ། ང་རྒྱལ་དང་བཅས་པའི་གར་གྱིས་དཀྱིལ་འཁོར་གྱི་ས་གཞི་ལ་ཡི་གེ་གསུམ་བརྗོད་ཅིང་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་བཅག་པར་བྱའོ། །རྡོར་སེམས་ཡང་དག་སྦྱོར་བ་ཡིས། །

མཆུ་གཉིས་ཡང་དག་གཟུང་བྱས་ཏེ། །དཔལ་ལྡན་གཡོན་ཕྱོགས་ང་རྒྱལ་འཛིན། །ཕྱོགས་ཀྱི་འཁོར་ལོ་བཅས་པར་བྱ། །ས་འོག་ས་བླ་ས་སྟེང་རྣམས། །འོག་དང་སྟེང་ནི་བཅིངས་བྱས་ཏེ། །གདུག་པ་རྣམས་ཀྱིས་མི་ཐུབ་པས། །ཡི་གེ་ཧཱུཾ་ནི་བརྗོད་པར་བྱ། །དེ་ནས་རྡོ་

རྗེ་རྒྱུའི་རང་བཞིན་གྱི་གསང་བའི་དཀྱིལ་འཁོར། ཨོཾ་བཛྲ་མཎྜལ་ཧཱུཾ་ཛཿཞེས་བྱ་བས་བཀུག་ཅིང་ཨོཾ་མ་ཧཱ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིདྡྷི་ཧཱུཾ་ཞེས་བྱ་བས་དབྱེར་མེད་པར་བྱས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་བྱ་བས་ཕུར་བུས་བཏབ་ལ་ས་གཞི་དེ་བདུད་རྩི་ལྔའི་ཆུས་བྱུགས་ཤིང་ལྷ་

ཐམས་ཅད་ཀྱི་གནས་རྣམས་ལ་ཙནྡན་དང་བདུད་རྩི་ལྔའི་ཆུས་ཐིག་ལེ་རྣམས་བྱས་ཤིང་མེ་ཏོག་གཏོར་ཏེ། ལྷའི་དཀྱིལ་འཁོར་དང་རང་གི་གནས་སུ་ཞུགས་པར་བྱས་ལ། གསང་བ་དང་དེ་ལས་གཞན་པའི་མཆོད་པས་མཆོད་ཅིང་གསེར་དང་དངུལ་དང་ཟངས་ལ་སོགས་པའི་

ངོ་བོ་མཚན་ཉིད་དང་ལྡན་པ་རྣམ་པར་རྒྱལ་བའི་བུམ་པ་ཧ་ས་དེ་བ་དང་། བ་ཧུ་པུ་ཀྲིཏ་དང་བྲྀ་ཧ་ཏི་དང་། དཎྜོཏྤ་ལ་དང་། ཨ་པ་རཱ་ཛི་ཏ་ཞེས་བྱ་བ་སྨན་ཆེན་པོ་དང་ལྡན་པ་དང་། ཤེལ་དང་། དངུལ་དང་། མུ་ཏིག་དང་། དུང་དང་། བྱེ་རུ་སྟེ་རིན་པོ་ཆེ་དང་བཅས་པ་དང་། ཏིལ་དང་།

Vol. 29 · folio 229b

ནས་དང་། མ་ཤ་དང་། གྲོ་དང་། འབྲས་དང་ལྡན་པ་དང་། ཅུང་ཟད་བདུད་རྩི་ལྔའི་ཆུ་དང་བཅས་པ་རིགས་ཀྱི་བདག་པོའི་སྔགས་ཀྱིས་བཟླས་ལ། འཁོར་ལོའི་རྩིབས་ཀྱི་དབུས་ན་བཞག་ནས་སྤོས་གཏུལ་ཞིང་མཆོད་པར་བྱའོ། །ལས་ཐམས་ཅད་པའི་བུམ་པ་ཡང་རང་གི་

སྔགས་ཀྱིས་བྱིན་གྱིས་བརླབས་ལ་ཤར་ཕྱོགས་ཀྱི་སྒོའི་ཕྱི་རོལ་དུ་བཞག་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྤོས་གཏུལ་བས་ཞུ་བར་བྱའོ། །ཁྱེད་རྣམས་མཆོད་པར་བྱ་ཕྱིར་དང་། །སློབ་མ་རྣམས་ཀྱང་རྗེས་གཟུང་ཕྱིར། །སྙིང་རྗེའི་བདག་ཉིད་བདག་དེ་ཡིས། །དཀྱིལ་

འཁོར་བྲི་བར་འདོད་པའོ། །དེ་ཕྱིར་དད་ལྡན་བདག་ལ་ནི། །བཅོམ་ལྡན་བཀའ་དྲིན་མཛད་དུ་གསོལ། །འཇིག་རྟེན་མགོན་པོ་ཐུགས་རྗེ་ཅན། །ཁྱེད་རྣམས་བདག་ལ་དགོངས་སུ་གསོལ། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང་། སྔགས་ཀྱི་ལྷ་མོ་གཞན་གང་རྣམས། །

ལྷ་དང་འཇིག་རྟེན་སྐྱོང་བ་དང་། །མཐུ་ཆེན་གང་ཞིག་འབྱུང་པོ་རྣམས། །གང་ཞིག་ལྷ་ཡི་སྤྱན་ལྡན་པ། །བསྟན་པ་ལ་དགའ་དེ་རྣམས་ཀུན། །བདག་མིང་འདི་ཞེས་བགྱི་བ་ཡིས། །དཀྱིལ་འཁོར་ཆེན་པོ་འདི་ཞེས་པ། །ཅི་ནུས་པ་ཡི་ཉེར་སྤྱོད་པས། །ནང་པར་བྲི་བར་བྱ་བའོ། །

དེ་ཕྱིར་སློབ་མ་ནང་བཅས་པ། །བདག་ནི་སྙིང་རྗེས་བཟུང་ནས་ནི། །ཐམས་ཅད་བཅས་པ་དཀྱིལ་འཁོར་ལ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ཞེས་བྱ་བ་ལན་གསུམ་བརྗོད་པར་བྱའོ། །དེའི་འོག་ཏུ་སློབ་མ་རྣམས་བཀུག་ཅིང་མེའི་དཀྱིལ་འཁོར་ལ་གནས་པའི་ཡི་

གེ་རའི་མེས་དེ་རྣམས་རེ་རེ་ཐལ་བར་བྱས་ལ། ཡི་གེ་གསུམ་གྱི་རང་བཞིན་རང་གི་ཁ་ནས་ཞུགས་ཏེ། བདེ་བ་ཆེན་པོའི་ངོ་བོ་དེ་ཉིད་རྡོ་རྗེ་ནས་སྤྲོ་བར་བྱས་ལ། དེ་ཉིད་སྐུ་ལ་སོགས་པས་བྱིན་གྱིས་བརླབས་ལ། ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེས་བྱིན་གྱིས་བརླབས་ལ། དཀྱིལ་

འཁོར་གྱི་རྩ་བའི་སྒོའི་ངོས་སུ་བཞག་ནས་འདི་ཡིས་ལྷག་པར་གནས་པར་བྱའོ། །སྡིག་པ་བདག་གིས་གང་བྱས་པ། །བྱེད་དུ་བཅུག་དང་རྗེས་ཡི་རང་། །སླར་ཡང་དེ་ཉིད་མི་བྱའི་ཕྱིར། །དེ་དག་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་མགོན་པོའི་བསོད་ནམས་དང་། །

Vol. 29 · folio 230a

རང་རྒྱལ་སློབ་མ་ལས་བྱུང་དང་། །འགྲོ་བའི་བསམ་པ་ལས་སྐྱེས་གང་། །ཐམས་ཅད་བདག་ནི་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །བླ་མེད་ཆོས་ནི་རིན་པོ་ཆེ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །རིན་ཆེན་མཆོག་

གསུམ་བླ་མེད་པ། །སྡོམ་པ་སངས་རྒྱས་སྦྱོར་སྐྱེད་པ། །དེ་རིང་བདག་གིས་མཆོག་ཏུ་གཟུང་། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བདག་གིས་ཡང་དག་གཟུང་བར་བགྱི། །སློབ་དཔོན་ཡང་ནི་གཟུང་བྱ་སྟེ། །རྡོ་རྗེ་རིན་ཆེན་བསྡུས་པའོ། །ཉིན་དང་མཚན་དུ་ལན་གསུམ་དུ། །སྦྱིན་པ་

བཞི་དག་རབ་ཏུ་སྦྱིན། །རིན་ཆེན་ཆེན་པོའི་རིགས་མཆོག་ལ། །དེ་ནི་དམ་ཚིག་ཡིད་དུ་འོང་། །ཕྱི་ནང་གསང་བ་ཐེག་གསུམ་གྱི། །དམ་པའི་ཆོས་ནི་བླང་བར་བགྱི། །བྱང་ཆུབ་ཆེན་པོའི་ལས་བྱུང་བའི། །པདྨ་ཆེན་པོའི་རིགས་དག་པའོ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །

ཡང་དག་ཏུ་ནི་བླང་བར་བགྱི། །མཆོད་པའི་ལས་ནི་ཅི་ནུས་པས། །ལས་ཀྱི་རིགས་ཆེན་བསྡུ་བའོ། །ཚུལ་ཁྲིམས་གསུམ་པོའི་རྣམ་དག་དང་། །ཏིང་འཛིན་དེ་བཞིན་སྡོམ་པ་རྣམས། །བྱང་ཆུབ་སེམས་དཔའ་སློབ་དཔོན་ལ། །བདག་གིས་སྐྱབས་སུ་འགྲོ་བའོ། །སངས་

རྒྱས་དེ་ཡི་སྲས་རྣམས་ཀྱིས། །ཤེས་རབ་ཆེན་པོས་ཇི་བཞིན་བསྐྱེད། །བྱང་ཆུབ་སེམས་ནི་ཆེ་མཆོག་གོ། །དེ་བཞིན་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་དང་ནི་དེ་སྲས་རྣམས། །མགོན་པོ་བདག་ལ་དགོངས་སུ་གསོལ། །དེང་ནས་བརྩམས་ཏེ་ཇི་སྲིད་དུ། །བླ་མེད་བྱང་

ཆུབ་ཐོབ་ཀྱི་བར། །སངས་རྒྱས་ཆོས་དང་དགེ་འདུན་དང་། །སྡོམ་པ་ཆོས་དག་བསྡུ་བ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང་། །བདག་གིས་བརྟན་པོར་བླང་བར་བྱ། །དགེ་བ་འདི་ཡིས་བདག་གིས་ནི། །སངས་རྒྱས་ཉིད་དུ་ཐོབ་པ་སྟེ། །གཏིང་མེད་སྲིད་པའི་རྒྱ་མཚོ་ལས། །

འགྲོ་བ་ཐམས་ཅད་བདག་གིས་བསྒྲལ། །ཞེས་བྱ་བ་ལན་གསུམ་དུ་བཅུག་ལ། དེ་ཉིད་ཀྱི་སྙིང་ག་དང་སྤྱི་བོ་དང་ལྐོག་མ་རྣམས་ལ་རྡོ་རྗེ་དང་འཁོར་ལོ་དང་པདྨ་བསམས་ལ། ཡི་གེ་གསུམ་བརྗོད་ལ་རེག་ཅིང་དེའི་ལག་པ་ལ་དྲི་དང་མེ་ཏོག་སྦྱིན་ཏེ། ཡི་གེ་གསུམ་གྱིས་བྱིན་གྱིས་

Vol. 29 · folio 230b

བརླབས་ལ་སྤོས་ཀྱིས་གཏུལ་བར་བྱ་བ་དང་། མར་མེས་ཀྱང་སྣང་བར་བྱས་ཤིང་དེ་ཉིད་ལྷ་བཤོས་བྱིན་ཏེ། བདུད་རྩི་འཁྱིལ་པས་བཟླས་པའི་སོ་ཤིང་དང་། འཐོང་འཐུང་བྱིན་ལ་ཀུ་ཤ་ཡང་སྦྱིན་ཏེ། དཔུང་པ་གཡས་པ་ལ་མདུད་པ་གསུམ་བྱས་པའི་སྲུང་སྐུད་བཅིངས་ཤིང་ཨོཾ་བི་

ཤུདྡྷ་དྷརྨྨཿསརྦ་པཱ་པཾ་ནི་ཙ་ཨ་སྱ་ཤོ་དྷ་ཡ། སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུཾ་ཞེས་བྱས་པས་དྲི་ཆུ་འཐུང་དུ་བཅུག་ལ། ཅི་ནུས་པས་ཟབ་པ་དང་རྒྱ་ཆེ་བའི་ཆོས་བསྟན་ཅིང་། ཀྱེ་བཞིན་བཟངས་རྣམས་སོང་ཤིག །ནང་པར་དཀྱིལ་འཁོར་ཆེན་པོ་རྡོ་རྗེ་སེམས་དཔའི་དྲིན་གྱིས་མཐོང་

བར་གྱིས་ཤིག་ཅེས་སློབ་མ་རྣམས་ལ་སྨྲས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་མཆོད་ལ་ནམ་མཁའི་དབྱིངས་ལ་བཏེག་ཅིང་མཉམ་པར་བཞག་པས་དཀྱིལ་འཁོར་གྱི་གཞི་ལ་ཉལ་བར་བྱའོ། །དེ་ནས་ཞག་གཉིས་པ་ལ་ལྷའི་རྣལ་འབྱོར་གྱིས་བརླབས་ལ། བྱ་བའི་

ས་བོན་རྣམས་ལས་བསྐྱེད་པའི་ཐིག་སྐུད་ནི་དཀར་པོ་དང་། སེར་པོ་དང་། མརྐཏ་འདྲ་བ་དང་། དམར་པོ་དང་། ཨིནྡྲ་ནཱི་ལ་དང་འདྲ་བ་སྟེ། དཀྱིལ་འཁོར་ལས་ཉིས་འགྱུར་དུ་བྱས་ལ། ས་བོན་དེ་རྣམས་ཀྱིས་བྱིན་གྱིས་བརླབས་ལ། དམ་ཚིག་ལས་བྱུང་བའི་དེ་བཞིན་

གཤེགས་པ་ལྔ་དེ་རྣམས་ལ་ཐིམ་ཞིང་ཡི་གེ་གསུམ་བརྗོད་ཅིང་བསྒྲིལ་བ་དག་སྦྱངས་ཏེ་བྱིན་གྱིས་བརླབ་པར་བྱའོ། །དེའི་འོག་ཏུ་ཡི་གེ་ཛ་ལས་བྱུང་བའི་ཟླ་བ་དང་ཉི་མ་མིག་གཉིས་སུ་བཀོད་ཅིང་། ཧཱུཾ་པྲ་ཡཙྪ་བཻ་རོ་ཙ་ན་ཙཀྲ་སཱུ་ཏྲཱ་ཎཱ་ཡ་ཞེས་བྱ་བས་རང་གི་མདོག་དང་འདྲ་བའི་རྣམ་

པར་སྣང་མཛད་ཀྱི་སྙིང་གར་ཟླ་བའི་འོད་ཟེར་ལྟ་བུའི་ལྕགས་ཀྱུ་རྣམས་ཀྱི་འོད་ཟེར་གྱི་ཐིད་སྐུད་བཀུག་ལ་ཐིད་སྐུད་དཀར་པོ་ལ་ཐིམ་པར་བྱའོ། །དེ་བཞིན་དུ་སྣང་བ་མཐའ་ཡས་ལ་སོགས་པའི་སྙིང་གའི་ཟླ་བ་རྣམས་ལས་རང་རང་གི་མདོག་དང་འདྲ་བའི་ཐིག་སྐུད་རྣམས་ཇི་

བཞིན་དུ་ཐིག་སྐུད་བཞི་ལ་ཐིམ་ཞིང་སྐུ་གསུམ་གྱི་སྒོམ་པས་རང་གི་སྐུ་རྡོ་རྗེར་བསྒོམ་ཞིང་། ཐིག་སྐུད་འཛིན་པ་གལ་ཏེ་ཤེས་རབ་མ་ཡིན་ན་དེའི་ཚེ་ལྷ་མོ་སྤྱན་དུ་བསྒོམ་པར་བྱའོ། །གལ་ཏེ་སློབ་མ་ཡིན་ན་དེའི་བདུད་རྩི་འཁྱིལ་པའམ། རྡོ་རྗེ་སེམས་དཔར་བསྒོམ་པར་བྱའོ། །

Vol. 29 · folio 231a

དེ་བཞིན་དུ་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ལ་རང་གི་བདག་ཉིད་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེར་བསམས་ལ། ཐིག་སྐུད་འཛིན་པ་གལ་ཏེ་ཤེས་རབ་མ་ཡིན་ན་དེའི་ཚེ་གོས་དཀར་མོ་དང་མཱ་མ་ཀཱི་བསམ་པར་བྱའོ། །གལ་ཏེ་སློབ་མ་ཡིན་ན་དེའི་ཚེ་རྣམ་པར་

སྣང་མཛད་དམ་བདུད་རྩི་འཁྱིལ་པའམ་རྡོ་རྗེ་སེམས་དཔར་བསམས་ལ། ཨོཾ་ཛྫ་ཛྫ་ཛྫ་ཞེས་བྱ་བས་བསྐུལ་བར་བྱའོ། །ཉེ་བའི་སྒྲུབ་པས་ཀྱང་ཨོཾ་ཛྫ་ཛྫ་ཛྫ་ཞེས་བྱ་བས་གཟུང་ཞིང་གཡོན་པའི་ཁུ་ཚུར་གྱིས་གཟུང་བས་ལྟེ་བའི་ཕྱོགས་སུ་ཐིག་སྐུད་འཛིན་པར་བྱའོ། །དེའི་འོག་ཏུ་

མཐོ་རིས་དང་གནོད་སྦྱིན་གྱི་བདག་པོའི་ཕྱོགས་ཁ་བལྟས་པས་རྡོ་རྗེ་ཅན་གྱིས་ནམ་མཁའ་ལ་ཐིག་སྐུད་གདབ་པར་བྱའོ། །དེའི་འོག་ཏུ་དེ་བཞིན་དུ་རང་རང་གི་ཕྱོགས་ལ་དམིགས་ཏེ། ཚངས་པའི་ཐིག་སྐུད་གཉིས་ས་ལ་བཏབ་ཅིང་གནོད་སྦྱིན་དང་། ཡི་དགས་དང་། དབང་པོ་

དང་། ཀླུའི་ཕྱོགས་ལ་ཁ་བལྟས་ནས་ཕྱི་རོལ་དུ་ཐིག་གདབ་པར་བྱའོ། །དེའི་འོག་ཏུ་མེ་དང་བདེན་བྲལ་གྱི་མཚམས་སུ་ཁ་བལྟས་པས་ཐིག་གདབ་པར་བྱས་ཏེ། ཤར་ནུབ་བྱང་དང་ལྷོ་ཕྱོགས་སུ། །ཐིག་སྐུད་བཞི་དང་དུམ་བུ་བརྒྱད། །ཅེས་བྱ་བའི་རིམ་པས་ཐིག་གདབ་

པར་བྱའོ། །ཐིག་སྐུད་ཀྱི་སྒྲས་ཀྱང་། ཁྱེད་ལ་སེམས་ཅན་དོན་དུས་ཡིན། །ཞེས་བྱ་བས་དེ་བཞིན་གཤེགས་པ་རྣམས་བསྐུལ་བར་བྱའོ། །དེ་ལ་བླ་མ་དང་སློབ་མ་དག་གཡས་ཕྱོགས་ནས་བསྐོར་བས་འགྲོ་བ་ཤེས་པར་བྱའོ། །གྲུ་བཞི་པ་དང་སྒོ་བཞི་པ། །རྟ་བབས་བཞི་

ཡིས་བརྒྱན་པ་སྟེ། །དར་དཔྱངས་མེ་ཏོག་ཕྲེང་བས་བརྒྱན། །གྲ་ཡི་ཆ་ནི་ཐམས་ཅད་དང་། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། །ཀུན་དུ་ཡང་ནི་ཟླུམ་པོའོ། །རྡོ་རྗེ་ཀ་བ་མཆོག་གིས་སྤྲས། །རྡོ་རྗེ་ཕྲེང་བས་རྣམ་པར་བརྒྱན། །ཧི་ཡིག་ཁྲོ་བོའི་

ལྟ་བ་ཡིས། །དེ་ནས་སྒོ་ནི་དབྱེ་བར་བྱ། །སྒོ་ནི་འཁོར་ལོའི་བརྒྱད་ཀྱི་ཆ། །དེ་ཡི་ཕྱེད་ནི་ཁ་ཁྱེར་རོ། །སྒོ་ཁྱུད་སྒོ་ཡི་ཚད་ལྡན་པ། །རྟ་བབས་སུམ་འགྱུར་འདོད་པའོ། །འགྲམ་དང་ལོགས་ནི་སྒོ་ཕྱེད་དེ། །རྡུལ་ཚོན་ས་ནི་དེ་ཡི་ཕྱེད། །འཁོར་ལོ་ཁྲུ་ནི་བཅུ་དྲུག་པའི། །

Vol. 29 · folio 231b

ལྷ་ཡི་སྣམ་བུ་ཁྲུ་གཉིས་པའོ། །འཕེལ་དང་མི་འཕེལ་དབྱེ་བ་ཡིས། །ལྷག་མ་རྣམས་ནི་རྟག་པར་འདོད། །དེ་ལྟར་ཐིག་བཏབ་ནས་ཡི་གེ་ཛའི་འབར་བའི་ལྟ་བས་ཁ་དོག་དཀར་པོ་ལ་སོགས་པའི་རྡུལ་ཚོན་རྣམས་བྱིན་གྱིས་བརླབས་ལ། དེ་རྣམས་ལ་རེ་རེར་ལྷ་མོ་བཞིས་

བསྐོར་བའི་དེ་བཞིན་གཤེགས་པ་ཐིམ་ཞིང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་རང་གི་ལྷའི་རྣལ་འབྱོར་གྱིས་བླ་ན་མེད་པའི་ཤེས་རབ་ཀྱི་དྲིལ་བུའི་སྒྲས་མཚན་མ་ངན་པ་ལ་སོགས་པ་སེལ་ཞིང་ཆོས་ཀྱི་དབྱིངས་ཀྱི་རྣམ་དག་

ལ་དམིགས་ཏེ། དང་པོ་གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་མཉམ་པ་དང་མཚུངས་པ་དང་མ་ཆད་པས་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནག་པོའི་རིམ་པས་རྡུལ་ཚོན་རྣམས་དགྱེ་བར་བྱའོ། །རེ་རེའི་རྡུལ་ཚོན་གྱི་

རི་མོ་ནི་སྒོའི་ཆ་ཉི་ཤུའི་རགས་པ་བྱ་སྟེ། པཉྩ་ར་རེ་ཁཱའོ། །འདྲི་བའི་དཀྱིལ་འཁོར་དེ་ལ་ཤར་ཕྱོགས་ཀྱི་ས་ནི་ནག་པོ་དང་། གཤིན་རྗེའི་ས་ནི་སེར་པོ་དང་། ཆུ་ལྷའི་ས་ནི་དམར་པོ་དང་། །རྣམ་ཐོས་སྲས་ཀྱི་ས་ནི་ལྗང་གུ་དང་། དབུས་ཀྱི་ས་ནི་དཀར་པོའོ། །དཀྱིལ་འཁོར་

བྲི་བའི་དུས་སུ་གལ་ཏེ་བགེགས་བྱུང་ན་དེའི་ཚེ་སྔར་བཤད་པའི་བདུད་རྩི་འཁྱིལ་པའི་སྔགས་ཧཱུཾ་དང་ཕཊ་ཀྱི་མཐའ་ཅན་གྱིས་དེའི་རྣལ་འབྱོར་དང་ལྡན་ཞིང་དེ་རྣམས་སྐྲག་པར་བྱའོ། །ཡང་ན་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །དེ་ནས་ལྷ་བཞུགས་པའི་

གནས་རྣམས་སུ་པདྨ་དང་ཉི་ཟླའི་གདན་རྣམས་ཇི་བཞིན་དུ་བཀོད་ལ་འཁོར་ལོ་ལ་སོགས་པའི་ཕྱག་མཚན་རྣམས་དགོད་པར་བྱའོ། །ཡང་ན་སྔར་བཤད་པའི་ལྷ་རྣམས་ཞལ་དང་ཕྱག་དང་མཚོན་ཆ་དང་སྐུ་མདོག་གིས་མཚན་པ་དཀྱིལ་འཁོར་གྱི་འཁོར་ལོའི་རིམ་པ་གནས་ཇི་ལྟ་བ་

བཞིན་དུ་དགོད་པར་བྱའོ། །དཀྱིལ་འཁོར་གྱི་འཁོར་ལོར་ཞུགས་པ་དང་བྱུང་བ་ལ་སོགས་པའི་དུས་ཐམས་ཅད་དུ་ཡི་གེ་གསུམ་བརྗོད་པར་བྱའོ། །གལ་ཏེ་ལྷའི་གཟུགས་བྲི་བ་ཡིན་ན་དེའི་ཚེ་དབུས་སུ་རྣམ་པར་སྣང་མཛད་དང་། ཤར་དུ་མི་བསྐྱོད་པ་དང་། ལྷོ་རུ་རིན་

Vol. 29 · folio 232a

ཆེན་འབྱུང་ལྡན་དང་། ནུབ་ཏུ་སྣང་བ་མཐའ་ཡས་དང་། བྱང་དུ་དོན་ཡོད་གྲུབ་པའོ། །དབང་ལྡན་གྱི་མཚམས་ལ་སོགས་པའི་གྲྭ་བཞི་པོ་ལ་ལྷ་མོ་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་སོ། །དེ་ནས་ཕྱིའི་དཀྱིལ་འཁོར་ལ་སྟེ་ཤར་

ལ་སོགས་པའི་སྒོ་རྣམས་སུ་གཤིན་རྗེ་གཤེད་ལ་སོགས་པ་དང་། གྲྭ་རྣམས་ལ་མི་གཡོ་བ་ལ་སོགས་པའོ། །དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་གཟུགས་རྡོ་རྗེ་མ་ལ་སོགས་པ་བཞིའོ། །ཤར་ཕྱོགས་ཀྱི་སྣམ་བུ་ནས་ལྷོ་བྱང་གི་བར་དུ་བྱམས་པ་དང་སའི་

སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་གཉིས་དགོད་པར་བྱའོ། །ཤར་དང་ནུབ་ཀྱི་སྒོ་དག་ལ་གཤིན་རྗེ་མཐར་བྱེད་དང་པདྨ་མཐར་བྱེད་ཀྱི་ཅུང་ཟད་རྒྱབ་ཏུ་གནོད་མཛེས་རྒྱལ་པོ་དང་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དག་དགོད་པར་བྱའོ། །རེག་བྱ་རྡོ་རྗེ་མ་ནི་དབུས་

ཀྱི་གཙོ་བོ་དང་སྙོམས་པར་ཞུགས་པར་དགོད་པར་བྱའོ། །དེ་རྣམས་ཀྱང་སྔར་བཤད་པའི་དཀྱིལ་འཁོར་ཕྱུང་བའི་སྙིང་པོ་རྣམས་ཀྱིས་བཀོད་ལ། ནམ་མཁའ་ལ་ཞུགས་པ་རྣམས་དང་དབྱེར་མེད་པར་བྱས་ཏེ། དཀྱིལ་འཁོར་གྱི་བདག་པོ་བཟླས་པའི་རྣམ་པར་རྒྱལ་བའི་

བུམ་པ་དེའི་མདུན་དུ་བཞག་ཅིང་། ལྷག་མ་ལྷའི་བུམ་པ་གཞན་རྣམས་ཀྱང་རང་རང་གི་སྔགས་རྣམས་ཀྱིས་བྱིན་གྱིས་བརླབས་ལ་དཀྱིལ་འཁོར་གྱི་མཚམས་ལ་སོགས་པར་བཞག་ཅིང་ཁྲོ་བོ་གནོད་མཛེས་ཀྱི་ང་རྒྱལ་དང་ལྡན་པའི་རྣལ་འབྱོར་པས། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀཧྞ་

གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ་ཅེས་བྱ་བ་བརྗོད་ཅིང་། མེ་ཏོག་གི་ཕྲེང་བ་བླངས་ཏེ་དཀྱིལ་འཁོར་དུ་ཞུགས་ཤིང་བསྐོར་བ་གསུམ་བྱས་ལ། བཅོམ་ལྡན་འདས་ལ་ཕུལ་ཏེ་དབུས་སུ་གནས་པར་བདག་ཉིད་བསྒོམས་ལ། མཉམ་པར་

གཞག་པའི་རྡོ་རྗེ་སློབ་དཔོན་གྱིས་ཡིད་ཀྱིས་སྒོ་དབྱེ་བར་བྱའོ། །དེའི་དབུས་སུ་ཡི་གེ་གསུམ་བརྗོད་པར་བྱའོ། །དེའི་འོག་ཏུ་བཅུ་དྲུག་ལོ་ལོན་པ་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཁྲུས་མཁན་གྱི་བུ་མོ་དམ་ཚིག་གི་རིགས་ཀྱི་བདག་པོའི་ང་རྒྱལ་དང་ལྡན་པས་བྱིན་གྱིས་བརླབས་

Vol. 29 · folio 232b

ཏེ། དགའ་བའི་མཐར་ཞུ་བའི་བྱང་ཆུབ་ཀྱི་སེམས་ཀྱི་ནང་དུ་གནས་པའི་དམ་ཚིག་གི་འཁོར་ལོ་ཕྲ་མོ་བློས་དམིགས་ཏེ། སྔར་བཤད་པའི་དཀྱིལ་འཁོར་ཕྱུང་བའི་སྙིང་པོ་རྣམས་བརྗོད་ཅིང་སྤྲོ་བ་དང་། བསྡུ་བ་དང་། གནས་པ་དང་། བརྟན་པར་བྱ་བ་དང་། རྗེས་སུ་

ཆགས་པས་ཐབས་དང་ཤེས་རབ་ཀྱི་བསྒོམ་པའི་ལྷའི་འཁོར་ལོ་བསམས་ཏེ། ཡི་གེ་ཧཱུཾ་བཞི་པའི་སྔགས་ཛཿའི་མཐའ་ཅན་གྱིས་ཞགས་པ་དང་ལྕགས་ཀྱུ་བསྣམས་པའི་གནོད་མཛེས་ཀྱི་རྒྱལ་པོ་བསྐུལ་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་ཅིང་ཇི་བཞིན་དུ་རང་རང་གི་

གཟུགས་བརྙན་རྣམས་ལ་ཕཊ་ཀྱི་མཐའ་ཅན་དེའི་སྔགས་ཀྱིས་བཅིང་བར་བྱའོ། །དེའི་འོག་ཏུ་སྙོམས་པར་ཞུགས་པ་ལས་བྱུང་བའི་འདོད་པའི་ཡོན་ཏན་ལྔ་ཉེ་བར་སྤྱད་པ་མཐའ་ཡས་པ་བཟའ་བར་བྱ་བ་དང་། བལྡག་པར་བྱ་བ་དང་། གཞིབས་པར་བྱ་བ་དང་། མྱོས་པ་དང་།

མ་མྱོས་པའི་ཆང་དང་ལྡན་པའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་མཆོད་པས་མཆོད་ལ། ཧ་སྱ་དང་། ལཱ་སྱ་མ་དང་། དགའ་བ་དང་རྗེས་སུ་མཐུན་པའི་རོལ་མོ་ལ་སོགས་པ་སྣ་ཚོགས་པའི་ཕྱི་ནང་གི་མཆོད་པའི་ཚོགས་དབུལ་བར་བྱའོ། །འདི་ནི་མཆོད་པ་དམ་པ་སྟེ། །

གང་ཞིག་ཡིད་ནི་དགའ་བར་བྱེད། །དེ་ཕྱིར་ཀུན་བདག་རྣལ་འབྱོར་པས། །རང་རང་གཞན་རྣམས་མཆོད་པར་བྱ། །དེའི་འོག་ཏུ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔ་པོའི་བསྟོད་པ་གཞན་གྱིས་བསྟོད་ཅིང་བཟླས་པའམ། བསྒོམ་པ་

བྱས་ལ། ཟླ་བ་དང་ཉི་མ་དང་ཆུ་དང་། སྨན་དང་དྲི་རྣམས་དུང་ཆེན་པོའི་ནང་དུ་མན་ངག་ཇི་ལྟ་བ་བཞིན་དུ་བསྒྲུབས་ཏེ། འཁོར་ལོའི་ནང་དུ་ཞུགས་ལ་དེ་ཉིད་མངོན་པར་འདུས་བྱས་ཏེ། དབང་ལྡན་གྱི་ཕྱོགས་ནས་ལྷ་དང་ལྷ་མིན་ལ་སོགས་པ་ལ་གཏོར་མ་སྦྱིན་ཞིང་ཆོ་ག་

འདིས་སྦྱིན་སྲེག་བྱའོ། །སོར་བཞི་པའི་ཁ་ཁྱེར་དང་ལྡན་ཞིང་ཁྲུ་ནི་གཅིག་པ་སྟེ། འོག་ཏུ་ཁྲུ་ཕྱེད་ཚད་ལྡན་པ། །མེ་ཐབ་ཡོངས་སུ་ཟླུམ་པོ་ཡིན། །ནང་གི་ཆ་ནི་རྒྱ་ཆེ་བ། །སོར་རེ་དཔངས་སུ་འཕེལ་བར་བྱ། །རིན་ཆེན་རྡོ་རྗེ་མཚོ་སྐྱེས་དང་། །རལ་གྲི་ཡིས་ནི་ཀུན་དུ་བསྐོར། །

Vol. 29 · folio 233a

དབུས་སུ་འཁོར་ལོའི་ཕྱག་རྒྱ་སྟེ། །རྡོ་རྗེ་ལ་སོགས་ཕྱོགས་རྣམས་ལའོ། །ལས་ཀུན་བྱེད་པས་བཟླས་པ་ནི། །མཁས་པས་བྱས་ཏེ་ཡོ་བྱད་རྣམས། །གཡོན་དུ་བཞག་སྟེ་སྲེག་རྫས་རྣམས། །ཡང་དག་བཟླས་ཏེ་གཡས་སུ་བཞག །མངར་བ་ཤིང་དྲུང་བུད་ཤིང་

སོགས། །ཡི་གེ་གསུམ་གྱིས་གསལ་བའི་མེ། །རླུང་གཡབ་ཀྱིས་ནི་སྦར་བྱས་ནས། །གཡས་སྐོར་བས་ནི་ཀུ་ཤ་དགྲམ། །དེ་ནས་སྙིང་བྱུང་གྲུ་གསུམ་ནི། །པདྨ་ལ་གནས་རཾ་ལས་བྱུང་། །ཞལ་བཞི་པ་ནི་སྐུ་མདོག་སེར། །རལ་པའི་ཅོད་པན་མཆོད་སྦྱིན་དང་། །གུནྡྷེ་མི་

འཇིགས་དབྱིག་པ་དང་། །ཕྲེང་འཛིན་ཞལ་དཀར་མེ་ལྷ་བསྒོམ། །ཡེ་ཤེས་མེ་ལྷ་དགུག་པར་བྱ། །བསང་གཏོར་ལ་སོགས་བྱས་ནས་ནི། །དེ་ནས་མདའ་རྣམས་གཟུགས་པར་བྱ། །རང་ལྷའི་ས་བོན་བསམས་ནས་ནི། །ཤིན་ཏུ་འབར་བའི་དགང་བླུགས་རྣམས། །

དེ་ཁར་རེ་ཕ་བཀོད་ནས་ནི། །དེ་ནས་ཡམ་ཤིང་བསྲེག་པར་བྱ། །སྔགས་ཀྱིས་མངོན་པར་བཟླས་པའི་མཐར། །འབར་བའི་མེ་ལ་བསྲེག་པར་བྱ། །དེ་ནས་ཏིལ་དང་འབྲུ་ལ་སོགས། །ཆོ་ག་འདིར་ནི་མདོར་བསྡུས་པའོ། །དེ་བཞིན་ཡེ་ཤེས་མེ་ལྷ་ཡི། །སྙིང་གའི་

ཟླ་བར་རང་བདག་ཡིན། །བསམས་ཏེ་དེ་སྐྱེད་དེ་འདྲ་བ། །སྙོམས་པར་ཞུགས་པས་རྣམ་པར་གནས། །ཟླ་བ་ཉི་མ་ལ་སོགས་དང་། །རྫས་གཞན་གྱིས་ནི་མེ་ལྷ་མཆོད། །རིམ་བཞིན་འབར་བའི་ལྕེ་ལྡན་པ། །མཐར་ནི་དགང་བླུགས་བསྲེག་པར་བྱ། །ཞི་བའི་དོན་

དུ་རྫས་རྣམས་ནི། །རང་ལྷ་སྦྱོར་བས་བསྲེག་པར་བྱས། །ཡིག་གསུམ་བདུད་རྩི་སྔགས་ཀྱིས་ནི། །སྔགས་པས་བསམས་ཏེ་བསྲེག་པར་བྱ། །རྫས་ནི་ཡམ་ཤིང་མར་དང་ནི། །ཏིལ་དང་འབྲས་དང་ནས་རྣམས་ནི། །གྲོ་དང་མ་ཤ་འབྲས་སོ་བ། །སྤོས་དང་སྟར་ག་བིལ་

བ་དང་། །གླ་གོར་ཞོ་ཤ་ཞོ་དང་ནི། །འོ་མ་དཱུར་བ་ཀུ་ཤ་དང་། །འབྲས་བུ་གསུམ་དང་སླེས་ཏྲེས་དང་། །ཁ་ར་རྒྱལ་མོ་ཁར་ལོ་མ། །གེ་སར་དང་ནི་ཙནྡན་དང་། །པྲི་ཡང་ཀུ་དང་གུར་གུམ་དང་། །སྤོས་གཉིས་དང་ནི་སྨན་རྣམས་དང་། །ཛཱ་ཏི་ཕ་ལ་ནོར་བུ་དང་། །དར་དང་སོ་རྩི་

Vol. 29 · folio 233b

མེ་ཏོག་ཕྲེང་། །དེ་བཞིན་མཆོད་པ་རྣམ་པ་ལྔ། །རྣལ་འབྱོར་རྒྱུད་ལ་དེ་ཙམ་ནི། །གོ་རིམས་ཀྱིས་ནི་རྫས་རྣམས་སོ། །རྫས་རྣམས་དེ་ཡི་རྣམ་དག་པ། །དཀྱིལ་འཁོར་རིམ་པས་བཤད་པར་བྱ། །ཇི་ལྟར་བླ་མས་སློབ་མ་ལ། །རྗེས་སུ་གཟུང་བས་ཡང་དག་བྱ། །ཡམ་

ཤིང་ནས་ནི་གྲོ་ཡི་བར། །སྲེག་པར་བྱེད་པ་དེ་མ་ཐག །མིག་ལ་སོགས་པ་དབང་པོ་དྲུག །ཐ་མལ་པ་དེ་སྦྱོར་བར་གྱུར། །གང་ཟད་པས་ནི་ས་སྙིང་སོགས། །བྱང་ཆུབ་སེམས་དཔའི་ཚོགས་རང་ཉིད། །སྔགས་ཀྱི་སྐུ་ཡི་སྦྱོར་བ་ཡིས། །སློབ་མའི་ལུས་ལ་འཇུག་པར་བྱ། །

མ་ཤ་ནས་བརྩམས་བུ་གའི་བར། །བསྲེག་པ་དེ་མ་ཐག་ཏུ་ནི། །གཟུགས་ལ་སོགས་པས་དོན་གྲུབ་པོ། །རྨོངས་པར་བྱེད་པ་དག་པར་འགྱུར། །གང་ཟག་གཟུགས་གཏོར་ལ་སོགས་པ། །ལྷ་ཡི་རྣམ་པའི་ངོ་བོ་ཉིད། །འོད་གསལ་བ་ཡི་རང་བཞིན་གྱིས། །སློབ་མ་དེས་ན་འཇུག་

པར་བྱ། །ཞོ་ནས་སླེ་ཏྲེས་ཀྱི་ནི་བར། །བསམ་གཏན་རྩོལ་བས་བསྲེག་པར་བྱ། །རྣམ་ཤེས་དྲུག་པོས་འཁོར་བ་ཡི། །མིག་འཕྲུལ་མཁན་ནི་དག་པར་འགྱུར། །གང་ཟད་པས་ནི་ཡེ་ཤེས་ལྔ། །ངོ་བོ་དེ་བཞིན་གཤེགས་པ་རྣམས། །རྡོ་རྗེ་འཆང་ཆེན་དང་བཅས་པས། །སློབ་

མ་དེ་ནི་རང་བཞིན་བྱེད། །ཁ་ར་ནས་བརྩམས་སྨན་གྱི་བར། །རྩེ་གཅིག་པ་ནི་བླ་མས་བསྲེག །འདོད་ཆགས་ལ་སོགས་སོམ་ཉི་པ། །ལྟ་བ་ལྔ་ནི་དག་པར་འགྱུར། །གང་ཟད་པས་ནི་ཡེ་ཤེས་བཅུ། །ཡང་ན་ས་ནི་བཅུ་པོ་སྟེ། །སྐད་ཅིག་ཙམ་གྱིས་སློབ་མ་ཡིས། །ཡང་དག་

པར་ནི་མངོན་དུ་གྱུར། །ཛཱ་ཏི་ཕ་ལ་ནས་དྲིའི་བར། །རྫས་བརྒྱད་པོ་ནི་བསྲེག་པར་བྱ། །འཇིག་རྟེན་ཆོས་རྣམས་འཇིག་པའི་ཕྱིར། །བློ་ལྡན་སློབ་མ་ལ་ནི་བྱ། །གང་ཟད་པས་ནི་མངོན་དུ་ནི། །ཕ་རོལ་ཕྱིན་པ་བརྒྱད་པ་སྟེ། །སློབ་དཔོན་དམ་པའི་བཀའ་དྲིན་གྱིས། །སྒྲུབ་པ་པོས་

ནི་ཚེ་འདིར་ཐོབ། །ལྷ་བཤོས་གཅིག་པུ་བསྲེག་བྱས་ན། །ང་རྒྱལ་རྣམ་པར་དག་པར་འགྱུར། །གང་ཞིག་ཟད་པའི་སློབ་མ་ཡིས། །ཕ་རོལ་ཕྱིན་མཆོག་དགུ་པ་ཐོབ། །དགང་བླུགས་ཀྱི་ནི་སྦྱོར་བ་དང་། །བུམ་པའི་ཆུ་ཡིས་བསང་གཏོར་གྱིས། །ཕ་རོལ་ཕྱིན་པ་བཅུ་ཐོབ་པ། །

Vol. 29 · folio 234a

བློ་དང་ལྡན་པས་སློབ་མ་བྱས། །སྦྱིན་སྲེག་ལས་ཀྱི་རྣམ་དག་པ། །དེ་ནི་བདག་གིས་ཡང་དག་བཤད། །རྫས་རྣམས་ཕྱི་རོལ་ཀུན་རྫོབ་ཀྱིས། །དོན་དམ་པ་ནི་རབ་སྟོན་པའོ། །དེ་ནས་ལས་ཀུན་གཏོར་མ་ནི། །མཆོག་ཏུ་གྲུབ་པ་རབ་སྟེར་བ། །ཁམས་

གསུམ་པ་ནི་ཚིམ་པའི་ཕྱིར། །བློ་དག་པས་ནི་སྔགས་བརྗོད་བྱ། །ལྷག་མ་སྲེག་རྫས་བསྲེགས་ནས་ནི། །རྡོར་ཅན་རང་གི་རྣལ་འབྱོར་ལྡན། །དཀྱིལ་འཁོར་པ་ནི་རིམ་པ་བཞིན། །ཆོ་ག་འདི་ནི་ཚིམ་པར་བྱ། །སློབ་མ་གཞུག་པའི་ཆོ་ག་བཞིན། །རང་ཉིད་ཀྱང་ནི་འཇུག་

བྱ་སྟེ། །དབང་བསྐུར་མཐར་ཐུག་རྫོགས་པ་དང་། །རིགས་བདག་པོས་ནི་གནང་པ་ཐོབ། །གཞན་ཡང་སློབ་མ་གཞུག་པའི་ཕྱིར། །དེ་ལྟར་བདེན་པས་གསོལ་གདབ་བྱ། །ཆོས་རྣམས་གཟུགས་བརྙན་དང་མཚུངས་པ། །དང་ཞིང་དག་པ་དྲི་མ་མེད། །གཟུང་བ་མེད་

ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང་། །དེ་བཞིན་དེ་ཉིད་ལས་བྱུང་བ། །དེ་རྣམས་བདེན་པས་དཀྱིལ་འཁོར་ནི། །དྲི་མེད་པ་ཡི་སློབ་མ་ཀུན། །གཟུགས་བརྙན་ལྟར་སྣང་མཐོང་བར་ཤོག །ནམ་མཁའ་བསྐྱེད་པའི་མཚན་མ་ཅན། །ཐོག་མཐའ་མེད་པའི་གཙོ་

བོ་སྟེ། །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོར་སེམས་དེ་དང་བདག་གྲུབ་ཤོག །ཐམས་ཅད་མཆོག་ནི་དངོས་གྲུབ་ཆེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་ཀུན་འཛིན་རྒྱལ་པོ་ནི། །མི་འགྱུར་དམ་པ་བདག་གྲུབ་ཤོག །ཁྱོད་ནི་འཇིག་པ་སྐྱོན་མེད་པ། །ཆགས་པ་ཀུན་

གྱིས་རྗེས་ཆགས་ཏེ། །བཅོམ་ལྡན་ཆགས་ཆེན་དགའ་བ་ཆེ། །ཡང་དག་ཏུ་ནི་བདག་གྲུབ་ཤོག །ཤིན་ཏུ་དག་པ་ཆོས་མཆོག་ནི། །ཐོག་མ་ནས་དག་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་ཤོག །ཐམས་

ཅད་མཆོག་ནི་དངོས་གྲུབ་ཆེ། །ཕྱག་རྒྱ་མཆོག་གིས་དབང་བསྐུར་ཆེ། །རྡོ་རྗེ་སྒེག་གདབ་རྡོ་རྗེ་ཆེ། །འགྱིང་བ་རྡོ་རྗེ་བདག་གྲུབ་ཤོག །སེམས་ཅན་ཀུན་ལ་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་ཡབ་གྱུར་ཅིང་། །དམ་ཚིག་མཆོག་ལྡན་འདོད་པ་མཆོག །བདེན་པ་

Vol. 29 · folio 234b

གང་གིས་དམ་ཚིག་ཆེ། །ཐབས་དང་ཤེས་རབ་བདག་དཀྱིལ་འཁོར། །བདག་པོ་འདིས་ནི་མགོན་པོ་བདག །འདོད་པ་ཁྱོད་ཀྱིས་རྫོགས་པར་མཛོད། །དེ་ལྟར་དམ་ཚིག་གི་གླུ་ཡིས་མཆོད་པར་བྱའོ། །དེ་ནས་སློབ་མ་འཇུག་པའི་ཆོ་ག་འདི་ཡིན་ཏེ། ཇི་ལྟར་བཤད་པའི་ཆོ་

གས་སློབ་མ་མངོན་པར་འདུས་བྱས་ལ། སྡོམ་པ་བླངས་པ་དེའི་སྙིང་གར་སྙོམས་པར་ཞུགས་པས་བདེ་བ་ཆེན་པོ་བསམས་ཏེ། དེའི་སྦྱོར་བའི་བསྐྱོད་པ་ལས་བྱུང་བ་འོད་ཟེར་གྱི་ཕྲེང་བ་ཅན་ལུས་ཀུན་སྣང་བར་བྱེད་པའི་ཡི་གེ་ཨ་བསམས་ཏེ། གོས་དམར་པོ་ཐོགས་

པ་དང་། རས་དམར་པོས་མིག་གཡོགས་པ། ཨ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་ཐལ་མོས་མེ་ཏོག་ཕྲེང་བ་བླངས་པ་མགོ་རུ་བཞག་ཅིང་གསོལ་བ་གདབ་པ་ལ་འཇུག་གོ། །བདེ་བ་ལ་དགའ་བ་ཁྱོད་གང་ཡིན་ཞེས་དྲིས་པ་དང་། ཀྱེ་བདེ་བ་ཆེན་པོ་ང་ནི་སྐལ་བ་དང་

ལྡན་པ་ཡིན་ནོ་ཞེས་ཞུ་བ་བརྗོད་པར་བྱའོ། །དེ་ནས་ཡི་གེ་ལྔ་པས་ཞུགས་ཤིང་འདི་ལྟར་སྨྲ་བར་བྱ་སྟེ། ཁྱོད་ནི་དེ་རིང་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ལ་ཞུགས་པས་དེ་བས་ན་བདག་གིས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་ན། དངོས་གྲུབ་གཞན་དག་སྨོས་ཅི་དགོས། དཀྱིལ་འཁོར་མ་མཐོང་བའི་མདུན་དུ་ཁྱོད་ཀྱིས་ཀྱང་སྨྲ་བར་མི་བྱ་སྟེ། དཀའ་བ་མ་སྤངས་པས་དུས་བྱས་ནས་དམྱལ་བར་ལྷུང་ང་རེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་

གནས་པ་སྟེ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་གས་ནས་འབྱུང་། །ཞེས་སྨྲ་བར་བྱའོ། །ག་བུར་དང་ནི་ཙནྡན་བཅས། །རྡོ་རྗེ་ཡང་ནི་མངོན་བཟླས་ཏེ། །དུང་ཕོར་ལས་ནི་བདུད་རྩི་ལྔ། །དེ་ནས་དེ་ནི་འཐུང་དུ་གཞུག །གསུམ་དང་ཡི་གེ་ལྔ་སྔགས་ཀྱིས། །བློ་བརྟན་སློབ་

མ་བྱས་ནས་ནི། །འདི་ནི་དམྱལ་བའི་ཆུ་ཡིན་ཏེ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་པས་དངོས་གྲུབ་སྟེར། །བདུད་རྩི་ལྔ་ཆུ་བཏུང་བར་གྱིས། །ཨོཾ་བཛྲོད་ཀ་ཐ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ལག་ན་རྡོ་རྗེ་བདག་ཡིན་པས། བདག་གིས་འདི་གྱིས་ཤིག་ཅེས་ཇི་

Vol. 29 · folio 235a

ལྟར་སྨྲས་པ་དེ་ཁྱོད་ཀྱིས་བྱའོ། །ཁྱོད་ཀྱིས་ཀྱང་བདག་ལ་སྨོད་པར་མི་བྱ་སྟེ། གཞན་དུ་ན་དཀའ་བ་མ་སྤངས་པར་དུས་བྱས་ལ་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་སློབ་མ་ལ་བསྟན་པར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་

རློབས་ཤིག་པ་དང་། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་མཛོད་ཅིག །ཅེས་སྨྲ་བ་འཇུག་གོ། །དེ་ནས་ལེའུ་བཅོ་ལྔ་ལས་གསུངས་པའི་ཆོ་གས་དབབ་ལ། དབབ་པ་དེ་ཡང་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཤ་ཤྭ་ཏོ་མེ་བྷ་བ། ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྷྷིཾ་མེ་པྲ་ཡཙྪ། ཧ་ཧ་ཧ་ཧ་ཧོ། ཞེས་

བརྗོད་པས་བརྟན་པར་བྱས་ཏེ། ཡི་གེ་ལྔ་པས་ཕྲེང་བ་དེ་དཀྱིལ་འཁོར་ལ་གཏོར་དུ་འཇུད་ཅིང་དེ་ཉིད་ཀྱིས་ཀྱང་བླངས་ཏེ་དེ་ཉིད་ཀྱིས་སྤྱི་བོར་བཅིངས་ལ། སྙིང་གའི་ཟླ་བར་བདག་པོ་དང་། མིག་གཉིས་ལ་ཨོཾ་དང་། དཔྲལ་བར་རཾ་བསམས་ཏེ་ཡི་གེ་ལྔ་པས་མིག་ཕྱེ་ཞིང་མན་ངག་ཇི་ལྟ་བ་

བཞིན་དུ་དཀྱིལ་འཁོར་སྟོན་ཅིང་། ཀྱེ་རྡོ་རྗེ་ལྟོས་ཤིག་ཅེས་སྨྲ་བར་བྱའོ། །མི་མཉམ་མེད་པས་གྲུ་བཞི་པ། །དྲན་པའི་དང་པོ་སྒོ་བཞི་ཡིན། །བསམ་གཏན་བཞི་པོ་རྟ་བབས་ལྡན། །ཁ་ཁྱེར་ཏིང་ངེ་འཛིན་དུ་བཤད། །ཁ་ཁྱེར་ལ་གནས་རྡོ་རྗེ་མཆོག །གཟུགས་ནི་ལྷ་མོ་དང་ལྡན་པ། །

རྒྱན་ནི་སྣ་ཚོགས་ཐམས་ཅད་ལྡན། །བསམ་པ་ཐམས་ཅད་རྫོགས་བྱེད་པ། །ཀུན་གྱི་རྩེ་མོ་བ་དན་དང་། །དྲིལ་བུ་སྒྲ་སྒྲོགས་གདུལ་བྱ་སྟོན། །ཡེ་ཤེས་མེ་ལོང་མེ་ཏོག་དང་། །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །དྲ་བ་དྲ་ཕྱེད་རིན་ཆེན་མཆོག །ཟླ་བ་ཉི་མས་ཀུན་དུ་བསྐོར། །

ཀུན་གྱི་དངོས་གྲུབ་མི་འགྱུར་པ་དེ། །བདེ་བ་ཆེན་པོ་ཞེས་བསྟན་ཏོ། །དེ་ཡི་ནང་གི་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་པ་དང་མཚུངས་པ། །དེ་ནི་རྣམ་པར་ཐར་པ་བརྒྱད། །དངོས་གྲུབ་ཐམས་ཅད་བདེ་སྟེར་བ། །རྡོ་རྗེ་ཚིག་གིས་ཡོངས་བསྐོར་བ། །ཐམས་ཅད་དུ་ནི་ཡོངས་སུ་

རྫོགས། །དེ་ལ་ཞུགས་པ་ཙམ་གྱིས་ནི། །ཟིལ་གྱིས་མི་གནོན་ཕྱིར་མི་ལྡོག །བདེ་བ་ཆེན་པོ་རབ་གྲུབ་ཕྱིར། །མཁས་པ་རྣམས་ནི་འབྱུང་བར་འགྱུར། །དེ་ནས་རྡོ་རྗེ་སློབ་དཔོན་ལ། །ཡོན་ནི་ཤིན་ཏུ་མཆོག་ཕུལ་ནས། །རབ་ཏུ་འདུད་དེ་ཚིགས་བཅད་འདིས། །དབང་བསྐུར་

Vol. 29 · folio 235b

དོན་དུ་གསོལ་གདབ་བྱ། །འགྲོ་བ་སྐྱོབ་ཕྱིར་རྡོར་ཅན་གྱིས། །སངས་རྒྱས་རྣམས་ལ་དབང་བསྐུར་ནི། །ཡོན་ཏན་འབྱུང་གནས་ཇི་ལྟར་གསོལ། །དེ་བཞིན་དེང་བདག་ལ་སྩོལ་མཛོད། །ཞུགས་པའི་སྒོ་ཡི་མངོན་ཕྱོགས་སུ། །པདྨ་འདབ་བརྒྱད་ལྟེ་བ་རུ། །རང་བདག་སྦྱོར་ལྡན་སློབ་

མ་ནི། །སྣ་ཚོགས་གདན་ཁྲི་ལ་བཞག་ནས། །ལུས་ལ་དཀྱིལ་འཁོར་བཀོད་ནས་ནི། །ཆོ་ག་འདིས་ནི་དབང་བསྐུར་བྱ། །གདུགས་དང་རྒྱལ་མཚན་བ་དན་དང་། །བུམ་པ་རོལ་མོ་གོས་བཟངས་དང་། །ལྷ་ཡི་རྒྱན་ནི་ཐོགས་པ་སྟེ། །སྔ་མའི་ཐུགས་རྗེའི་ཤུགས་ཀྱིས་ནི། །ཆགས་པ་

དགུག་ཅིང་ཀུན་བྱུང་བ། དབང་གི་དུས་སུ་སློབ་དཔོན་གྱིས། །མཁའ་དབྱིངས་སེམས་ཅན་ཐམས་ཅད་ཀྱིས། །ཡོངས་སུ་གང་བར་བསྒོམ་པར་བྱ། །བུམ་པའི་ཆུ་ལ་ཐིམ་བྱས་ནས། །བདག་པོ་བདུད་རྩི་ལྔར་བཞུགས་པ། །མགྲིན་པར་གོས་བཟངས་བཅིངས་པ་ན། །སྤྱན་

ལ་སོགས་པས་དེ་གཟུང་ཞིང་། །བུམ་པས་བ་སྤུའི་བུ་ག་ནས། །སངས་རྒྱས་ཐམས་ཅད་ཞུགས་པར་བྱ། །ཚིགས་བཅད་སྔགས་འདི་བརྗོད་བཞིན་པས། །སློབ་མའི་ལུས་ལ་དབང་བསྐུར་བྱ། །དབང་བསྐུར་བ་ནི་རྡོ་རྗེ་ཆོས། །ཁམས་གསུམ་པས་ནི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་བ་

གསུམ། །གནས་ལས་བྱུང་བ་བདག་གིས་སྦྱིན། །ཞེས་བྱ་བ་ནི་ཆུའོ། །དད་པའི་བློས་ནི་ཇི་བཞིན་དུ། །ཅོད་པན་གྱིས་ཀྱང་དབང་བསྐུར་བྱ། །སྦྱོར་བ་ཡིས་ནི་བརྟན་བྱས་ཏེ། །རིམ་པས་ཇི་ལྟར་ཕྱག་མཚན་བཞིན། །དེ་ནི་ཅོད་པན་ནོ། །སངས་རྒྱས་རྡོ་རྗེ་དབང་གིས་ནི། །དེ་རིང་ཁྱོད་ནི་དབང་

བསྐུར་བ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །དངོས་གྲུབ་ཕྱིར་ནི་རྡོ་རྗེ་ལོང་། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་འགྱིང་བ་བདག་པོའི་བདག །

ཅེས་པ་ནི་རྡོ་རྗེའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །རྒྱལ་བས་བྱང་ཆུབ་མཆོག་འདོད་པ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཞེས་པ་ནི་དྲིལ་བུའོ། །སྲིད་པ་རང་བཞིན་གྱིས་དག་པ། །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་

Vol. 29 · folio 236a

བཞིན་དག་པའི་སེམས་དཔའ་ཡིས། །སྲིད་པ་དམ་པར་བྱེད་པའོ། །ཞེས་དཀྲོལ་བར་བྱེའོ། །སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་ཚོགས་ཡིན་ཏེ། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ན་བདེ་སྐྱིད་པའོ། །འདོད་པ་ཐམས་ཅད་

ལོངས་སྤྱོད་ནི། །ཅི་བདེ་བས་ནི་བསྟེན་པར་བྱ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །རང་དང་གཞན་ལ་མཆོད་པར་བྱ། །བྱང་ཆུབ་སེམས་དཔའ་རབ་ཏུ་མཆོག །ཇི་སྲིད་འཁོར་བ་ལ་གནས་པ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །བྱེད་དུ་ནུས་ཏེ་འཚང་མི་རྒྱ། །ཤེས་རབ་ཕ་རོལ་

ཕྱིན་ཐབས་དང་། །བསོད་ནམས་བྱིན་རླབས་ལས་བྱུང་བ། །དངོས་གྲུབ་ཀུན་ནི་དབང་ཕྱུག་འགྲུབ། །སེམས་ཅན་དོན་ནི་བརྟན་པར་བྱེད། །སྔགས་ཀྱི་སྐུ་ནི་བརྟན་པའི་ཕྱིར། །སྐུ་ཀུན་རབ་ཏུ་བརྟན་པ་ནི། །དེས་ན་ཕྱག་རྒྱ་རབ་ཏུ་གྲགས། །ཞེས་བྱ་བ་ནི་དམ་ཚིག་གོ། །དེ་ཉིད་ཀྱིས་ནི་རྡོ་རྗེ་

བླང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེ། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླས། །ཞེས་བྱ་བ་གང་གསུངས་པ་དེ་སོ་སོར་བསྟན་ཏོ། །ཨོཾ་བཛྲ་ཨ་དྷཱི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མཱ་བྷི་ཥེ་ཀ་ཏ། ཀྱེ་དཔལ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་དཔལ་གྱི་སྒྲ་བརྗོད་པར་བྱའོ། །དེ་

བཞིན་དུ། སྐུ་གསུམ་ས་ལ་སོགས་པ་དང་། །སྟོབས་དང་ཕ་རོལ་ཕྱིན་ལ་སོགས། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ལག་ན་རྡོ་རྗེ་ཕྱག་ན་གནས། །ལག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་ཧི་ཧི་

ཧི་ཧི་ཧཱུྃ་ཞེས་བྱ་བས་ནི་རྡོ་རྗེ་བརྟུལ་ཞུགས་སོ། །དེ་ནས། སྡིག་མེད་སློབ་མ་དམ་པ་ནི། །མེ་ཏོག་སོགས་ཀྱིས་མཆོད་པར་བྱ། །པདྨའི་དཀྱིལ་འཁོར་ལ་བཞག་ནས། །དེ་ནས་དེ་ལ་དབང་བསྐུར་བྱིན། །མཱ་མ་ཀཱི་སོགས་དང་སྦྱར་ནས། །བདག་ནི་སྐལ་ལྡན་ཞེས་བརྗོད་ནས། །རྡོ་རྗེ་

པདྨ་དག་བསྡུས་ཏེ། །དེ་བདེ་ལ་ནི་སྙོམས་ཞུགས་ན། །རྡོ་རྗེ་པདྨ་ལས་དགུག་ཅིང་། །སློབ་མའི་མཁར་ནི་མཁས་པས་བཅུག །ཀྱེ་མ་བདེ་བ་ཞེས་བརྗོད་པས། །སེམས་བྱུང་བ་ནི་མྱང་བར་བྱ། །མི་མཁས་པ་ཡི་སློབ་མ་ལ། །དེ་ཉིད་འདི་ནི་བསྟན་པར་བྱ། །དབང་བསྐུར་བ་ཙམ་

Vol. 29 · folio 236b

འདི་ཉིད་ཀྱིས། །སློབ་མའི་ཡོན་ཏན་འཕེལ་བར་འགྱུར། །འགྲོ་དང་མི་འགྲོ་ཐམས་ཅད་དུ། །བདེ་བས་སློབ་དཔོན་ཉིད་དུ་འགྱུར། །དེ་ནི་གསང་བའོ། །ཤེས་རབ་ཀྱི་དབང་བསྐུར་བའི་དང་པོར་དམ་ཚིག་རྣམས་སྦྱིན་པར་བྱ་སྟེ། རྡོ་རྗེ་སློབ་དཔོན་སྨོད་པ་དང་། །ཞེས་བྱ་བ་ལ་སོགས་པ་

རྩ་བའི་ལྟུང་བ་བཅུ་བཞི་དང་། ཁ་ན་མ་ཐོ་བ་སྦོམ་པོ་བཅུ་སྟེ། དེ་རྣམས་སློབ་མ་ཉན་དུ་གཞུག་པ་དང་། ཁས་བླང་བ་བྱས་ལ། གདོལ་པ་དང་ཁྲུས་མཁན་དང་གར་མཁན་མ་རྣམས་ལས་གང་ཡང་རུང་བའི་ཕྱག་རྒྱ་མ་རིགས་ལྔས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་སློབ་དཔོན་གྱིས་

མཚན་ཕྱེད་ལ་སློབ་མ་དེ་ལ་སྦྱིན་པར་བྱའོ། །དེའི་ཚེ་ཕྱག་རྒྱ་མས་སློབ་མ་ལ་འདི་སྐད་སྨྲ་བ་སྟེ། བཤང་གཅི་དང་ནི་ཁྲག་དང་ནི། །ཤུ་ཀྲ་དེ་བཞིན་ཤ་ཉིད་དང་། །བྷ་གའི་པདྨར་ཙུམྦ་ན། །བུད་མེད་རྣམས་ལ་དད་པའི་མཆོག །ཁྱོད་ཀྱིས་རྡོར་ཅན་ཅི་ནུས་སམ། །བདེ་ཆེན་བུ་ནི་སྨྲ་བར་གྱིས། །

དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །བཞད་ཅིང་འདི་ལྟར་བཀའ་སྩལ་ཏེ། །ཤུ་ཀྲ་ཁྲག་ལ་སོགས་ཟ་བ། །ལྷ་མོ་ཅི་ཕྱིར་བདག་མི་ནུས། །བྷ་གའི་ཙུམྦ་ན་དང་ནི། །རྟག་ཏུ་བུད་མེད་ལ་དད་བྱ། །དེའི་འོག་ཏུ་ལྷ་མོ་དེས། ན་བཟའ་ཕུད་ཅིང་ཉིད་ཀྱི་པདྨ་ཡང་དག་པར་བསྟན་པ་སྟེ། ཨེ་

མའོ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་དང་ལྡན་པ། །ཆོ་ག་གང་གིས་སྟེན་བྱེད་ན། །དེ་ཡི་མདུན་དུ་བདག་གནས་པའོ། །སེམས་ཅན་ཁམས་ནི་རབ་གྲོལ་བ། །ཆོས་ཀྱི་དབྱིངས་ནི་དག་པ་འདི། །དངོས་པོ་ཀུན་གྱི་རང་བཞིན་ཉིད། །འདི་ལ་བདེ་ཆེན་རྒྱལ་པོ་གནས། །

དེ་ན་དེའི་ནང་དུ་གནས་པའི། །རྩ་ཡི་འཁོར་ལོ་བསྟན་པ་ཡིན། །བྷ་གའི་དབུས་སུ་ནམ་མཁའ་གང་། །ནམ་མཁའ་ལྔ་ཡིས་བརྒྱན་པ་སྟེ། །ཟེ་བ་གེ་སར་དང་ལྡན་པ། །འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །ཤུ་ཀྲའི་རང་བཞིན་བདུད་རྩི་ནི། །དེ་ལ་གནས་པ་རྟག་ཏུ་འཛག །

དེ་ནས་སློབ་མ་བཀའ་སྩལ་ཏེ། །བྷཉྫ་མོ་ཀྵ་ཧོ་ཞེས་བྱའོ། །དེ་ནས་སྔགས་བཤད་པས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །བྷ་གའི་དབུས་སུ་རྩ་གང་གནས། །སུམ་ཅུ་རྩ་གཉིས་རྩ་གཞན་རྣམས། །དེ་ཡི་ནང་ན་དེ་གཙོ་བོ། །གོམས་དང་བླ་མའི་ཞལ་ནས་ནི། །བཙལ་བས་དེ་ཉིད་

Vol. 29 · folio 237a

རྙེད་ནས་ནི། །ཅུང་ཟད་སོར་མོས་བསྐུལ་བ་དང་། །སླར་ཡང་ལྕེ་ཡི་རྩེ་མོས་བསྐུལ། །དཀར་མཆོག་རབ་ཏུ་རྒྱུ་བ་ནི། །དེ་ནས་རྩ་དེ་ཁ་ཕྱེད་གྱུར། །ཕ་རོལ་ཕྱིན་པ་བཅུ་སྟོབས་ནས། །དེ་བཞིན་སྟོབས་དང་དབང་ཉིད་བཅུ། །ས་ནི་བཅུ་ལ་འདས་ནས་ནི། །དེ་ནས་རྡོ་རྗེ་

རེངས་པར་གྱུར། །དེ་ཉིད་ཀྱི་ཕྱིར་ལེའུ་བཅོ་བརྒྱད་པ་ལས་ཀྱང་། བསྒྲུབ་བྱ་སྒྲུབ་བྱེད་སྦྱོར་བ་ནི། །གང་ཕྱིར་བསྙེན་པ་བཤད་པ་དང་། །རྡོ་རྗེ་པདྨ་སྦྱོར་བས་ནི། །ཉེ་བར་བསྒྲུབ་པར་འདོད་པ་ཡིན། །ཧཱུྃ་དང་ཕཊ་གཉིས་ལྡན་པ་ནི། །བསྐྱོད་པ་སྒྲུབ་པ་རབ་བཤད་པའོ། །རང་ངོ་རང་བདེ་

བཞི་པ་ནི། །སྒྲུབ་པ་ཆེན་པོར་བཤད་པ་ཡིན། །དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་འཆང་ཆེན་གྱི་གོ་འཕང་། །སངས་རྒྱས་ཀུན་གྱི་ཐབས་འབྱུང་བ། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །ཞེས་གསུངས་སོ། །དེ་ཁོ་ན་ཉིད་དོ། །དེ་ནས་ལྷ་མོ་དེས་རེངས་པ་རྡོ་རྗེའི་སྟེང་དུ་

བཞུགས་ལ་བསྒྲུབ་པ་བྱའོ། །སློབ་མས་ཀྱང་ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨཱ་ནུ་ར་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་བརྗོད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ཀྱང་རྡོ་རྗེ་དབང་ཕྱུག་མ་དང་སྙོམས་པར་ཞུགས་པའི་སློབ་མ་གཟིགས་ཏེ་རང་གི་ཐུགས་ཀ་ནས་མོ་ཧ་ར་ཏི་ལ་སོགས་པ་ལྷ་མོ་

བཞི་པོ་སློབ་མའི་སྙིང་གར་ཞུགས་པར་བྱའོ། །མཁའ་དབྱིངས་རྡོ་རྗེ་སྦྱོར་བ་ཡིས། །ཡང་དག་རིག་པས་རྨད་བྱུང་ཆེ། །མཆོག་ཏུ་དགའ་བ་སྐྱེད་བྱེད་པའི། །གང་ཞིག་བདེ་བ་དེ་སྐྱེ་འགྱུར། །བྲལ་དང་དགའ་བའི་དབུས་སུ་ནི། །མཚོན་ཆ་བལྟས་ནས་བརྟན་པར་གྱིས། །

པདྨ་ཡི་ནི་ནམ་མཁའ་དང་། །རྡོ་རྗེ་ནོར་བུའི་ལྟེ་བ་དག །བཙིར་བས་རྡོ་རྗེ་སྐྱིལ་ཀྲུང་གིས། །ནོར་བུའི་ནང་འགྲོའི་སེམས་བལྟ་བྱ། །གང་ཞིག་ཡེ་ཤེས་སྐྱེ་འགྱུར་ཏེ། །ཡེ་ཤེས་དེ་ངོ་སྨྲ་མི་ནུས། །ཆགས་པ་མ་ཡིན་ཆགས་བྲལ་མིན། །བར་པ་ཡང་ནི་མི་དམིགས་སོ། །གང་

ཚེ་ཡེ་ཤེས་ལྟ་བ་ཡིས། །རྣལ་འབྱོར་པ་ཡིས་སྐད་ཅིག་གམ། །ཡང་ན་ཐུན་གཅིག་གམ་བདུན་ནམ། །ཟླ་ཕྱེད་ཟླ་གཅིག་ལོ་གཅིག་གམ། །བསྐལ་པ་བསྐལ་པ་སྟོང་གི་ཕྲག །ཡེ་ཤེས་སྦྱོར་བས་གནས་འགྱུར་རོ། །དེ་ནས་ཅི་ནུས་པས་སློབ་མ་ཕྱུང་ཞིང་རིག་མའི་པདྨར་གནས་

Vol. 29 · folio 237b

པའི་བྱང་ཆུབ་ཀྱི་སེམས། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བདག་ཉིད་ཀྱི་བློས་ལྕེ་བསྐུལ་བས་བཏུང་བར་བྱའོ། །དེའི་དུས་སུ་ཡང་ལྷ་མོ་དེ་ལ་བྷཉྫ་མོ་ཀྵ་ཧོ་ཞེས་བྱ་བའི་སྔགས་ཀྱིས་བཀའ་སྩལ་པ་ཡིན་ཏེ། ཤེས་རབ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དེ་ནས་དོན་དམ་

པའི་ཡུམ་དང་ཆོས་ཀྱི་སྐུ་སྐྱེད་པར་བྱེད་པའི་རིག་མའི་བརྟུལ་ཞུགས་ཀྱི་ངོ་བོ་ཚིགས་སུ་བཅད་པ་རྣམས་ཀྱིས་བསྐུལ་ཞིང་། སློབ་མའི་ལག་ཏུ་དེ་གཏད་ནས། །བླ་མ་རྡོ་རྗེ་ཅན་གྱིས་སྨྲ། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །དེ་ཕྱིར་རིག་མའི་ཕྱོགས་ཟུང་ཤིག །ཆོས་ཀུན་གཉིས་སུ་མེད་

པ་སྟེ། །ཚུལ་ནི་གཉིས་ཀྱིས་བརྟན་པ་ཡིན། །དེ་ཕྱིར་འཁོར་བ་འདི་ཉིད་དང་། །ཁྱོད་ཀྱིས་བྲལ་བར་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །རིག་མའི་བརྟུལ་ཞུགས་བླ་མེད་པ། །རྨོངས་པ་གང་གིས་འདའ་བྱེད་པ། །མཆོག་གི་དངོས་གྲུབ་དེས་མི་འཐོབ། །ཅེས་བྱ་

བས་ཕྱག་རྒྱ་མ་དེས་སློབ་མ་དེ་ལ་གཏན་དུ་སྦྱིན་པར་བྱ་སྟེ། རིག་མའི་བརྟུལ་ཞུགས་སོ། །སྙིང་དང་སྤྱི་བོར་སངས་རྒྱས་དགོད། །ཧཱུྃ་ཡིག་མཆོག་གི་ཚུལ་བརྗོད་རྣམས། །སངས་རྒྱས་ཀུན་གྱིས་དེ་བསྟེན་པའི། །དམ་ཚིག་དེ་ནི་ཉན་འཇུག་བྱ། །ཐབས་དང་ཤེས་རབ་

བསམ་པ་ཡིས། །ཅུང་ཟད་མི་བྱར་མེད་པ་སྟེ། །རྟག་ཏུ་རྟོག་པ་མེད་འགྱུར་ཞིང་། །འདོད་པའི་ཡོན་ཏན་ལྔ་སྤྱོད་ཅིག །ཇི་བཞིན་རང་བཞིན་ཉིད་ཀྱིས་ནི། །སེམས་ཅན་འདུལ་བར་འགྱུར་བ་ཡིན། །འདོད་ཆགས་ལ་སོགས་རྣམ་དག་པས། །དེ་བཞིན་སེམས་ཅན་གྱི་དོན་བྱ། །

ཆགས་པ་མཉམ་པ་མེད་པ་སྟེ། །རྒྱལ་བ་རྣམས་ལ་དེ་དབུལ་བྱ། །སེམས་ཅན་དོན་ཕྱིར་གཞན་བུད་མེད། །བསྟེན་ན་བསོད་ནམས་ཐོབ་པར་འགྱུར། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སངས་རྒྱས་སྐུ་ཡི་སྦྱོར་བ་ཡིས། །གཞན་གྱི་ནོར་རྣམས་འཕྲོག་བྱེད་ན། །སྡིག་པས་གོས་པར་

མི་འགྱུར་རོ། །གང་ཞིག་དམ་ཚིག་ལ་སྡང་དང་། །གང་ཞིག་སྐྱེ་བོ་དམ་ཚིག་ཉམས། །སངས་རྒྱས་བསྟན་པའི་རྒྱུ་ཡིས་ནི། །རྩོལ་བས་དེ་རྣམས་གསད་པར་བྱ། །གདོན་མི་ཟ་ཡི་ཏིང་འཛིན་གྱིས། །བརྫུན་དག་རྡོ་རྗེ་ཚིག་རྣམས་ནི། །རྒྱུད་ལས་གསུངས་པའི་ཆོ་ག་ཡིས། །མཁས་

Vol. 29 · folio 238a

པས་དམ་ཚིག་མཆོག་བསྟེན་བྱ། །དེ་ནས་དེ་བཞིན་གཤེགས་པ་ཉིད་དུ་གྱུར་ཅིང་གཟེངས་བསྟོད་ཀྱིས་གཡོན་པའི་ཁུ་ཚུར་གྱིས་ཆོས་གོས་ཀྱི་དབུས་ནས་གཟུང་བ་དང་། གཡས་པས་ཀྱང་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ལ་ལུང་བསྟན་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་དེ་བཞིན་

གཤེགས། །བདག་གིས་ཁྱོད་ལ་ལུང་བསྟན་བྱ། །སྲིད་པའི་ངན་འགྲོ་ལས་བཏོན་ཞིང་། །ཡང་དག་སྲིད་པ་སྒྲུབ་ཕྱིར་རོ། །ཀྱེ་ཡི་རྡོ་རྗེ་ཆེ་གེ་མོ། །ཞེས་བྱ་བའི་དེ་བཞིན་གཤེགས་པར་གང་ལ་གཟེངས་བསྟོད་པ་འདི་ཡིས་ལུང་བསྟན་པར་བྱས་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་དཔོན་ཉིད་དུ་ལུང་བསྟན་པ་སྟེ། ལུང་དུ་བསྟན་པའོ། །དེ་ནས་དབུགས་དབྱུང་བར་བྱས་ལ། སྔགས་དང་བསམ་གཏན་བྱིན་པར་བྱའོ། །དེ་ལ་སྔགས་ནི་ཡི་གེ་གསུམ་གྱིས་སྤེལ་བའི་ཛིན་ཛིཀ་ཅེས་བྱ་བ་ལ་སོགས་པ་སྟེ། སྭཱ་ཧཱའི་མཐའ་ཅན་

གྱི་བཟླས་པའི་སྔགས་རྣམས་སོ། །དེའི་མོས་པའི་དབྱེ་བས་སྔ་མ་བཞིན་ལྷའི་དཀྱིལ་འཁོར་བསམ་གཏན་ནོ། །དེ་ནས་སློབ་མ་མཆོད་པ་རྣམ་པ་ལྔས་དཀྱིལ་འཁོར་མཆོད་དུ་བཅུག་ལ་རང་གིས་ཀྱང་མཆོད་ཅིང་གཏོར་མའི་ཆོ་གའི་རིམ་པས་རྒྱལ་པོ་བཞིའི་གཏོར་མ་དང་། འབྱུང་པོ་ཐམས་

ཅད་ཀྱི་གཏོར་མ་དང་། ཁྲོ་བོའི་གཏོར་མ་བྱའོ། །དེ་ནས་ཞི་བའི་དོན་དུ་སྔ་མ་བཞིན་དུ་སྦྱིན་སྲེག་ཀྱང་བྱའོ། །དེ་ནས་སློབ་མ་གདུགས་དང་བཅས་པ་མཐེ་བོ་གཡས་པ་ལ་གཟུང་ཞིང་དཀྱིལ་འཁོར་ལ་བསྐོར་བ་གསུམ་བྱེད་དུ་བཅུག་ཅིང་གདུགས་དང་བཅས་པ་དེ་ཉིད་དཀྱིལ་འཁོར་གྱི་ཤར་ཕྱོགས་

ཀྱི་སྒོ་ལ་དབུལ་བར་བྱ་སྟེ། སློབ་མ་འདི་ནི་དད་པ་ཡིས། །དམ་ཚིག་དཀྱིལ་འཁོར་ལ་ཕུལ་ཏེ། །མགོན་པོ་དེ་ནི་རབ་བསྒྲུབ་ཕྱིར། །རྗེས་སུ་བརྩེ་བར་མཛད་དུ་གསོལ། །ཞེས་བརྗོད་པར་བྱའོ། །དེ་ནས་ཡི་གེ་མུའི་མཐའ་ཅན་གྱི་ཡི་གེ་བརྒྱ་པས་གཤེགས་སུ་གསོལ་ཞིང་དཀྱིལ་འཁོར་

གྱི་རྡུལ་ཚོན་བསྡུས་ཏེ་གཙང་པོ་ལ་གཏོར་རོ། །ཕུར་བུ་རྣམས་ཀྱང་བཏོན་ཏེ་འོ་མས་བཀྲུས་ཤིང་སྤོས་ཀྱིས་གདུགས་ལ། མེ་ཏོག་སྦྱིན་ཞིང་གཞག་པར་བྱའོ། །དཀྱིལ་འཁོར་གྱིས་གཞི་ཡང་བ་ཆུས་བྱུགས་ལ། མེ་ཏོག་གིས་དགྲམ་པར་བྱའོ། །འཕགས་པ་བརྒྱད་སྟོང་པ་ཀླ་གཅིང་བསོད་ནམས་

Vol. 29 · folio 238b

བསྔོ་བ་དང་། སྨོན་ལམ་དང་། བསྟོད་པ་དང་། བསྐོར་བ་བྱས་ནས་བཟོད་པར་གསོལ་ཞིང་ལངས་ཏེ་རང་གི་གནས་སུ་ཕྱིན་ནས་མཉམ་པར་གཞག་པར་བྱ་ཞིང་ཡིད་ལ་བྱེད་པ་དེ་ཉིད་ཀྱིས་སྤྱོད་ལམ་བཞི་པོས་ཅི་འདོད་པས་གནས་པར་བྱའོ། །དེས་ནི་ཆོ་གའི་སྒྲས་ནི་བསྟན་པ་ཡིན་ཏེ། དང་པོའི་

སྦྱོར་བ་ལ་སོགས་པའོ། །དེ་ཉིད་བསྟན་པའི་ཕྱིར་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་དེ་ལ་ཕྱག་རྒྱ་ནི་འཁོར་ལོ་ལ་སོགས་པ་དང་། རྡོ་རྗེ་ནི་དེ་བཞིན་གཤེགས་པའི་སྐུ་དང་། གནས་ནི་ཡིག་འབྲུ་སྟེ། དེ་རྣམས་བསམ་པ་ཇི་བཞིན་བྱ་བ་ནི་བྲི་བར་བྱའོ། །སྔགས་ནི་

སྒྲུབ་པ་པོ་རྣམས་ཀྱིས་གསང་བ་མཆོག་དེ་ནི་བསྟན་པར་བྱ་བ་མ་ཡིན་པའོ། །དབུས་སུ་རྣམ་པར་སྣང་མཛད་གནས། །ཞེས་བྱ་བ་ལ། དཀྱིལ་འཁོར་གྱི་དབུས་སུ་དེའི་ས་བོན་ནམ། ཕྱག་མཚན་ནམ་སྐུ་བྲི་བར་བྱའོ། །མི་བསྐྱོད་པ་ལ་སོགས་པ་ཡང་། །ཞེས་པ་ནི་ཤར་ལ་སོགས་པ་

ཕྱོགས་བཞི་ལ་དེ་རྣམས་བྲི་བར་བྱའོ། །སྐུ་གསུང་ཐུགས་རྡོ་རྗེ་མཆོག་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་གྲྭ་རྣམས་སུ་བྲི་བར་བྱའོ། །ཁྲོ་བོ་རྣམས་ནི་སྒོ་རྣམས་དང་དེའི་གྲྭ་རྣམས་དང་། སྟེང་འོག་ཏུ་བྲི་བར་བྱའོ། །རྡོ་རྗེ་གསང་བ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཞེས་པ་ནི་རྣལ་

འབྱོར་པས་དེ་ནས་མཆོད་པར་བྱའོ། །ཇི་ལྟ་བུ་ཞེ་ན། གསང་བ་དང་རྡོ་རྗེ་ནི་གསང་བ་རྡོ་རྗེ་སྟེ། པདྨ་དང་རྡོ་རྗེའོ། །དེ་དག་གིས་རབ་བསྒོམས་པ་ནི་ཁྲུས་མཁན་མ་དང་སྙོམས་པར་ཞུགས་པར་བྱའོ་ཞེས་སྟོན་ཏོ། །སྔགས་རྣམས་ཐམས་ཅད་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་པ་རྣམས་ཀྱི་དམ་

ཚིག་ནི་མཆོད་པ་སྟེ། འདའ་དཀའ་བ་ནི་སྤང་བར་མི་བྱའོ་ཞེས་སྟོན་ཏོ། །བཤང་དང་གཅི་བ་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་དེ་ཉིད་དུ་བཤང་གཅི་ལ་སོགས་པའི་བདུད་རྩི་རྣམས་རྣལ་འབྱོར་པ་ཉིད་ཀྱིས་སྤྱོད་པ་དང་། སློབ་མ་རྣམས་ལ་ཡང་སྦྱིན་པར་བྱའོ། །སྔགས་རྣམས་ཐམས་

ཅད་ནི་སྔ་མ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རིགས་ཅན་གྱི་དམ་ཚིག་འདི་ཡིན་ཏེ་བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་རྣམས་ཀྱི་རང་བཞིན་གྱི་སྐུ་ནི་རྣམ་པར་སྣང་མཛད་དེ། དེའི་དཀྱིལ་འཁོར་རོ་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ། །དེ་ནས་ཞེས་བྱ་

Vol. 29 · folio 239a

བ་ལ་སོགས་པ་ལ། གསུང་རྡོ་རྗེ་ཐམས་ཅད་ཀྱི་དམ་ཚིག་ནི་པདྨའི་རིགས་ཅན་རྣམས་ཏེ། དེ་དག་གི་སྤྲིན་ནི་ཚོགས་ཏེ། དེ་ཉིད་བཀོད་པ་ནི་གནས་ཇི་ལྟ་བ་བཞིན་དུ་བཞག་པ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསུང་རྡོ་རྗེའི་དཀྱིལ་འཁོར་ནི་སྣང་བ་

མཐའ་ཡས་ཀྱི་དཀྱིལ་འཁོར་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཁྲུ་ནི་ཉི་ཤུའི་ཚད་དུ་བྱ། །ཞེས་བྱ་བ་ལ་སོགས་པ་ལ། ཁྲུ་ཉི་ཤུའི་ཚད་ནི་ཕྱོགས་རེ་རེ་ཁྲུ་ལྔ་ལྔ་ཡིན་པའི་ཕྱིར་རོ། །འདིར་ཡང་སྒྲ་རླུང་ལྔའི་བདག་ཉིད་ཡིན་པ་དང་། དེ་ཉིད་གསང་བ་ལ་སོགས་པའི་དཀྱིལ་

འཁོར་རྣམས་ལ་ཞུགས་པའི་ཕྱིར་རོ་ཞེས་རྣམ་པར་དག་པའོ། །དེ་བཞིན་དུ་སྔ་མ་བཞིན་དུ་གྲུ་བཞི་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་ཉིད་རྡོ་རྗེ་སྒོམ་པ་ནི་བརྟན་པའི་ཏིང་ངེ་འཛིན་དང་ལྡན་པའི་སྒྲུབ་པ་པོ་རྣམས་ཀྱིས་བྲི་བར་བྱའོ། །ཉིད་ཀྱི་སྐུའི་དཀྱིལ་འཁོར་ནི་ནམ་མཁའི་དཀྱིལ་འཁོར་ཏེ། དེའི་

གནས་ནི་དེ་དང་དབྱེར་མེད་པར་བྱའོ། །སྐུའི་རྡོ་རྗེ་ནི་སྙིང་གའི་པདྨ་སྟེ། དེའི་ཡོན་ཏན་ནི་ཕྲེང་བ་ཡིན་ལ། དེ་སྐྱེད་པ་ནི་དེ་འཛིན་པ་སྟེ་པདྨའི་ཕྲེང་བས་རྣམ་པར་བརྒྱན་པའོ་ཞེས་སྟོན་ཏོ། །རྒྱལ་པོ་ཆེན་པོ་རྡོ་རྗེ་ཆོས། །ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་དེ་ཉིད་དུ་རྡོ་རྗེ་ཆོས་ནི་

སྣང་བ་མཐའ་ཡས་པ་དང་། རྒྱལ་པོ་ཆེན་པོ་ནི་དེ་བཞིན་གཤེགས་པ་རྣམས་དང་། རིག་པ་ནི་ལྷ་མོ་རྣམས་དང་། དབང་པོ་ནི་ཁྲོ་བོ་དང་། བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་དག་དབབ་པར་བྱ་བ་ནི་བྲི་བར་བྱའོ། །དེའི་དབུས་སུ་འཁོར་ལོ་ཆེན་པོ་ནི་འཁོར་ལོའི་ཚུལ་གྱིས་

ཟླ་བ་དང་ཉི་མའི་གདན་རྣམས་དང་། ཀུན་དུ་ཟླུམ་པོ་ནི་སྣ་ཚོགས་པདྨ་རྣམས་ཀྱང་བྲི་བར་བྱའོ། །ཕྱག་རྒྱ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་མཚན་ཕྱག་རྒྱ་ལ་སོགས་པ་བྲི་བར་བྱའོ། །ཇི་ལྟར་ཞེ་ན། ཆོ་ག་བཞིན་དུ་ཞེས་པ་ནི་དཀྱིལ་འཁོར་གྱི་ཆོ་ག་ལས་འབྱུང་བའི་

རིམ་པས་སོ། །ཚེ་དཔག་མེད་ཀྱི་ཕྱག་རྒྱ་ཆེ། །ཞེས་བྱ་བ་ལ་དཀྱིལ་འཁོར་དེ་ཉིད་ཀྱི་དབུས་སུ་སྣང་བ་མཐའ་ཡས་ཀྱི་ཕྱག་མཚན་གྱི་ཕྱག་རྒྱ་ལས་གང་ཡང་རུང་བ་བྲི་བར་བྱའོ། །སྣང་བ་མཐའ་ཡས་དེ་ཉིད་ཀྱི་གང་ཞིག་རྡོ་རྗེའི་གནས་ནི་དཀྱིལ་འཁོར་པ་རྣམས་ཏེ། དེ་རྣམས་ཐམས་

Vol. 29 · folio 239b

ཅད་སྔ་མ་བཞིན་དུ་བྲི་བར་བྱའོ། །ཡོངས་སུ་གསལ་བ་དང་ཆོ་ག་བཞིན་དུ་རྫོགས་པའི་དཀྱིལ་འཁོར་བྲིས་ལ། དེའི་དབུས་སུ་གསང་བའི་མཆོད་པ་བྱ་བ་ནི་ཤིན་ཏུ་བསླབས་པ་དང་འདུས་བྱས་པའི་གར་མཁན་གྱི་བུ་མོ་དང་སྙོམས་པར་ཞུགས་པར་བྱའོ། །དེ་ལྟར་བྱས་ན་རྡོ་རྗེ་ཅན་ནི་

གསུང་རྡོ་རྗེའི་རིགས་ཅན་རྣམས་མཉེས་པར་འགྱུར་རོ། །དེ་བཞིན་དུ་བཤང་བ་ལ་སོགས་པའི་བདུད་རྩི་ལྔས་མཆོད་པར་བྱས་ན། དངོས་གྲུབ་ནི་གསུང་རྡོ་རྗེ་འཛིན་གྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་ནི་གསུང་རྡོ་རྗེའི་རྣལ་འབྱོར་པ་རྣམས་ཏེ། དེ་དག་གི་

དམ་ཚིག་མཆོད་པ་སྟེ། འདའ་དཀའ་བ་ནི་སྤང་བར་མི་བྱའོ་ཞེས་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནི་གསུང་གི་སྣང་བ་མཐའ་ཡས་ཏེ། དེའི་དཀྱིལ་འཁོར་ཡིན་ནོ་ཞེས་ཉེ་བར་བསྡུ་བ་སྟེ། བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ། །དེ་ནས་ཞེས་བྱ་བ་ལ་

སོགས་པ་ལ། ཀུན་ནས་སྤྲིན་ནི་རིན་ཆེན་དཔལ་ལ་སོགས་པ་སྟེ། དེ་རྣམས་ཀྱི་ཚོགས་ནི་དཀྱིལ་འཁོར་པ་རྣམས་ཏེ། དེ་རྣམས་བཀོད་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་གནས་པ་སྟེ། དེ་ཉིད་རྡོ་རྗེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས། རབ་ཏུ་གསང་བ་ནི་བྱ་བའི་ཚུལ་ལ་

གནས་པ་རྣམས་ལ་བསྟན་པར་མི་བྱ་བ་དང་། གསང་བ་ནི་དེ་བཞིན་གཤེགས་པ་གཙོ་བོར་གྱུར་པ་ས་དེའི་རང་བཞིན་ཏེ། དཀྱིལ་འཁོར་ནི་རིན་ཆེན་དཔལ་ལ་སོགས་པའི་དཀྱིལ་འཁོར་དག་སྟེ། དེ་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་འཛིན་མཆོག་གང་ཡིན་

པ། །ཞེས་བྱ་བ་ལ་སོགས་པ་ལ། རེ་ཞིག་ཐུགས་དང་གསུང་དང་སྐུའི་དཀྱིལ་འཁོར་གསུམ་བསྟན་པ་ཡིན་ལ། དེའི་ནང་ན་རྡོ་རྗེ་འཛིན་མཆོག་ནི་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་ལ་སོགས་པའི་སྒོམ་པ་ལ་སོགས་པ་བྱེད་ན། དེའི་ཚེ་དེ་ཉིད་ཀྱི་གཟུགས་སམ་ཕྱག་མཚན་གྱི་

ཕྱག་རྒྱ་ལ་སོགས་པ་བྲི་བའོ། །དེ་བཞིན་གཤེགས་པ་དེ་ཉིད་ཀྱི་དཀྱིལ་འཁོར་དེ་ཤེས་པར་བྱའོ། །ཇི་ལྟ་བུ་ཞེ་ན། སྐུ་གསུང་ཐུགས་ནི་རིགས་གསུམ་སྟེ། དེ་རྣམས་ཀྱི་གསང་བ་བསྡུ་བ་སྟེ། དེ་ལས་བྱུང་བ་ནི་རིན་ཆེན་ལ་སོགས་པའི་རིགས་རྫོགས་པ་སྟེ། དེ་ཡང་སྔར་བཤད་ཟིན་

Vol. 29 · folio 240a

ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རིགས་གསུམ་གྱི་སྐུ་གསུང་ཐུགས་རྣམས་ཡིན་ལ། གསང་བ་ནི་བསྡུ་བའི་རང་བཞིན་ཏེ། ཉིད་ཀྱི་སྐུ་ལ་སོགས་པའི་རྡོ་རྗེ་ནི་དཀྱིལ་འཁོར་པ་རྣམས་ཀྱི་གང་ཞིག་གནས་ནི་དཀྱིལ་འཁོར་ཏེ། དེ་ཉིད་ཀྱི་ཡེ་ཤེས་ནི་དེ་བཞིན་

གཤེགས་པ་གཞན་དག་སྟེ། དེའི་གསང་བ་ནི་དེའི་བདག་པོ་ཉིད་དེ། དེའི་དངོས་གྲུབ་སྟེར་བའོ་ཞེས་པ་བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ཐམས་ཅད་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་ཏེ། དེ་རྣམས་འབྱུང་བ་ནི་གང་ལས་སྐྱེས་པ་དེ་ཞེས་བྱ་བའི་

ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དཀྱིལ་འཁོར་ཐམས་ཅད་ནི་སྔར་བཤད་པའི་སྐུ་ལ་སོགས་པའི་དཀྱིལ་འཁོར་རྣམས་ཏེ། དེ་དག་གི་གསང་བ་ནི་ས་བོན་རྣམས་ཉིད་ཀྱི་སྐུ་ལས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་དཀྱིལ་འཁོར་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་

འཁོར་ཏེ། དེའི་སྔགས་ནི་གསང་བར་སྨྲ་བ་དང་། སྙིང་པོ་ནི་དེ་དག་ཉིད་བསྐྱེད་པའི་ས་བོན་དང་། མདོར་ན་ཐིག་སྐུད་བྱིན་གྱིས་བརླབ་པའི་ཕྱིར་ཏེ། ཡི་གེའི་ཚིག་ནི་དཀྱིལ་འཁོར་བསྐྱེད་པ་བསྟན་པ་ཉིད་ཀྱི་ཕྱིར་རོ། །ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ནི་ཡི་གེ་རྣམས་ཀྱིས་རྡོ་རྗེ་ཐིག་ནི་དེ་བཞིན་གཤེགས་

པའི་ཐིག་སྐུད་དང་། ཚོན་རྩི་ནི་ཚོན་རྣམ་པ་ལྔ་སྟེ། དེ་དག་བྱིན་གྱིས་བརླབས་ལ་གདབ་པར་བྱའོ། །སྔགས་ཀྱི་སེམས་དཔའ་ནི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པས་གལ་ཏེ་དེ་ལྟར་བྱེད་ན། དེའི་ཚེ་བྱང་ཆུབ་རྙེད་པར་མི་དཀའ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དངོས་གྲུབ་རྙེད་

པར་སླ་བའོ་ཞེས་སྟོན་ཏོ། །དེའི་ཕྱིར་དམ་ཚིག་ནི་དཀྱིལ་འཁོར་ཏེ། དེ་ཉིད་ཀྱི་ཚུལ་ནི་ཐིག་གདབ་པ་ལ་སོགས་པའི་ལས་གང་གིས་ཤེས་པ་དེས་བདག་ཉིད་སྔགས་ཀྱི་ལྷ་ནི་རང་གི་ཡི་དམ་གྱི་ལྷ་བསྒོམ་པ་དང་། སྒྲུབ་པ་པོ་ལ་ཡང་རྣམ་སྣང་ལ་སོགས་པས་བྱིན་གྱིས་བརླབས་ལ། དཀྱིལ་འཁོར་

རྣམ་པར་བརྟག་པ་ནི་བྲི་བར་བྱའོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། རྒྱལ་ཆེན་རྣམ་པར་སྣང་མཛད་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམས་ལ། ཁྲུས་མཁན་མོ་ཡང་ལྷ་མོ་སྤྱན་གྱི་རང་བཞིན་དུ་བསྒོམ་པར་བྱ་བ་གང་ཡིན་པ་དེ་ནི་སྐུའི་

Vol. 29 · folio 240b

དཀྱིལ་འཁོར་བསྐྱེད་པ་ཡིན་ལ། གནས་ནི་གནས་པར་གྱུར་པའི་བསམ་གཏན་ནོ། །གང་གི་ཕྱིར་སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དང་ལྷ་མོ་སྤྱན་གྱི་བདག་ཉིད་དེ། དེའི་ཡོན་ཏན་ནི་དེ་ཉིད་ཀྱི་ས་བོན་བྱིན་གྱིས་བརླབས་པ་ལ་སོགས་པ་སྟེ། དེ་རྣམས་ཐོབ་པར་བྱེད་པས་ན་དེ་བཞིན་དུ་ཤེས་པར་བྱའོ།

གསུང་གི་དཀྱིལ་འཁོར་བྲི་བར་འདོད་ན། དེའི་རང་གི་བདག་ཉིད་རྡོ་རྗེ་ཆོས་ནི་སྣང་བ་མཐའ་ཡས་བསམས་ལ། རང་གི་ཆོས་མ་ནི་གར་མཁན་གྱི་བུ་མོ་གོས་དཀར་མོའི་རང་བཞིན་དུ་བསྒོམས་ལ། ཐིག་སྐུད་འཛིན་པ་དེ་ཉིད་ཀྱིས་བྱའོ། །སྔགས་རྣམས་ཐམས་ཅད་ནི་པདྨའི་རིགས་ཅན་ཏེ། དེ་དག་

གི་གསང་བ་ནི་གསང་བའི་སྒོམ་པ་སྟེ། དེ་ཉིད་རབ་ཏུ་རྟག་པ་ནི་མི་འགྱུར་བའི་འབྲས་བུ་སྟེར་བར་བྱེད་པའོ། །ཐུགས་ཀྱི་དཀྱིལ་འཁོར་བྲི་བར་འདོད་ན། དེའི་ཚེ་རྡོ་རྗེ་སེམས་དཔའ་ནི་རིགས་བདག་ཉིད་མི་བསྐྱོད་པར་བསམས་ལ། གདོལ་པའི་བུ་མོ་མཱ་མ་ཀཱིའི་རང་བཞིན་དུ་བསམས་ཏེ་དེ་ཉིད་ཀྱིས་ཐིག་

སྐུད་འཛིན་པར་བྱའོ། །སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ལྟར་བྱས་ནས་ཡིད་ལ་དབང་བ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་ཉིད་གཤེགས་ནས་དཀྱིལ་འཁོར་བྲི་བ་ཡིན་ནོ། །ཇི་ལྟ་བུ་ཞེ་ན། རབ་ཏུ་དགྱེས་པར་གྱུར་པ་ནི་སྒྲུབ་པ་པོ་ལ་དགྱེས་པར་གྱུར་པ་སྟེ། ཕུལ་

དུ་བྱུང་བའི་ཚིག་གོ། །སྔགས་ཀྱི་སེམས་དཔས་བྱ་བ་ནི། །ཞེས་བྱ་བ་ལ་སོགས་པ་ནི་དེའི་རྗེས་ལ་རང་གི་སྙིང་ག་ལས་གནོད་མཛེས་ཀྱི་རྒྱལ་པོ་སྤྲོས་ཏེ། ཁྲོ་བོའི་རྒྱལ་པོ་དེ་ཉིད་ཀྱིས་སངས་རྒྱས་ཐམས་ཅད་ནི་ནམ་མཁའ་ལ་བཞུགས་པ་རྣམས་དགུག་ཅིང་དཀྱིལ་འཁོར་ལ་ཞུགས་ཏེ། དེ་རྣམས་ཀྱིས་

བཞུགས་ལ་ཙནྡན་ལ་སོགས་པས་ཐིག་ལེའི་ངོ་བོར་བྱས་ལ་དེ་རྣམས་མཆོད་པར་བྱའོ། །དེ་ལ་དུས་གསུམ་ནི་དུས་མཚམས་གསུམ་ལ་ཐིག་གདབ་པ་དང་དམ་ཚིག་མཆོད་པ་ནི་བླ་ན་མེད་པའི་མཆོད་པ་བྱའོ། །གང་ལ་ཞེ་ན། རྡོ་རྗེ་གསུམ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གི་དྲི་མ་

མེད་པའི་དཀྱིལ་འཁོར་ལའོ་ཞེས་སྟོན་ཏོ། །གང་གིས་ཤེ་ན། རྡོ་རྗེ་གསུམ་གྱི་སྦྱོར་བ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་སྒྲུབ་པ་པོས་སོ། །དེ་ལྟར་བྱས་ན་སྔགས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་དཀྱིལ་འཁོར་དེ་ལ་རབ་ཏུ་ཞུགས་པ་ནི་བྱིན་གྱིས་བརླབས་པར་

Vol. 29 · folio 241a

འགྱུར་རོ། །སྔགས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། མཆོད་པའི་འོག་ཏུ་དཀྱིལ་འཁོར་གྱི་འཁོར་ལོ་ཚིམ་པར་བྱ་བའི་ཕྱིར། གཏོར་མ་ནི་ལྷ་བཤོས་དབུལ་བར་བྱའོ། །དེ་གང་ཡིན་ཞེ་ན། བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ་བཤང་གཅི་ལ་

སོགས་པ་ནི་བདུད་རྩི་ལྔས་དབུལ་བར་བྱའོ། །དེ་ལ་ཤུ་ཀྲ་ནི་ཐོ་རངས་ཀྱི་སྐར་མ་བཞིན་དུ་ཁ་དོག་དཀར་པོའི་ལྷ་བཤོས་དང་། མེ་ཏོག་ལ་སོགས་པ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དབུལ་བར་བྱའོ། །སྔགས་རྣམས་ཀུན་ནི་མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ་ཁ་དོག་ནག་པོ་

ལ་སོགས་པའི་ལྷ་བཤོས་ལ་སོགས་པ་དབུལ་བ་ཡིན་ནོ་ཞེས་འདིར་བཤད་པར་བྱའོ། །ཚིམ་པར་གྱུར་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཚིམ་པ་ཀུན་དུ་བཤད་པ་ནི་བཤད་པའི་རྒྱུད་ལས་གསུངས་ཏེ། མ་ལི་ཀ་དང་མ་ལ་ཏི། །ཀུནྡ་སངས་རྒྱས་ལ་དབུལ་བྱ། །ཞེས་བྱ་བ་ལ་སོགས་པ་

གསུངས་སོ། །འདི་ནི་དམ་ཚིག་མཆོག་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། གཏོར་མའི་ཆོ་གའི་དམ་ཚིག་འདི་ནི་མཆོད་པའི་བྱ་བ་སྟེ། མཆོག་ནི་ཕུལ་དུ་བྱུང་བ་དང་། སངས་རྒྱས་བྱང་ཆུབ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་སྟེ། དེ་ཡང་རྫོགས་པར་བྱེད་པའོ། །

ཐིག་གདབ་ཅེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཤིན་ཏུ་བསླབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་གདོལ་པ་མོ་དང་ཁྲུས་མཁན་དང་གར་མཁན་གྱི་བུ་མོ་རྣམས་མི་རྙེད་ན་དེའི་ཚེ། བདག་ཉིད་ནི་རྣལ་འབྱོར་པ་ཉིད་ཀྱིས་རང་གི་བདག་ཉིད་རྣམ་པར་སྣང་མཛད་དང་། སློབ་མ་ཡང་རྡོ་རྗེ་སེམས་

དཔའ་འམ། བདུད་རྩི་འཁྱིལ་པར་བསམས་ལ་ཐིག་གདབ་པར་བྱའོ། །དེ་བཞིན་དུ་བདག་ཉིད་ནི་མི་བསྐྱོད་པ་ལ་སོགས་པ་བསྒོམ་པ་དང་། །སློབ་མ་ཡང་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོར་བསྒོམ་པར་བྱའོ་ཞེས་དགོངས་པའོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་ལ་སོགས་པའི་དཀྱིལ་

འཁོར་རྣམས་ལ། ལས་ནི་དོན་ཡོད་གྲུབ་པ་སྟེ། དེའི་གོ་འཕང་ནི་དེའི་རིགས་ཅན་གྱི་བདུད་རྩི་འཁྱིལ་པ་སྟེ་སློབ་མ་དེར་བསམ་པར་བྱའོ། །རང་གི་བདག་ཉིད་ཀྱང་སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལས་གང་ཡང་རུང་བའི་རིགས་དང་མཐུན་པའི་སྐུས། དེས་བསྟན་པ་ནི་

Vol. 29 · folio 241b

བྱིན་གྱིས་བརླབ་པར་བསམ་པར་བྱའོ། །དེའི་རྗེས་ལ་སངས་རྒྱས་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དང་། རྒྱལ་ཆེན་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་རྡོ་རྗེ་ཐིག་སྐུད་ལ་དགོད་པར་བྱ་སྟེ། ལྷ་མོ་བཞིས་བསྐོར་བའི་དེ་བཞིན་གཤེགས་པ་རེ་རེ་ཐིག་སྐུད་རེ་རེ་ལ་དགོད་པར་

བྱའོ་ཞེས་སྟོན་ཏོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཐམས་ཅད་ནི་བྱ་བའི་རྒྱུད་ལ་ཞུགས་པ་རྣམས་ལ་འདི་གསང་བ་ནི་སྦས་པར་བྱའོ། །བགེགས་མེད་པར་དཀྱིལ་འཁོར་བསྒྲུབ་པར་བྱ་བའི་ཕྱིར་རབ་ཏུ་རྨད་དུ་བྱུང་བའོ། །ཐིག་སྐུད་གཅིག་པུ་

རྣམས་ཉི་ཤུ་རྩ་ལྔའི་དབྱེ་བས་བསྒོམས་པ་མ་ཡིན་ཏེ། འོན་ཀྱང་ཚོན་རྩི་ཡང་དེ་བཞིན་དུ་བསམ་པར་བྱ་སྟེ། མདོག་གི་དབྱེ་བས་དེ་བཞིན་གཤེགས་པ་རྣམས་ཞུགས་པའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བ་ནི་ཚོན་རྩི་ལ་དེ་རྣམས་དགོད་པ་སྟེ།

དེ་ཉིད་བྱང་ཆུབ་བསྒྲུབ་པ་ནི་དཀྱིལ་འཁོར་ལ་བྱིན་གྱིས་བརླབ་པར་བྱའོ་ཞེས་དགོངས་པ་སྟེ་བསྐྱེད་པའི་རིམ་པའོ། །ཡང་ན་དཀྱིལ་འཁོར་བྲི་བའི་དུས་ལ་ནི་འཇུག་པ་ལ་སོགས་པ་སྟེ། དེ་ཉིད་ཀྱི་གོ་འཕང་ནི་གནས་སུ་གྱུར་པའི་ཡི་གེ་གསུམ་སྟེ། དེ་ཉིད་སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ལ་

སོགས་པས། དེས་བསྟན་པ་ནི་དེའི་རང་བཞིན་ནོ། །སངས་རྒྱས་ལྔ་ནི་དེ་བཞིན་གཤེགས་པ་ལྔའི་རྒྱལ་མཚན་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྡོ་རྗེའི་ཐིག་སྐུད་ནི་དཀྱིལ་འཁོར་བཞིན་ལ། དགོད་པ་ནི་བརྟག་པར་བྱའོ། །སངས་རྒྱས་ཐམས་ཅད་ནི་རྣལ་འབྱོར་པ་རྣམས་ཏེ། དེ་དག་

གི་གསང་བ་ནི་སྦས་པར་བྱའོ། །རབ་ཏུ་རྨད་དུ་བྱུང་བ་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་ཀྱི་བཟླས་པའོ། །ཇི་ལྟར་ཞེ་ན། རྣམ་པ་ཉི་ཤུ་རྩ་ལྔ་ནི་དཀྱིལ་འཁོར་རེ་རེ་ལ་ཉིས་བརྒྱ་ཉི་ཤུ་རྩ་ལྔའི་དབྱེ་བས་དགུ་བརྒྱར་བརྟགས་པས་སོ། །སྔགས་ཐམས་ཅད་དེ་ཡི་གེ་གསུམ་གྱི་གསང་བ་ནི་དེ་

ཁོ་ན་ཉིད་དོ། །བྱང་ཆུབ་ནི་བྱང་ཆུབ་སྒྲུབ་པར་བྱེད་པ་སྟེ། ཉིན་མོ་དང་མཚན་མོའི་དབྱེ་བས་བཟླས་ན་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །རབ་ཏུ་བྱེད་པ་ལས་ཀྱང་། ཉིས་བརྒྱ་ཉི་ཤུ་རྩ་ལྔ་ནི། །གོས་དཀར་ལ་སོགས་སླར་བཤད་པའོ། །སྔགས་

Vol. 29 · folio 242a

རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། སྔགས་རྣམས་ཐམས་ཅད་ནི་དཀྱིལ་འཁོར་རྣམས་ཏེ། དེ་དག་བྲི་བའི་དུས་སུ་རྡོ་རྗེ་ཧཱུྃ་མཛད་ནི་གནོད་མཛེས་ཀྱི་རྒྱལ་པོ་སྟེ། དེ་ཉིད་བསྐུལ་ནས་སྐུ་གསུང་ཐུགས་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གནས་ལྔ་ནི་ཐིག་

སྐུད་དང་ཚོན་རྩི་རྣམས་ལ་བསྒོམ་པ་ནི་ཐིམ་པར་བྱའོ། །དེ་ལྟར་བྱས་ནས་རྡོ་རྗེ་མི་ཕྱེད་གསུམ་ནི་སངས་རྒྱས་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་མཛད་པའོ། །གང་ལས་ཤེ་ན་རྡོ་རྗེ་སེམས་དཔའ་ནི་དེས་མཚོན་པའི་དཀྱིལ་འཁོར་དང་བློ་ལྡན་པ་ལ་ནི་རྣལ་འབྱོར་པའོ། །སངས་རྒྱས་ཇི་ལྟ་བུ་ཞེ་ན།

འཇིགས་ཤིང་སྐྲག་པ་ནི་ཐུགས་རྗེ་འཁྲུགས་པ་སྟེ། བསྐྱེད་པའི་རིམ་པའོ། །རྡོ་རྗེ་བུམ་པ་ཞེས་བྱ་བ་ལ་སོགས་པ་ལ། ཐིག་གདབ་པ་དང་དཀྱིལ་འཁོར་བྲིས་མ་ཐག་ཏུ་དཀྱིལ་འཁོར་པའི་གྲངས་ཀྱིས་བུམ་པ་རྣམས་གཞག་པར་བྱའོ། །ཡང་ན་བཅུ་ལས་ཉུང་བར་མི་བྱའོ་ཞེས་བྱ་བའི་ཚིག་

གིས་བུམ་པ་བཅུ་གཞག་པར་བྱའོ། །ཕྱོགས་དེ་ལ་རྡོ་རྗེ་ཅན་ནི་དེ་བཞིན་གཤེགས་པ་རྣམས་དང་། ལྷ་མོ་རྣམས་དང་། བདུད་རྩི་འཁྱིལ་པ་སྟེ། དེ་རྣམས་ཞགས་པ་དང་ལྕགས་ཀྱུ་བསྣམས་པའི་གནོད་མཛེས་ཀྱི་རྒྱལ་པོས་འགུགས་ཤིང་ལྷའི་སྐུའི་ངོ་བོས་བུམ་པའི་ནང་དུ་དགོད་པར་བྱའོ། །དེའི་

རྗེས་ལ་སྔགས་ནི་སྐུ་ལ་སོགས་པའི་བྱིན་གྱིས་བརླབས་པ་དང་། རྒྱུད་ནི་སོ་ཤིང་དང་དབབ་པ་དང་བསྲུང་བ་ལ་སོགས་པས། བདག་པོ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལས་གང་ཡང་རུང་བའི་སློབ་མ་བྱའོ། །རྡོ་རྗེ་སེམས་དཔའ་ནི་དཀྱིལ་འཁོར་པ་ལ་སོགས་པ་ལས་གང་ཡང་རུང་བའི་ལྷའི་

སྐུ་སྟེ། དེའི་ཏིང་ངེ་འཛིན་གྱིས་བྱ་བའོ། །གང་གིས་ཤེ་ན། བརྟན་པའི་བློ་ནི་རྡོ་རྗེ་སློབ་དཔོན་གྱིས་སོ། །སྦྱིན་སྲེག་ནི་རྨི་ལམ་མཐོང་བའི་འོག་ཏུ་ཞག་གཉིས་པ་ལ་སྔ་མ་བཞིན་དུ་ཞི་བའི་དོན་དུ་སྦྱིན་སྲེག་བྱའོ། །བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་ཐམས་ཅད་འདོད་པའི་རྣལ་འབྱོར་

པས་བདུད་རྩི་ལྔ་ཡང་བསྲེག་པར་བྱའོ་ཞེས་སྟོན་ཏོ། །དེའི་རྗེས་ལ་རྫས་ཐམས་ཅད་ཉེ་བར་བསྡུས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་མེའི་སྙིང་གར་བསམས་ལ། དེའི་ཞལ་ལ། དགང་བླུགས་ཕུལ་ན་དེའི་ཚེ་ཞི་བ་ལ་སོགས་པའི་དངོས་གྲུབ་ཐོབ་པར་

Vol. 29 · folio 242b

འགྱུར་རོ། །འདི་སྐད་ཀྱང་གསུངས་སོ་ཞེས་པ་ནི་སྡུད་པ་པོའི་ཚིག་སྟེ། ལས་ཀྱི་རྒྱལ་བ་མཆོག་གོ། །དབང་པོ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། དབང་པོ་ལ་སོགས་སྦྱོར་བ་ནི་དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉིད་རྩ་བའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བཟླས་ཤིང་བསྲེག་པར་

བྱའོ། །སངས་རྒྱས་ཐམས་ཅད་ནི་སྔགས་པ་རྣམས་ཀྱི་དམ་ཚིག་ནི་ཤིན་ཏུ་འདའ་དཀའ་བ་སྟེ་སྒྲུབ་པའོ། །ཡང་ན་དབང་པོ་གཉིས་ཀྱི་སྦྱོར་བ་ནི་དེ་སྲོག་དང་རྩོལ་བ་སྦྱོར་བ་སྟེ། དེ་ཉིད་ཀྱིས་བརྒྱ་རྩ་བརྒྱད་ནི་བརྒྱད་བརྒྱད་དང་བཅས་པའི་བརྒྱ་རྩ་བརྒྱད་དེ་དགུ་བརྒྱའོ། །དེ་ཉིད་དཀྱིལ་འཁོར་རེ་

རེ་ལ་སྦྱིན་སྲེག་བྱ་བ་ནི་བཟླས་པར་བྱའོ། །སངས་རྒྱས་ཐམས་ཅད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ནི་བསྒོམ་པའི་རིམ་པ་སྟེ། འདའ་དཀའ་བ་ནི་རྟག་ཏུ་བྱའོ་ཞེས་སྟོན་ཏེ། རྡོ་རྗེ་བཟླས་པའི་རིམ་པའོ། །རྣམ་པར་སྣང་མཛད་སྦྱོར་བ་ཡིས། །ཞེས་བྱ་བ་

ལ་སོགས་པ་ལ། སྐུའི་དཀྱིལ་འཁོར་ལ་རང་གི་བདག་ཉིད་རྣམ་པར་སྣང་མཛད་བསྒོམས་ཏེ། སློབ་མ་ཡང་རྡོ་རྗེ་གསུམ་ལས་བྱུང་བ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་དང་། ཡི་གེ་ཨཱཿལས་བྱུང་བའི་སྣང་བ་མཐའ་ཡས་བསྒོམས་ལ། ལུས་ངག་སེམས་ནི་དེ་ཉིད་སྐུ་ལ་སོགས་པས་

བྱིན་གྱིས་བརླབས་ཤིང་། རྡོ་རྗེ་ནི་ལེའུ་བཅོ་ལྔ་པ་ལས་གསུངས་པའི་རྡོ་རྗེ་དབབ་པ་ལས། གཟུང་བར་བྱ་བ་ནི་སློབ་མ་དེ་ལ་དེ་ཉིད་བསྐྱེད་པར་བྱའོ། །ཇི་ལྟར་ཞེ་ན། རྡོ་རྗེ་སེམས་དཔའ་ནི་ཡི་གེ་ཧཱུྃ་དང་། རྣམ་པར་སྣང་མཛད་ནི་ཡི་གེ་ཧ་དང་། གྲགས་ཆེན་ནི་ཡི་གེ་ཨཱཿསྟེ། དེ་རྣམས་སྐུ་

གསུང་ཐུགས་ནི་སྙིང་ག་དང་སྤྱི་བོ་དང་ལྐོག་མར་དགོད་པར་བྱའོ། །དམ་ཚིག་ནི་དབབ་པར་བྱེད་པའི་ཡི་གེ་ཛྷཻཾ། དེ་གཉིས་ནི་རྐང་པ་གཉིས་ཀྱི་འོག་ཏུ་དགོད་པར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་དབབ་པ་དེ་ལ། དཀྱིལ་འཁོར་ཆེན་པོ་ནི་སྐུ་ལ་སོགས་པ་འཇུག་པ་ལ།

དམ་ཚིག་ནི་རིམ་པ་འདི་ཡིན་ཏེ། རས་དམར་པོས་སློབ་མའི་མིག་བཀབ་ལ། ཨ་ཁཾ་བཱི་ར་ཧཱུྃ་ཞེས་བྱ་བའི་སྔགས་ཀྱིས་དེ་ཉིད་ཞུགས་ཤིང་ཁྱོད་གང་ཡིན་ཞེས་བྱ་བ་ལ་སོགས་པས་དྲིས་ལ། རྡོ་རྗེ་སེམས་དཔའ་མངོན་དུ་ཉིད། །ཅེས་བྱ་བ་ལ་སོགས་པས་མིག་ཕྱེ་ལ། དེའི་འོག་ཏུ་སྐུ་གསུང་

Vol. 29 · folio 243a

ཐུགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་ལ་གསོལ་བ་བཏབ་པའི་སློབ་མ་ལ་དབང་བསྐུར་བའི་ཕྱིར་དང་། རྡོ་རྗེ་སློབ་དཔོན་གྱིས་བསྒོམ་པ་བཤད་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་གྱི་ནམ་མཁའི་ཁམས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་དང་

པོ་ནམ་མཁའི་ཁམས་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་གང་བར་བསམས་ལ། རོལ་མོ་ལ་སོགས་པ་སྣ་ཚོགས་པའི་མཆོད་པ་རྣམས་ཀྱིས་དེ་རྣམས་མཆོད་པར་བྱའོ། །དེའི་རྗེས་ལ་བགེགས་བསྐྲད་པའི་ཕྱིར། ཨོཾ་སརྦྦ་པཱ་པཾ་ད་ཧ་ན་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཡུངས་ཀར་

བྱིན་གྱིས་བརླབས་ལ། ཨོཾ་རེ་རེ་ཊི་ཊི་ཕཊ་ཅེས་བྱ་བའི་སྔགས་ཀྱིས་སློབ་མ་ལ་བརྡེགས་ཏེ་རྡུལ་སྤྲོ་བའི་ཆོ་ག་བྱའོ། །དེའི་ཚེ་བདག་ཉིད་ནི་སངས་རྒྱས་ཉིད་ཀྱིས་སློབ་མ་ལ་དབང་བསྐུར་བ་སྟེ། བྱིན་གྱིས་བརླབས་པའི་བདག་ཉིད་ཆེ་བ་བསྟན་ཏོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་

ཞེས་བྱ་བ་ལ་སོགས་པ་ལ། དེའི་རྗེས་ལ་རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་བུམ་པ་རྣམས་སངས་རྒྱས་ཀྱི་ངོ་བོར་བསྒོམས་ལ། དམ་ཚིག་ནི་ཉེ་བར་སྒྲུབ་པ་པོ་བརྒྱད་པོ་དེ་བཞིན་གཤེགས་པའི་རང་བཞིན་ཅན་རྣམས་ཀྱིས་བུམ་པ་དེ་རྣམས་གཟུང་བར་བསམས་

ལ། རྣམ་པར་སྣང་མཛད་ཀྱི་ངོ་བོ་སློབ་མ་ལ་སྐུ་ལ་སོགས་པའི་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས་སའི་སྙིང་པོ་ལ་སོགས་པའི་ས་བོན་རྣམས་མིག་ལ་སོགས་པ་ལ་དགོད་པར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཞེས་བྱ་བ་ནི་བཀོད་མ་ཐག་ཏུའོ། །དབང་བསྐུར་བ་ཐམས་ཅད་ཀྱི་

གསང་བ་ནི་སྦ་བར་བྱའོ། །སློབ་དཔོན་ཐམས་ཅད་ནི་སྐུ་རྡོ་རྗེ་འཛིན་པ་ལ་སོགས་པའི་ངོ་བོའི་སློབ་དཔོན་རྣམས་ཀྱི་ཚིག་ཏུ་སྨྲ་བ་ནི་ཚིགས་སུ་བཅད་པའོ། །སངས་རྒྱས་རྣམས་ཞེས་བྱ་བ་ལ་སོགས་པ་ལ། དབང་བསྐུར་ཁྱོད་ལ་སྦྱིན་པར་བྱའོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའི་

རང་བཞིན་ནོ། །ཡང་ཇི་ལྟ་བུ་ཞེ་ན། ཁམས་གསུམ་དག་ནི་ཁམས་གསུམ་ན་བཞུགས་པའི་དེ་བཞིན་གཤེགས་པའི་ཚོགས་ཀྱིས་ཕྱག་བྱས་པ་ནི་མངོན་དུ་འདུད་པའོ། །སངས་རྒྱས་རྣམས་ཀྱི་རྡོ་རྗེ་གསང་བ་གསུམ་ནི་སྐུ་ལ་སོགས་པ་ལས་འབྱུང་བ་ནི་བསྐྱེད་པའོ་ཞེས་སྟོན་ཏོ། །དེ་ལ་ཞེས་

Vol. 29 · folio 243b

བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་བླ་མས་གསུངས་མ་ཐག་ཏུའོ། །སློབ་མ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་ལ་ཞུགས་པའི་བསྒྲུབ་བྱ་རྣམས་ཀྱིས་རྡོ་རྗེ་ཆེན་པོ་ནི་བླ་མ་ལ། གསོལ་བ་ནི་དབང་བསྐུར་བའི་ཕྱིར་གསོལ་བ་གདབ་པ་སྟེ། དེ་ཉིད་ཀྱི་ཕྱིར་ཆོ་ག་ནི་ཚིག་སྟེ།

དེ་ཉིད་སྦས་པའི་ཕྱིར་གསང་བའོ། །བྱང་ཆུབ་རྡོ་རྗེས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས། སངས་རྒྱས་ནི་མི་བསྐྱོད་པ་ལ་སོགས་པ་ལ། མཆོད་ཆེན་ནི་དབང་བསྐུར་བ་ཇི་ལྟར་སྩལ་པ་དེ་བཞིན་དུ། ནམ་མཁའ་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་གྱི་སློབ་མ་

ལ། བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ཞེས་པ་ནི་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་དེ་ཉིད་བདག་ལ་སྩོལ་ཅིག་པའོ། །དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ལ་སློབ་མ་དེས་གསོལ་བ་བཏབ་པས། རབ་ཏུ་དགྱེས་པ་ནི་བླ་མ་དེས་རབ་ཏུ་དགྱེས་ཤིང་སློབ་མ་དེ་ལ་དབང་བསྐུར་བ་སྩོལ་

བའོ། །དབང་བསྐུར་མ་ཐག་ཏུ་ཚངས་པའི་བུ་ག་ལས་ཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚོགས་ཞུ་ཞིང་། ལྷའི་གཟུགས་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་རྡོ་རྗེ་སེམས་དཔའ་སྟེ། དེའི་སྙིང་གར་བསྒོམ་པར་བྱའོ། །དེའི་རྗེས་ལ་གཞི་དང་གཞི་ཅན་གྱི་བདག་ཉིད་ཀྱི་

དཀྱིལ་འཁོར་མཉམ་པ་ཉིད་ཀྱིས་གྲུ་བཞི་པ་ཞེས་བྱ་བ་ལ་སོགས་པས་བསྟན་པར་བྱའོ། །གང་ལ། རྡོ་རྗེའི་སློབ་མ་བློ་ལྡན་ལ། །ཞེས་པ་ནི་ཏིང་ངེ་འཛིན་དང་ལྡན་པའི་སློབ་མ་ལའོ། །དེའི་རྗེས་ལ་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་སྟེ་དེའི་རང་བཞིན་གྱི་དམ་ཚིག་རྣམས་ནི་སྔར་

བཤད་པའི། ཁྱེད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་བྱ་བ་ལ་སོགས་པས་དམ་ཚིག་བཞི་པོ་བསྒྲག་པར་བྱ་བ་ནི་ཉན་དུ་གཞུག་པར་བྱའོ། །རྡོ་རྗེའི་ལམ་ནི་འདི་དག་གིས། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་ལམ་ནི་རྡོ་རྗེ་ཚུལ་ལས་གསུངས་པའི་དམ་ཚིག་གི་ཚོགས་ཀྱིས། སེམས་

ཅན་ཐམས་ཅད་ནི་སློབ་མ་རྣམས་བསྐུལ་བ་ནི་ཉན་དུ་གཞུག་པར་བྱའོ། །དེའི་ཚེ་སངས་རྒྱས་ཐམས་ཅད་ནི་དེ་དག་གི་ངོ་བོ་དང་། མཆོག་ཏུ་བརྟག་པ་ནི་ཕྱིར་མི་ལྡོག་པར་འགྱུར་རོ། །སྔགས་ཀྱིས་བསྐུལ་བ་ཞེས་བྱ་བ་ལ་སོགས་པ་ལ། ཕྱིར་མི་ལྡོག་པའི་འོག་ཏུ་སློབ་མ་དེ་ལ་སྔགས་ཀྱང་སྦྱིན་པར་བྱའོ། །

Vol. 29 · folio 244a

ཇི་ལྟར་ཞེ་ན། སྔགས་ཀྱིས་བསྐུལ་བ་སྨྲ་བ་ཡིས། །ཞེས་པ་ལ་སྔགས་ནི་སྙིང་པོ་དང་། བསྐུལ་བ་ནི་ཉེ་བའི་སྙིང་པོ་དང་། སྨྲས་པ་ནི་ཕྲེང་བའི་སྔགས་ཏེ། དེ་རྣམས་ཀྱང་སྦྱིན་པར་བྱའོ། །སྔགས་ཀྱི་རྒྱལ་པོས་ཏིང་འཛིན་དང་། ཞེས་བྱ་བ་ལ་སོགས་པ་ལ། སྔགས་

དང་མཐུན་པའི་ཏིང་ངེ་འཛིན་ནི་ལྷའི་སྐུ་སྒོམ་པ་སྦྱིན་ལ། གསང་བའི་དབང་སྦྱིན་པའི་ཕྱིར་བརྩམ་པར་བྱའོ། །ཁུ་བ་བཤང་གཅི་ལ་སོགས་ནི་བདུད་རྩི་རྣམས་ཀྱང་སྔ་མ་བཞིན་དུ་བྱིན་གྱིས་བརླབས་ལ་སློབ་མ་ཟ་རུ་གཞུག་པར་བྱའོ། དེ་ལྟར་བྱས་ན་དངོས་གྲུབ་རྙེད་མི་དཀའ་ནི་དེའི་དུས་སུ་བརྩམས་ཏེ་

དེ་ནི་རྟོགས་པ་མེད་པས་ཞེས་བྱ་ལ་སོགས་པ་བཞིན་དུའོ། །རྣམ་པ་འདི་བཞི་ཞེས་བྱ་བ་ལ་སོགས་པ་ལ། དེའི་རྗེས་ལ་གསང་བའི་དབང་ཐོབ་པས་ཤེས་རབ་དང་ཤེས་རབ་ཡེ་ཤེས་སྟེར་བར་བྱའོ། །གསང་ཆེན་ནི་ཤིན་ཏུ་བསླབས་པ་དང་འདུས་བྱས་པའི་ཕྱག་རྒྱ་མ་དེ་ཉིད་དོ། །དེའི་རྗེས་ལ་དེ་

དང་སྙོམས་པར་ཞུགས་པ་ལས་བྱུང་པའི་བདེ་བ་ཆེན་པོ་ཉེ་བར་མཚོན་པའི་ཕྱིར། རྡོ་རྗེ་ཅན་ཀུན་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་པ་རྣམས་ཀྱི་གསང་བ་ནི་རོ་གཅིག་པར་གྱུར་པའི་དེ་ཁོ་ན་ཉིད་བསྟན་པར་བྱའོ། །དེ་ནས་རིག་པའི་བརྟུལ་ཞུགས་སྦྱིན་པར་བྱ་བའི་

དོན་དུའོ། །བུད་མེད་ཀྱི་གཟུགས་ནི་རིག་མ་སྟེ། བླ་མའི་གཡོན་ཕྱོགས་སུ་བཞག་ཅིང་། སློབ་མ་གཡས་ཕྱོགས་སུ་བཞག་ལ། དེ་དག་གི་དབུས་སུ་གནས་པས། སྔགས་ཀྱི་འཁོར་ལོ་ནི་སྔགས་ཀྱི་སྐུ་དང་ལྡན་པ་དེས་གཉིས་ཀའི་ལག་པ་གཟུང་ཞིང་སེམས་ཅན་གྱི་དོན་གྱི་སྤྱོད་པ་བྱ་བའི་

ཕྱིར་གནང་བ་ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་ལྷ་མོ་འདི་དང་ལྷན་ཅིག་གནས་པར་གྱིས་ཤིག་ཅེས་བསྟན་པར་བྱའོ། །དེ་ནས་དམ་ཚིག་ཆེན་པོ་རྟག་ཏུ་སྤྱོད་པའི་ཕྱིར་སྦྱིན་པར་བྱ་སྟེ། གླང་པོའི་ལྕགས་ཀྱུ་ལ་སོགས་པ་ལྔ་དཀྱིལ་འཁོར་ལ་ཕུལ་ཞིང་བཟའ་བར་བྱའོ། །དེ་ལྟར་ན་སྔ་མ་བཞིན་དུ་

དངོས་གྲུབ་ཐོབ་བོ། །དེ་ནས་སློབ་མ་ལ་ཡིད་ཆེས་པ་བསྟན་པར་བྱ་སྟེ། ཨོཾ་ལ་སོགས་པ་ཡི་གེ་གསུམ་གྱིས་བཤང་གཅི་ལ་སོགས་པ་དཀྱིལ་འཁོར་ལ་བཞག་ཅིང་སྦྱང་བ་ལ་སོགས་པའི་རིམ་གྱིས་འབར་བ་བསྟན་ལ། དེའི་ཚེ་སློབ་མ་ཡིད་ཆེས་པར་གྱུར་པས་དེ་བཞིན་དུ་སྤྱད་དོ། །སྔགས་

Vol. 29 · folio 244b

ཀྱི་རིགས་ཆེན་པོ་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཏེ། དེ་རྣམས་ཀྱི་སྐྱེས་བུ་ནི་བདག་པོ་སྟེ། རྡོ་རྗེ་འཆང་ཆེན་པོས་དེ་སྐད་གསུངས་སོ། །དེ་བཞིན་དུ་ཀྱེ་བུ་དེ་རིང་ནས་བརྩམས་ཏེ་སྔར་བཤད་པའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་དང་། དེ་རྣམས་ཀྱི་རྒྱུར་གྱུར་

པའི་དམ་ཚིག་ཆེན་པོ་ནི་བདུད་རྩི་བཟའ་བ་ལ་སོགས་པ་སྟེ། དེ་རྣམས་ཐམས་ཅད་ནན་ཏན་གྱིས་ཁྱོད་ཀྱིས་བསྒྲུབ་པར་བྱའོ། །དེ་ལྟར་བྱས་ན་ཉིད་ཅེས་པ་ནི་མངོན་སུམ་དུ་ཚེ་འདི་ཉིད་ལ། སངས་རྒྱས་བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་རོ། །གཅིག་པུ་དེ་རྣམས་སྒྲུབ་

པ་མ་ཡིན་གྱི། འོན་ཀྱང་འཇིག་རྟེན་གྱི་དངོས་གྲུབ་རྣམས་ཀྱང་འགྲུབ་པར་འགྱུར་ཏེ། དཔེར་ན་མི་སྣང་བ་ནི་སྣང་བར་མི་འགྱུར་བ་དང་། སྟོབས་ནི་གླང་པོ་ཆེ་དགུ་སྟོང་གི་སྟོབས་དང་། བརྩོན་འགྲུས་ནི་ས་འགུལ་བ་ལ་སོགས་པ་དང་། རྡོ་རྗེ་དགུག་པ་ནི་ལྷའི་བུ་མོ་ལ་སོགས་པ་དགུག་

པ་སྟེ། དེའི་ལྷའི་བུ་ལ་སོགས་པའི་དངོས་གྲུབ་རྣམས། དཀྱིལ་འཁོར་ནི་སེམས་ཅན་གྱི་ཁམས་ལ་ཁྱོད་ཀྱིས་འགྲུབ་པར་འགྱུར་རོ། །རྡོ་རྗེ་སྐུ་ཡི་བཀའ་བཞིན་དུ། །ཞེས་པ་ནི་བདེན་པའི་ཚིག་གོ། །བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་རི་ལུའི་དངོས་གྲུབ་ཀྱང་

ཁྱེད་ཀྱིས་བསྒྲུབ་པར་བྱའོ། །ཚེས་བརྒྱད་པའམ་བཅུ་བཞི་ལ་སོགས་པའི་བཤང་བ་ལ་བདུད་རྩི་ལྔའི་རི་ལུ་ཁམ་ཕོར་ཁ་སྦྱོར་གྱི་ནང་དུ་བསྒྲུབས་ལ། རྒྱ་ཤུག་གི་འབྲས་བུའི་ཚད་ཙམ་དེ་ཉིད་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཡི་གེ་དགུ་པ་བཟླས་ཤིང་ཉིན་རེའམ་ཟླ་བ་རེ་རེའམ་ལོ་རེ་

རེ་ཟོས་ན་དེའི་ཚེ། སངས་རྒྱས་ཀུན་དང་ལྷན་ཅིག་ཏུ་འཁོད་པར་འགྱུར་བ་ནི་མཁའ་སྤྱོད་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ། །ཏིང་ངེ་འཛིན་གཞན་གྱིས་ཀྱང་དངོས་གྲུབ་སྒྲུབ་པའི་ཐབས་བཤད་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་

ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་པ་ནི་དཀྱིལ་འཁོར་གྱི་ལས་རྫོགས་པ་དང་། དབང་བསྐུར་གྱི་བྱ་བ་རྫོགས་པས། གསང་བ་ཐམས་ཅད་ཀྱི་རྡོ་རྗེ་དེ་བཞིན་གཤེགས་པ་རྣམས་ཀྱི་གང་ཞིག་མངག་གཞུག་པ་ནི་གཤིན་རྗེ་གཤེད་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྒྲུབ་པ་ཆེན་པོ་བསྒོམ་

Vol. 29 · folio 245a

པ་སྔོན་དུ་འགྲོ་བའི་བསྐུལ་བ་སྟེ། དེའི་ཚིག་ནི་ས་བོན་གྱི་ཡི་གེ་རྣམས་ཏེ། དེ་ལ་སྒྲུབ་པའི་མཆོག་ནི་མངག་གཞུག་པའི་གཟུགས་སོ། །དེ་ཉིད་བཤད་པར་བྱ་སྟེ། ཧྲཱིཿནི་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ལ་འབར་བས་འཁྲུག་པའི་ཡི་གེ་ཧྲཱིཿབསམས་ལ། །

དེའི་རྗེས་ལ་ནམ་མཁའི་དབྱིངས་དེ་ཉིད་སངས་རྒྱས་ཀུན་གྱིས་ཡོངས་སུ་གང་བ་བསྒོམས་ཏེ། སྐུ་གསུང་ཐུགས་ཀྱི་ངོ་བོ་སངས་རྒྱས་དེ་རྣམས་ཡི་གེ་ཧྲཱིཿདེ་ལ་འཇུག་པར་བྱ་སྟེ། དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་གྱུར་པའོ། །དེ་ལ་ཞེས་པ་ནི་སྔགས་ཐམས་ཅད་ཀྱི་བདག་ཉིད་ས་བོན་དེ་ལ།

སྐུ་གསུང་ཐུགས་ཀྱི་སྔགས་བྱིན་གྱིས་བརླབས་པ་ལ། གནས་ནི་གཡོ་བར་མི་འགྱུར་བ་དེ་རྣམས་འཇུག་པར་བྱའོ། །ཨ་ཁཾ་དྷཱི། དེ་རྣམས་ཞུགས་ཤིང་ས་བོན་དེ་ཡོངས་སུ་གྱུར་པས། ཕྱག་ན་རྡོ་རྗེ་ལ་སོགས་པ་ནི་བདུད་རྩི་འཁྱིལ་པ་ལ་སོགས་པའི་མངག་གཞུག་རྣམས་རིགས་དང་མཐུན་པར་བསྒོམ་

པར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་མངག་གཞུག་པ་དེ་རྣམས་བསྐྱེད་པས། གསང་བའི་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་ཀྱི་གནས་སུ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བྱ་བའི་ས་བོན་རྣམས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་བྱུང་བའི་ཉི་མའི་

དཀྱིལ་འཁོར་ལ་སོགས་པ་ལ་བཞུགས་པའི་རྡོ་རྗེ་ལ་སོགས་པའི་སྐུའི་རང་བཞིན་གྱི་རང་གི་བདག་ཉིད་བསྒོམ་པར་བྱའོ། །དེའི་རྗེས་ལ་སྡུག་བསྔལ་ཆེན་པོ་ནི་སྙིང་རྗེ་དང་ལྡན་པའི་རང་གི་སེམས་ཀྱིས་མངག་གཞུག་པ་དེ་རྣམས་བསྐུལ་བར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་པ་

ནི་ལྷའི་སྐུ་དེ་རྣམས་རྫོགས་པས། རྡོ་རྗེ་སེམས་ནི་མངག་གཞུག་པ་དེ་རྣམས་བསྐུལ་བ་ནི་དགུག་པའི་ཕྱིར། སྙིང་པོའི་ས་བོན་ཏེ་ཡི་གེ་ཨཱའོ། །གསུང་གི་དབང་ཕྱུག་གི་ས་བོན་དེས་བཀའ་འཇུག་པ་རྣམས་བསྐུལ་བར་བྱའོ། །དེའི་ཚེ་དེ་རྣམས་རྩེ་གསུམ་ལ་སོགས་པའི་སྣ་ཚོགས་པའི་

མཚོན་ཆ་འཛིན་ཅིང་འགྲོ་བས་ལྷའི་བུ་མོ་ལ་སོགས་པ་དང་། རྫུ་འཕྲུལ་བརྒྱད་སྒྲུབ་པ་པོ་ལ་སྒྲུབ་པར་བྱེད་དོ། །གཞན་ཡང་ཇི་སྲིད་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་འགྲུབ་པར་བྱེད་པ་སྟེ། ཕུལ་དུ་བྱུང་བའི་ཚིག་གོ། །དེ་སྐད་ཅེས་ཀྱང་གསུངས་སོ་ཞེས་ཉེ་བར་བསྡུ་བས་ཏེ། བསྐྱེད་པའི་རིམ་པའོ། །

Vol. 29 · folio 245b

ད་ནི་ཡུལ་དང་དུས་ཀྱི་བྱེ་བྲག་བཤད་པར་བྱ་བའི་ཕྱིར། ཉམས་དགའ་བ་ཡི་རི་དག་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རི་བོ་ལ་སོགས་པའི་གནས་དེ་རྣམས་རྣམ་པར་དབེན་པའི་ཕྱིར་དངོས་གྲུབ་ཀྱི་གནས་ཡིན་ཏེ། དེ་རྣམས་དངོས་གྲུབ་བསྒྲུབ་པར་བྱའོ། །མངག་གཞུག་པའི་དངོས་གྲུབ་

འདི་ནི་ཟླ་བ་ཕྱེད་ཀྱི་བར་རམ། ཟླ་བ་ཕྱེད་པོ་རྫོགས་པས་འགྲུབ་པ་སྟེ། སངས་རྒྱས་ཀྱང་ཐོབ་པར་འགྱུར་རོ། །འདིས་ནི་འདི་བཤད་པ་ཡིན་ཏེ། མངག་གཞུག་པའི་སྒྲུབ་པ་པོས་རེ་ཞིག་འཇིག་རྟེན་པའི་དངོས་གྲུབ་མངོན་དུ་འགྱུར་ཏེ། གང་གི་ཚེ་ལེའུ་བཅུ་པ་ལས་གསུངས་པའི་རིག་པས་དྲག་

ཤུལ་གྱི་རྣལ་འབྱོར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ནུས་པས་དགུག་ཅིང་རང་གི་བདག་ཉིད་ལ་ཞུགས་པར་གྱུར་པ་དེའི་ཚེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པའི་རྡུལ་ཕྲ་རབ་ཀྱིས་ཡོངས་སུ་རྫོགས་པའི་རྡོ་རྗེ་འཆང་ཆེན་པོའི་སྐུ་ཐོབ་པར་འགྱུར་རོ་

ཞེས་སྟོན་ཏོ། །དེ་ཉིད་ཀྱི་ཕན་ཡོན་བཤད་པར་བྱ་སྟེ། རི་རབ་སུམ་ཅུ་རྩ་དྲུག་གི །ཞེས་བྱ་བ་ལ་སོགས་པ་ལ། རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲ་རབ་དང་མཉམ་པའི་འཁོར་གྱི་ཚོགས་ནི་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་བུ་མོ་རྣམས་རྣལ་འབྱོར་པ་དེའི་བཀའ་བཞིན་བྱེད་ཅིང་ཡོངས་སུ་བསྐོར་

ནས་གནས་པར་འགྱུར་རོ། །དེ་བཞིན་དུ་འདོད་པ་ཇི་ལྟ་བ་བཞིན་དུ་མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་ཞིང་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལས། ཟབ་མོའི་ཆོས་ནི་སྔགས་ཀྱི་ཚུལ་གྱིས་ཆོས་ཐོས་ནས་སངས་རྒྱས་ཀྱི་ས་ཐོབ་པར་འགྱུར་

རོ། །དམ་ཚིག་ཆེན་པོ་ནི་མངག་གཞུག་པའི་སྒྲུབ་པ་སྟེ། དེ་ཉིད་རྡོ་རྗེ་ནི་བསྟན་པ་སྟེ། དེ་ཉིད་བཤད་པ་ནི་ངོ་མཚར་བར་བྱེད་པའི་ལས་གང་ལས་བྱུང་བ་དེ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏེ་ཞེས་པ་དང་སྦྱར་ཏེ་བསྐྱེད་པའི་རིམ་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་

མངག་གཞུག་པའི་སྒྲུབ་པ་ལ། མངག་གཞུག་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ནི་རིགས་ཀྱི་དབྱེ་བ་ལ་གནས་པ་དེ་རྣམས་ཀྱི་རང་རང་གི་བདག་པོ་དེ་རྣམས་ལས་འབྱུང་བའི་གསང་བ་ནི་བཀའ་སྩལ་པའི་རྣམ་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་

Vol. 29 · folio 246a

ལ་སོགས་དེ་བཞིན་གཤེགས་པའི་རིགས་དང་རྗེས་སུ་འགྲོ་བས་རང་གི་བདག་ཉིད་བསམས་ཏེ། དེ་རྣམས་ཀྱི་རིགས་དང་མཐུན་པའི་མངག་གཞུག་པ་རྣམས་བསྐུལ་བར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་སྐུ་དེ་རྣམས་རྫོགས་པས། རྡོ་རྗེ་ནི་

མི་བསྐྱོད་པ་དང་། ཡེ་ཤེས་ནི་སྣང་བ་མཐའ་ཡས་དང་། འཁོར་ལོ་ནི་རྣམ་པར་སྣང་མཛད་དང་། སྔགས་ནི་རིན་ཆེན་འབྱུང་ལྡན་དང་། དམ་ཚིག་ནི་དོན་ཡོད་གྲུབ་པ་སྟེ། བདག་པོ་ཉིད་དུ་གྱུར་པ་དེ་རྣམས་ཀྱི་གནས་ནི་བཀའ་སྩལ་པའི་རང་བཞིན་གྱིས་གསུང་ངོ་། །དམ་ཚིག་མངག་

གཞུག་པ་སྐྱེད་པར་བྱེད་པའི་ས་བོན་ཏེ་ཡི་གེ་ཨའོ། །དེ་ཉིད་བསྐུལ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་པར་བྱས་ལ། མངག་གཞུག་པའི་རྣམ་པ་མཐོང་བའོ། །མངག་གཞུག་པའི་རྣམ་པ་མཐོང་བས་དམ་ཚིག་ནི་འཇིག་རྟེན་དང་འཇིག་རྟེན་ལས་

འདས་པའི་དངོས་གྲུབ་ཀྱི་ངོ་བོ་དགུག་པ་བརྩམ་པར་བྱ་བའི་ཕྱིར་གཏོང་བ་ནི་དེ་རྣམས་ལ་བཀའ་སྩལ་པ་སྟེ། སྒྲུབ་པ་པོའི་ལས་གཉིས་སོ། །དེའི་རྗེས་ལ་མངག་གཞུག་པ་དེ་རྣམས་ཀྱིས་སྒྲུབ་པ་པོའི་བཀའ་ཉན་བྱེད་ཅིང་། བསྒྲུབ་བྱ་དེ་རྣམས་ལ་དམ་ཚིག་འབོད་པ་ནི་འདུམ་པས་དངོས་

གྲུབ་གཉེར་བ་སྟེ། བདག་ཅག་ལ་འདོད་པ་གསོལ་ཅིག་ཅེས་ཚིག་གིས་སོ། །གལ་ཏེ་དེ་རྣམས་ཀྱིས་མངག་གཞུག་པའི་ཚིག་མི་ཉན་ན་དེའི་ཚེ། དྲག་ཤུལ་གྱིས་ཚིག་ནི་བསྒྲུབ་པ་དེ་རྣམས། བཅིངས་པ་ནི་དགུག་པ་སྔོན་དུ་འགྲོ་བར་བཅིངས་ཤིང་བདག་པོའི་མདུན་དུ་ཕྱིན་པར་བྱེད་པ་སྟེ།

མངག་གཞུག་པའི་ལས་གཉིས་སོ། །མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་བྱས་ནས་མཁའ་དབྱིངས་ནི་ནམ་མཁའི་དབྱིངས་ཏེ། རྒྱ་ཆེན་ནི་ས་ལ་སོགས་པའི་བྱེ་བྲག་དང་བྲལ་བ་དང་། དག་པ་ནི་གཟུགས་མེད་པ་དང་། ཆོས་རྣམས་ཐམས་ཅད་ནི་ཐོགས་པ་དང་བཅས་པ་ལ་

སོགས་པའི་ཆོས་དང་སྤངས་པ་སྟེ། དེ་ཡང་མངག་གཞུག་པ་དེ་རྣམས་ཀྱིས་གོང་བུའི་ཚུལ་དུ་བྱེད་པ་ནི་རི་བོ་བཞིན་དུ་བྱེད་པ་སྟེ། དངོས་གྲུབ་གཞན་རྣམས་སྨོས་ཅི་དགོས་ཞེས་ངོ་མཚར་བ་གསུངས་པས་བདག་ཉིད་ཆེ་བ་བསྟན་ཏོ། །སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་

Vol. 29 · folio 246b

དང་བུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་ངོ་བོ་གཅིག་པའི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་སྡུད་པ་པོའི་ཚིག་སྟེ་བསྐྱེད་པའི་རིམ་པའོ། །ད་ནི་དབང་དུ་བྱེད་པ་བཤད་པར་བྱ་བའི་ཕྱིར། སངས་རྒྱས་རྡོ་རྗེ་སེམས་དཔའ་རུང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་

ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་དང་། རྡོ་རྗེ་ནི་མི་བསྐྱོད་པའི་རྣལ་འབྱོར་པ་དང་། སེམས་དཔའ་ནི་སྣང་བ་མཐའ་ཡས་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་གལ་ཏེ་བསྒྲུབ་བྱ་དབང་དུ་གྱུར་པར་འདོད་ན་དེའི་ཚེ། རྡོ་རྗེ་གསུམ་ནི་སངས་རྒྱས་གསུམ་སྟེ། དེ་དག་གི་མཆོག་འཛིན་ནི་མི་

བསྐྱོད་པའི་རིགས་ཏེ། དབང་དུ་བྱེད་པ་ལ་ནུས་པ་དང་ལྡན་པའི་ཕྱིར་ཕྱེ་བ་དང་། བསྟན་པར་མི་བྱ་བའི་ཕྱིར་གསང་བ་ཆེན་པོ་སྟེ། རྡོ་རྗེ་འཆང་བ་ནི་དེ་ཉིད་རྡོ་རྗེ་ལུས་མེད་པ་ཞེས་བྱ་བའི་རྣམ་གྲངས་གཞན་ཡོད་པ་བསམ་པར་བྱའོ། །དེ་ལ་ནམ་མཁའི་རྡོ་རྗེ་ནི་རང་གི་རིག་མའི་པདྨའི་ལྟེ་བ་སྟེ།

དེའི་དབུས་སུ་ཡི་གེ་མཾ་ལས་བྱུང་བའི་རང་གི་བདག་ཉིད་འཇམ་པའི་རྡོ་རྗེ་བསམ་པར་བྱ་སྟེ། སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་པ་དང་གཡོན་པ་ནི་ནག་པོ་དང་དཀར་པོ་སྟེ། ཕྱག་ལྔ་ལ་སྨྱོ་བྱེད་དང་། མྱོས་བྱེད་དང་། རྨོངས་བྱེད་དང་། གདུང་བྱེད་དང་།

སྐེམ་བྱེད་དེ་མདའ་ལྔ་འཛིན་པ་དང་། མདའ་དེ་རྣམས་ཀྱང་སྒྲོ་ནི་ཡི་གེ་ཨོཾ་གྱིས་བརྒྱན་པ་དང་། བར་སྨྱུག་མ་ནི་ཡི་གེ་ཨཱཿཡིས་བསྐྱེད་པ་དང་། མདེའུ་ནི་ཡི་གེ་ཧཱུྃ་གིས་བསྐྱེད་པ་སྟེ། ཁ་དོག་དམར་པོ་དང་ཡི་གེ་གསུམ་གྱིས་གསུམ་ལ་བྱིན་གྱིས་བརླབས་པ་དེ་རྣམས་འཛིན་པ་དང་། ཕྱག་

གཡོན་པའི་གཙོ་བོས་དེ་བཞིན་དུ་བསྐྱེད་པའི་གཞུ་འཛིན་པ་དང་། སྤྱི་བོར་མི་བསྐྱོད་པས་བྱིན་གྱིས་བརླབས་པ་སྟེ། དེ་ལྟ་བུའི་རང་གི་བདག་ཉིད་བསམས་ལ། གཞུའི་མཐའ་གཉིས་བར་གྱི་ཆ་རྣམས་མདའ་ལྔ་པོ་དེ་རྣམས་འདྲེན་ཅིང་། རྒྱལ་པོ་ལ་སོགས་པའི་བསྒྲུབ་བྱའི་སྤྱི་བོ་དང་། ལྐོག་

མ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བའི་གནས་རྣམས་ལ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བྱ་བའི་ས་བོན་གྱི་རྣམ་པའི་མདའ་ལྔ་པོ་ཕོག་པ་དང་ས་བོན་དེ་རྣམས་ཀྱང་ཀློག་ཅིང་མདའ་དེ་རྣམས་ཀྱིས་བསྒྲུབ་བྱའི་ཕུང་པོ་ལྔ་དབང་དུ་གྱུར་པར་བསམ་པར་བྱའོ། །མདའ་ལྔ་པོ་དེ་ཉིད་ཡང་དང་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words