སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ
Sanskrit title (Tibetan script, as in the text) པྲ་དཱི་པོ་དྱོ་ཏ་ན་ནཱ་མ་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 30 · folio 57a
བ་རྣམས་ལ་དེ་དང་འབྲེལ་པ་གཞན་དག་སྟེ། འཇིག་རྟེན་པའི་དངོས་གྲུབ་རྣམས་ཀྱང་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་ལ་འགྲུབ་པར་འགྱུར་བའོ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ། །ཞེས་བྱ་བ་ནི། རྡོ་རྗེ་གསུམ་ནི་ཁམས་གསུམ་མོ། །དེ་མི་ཕྱེད་པ་ནི་དབྱེར་མེད་
པའི་རྣམ་པར་བསྒོམ་པའི་རྒྱུ་དེས་ན་འགྲུབ་པར་འགྱུར་བ་ནི། བཟླས་པ་ཙམ་གྱིས་ཏེ། ཡན་ལག་མ་ཉམས་པར་བཟླས་ཤིང་བདེན་པ་མཐོང་བས་སོ། །གལ་ཏེ་ཐ་དད་པར་བསྒོམ་པར་གྱུར་ན་ནི། དེའི་ཚེ་འཇིག་རྟེན་པའི་དངོས་གྲུབ་ཀྱང་འགྲུབ་པར་མི་འགྱུར་ན། འཇིག་རྟེན་ལས་འདས་པའི་ལྟ་སྨོས་ཀྱང་ཅི་
དགོས་ཞེས་ནུས་པ་གསུངས་པར་གྱུར་པ་ཡིན་ཏེ། རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཁམས་གསུམ་པ་ནི་མ་ལུས་རྣམས། །ཐམས་ཅད་དེ་ཡི་ལོངས་སྤྱོད་དོ། །ཞེས་གསུངས་པས་སོ། །སྔགས་སྤྱོད་པའི་མཆོག་གི་ལེའུ་ཞེས་བྱ་བ་ནི། སྔགས་
འདོན་ཞིང་བཟླས་པས་ན་སྔགས་ཏེ་སྒྲུབ་པ་པོའོ། །དེ་རྣམས་ཀྱི་སྤྱོད་པ་ནི་སྤྲོས་པ་མེད་པ་ལ་སོགས་པ་ལ་སློབ་པའི་ངོ་བོ་ཉིད་དོ། །དེ་ཉིད་ནི་ཕུལ་དུ་བྱུང་བས་ན་མཆོག་གོ། །དེ་སྟོན་པའི་སྒྲའི་ཚོགས་ནི་ལེའུ་སྟེ། དེ་ལ་སྔགས་སྤྱོད་པ་མཆོག་ཅེས་བྱ་སྟེ། སྒྲ་ཇི་བཞིན་པའོ། །སྒྲོན་མ་གསལ་
བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་བདུན་པ་མཐའ་དྲུག་གིས་བཤད་པའོ།། །།དེ་ལྟར་སྤྱོད་པ་ལ་གནས་པའི་རྣལ་འབྱོར་པས་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་བླ་ན་མེད་པའི་མཆོད་པ་བྱའོ། །ཞེས་བསྟན་པར་བྱ་བའི་ཕྱིར་བཀའ་སྩལ་པ་ནི། དེ་ནས་
བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སྤྱོད་པ་ཐོབ་པའི་འོག་ཏུ་དཀོན་མཆོག་དཔལ་གྱིས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པོ་ཞེས་བྱ་བར་སྦྱར་རོ། །དཀོན་མཆོག་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ནི་དཔལ་ཏེ་རྒྱལ་མཚན་གང་ཡིན་པ་དེ་ནི།
དཀོན་མཆོག་དཔལ་ཞེས་བྱ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བར་གསོལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །བྷ་གར་བཞུགས་པས་ན་བཅོམ་ལྡན་འདས་སོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་རིགས་ཐམས་ཅད་ཀྱི་བདག་ཉིད་ཅན་ནོ། །དབང་ཕྱུག་དམ་པ་ཞེས་བྱ་བ་ལ། དམ་པ་ནི་
Vol. 30 · folio 57b
སྤྱན་ལ་སོགས་པ་ཡིན་ལ། དེ་རྣམས་ཀྱི་དབང་ཕྱུག་ནི་གཙོ་བོར་གྱུར་པ་སྟེ། རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པ་འདིས་ཞེས་བྱ་བ་འདིས་འོག་ནས་འཆད་པའི་བསྟོད་པ་སྟེ། བསྟོད་པའི་རྒྱལ་པོ་དེས་གསོལ་བ་བཏབ་ཅིང་མཉེས་པར་བྱས་སོ་ཞེས་བྱ་བའི་དོན་ཏོ། །དེ་བསྟན་པ་ནི་རྡོ་རྗེ་སེམས་དཔའ་ཞེས་
བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ལྟར་མི་ཕྱེད་པའི་ཚུལ་གྱིས་མཛེས་པས་ན་རྡོ་རྗེ་སེམས་དཔའོ། །ཐེག་པ་ཆེ་ཞེས་བྱ་བ་ནི་གང་གིས་སེམས་ཅན་མང་ཞིང་ཆེ་བ་རྣམས། སངས་རྒྱས་ཉིད་དུ་སོན་པར་མཛད་པ་དེ་ནི་ཐེག་པ་ཆེན་པོ་སྟེ་ཁྱེད་ཉིད་དོ། །ནམ་མཁའི་སྤྱོད་པ་རྣམ་སྦྱོང་བ། །ཞེས་བྱ་བ་ལ།
ནམ་མཁའ་ནི་དོན་དམ་པའི་བདེན་པའོ། །དེ་རྣམ་པར་དག་པའི་སྤྱོད་པ་ནི་ནམ་མཁའི་སྤྱོད་པའོ། །དེ་རྣལ་འབྱོར་པའི་རྒྱུད་རྣམ་པར་སྦྱོང་བར་མཛད་པས་ན་ནམ་མཁའི་སྤྱོད་པ་རྣམ་སྦྱང་བའོ། །ཀུན་དུ་བཟང་པོའི་སྤྱོད་པ་མཆོག །ཅེས་བྱ་བ་ནི། རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་དང་
བྲལ་བའི་སྤྱོད་པ་ནི། ཀུན་དུ་བཟང་པོའི་སྤྱོད་པའོ། །དེས་ཕུལ་དུ་བྱུང་བས་ན་མཆོག་གོ། །རྒྱལ་བར་གྱུར་པས་ན་རྒྱལ་བ་ནི་རང་སངས་རྒྱས་ལ་སོགས་པ་སྟེ། དེ་རྣམས་ཀྱི་མཆོག་གིས་མཆོད་པ་བཤད་ཅིང་བསྟན་དུ་གསོལ་ཞེས་བྱ་བ་སྟེ། སྒྲ་ཇི་བཞིན་པའོ། །འདོད་ཆགས་ཞེ་སྡང་གཏི་
མུག་ཆེ། །རྡོ་རྗེ་ཐེག་པ་རབ་སྟོན་པ། །ཞེས་བྱ་བ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྦྱོང་བར་བྱེད་པ་ནི་རྡོ་རྗེ་ཐེག་པ་སྟེ། དེ་རབ་ཏུ་སྟོན་པར་མཛད་པས་ན་རྡོ་རྗེ་ཐེག་པ་རབ་སྟོན་པའོ། །ནམ་མཁའི་དབྱིངས་དང་མཚུངས་པར་སྟོན་པས་ན་མཆོག་གོ། །རྒྱལ་བ་ནི་དུས་གསུམ་
དུ་གཤེགས་པའི་རྒྱལ་བ་རྣམས་ཏེ། དེ་རྣམས་བསྐྱེད་པར་མཛད་པས་ན། རྒྱལ་བའི་གཞིའོ། །མཆོད་པ་བཤད་དུ་གསོལ་ཞེས་བྱ་བ་ནི་བསྟན་པར་གསོལ་བའོ། །བག་ཆགས་མ་ལུས་པ་དང་བྲལ་ཞིང་འཁོར་བ་ཇི་སྲིད་པར་གནས་པའི་ཡེ་ཤེས་ནི་ཐར་པའོ། །དེ་ཐོབ་པར་བྱེད་པའི་རྒྱུ་ནི་
ལམ་མོ། །དེ་རབ་ཏུ་སྟོན་པ་ནི་འཆད་པར་མཛད་པའོ། །ཐེག་པ་གསུམ་ནི་འདིས་འགྲོ་བས་ན་ཐེག་པ་སྟེ། ཉན་ཐོས་ལ་སོགས་པའི་ཐེག་པ་གསུམ་མོ། །དེ་ཉིད་ནི་ལམ་སྟེ་དེའི་ངོ་བོ་ཉིད་ལ་རབ་ཏུ་གནས་པར་མཛད་པས་ན་ཐེག་པ་གསུམ་གྱི་ལམ་ལ་གནས་པ་སྟེ་བཅོམ་ལྡན་འདས་
Vol. 30 · folio 58a
སོ། །སངས་རྒྱས་སྐལ་མཆོག་དག་པའི་བདག །ཅེས་བྱ་བ་ལ། སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་བདག་པོར་གྱུར་པས་སྐལ་མཆོག་གོ། །དེས་ན་དག་པའི་བདག་ཉིད་ཅན་གྱི། མི་མཆོག་མཆོད་པ་བཤད་དུ་གསོལ། །ཞེས་པའོ། །བྱང་
ཆུབ་སེམས་ནི་རྒྱས་པའི་སྤྱན། །ཞེས་བྱ་བ་ནི། བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱི་སེམས་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་སོ། །རྒྱས་པའི་སྤྱན་དང་ལྡན་པ་གང་ཡིན་པ་ནི་རྒྱས་པའི་སྤྱན་ནོ། །ཆོས་ཀྱི་འཁོར་ལོ་ནི་རྣམ་པ་བཅུ་གཉིས་པའོ། །དེ་འཇིག་རྟེན་གསུམ་དུ་རབ་ཏུ་བསྐོར་བར་མཛད་པས་ན།
ཆོས་ཀྱི་འཁོར་ལོ་རབ་བསྐོར་བའོ། །རྡོ་རྗེ་གསུམ་མི་ཕྱེད་པའི་མཚན་ཉིད་ཅན་ཡིན་པས་ན། སྐུ་དང་གསུང་དང་ཐུགས་ཤིན་ཏུ་དག་པ་སྟེ། རྡོ་རྗེ་ཐེག་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། དྲང་བའི་དོན་ཏོ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །ཞེས་བྱ་བ་ནི། ཡེ་ཤེས་གསུམ་གྱི་སྒོ་ནས་
བཅོམ་ལྡན་འདས་ལ་བོས་ནས་བསྟོད་པ་སྟེ། འདོད་ཆགས་ནི་ཐབས་ཀྱི་རང་བཞིན་ནོ། །ཞེ་སྡང་ནི་ཤེས་རབ་ཀྱི་རང་བཞིན་ནོ། །གཏི་མུག་ཆེན་པོ་ནི་མ་རིག་པའི་རང་བཞིན་ནོ། །རྡོ་རྗེ་ཐེག་པ་རབ་སྟོན་པ། །ཞེས་བྱ་བ་ལ། རྡོ་རྗེ་ནི་འོད་གསལ་བའོ། །དེ་ཉིད་ནི་བཤད་མ་ཐག་པའི་རང་བཞིན་གྱི་
སྣང་བ་སྦྱོང་བས་ན་ཐེག་པའོ། །དེ་རབ་ཏུ་སྟོན་པས་ན་རྡོ་རྗེ་ཐེག་པ་རབ་ཏུ་སྟོན་པ་སྟེ་བཅོམ་ལྡན་འདས་སོ། །དབང་པོ་མཆོག་ཙམ་གྱིས་གཟུང་བ་ཡིན་པས་ན། ནམ་མཁའི་དབྱིངས་དང་མཚུངས་པའོ། །ཐམས་ཅད་ཀྱི་དང་པོར་གྱུར་པས་ན་མཆོག་གོ། །རྒྱལ་གཞི་མཆོད་པ་བཤད་དུ་
གསོལ། །ཞེས་བྱ་བ་ལ། རྒྱལ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་གང་དུ་ཐིམ་པར་གྱུར་པ་དེ་ནི་རྒྱལ་བའི་གཞིའོ། །མཆོད་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །བཤད་དུ་གསོལ་ཞེས་བྱ་བ་ནི་བཀའ་སྩལ་པར་གསོལ་བའོ། །ཐར་པའི་ལམ་ནི་རབ་སྟོན་པ། །
ཞེས་བྱ་བ་ནི། རྡོ་རྗེའི་སྐུ་ཉིད་ཀྱིས་ཚད་མེད་པའི་ལྷ་མོ་དང་སྙོམས་པར་ཞུགས་པས། འཁོར་བ་ཇི་སྲིད་པར་མཆོག་ཏུ་དགའ་བར་མཚན་ཉིད་གཅིག་པ། ལྷ་དང་མི་ལས་འདས་པའི་ཡོན་ཏན་བརྒྱད་ཀྱི་བདེ་བ་ཉམས་སུ་མྱོང་བ་ནི་ཐར་པའོ། །དེ་ཐོབ་པའི་ཐབས་སྟོན་པར་མཛད་པས་ན་ཐར་པའི་
Vol. 30 · folio 58b
ལམ་རབ་ཏུ་སྟོན་པར་མཛད་པ་སྟེ་བཅོམ་ལྡན་འདས་སོ། །ཤེས་རབ་དང་། ཐབས་དང་། ཉེ་བར་ཐོབ་པ་གསུམ་པོ་ནི་ཐེག་པ་གསུམ་མོ། །དེ་ཉིད་བགྲོད་པར་བྱ་བ་ཡིན་པས་ན་ལམ་སྟེ། དོན་དམ་པའི་བདེན་པའི་གྲོང་ཁྱེར་དེར་འཇུག་པར་མཛད་པས་ནི་ཐེག་པ་གསུམ་གྱི་ལམ་ལ་གནས་པའོ། །བདེ་
བ་ཐམས་ཅད་ཀྱི་བདག་ཉིད་སྒྲུབ་པར་མཛད་པས་ན། སངས་རྒྱས་སྐལ་མཆོག་གོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཡིན་པས་ན་དག་པའི་བདག་སྟེ། དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་ཅན། མི་མཆོག་ཁྱོད་ཀྱིས་མཆོད་པ་བཤད་པར་གསོལ། །ཞེས་པའོ། །བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །
སེམས་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། བྱང་ཆུབ་དང་ལྡན་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ཉིད་ནི་རྡོ་རྗེ་འཆང་ཆེན་པོའོ། །རྒྱས་ཤིང་ཡངས་པའི་སྤྱན་ལྔ་གང་ཡིན་པ་དེ་ནི་རྒྱས་པའི་སྤྱན་ཏེ། དེ་ཡང་གང་ཞེ་ན། ཤ་དང་། ལྷ་དང་། ཤེས་རབ་དང་། ཆོས་དང་། སངས་རྒྱས་ཀྱི་སྤྱན་
ཞེས་གྲགས་པ་རྣམས་སོ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །ཞེས་བྱ་བ་ལ། ཆོས་ནི་འདུས་བྱས་དང་། འདུས་མ་བྱས་པ་སྟེ། བདེན་པ་གཉིས་ཀྱི་བདག་ཉིད་ཅན་ནོ། །དེ་རྣམས་ཀྱི་འཁོར་ལོ་ནི་ཚོགས་ཏེ། དེ་སེམས་ཅན་གྱི་འཇིག་རྟེན་དུ་རབ་ཏུ་སྟོན་པར་མཛད་པས་ན། ཆོས་ཀྱི་
འཁོར་ལོ་རབ་བསྐོར་བའོ། །ཡང་དག་པའི་མཐའ་རྣམ་པར་དག་པའི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་ཡིན་པས་ན། སྐུ་དང་གསུང་ཐུགས་ཤིན་ཏུ་དག་པ་སྟེ་བཅོམ་ལྡན་འདས་སོ། །མི་འཇིགས་པའི་བདག་ཉིད་ཅན་ཡིན་པས་ན། རྡོ་རྗེ་ཐེག་པ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་བྱ་
བ་སྟེ་ངེས་པའི་དོན་ཏོ། །ཐམས་ཅད་ནམ་མཁའ་མི་འགྱུར་ཆེ། །ཞེས་བྱ་བ་ལ། ཐམས་ཅད་ནམ་མཁའ་ནི་ཐམས་ཅད་སྟོང་པ་སྟེ། དེ་རྣམ་པར་དག་པས་བཅོམ་ལྡན་འདས་ཀྱང་ཐམས་ཅད་ནམ་མཁའོ། །མི་འགྱུར་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་མི་འགྱུར་ཆེའོ། །ཐམས་ཅད་ཀྱི་
དབང་བསྐུར་བར་གྱུར་པས་ན། ཐམས་ཅད་དབང་བསྐུར་རོ། །ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་མཛད་པས་ན། ཀུན་གྱི་དོན་ནོ། །འཇིག་རྟེན་གསུམ་གྱི་བདག་པོ་ཡིན་པས་ན་ཀུན་གྱི་དབང་པོའོ། །རྡོ་རྗེ་ནི་དོན་
Vol. 30 · folio 59a
དམ་པའི་བདེན་པའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས། རིན་པོ་ཆེ་དང་འདྲ་བས་ན་རིན་ཆེན་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེའི་ངོ་བོ་ཉིད་ཀྱིས་དེ་འཛིན་པར་མཛད་པས་ན་རྡོ་རྗེ་རིན་ཆེན་འཛིན་ཞེས་བྱ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། །དེ་བཞིན་
གཤེགས་པའི་མཆོད་པའི་མཆོག །ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་ནི་དུས་གསུམ་དུ་བཞུགས་པའི་རྒྱལ་བ་རྣམས་ཏེ། དེ་དང་འབྲེལ་པའི་མཆོད་པ་ནི་དེ་བཞིན་གཤེགས་པའི་མཆོད་པའོ། །བསྐྱེད་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ཐུན་མོང་མ་ཡིན་པས། ཁྱད་པར་དུ་གྱུར་པས་ན་
མཆོག་གོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་མི་ཕྱེད་གསུམ་གནས་པ། །ཞེས་བྱ་བ་གསུངས་ཏེ། རང་བཞིན་གྱིས་ཡང་དག་པར་གནས་པའི་མཆོད་པའོ། །དེ་ནི་ཁམས་གསུམ་པ་རྣམས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་སུ་འདུས་པར་མཛད་པས་ན། སྐུ་དང་གསུང་དང་ཐུགས་སྐལ་མཆོག་གོ། །རྒྱལ་
བ་རྣམས་འདི་ལས་འབྱུང་བར་འགྱུར་བས་ན་རྒྱལ་བ་འབྱུང་བའོ། །མཆོད་པ་དེ་བཤད་ཅེས་བྱ་བ་ནི་བཤད་དོ་ཞེས་བྱ་བ་མི་མངོན་པར་བྱས་པ་སྟེ་དགོངས་པས་བཤད་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ན་ཆུང་གཞོན་ནུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་དུ་འོང་བའི་གཟུགས་ཅན་པས་
ན་ན་ཆུང་ངོ་། །མིག་ཡངས་ཤིང་བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་མིག་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་མིག་ཡངས་པའོ། །དེ་ཉིད་ཀྱི་ཁྱད་པར་ནི། གཟུགས་བཟང་གཞོན་པས་བརྒྱན་པ་ནི། །ཞེས་བྱ་བའོ། །ལོ་གྲངས་ཉི་ཤུ་ལྔ་ལོན་པ། །ཞེས་བྱ་བ་ནི། ལྷ་ཉི་ཤུ་རྩ་ལྔ་པའི་
བདག་ཉིད་ཅན་གྱི་ཕྱག་རྒྱ་ཆེན་པོ་བདག་ལ་བྱིན་གྱིས་བརླབ་པའི་མཚན་ཉིད་ཅན་དེ་བཙལ་ཏེ། བླ་མའི་ཁ་ནས་རྙེད་པ་དེ་ཉིད་ཀྱིས། བླ་ན་མེད་པའི་མཆོད་པ་རབ་ཏུ་བརྟག་ཅིང་བྱ་བའོ། །བྱོལ་སོང་ལས་ཀྱང་རབ་ཏུ་བརྟག །ཅེས་བྱ་བར་ཡང་སྦྱར་ཏེ། བྱོལ་སོང་གི་སྒྲ་ནི་ལོགས་ན་ཡོད་པ་ལ་བྱ་
སྟེ། དེས་ན་བདག་པོ་ལས་གཞན་པའི་དཀྱིལ་འཁོར་གྱི་ལྷ་སྐུ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་གཟུང་སྟེ། རྡོ་རྗེ་འཆང་ཆེན་པོའི་རྣམ་པར་འཕྲུལ་པ་ཡིན་པའི་ཕྱིར་རོ། །དགོངས་པས་བཤད་པའོ། །ཤིན་ཏུ་ཡང་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་རྣམས་ཀྱི་མཆོད་པ་བསྟན་ནས། ད་ནི་
Vol. 30 · folio 59b
བསྐྱེད་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱི་མཆོད་པ་བསྟན་པར་བྱ་བའི་ཕྱིར། ས་ཕྱོགས་གཙང་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སའི་ཆ་ནི་སའི་ཕྱོགས་སོ། །ས་སྦྱང་བ་ལ་སོགས་པའི་རིམ་པས་ཡོངས་སུ་དག་པ་ནི་གཙང་བའོ། །སྐྱེ་བོ་འདུས་པ་དང་བྲལ་བས་རྣམ་
པར་དབེན་པའོ། །འམ་ཞེས་བྱ་བའི་སྒྲ་ནི་ཐ་དད་པའི་རིམ་པའི་ཕྱོགས་གཞན་སྟོན་པ་ཡིན་པར་བལྟ་བར་བྱ་བའོ། །རྒྱལ་ཉིད་སྐྱེས་ཞེས་པ་ནི་སྔགས་པའོ། །ཞི་བ་ནི་སྐྱེ་བོ་དམ་པའོ། །དེ་རྣམས་ཀྱི་ཁྱིམ་ནི་ཞི་བའི་གནས་རྣམས་ཏེ། ལྷའི་ཁང་པའོ། །དེ་ལྟ་བུའི་ས་ཕྱོགས་སུ་བཤད་པ་
སྟེ་བའི་ལྕི་བ་དང་། གཅི་བ་སྟེ། བའི་གཅིན་དང་། ཆུ་སྟེ་ཆུ་ཉི་ཚེས་སོ། །སོགས་པའི་སྒྲས་ཤིང་ཤུན་དྲི་བཟང་པོ་ལ་སོགས་པ་ཡོངས་སུ་གཟུང་སྟེ། དེ་ལྟ་བུའི་བཤང་བ་ལ་སོགས་པ་འདི་རྣམས་ཀྱིས་སྔར་བཤད་པའི་ས་ཕྱོགས་སུ་བྱུག་ཅིང་དཀྱིལ་འཁོར་བྱའོ། །འམ་གྱི་སྒྲ་ནི་མ་
བཤད་པ་དག་ཀྱང་བསྡུ་བའི་དོན་ཏེ། དེས་ན་མེ་ཏོག་ལ་སོགས་པ་ཡོངས་སུ་གཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་བ་མཆོད་ཕྱིར་ཞེས་པ་སྟེ། རང་གི་ལྷ་མཉེས་པར་བྱ་བའི་ཕྱིར། རྟག་པར་ནི་ཉིན་རེའོ། །དེ་ལྟར་མཆོད་པའི་ཡོ་བྱད་བསྒྲུབས་ནས། སྒྲུབ་པའི་ཐབས་ལས་འབྱུང་བའི་རིམ་
གྱིས། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་བྱས་ལ་བདག་ཉིད་དང་རང་གི་ཕྱག་རྒྱ་རིགས་ལྔར་བྱ་བ་བསྟན་པའི་ཕྱིར། ནུ་མའི་དབུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནུ་མའི་དབུས་ཞེས་བྱ་བ་ནི་སྙིང་གའི་གནས་སོ། །བར་ཞེས་བྱ་བ་ནི་དེ་སྲིད་ཀྱི་བར་འདིར་ཡི་གེ་ཧཱུཾ་སྟེ། མི་བསྐྱོད་པའི་
རིགས་དགོད་པའོ། །སྤྱི་གཙུག་མཐའ་ཞེས་བྱ་བ་ནི་སྤྱི་གཙུག་གི་མཐའི་སྒྲས་སྐྲ་ཉེ་བར་མཚོན་ཏེ། སྐྲའི་མཐའ་སྟེ། སྐྲའི་སྐྱེ་གནས་ཇི་སྲིད་ཀྱི་བར་དུ་ཡི་གེ་ཨོཾ་ལས་བྱུང་བའི་རྣམ་པར་སྣང་མཛད་དགོད་དོ། །ཆོ་ག་ཤེས་པས་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་ཤེས་པའོ། །བར་ཞེས་བྱ་
བ་ནི་སྙིང་ག་དང་སྤྱི་གཙུག་གི་བར་ཏེ་གང་ཡིན་ཞེ་ན། ལྐོག་མའི་ཕྱོགས་ཁའི་དཀྱིལ་འཁོར་ཏེ། དེར་ཡི་གེ་ཨཱཿ་ལས་བྱུང་བའི་འོད་དཔག་ཏུ་མེད་པ་དགོད་པར་བྱའོ། །རྐང་པའི་བར་ཞེས་བྱ་བ་ནི། རྐང་པ་དང་བརླ་རྩའི་བར་དུ་ནི་རྐང་པའི་བོལ་དང་ཞེས་བྱ་བའི་སྒྲ་ནི་རྐང་པ་གཉིས་
Vol. 30 · folio 60a
སུ་ཞེས་བསྡུ་བའི་དོན་ཏེ། དེར་ཡི་གེ་ཧཱ་ལས་བྱུང་བའི་དོན་ཡོད་པར་གྲུབ་པ་དགོད་པར་བྱའོ། །ལྟེ་བ་རྐེད་པ་གསང་བ་ཞེས་བྱ་བ་ནི། འདིར་བདུན་པ་མི་མངོན་པར་བྱས་པ་ཡིན་ཏེ། གནས་འདི་དག་ཏུ་ཡི་གེ་སྭཱ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་དགོད་པར་བྱའོ། །
རྒྱལ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །རྒྱལ་བའི་སྲས་ནི་དེའི་རིགས་ཏེ། རྒྱལ་བ་དང་རྒྱལ་བའི་སྲས་དག་ནི་རྒྱས་སྲས་ཞེས་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་དང་། དེའི་རིགས་རྣམས་སྒྲུབ་པའི་ཐབས་ལས་བཤད་པའི་ཆོ་གས་རིགས་ལྔའི་བདག་ཉིད་དགོད་པ་ཇི་ལྟ་ཇི་ལྟ་
བར་བྱའོ་ཞེས་པའོ། །ཇི་སྲིད་དུ་དེ་ལྟར་བྱས་པའི་སྙོམས་པར་འཇུག་པས་སྲིད་པ་བསྐྱེད་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར། ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ནི་རང་གི་ཕྱག་རྒྱའི་ཆོས་འབྱུང་བ་སྟེ། དེའི་དབུས་སུ་གནས་པའོ། །ཡེ་ཤེས་རྒྱ་མཚོ་
ནི་བྱང་ཆུབ་ཀྱི་སེམས་སོ། །བདག་ཉིད་ཟླ་བའི་དབུས་གནས་པར། །ཞེས་པ་ནི། བཤད་མ་ཐག་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དབུས་ན་གནས་པར་བསྒོམ་ཞིང་བསམ་པར་བྱའོ། །དེའི་འོག་ཏུ་མཁས་པས་དེ་བཞིན་གཤེགས་པ་རྣམས་སྤྲོ་བར་བྱའོ། །ཞི་བ་ནི་རྡོ་རྗེ་འཛིན་ཞེས་པ་ལ། ཞི་
བ་ནི་སེམས་རྩེ་གཅིག་པའོ། །དེ་ཉིད་རྡོ་རྗེ་སྟེ། དེ་འཛིན་པས་ན་ཞི་བ་རྡོ་རྗེ་འཛིན་པའོ། །བདག་ཉིད་ཀྱི་སྙིང་གར་བསྡུ་བ་དག་ཀྱང་རབ་ཏུ་བྱའོ། །གལ་ཏེ་འདོད་ན་ཞེས་བྱ་བ་ལ་བསྡུ་བ་དང་། སྤྲོ་བ་གང་འདོད་པར་གྱུར་པ་དེའི་ཚེ་ན་བྱའོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་བདག་ཉིད་བསྐྱེད་ནས་
ཡང་རིན་པོ་ཆེ་སྣ་བཞི་ལ་སོགས་པའི་མཆོད་རྟེན་བྱ་སྟེ། རིན་པོ་ཆེ་སྣ་བཞི་ནི་ཁམས་བཞིའི་ངོ་བོ་ཉིད་སྤྱན་ལ་སོགས་པ་བཞིའོ། །དེའི་རང་བཞིན་ཡིན་པས་ན་རིན་ཆེན་སྣ་བཞིའི་རང་བཞིན་ནོ། །འོད་ཟེར་ཕྲེང་བ་ནི་དཀར་པོ་ལ་སོགས་པའི་འོད་ཀྱི་ཕྲེང་བ་སྟེ། དེ་རྣམས་ཀྱིས་རྣམ་པར་བརྒྱན་ཞིང་
མཛེས་པར་བྱས་པའོ། །ཡེ་ཤེས་རྒྱ་མཚོ་དུས་གསུམ་གྱིས། །ཞེས་བྱ་བ་ནི། འདི་ཉིད་ཀྱི་ཁྱད་པར་གྱི་ངོ་བོ་སྟེ། ཡེ་ཤེས་ཀྱི་རྒྱ་མཚོ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དུས་གསུམ་ནི་དུས་གསུམ་དུ་བཞུགས་པ་སྟེ། དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་
Vol. 30 · folio 60b
ཞེས་པ་ཞིང་དུ་གྱུར་པ་ཡིན་པར་རྣམ་པར་བསམ་པ་སྟེ། རང་གི་ལུས་ཀྱི་མཆོད་རྟེན་དུ་བསྒོམས་ལ། སྔར་བཤད་པའི་བདག་གི་བ་སྤུའི་བུ་ག་རྣམས་ལས་བསྐྱེད་པའི་རིམ་པ་ལས་བྱུང་བའི་མཁས་པས་མཆོད་པའི་སྤྲིན་ཏེ། ཇི་ལྟར་འདོད་པའི་དོན་རྫོགས་པར་བྱེད་པས། སེམས་ཅན་གྱི་ཁམས་
མཆོད་ཅིང་རྗེས་སུ་འཛིན་པར་མཛད་པས་ན། མཆོད་པ་སྟེ་དེ་བཞིན་གཤེགས་པའོ། །དེ་རྣམས་ཀྱི་སྤྲིན་ནི་ཚོགས་ཏེ་དེ་སྤྲོ་ཞིང་དབྱུང་བར་བྱའོ་ཞེས་པ་སྟེ། སྒྲ་ཇི་བཞིན་པའོ། །ད་ནི་རྣལ་འབྱོར་པ་གཉི་གའི་ཐུན་མོང་གི་མཆོད་པའི་ཡན་ལག་བསྟན་པར་བྱ་བའི་ཕྱིར། མཁས་པས་ཨུཏྤལ་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁས་པས་ཞེས་བྱ་བ་རྣམ་པར་དབྱེ་བཤེས་པས་ཨུཏྤལ་སྟེ། དཀར་པོ་ལ་སོགས་པ་ཁ་དོག་རྣམ་པ་ལྔར་ཕྱེ་ལ་རིགས་རྣམ་པ་ལྔའི་དབྱེ་བས་ཤེས་པར་བྱ་བ་དང་། དེ་བཞིན་དུ་པདྨ་ལ་ཡང་ཁ་དོག་རྣམ་པ་ལྔར་ཤེས་པར་བྱའོ། །ཛཱ་ཏི་རྣམ་གསུམ་སྟེ་
ཁ་དོག་གསུམ་དུ་བྱས་ལ་ལྷ་རྣམས་ལ་དབུལ་བར་བྱའོ། །དེ་བཞིན་དུ་མེ་ཏོག་ཀརྞི་ཀཱ་ར་དང་། མ་ལི་ཀཱ་དང་། ཡཱུ་ཐི་ཀ་དང་མེ་ཏོག་ཀ་ར་བཱི་ར་བསམ་ཞིང་། བསམ་གཏན་གྱི་སྟོབས་ཀྱིས་རབ་ཏུ་བསྐྱེད་ནས་སྔགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་བྱའོ་ཞེས་བྱ་བ་སྟེ།
དྲང་བའི་དོན་ཏོ། །ལུང་གིས་བཤད་པར་བྱ་སྟེ། གང་ཞིག་རླུང་ནི་བཅུར་བསྒྲགས་པ། །དེ་ནི་པདྨ་ཨུཏྤལ་མིང་། །དེ་ཉིད་ཅེས་གྲགས་རྡོ་རྗེ་གསུམ། །ཛཱ་ཏི་གཅིག་པུ་གསུམ་དུ་འདོད། །ཀརྞི་ཀཱ་ར་མ་ལི་ཀཱ། །ཡཱུ་ཐི་ཀ་ར་བཱི་ར་ནི། །གོ་རིམས་བཞིན་དུ་སྤྱན་སོགས་ཏེ། །དབང་ཆེན་
སོགས་པར་འདིར་སྦྱར་རོ། །དངོས་མེད་གོ་འཕང་ལ་དགོད་པས། །ལྷ་རྣམས་ཀྱི་ནི་སྐུར་སྦྱོར་བ། །གཅིག་ཏུ་སངས་རྒྱས་ཀུན་མཉེས་པའི། །མཆོད་པ་ཆེན་པོར་དེ་འགྱུར་རོ། །དེ་ཉིད་མེ་ཏོག་ཡིན་དགོངས་ན། །ཕྱི་དུས་སྐྱེ་བོས་མི་ཤེས་ཏེ། །མ་རྟོགས་པས་ན་དེ་རྣམས་ཀྱི། །དངོས་
གྲུབ་རིང་དུ་གནས་པར་འགྱུར། །འདི་ནི་བདག་གི་སྐལ་མིན་ཞེས། །ཟེར་ནས་བདག་ཉིད་སྨོད་པར་བྱེད། །དེ་བཞིན་བདག་ཉིད་སྨད་པས་ན། །སངས་རྒྱས་ཐམས་ཅད་སྨད་པར་འགྱུར། །སངས་རྒྱས་ཐམས་ཅད་སྨད་གྱུར་པས། །མྱ་ངན་འདས་ལས་གཞན་དུ་འགྲོ། །ཞེས་གསུངས་པ་
Vol. 30 · folio 61a
སྟེ། ངེས་པའི་དོན་ཏོ། །ད་ནི་རྣལ་འབྱོར་པ་གཉི་གའི་ཐུན་མོང་གི་གསང་བའི་དབང་བསྐུར་བའི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། དཔག་ཚད་བརྒྱ་ཡི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངོས་རེ་ཞིང་དཔག་ཚད་ཉི་ཤུ་རྩ་ལྔ་ཡོད་པས་ན་དཔག་ཚད་བརྒྱའི་ཁྱོན་ཙམ་དུ་
ཞེས་བྱའོ། །འཁོར་ལོའི་སྒྲའི་ཉེ་བར་མཚོན་པས་འཁོར་ལོ་ནི་རྣམ་པར་སྣང་མཛད་ཉིད་ལ་བྱ་བར་འདོད་པས་དེའི་དཀྱིལ་འཁོར་ནི་འཁོར་ལོའི་དཀྱིལ་འཁོར་རོ། །བསྒོམ་བྱས་ལ་ཞེས་བྱ་བ་ནི་བསྐྱེད་པ་སྟེ། ཡིད་ཀྱིས་སམ། བྲི་བས་བསྐྱེད་པར་བྱའོ། །གྲུ་བཞི་ཞེས་བྱ་བ་ལ་སོགས་པ་
ནི་འོག་ནས་བཤད་པ་འདིར་ཡང་སྦྱར་བར་བྱའོ། །རྣམ་པར་མཁས་པས་རྟག་པར་ནི། །ཞེས་པ་ནི། བག་ཡོད་པས་དུས་ཐམས་ཅད་དུའོ། །རིགས་རྣམས་ནི་མི་བསྐྱོད་པ་ལ་སོགས་པའི་རིགས་རྣམས་ཏེ། ཤར་ལ་སོགས་པའི་ཕྱོགས་སུ་དགོད་པར་བྱའོ། །དེ་ཡང་ཇི་ལྟར་འཁོར་ལོའི་དཀྱིལ་
འཁོར་གྱི་སྒྲས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་སྟོན་པ་དེ་བཞིན་དུ། པདྨ་ནི་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་རོ། །རྡོ་རྗེའི་དཀྱིལ་འཁོར་ནི་མི་བསྐྱོད་པའི་དཀྱིལ་འཁོར་རོ། །རལ་གྲིའི་དཀྱིལ་འཁོར་ནི་དོན་ཡོད་པར་གྲུབ་པའི་དཀྱིལ་འཁོར་རོ། །ཨུཏྤལ་ཞེས་བྱ་བ་ནི་རིན་པོ་
ཆེ་སྟེ། ཏ་ཞེས་བྱ་བ་ནི་སྡེབ་སྦྱོར་གྱི་དོན་དང་མི་འགལ་བའོ། །དེ་བས་ན་དེ་བཞིན་དུ་ཨུཏྤལ་ནི། རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ཡིན་པར་མཁས་པས་བསྒོམ་ཞིང་ཤེས་པར་བྱའོ། །དེ་ཡང་དཔག་ཚད་ནས་བརྩམས་ཏེ། དཔག་ཚད་བྱེ་བའི་བར་གྱི་ཁྱོན་ཙམ། ཇི་ལྟར་འདོད་ཅིང་
དགའ་བའི་དབང་དུ་དཀྱིལ་འཁོར་བྱའོ། །མཆོད་རྟེན་དང་འདྲ་བས་ན་མཆོད་རྟེན་ཏེ་དཀྱིལ་འཁོར་རོ། །རིན་པོ་ཆེ་སྣ་བཞིའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ཡིན་པས་ན། རིན་ཆེན་སྣ་བཞི་པའོ། །གསལ་བ་ནི་ཤེལ་དང་འདྲ་བ་སྟེ། འདིས་ནི་ཁ་དོག་དཀར་པོ་ཡོངས་སུ་གཟུང་ངོ་། །རང་བཞིན་
དྲི་མ་མེད་ཅེས་བྱ་བ་ནི། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་ཡིན་པས་སོ། །རིགས་རྣམས་ཏེ། རིགས་ལྔ་རྣམས་ཀྱི་གནས་དང་གཞིར་གྱུར་པར་ཤེས་རབ་ཅན་ཏེ། གསང་བའི་དབང་བསྐུར་བ་ཤེས་པའི་རྣལ་འབྱོར་པས་མཆོད་པའི་ཕྱིར་ཏེ། གསང་བའི་དབང་བསྐུར་བའི་
Vol. 30 · folio 61b
ཕྱིར་བསྒོམ་པར་བྱའོ་ཞེས་བྱ་བའི་བར་དུའོ། །དེ་ལྟར་བླ་མའི་བྱ་བ་བསྟན་པའི་འོག་ཏུ་གསང་བའི་དབང་བསྐུར་བར་འདོད་པའི་སློབ་མས། གང་ཞིག་བྱ་བ་དེ་བསྟན་པར་བྱ་བའི་ཕྱིར། འདོད་པའི་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པའི་ཡོན་ཏན་ལྔ་ནི་གཟུགས་ལ་སོགས་
པའི་ཡུལ་ལྔའོ། །དེ་རྣམས་ཀྱིས་དེ་ལ་ཞེས་བྱ་བ་སྟེ། དཀྱིལ་འཁོར་ལ་བརྟེན་པར་གྱུར་པའི་ལྷ་རྣམས་ལ་མཆོད་པ་རྒྱ་མཚོ་སྟེ། མཆོད་པ་སྣ་ཚོགས་པའི་རྒྱ་མཚོ་བརྩམ་པར་བྱ་ཞིང་བྱ་བ་ལ་འཇུག་པར་བྱའོ། །འདོད་པའི་ཡོན་ཏན་ལྔ་པོ་དེ་ཉིད་སྤྲོས་ཏེ་བསྟན་པར་བྱ་བའི་ཕྱིར། རིན་
ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་པོ་ཆེ་ནི་པདྨ་རཱ་ག་ལ་སོགས་པའོ། །ན་བཟའ་ནི་དར་དང་བལ་སོགས་པ་སྟེ། མིག་གི་དབང་པོའི་ཡུལ་བསྟན་ནས། སོགས་པའི་སྒྲས་ནི་རྣ་བའི་དབང་པོ་ལ་སོགས་པའི་ཡུལ་སྟོན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་འདོད་པས་
ཏེ། །དྲི་མའི་རྙོག་པ་ཐམས་ཅད་འཁྲུད་པས། ཡེ་ཤེས་སྐྱེད་པར་བྱེད་པའི་ཕྱིར་བྱང་ཆུབ་སྟེ་དབང་བསྐུར་བའོ། །དེ་འདོད་ཅིང་འདུན་པས་མཆོད་པར་བྱའོ། །རྟག་ཏུ་ཞེས་པ་ནི་ཇི་སྲིད་དབང་བསྐུར་བ་ཡོངས་སུ་རྫོགས་ཀྱི་བར་དུ་ཉིན་རེ་ཞིང་མཆོད་ཅིང་མཉེས་པར་བྱའོ། །མཆོད་པ་རྣམ་པ་
ལྔ་ནི་མེ་ཏོག་ལ་སོགས་པའོ། །དེས་མཆོད་པས་ན་མཆོད་པ་རྣམ་པ་ལྔའོ། །དེ་རྣམས་ཀྱི་མཆོག་ནི་ཤིན་ཏུ་ཕུལ་དུ་བྱུང་བས་སོ། །རྟག་ཏུ་ལྷ་རྣམས་དང་། བླ་མ་མཉེས་པར་བྱའོ། །ལྷ་རྣམས་དང་བླ་མའི་ཐུན་མོང་གི་མཆོད་པ་བསྟན་ནས། བླ་མའི་ཁྱད་པར་གྱི་མཆོད་པ་བསྟན་
པའི་ཕྱིར། རིན་ཆེན་འབྱུང་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་ཆེན་ནི་འཁོར་བ་ཇི་སྲིད་པར་གནས་པ། མཆོག་ཏུ་ཟག་པ་མེད་པའི་བདེ་བ་ཆེན་པོ་དེ་བསྐྱེད་པའི་ཞིང་དུ་གྱུར་པས་འབྱུང་གནས་སོ། །ན་ཆུང་ནི་ལང་ཚོ་མ་ཉམས་པའོ། །མཆོག་ནི་བུད་མེད་ཀྱི་ཡོན་
ཏན་ཐམས་ཅད་དང་ལྡན་པའི་པདྨ་ཅན་ནོ། །རིན་ཆེན་སྣ་ཚོགས་མཆོག་གིས་བརྒྱན། །ཞེས་བྱ་བ་ནི། རིན་པོ་ཆེ་དཔག་ཏུ་མེད་པ་ཐ་དད་པ་དང་། གོས་དང་། དྲི་དང་། བྱུག་པ་ལ་སོགས་པས་བརྒྱན་པ་སྟེ། དེ་ལྟ་བུའི་བུ་མོ་ཡིད་དུ་འོང་བའི་གཟུགས་ཅན་དབུལ་བར་བྱའོ། །ཅིའི་
Vol. 30 · folio 62a
ཕྱིར་ཞེ་ན། སྒྲུབ་ཚེ་རབ་ཏུ་འགྲུབ་པའི་ཕྱིར། །ཞེས་བྱ་བ་གསུངས་ཏེ། བསྒྲུབ་ཅིང་བསྐྱེད་པ་ཡིན་པས་ན་སྒྲུབ་པ་སྟེ། འབྲས་བུ་ཐ་མལ་པའོ། །རབ་ཏུ་འགྲུབ་པ་ནི་ཁྱད་པར་ཅན་འགྲུབ་པ་སྟེ། གང་ཡིན་ཞེ་ན། སངས་རྒྱས་ཉིད་དེ་འདི་འགྲུབ་པའི་ཕྱིར་ཞེས་པ་ནི་འགྲུབ་པའི་
རྒྱུར་དབུལ་བར་བྱའོ། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཞེས་བྱ་བ་ལ། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་པས་བླ་མ་གཅིག་པུའང་སངས་རྒྱས་ཐམས་ཅད་ཀྱི་སྒྲས་རྣམ་པར་བརྗོད་དེ། དེ་ལ་དབུལ་ཞིང་རབ་ཏུ་བསྟན་པར་བྱའོ། །བླ་མ་ལ་ཁྱད་པར་ཅན་གྱི་རྫས་དབུལ་བར་
བྱ་བའི་དོན་དུ། ཆད་ཡོངས་སུ་ཆད་པ་མེད་པར་བསྟན་པར་བྱ་བའི་ཕྱིར། ཞིང་འདི་རིན་ཆེན་སྣ་བདུན་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་དང་། བཻ་ཌཱུརྱ་དང་། མརྒད་དང་རྡོ་རྗེ་དང་མུ་ཏིག་དང་བྱི་རུ་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་བའི་
ཞིང་འདི་ཉིན་རེ་ཞིང་དབུལ་བར་བྱ་བའམ། བུད་མེད་དང་སྐྱེས་པ་དང་རིན་པོ་ཆེ་དང་འཁོར་ལོ་དང་། རལ་གྲི་དང་གླང་པོ་དང་རྟ་རིན་པོ་ཆེ་ཡང་མཁས་པ་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་མཁས་པས་ཉིན་རེ་ཞིང་དབུལ་བར་བྱའོ། །ཤེས་རབ་ཅན་གྱི་མཐར་ཐུག་པའི་ཡེ་ཤེས་དང་ལྡན་
ཞིང་ཡེ་ཤེས་འདོད་པས། བླ་མ་ལས་གཉིས་སུ་མེད་པའི་ཡེ་ཤེས་སོ་སོར་རྟོག་པར་བྱ་བར་འདོད་ཅིང་། དེའི་མན་ངག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་འདོད་པའི་ཤེས་རབ་ཅན་གྱིས་དབུལ་བར་བྱ་ཞིང་བསམ་གཏན་གྱིས་ཀྱང་ཐམས་ཅད་བསྐྱེད་པར་བྱའོ་ཞེས་པའོ། །དེ་ལྟར་སློབ་
མས་མཆོད་པའི་ཡོ་བྱད་ཐམས་ཅད་བསྟབས་ནས། བླ་མས་ཅི་ཞིག་བྱ་ཞེ་ན། བདག་པོའི་ཕྱག་རྒྱར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་རང་གི་དཀྱིལ་འཁོར་གྱི་བདག་པོའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེར་མཉམ་པར་བཞག་ནས། དཀྱིལ་འཁོར་གྱི་སློབ་དཔོན་གྱིས་བླང་བར་
བྱའོ། །སངས་རྒྱས་དཀྱིལ་འཁོར་དབུས་དག་ཏུ། །ཞེས་པ་ནི། དེ་བཞིན་གཤེགས་པའི་འཁོར་ལོའི་དབུས་སུའོ། །འདོད་ཆགས་ནི་བདེ་བ་ཆེན་པོའོ། །གང་གི་བློ་དེར་འཇུག་པ་དེ་དང་ལྡན་པ་ནི་འདོད་ཆགས་བློ་ཅན་ཏེ། འདོད་ཆགས་ཀྱི་བློ་ཅན་དེ་རྣམས་ཀྱི་སངས་རྒྱས་ཏེ། དེ་བཞིན་
Vol. 30 · folio 62b
གཤེགས་པ་རྣམས་ལ་རེག་པའི་སྦྱོར་བ་སྟེ། རེག་རྡོ་རྗེ་ལས་བྱུང་བའི་བདེ་བ་དབུལ་བར་བྱའོ། །དེ་ཡང་ཇི་ལྟར་ཞེ་ན། ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ནི་ནམ་མཁའ་སྟེ། དེའི་དབུས་ན་གནས་པར་དཀྱིལ་འཁོར་བཀོད་པ་བསྒོམ་པར་བྱ་ཞིང་
བསམ་པར་བྱའོ། །དེ་ལྟར་བསམས་ནས། གཟུགས་ཀྱི་ཕུང་པོ་ལ་སོགས་པར་གྱུར་པའི་རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་སྤྲུལ་པའི་སྐུ་འཛིན་པར་བྱ་བའི་ཕྱིར་གཞུག་པར་བྱའོ། །དེ་ནས་བདག་གི་ལུས་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་ཀྱི་བདག་ཉིད་ཀྱི་ལུས། དེ་བཞིན་
གཤེགས་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲ་རབ་ལས་ཡོངས་སུ་བསྐྱེད་པར་བྱས་ལ། བླ་མ་ལ་བཤད་པ་སྟེ། ཡུལ་དང་། གཅི་བ་སྟེ། དབང་པོ་ཡིན་པས་ན། གཟུགས་ལ་སོགས་པའི་ཡུལ་དང་དབང་པོ་རྣམས་ཀྱིས་བླ་མ་ལ་མཆོད་ཅིང་
རྗེད་པས་ཚིམ་པར་བྱའོ། །མཆོད་པ་དེ་ཉིད་ནི་བཞིན་བཟང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། བཞིན་བཟང་ཞེས་པ་ནི་དགའ་བས་སེམས་རབ་ཏུ་དང་བའི་ཡིད་ཚིམ་པར་བྱེད་པའི་ཕྱིར་ཏེ། ཡིད་དུ་འོང་བའོ། །ན་ཆུང་ནི་སློབ་མས་བསྟབས་པའོ། །བྱིན་གྱི་རླབས་ཀྱི་གནས་བསམས་ཏེ། ལྷག་
པར་གནས་པས་ན་བྱིན་གྱིས་རློབ་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་གནས་ནི་ཡི་གེ་ཨོཾ་ལ་སོགས་པའི་ས་བོན་རྣམས་ཏེ། དེ་ཕྱག་རྒྱའི་ལུས་ལ་གནས་ཇི་ལྟ་བ་བཞིན་དུ་བསམ་ཞིང་རྣམ་པར་དགོད་པས། རིགས་ལྔས་བྱིན་གྱིས་བརླབ་པ་བྱས་ལ་སངས་རྒྱས་
མཆོད་པ་སྟེ། དེ་ཁོ་ན་ཉིད་ཀྱི་མཆོད་པ་སྙོམས་པར་འཇུག་པའི་མཚན་ཉིད་ཅན་རབ་ཏུ་བརྟག་ཅིང་བྱིན་གྱིས་བརླབ་པར་བྱའོ། །འདི་ཉིད་ནི་ཕྱིའི་མཆོད་པ་ལ་ལྟོས་ནས་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཞེས་བྱ་སྟེ། ཆགས་པ་དང་ཆགས་པ་དང་བྲལ་བ་དང་ཆགས་པ་བར་མའི་རིམ་གྱིས།
ཉོན་མོངས་པ་རྣམ་པར་དག་པའི་གནས་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །མིག་བཟང་སྟེ་བུད་མེད་ཀྱི་ཕྱག་རྒྱའོ། །བརྟེན་པའི་བློ་ལྡན་པ་སྟེ། བྱང་ཆུབ་ལས་མི་གཡོ་བའི་བསམ་པས་ཁུ་བ་བླངས་ནས་ཏེ་སྙོམས་པར་འཇུག་པའི་མཆོད་པའི་འོག་ཏུ། པདྨ་ལ་གནས་པའི་བྱང་ཆུབ་ཀྱི་
Vol. 30 · folio 63a
སེམས་བླངས་ལ་བཟའ་བར་བྱ་སྟེ། སློབ་མ་ལ་བླ་མས་བྱིན་པ་འདིས་རང་གི་ལུས་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱའོ་ཞེས་བསམས་ནས་བཟའ་བར་བྱ་ཞིང་སྤྱད་པར་བྱའོ། །བླ་མས་ཀྱང་བྱང་ཆུབ་ཀྱི་སེམས་དུང་ཕོར་ལ་སོགས་པར་བཞག་ལ། དིའི་ཆུ་
དང་བསྲེས་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སློབ་མ་ལ་དབང་བསྐུར་བར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ཟླ་གསང་ཐིག་ལེ་ལས། བྱང་ཆུབ་སེམས་ནི་རིན་ཆེན་འབར་ཕྱུང་བས། །མ་ལུས་རྒྱལ་བ་རྣམས་ནི་ལུས་སྐམས་ལ། །རྣམ་དག་རྡོ་རྗེ་ལས་བྱུང་ཡེ་
ཤེས་ཆུ། །དྲི་མེད་རིན་ཆེན་སྤྱིར་དབབ་དབང་བསྐུར་རོ། །ཞེས་གསུངས་སོ། །འདི་ནི་ཞེས་བྱ་བ་ནི་གང་བཤད་མ་ཐག་པའི་མཆོད་པ་བསྟན་པས་གསང་བའི་དབང་བསྐུར་བ་སྟེ། དེ་ནི་སྔགས་རྣམས་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པར་གྱུར་པའོ། །སྐུ་གསུང་
ཐུགས་ཀྱི་མཆོད་པ་སྟེ། །ཞེས་བྱ་བ་ནི། མི་འཇིགས་པའི་སྐུ་དང་གསུང་དང་ཐུགས་བསྐྱེད་པས་སོ། །ཡེ་ཤེས་རྡོ་རྗེ་ཅན་ནི་སློབ་བཞིན་པའི་རྣལ་འབྱོར་པ་རྣམས་ཀྱིའོ། །གསང་བ་ནི་བྱ་བའི་རྒྱུད་ལ་སོགས་པ་ལ་ཞུགས་པ་རྣམས་ལ་གསང་བ་ཡིན་པས་སོ། །སྔགས་ཀྱི་དངོས་གྲུབ་བྱེད་པ་ཞེས་
པ་ལ། སྔགས་ནི་འཇིག་རྟེན་པའི་དངོས་གྲུབ་རབ་ཏུ་སྟེར་བར་བྱེད་པ་སྟེ། ཨཱ་ལི་དང་ཀཱ་ལི་ལས་བྱུང་བ་སྟེ། སྦྲུལ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་སོ། །དེ་རྣམས་ཀྱི་དངོས་གྲུབ་ནི་མ་ཚང་པ་མེད་པའི་དངོས་གྲུབ་སྐྱེད་པའོ། །དེ་བྱེད་པས་ན་སྔགས་རྣམས་དངོས་གྲུབ་བྱེད་པ་སྟེ། སྒྲ་ཇི་བཞིན་
པའོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་བརྒྱད་པ་མཐའ་དྲུག་གིས་བཤད་པའོ།། །།དབང་བསྐུར་བ་རྫོགས་པས་རྨད་དུ་བྱུང་བའི་བྱ་བས་ཀྱང་བྱང་ཆུབ་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་
བྱ་བ་ནི་གསང་བའི་དབང་བསྐུར་བའི་འོག་ཏུའོ། །ཐམས་ཅད་ནམ་མཁའ་ཞེས་པ་ནི། ནམ་མཁའ་བཞིའི་བདག་ཉིད་ཅན་གྱིས་ན་ཐམས་ཅད་ནམ་མཁའ་སྟེ། བཅོམ་ལྡན་འདས་སོ། །དེ་ཉིད་ཀྱིས་ན་མི་འགྱུར་ཆེའོ། །ཐམས་ཅད་དབང་བསྐུར་ཞེས་བྱ་བ་ནི། བྱ་བའི་རྒྱུད་ལ་སོགས་པར་
Vol. 30 · folio 63b
རབ་ཏུ་ཞུགས་པ་རྣམས་ཀྱི་དབང་བསྐུར་བའི་སྤྱོད་པ་ཐམས་ཅད་དོ། །དེ་རྣམས་ཀྱི་སྟེང་ན་གནས་པས་ན་ཐམས་ཅད་དབང་བསྐུར་སྤྱོད་པའི་མཆོག་གོ། །དབང་ཕྱུག་དམ་པ་ཀུན་དོན་གྱིས། །ཞེས་བྱ་བ་ལ། དངོས་གྲུབ་འདོད་པ་ཐམས་ཅད་ཀྱིས་དོན་དུ་གཉེར་ཞིང་གསོལ་བ་འདེབས་པས་ན་
ཀུན་དོན་གྱིས་ཏེ་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་དབང་ཕྱུག་དམ་པ་ནི་དེ་བཞིན་གཤེགས་པ་དྲུག་པ་སྟེ། དེ་ལྟ་བུའི་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གསུམ་མི་ཕྱེད་པའི་དཀྱིལ་འཁོར་བཤད་དོ་ཞེས་བྱ་བར་སྦྱར་རོ། །སྐུ་གསུང་ཐུགས་ལ་ལོངས་སྤྱོད་པ། །ཞེས་བྱ་བ་ནི། བདག་
ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ལོངས་སྤྱོད་ལ་དཀྱིལ་འཁོར་གང་དུ་ཉེ་བར་ལོངས་སྤྱོད་པར་མཛད་པ་དེ་ནི་སྐུ་གསུང་ཐུགས་ལ་ལོངས་སྤྱོད་པའོ། །རྡོ་རྗེ་མི་ཕྱེད་གསུམ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་དཀྱིལ་འཁོར་ནི་ཤིན་ཏུ་རྨད་དུ་བྱུང་བའི་དཀྱིལ་འཁོར་རོ། །སངས་
རྒྱས་ཡེ་ཤེས་ཅན་གྱིས་གསང་། །ཞེས་བྱ་བ་ནི། ཤིན་ཏུ་མཆོག་ཏུ་གྱུར་པས་རིན་པོ་ཆེ་ལྟ་བུའི་གང་ཟག་གི་ཡུལ་ཡིན་གྱི། མདོ་སྡེ་ཐེག་པ་ལ་སོགས་པར་སངས་རྒྱས་ཀྱི་མུ་སྟེགས་ཅན་རྣམས་སྐྲག་པར་བྱེད་པས་མ་གསུངས་པས་སོ། །རྣམ་པ་དེ་ལྟ་བུ་འཇིག་རྟེན་དང་འགལ་བའི་ཚིག་གི་སྒོ་
ནས་བྱང་ཆུབ་ཐོབ་པའི་ཐབས་བཤད་དོ་ཞེས་བྱ་བ་སྟེ། སྒྲ་ཇི་བཞིན་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ལ། སངས་རྒྱས་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་འཆང་ཆེན་པོའི་སྐུའོ། །རྡོ་རྗེ་མི་བསྐྱོད་རབ་བསྒོམས་ནས། །ཞེས་
བྱ་བ་ནི། དེ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་བསྐྱེད་པའོ། །ལག་ཏུ་རྡོ་རྗེ་བསྒོམ་པར་བྱ། །ཞེས་བྱ་བ་ནི། ཕྱག་མཚན་གྱི་གཙོ་བོ་བཤད་པ་ཡིན་ཏེ། ཕྱག་མཚན་གཞན་དག་ཀྱང་དགག་པ་ནི་མེད་དོ། །འོད་འཕྲོ་བ་ནི་འོད་ཟེར་རྣམ་པར་འཕྲོ་བ་སྟེ། དེ་རྣམས་ཀྱིས་མང་པོར་གྱུར་པ་
དང་ལྡན་པའོ། །དེ་ཉིད་ཀྱིས་ན་འབར་བ་དང་དཀར་པོ་ལ་སོགས་པའི་འོད་ཟེར་སྣ་ལྔས་རབ་ཏུ་གང་བའི་རྡོ་རྗེ་བསྒོམ་པར་བྱས་ལ། འདིས་ཁམས་གསུམ་དུ་བྱུང་བའི་དེ་བཞིན་གཤེགས་པ་རྣམས་བསྒོམས་ནས། རྡོ་རྗེས་ཕྱེ་མར་བརླགས་པ་སྟེ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ལོངས་
Vol. 30 · folio 64a
སྤྱོད་ཀྱི་ཚོགས་རྡོ་རྗེ་དེས་ཕྱེ་མར་བརླགས་ལ་ནུས་པ་མེད་ཅིང་འཇིག་པར་གྱུར་པར་བསྒོམ་སྟེ། དེ་ལྟར་བཤད་མ་ཐག་པའི་བསམ་གཏན་གྱི་མཆོག་དེ་བསྒོམས་པས་ནི། ཐུགས་ཀྱི་དངོས་གྲུབ་འཐོབ་པར་འགྱུར་བ་སྟེ། སེམས་ཀྱི་དབང་ཕྱུག་འཐོབ་པར་འགྱུར་བའོ། །རྡོ་རྗེ་གསང་
བ་འདི་ལྟ་བུས། སེམས་ཅན་ཐམས་ཅད་གསད་ཅིང་སྟོང་པར་བྱས་པས་རྣམ་པར་གཞིག་པར་བྱའོ། །བསམ་གཏན་གྱི་ཁྱད་པར་འདི་ལྟ་བུས་རྣམ་པར་བཤིག་ན་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་རྒྱལ་བའི་སྲས་ཏེ། བྱང་ཆུབ་སེམས་དཔར་སྐྱེ་བར་འགྱུར་བ་འདི་ནི་ཞེ་སྡང་གི་རིགས་ཀྱི་དམ་ཚིག་དེ་
ཁོ་ནའོ། །འདིར་གང་ཞིག་གཅིག་པུ་གསང་པ་ལ། །མང་པོ་མྱ་ངན་འདས་འགྱུར་ཏེ། །བསོད་ནམས་ཕུང་པོ་ཆེར་འགྱུར་གྱི། །གཞན་དུ་སྡིག་པའི་ཕུལ་ཡིན་ནོ། །ཞེས་གསུངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། གཏི་མུག་གི་རིགས་ཀྱི་དམ་ཚིག་གསུངས་པ་ཡིན་ཏེ། རྡོ་རྗེ་འཆང་
ཆེན་པོ་དེ་ཉིད་ཀྱིས་མི་ཤེས་པ་སྟེ། རྨོངས་ཤིང་མ་རིག་པ་དེས་ཐར་པ་སྒྲུབ་པ་སྟེ། ཡང་དག་པའི་མཐའ་ཐོབ་པར་མཛད་པ་ནི་མི་ཤེས་ཐར་པ་རབ་སྒྲུབ་པའོ། །ངོ་བོ་ཉིད་ཀྱིས་དག་པ་ནི་རང་བཞིན་གྱིས་ཡོངས་སུ་དག་པའོ། །བསོད་ནམས་དང་བསོད་ནམས་མ་ཡིན་པ་དག་གིས་མ་གོས་པ་ནི་གོས་པ་
མེད་པའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཐམས་ཅད་ལ་ཞུགས་པའི་སེར་སྣའི་ཉོན་མོངས་པ་སེལ་བའི་བདག་ཉིད་ཀྱི་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། དེ་ཤིན་ཏུ་སྟོན་པར་མཛད་པས་ན་བྱང་ཆུབ་སྤྱོད་པ་རབ་ཏུ་སྟོན་པས། སངས་རྒྱས་ཀྱི་བྱང་ཆུབ་སྐྱེད་ཅིང་ཕྱིན་ཅི་མ་ལོག་པས། ཡང་དག་པའི་རྫས་དགུག་
པའི་དམ་ཚིག་བཀའ་སྩལ་པའོ། །ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །འཁོར་ལོའི་དཀྱིལ་འཁོར་ནི་རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱ་ཆེན་པོ་སྟེ། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམས་ལ། སངས་རྒྱས་ཐམས་ཅད་དེ། དཀྱིལ་
འཁོར་པ་ཐམས་ཅད་རྣམ་པར་བསྒོམ་ཞིང་དབྱུང་བར་བྱའོ། །ཇི་ལྟ་ཞེ་ན། རིན་ཆེན་ཀུན་གྱི་སྦྱོར་བ་ཡིས། །ཞེས་བྱ་བ་གསུངས་ཏེ། རིན་པོ་ཆེ་ཐམས་ཅད་ནི་དཀར་པོ་ལ་སོགས་པའི་མདོག་དང་ལྡན་པའི་རིན་པོ་ཆེའི་རིགས་སོ། །དེའི་དོན་དུ་རབ་ཏུ་སྦྱོར་བ་ནི་རིན་ཆེན་ཀུན་གྱི་སྦྱོར་བ་ཡིས་ཏེ།
Vol. 30 · folio 64b
དེས་རྡོ་རྗེའི་གཟུགས་ཏེ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སུ། རབ་ཏུ་བརྟག་ཅིང་གཏོང་བ་སྟེ། རིན་པོ་ཆེ་གང་དང་གང་དེ་བཞིན་གཤེགས་པ་གང་དང་གང་མདོག་མཐུན་པ་དེ་དང་དེ་གདོན་པར་བྱ་བའི་ཕྱིར་དེ་དང་དེ་གཏང་བར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཡང་
དག་པར་བཏང་ནས། སྒྲུབ་པ་པོས་གང་ཞིག་ཉམས་སུ་བླང་བ་དེ་བསྟན་པར་བྱ་བའི་ཕྱིར། ནོར་རྣམས་ཐམས་ཅད་ཅེས་བྱ་བ་གསུངས་ཏེ། ཕྲོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫས་དགུག་པའོ། །རྡོ་རྗེ་གསུམ་གྱིས་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་སུ་རྣམ་པར་བསྒོམ་པ་
སྟེ། བ་སྤུའི་བུ་གའི་ཚོགས་ནས་བྱུང་བའི་འོད་ཟེར་དཀར་པོ་ལ་སོགས་པའི་ཞགས་པ་རྣམས་ཀྱིས་མངོན་པར་འདོད་པའི་རིན་པོ་ཆེའི་རིགས་བཅིངས་ལ་མི་གཡོ་བར་བྱའོ། །དེ་ནས་རང་གི་ལྕེའི་པདྨའི་འདབ་མ་ལས་བྱུང་བའི་ཡི་གེ་ཧྲཱིཿའི་ལྕགས་ཀྱུས་དྲངས་ནས། རང་གི་ཁྱིམ་དུ་གཞག་པར་ཡིད་
ཀྱིས་བསྒོམ་པར་བྱའོ། །ནོར་གྱི་རྒྱ་མཚོས་ཞེས་བྱ་བ་ལ་སོགས་པས་ནི། སེར་སྣའི་ཉེས་པའི་རྙོག་མ་ཅན་གྱི་རྒྱུད་དང་ལྡན་པ་རྣམས་ཀྱི་རྣམ་པར་དག་པ་གསུངས་ཏེ། ནོར་གྱི་རྒྱ་མཚོ་ནི་མི་ཟད་པའི་ཕྱིར་ན་རྒྱ་མཚོ་སྟེ། དེས་ཡོངས་སུ་གང་ཞིང་རྒྱས་པར་འགྱུར་བའོ། །ཡིད་བཞིན་ནོར་བུ་
འདྲ་བར་འགྱུར། །ཞེས་བྱ་བ་ནི། ཡིད་ལ་མངོན་པར་འདོད་པའི་དོན་རབ་ཏུ་སྐྱེད་པའི་ནོར་བུའི་བྱེ་བྲག་སྟེ། དེ་དང་འདྲ་བའི་ནོར་གྱི་རྒྱ་མཚོ་ཅན་གྱི་རྫས་ཀྱི་བདག་པོ་གང་ཡིན་པར་འགྱུར་བའོ། །འཇིག་རྟེན་པའི་ཕུན་སུམ་ཚོགས་པ་འབྱོར་བར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། སངས་རྒྱས་ཀུན་
གྱིས་ཞེས་བྱ་བ་ལ་སོགས་པ་ནི། འཇིག་རྟེན་ལས་འདས་པའི་འབྲས་བུ་གསུངས་ཏེ། སངས་རྒྱས་ལས་སྐྱེས་པས་ན་སངས་རྒྱས་ཀྱི་སྲས་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་གཙོ་བོར་འགྱུར་བ་དང་། ཕྱིས་དེ་བཞིན་གཤེགས་པར་ཡང་འགྱུར་བའོ། །འདི་ནི་རིགས་ཀྱི་རྒྱ་མཚོ་ཐམས་ཅད་
ལས་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་རིགས་ཀྱི་རྒྱ་མཚོའི་ནང་ནས་གཏི་མུག་གི་རིགས་ཏེ། རྣམ་པར་སྣང་མཛད་དང་འབྲེལ་པའི་ལྷ་རྣམས་ཀྱི་འཁོར་ལོའི་དེ་ཁོ་ན་ཡང་དག་པའི་གསང་བ་སྟེ། འདི་ཉིད་ནི་འདའ་བར་མི་བྱ་བས་ན་དམ་ཚིག་གོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་
Vol. 30 · folio 65a
དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་སྤྱོད་པའི་རྒྱུད་ལས། འདི་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མ་བྱིན་པར་ལེན་པ་ཐམས་ཅད་ལས་སླར་ལོག་པར་བྱ་སྟེ། གཞན་དུ་ན་སེམས་ཅན་གང་དག་སེར་སྣ་ཅན་འཇུངས་པ་ཞེས་བྱ་བ་ལ་སོགས་
པ་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། འདོད་ཆགས་ཀྱི་རིགས་ཀྱི་དམ་ཚིག་ལ་འཇུག་པ་ཡིན་ཏེ། བཅོམ་ལྡན་འདས་དེ་ཉིད་རང་གི་རང་བཞིན་བསྒྱུར་བས་རྣམ་པར་ཤེས་པ་ཆགས་པར་མཛད་པའི་གཟུགས་སྐྱེས་པས་ན། འདོད་ཆགས་སོ། །ཐར་པ་འདོད་པ་རྣམས་ལ་སྡུག་བསྔལ་
ཉེ་བར་ཞི་བའི་མཚན་ཉིད་ཅན་གྱི་ཐར་པ་སྒྲུབ་པར་མཛད་པ་སྟེ། དེ་བས་ན་འདོད་ཆགས་ཐར་པ་རབ་སྒྲུབ་པའོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཡིན་པས་ན་གསང་བདག་པའོ། །མི་གནས་པའི་མྱ་ངན་ལས་འདས་པ་ལ་གནས་པས་ན། དམིགས་པ་མེད་པ་སྟེ། འོད་དཔག་ཏུ་མེད་པའི་དམ་
ཚིག་གི་དཀྱིལ་འཁོར་གྱི་འཁོར་ལོ་བཀའ་སྩལ་ཅིང་གསུངས་པའོ། །ནམ་མཁའི་ཞེས་བྱ་བ་ལ་སོགས་པ་ལ། པདྨའི་དཀྱིལ་འཁོར་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་སྟེ། འོད་དཔག་ཏུ་མེད་པ་སྐྱེད་པར་མཛད་པའི་ཉེ་བར་གདགས་པས་ན་སྔ་མ་བཞིན་ཏེ། རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་ནས་འོད་
དཔག་ཏུ་མེད་པར་རབ་ཏུ་བསྒོམས་ལ། སངས་རྒྱས་རྣམས་ཀྱིས་ཏེ་དཀྱིལ་འཁོར་པའི་ལྷ་རྣམས་ཀྱིས་གཞལ་ཡས་ཁང་གི་ནང་ཐམས་ཅད་དགང་ཞིང་གནས་ཇི་ལྟ་བ་བཞིན་དུ་སྤྲོ་བར་བྱའོ། །དཀྱིལ་འཁོར་དེར་དཀྱིལ་འཁོར་པ་ཐམས་ཅད་བུད་མེད་དང་སྐྱེས་པ་ལྟ་བུ་ནི། བུད་མེད་ལྟ་བུར་སྦྱར་
བར་རྣམ་པར་བསྒོམ་ཞིང་བསམ་པའོ། །བུད་མེད་ལྟ་བུ་ནི་ལྷ་མོ་ལྟ་བུ་སྟེ། དེ་ལྟ་བུའི་སྦྱོར་བས་ཏེ་ཡང་དག་པར་སྦྱར་བ་ནི་བུད་མེད་ཀྱི་རྣམ་པ་ལྟ་བུར་ཡོངས་སུ་གྱུར་པའོ། །ཇི་ལྟ་བུ་ཞེ་ན། དམ་ཚིག་བཞི་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་སྟེ། དམ་ཚིག་བཞི་ནི་རྣལ་འབྱོར་བཞི་སྟེ། རྣལ་འབྱོར་
དེས་ལྷའི་རྣམ་པ་ལྟ་བུར་བསྐྱེད་པས་ན། དམ་ཚིག་བཞི་ཡི་སྦྱོར་བ་ཞེས་བྱ་སྟེ། དམ་ཚིག་བཞིའི་སྦྱོར་བས་བུད་མེད་ལྟ་བུར་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་བར་བྱའོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་བསམ་གཏན་ནོ། །རྡོ་རྗེ་ཚུལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་སྟེ། དེ་ནི་འདོད་པའི་དབང་
Vol. 30 · folio 65b
ཕྱུག་གཙོ་བོ་ཡིན་པས་མཆོག་གོ། །དེ་ལྟར་བསྒོམས་ནས་ཅི་ཞིག་བྱ་ཞེ་ན། དབང་པོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྗེས་སུ་མཉེས་པ་སྔོན་དུ་འགྲོ་བའི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བས། དེ་དག་ཐམས་ཅད་སྣ་ཚོགས་པ་དགའ་ཞིང་བདག་ཉིད་རོལ་པའི་བྱ་བ་དག་གིས་སྐད་
ཅིག་ཉེ་བར་སྤྱད་པར་བྱ་ཞིང་རོལ་པར་བྱའོ། །འདི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །རྡོ་རྗེ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་སྒྲུབ་པ་པོ་ཐམས་ཅད་ཀྱིའོ། །མི་ཕྱེད་སྐུ་གསུམ་བསྒོམ་པའོ། །ཞེས་བྱ་བ་ནི། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་ངོ་བོ་ཉིད་ཀྱི་སྐུ་གསུམ་མི་ཕྱེད་པ་སྒྲུབ་ཅིང་བསྐྱེད་
ལ་སྒོམ་པ་སྟེ། འདི་ནི་འདོད་ཆགས་ཀྱི་རིགས་ཏེ། པདྨའི་རིགས་ཀྱི་དམ་ཚིག་ཏུ་བྱ་བའོ། །སྔགས་པས་ཞེས་པ་ནི། བསྐྱེད་པའི་རིམ་པ་ལ་བརྟན་པར་གནས་པས་བསྒོམ་པར་བྱ་ཞིང་སྒྲུབ་པ་ཉམས་སུ་བླང་བར་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དོན་ཡོད་པར་གྲུབ་པའི་
དམ་ཚིག་ལ་འཇུག་པ་ཡིན་ཏེ། བཅོམ་ལྡན་འདས་དེ་ཉིད་རྡོ་རྗེ་སྔགས་ཀྱིས་ཏེ། འཇུག་པ་ལ་སོགས་པའི་མཚན་ཉིད་ཅན་ནི་རྡོ་རྗེ་བཟླས་པའོ། །དེ་སྟོན་པས་གདུལ་བྱ་རྣམས་ཀྱི་མངོན་པར་འདོད་པའི་དོན་སྒྲུབ་པར་མཛད་པས། རྡོ་རྗེ་སྔགས་ཀྱི་དོན་སྒྲུབ་པའོ། །བདག་དང་བྲལ་བ་གང་
ཡིན་པ་དེ་ནི་བདག་མེད་པ་སྟེ། བདག་མེད་པ་དེ་ཉིད་ནི་སྒྱུ་མ་ལྟ་བུའི་སྐུ་དང་ལྡན་པས་རྡོ་རྗེ་འཆང་ཆེན་པོ་ལ་བྱའོ། །ཡང་ན་བདག་མེད་ཡེ་ཤེས་ནི་ཆོས་ཀྱི་སྐུའོ། །དེ་ལས་བྱུང་བས་ན་ཡེ་ཤེས་ལས་བྱུང་བ་སྟེ། འོག་ནས་འབྱུང་བའི་ཚིག་འདི་བཀའ་སྩལ་ཏོ་ཞེས་བྱ་བ་སྟེ་སྡུད་པ་པོའི་
ཚིག་གོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་དཀྱིལ་འཁོར་ནི་རྡོ་རྗེ་འཆང་ཆེན་པོར་བསྒོམ་པ་སྟེ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཐོགས་མེད་དེ། དོན་ཡོད་པར་གྲུབ་པར་བསྒོམས་ལ་དེའི་འོག་ཏུ་སངས་རྒྱས་ཐམས་ཅད་དེ་དཀྱིལ་འཁོར་པ་ཐམས་ཅད་བསྒོམ་པར་
བྱའོ། །ཐམས་ཅད་གཟུགས་སུ་རྣམ་བསྒོམས་ནས། །ཞེས་བྱ་བ་ལ། ཐམས་ཅད་གཟུགས་ཏེ། སེམས་ཅན་ཐམས་ཅད་དེ་ཉིད་དུ་གནས་པར་རྣམ་པར་བསྒོམ་ཞིང་ཡོངས་སུ་ཤེས་པར་བྱའོ། །རྡོ་རྗེའི་ཚིག་གི་བརྫུན་སྨྲ་བས། །ཞེས་བྱ་བ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པས།
Vol. 30 · folio 66a
ཆོས་ཐམས་ཅད་ནི་བརྫུན་པའོ་ཞེས་བྱ་བའི་རྡོ་རྗེའི་ཚིག་གི་དོན་ལ་གནས་པའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། རྒྱལ་བ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་བ་ཀུན་གྱི་གནས་ནི་སེམས་ཅན་ཐམས་ཅད་དེ། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པའི་ཕྱིར་རོ། །
རྒྱལ་བ་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཏེ། རྒྱལ་བ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྒྱལ་བ་ཐམས་ཅད་དེ། དེ་དག་སླུ་བར་བྱ་སྟེ། སེམས་ཅན་ཐམས་ཅད་དང་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཆོས་ཐམས་ཅད་སླུ་བའོ་སྒྱུ་མ་ལྟ་བུའི་ངོ་བོ་ཉིད་དོ་ཞེས་བྱ་བའི་ཚིག་བརྗོད་ཅིང་
བསྒོམ་མོ་ཞེས་བྱ་བའི་བར་དུ་སྟེ། དེ་ཡང་ལྷའི་བུ་ཆོས་ཐམས་ཅད་ནི་བརྫུན་པ་སྒྱུ་མའོ། །ང་ཡང་དེ་བཞིན་དུ་སྟོན་པར་བྱེད་དེ། དེས་ན་ང་ནི་བརྫུན་དུ་སྨྲ་བའོ། །ཞེས་གསུངས་པས་སོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །སངས་རྒྱས་ཐམས་ཅད་ཀྱི་ནི། དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་གསུང་ནི། ནམ་མཁའ་དང་མཉམ་དངོས་པོ་མེད་པས་ནམ་མཁའི་གསུང་སྟེ། དྲི་མ་མེད་པའོ། །ཡེ་ཤེས་བློ་ཅན་ཀུན་གྱི་གསང་། །སྔགས་ཀྱི་དངོས་གྲུབ་ཐོབ་པར་བཤད། །ཅེས་བྱ་བ་ནི། གཉིས་སུ་མེད་པའི་ཡེ་ཤེས་ལ་ལྷག་པར་མོས་པ་གང་ཡིན་པ་དེ་ནི་ཡེ་ཤེས་བློ་ཅན་ཏེ། སློབ་བཞིན་
པའི་སྔགས་ཀྱི་དངོས་གྲུབ་བྱེད་པའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། རང་གི་དམ་ཚིག་གིས་སེམས་ཅན་ཐམས་ཅད་འགུགས་པར་བྱེད་པ་གང་ཡིན་པ་དེ་ནི། དམ་ཚིག་འགུགས་པའི་རིགས་ཏེ། དོན་ཡོད་པར་གྲུབ་པའི་རིགས་སོ། །དེའི་དམ་ཚིག་ཡང་དག་པ་ནི་དེ་ཁོ་ན་ཉིད་ཇི་ལྟ་
བའི་དམ་ཚིག་གོ། །དོན་ཇི་ལྟ་བ་བཞིན་སྤྲོ་བར་བྱའོ་ཞེས་བྱ་བ་ནི། ཇི་ལྟ་བ་བཞིན་དུ་སྤྲོ་བ་ལ་ཡང་ནས་ཡང་དུ་བསླབ་པར་བྱ་སྟེ། འདིར། གཞན་རྣམས་བདེ་བར་བྱ་ཕྱིར་དང་། །སློབ་དཔོན་བདེ་བའི་རྒྱུ་དང་ནི། །དཀོན་མཆོག་གསུམ་ལ་གནོད་པ་ལ། །རྟག་པར་བརྫུན་དུ་སྨྲ་བར་བྱ། །ཞེས་
གསུངས་པས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། རིན་ཆེན་འབྱུང་ལྡན་གྱི་དམ་ཚིག་ལ་འཇུག་པ་ཡིན་ཏེ། བཅོམ་ལྡན་འདས་དེ་ཉིད་ནི་རྡོ་རྗེ་གསུམ་སྟེ། སྐུ་ལ་སོགས་པའི་རྡོ་རྗེ་བསྡུས་པ་ཡིན་པའི་ཕྱིར་ཕྱེ་ཞིང་ཐ་དད་པར་བྱས་པ་ནི་ཕྱེད་པའོ། །མི་ཕྱེད་པས་ན་རྡོ་རྗེ་མི་ཕྱེད་གསུམ་སྟེ། ཐ་མི་
Vol. 30 · folio 66b
དད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་རྡོ་རྗེ་མི་ཕྱེད་གསུམ་མོ། །རྒྱལ་བ་ནི་དུས་གསུམ་དུ་བཞུགས་པའི་སངས་རྒྱས་རྣམས་སོ། །དེ་རྣམས་ཀྱི་གནས་ཏེ་བསྐྱེད་པའི་གནས་ཡིན་པའི་ཕྱིར་རོ། །རྡོ་རྗེ་མི་ཕྱེད་པ་གསུམ་ཡང་ཡིན་ལ་རྒྱལ་བའི་གནས་ཀྱང་ཡིན་པས། འདི་ནི་རྡོ་རྗེ་མི་ཕྱེད་གསུམ་རྒྱལ་གནས་སོ། །
དངོས་གྲུབ་ནི་རྡོ་རྗེ་འཆང་བ་ཉིད་དོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ་དེ་མཆོག་ཏུ་སྟོན་པར་མཛད་པས་ན་རྡོ་རྗེ་དངོས་གྲུབ་རབ་སྟོན་པའོ། །འདི་ཞེས་བྱ་བ་ནི་འོག་ནས་བཤད་པའི་གསུང་སྟེ། དེ་བཀའ་སྩལ་པའོ། །ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དམ་ཚིག་
གི་དཀྱིལ་འཁོར་ནི་རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱ་ཆེན་པོ་སྟེ། དེ་ཡོངས་སུ་གྱུར་པ་ལས་དཀོན་མཆོག་དཔལ་དུ་རྣམ་པར་བསྒོམ་པའོ། །གཟུགས་རྣམས་ཀུན་གྱིས་འདི་དག་དགང་། །ཞེས་བྱ་བ་ལ། གཟུགས་རྣམས་ཀུན་གྱིས་ནི་འཁོར་རྣམས་ཀུན་གྱིས་ཏེ་གཞལ་ཡས་ཁང་གི་ནང་
འདི་དགང་ཞིང་སྤྲོ་བར་བྱའོ། །རྩུབ་བའི་ངག་ལ་སོགས་པ་ལ། རྩུབ་པ་ནི་བརྩེ་བ་མེད་པ་སྟེ་རྩུབ་པ་ཉིད་ཡིན་པས་ན་རྩུབ་པའོ། །རྩུབ་པ་ཡང་དེ་ཉིད་ཡིན་ལ་ངག་ཀྱང་དེ་ཉིད་ཡིན་པས་ན་རྩུབ་པའི་ངག་སྟེ། དེ་ལ་སོགས་པའི་ཚིག་གི་ཐབས་དེས་བསྡུ་བའི་དོན་ཐམས་ཅད་འབྱུང་བར་འགྱུར་
བ་སྟེ། དེས་རྡོ་རྗེ་འཆང་ཆེན་པོ་བསྟེན་ཅིང་མཉེས་པར་བྱས་ན། གཉིས་སུ་མེད་པའི་ཡེ་ཤེས་འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་སྡུད་པར་བྱེད་པས་དམ་ཚིག་ཉེ་བར་སྡུད་པར་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཀོད་པས་ཞེས་
བྱ་བ་ནི། རྡོ་རྗེ་འཆང་ཆེན་པོའོ། །དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་རྣམ་པ་འདི་ལྟ་བུས་གསུངས་སོ་ཞེས་བྱ་བ་སྟེ། དེ་ཡང་དྲང་བའི་དོན་ཏོ། །ལུང་གིས་བཤད་པ་བརྗོད་པར་བྱ་སྟེ། དེ་ནས་དགོངས་པའི་ཆོས་གཅིག་པུ། །དམ་ཚིག་དེ་ཉིད་དོན་གསུངས་པ། །གཙོ་བོ་ཀུན་
མཁྱེན་ཐམས་ཅད་རིག །མགོན་ལ་ཕྱག་ན་རྡོ་རྗེས་གསོལ། །དེ་བཞིན་ཉིད་དུ་དངོས་གཅིག་པའི། །དུས་གསུམ་བྱུང་བའི་སངས་རྒྱས་གང་། །ཆོས་སྐུ་གཅིག་པུ་ལས་འཁྲུངས་པ། །ཇི་ལྟར་རྡོ་རྗེ་ཕྱེ་མར་རླག །དེ་ནི་ཕྱེར་རླག་གྱུར་པ་ལས། །ཇི་ལྟར་ཡང་དག་སེམས་འགྲུབ་འགྱུར། །
Vol. 30 · folio 67a
འདས་པ་ཡི་ནི་སྟོན་པ་དང་། །དེ་ལྟར་རྗེས་སུ་སྟོན་མཛད་དང་། །མཉེས་བྱ་མ་བྱོན་སངས་རྒྱས་རྣམས། །རྫོགས་པའི་བྱང་ཆུབ་སྩོལ་བ་པོ། །མི་བསྐྱོད་གཟུགས་ཅན་རྡོ་རྗེ་ཡིས། །མགོན་པོ་དེ་རྣམས་ཇི་ལྟར་གཞོམ། །དེ་ཉིད་སྣ་ཚོགས་དོན་ལྡན་ཚིག །དེ་རྣམས་ཀྱིས་ནི་
ཇི་ལྟར་རྟོགས། །གང་ཞིག་ཤེས་པས་རྒྱལ་སྲས་རྣམས། །དགོངས་དོན་ལ་རྟོག་མེད་འགྱུར་བ། །མ་འོངས་སྐྱེ་བོའི་དོན་དུ་ནི། །དེ་ཉིད་བཅོམ་ལྡན་བཤད་དུ་གསོལ། །དེ་ནས་རྡོ་རྗེ་འཛིན་སྨྲ་བའི། །འགྲོ་ལ་ཕན་པའི་ཚིག་གསན་ནས། །དེ་འོག་གཙོ་བོ་རྡོ་རྗེ་འཆང་། །ཁྱབ་བདག་གིས་ནི་སླར་གསུངས་
པ། །ལེགས་སོ་བུ་ཁྱོད་ཆེར་ལེགས་ཏེ། །ཀུན་དུ་བཟང་པོ་ཁྱོད་ལེགས་སོ། །དགོངས་པས་བཤད་པའི་དོན་དུ་ནི། །ཁྱོད་ཀྱིས་ང་ལ་གང་དྲིས་པ། །གསུང་དོན་ཇི་ལྟ་ཇི་ལྟ་བར། །ད་ནི་ང་ཡིས་བཤད་པར་བྱ། །མི་བསྐྱོད་འདི་ན་སྤྲུལ་པ་སྟེ། །མི་ཕྱེད་པས་དེ་རྡོ་རྗེར་འགྱུར། །དེ་ཡི་ལག་
པ་མ་རིག་ཡིན། །དེར་ནི་རྡོ་རྗེ་འོད་གསལ་བའོ། །ཡེ་ཤེས་རང་བཞིན་སྐུར་གྱུར་ཏེ། །འོད་ཟེར་སྣ་ལྔས་ཡང་དག་འབར། །ཕུང་སོགས་གང་བཤད་སངས་རྒྱས་ཏེ། །རྡོ་རྗེ་གསུམ་སྐྱེས་དུས་གསུམ་ཞེས། །སྐུ་ཡི་རྡོ་རྗེ་ཕྱེར་རླག་པས། །ཐ་མལ་པ་ཡི་ཕུང་པོ་བཤིག །འདི་ནི་ཞེ་སྡང་
རིགས་ཡིད་འོང་། །མི་བསྐྱོད་ཡེ་ཤེས་རྡོ་རྗེ་སྐྱེས། །དེ་ཡི་ཞིང་དུ་སྐྱེ་བ་མཆོག །དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར། །དེ་ནས་དཔལ་ལྡན་བདེ་ཆེན་པོ། །ཡེ་ཤེས་ཐར་པ་སྒྲུབ་པ་པོ། །རང་བཞིན་གྱིས་དག་གོས་མེད་པ། །བྱང་ཆུབ་སྤྱོད་པ་རབ་སྒྲུབ་པས། །ཕྱག་ན་རྡོ་རྗེ་འོད་ཆེན་པོ། །གསང་
བ་ཀུན་གྱི་གཙོ་བོ་ལ། །བོས་ནས་རྫོགས་པའི་སངས་རྒྱས་ཀྱིས། །སྒྲུབ་པའི་དམ་ཚིག་དེ་ཉིད་གསུང་། །རིན་ཆེན་ཆོས་ནི་རབ་འཇུག་པས། །རྡོ་རྗེ་སེམས་དཔའ་རྣམ་བསྒོམས་ཏེ། །ལུས་དེ་ཡིས་ནི་རྣམ་ཀུན་ཏུ། །རྣམ་པར་སྨིན་པ་ཕྲོགས་པ་ནི། །རྫོགས་པའི་བྱང་ཆུབ་རབ་སྒྲུབ་པ། །རྫས་རྣམས་
ཐམས་ཅད་ཕྲོགས་པའོ། །དེས་ནི་ཡིད་བཞིན་ནོར་མཉམ་པའི། །ནོར་གྱི་རྒྱ་མཚོས་རབ་ཏུ་འགེངས། །འདི་ནི་གཏི་མུག་རིགས་དག་གིས། །དམ་ཚིག་དེ་ཉིད་ཡིན་པར་བསྒྲགས། །དཔག་ཚད་ཚེ་ནི་སྒྱུ་མའི་སྐུ། །དེར་ནི་ཕུང་པོ་ལ་སོགས་དགང་། །ཤེས་རབ་ཕ་རོལ་ཕྱིན་ལྡན་པའི། །
Vol. 30 · folio 67b
ཕུང་པོ་ལ་སོགས་དེར་བྱའོ། །སྟོང་པ་བཞི་དང་མཉམ་སྦྱོར་བའི། །བྱང་ཆུབ་ཀྱི་ནི་ཚུལ་མཆོག་བྱ། །ཀུན་རྫོབ་དང་ནི་དོན་དམ་དག །འདི་ནི་དབང་པོ་གཉིས་ཡིན་ལ། །ཟུང་དུ་འཇུག་པར་གྲགས་པ་ཡི། །དེ་དག་གཉིས་མེད་དེའི་སྦྱོར་བ། །དེ་ལ་མཉམ་བཞག་སྦྱོར་བ་ཡིས། །དེ་དག་ཐམས་
ཅད་ཉེ་བར་སྤྱད། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདོད་ཆགས་ཆེན་པོའི་ཚུལ་མཆོག་གོ། །དེ་ནས་བཅོམ་ལྡན་སྣ་ཚོགས་པ། །རྡོ་རྗེ་མི་ཕྱེད་གསུམ་རྒྱལ་བདག །རྡོ་རྗེ་དངོས་གྲུབ་རབ་སྟོན་པས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །གང་ཞིག་ཕྱི་ནང་བདག་ཉིད་ཆེ། །འདི་དག་ཐམས་
ཅད་བརྫུན་པར་བརྗོད། །རྣམ་རྟོག་འཆིང་ལས་གྲོལ་བྱང་ཆུབ། །འདི་ནི་དོན་ཡོད་དམ་ཚིག་གོ། །དེ་ནས་མགོན་པོ་རིན་ཆེན་དབང་། །མཉམ་ཉིད་དེ་བཞིན་ཉིད་སྟོན་པ། །དངོས་གྲུབ་རྡོ་རྗེ་རབ་ཐོབ་པས། །དམ་ཚིག་གནས་ནི་བཀའ་སྩལ་པ། །ཕུང་པོ་ལ་སོགས་མེད་སྟོན་ཚིག །
མཉམ་མིན་གང་ཡིན་རྩུབ་དག་སོགས། །དེ་དོན་རྣལ་འབྱོར་པས་བསླབས་ན། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བྱ་བ་སྟེ། ངེས་པའི་དོན་ཏོ། །རྡོ་རྗེ་འཆང་ཆེན་པོའི་འཁོར་གྱི་ནང་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བཤད་མ་ཐག་པའི་དམ་ཚིག་
གི་ཁྱད་པར་སྟོན་པའི་རྡོ་རྗེའི་ཚིག་རྣམས་ཀྱི། ངེས་པའི་དོན་མི་ཤེས་པའི་མ་འོངས་པའི་སེམས་ཅན། པདྨ་ལྟ་བུ་ལ་སོགས་པ་དབང་པོ་དམན་པ་རྣམས་ལ་ཕན་པར་བྱ་བའི་ཕྱིར། ཇི་སྐད་ཞུས་པ་དེ་སྡུད་པར་བྱེད་པ་སྟོན་པར་འདོད་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་
དམ་ཚིག་ལྔ་བསྟན་པའི་འོག་ཏུའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་གྱུར་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གོ། །གང་ཡིན་ཞེ་ན། རྡོ་རྗེ་དཔལ་ཏེ། རྡོ་རྗེས་མཚན་པས་ན་ཕྱག་ན་རྡོ་རྗེའོ། །དེ་ལ་སོགས་པ་ནི་དེ་སྔོན་དུ་འགྲོ་བའི་བྱང་ཆུབ་
སེམས་དཔའ་རྣམས་ཏེ། འཇིག་རྟེན་པ་དང་འགལ་བའི་ཚིག་དང་ལྡན་པའི་ཏིང་ངེ་འཛིན་གྱི་ཁྱད་པར་སྟོན་པར་མཛད་པས། ངོ་མཚར་དུ་གྱུར་ཅིང་རྨད་དུ་གྱུར་ནས་ཐོགས་པ་མེད་པར་སྨྲ་བའི་སྒྲའི་རྡོ་རྗེའི་ཚིག་འོག་ནས་བཤད་པ་འདི་སྨྲས་པར་གྱུར་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་
Vol. 30 · folio 68a
སོགས་པ་ནི། འཁོར་དུ་གཏོགས་པའི་དེ་བཞིན་གཤེགས་པ་རྣམས་བཅོས་མར་འདྲི་བས། བཅོམ་ལྡན་འདས་ཉིད་ལ་ཇི་ལྟར་ཡོངས་སུ་ཞུས་པ་དེ་བསྟན་པར་བྱ་བའི་ཕྱིར་གསུངས་པ་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
བདག་པོ་ཁམས་གསུམ་ལས་འདས་པས། རྡོ་རྗེའི་ཚིག་འདི་ཅིའི་སླད་དུ་གསུངས་ཞེས་བྱ་བར་སྦྱར་རོ། །ཁམས་ནི་རང་གི་མཚན་ཉིད་འཛིན་པ་སྟེ། རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་གྱི་ཤེས་རབ་བོ། །དེའང་རབ་དང་འབྲིང་དང་ཐ་མའི་དབྱེ་བས་རྣམ་པ་གསུམ་མོ། །ཁམས་གསུམ་
པའི་ཁྱད་པར་གྱིས་འདས་ཤིང་རྒལ་ལ། རྗེས་སུ་མི་འགྲོ་བས་ན་ཁམས་གསུམ་ལས་འདས་པའོ། །དེ་ཉིད་ཀྱིས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་འདས་པ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རབ་འབྲིང་ལ་སོགས་པའི་དབྱེ་བས་གནས་པས་སོ། །དེ་བཞིན་གཤེགས་པ་
ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་ནང་དུ་སྟེ་མེས་བསིལ་བ་བཞིན་དུ་རྨད་དུ་གྱུར་པ་སྟེ། ངག་གང་སྔོན་ཆད་མ་བྱུང་ལ་མི་སྲིད་པས་ན་ཡང་དག་པ་མ་ཡིན་པ་སྟེ། དེ་སྟོན་པའི་ཚིག་ནི་ཡང་དག་པ་མ་ཡིན་པའི་ཚིག་གོ། །དེ་ཉིད་ནི་རབ་ཏུ་འཇུག་པར་བྱ་བ་ཡིན་
པས་ན་ལམ་མོ། །མི་ཕྱེད་པས་ན་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རྗེས་སུ་འགྲོ་བ་ཡིན་པས་ན། གཟུང་བར་བྱ་བ་ཡིན་པའི་ཕྱིར་དེ་ཉིད་ནི་ཚིག་སྟེ། དེ་ལྟ་བུའི་ཡང་དག་པ་མ་ཡིན་པའི་ཚིག་གི་ལམ་རྡོ་རྗེའི་ཚིག་སྟེ། ཅིའི་སླད་དུ་གསུངས་ཞེས་ཞུས་པ་སྟེ། འཁོར་
གཉིས་ཀྱི་ནང་དུ་འགྱོད་པ་སྐྱེད་པ་ཅིའི་སླད་དུ་གསུངས་ཏེ། མ་གསུང་ཤིག་ཅེས་བྱ་བའི་བར་དུའོ། །བཤད་མ་ཐག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ་གསན་ནས། བཅོམ་ལྡན་འདས་ཀྱི་འཁོར་དུ་འདུས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་
དགོངས་པ་མངོན་པར་མ་རྟོགས་པར་གཟིགས་ནས། ཇི་ལྟ་བ་བཞིན་དུ་ལན་བཏབ་པ་སྡུད་པར་བྱེད་པས། དེ་བསྟན་པའི་གནས་རྣམ་པར་གཞག་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །
Vol. 30 · folio 68b
བརྗོད་ཀྱིས་མི་ལང་བའི་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་འདི་ནི་ལན་ཏེ། རིགས་ཀྱི་བུ་ཞེས་བྱ་བ་ནི་བོད་པ་སྟེ། རིགས་ནི་རྡོ་རྗེའི་རིགས་ལ་སོགས་པ་ཡིན་ལ། དེ་དེ་ལས་སྐྱེས་པས་ན་རིགས་ཀྱི་བུའོ། །དམ་ཚིག་ལ་ཐེ་ཚོམ་སྐྱེས་
པའི་སྒོ་ནས་ངན་ཅིང་དམན་པའི་འདུ་ཤེས་ནི་དམན་པའི་འདུ་ཤེས་སོ། །འཇིག་རྟེན་གྱིས་སྨད་པའི་འདུ་ཤེས་ནི་སྨད་པའི་འདུ་ཤེས་ཏེ། བཤད་མ་ཐག་པ་དེ་ལྟ་བུའི་འདུ་ཤེས་གཉི་ག་ཡང་མ་སྐྱེད་ཅིག་ཅེས་པ་སྟེ། མ་བྱེད་ཅིག་ཅེས་བཀག་པའོ། །དམན་པའི་འདུ་ཤེས་བསྐྱེད་པའི་ཉེས་པ་
བསྟན་པར་བྱ་བའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུ་གང་གིས་ན་དེ་ལྟར་མི་བྱ་ཞེ་ན། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་སྟེ། སྔགས་ཀྱི་སྤྱོད་པ་ནི་སྤྱོད་པའི་མཆོག་གོ་ཞེས་བྱ་བ་ནི། ཉན་ཐོས་ལ་སོགས་པའི་སྤྱོད་པ་ལ་ལྟོས་ན་
བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཡིན་པ་དེ་ནི་སྤྱོད་པའི་མཆོག་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཡིན་པ་དེ་ལ་ནི། འཇིག་རྟེན་དང་འགལ་བའམ། མི་འགལ་བ་ཡང་རུང་། རྣམ་པ་གང་དང་གང་གིས་སེམས་ཅན་གྱི་དོན་རྫོགས་པར་འགྱུར་བའི་རྣམ་པ་དེ་དང་དེས་སྔགས་
པ་རྣམས་ཅི་ནུས་པར་རབ་ཏུ་འཇུག་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །འདི་ལྟ་སྟེ། སྔགས་ཀྱི་སྤྱོད་པ་ནི། དེ་བཞིན་གཤེགས་པའི་སྤྱོད་པའོ་ཞེས་བྱ་བ་ནི། སློབ་དཔོན་གང་དག་ལས་དེ་ཁོ་ན་ཉིད་ཟློས་ཤིང་འདོན་པས་ན་སྔགས་ཏེ། རིན་པོ་ཆེ་ལྟ་བུའི་གང་ཟག་གོ། །དེ་རྣམས་
ཀྱི་སྤྱོད་པ་ནི་རྫོགས་པའི་གོ་རིམས་རྟོགས་ནས། གང་མཉམ་པར་མ་བཞག་པའི་སྦྱོར་བས་སྤྱོད་པ་དེ་ཉིད་ནི། དེ་བཞིན་གཤེགས་པའི་སྤྱོད་པ་སྟེ་ཚེ་འདི་ཉིད་ལ་རང་གི་ངོ་བོ་ཉིད་ཡོངས་སུ་བརྗེ་བ་ཡིན་པས་སོ། །དེ་ལྟར་སྤྱོད་པ་གཉིས་ཀྱི་བསྟན་པ་བཤད་ནས། བདེན་པ་གཉིས་ཀྱི་རྣམ་
པར་དབྱེ་བས་དེ་སྒྲུབ་པ་བསྟན་པའི་ཕྱིར། རིགས་ཀྱི་བུ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་སྟེ་ཞེས་བྱ་བ་ནི། ཚིག་གི་ཕྲད་ཀུན་འབྱུང་བ་སྟེ། དཔེར་ན་ཞེས་བྱ་བ་ནི་དོན་ལ་རབ་ཏུ་འཇུག་གོ། །ནམ་མཁའ་ནི་དོན་དམ་པའི་བདེན་པའོ། །ཐམས་ཅད་ཀྱི་
Vol. 30 · folio 69a
རྗེས་སུ་སོང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཐམས་ཅད་ལ་རྗེས་སུ་སོང་ཞིང་ཁྱབ་པའོ། །ཆོས་ཐམས་ཅད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཏེ། ཆོས་དེ་རྣམས་ཀྱང་ནམ་མཁའ་གཏོགས་པའི་ཆོས་ཉིད་དག་ནི་དབྱེར་མི་ཕྱེད་པ་ཡིན་པའི་ཕྱིར་རོ། །འདོད་
པའི་ཁམས་ན་མི་གནས་ཞེས་བྱ་བ་ལ་སོགས་པས་ནི་དོན་འདི་རྣམ་པར་འགྲེལ་ཏེ། གཟུགས་ལ་སོགས་པ་རྣམས་འདོད་ཅིང་ཚོལ་བས་ན་འདོད་པ་སྟེ། རྒྱལ་ཆེན་རིས་བཞི་ལ་སོགས་པའི་ལྷ་རྣམས་སོ། །དེ་རྣམས་འཛིན་པས་ན་ཁམས་ཏེ་གནས་སོ། །དེ་རྣམས་ཀྱི་ཕུང་པོ་ལ་སོགས་པ་
དེར་ཡང་མི་གནས་ཏེ། འདོད་པའི་ཁམས་ཀྱང་དོན་དམ་པའི་བདེན་པར་གཏོགས་པའི་ཕྱིར་རོ། །སྲིད་པ་གང་ན་གཟུགས་ཙམ་ལ་ཆགས་པ་དེ་ནི་གཟུགས་ཀྱི་ཁམས་སོ། །སྲིད་པ་གང་ན་གཟུགས་ཀྱི་འདོད་ཆགས་དང་བྲལ་བས་རྣམ་པར་ཤེས་པ་ཙམ་དུ་གནས་པ་དེ་ནི་གཟུགས་མེད་པའི་
ཁམས་ཏེ་དེ་དག་ན་ཡང་མི་གནས་སོ། །འབྱུང་བ་ཆེན་པོ་བཞི་ལ་ཡང་མི་གནས་སོ་ཞེས་བྱ་བ་ནི། རླུང་གི་དཀྱིལ་འཁོར་ལ་སོགས་པའི་རིམ་གྱིས་གནས་པའི་དཀྱིལ་འཁོར་བཞི་ཡང་ཡིན་པ། རྒྱུ་བ་དང་མི་རྒྱུ་བའི་གཞིར་གྱུར་པ་དེ་ནི་འབྱུང་བ་ཆེན་པོ་བཞིའོ། །དེ་ལ་ཡང་མི་གནས་ཏེ།
ཐམས་ཅད་ཀྱང་འོད་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པའོ། །དེ་ལྟར་ཞེས་པ་ནི་རྣམ་པ་འདི་ཉིད་ཀྱིས་སོ། །རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་དོན་གྱི་དབང་འདི་ལྟ་བུ་མཁྱེན་ཅིང་ཞེས་བྱ་
བ་ནི། དེ་བཞིན་གཤེགས་པ་རྣམས་ནི་བཤད་མ་ཐག་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་འདི་ལྟ་བུ་སྟེ། དེ་རྣམས་ཀྱི་དབང་ནི། དོན་དམ་པའི་བདེན་པ་གཞན་གྱི་རྒྱུ་དང་རང་ལས་ཀྱང་མ་གྲུབ་པ་ཉིད་དེ་ལྟ་བུ་མཁྱེན་ཅིང་ཐུགས་སུ་ཆུད་ནས། སེམས་ཅན་རྣམས་ཀྱི་དམན་པ་ལ་སོགས་པའི་དབྱེ་
བས་གནས་པའི་བསམ་པ་སྟེ། ལྷག་པར་མོས་པ་མཁྱེན་ཅིང་ཡོངས་སུ་ཕྱེ་ནས་ཆོས་ཏེ། གསུང་དུ་བརྟགས་པའི་མཚན་ཉིད་ཅན་སེམས་ཅན་རྣམས་ལ་འཆད་པར་མཛད་ཅིང་རབ་ཏུ་སྟོན་པར་མཛད་དེ། ཡིད་བཞིན་གྱི་ནོར་བུ་དང་བུམ་པ་བཟང་པོ་དང་འདྲ་བར་འབད་པ་མི་མངའ་བས།
Vol. 30 · folio 69b
སེམས་ཅན་རྣམས་ཀྱི་བསམ་པ་དང་རྗེས་སུ་མཐུན་པར་ཆོས་སྟོན་པར་མཛད་པས། འདིར་ཇི་ལྟ་བ་བཞིན་དུ་སྟོན་པ་འབྱུང་བར་འགྱུར་རོ། །དེ་ལྟར་རྣམ་པ་འདི་ཉིད་ཀྱིས་ནམ་མཁའི་ཚིག་ངེས་པར་བརྗོད་པ་སྟེ། ནམ་མཁའ་དང་མཉམ་པའི་ངེས་པའི་ཚིག་ནི་ནམ་མཁའི་ཚིག་ངེས་པར་བརྗོད་པ་
སྟེ། །ངེས་པའི་ཚིག་དེས་དེ་དང་མཉམ་པར་དེ་བཞིན་གཤེགས་པའི་དམ་ཚིག་ཅེས་པ། བཤད་མ་ཐག་པ་དེ་དག་རྗེས་སུ་རིག་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་དོན་དམ་པའི་བདེན་པ་རྣམ་པར་དག་པ་བསྟན་ནས། ཐེག་པ་གཞན་དང་ཐུན་མོང་དུ་འགྱུར་བའི་རྡོ་རྗེའི་སྐུ་སྐྱེད་པའི་ཐབས་
ཀྱི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཙུབ་ཤིང་ནི་འདིས་གཙུབས་པས་མེ་སྐྱེད་པས་ན། གཙུབ་ཤིང་སྟེ་ཤིང་བུའོ། །གཙུབ་གཏན་ནི་གཞི་སྟེ་མེ་གཙུབས་པའི་རྟེན་དུ་གྱུར་པའི་ཤིང་བུའོ། །མིའི་ལག་པ་ནི་བསྐྱོད་པའི་ཚེ་གཙུབ་
པར་བྱེད་པ་སྟེ། གསུམ་པོ་དེ་དག་གི་རྐྱེན་ལ་བརྟེན་ཅིང་འབད་པས་དྲོ་བར་འབྱུང་ངོ་། །དེའི་འོག་ཏུ་དུ་བ་རབ་ཏུ་འབྱུང་ངོ་། །དུ་བ་འབྱུང་བའི་འོག་ཏུ་མེ་འབྱུང་ཞིང་འོད་དང་ལྡན་པའི་རྣམ་པར་འབར་བར་གྱུར་ནས་འདུས་ཏེ་འབྱུང་བར་འགྱུར་རོ། །མེ་དེ་ཡང་ཞེས་བྱ་བ་ནི་དྲོ་བ་དང་དུ་བ་དང་མེ་
དེ་དག་ནི། གཙུབ་ཤིང་ལ་ཡང་མི་གནས། གཙུབ་གཏན་ལ་ཡང་མི་གནས། མིའི་ལག་པའི་བསྐྱོད་པ་ལ་ཡང་མི་གནས་སོ། །དེ་ལྟ་བུར་ཞེས་བྱ་བ་ནི། ཇི་ལྟར་གཙུབ་ཤིང་ལ་སོགས་པ་རྣམས་ལ། དྲོ་བ་ལ་སོགས་པ་སོ་སོར་དམིགས་སུ་མེད་དོ། །དེ་ལྟ་མོད་ཀྱི་ཚོགས་པ་ལས་དེ་
དག་ཉིད་གོང་ནས་གོང་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་རྗེས་སུ་རིག་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཐམས་ཅད་སྟོང་པ་ཉིད་
དོ། །རྡོ་རྗེ་ནི་ཆེན་པོ་སྟོང་པ་ཉིད་དོ། །དམ་ཚིག་ནི་ཤིན་ཏུ་སྟོང་པ་ཉིད་དོ། །རྗེས་སུ་རིག་པར་བྱའོ་ཞེས་པ་ནི་སྟོང་པ་ཉིད་དེ་གསུམ་པོ་དེ་དག་གི་རྗེས་ཏེ། ཕྱི་ནས་རིག་ཅིང་ཤེས་པར་བྱ་བ་ཡིན་པས་ན་སྟོང་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་ནི་དེ་ལྟར་རིག་
Vol. 30 · folio 70a
པར་བྱའོ། །འགྲོ་བ་དང་འོང་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ། འགྲོ་བ་ཞེས་བྱ་བ་ནི་སྟོང་པ་གསུམ་གྱིས་དོན་དམ་པའི་བདེན་པར་འགྲོ་བའོ། །དེ་ལས་ཆེན་པོ་སྟོང་པ་ཉིད་དང་། ཤིན་ཏུ་སྟོང་པ་ཉིད་དང་། སྟོང་པ་ཉིད་ཐོབ་པ་ནི་འོང་བའོ། །སོགས་པ་ཞེས་
བྱ་བའི་སྒྲ་ནི། འགྲོ་བ་དང་འོང་བ་མེད་པ་ཡོངས་སུ་གཟུང་སྟེ། རྫོགས་པ་ལ་ནི་འཇུག་པ་དང་ལྡང་བ་མེད་པའོ། །དེ་ལྟར་མཆོག་ཏུ་ཟབ་པའི་ཆོས་ཉིད་ཐོས་ཤིང་བཟུང་བས། འདིར་ཡིད་དང་རྗེས་སུ་མཐུན་པའི་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། དེ་ནས་སྐད་ཅིག་དེ་ཉིད་ལ་སྣང་བ་སྐྱེས་པས་ངོ་མཚར་དུ་གྱུར་པ་ཐོབ་པ་དང་། དེ་ནས་ཆོས་ཉིད་རྟོགས་པས་རྨད་དུ་གྱུར་པས། མིག་གདངས་ཤིང་ཐབས་ཀྱི་ཡེ་ཤེས་སྐྱེས་པར་གྱུར་ནས། འོག་ནས་བཤད་པའི་སོ་སོ་རང་གིས་རིག་པའི་ཆོས་ཉིད་སྟོན་པའི་ངོ་བོ་ཉིད་
ཀྱི་ཚིག་འདི་སྐད་ཅེས་སྨྲས་པར་གྱུར་ཏོ། །རྨད་བྱུང་ཞེས་བྱ་བ་ལ་སོགས་པ་ལ། འདིར་རྨད་བྱུང་ཆེན་པོའི་ཆོས་རྣམས་ནི་དོན་དམ་པའི་བདེན་པའོ། །ཐམས་ཅད་དུ་ཁྱབ་པས་ན་དེ་ཉིད་ནི་ནམ་མཁའ་དང་མཚུངས་པའོ། །རྟོག་གེ་པ་རྣམས་ཀྱིས་རྣམ་པར་བརྟག་པར་མི་ནུས་པས་
རྣམ་པར་མི་རྟོག་པའོ། །ཀུན་རྫོབ་ཀྱི་བདེན་པ་ཡོངས་སུ་དག་པས་ན་དག་པའོ། །དོན་དམ་པའི་བདེན་པ་དེ་ལ་ཡང་དག་པར་སྒྲིབ་ཅིང་ཀུན་ནས་འགེབས་ལ། མིག་གི་དབང་པོའི་ཡུལ་དུ་གྱུར་པས་ན་ཀུན་རྫོབ་སྟེ། རྡོ་རྗེ་འཆང་བའི་སྐུའོ། །འང་ཞེས་བྱ་བའི་སྒྲ་ནི་ཡང་ཞེས་བྱ་བའི་དོན་ཏེ། དོན་
དམ་པའི་བདེན་པ་མངོན་པར་རྟོགས་པས་སྟོང་པར་གྱུར་ནས། ཡང་སྣང་བར་གྱུར་པའོ་ཞེས་གང་བཤད་པ་དེ་ནི་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུའོ། །དོན་དམ་པ་ནི་འོད་གསལ་བའོ། །དེས་དག་པས་ན་དོན་དམ་པའི་དག་པ་སྟེ། དོན་དམ་པའི་དག་པ་ཡང་ཡིན་ལ། དེ་ཁོ་ན་ཉིད་ཀྱི་དོན་ཀྱང་
ཡིན་པས་ན་རྡོ་རྗེ་འཆང་སྟེ། དེ་ཉིད་ནི་འདའ་བར་མི་བྱ་བས་ན་དམ་ཚིག་གོ། །དེ་སྟོན་པའི་གཞུང་གི་ཚོགས་ཀྱང་། དོན་དམ་པའི་དག་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་ཅེས་བྱ་སྟེ། དགོངས་པས་བཤད་པའོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་
Vol. 30 · folio 70b
དགུ་པ་མཐའ་དྲུག་གིས་བཤད་པའོ།། །།སྒྲུབ་པ་མཆོག་དང་ཐ་མལ་པ་ལ་གནས་ཤིང་། སྤྲོས་པ་དང་བཅས་པ་ལ་སོགས་པའི་སྤྱོད་པ་གསུམ་ལ་གོམས་པ་ཉམས་འོག་ཏུ་ཆུད་པའི་རྣལ་འབྱོར་པས། གང་གི་ཚེ་དངོས་གྲུབ་རྙེད་པར་མ་གྱུར་ན་དེའི་ཚེ། རང་གི་ལྷ་ལ་སྙིང་པོས་བསྐུལ་
བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་པ་ཉེ་བར་སྟོན་པར་མཛད་པ་ཡིན་ཏེ། དེ་ནས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ། །ཡང་འདུས་ཏེ་ཞེས་བྱ་བ་ནི་ལེའུ་དང་པོར་བཤད་པའི་རིམ་གྱིས་སོ། །དམ་ཚིག་ཆེན་པོའི་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་
ཆེན་པོའོ། །དེའི་དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི། བདེན་པ་གཉིས་གཉིས་སུ་མེད་པར་གྱུར་པའི་མཚན་ཉིད་ཅན་ནོ། །དེ་ཉིད་ནི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཡིན་པས། སྐུ་དང་གསུང་དང་ཐུགས་ཀྱི་གསང་བའོ། །གདུལ་བྱ་རྣམས་ཀྱི་བསམ་པའི་བྱེ་བྲག་ཇི་ལྟ་བ་
བཞིན་དུ་མཁྱེན་པས་ན་དེ་བཞིན་གཤེགས་པ་སྟེ། དེ་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །སྔགས་ནི་ཨཱ་ལི་དང་ཀཱ་ལི་ལས་སྐྱེས་པ་རྣམས་ཏེ། སྦྲུལ་དང་མགོ་མེད་ཅེས་བྱ་བ་ལ་སོགས་པའོ། །དེ་རྣམས་ཀྱི་སྙིང་པོ་ནི་གཙོ་བོ་སྟེ། ཡི་གེ་ཨོཾ་ལ་སོགས་པ་གསུམ་མོ། །དེ་རྣམས་ཀྱིས་
བསྡུས་པ་ནི་གསལ་བར་བྱས་པའོ། །སྐུ་དང་གསུང་དང་ཐུགས་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་གསང་བར་བསྒྲགས་པ་ནི་གསང་བ་ཞེས་བཏགས་སོ། །དངོས་གྲུབ་ཆེན་པོའི་ཚུལ་ནི་དངོས་གྲུབ་ཆེན་པོའི་ཐབས་སོ། །དེ་རྣམས་ཀྱི་མཆོག་ནི་ཕུལ་དུ་བྱུང་བའོ། །ཡང་
དག་པ་ནི་མི་སླུ་བ་སྟེ། དེ་ཁོ་ན་ཉིད་དེ་བཤད་དུ་གསོལ་ཞེས་པ་ནི། རབ་ཏུ་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པའོ། །དེ་ནས་ཞེས་པ་ནི་ཞུས་པའི་འོག་ཏུའོ། །ཤེས་རབ་དང་། ཉེ་བར་ཐོབ་པ་ལ་ལྟོས་པས་རྣམ་པར་མཛེས་པར་གྱུར་པས་ན་རྒྱལ་པོའོ། །ཐབས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་
ཡིན་པས་ན་རྡོ་རྗེ་འཛིན་པའོ། །ཉོན་མོངས་ཀུན་ནི་འདོད་ཆགས་ལ་སོགས་པ་གསུམ་མོ། །དེ་རྣམས་ཀྱང་དབྱེ་བ་དང་རྗེས་སུ་དབྱེ་བས་ཕྱེ་ན། ཤིན་ཏུ་མང་བས་ན་རྒྱ་མཚོ་དང་མཉམ་པའི་ཕྱིར། ཉོན་མོངས་པ་ཀུན་གྱི་རྒྱ་མཚོའོ། །དེ་རྣམས་ཀྱི་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ལ་སོགས་
Vol. 30 · folio 71a
པའི་རང་བཞིན་ཟིལ་གྱིས་མནན་ནས། མཆོག་ཏུ་དགའ་བའི་ངོ་བོ་ཉིད་ཀྱིས་འབྱུང་བར་མཛད་ཅིང་རོལ་པར་མཛད་པས་ན། གཙོ་བོའོ། །སྡུག་བསྔལ་ཐམས་ཅད་རྗེས་སུ་སྲེག་པར་མཛད་པས་ན་འབར་བའོ། །དེ་ཉིད་ཀྱིས་དྲག་པོ་སྟེ། ཁྲོ་བོའི་བདག་ཉིད་ཅན་དུ་བྱུང་བའོ། །ཐ་
མལ་པ་བས་ཀྱང་རབ་ཏུ་རྒྱས་པའི་སྤྱན་བགྲད་པར་མཛད་པས། སྤྱན་ཡངས་པས་སོ། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཞེས་བྱ་བ་ནི་གསུང་བ་ལ་རབ་ཏུ་འཇུག་པ་སྟེ། དེ་ལ་གཞོལ་བར་མཛད་པ་ཡིན་པའི་ཕྱིར་རོ། །ལུས་དང་ཞེས་བྱ་བ་ལ་སོགས་པ་ལ། ལུས་ལ་སོགས་པ་སྐུ་དང་གསུང་དང་
ཐུགས་སུ་བསྒོམ་པ་ནི། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཚུལ་གྱིས་བསྒོམ་པ་ཡོངས་སུ་ཤེས་པས། སྐུ་དང་གསུང་དང་ཐུགས་རྡོ་རྗེ་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན། རྣམ་པར་མི་རྟོག་མི་དམིགས་པས། །ཞེས་བྱ་བ་སྟེ། བྱ་བའི་ཁྱད་པར་འདི་ནི་ལུས་སོ། །འདི་ནི་ངག་གོ། །འདི་ནི་ཡིད་དོ་ཞེས་དེ་ཁོ་ན་
ཉིད་དུ་མེད་པས་ན་རྣམ་པར་མི་རྟོག་པའོ། །གཅིག་ལ་གཅིག་བརྟེན་པ་མེད་པས་ན་མི་དམིགས་པའོ། །གསུམ་པོ་དེ་དག་གི་རོ་གཅིག་པ་ནི་མཉམ་པ་ཉིད་དེ། དེས་ན་གང་ན་ཡང་མི་གནས་མཉམ་པ་ཉིད་ཅེས་བྱ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་གསུང་
གིས། ལུས་ལ་སོགས་པ་དོན་དམ་པར་དབྱེར་མེད་པར་རབ་ཏུ་བསྟན་ནས། སྡུད་པར་བྱེད་པས་སྙིང་པོ་ཡང་དག་པར་བསྐུལ་བའི་ཐབས་དང་མཐུན་པའི་གཞི་རྣམ་པར་དགོད་པ་མདོར་བསྡུས་ནས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་བཤད་མ་
ཐག་པའི་རིམ་གྱིས་སོ། །དེ་བཞིན་གཤེགས་པ་རང་བཞིན་གྱིས་དག་པ། ཕ་རོལ་ཏུ་ཕྱིན་པ་ནི་སྤྱན་ལ་སོགས་པའོ། །སྔགས་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་དག་གི་ཚུལ་ནི་ཕན་ཚུན་ཀུན་དུ་ཆགས་པ་སྟེ། དེ་ཉིད་ནི་མི་འཇིགས་པ་ཉིད་པས་ན་རྡོ་རྗེའོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་
འཛིན་ལ་ཐུགས་རྩེ་གཅིག་ཏུ་བཞག་ཅིང་། སྙོམས་པར་ཞུགས་པར་མཛད་ནས། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསོལ་བ་འདེབས་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་
Vol. 30 · folio 71b
འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་བོད་པའོ། །མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི། འདི་བསྟན་པའི་བྱ་བ་ལ་མངོན་པར་སྦྱོར་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྫོགས་པའོ། །རིག་པ་ནི་ལྷ་མོ་རྣམས་ཏེ། དེ་རྣམས་ནི་ལྷན་ཅིག་
སྤྱོད་པ་ལ་སོགས་པའི་དབྱེ་བས་བྱེ་བ་སྙེད་དེ། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ཞེས་བྱ་བ་ནི། དེ་རྣམས་ཚད་མེད་པ་ཉིད་པས་ཉེ་བར་མཚོན་པ་ཙམ་དུ་གྱུར་པ་སྟེ། དེ་རྣམས་དང་ཐབས་ཅིག་ཏུའོ། །སེམས་ཅན་ཡུལ་ལ་ཉེ་བར་ལོངས་སྤྱོད་པས་ཐར་པ་ཐོབ་པར་འདོད་པའོ། །དེ་རྣམས་ཀྱི་
དོན་བྱ་བ་ནི་འདུན་པ་དང་རྗེས་སུ་མཐུན་པས་བྱང་ཆུབ་ཐོབ་པར་མཛད་པའོ། །དེའི་བདག་ཉིད་ཀྱིས་གར་གྱི་གནས་སུ་ཞུགས་པའི་གར་མཁན་དང་འདྲ་བར། འཇུག་པས་གར་གྱི་རོལ་པ་དེ་སྟོན་པར་མཛད་དོ། །ཇི་ལྟར་ཞེ་ན། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ནི་
སེམས་ཅན་རྣམས་སོ། །དེ་འཛིན་པར་བྱེད་པས་ན་འཇིག་རྟེན་གྱི་ཁམས་ཏེ། སྣོད་ཀྱི་འཇིག་རྟེན་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ཏེ། དེ་དག་ཉིད་ཀྱིས་མཐས་ཀླས་པ་ནི་མཐར་ཐུག་པ་སྟེ། འདིར་མཐར་ཐུག་པ་མེད་པ་ཉིད་མཐར་གྱུར་པ་ཡིན་ལ། ཕྱོགས་བཅུའི་འཇིག་
རྟེན་གྱི་ཁམས་མཐའ་ཀླས་པའི་འཇིག་རྟེན་གྱི་ཁམས་དེ་རྣམས་སུ། འདོད་པའི་ཡོན་ཏན་ལྔ་པོ་རྟག་ཏུ་ཚིམ་པར་བྱེད་པའི་གཟུགས་ལ་སོགས་པ་རྣམས་ཀྱིས་རོལ་པ་ནི་རྣམ་པར་རོལ་པའོ། །དགྱེས་པ་ནི་སྣ་ཚོགས་པའི་དགའ་བས་ལྷ་མོ་རྣམས་དང་ལྷན་ཅིག་དགྱེས་པར་མཛད་པའོ། །ཡོངས་
སུ་སྤྱོད་པ་ནི་རིག་པའི་ཚོགས་ཀྱིས་མཆོད་ཅིང་། དེ་ལ་ཡང་སྔར་མཆོད་པ་མཛད་པ་འདི་ནི་ཡོངས་སུ་སྤྱོད་པའོ། །ཡོད་ཀྱང་ཞེས་བྱ་བ་ནི་དོན་འདི་ལྟ་བུ་ཡོད་པའོ། །དེ་དག་སྔགས་སྤྱོད་པ་ལ་མངོན་པར་བརྩོན་པ་རྣམས་ལ་ཞེས་བྱ་བ་ལ། དེ་དག་ནི་དེ་བཞིན་གཤེགས་པ་རྣམས་
དགྱེས་པའི་སྒོ་ནས། མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བར་མཛད་པ་དེ་དག་གོ། །སྔགས་ནི་སྔགས་སྨྲ་བ་རྣམ་པ་བཞི་སྟེ། གང་ཞེ་ན། སྔགས་ཀྱི་མིང་དང་། སྔགས་ཀྱི་དོན་དང་། སྔགས་སྤེལ་བ་དང་། རྡོ་རྗེའི་ཚིག་སྒྲ་སྤངས་པའོ། །ཐབས་དེ་དག་གིས་ཞི་བ་ལ་སོགས་པ་ལ་
Vol. 30 · folio 72a
རབ་ཏུ་འཇུག་པ་ནི་སྔགས་སྤྱོད་པའོ། །དེ་ལ་མངོན་པར་བརྩོན་པ་ནི་དེ་ལ་སེམས་མངོན་པར་ཞུགས་པ་སྟེ། དེ་ལ་སྤྱན་རས་ཀྱིས་མི་འཚོའོ། །སྤྱན་རས་ཀྱིས་མི་འཚོ་བའི་རྒྱུ་བསྟན་པར་བྱ་བའི་ཕྱིར། ཀྱེ་མ་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀྱེ་མ་ཞེས་
བྱ་བ་ནི་མ་གུས་པའོ། །འདི་དག་ནི་ཞེས་བྱ་བ་ནི་སྔགས་ལ་གཞོལ་བ་རྣམས་སོ། །དེ་བཞིན་གཤེགས་པ་ནི་དུས་གསུམ་དུ་བྱུང་བ་རྣམས་སོ། །སྔགས་ནི་འདོན་ཞིང་སློབ་དཔོན་རྣམས་ཀྱིས་ཤུ་བུར་ཟློས་པ་གང་ཡིན་པ་དེ་ནི་སྔགས་ཏེ། ཡུལ་དེ་ལ་སྤྱོད་པ་ནི་སྔགས་ཀྱི་སྤྱོད་པའོ། །དེར་
འདྲེན་ཞིང་ཐོབ་པར་བྱེད་པས་ན་ཚུལ་ལོ། །དེ་ཡང་རྣམ་པ་བདུན་ཏེ། གང་ཞེ་ན། དཀྱིལ་འཁོར་ཚོགས་དང་ཐབས་དང་ནི། །གཏོར་མ་འདུས་དང་གོ་རིམས་དང་། །དེ་ཉིད་རྣམ་པ་བདུན་དུ་གྲགས། །དེ་ནི་གསང་སྔགས་ཚུལ་ཞེས་བཤད། །ཅེས་བྱ་བའོ། །དེ་ཉིད་རྫོགས་པའི་རིམ་
པའི་ཏིང་ངེ་འཛིན་ལ་གནས་ནས། དེ་འཛིན་པར་བྱེད་པའི་ཕྱིར་ཆོས་སོ། །རྣམ་པ་དེ་ལྟ་བུའི་དེ་བཞིན་གཤེགས་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྔགས་ཀྱི་སྤྱོད་པའི་ཚུལ་གྱི་ཆོས་རྫོགས་པར་གྱུར་པ་ནི་ཕྱིར་བྱུང་བར་གྱུར་པའོ། །ཆོས་ལས་ཞེས་བྱ་བ་ཡིན་མོད་ཀྱི་ཆོས་ཞེས་བྱ་བ་ནི་ལུང་
གི་ཚིག་གོ། །སྤྱན་རས་ཀྱིས་མི་འཚོ་སྟེ་ཞེས་བྱ་བ་ནི་མིང་དུ་གཅེས་པར་མི་མཛད་པའོ། །དེ་ལྟར་སྔགས་ལ་མཆོག་ཏུ་གཞོལ་བ་རྣམས་ལ། དེ་བཞིན་གཤེགས་པ་རྣམས་རྒྱབ་ཀྱིས་ཕྱོགས་པར་གཟིགས་ནས། དངོས་གྲུབ་འདོད་པ་དེ་རྣམས་རྗེས་སུ་གཟུང་བར་མཛད་པའི་ཕྱིར། དེ་
བཞིན་གཤེགས་པ་སྤྱན་རས་ཀྱིས་འཚོ་བའི་ཐབས། བཅོམ་ལྡན་འདས་ཇི་ལྟར་སྟོན་པར་མཛད་པ་དེ་བསྟན་པར་བྱ་བའི་ཕྱིར་སྡུད་པར་བྱེད་པས། དེ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་རོལ་པ་ལ་སོགས་པའི་སྒོ་ནས། མཆོག་ཏུ་དགའ་བའི་བདེ་བ་རྗེས་སུ་མྱོང་བར་མཛད་
པ་དེ་བཞིན་གཤེགས་པ་རྣམས། སྒྲུབ་པ་པོ་ལ་གཟིགས་པར་མི་མཛད་དེ། དེ་བས་ན་སྐྱེས་བུ་དམ་པ་དེ་རྣམས་ལ། དེ་བཞིན་གཤེགས་པ་རྣམས་སྤྱན་རས་ཀྱིས་བཙལ་བར་བྱ་བའི་ཕྱིར་སྒྲུབ་པ་པོ་ལ་མངོན་སུམ་དུ་མཛད་པས་དད་པ་བསྐྱེད་པར་བྱ་བའི་ཕྱིར། འོག་ནས་བཤད་པ་འདི་
Vol. 30 · folio 72b
གསུངས་པའོ། །དེ་གང་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བར་གྱུར་པའི་སྔགས་ཐམས་ཅད་ནི། སྤྲུལ་ལ་སོགས་པའི་གསང་སྔགས་ཀྱི་ལྷ་རྣམས་སོ། །དེ་རྣམས་ཀྱི་སྙིང་པོ་ནི་
གང་གི་སྲོག་ཡང་དག་པར་སྐུལ་བར་བྱེད་ཅིང་། རབ་ཏུ་སད་པར་བྱེད་པ་དེ་ནི། སྔགས་ཐམས་ཅད་ཀྱི་སྙིང་པོ་ཀུན་དུ་སྐུལ་བར་བྱེད་པ་ཞེས་བྱ་བ་རབ་ཏུ་གསང་བ་སྟེ། སྣོད་མ་ཡིན་པ་རྣམས་ལ་མཆོག་ཏུ་སྦ་བར་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་གཏི་མུག་གི་རིགས་ཅན་རྣམས་
སོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་མི་ཕྱེད་པའི་ངོ་བོ་ཉིད་ཀྱིས། ཡང་དག་པར་བྱོན་ཅིང་གཤེགས་པས་ན་དམ་ཚིག་གོ། །དེ་ལ་སྔགས་པ་རྣམས་ཀྱིས་དམིགས་ཤིང་ཡིད་ལ་བྱས་པས་ན། དམིགས་པ་སྟེ་དམ་ཚིག་དེ་ལ་དམིགས་པ་ནི་ཡི་གེ་ཨོཾ་མོ། །དེ་བཞིན་དུ་རྡོ་རྗེ་འཛིན་ཐམས་ཅད་ཀྱི་སྐུ་ལ་
སོགས་པ་ལ་དམིགས་པ་ནི་ཡི་གེ་ཧཱུཾ་ངོ་། །ཆོས་འཛིན་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པ་ལ་དམིགས་པ་ནི་ཡི་གེ་ཨཱཿའོ། །འདི་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོ་ཉིད་དེ་དེའི་སྐུ་ལས་ཡི་གེ་ཨོཾ། །གསུང་ལས་ཡི་
གེ་ཨཱཿ། ཐུགས་ལས་ཡི་གེ་ཧཱུཾ། གོ་རིམས་ཇི་ལྟ་བ་བཞིན་དུ་གསུངས་ཤིང་ཕྱུང་བར་གྱུར་པའོ། །ཇི་ལྟ་བུ་ཞེ་ན། ཚིག་གི་ལམ་ངེས་པར་བརྗོད་པས་ཞེས་བྱ་བ་སྟེ། ཚིག་གི་ལམ་ནི་ཁ་སྟེ་དེའི་ཞལ་ལོ། །དེས་ངེས་པར་བརྗོད་པ་ནི་སྟོན་པའོ། །ངེས་པར་བརྗོད་པ་དེས་ཐུགས་དང་སྐུ་
དག་ཀྱང་གསལ་བའི་ཚིག་གིས་གསུངས་པའོ། །ཇི་ལྟ་བུའི་གསུང་ཞེ་ན། བུད་མེད་དང་། སྐྱེས་པ་དང་། མ་ནིང་གི་ངོ་བོ་ཉིད་ཀྱི་ཡི་གེ་རྣམས་ཏེ། དེ་ཡང་དག་པར་བསགས་ཤིང་གང་དུ་བསྡུས་པར་གྱུར་པ་དེ་ནི་སྔགས་བསྡུས་ཏེ། དེ་ཡི་གེ་གསུམ་དུ་གསུངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་
ལ་དེ་ནས་སྔགས་བསྡུས་པ་གསུངས་པའི་འོག་ཏུ་ཡི་གེ་གསུམ་པོ་འདི་གསུངས་པ་ཙམ་གྱིས་ཏེ། བརྗོད་པའི་སྐད་ཅིག་ལ་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཐམས་ཅད་དང་། སྲས་ཏེ་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ། རྡོ་རྗེ་འཆང་ཆེན་པོས་རྗེས་སུ་གཟུང་བར་འོས་པའི་སེམས་ཅན་
Vol. 30 · folio 73a
རྣམས་གཟིགས་པས་རབ་ཏུ་འདར་ཞིང་བརྒྱལ་བར་གྱུར་ཏོ། །རྡོ་རྗེ་སེམས་དཔའ་རྗེས་སུ་དྲན། །ཞེས་བྱ་བ་ནི། རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པ་སྟེ། སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པར་མཛད་པའི་ངོ་བོ་ཉིད་དྲན་པས། བརྒྱལ་བ་ནི་
དགའ་བ་རྒྱ་ཆེན་པོ་ཐོབ་པར་གྱུར་པ་སྟེ། གྱུར་པ་ཞེས་བྱ་བ་ནི་ཐོབ་པ་ལ་བྱའོ། །དེ་ནས་དེ་དྲན་པའི་འོག་ཏུ་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས། ལྷ་ཐམས་ཅད་ཀྱིས་འདའ་བར་མི་བྱ་བའི་ངོ་བོ་ཉིད་ཀྱི་དམ་ཚིག་འོག་ནས་བཤད་པ་འདི་གསུངས་སོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ། ནམ་
མཁའ་ནི་དེ་བཞིན་ཉིད་དེ། དེར་འཇོག་ཅིང་བསླན་པས་ན་ནམ་མཁའི་དབྱིངས་ཏེ། དམ་ཚིག་སེམས་དཔའོ། །དེའི་དབུས་ནི་སྙིང་ག་སྟེ། དེ་ལ་གནས་པར་བཀོད་པའི་དཀྱིལ་འཁོར་ཏེ། ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ་ཞིང་བསམ་པར་བྱའོ། །དེའི་སྟེ་ཡེ་ཤེས་སེམས་དཔའ་དེའི་དབུས་
སུ་གནས་པ་ནི་སྙིང་གར་གནས་པ་སྟེ། ཡི་གེ་ཧཱུཾ་ནི་ཏིང་ངེ་འཛིན་སེམས་དཔའ་ཞེས་བྱའོ། །གསུམ་པོ་དེ་དག་རང་གི་གཟུགས་སུ་སྟེ་རང་གི་ངོ་བོ་ཉིད་ཀྱིས་རབ་ཏུ་བརྟག་ཅིང་བསྐྱེད་པར་བྱའོ། །དེ་རྣམས་ལས་ཏིང་ངེ་འཛིན་གྱི་སེམས་དཔའ་རྡོ་རྗེའི་འོད་ཟེར་ཤས་ཆེར་འབར་ཞིང་། རྣམ་པར་འཕྲོ་
བ་རྣམ་པར་བསམ་པར་བྱ་སྟེ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་ལྔ་རྣམས་སོ། །དེ་རྣམས་ཀྱི་འོད་ཟེར་ནི་དཀར་པོ་ལ་སོགས་པའོ། །དེ་ཤས་ཆེར་འབར་བ་ནི་ཤིན་ཏུ་འབར་བའོ། །རྣམ་པར་འཕྲོ་བ་ནི་འབར་བར་གྱུར་པ་ཉིད་དུ་བསམ་པར་བྱ་བའོ། །སངས་རྒྱས་རྣམས་ཀྱི་ནི་རྣམ་པར་སྣང་
མཛད་ལ་སོགས་པ། རྫོགས་པ་དང་མ་རྫོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་རྣམས་ཀྱིའོ། །སྐུ་དང་གསུང་དང་ཐུགས་ནི་སྐུ་དང་གསུང་དང་ཐུགས་ཀྱི་ནུས་པ་སྟེ། དམ་ཚིག་སེམས་དཔའ་ལས་བྱུང་བའི་དཀར་པོ་ལ་སོགས་པའི་འོད་
ཟེར་གྱི་ལྕགས་ཀྱུས་ཐུགས་ཀ་ནས་དྲང་བའི་རྣམ་པ་བསྒོམ་ཞིང་བསམ་པར་བྱའོ། །དེ་ལྟར་སློབ་པའི་སྒྲུབ་པ་པོས་སྐད་ཅིག་མ་དེ་མ་ཐག་ཉིད་དུ་དྲངས་ཤིང་། དམ་ཚིག་སེམས་དཔའ་ལ་བཅུག་པ་ཉིད་ཀྱིས། ཐམས་ཅད་ཟིལ་གྱིས་མནན་ནས་རྡོ་རྗེ་འཆང་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །
Vol. 30 · folio 73b
དེ་ཇི་ལྟ་བུའི་ངོ་བོ་ཉིད་དུ་ཞེ་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན། །ཞེས་པ་སྟེ། སྐུ་ལ་སོགས་པ་མི་ཕྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན་ཏོ། །ཆེན་པོ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་དགྱེས་པར་བྱེད་པས་རྒྱལ་པོ་ཆེའོ། །ཀུན་ནི་རྒྱུ་བ་དང་མི་
རྒྱུ་བའོ། །དེ་རྣམས་ཀྱི་གཙོ་བོ་ནི་ཚངས་པ་ལ་སོགས་པའོ། །དེ་རྣམས་ཀྱང་ཆད་པས་ཚར་གཅོད་པ་དང་རྗེས་སུ་འཛིན་པར་མཛད་པས། ཀུན་གྱི་གཙོ་བོ་དབང་ཕྱུག་མཆོག་སྟེ། རྣམ་པ་དེ་ལྟ་བུའི་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་བསྒོམ་པར་བྱའོ་ཞེས་བྱ་བའི་བར་དུའོ། །རང་གི་དཀྱིལ་
འཁོར་ནི་རང་གི་ལུས་ཀྱི་དཀྱིལ་འཁོར་རོ། །དེའི་རང་གི་རྡོ་རྗེས་ཏེ། རང་གི་སེམས་ཀྱིས་བསྐྱེད་པའི་ཆོ་ག་འདི་ཉིད་དོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པ་གང་ཡིན་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་དུས་གསུམ་དུ་བྱུང་བ་རྣམས་ཀྱིའོ། །སྙིང་པོ་ནི་བརྟན་པར་གྱུར་
པའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སོ། །དེ་རྣམས་ཀྱི་བསྡུས་པ་ནི་དགུག་པ་སྟེ། འདིས་བསྡུས་ཤིང་དྲངས་པས་ན་བསྡུས་པའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་ཉིད་དུ་བདག་ཉིད་བསྐྱེད་ནས། འཁོར་གྱི་དཀྱིལ་འཁོར་ཇི་ལྟར་བསྐྱེད་
པ་དེ་བསྟན་པར་བྱ་བའི་ཕྱིར། རང་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་སྟེ་བདག་ཉིད་ཀྱི་གནས་བཞི་སྟེ། ཤར་ལ་སོགས་པའི་གནས་རྣམས་སུ་གཟུགས་ཀྱི་ཚུལ་ཏེ། ཇི་སྐད་དུ་གསུངས་པའི་སྐུ་མདོག་དང་ཕྱག་མཚན་གྱི་གཟུགས་ཀྱི་ཚུལ་དུའོ། །ཞལ་གསུམ་ལྟ་
བུའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི། ཆ་འདྲ་ཞིང་གསལ་བར་གཟུང་བ་ཡིན་པས་ན་ལྟ་བུ་སྟེ། འདོད་ཆགས་ལ་སོགས་པའོ། །དེ་རྣམས་ཀྱིས་སྦྱོར་བས་ན་ཞལ་གསུམ་ལྟ་བུའི་སྦྱོར་བ་ཡིས་ཞེས་བྱ་བ་སྟེ། དེས་ཉེ་བར་མཚོན་པར་བྱས་པའོ། །ཁ་དོག་གསུམ་གྱིས་ཞེས་པ་ནི་ཡི་གེ་
གསུམ་གྱིས་སྔགས་ཀྱི་སྐྱེས་བུ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་གནས་བཞིར་བསྒོམ་ཞིང་བསམས་ལ་བསླབ་པར་བྱའོ། །རིག་པ་འདིས་ཇི་ལྟར་རང་གི་རིགས་དེ་དང་འབྲེལ་བའི་ལྷའི་ཚོགས་སྤྲོ་བར་བྱས་པ་སྟེ། དེ་བཞིན་གཤེགས་པ་བཞིའི་ཉེ་བར་མཚོན་པ་ཉིད་ཀྱིས་སོ། །
Vol. 30 · folio 74a
བཅོམ་ལྡན་འདས་རྡོ་རྗེ་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེས་དེ་སྐད་ཅེས་བཀའ་སྩལ་པའོ། །དེ་ལྟར་བསྡུས་པའི་དཀྱིལ་འཁོར་མངོན་པར་སྤྲུལ་ནས་ཡང་ཅི་ཞིག་བྱ་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་པ་ནི་དེ་བཞིན་གཤེགས་པའི་ཐུགས་
ཡང་དག་པར་བསྐུལ་བ་ལའོ། །འདི་ནི་ཞེས་པ་ནི་འོག་ནས་བཤད་པའོ། །མཆོག་ནི་དམ་པའོ། །རྡོ་རྗེ་གསང་བ་ནི་དེ་བཞིན་གཤེགས་པའི་གསང་བའོ། །སྙིང་གའི་དབུས་སུ་ཕྲ་མོ་ཡི། །དཀྱིལ་འཁོར་རྣམས་ནི་བསམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ཉིད་དང་དབྱེར་
མེད་པས་དཀྱིལ་འཁོར་པ་རྣམས་སོ། །དཀྱིལ་འཁོར་པ་དེ་རྣམས་ཀྱི་རེ་རེའི་སྙིང་གའི་དབུས་སུ་ཆུད་པར་སྙིང་གའི་ཟླ་བ་ལ་གནས་པ་ཕྲ་བ་བསྒོམ་པར་བྱ་ཞིང་། ཁྱད་པར་དུ་བསམ་པར་བྱ་བ་ཡིན་པས་ན་བསམ་པར་བྱ་སྟེ། ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་ཕྲ་བ་སྟེ། ཡེ་ཤེས་སེམས་དཔའ་
བསྒོམ་པར་བྱ་བའོ་ཞེས་བྱ་བའི་བར་དུའོ། །ཡི་གེ་མཆོག་དུ་གྱུར་པའི་ཚིག །དེ་ཡི་དབུས་སུ་བསམ་པར་བྱ། །ཞེས་བྱ་བ་ནི། ཡེ་ཤེས་སེམས་དཔའ་དེའི་དབུས་སུ་ཆུད་ཅིང་ཐུགས་ཀྱི་ཟླ་བར་ཆུད་པ་དེ་བཞིན་དུ། སོ་སོའི་ཡི་གེ་སྟེ་མི་འགྱུར་བའི་ངོ་བོ་ཉིད་མཆོག་ཏུ་གྱུར་པ་ནི། མི་ཤིགས་
པ་ལས་བྱུང་བའི་ཕྱིར་ཕུལ་དུ་བྱུང་བ་ཡིན་ནོ། །ཚིག་ནི་ཡི་གེ་ཧཱུཾ་ངོ་། །རྡོ་རྗེ་ཆེན་པོ་རྩེ་ལྔ་པ། །རྟག་ཏུ་སྦྱོར་བས་བསྒོམ་པར་བྱ། །ཞེས་བྱ་བ་ནི། སྦྱོར་བས་ཞེས་པ་སྒྲུབ་པ་པོ་ངེས་པར་ལེགས་པ་ལ་སྦྱོར་བར་བྱེད་པས་ན་སྦྱོར་བ་སྟེ། ཏིང་ངེ་འཛིན་གྱི་སེམས་དཔའོ། །དེ་ལས་རྡོ་རྗེ་
ཆེན་པོ་རྩེ་ལྔ་པ་ཁ་རྣམ་པར་གྱེས་པ་བསམ་ཞིང་བསྒོམ་པར་བྱའོ། །ཚུལ་འདིས་ན་དམ་ཚིག་དང་ཡེ་ཤེས་དང་ཏིང་ངེ་འཛིན་སེམས་དཔའ་ཞེས་གྲགས་པའི་གསུམ་པོ་དེ་དག་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་བསམ་ཞིང་བསྒོམ་པར་བྱའོ། །རྡོ་རྗེ་ཀྱོ་བའི་སྦྱོར་བ་ཡིས། །ཞེས་བྱ་བ་ལ། རྡོ་རྗེ་ནི་དེ་
བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་ལྕགས་ཀྱུ་དང་འདྲ་བས་ན་ཀྱོ་བ་སྟེ། གླང་པོ་ཆེའི་བཞིན་ནོ། །དེའི་སྦྱོར་བ་ནི་རྡོ་རྗེ་ཀྱོ་བའི་སྦྱོར་བ་སྟེ། རྡོ་རྗེ་ཀྱོ་བའི་སྦྱོར་བ་དེ་ལས་རྡོ་རྗེ་གསུམ་རྣམ་པར་བསྒོམ་པར་བྱའོ། །སྦྱོར་བ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ཡི་སྙིང་གར་ཞེས་བྱ་བ་ལ་
Vol. 30 · folio 74b
སོགས་པ་གསུངས་ཏེ། དེ་ཡིས་ཞེས་པ་ནི་རྡོ་རྗེ་གསུམ་གྱིས་སོ། །སྙིང་ག་སྟེ་བསྒྲུབ་པར་བྱ་བའི་ལྷའི་སྙིང་གར་བརྡབ་པར་བྱ་ཞིང་བསྐྱོད་པར་བྱ་སྟེ། བདག་པོ་ལ་སོགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་པ་རྣམས་གཅིག་ཏུ་གྱུར་པའི་འོད་ཟེར་གྱི་ཚོགས་ཀྱི་ལྕགས་ཀྱུས།
བསྒྲུབ་པར་བྱ་བའི་ལྷའི་ཐུགས་ཀར་སེམས་དཔའ་གསུམ་དུ་གྲགས་པ་བསྐུལ་བར་བྱའོ་ཞེས་བྱ་བའི་སྒྲས་ནི་ཇི་སྙེད་པའི་ལྷ་རྣམས་ཀྱི་ཚོགས་བསྐུལ་བར་བྱ་བའོ། །རྡོ་རྗེ་ལྕགས་ཀྱུས་བརྡབ་པས་སྒྲུབ་པ་པོ་ལ་དགོངས་པར་བྱ་བ་བསྐྱེད་པའི་འོག་ཏུ། གནོད་མཛེས་རྒྱལ་པོ་མདུན་དུ་འདུག་སྟེ། བཀའ་
ལུང་ནོད་པར་བསམས་ལ། དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་དངོས་གྲུབ་སྦྱིན་པར་བསྐུལ་ཅིག་ཅེས་ལུང་བསྒོའོ། །འདི་ནི་ཞེས་པ་ནི་བཤད་མ་ཐག་པའི་ཆོ་ག་སྟེ། དེ་ནི་རྡོ་རྗེ་ཅན་ཐམས་ཅད་ཀྱི་ཞེས་པ་སྒྲུབ་པ་པོ་ཐམས་ཅད་ཀྱིའོ། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་པའོ། །ཞེས་
བྱ་བ་ནི། སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་རབ་ཏུ་སྒྲུབ་པ་ནི་འགུགས་པའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། བཤད་མ་ཐག་པའི་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་རྡོ་རྗེ་ཀྱོ་བ་བསྒོམ་པ་ནི། རྡོ་རྗེ་པདྨོ་རིགས་ལ་སོགས། །ཞེས་བྱ་བ་
སྟེ་སོགས་པ་ནི་དེ་བཞིན་གཤེགས་པ་དང་། རིན་པོ་ཆེ་དང་ལས་ཀྱི་རིགས་ཀྱི་སྒྲུབ་པ་པོས་ཀྱང་ཉམས་སུ་བླངས་པའོ། །འདི་ནི་ཞེས་པ་བཤད་མ་ཐག་པའི་སྙིང་ག་བསྐུལ་བ་སྟེ། དེ་བཞིན་གཤེགས་པའི་ཐུགས་རབ་ཏུ་བསྐུལ་བ་དེ་ནི། རོལ་མོ་ལྟར་འབྱུང་བས་ན་རོལ་མོའི་འབྱུང་བ་སྟེ། ཇི་ལྟར་
རོལ་མོ་ལ་གར་མཁན་ནི་གཅིག་པུ་ཉིད་ལས་བསྒྱུར་བས། དབང་པོ་ལ་སོགས་པ་གཞན་དུ་ཡོངས་སུ་རྟོགས་པར་བྱེད་པའོ། །དེ་བཞིན་དུ་འདིར་ཡང་ཐུགས་རྡོ་རྗེ་གཅིག་པུ་བསྒྲུབ་པར་བྱ་བ་དང་། སྒྲུབ་པ་པོ་དང་བསྒྲུབ་པའི་ཚུལ་གྱིས་ཡོངས་སུ་རྟོག་གོ་ཞེས་བྱ་བའི་བར་དུའོ། །ཐུགས་
ཡང་དག་པར་བསྐུལ་བ་འདིའི་དུས་ཀྱི་ཚད་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཡི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཡི་ནི་ཚུལ་མཆོག་འདི། །ཞེས་བྱ་བ་ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། ཆོ་ག་གང་གིས་ཁྲིད་ཅིང་དྲངས་པ་གང་ཡིན་པ་དེ་ནི་རྡོ་རྗེའི་ཚུལ་ལོ། །དེ་ལ་མཆོག་
Vol. 30 · folio 75a
ཏུ་གྱུར་ཅིང་ཕུལ་དུ་བྱུང་བས་ན། རྡོ་རྗེ་ཡི་ནི་ཚུལ་མཆོག་སྟེ། དེའི་ཆོ་ག་དེ་རྗེས་སུ་བསྒྲུབ་པར་བྱའོ། །ཞག་བདུན་བར་དུ་བྱས་ན་ནི། བརྩམས་པའི་ཉིན་མོ་ནས་བཟུང་སྟེ། ཉིན་ཞག་བདུན་གྱི་བར་དུ་བྱ་བའོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི། ཆོ་གའི་ཕན་ཡོན་གསུངས་
པ་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཅན་ནི་སྒྲུབ་པ་པོའོ། །གསང་བ་ནི་བླ་མའི་ལུང་ལས་རྙེད་པས་སོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བའི་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་སོ། །འགྲུབ་པར་འགྱུར་བ་ནི་སྒྲུབ་པ་པོ་ལའོ། །འཇིགས་ཤིང་ཞེས་བྱ་བ་ནི་འཇིགས་
པར་གྱུར་པ་སྟེ། འདའ་བས་འཇིགས་པའོ། །དེ་ལྟར་གྱུར་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་། སྐྲག་གྱུར་ནས་ཞེས་བྱ་བ་སྟེ། ཐུགས་རྗེའི་དབང་དུ་གྱུར་པས། བགེགས་མེད་པའི་ཐུགས་ཀྱི་སྒྲུབ་པ་པོ་ལ། མཆོག་སྩོལ་བར་གཟིགས་པར་འགྱུར་ཏེ། ཡིད་ལ་འདོད་པའི་དངོས་གྲུབ་སྩོལ་
བས་རྗེས་སུ་འཛིན་པར་མཛད་པའོ། །རྗེས་སུ་བཟུང་བར་མཛད་ནས་ཅི་ཞིག་མཛད་ཅེ་ན། ཡིད་ལ་མགུ་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་ལ་མངོན་པར་མགུ་བས་དགའ་ཞིང་སྡུག་པར་གྱུར་པའི་དངོས་གྲུབ་རྒྱ་ཆེ་ཞིང་། ཡངས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཚན་
ཉིད་ཅན་སྩོལ་ཅིང་སྟེར་བར་འགྱུར་རོ། །སུ་ཞིག་སྩོལ་བར་འགྱུར་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་མི་བསྐྱོད་པ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པའོ། །སྔགས་ཀྱི་སྤྱོད་པའི་མཆོག་སྒྲུབ་པས། །ཞེས་བྱ་བ་ནི།
བྱང་ཆུབ་ཉིད་ལ་སློབ་པའི་གྲུབ་པའི་སྐྱེས་བུ་རྣམས་སོ། །དེ་ལྟར་ནན་ཏན་མི་བྱེད་པའི་སྒྲུབ་པ་པོ་ཅིར་འགྱུར་ཞེ་ན། རྨོངས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་རྨོངས་པའི་བདག་ཉིད་ཅན་འདི་ནི་དེ་བཞིན་གཤེགས་པའོ། །བདག་ནི་ཐ་མལ་པའོ་ཞེས་གང་ཡོངས་སུ་རྟོགས་
པ་དེ་ནི་རྨོངས་པའོ། །དེ་ལྟ་བུའི་གཏི་མུག་གི་བདག་ཉིད་ཅན་གྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི། རྨོངས་པའི་བདག་ཉིད་ཅན་ཏེ། དེ་ནི་སྒྲུབ་པ་པོ་དེའི་སྲོག་གི་ཐ་མ་ཡིན་ཏེ། ལས་གང་གིས་དངོས་གྲུབ་ཏུ་འདོད་པའི་ལས་དེས་སྲོག་ཟད་པར་འགྱུར་གྱི་དངོས་གྲུབ་ཐོབ་པར་ཡང་མི་འགྱུར་ཏེ།
Vol. 30 · folio 75b
སྙིང་པོ་ཡང་དག་པར་བསྐུལ་བ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བར་དགོངས་ཏེ། སྒྲ་ཇི་བཞིན་པའོ། །དེ་ལྟར་ཐུན་མོང་གི་སྒྲུབ་པ་ལ་ཞུགས་པ་རྣམས་ཀྱི་སྙིང་པོ་ཡང་དག་པར་བསྐུལ་བའི་སྦྱོར་བ་བསྟན་ནས། ད་ནི་དངོས་གྲུབ་མཆོག་ལ་གནས་པ་རྣམས་ཀྱི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་
བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །གསུང་ནི་འདི་སྐད་ཅེས་བྱ་བ་ནི་ཚིག་འདི་སྐད་དོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་གསུངས་པའོ། །གང་སུ་ཡང་རུང་བའི་སྔགས་ཀྱི་གསང་བ་ལ་ཞུགས་པའི་སྐྱེས་བུ་ནི། སྔགས་ཀྱི་སྐྱེས་བུ་ཇི་སྙེད་
པའོ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེས་ཡོངས་སུ་རྫོགས་པས་ན་ཡོངས་སུ་རྫོགས་པའོ། །དེ་རྣམས་ཀྱི་དངོས་པོ་ཐམས་ཅད་བརྟག་པ་ནི་དབང་པོ་གཉིས་ཀྱི་སྦྱོར་བས་འགྱུར་གྱི་གཞན་གྱིས་ནི་མ་ཡིན་ཏེ། དངོས་པོ་ཐམས་ཅད་བརྟག་པར་བྱ། །
ཞེས་བྱ་བ་ལ། དངོས་པོ་ཐམས་ཅད་ནི་བཤད་མ་ཐག་པ་དང་། འོག་ནས་བཤད་པ་སྟེ་སྒྲུབ་པ་དང་བསྒྲུབ་པར་བྱ་བ་ལ་སོགས་པའི་རབ་ཏུ་སྦྱོར་བའོ། །དེ་རྣམས་ཀྱི་བརྟག་པ་ནི་བསྐྱེད་པའོ། །དེ་ནི། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །ཞེས་བྱ་བ་སྟེ། དབང་པོ་གཉིས་ནི་བདེན་པ་གཉིས་
སོ། །དེའི་སྦྱོར་བ་ནི་གཅིག་ཏུ་འདུས་པ་སྟེ། དེས་འགྱུར་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཅི་ཡང་རུང་བ་དེ་ནི། དབང་པོ་གཉིས་ཀྱི་སྦྱོར་བ་དང་བྲལ་བས་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་གང་བཤད་
མ་ཐག་པའི་སྦྱོར་བས་སྒྲུབ་པ་རྫོགས་པར་བྱེད་པ་འདི་ནི། སངས་རྒྱས་ཐམས་ཅད་ཀྱི་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་སྔགས་ཀྱི་དམ་ཚིག་སྟེ། འདའ་བར་མི་བྱ་བ་གང་ཡིན་པ་དེ་ནི་སྔགས་ཀྱི་དམ་ཚིག་གོ། །དེ་རྣམས་ཀྱི་བསྒོམ་པ་ནི་བསྒོམ་པའི་ཐབས་སོ། །རིག་
མའི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པས་ནི། དབང་པོ་གཉིས་ཀྱི་སྦྱོར་བའི་ཐབས་གསུངས་པ་ཡིན་ཏེ། རིག་མའི་དབང་ཕྱུག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེར་ཞུགས་པས་ཕུང་པོ་ལ་སོགས་པ་རྣམས་མི་སྣང་བར་བྱས་ནས། རྡོ་རྗེའི་སྦྱོར་བ་སྟེ། ཀུན་རྫོབ་དང་། དོན་
Vol. 30 · folio 76a
དམ་པའི་བདེན་པ་ཞེས་གྲགས་པའི་སྦྱོར་བ་སྟེ། སྦྱོར་བ་ནི་གཅིག་ཏུ་བྱས་པ་ཡིན་ལ། དེ་བསྒོམ་པར་བྱ་བའོ། །དེ་ནས་གྲུབ་པར་གྱུར་ན་ཅི་ཞིག་བྱ་ཞེ་ན། ཆགས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དམ་པའི་བདེན་པ་ལ་ཞུགས་པའི་འོག་ཏུ་བདེན་པ་གཉིས་ཀྱི་
བདག་ཉིད་ཅན་གྱི་རང་གི་ཕྱག་རྒྱ་ཆེན་པོ་བསྐྱེད་ལ། དེ་ཁམས་གསུམ་དུ་ཡོངས་སུ་མི་སྤོང་བའི་སྦྱོར་བས་ཆགས་ཤིང་ཞེན་པ་དང་། ཆགས་པས་ལྟ་བ་ནི་ཁམས་གསུམ་ན་གནས་པའི་སེམས་ཅན་གྱི་ཚོགས་རྣམས་ཀྱིས་འདི་ནི་བདག་ཅག་གི་ཕའོ་ཞེས་བྱ་བ་ལ་སོགས་པའི་བློ་བསྐྱེད་དེ། ཆགས་པ་
དང་བཅས་ཤིང་མང་དུ་གཅེས་པར་འཛིན་པའི་ལྟ་བས་བལྟ་བར་ཤེས་པར་བྱའོ། །འདི་ནི་ཞེས་པ་བཤད་མ་ཐག་པ་གང་ཡིན་པ་དེ་ནི་དམ་ཚིག་གི་དཀྱིལ་འཁོར་ཏེ། དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་དཀྱིལ་འཁོར་ནི་སྙིང་པོར་གྱུར་པའོ། །དེ་ལེན་ཅིང་འཛིན་པས་ན་དམ་ཚིག་གི་དཀྱིལ་འཁོར་
ཏེ། དེ་གང་ཞེ་ན་ཆོ་གའོ། །དེ་ལྟར་ཐབས་དང་བཅས་ཤིང་འབྲས་བུ་དང་བཅས་པའི་ཐུགས་ཡང་དག་པར་བསྐུལ་བ་བསྟན་ནས། དེ་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་རབ་ཏུ་འཇུག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཀུན་ནི་རྣམ་པར་སྣང་
མཛད་ལ་སོགས་པར་ཡོངས་སུ་བརྟག་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །དེ་རྣམས་ཀྱི་བདག་ཉིད་ནི་ངོ་བོ་ཉིད་དེ་དོན་དམ་པའི་བདེན་པའོ། །དེ་ལས་སྐྱེས་པས་ན་དེ་བཞིན་གཤེགས་པ་ཀུན་གྱི་སྲས་ཏེ། རྡོ་རྗེ་འཆང་ཆེན་པོའོ། །སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བར་གྱུར་པས་
ན། ཐམས་ཅད་དབང་བསྐུར་རོ། །དེ་ཉིད་ཀྱིས་ན་སངས་རྒྱས་ཀུན་གྱི་གཙོ་སྟེ། དེས་འོག་ནས་བཤད་པའི་གསུང་འདི་སྐད་ཅེས་བཀའ་སྩལ་པའོ། །འཇིག་རྟེན་ཁམས་ནི་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་མུ་མེད་པ་ཐམས་ཅད་ན་ཐ་མ་དང་འབྲིང་དང་མཆོག་གི་
དབྱེ་བས་ཕྱེ་བའི་བུད་མེད་ཇི་སྙེད་ཡོད་པར་གྲགས་པ་ཀུན། གཟུགས་རྡོ་རྗེ་ལ་སོགས་པར་ཡོངས་སུ་བརྟགས་ལ། ཕྱག་རྒྱ་ཆེན་པོ་ནི་རྣམ་པ་གཉིས་ཏེ། གང་ཡིན་ཞེ་ན། སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུའོ། །དེ་ལ་སོགས་པའི་སྦྱོར་བ་ནི་དེ་ཁོ་ན་ཉིད་ལ་དམིགས་པ་སྟེ། དེས་གཟུགས་ལ་སོགས་
Vol. 30 · folio 76b
པའི་ཡུལ་དེ་རྣམས་ཉེ་བར་ལོངས་སྤྱོད་པར་བྱའོ། །བྱེ་བ་གྲངས་མེད་རྡོ་རྗེ་འཛིན། །སངས་རྒྱས་གནས་ནི་དེར་སྤྲོ་བྱ། །ཞེས་བྱ་བ་ལ། བྱེ་བ་གྲངས་མེད་པའི་ཚད་དང་ལྡན་པའི་སངས་རྒྱས་གནས་ཏེ། སངས་རྒྱས་ཀྱི་སྤྲུལ་པ་འདི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་སྦྱོར་བ་དེར་རྡོ་རྗེ་འཛིན་ཅེས་
པ་རྡོ་རྗེ་ཅན་གྱིས་སྤྲོ་བར་བྱའོ་ཞེས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་དམ་ཚིག་སྟེ། རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་འདི་ཡིས་ཐོབ་པར་འགྱུར། །ཞེས་བྱ་བ་ནི། འདི་ཐམས་ཅད་ཀྱི་རང་གི་ངོ་བོ་རྟོགས་པར་མཛད་པས་ན་བྱང་ཆུབ་སྟེ། དེ་སྦྱོར་བ་འདི་ཡིས་
ཐོབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་གསུམ་པོ་མཁའ་འདྲ་བའི། །ཞེས་བྱ་སྟེ། སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་ནི། རེག་པར་བྱར་མེད་པས་ནམ་མཁའ་ལྟ་བུ་སྟེ། བྱང་ཆུབ་དེ་འཐོབ་པར་འགྱུར་བའོ། །སློབ་པ་ལ་གནས་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་
སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེ་བར་གདགས་པས་ན་ཡོན་ཏན་ཉིད་རྒྱལ་བ་སྟེ། དེ་རྣམས་ཀྱི་གནས་སུ་འགྱུར་བ་ནི་ཇི་ལྟར་རྒྱ་མཚོ་རིན་པོ་ཆེ་ཀུན་གྱི་གནས་སུ་གྱུར་པ་བཞིན། སློབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཉིད། རྡོ་རྗེ་སེམས་དཔའ་ལྟ་བུའི་བདེ་བ་
དམ་པ་དང་། ནད་མེད་པ་ལ་སོགས་པ་ཐོབ་ཅིང་ཚེ་རིང་བ་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའི་ཚེ་སྟེ། དེས་འཐོབ་པར་འགྱུར་བ་སྟེ། དགོངས་པས་བཤད་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་
པོ་བསྐུལ་བའི་ལེའུའོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་པ་མཐའ་དྲུག་གིས་བཤད་པའོ།། །།དེ་ལྟར་རྣལ་འབྱོར་པ་གཉིས་ཀྱི་སྙིང་པོ་བསྐུལ་བ་རྣམ་པ་གཉིས་བཤད་ནས། རྟོག་པ་དང་རྫོགས་པའི་རྣལ་འབྱོར་པ་རྣམས་ཀྱི་
ལྷའི་སྐུ་རྣམ་པ་གཉིས་པ་ལེའུ་དང་པོ་ལས་གསུངས་པ་གསལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་གཅིག་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི། ཨོཾ་ལ་སོགས་པའི་ཡི་གེ་གསུམ་མོ། །དེས་བསྐྱེད་པར་གྱུར་པའི་སྐྱེས་བུའི་མཆོག་ནི་ལྷ་སྟེ།
Vol. 30 · folio 77a
ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་ཐུགས་རྩེ་གཅིག་ཏུ་བཞག་ནས་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས་འདི་གསུངས་ཏེ། དེ་གང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་གསང་བར་གྱུར་པའི་རྡོ་རྗེ་རིག་པ་ནི། ཨོཾ་ལ་སོགས་
པ་ཡི་གེ་གསུམ་པོ་ཉིད་དོ། །དེ་རྣམས་ཀྱིས་གང་དུ་སྐྱེས་བུ་སྟེ། ལྷ་བསྐྱེད་པའི་ལེའུ་དེ་གསུངས་སོ་ཞེས་པ་སྟེ། སྡུད་པ་པོའི་ཚིག་གོ། །དོན་འདི་ཉིད་བཅོམ་ལྡན་འདས་ཀྱི་གསུང་གིས་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་གསུམ་ནི་སྐུ་དང་གསུང་
དང་ཐུགས་རྡོ་རྗེའོ། །དེ་སྐྱེད་པར་བྱེད་པའི་ཡི་གེ་ཨོཾ་ལ་སོགས་པ་ནི། རྡོ་རྗེ་གསུམ་ཡིག་སྟེ། དེ་ལས་སྔགས་ཐམས་ཅད་འབྱུང་བས་ན་སྔགས་ཀྱི་མཆོག་ཡིན་ལ། དེས་ཕྱག་རྒྱ་ཆེན་པོ་རྣམ་པར་བསྒོམ་པར་བྱའོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་ས་འོག་ས་སྟེང་ས་བླ་ན་རབ་ཏུ་མཆོད་པ་ཡིན་པའི་
ཕྱིར། མཆོད་པས་ཆེ་བའི་དགའ་ཞིང་མགུ་བར་འགྲོ་ཞིང་སོན་པར་གྱུར་པས་ན་ཕྱག་རྒྱ་ཆེན་པོའོ། །དེ་རྣམ་པར་བསྒོམ་པ་ནི་ཉམས་སུ་བླངས་པའོ། །བྱང་ཆུབ་ཐམས་ཅད་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་སྟེ། དེ་འཐོབ་པའོ། །ཡེ་ཤེས་རྡོ་རྗེ་ནི་སྒྲུབ་པ་པོ་སྟེ་དེས་བྱ་བའོ། །ཨོཾ་ཞེས་བྱ་བ་
ལ་སོགས་པས་ནི་ཡི་གེ་གསུམ་གྱི་བྱ་བ་གང་ཡིན་པ་སྟེ། ཡི་གེ་ཨོཾ་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། དེས་རྣལ་འབྱོར་པའི་མི་ཕྱེད་པའི་ལུས་སྐྱེད་པས་ན་རྡོ་རྗེ་སྐུ་ནི་ཐོབ་བྱེད་པའོ། །བྱང་ཆུབ་ནི་དེ་ཁོ་ན་ཉིད་དོ། །དེ་ལས་སྤྲུལ་ཞིང་བྱུང་བའི་བདག་ཉིད་གང་ཡིན་པ་དེ་ནི་བདག་མེད་པ་སྟེ།
འོད་དཔག་ཏུ་མེད་པའོ། །དེའི་ངོ་བོ་ཉིད་ནི་བདག་མེད་པ་སྟེ་བདག་མེད་པ་ནི་ཡི་གེ་ཨཱཿ་འོ། །དེའི་ངོ་བོ་ཉིད་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་མི་ཕྱེད་པའི་གསུང་སྐྱེད་པར་བྱེད་པས་ན། རྡོ་རྗེ་གསུང་ནི་འཐོབ་བྱེད་པའོ། །སྐུ་དང་གསུང་ལ་བརྟེན་པར་གྱུར་པའི་ཐུགས་ནི་སྐུ་གསུང་ཐུགས་ཏེ། མ་བསྐྱོད་
པའི་ངོ་བོ་ཉིད་ཀྱི་རྡོ་རྗེ་གསུམ་དང་མི་ཕྱེད་པས། ཐ་མི་དད་པ་ཉིད་གང་ཡིན་པ་དེ་ནི། རྡོ་རྗེ་མི་ཕྱེད་པ་གསུམ་མོ། །ཐུགས་དེ་རྣལ་འབྱོར་པའི་རྒྱུད་ལ་སྐྱེད་པར་བྱེད་པས་ན་རྡོ་རྗེ་མི་ཕྱེད་གསུམ་འཐོབ་པ་སྟེ། ཡི་གེ་ཧཱུཾ་ལ་དེ་སྐད་ཅེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་
Vol. 30 · folio 77b
དང་ཐུགས་ཀྱི་སྔགས་སྐྱེས་བུ་ནི་རྡོ་རྗེ་འཆང་ཆེན་པོའོ། །བཤད་མ་ཐག་པའི་ཕྱག་རྒྱ་ཆེན་པོ་བསྐྱེད་པ་རིམ་བཞིན་དུ་བསྟན་པར་བྱ་བའི་ཕྱིར། ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་རྡོ་རྗེའི་དབུས་དེར་ཆུད་ཅིང་གནས་པར་དཀྱིལ་འཁོར་རྡོ་རྗེ་ཀུན་ལས་སྐྱེས་པ་བསམ་པར་
བྱ་སྟེ། རྡོ་རྗེ་ཀུན་གྱི་སྤྱན་ལ་སོགས་པ་ལྷ་མོ་བཞི་ཡིན་ལ། དེ་རྣམས་ཀྱི་རིམ་གྱིས་བསྐྱེད་པའི་དཀྱིལ་འཁོར་བསྒོམ་པར་བྱ་བའོ། །དེ་རུ་སྟེ་སའི་ཆ་དེའི་སྟེང་དུ་ཡི་གེ་བྷྲཱུཾ་གཞལ་ཡས་ཁང་བསྐྱེད་པའི་རྒྱུར་གྱུར་པ་བསམ་པར་བྱའོ། །རྡོ་རྗེའི་སྤྲིན་ནི་དེ་བཞིན་གཤེགས་པའི་ཚོགས་ཏེ། དེ་
རྣམས་ལྷག་པར་མོས་པས་ཇི་ལྟ་བ་བཞིན་དུ་སྤྲོ་བ་ནི་འཕྲོ་བ་སྟེ། དེ་སྐྱེད་ཅིང་འཛིན་པར་བྱེད་པས་ན་རྡོ་རྗེ་སྤྲིན་ནི་འཕྲོ་སྐྱེད་པ་སྟེ་ཡི་གེ་བྷྲཱུཾ་མོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་ཡི་གེ་བྷྲཱུཾ་སྟོན་ཏོ། །རྡོ་རྗེའི་དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་ཏེ། དེའི་དབུས་ཡི་གེ་ཧཱུཾ་གནས་པར་བསྒོམ་པར་བྱ་
བ་སྟེ། ཡི་གེ་ཧཱུཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱའོ་ཞེས་བྱ་བར་དགོངས་སོ། །དེ་བཞིན་དུ་ཡི་གེ་ཨོཾ་དང་ཨཱཿ་ལས་བྱུང་བའི་ཟླ་བ་དང་པདྨའི་དཀྱིལ་འཁོར་ཡང་བསྒོམ་པར་བྱའོ། །དེ་ལྟར་དཀྱིལ་འཁོར་གསུམ་པོ་བསྐྱེད་ནས། པདྨའི་ལྟེ་བའི་སྟེང་དུ་ས་བོན་
གསུམ་པོ་དེ་ཉིད་རྣམ་པར་དགོད་པར་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །ཡི་གེ་བྷྲཱུཾ་གྱིས་གནས་བསྒོམས་ཏེ། །ཞེས་བྱ་བ་ལ་སོགས་པས་ནི། སྔར་བཤད་པའི་དོན་ངེས་པར་བྱེད་དེ། དེ་བཞིན་དུ་གཞིའི་དཀྱིལ་འཁོར་བསམས་ལ་མཚན་མ་གསུམ་བསྒོམ་པར་བྱའི་གཞན་དུ་ནི་མ་ཡིན་ནོ། །
སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ། དུས་གསུམ་སངས་རྒྱས་ཀྱི་ནི། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིའོ། །སྙིང་པོ་ནི་ཟླ་བའི་དཀྱིལ་འཁོར་ཏེ་ཐུགས་ཀྱི་མཚན་མར་གྱུར་པ་ཡིན་པའི་ཕྱིར་རོ། །སྐུ་གསུང་ཐུགས་ནི་ཡི་གེ་གསུམ་མོ། །དེས་གང་ལ་ཞེན་ཅིང་གནས་པ་དེ་ནི་
སྐུ་གསུང་ཐུགས་ནི་མཉེས་བྱེད་པ་སྟེ། ཟླ་བའི་གཟུགས་དང་མཚན་མ་གསུམ་ཉེ་བར་གོམས་པ་བསྒོམ་པར་བྱའོ། །དེ་ནས་ཅི་ཞིག་ཅེ་ན། ཨོཾ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟླ་བའི་དཀྱིལ་འཁོར་དེར་སངས་རྒྱས་ཀྱི་སྐུ་ཞེས་བྱ་བར་བཏགས་པ་ཡི་གེ་ཨོཾ་དང་། དེ་བཞིན་
Vol. 30 · folio 78a
དུ་སངས་རྒྱས་ཀྱི་གསུང་གི་ལམ་ཡི་གེ་ཨཱཿ་དང་། ཡེ་ཤེས་ཀྱི་རང་བཞིན་གྱི་ཚོགས་གང་ལ་ཡོད་པ་དེ་ནི་ཡེ་ཤེས་འཇིང་སྟེ་ཐུགས་སོ། །དེའི་ངོ་བོ་ཉིད་ནི་ཡི་གེ་ཧཱུཾ་ངོ་། །དེ་ལྟར་ན་ཡི་གེ་གསུམ་པོ་འདི་ནི། བྱང་ཆུབ་ཚུལ་མཆོག་འདི་ཡིན་ཏེ། །ཞེས་བྱ་བ་སྟེ། བྱང་ཆུབ་ནི་བདེ་
བ་ཆེན་པོའི་གནས་སོ། །དེར་འཁྲིད་ཅིང་ཐོབ་པར་བྱེད་པས་ན་ཚུལ་ཏེ། དེ་གང་ཡིན་ཞེ་ན། ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་ཡང་དག་པར་བྱུང་བའི་མངོན་པར་བྱང་ཆུབ་པ་ལྔ་སྟོན་པར་བྱེད་པའི་རྡོ་རྗེའོ། །དེ་ཉིད་མཆོག་སྟེ། རིགས་ཐམས་ཅད་ཀྱི་དམ་པ་ཡིན་པའི་ཕྱིར་ཏེ། དེ་ནི་ཡི་གེ་གསུམ་
པོ་འདི་ཡིན་ནོ། །འདི་ནི་ཞེས་བྱ་བ་བཤད་མ་ཐག་པའི་རྡོ་རྗེ་གང་ཡིན་པ་དེ་ནི། སངས་རྒྱས་ཐམས་ཅད་དེ། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པ་རྣམས་ཀྱི་སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་སྒྲུབ་པར་བྱེད་པ་སྟེ། བསྐྱེད་པའི་རིམ་གྱིས་ཕྱག་རྒྱ་ཆེན་པོ་རྫོགས་པར་བྱེད་པའོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ལ་
སོགས་པ་ལ་འདི་དག་ནི། ཕྱག་རྒྱ་ཆེན་པོའི་ངོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་རྡོ་རྗེ་འཆང་ཆེན་པོས་སྤྲུལ་པ་སྟེ་རབ་ཏུ་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཏེ་རིན་པོ་ཆེ་ལྟ་བུའི་གང་ཟག་གོ། །དེ་རྣམས་ཀྱི་རྒྱུ་ནི་ཀུན་རྫོབ་ཀྱི་བདེན་པའོ། །འབྲས་བུ་ནི་དོན་དམ་པའི་བདེན་པ་སྟེ། རྒྱུ་དང་འབྲས་བུ་
དག་འབྱུང་བ། །ཞེས་བྱ་བ་ནི་སྐྱེད་པ་ཞེས་པ་སྟེ། རྒྱུ་དང་འབྲས་བུ་ལས་བྱུང་བའི་ཡོངས་སུ་དག་པའི་ལྷའི་སྐུ་ཡིན་ལ། དེའི་དོན་དུ་རྡོ་རྗེ་འཆང་ཆེན་པོའི་སྤྲུལ་པའོ། །འདི་དག་ཅེས་བྱ་བ་ལ་སོགས་པ་ལ། སྔགས་ཀྱི་རིག་པ་ཞེས་རྟོག་པ་ལ་སོགས་པར་བསྒྲགས་པ་ནི། དམ་ཚིག་དག་གིས་
རྫོགས་པར་འགྱུར། །ཞེས་བྱ་བ་སྟེ། དམ་ཚིག་ནི་བསྲུང་བ་དང་བཟའ་བ་ལ་སོགས་པ་དང་བཅས་པར་བཤད་པའོ། །ཏོགས་པར་འགྱུར་བ་ནི་སྔོན་དུ་བསྙེན་པ་དང་བཅས་པར་གསུངས་པའོ། །འདི་དག་ནི་སངས་རྒྱས་སྐྱེས་བུ་སྟེ། མི་བསྐྱོད་པ་ལ་སོགས་པ་ཉིད་ཡིན་ཏེ། དེ་ལས་
གཞན་མ་ཡིན་པའོ། །གང་གིས་ཤེ་ན། རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པའི། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི། དོན་འདི་ཉིད་ཉེ་བར་སྡུད་པར་མཛད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་
Vol. 30 · folio 78b
ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་ཡི་གེ་གསུམ་མོ། །དེའི་དམ་ཚིག་ནི་དེ་ལས་བྱུང་བ་ཉི་མའི་དཀྱིལ་འཁོར་ལ་སོགས་པ་རྣམ་པ་གསུམ་མོ། །དེ་ལ་དེའི་དེ་ཁོ་ན་ཉིད་ནི་པདྨའི་སྟེང་གི་ཡི་གེ་གསུམ་མོ། །ཡེ་ཤེས་ཞེས་བྱ་བ་ནི། ཐམས་ཅད་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བའི་དཀྱིལ་
འཁོར་རོ། །རྡོ་རྗེ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་བཀོད་པའི་ཡི་གེ་གསུམ་ལས་བྱུང་བ་རྡོ་རྗེ་ཆེན་པོ་རྩེ་ལྔ་པའོ། །དེས་བྱིན་གྱིས་བརླབས་ཤིང་བསྐྱེད་པས་ན་བྱིན་གྱིས་རློབ་པ་སྟེ། ཕྱག་རྒྱ་ཆེན་པོའི་གཟུགས་སོ། །དེའི་རྒྱུ་ནི་བྱེད་པ་སྟེ་དེ་སྐྱེད་པ་ལ་ཐུགས་རྩེ་གཅིག་ཏུ་
མཛད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དབེན་ཞིང་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པ་པོའི་ནན་ཏན་ལྷུར་བྱ་བའི་གནས་གསུངས་པ་ཡིན་ཏེ། དབེན་པ་ནི་སྐྱེ་བོ་འདུས་པ་དང་བྲལ་བར་རོ། །ཉམས་དགའ་བ་ཞེས་བྱ་བ་ནི་མེ་ཏོག་དང་འབྲས་བུ་དང་། ལོ་མ་དང་ལྡན་པའི་
ཤིང་རྣམ་པ་སྣ་ཚོགས་ཀྱི་ཡལ་གས་ཁེབས་པ། ཡིད་དུ་འོང་བའི་ཆུའི་ཚོགས་ཀྱིས་རྣམ་པར་མཛེས་པ། ཡིད་དང་རྗེས་སུ་མཐུན་པའི་གནས་སུ་འདུག་པའི་སྒྲུབ་པ་པོ་གང་ཡིན་པས། བཤད་མ་ཐག་པ་སྦྱོར་བ་འདི་ཀུན་དུ་བརྩམ་ཞིང་བསླབ་པར་བྱ་སྟེ། དེས་ནི་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་
ཏེ། རྡོ་རྗེ་འཆང་ཆེན་པོ་འགྲུབ་པར་བསྒྲུབ་པར་བྱའོ། །ཟླ་བ་ཕྱེད་ཀྱིས་ཞེས་བྱ་བ་ནི་བླ་མ་དང་ལྷ་རྣམས་ཀྱི་ཡུལ་ལ་ཡིད་ཆེས་པར་གྱུར་པ་སྟེ། དེ་ལ་རྩེ་གཅིག་ཏུ་ངེས་ཤིང་བརྟུན་པས་འགྲུབ་པར་ཐེ་ཚོམ་མེད་པས་ངེས་པར་སྐུ་དང་གསུང་དང་ཐུགས་སྒྲུབ་པ་སྟེ། རིམ་པ་འདིས་བསྐྱེད་པའི་
རིམ་པ་ལ་སློབ་པའི་སྔགས་པས་རྫོགས་པའི་ཏིང་ངེ་འཛིན་མངོན་པར་རྟོགས་པར་བྱས་ན་ངེས་པར་ཚེ་འདི་ཉིད་ལ་རྡོ་རྗེ་འཆང་ཆེན་པོ་ཉིད་འཐོབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པའི་བསྐྱེད་པའི་རིམ་པ་བསྒྲུབ་པ་ཡང་དག་པར་བསྟན་ནས། རྣམ་
པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱི་དྲན་པ་གཅིག་པའི་ཏིང་ངེ་འཛིན་བསྟན་པར་བྱ་བའི་ཕྱིར། གསལ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསལ་བའི་དཀྱིལ་འཁོར་དམ་པ་ནི། །ནམ་མཁའ་རྡོ་རྗེའི་དབུས་བསམས་ཏེ། །ཞེས་བྱ་བ་དང་། དངོས་པོ་
Vol. 30 · folio 79a
མེད་པར་བསྒོམ་པའི་དངོས་པོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་རིམ་གྱིས། གཞལ་ཡས་ཁང་གི་ནང་དུ་ལྷ་སུམ་ཅུ་རྩ་གཉིས་རྣམ་པར་དགོད་པའི་མཐར་ཐུག་པར་ལྷག་པར་མོས་པས་སྙོམས་པར་ཞུགས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་
ཐམས་ཅད་དངོས་པོ་མེད་པར་བྱས་ལ། ཨོཾ་ལ་སོགས་པའི་ཡི་གེ་གསུམ་གྱིས་ཟླ་བ་དང་ཉི་མ་དང་པདྨ་བསྐྱེད་ལ། པདྨའི་ལྟེ་བའི་སྟེང་དུ་ཡི་གེ་གསུམ་རྣམ་པར་བསམས་ནས། དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་གསལ་བའི་དཀྱིལ་འཁོར་ཏེ། ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ་པར་
བྱའོ། །རང་གི་སྔགས་ཀྱི་དམ་ཚིག་བསྐྱེད། །ཅེས་བྱ་བ་ནི། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གསུམ་རྣམ་པར་བཀོད་ལ། དེ་ཡོངས་སུ་གྱུར་པ་ལས་འཁོར་ལོར་བསྒོམས་ལ། དེ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་དམ་ཚིག་སེམས་དཔའ་བསྒོམ་པར་བྱའོ། །དེའི་ཐུགས་ཀར་ཡེ་
ཤེས་སེམས་དཔའ་བསྒོམས་ལ། དེའི་ཡང་ཐུགས་ཀར་ཡི་གེ་ཨོཾ་ཏིང་ངེ་འཛིན་སེམས་དཔའ་ཞེས་གྲགས་པ་སྙིང་པོར་གྱུར་པ། འོད་ཟེར་ལྔ་སྟེ་འོད་ཟེར་རྣམ་པ་ལྔ་དང་ལྡན་པ་དགོད་པར་བྱ་བས། རྣམ་པར་སྣང་མཛད་མཆོག་ཏུ་བསྒོམས་ལ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་རྣམས་ཀྱི་སྤྲིན་ཆེན་
པོ་སྟེ། རྣམ་པར་སྣང་མཛད་ཀྱི་ཚོགས་དེ་རྣམས་ཀྱི་ཡི་གེ་ཨོཾ་ལས་སྤྲོ་བར་བསྒོམ་པར་བྱའོ། །འདི་ཡིས་ཞེས་པ་ཏིང་ངེ་འཛིན་འདི་ཡིས་སངས་རྒྱས་ཏེ། བསྐྱེད་པའི་རིམ་པ་ཤེས་པ་རྣམས་ཀྱི་རྣམ་པར་སྣང་མཛད་ཀྱིས་རང་གི་རིགས་རྣམས་རྒྱ་མཚོ་དང་འདྲ་བར་འབྱུང་བར་འགྱུར་བས་ན། དེ་སྒྲུབ་
པ་པོ་གང་གི་ཡིན་པ་དེའི་ལུས་འགྲུབ་པར་འགྱུར་རོ། །ཡེ་ཤེས་ལྔ་ལྡན་བསྟན་ན་ནི། །ཞེས་བྱ་བ་ལ། ཤེས་པ་ལྔ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་རྣམས་ཏེ། དེ་རྣམས་གང་ལ་གནས་པའི་གཟུགས་ལ་སོགས་པའི་ཡུལ་རྣམས་གང་ཡིན་པ་དེ་ནི། ཡེ་ཤེས་ལྔ་ལྡན་ཏེ་དེ་ཉམས་སུ་
མྱོང་བས་འཁོར་བ་ཇི་སྲིད་པར་གནས་པའོ། །སངས་རྒྱས་སྐུ་ནི་ཞེས་པ་ནི་མཚན་མ་ཐམས་ཅད་དང་ལྡན་པའི་རྡོ་རྗེའི་སྐུའོ། །དེ་དང་འདྲ་བའི་མདོག་ན་དེ་འདྲ་བའི་རྫུ་འཕྲུལ་འགྲུབ་པའོ། །རྡོ་རྗེ་བསྐལ་པ་གསུམ་དུ་གནས། །ཞེས་པ་ནི། རྡོ་རྗེ་སེམས་དཔའི་གཙོ་བོར་གྱུར་ནས། བསྐལ་
Vol. 30 · folio 79b
པ་གསུམ་དུ་གནས་པས་ཞུགས་པའོ། །ཟླ་བ་ཕྱེད་ཀྱིས་འགྲུབ་པར་འགྱུར། །ཞེས་པ་ནི། ཏིང་ངེ་འཛིན་ལ་ཀུན་ཏུ་ཞེན་པ་ཙམ་གྱིས་ཏེ། བྱ་བའི་སྤྲོས་པ་ལྟོས་པ་མེད་པ་ཉིད་ཀྱིས་སོ་ཞེས་བྱ་བར་དགོངས་སོ་ཞེས་བཅོམ་ལྡན་འདས་སྐུ་རྡོ་རྗེ་གསང་བ་སྟེ། རྡོ་རྗེ་འཆང་ཆེན་པོས་གསུངས་པའོ། །དེ་
བཞིན་གཤེགས་པ་ཐམས་ཅད་ནི་ཟླ་བའི་དཀྱིལ་འཁོར་རོ། །དེར་རྡོ་རྗེ་ནི་མི་ཕྱེད་པའི་ངོ་བོ་ཉིད་ཀྱི་འཁོར་ལོའོ། །དེའི་འོད་ཟེར་གྱི་བཀོད་པ་ནི་ཕྱག་རྒྱ་ཆེན་པོའི་གཟུགས་ཏེ། དེ་བསྐྱེད་པའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་འོད་ཟེར་བཀོད་པ་ཞེས་བྱའོ། །ཆོས་
ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་དུ་ཐམས་ཅད་བསྐྱེད་ལ། ཆོས་ཀྱི་འཁོར་ཏེ་པདྨའི་མཆོག་དམར་པོ་འདབ་མ་བརྒྱད་པ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་རང་གི་སྔགས་ཀྱིས་སྐྱེས་བུ་འོད་དཔག་ཏུ་མེད་པ་བསྐྱེད་ལ། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་
བསྒོམས་ནས། ངག་གི་ལམ་ཡེ་ཤེས་སེམས་དཔའ་ལ། ཏིང་ངེ་འཛིན་གྱི་སེམས་དཔའ་ཡི་གེ་ཨཱཿབསམ་པ་སྟེ། ཁ་དོག་སྣ་ལྔ་པའི་པདྨ་ཆེན་པོ་མི་ཕྱེད་པའི་ངོ་བོ་ཉིད། འཇིག་རྟེན་དབང་ཕྱུག་གི་མཆོག་བསྒོམ་པ་སྟེ། འོད་དཔག་ཏུ་མེད་པར་གཏོགས་པའི་སེམས་ཀྱི་འཇུག་པས་
བཀོད་པའོ། །དམ་ཚིག་ཡེ་ཤེས་རྫོགས་བྱས་ཏེ། །ཚིག་གི་དམ་ཚིག་ལྔ་ཡི་མཆོག །ཞེས་བྱ་བ་ལ། དམ་ཚིག་ནི་དམ་ཚིག་སེམས་དཔའོ། །ཡེ་ཤེས་ནི་ཡེ་ཤེས་སེམས་དཔའོ། །ཚིག་གི་དམ་ཚིག་ནི་ཏིང་ངེ་འཛིན་གྱི་སེམས་དཔའ་སྟེ། རྫོགས་པར་བྱ་བ་ནི་སེམས་དཔའ་གསུམ་
པོ་དེ་དག་གཅིག་ཏུ་བྱས་ནས་བསྒོམ་པའོ། །ཚུལ་འདི་ཉིད་ཀྱིས་ནི་ལྔའི་མཆོག་སྟེ། དེ་བཞིན་གཤེགས་པ་ལྔ་པོ་རྣམས་སེམས་དཔའ་སུམ་བརྩེགས་བྱས་ནས་བསྒོམ་པར་བྱ་བའོ། །ཆོས་ཀྱི་ཚིག་གི་ལམ་ནི་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ཏོ། །གནས་པ་ནི་ཡང་དག་པར་
ཐོབ་པའོ། །རྡོ་རྗེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཆོས་ནི་དོན་དམ་པའི་བདེན་པ་སྟེ། ཆོས་དང་ལྡན་པའི་རྡོ་རྗེ་ནི་རྡོ་རྗེ་ཆོས་ཏེ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྟེ་འཐོབ་པར་འགྱུར་བའོ། །ཡེ་ཤེས་ལྔ་ལྡན་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་
Vol. 30 · folio 80a
པ་ཐམས་ཅད་ནི་ཡེ་ཤེས་སེམས་དཔའོ། །གསུང་རྡོ་རྗེ་ནི་ཏིང་ངེ་འཛིན་སེམས་དཔའོ། །དམ་ཚིག་ནི་དམ་ཚིག་སེམས་དཔའ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་དམ་ཚིག་གང་དུ་འབྱུང་བའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེའི་དཀྱིལ་འཁོར་
ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་ཐམས་ཅད་བསྐྱེད་ལ། རང་གི་སྔགས་ཀྱིས་སྐྱེས་བུ་དམ་ཚིག་སེམས་དཔའ་བསྐྱེད་ནས། སེམས་དེ་ཡེ་ཤེས་སེམས་དཔའ་ལ་ཏིང་ངེ་འཛིན་སེམས་དཔའ་ཞེས་བྱ་བ་ཡི་གེ་ཧཱུཾ་དེ་ལ་གནས་པ་སྟེ། ཡེ་ཤེས་སེམས་དཔའི་ཐུགས་ཀར་
གནས་པར་བསམ་པར་བྱའོ། །དེ་ལྟར་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད། མི་བསྐྱོད་པའི་ཁ་དོག་ལྔ་པའི་འོད་ཟེར་ཅན་གྱི་དཀྱིལ་འཁོར་དང་ལྡན་པའི་རྣམ་པར་བསྒོམ་པར་བྱ་བའོ། །རྡོ་རྗེ་ཀུན་དང་རྒྱལ་བ་མི་བསྐྱོད་པའོ། །དེའི་གནས་ནི་ཕྱག་རྒྱ་ཆེན་
པོའི་གཟུགས་སོ། །ཡེ་ཤེས་རྡོ་རྗེ་ནི་མི་བསྐྱོད་པའི་སྒྲུབ་པ་པོས་སོ། །བྱ་བ་ནི་བསྐྱེད་པའོ། །དེ་ལྟར་རྟག་པ་ཉིད་ཀྱིས་ཐུན་བཞིར་བསླབ་པར་བྱས་ན། དེ་དགེ་བའི་རྩ་བ་ཡོངས་སུ་སྨིན་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་པར་རྟོགས་ནས་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་
འཐོབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། སྟོན་པ་རྡོ་རྗེ་ཐུགས་འདྲ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་དང་མི་རྣམས་ལ་རྗེས་སུ་སྟོན་པར་མཛད་པས་ན་སྟོན་པའོ། །རྡོ་རྗེ་ནི་དམ་པའི་བདེན་པའོ། །ཐུགས་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་དག་ལས་བསྒྲུབ་
པས་ན་རྡོ་རྗེ་ཐུགས་འདྲ་བའོ། །ཡེ་ཤེས་ཡོན་ཏན་ནི་འདོད་པའི་དབང་ཕྱུག་ལ་སོགས་པ་བརྒྱད་པོ་དེ་རྣམས་ཀྱི་རྒྱ་མཚོར་འགྱུར་བ་ནི་འབྱུང་གནས་ཡིན་པའི་ཕྱིར་རོ། །ཡེ་ཤེས་ལྔ་ལྡན་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །རྡོ་རྗེ་ནི་དམ་ཚིག་སེམས་དཔའོ། །ཐུགས་ནི་ཡེ་ཤེས་
སེམས་དཔའོ། །གསང་བ་ནི་ཏིང་ངེ་འཛིན་གྱི་སེམས་དཔའ་སྟེ། དེ་ལྟར་ཏིང་ངེ་འཛིན་གསུམ་གྱི་བདག་ཉིད་ཅན་ཡིན་པས། རྡོ་རྗེ་ཐུགས་ཀྱི་གསང་བ་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་ནི་རབ་ཏུ་བྱེད་
Vol. 30 · folio 80b
པའི་དོན་སྡུད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོའོ། །སྐུ་དང་གསུང་དང་ཐུགས་ནི་རྣམ་པར་སྣང་མཛད་ལ་སོགས་པ་གསུམ་མོ། །དམ་ཚིག་གི་དོན་ཡོད་པར་གྲུབ་པའོ། །རྡོ་རྗེ་ནི་རིན་ཆེན་འབྱུང་ལྡན་ཏེ་འདི་རྣམས་ཀྱི་ཏིང་ངེ་འཛིན་ནི་ཐ་མི་དད་པར་ཉེ་བར་
བཏགས་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་བྱ་སྟེ། སྒྲ་ཇི་བཞིན་པའོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་གྱི་འབྲས་བུའི་ཚུལ་གྱིས་རྫོགས་པའི་རིམ་པ་བསྟན་ནས། དེ་མངོན་སུམ་ཉིད་དུ་བསྟན་པའི་ཕྱིར། ཡེ་ཤེས་དཀྱིལ་འཁོར་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་པས་ན་ཡེ་ཤེས་ཏེ། རྒྱུ་བ་དང་མི་རྒྱུ་བའོ། །དེའི་དཀྱིལ་འཁོར་ནི་ཚོགས་ཏེ་འཇིག་རྟེན་གསུམ་མོ། །དེའི་དབུས་སུ་རྡོ་རྗེ་ཆེན་པོ་སྟེ་རང་གི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསྒོམ་པར་བྱ་ཞིང་། བདག་པོ་ཉིད་དུ་བཞག་ནས་ལུས་རྣམས་
ཀུན་ཏེ་རྒྱུ་བ་དང་མི་རྒྱུ་བ་རྣམས་ལ། ཡི་གེ་ཁཾ་ནམ་མཁར་བྱེད་པས་རྗེས་སུ་གཞིག་པའི་རིམ་གྱིས་དངོས་པོ་མེད་པར་བྱས་ལ། བདག་ཉིད་ཀྱང་རིམ་གྱིས་ཞུགས་པ་དེ་བྱས་ན། རྡོ་རྗེ་ཡེ་ཤེས་ནམ་མཁའ་དང་མཉམ་པར་འགྱུར་ཞིང་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གཅིག་ཏུ་འགྱུར་
རོ། །ཁཾ་ཞེས་བྱ་བ་ནི་འོད་གསལ་བའོ། །དེ་ལ་ཡང་སངས་རྒྱས་ཏེ། དེ་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་སྟེ་སའི་སྙིང་པོ་ལ་སོགས་པའི་ངོ་བོ་ཉིད། མིག་ལ་སོགས་པ་རྣམས་ཀྱིས་ཀྱང་ཡང་དང་ཡང་དུ་སྟེ། གཟུགས་
ཀྱི་ཕུང་པོར་གཏོགས་པ་ཞེས་བྱ་བ་ལ་སོགས་པའི་རིམ་གྱིས་སྐད་ཅིག་རེ་རེ་ཞིང་མཆོད་པར་གྱུར་པས་སོ། །ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་དུ་རང་ཉིད་ལ་རབ་ཏུ་ཞུགས་པར་འགྱུར་བས། ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པའི་ངོ་བོ་ཉིད་ཀྱིས་རྟོག་པ་ཡིན་པས་ན། སྐལ་པ་
གསུམ་དུ་ཡེ་ཤེས་གསུམ་མོ། །དེ་དང་མཉམ་པར་གྱུར་ཅིང་རྣམ་པར་ཞུགས་པར་གྱུར་པ་གང་ཡིན་པ་དེ་ནི། སྐལ་པ་གསུམ་གྱི་དམ་ཚིག་སྟེ་འོད་གསལ་བར་གནས་པའོ། །དེར་གནས་པ་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་འགྱུར་ཏེ། སངས་རྒྱས་ནི་ཡེ་ཤེས་གསུམ་ཡིན་
Vol. 30 · folio 81a
ལ། དེས་ཀྱང་མཐོང་བར་མི་འགྱུར་བ་སྟེ། ཇི་ལྟ་བ་བཞིན་དུ་མཐོང་བ་ནི་སྣང་བ་མེད་པ་བཞིན་དུ་གནས་པའོ། །བཅོམ་ལྡན་འདས་ནམ་མཁའ་རྡོ་རྗེའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ། ནམ་མཁའ་རྡོ་རྗེ་ནི་འོད་གསལ་བའོ། །དེ་ལ་མཉམ་པར་
བྱུང་བར་གྱུར་པས་ན་ནམ་མཁའ་རྡོ་རྗེའི་དམ་ཚིག་སྟེ། རྡོ་རྗེ་འཆང་ཆེན་པོའོ། །འོག་ནས་བཤད་པའི་ལྡང་བའི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། སྐུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་ནི་ཕྱག་རྒྱ་ཆེན་པོའོ། །དེའི་མི་སྣང་བ་ནི་འོད་གསལ་བའོ། །
དེ་ལས་བྱུང་བར་གྱུར་པས་ན་འབྱུང་བའོ། །བཀོད་པ་ནི་གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་ཏེ། ཡེ་ཤེས་ཀྱི་སྐུའོ། །དེའི་ཕྲེང་བ་ནི་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་སྐུས་འཇུག་པའོ། །དེའི་ཏིང་ངེ་འཛིན་གང་ལ་སེམས་ཀྱི་སྐད་
ཅིག་མ་རྩེ་གཅིག་ཏུ་དམིགས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཏིང་ངེ་འཛིན་དེ་དག་ཐམས་ཅད་ཉིད་བསྟན་པར་བྱ་བའི་ཕྱིར་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི། །ཞེས་པ་འོད་གསལ་བའི་དབུས་ལས་བྱུང་བའོ། །རང་སྔགས་
སྐྱེས་བུ་ནི་འདིར་ཡོངས་སུ་དག་པའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསམ་ཞིང་བསྒོམ་མོ། །དེའི་འོག་ཏུ་སེམས་ཅན་ཐ་མལ་པའི་ཡུལ་དུ་གྱུར་པའི་སྤྲུལ་པའི་སྐུ་ཡོངས་སུ་བཟུང་ལ། སྲོག་དང་རྩོལ་བའི་ཡན་ལག་ཏུ་གྱུར་ཅིང་མི་ཤིགས་པ་ཧ་ཞེས་བྱ་བའི་ས་བོན་སྙིང་གར་བཞག་སྟེ།
དེའི་འོག་ཏུ་འོད་ཟེར་རྣམ་པར་བསྒོམ་པར་བྱ་སྟེ། སྲོག་དང་རྩོལ་བ་ལ་གནས་པའི་འོད་ཟེར་བཅུ་པོ་དེ་རྣམས་ཀྱི་བསྒོམ་པ་ནི། གཡས་ལ་སོགས་པའི་དབྱེ་བས་འཇུག་པ་ལ་སོགས་པའི་རིམ་གྱིས་རབ་ཏུ་ཞུགས་པའོ། །ཧ་ཞེས་བྱ་བ་ནི་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སྟོན་པའོ། །
འཇམ་པ་ནི་རྣམ་པར་མི་འཇིག་པའོ། །དཔལ་ནི་འོད་གསལ་བའོ། །དེ་ལས་བྱུང་བས་ན་འཇམ་དཔལ་གྱི་དམ་ཚིག་གོ། །ཕྱིར་མི་ལྡོག་པ་རྣམས་ཀྱིས་ཡང་དག་པར་ལོངས་སྤྱོད་ཅིང་ཡུལ་དུ་བྱས་པས་ན། དེ་ཉིད་ནི་ལོངས་སྤྱོད་པ་སྟེ་ཡེ་ཤེས་ཀྱི་རང་བཞིན་གྱི་ལུས་སོ། །དེ་ཐོབ་
Vol. 30 · folio 81b
ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྤྲུལ་པའི་སྐུ་དང་གསུང་དང་ཐུགས་གང་ལ་མངའ་བ་དེ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནོ། །ས་བཅུ་ནི་འོད་ཟེར་བཅུ་སྟེ་དེ་ལ་རབ་ཏུ་གནས་པའོ། །བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །སེམས་དཔའ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དེའི་བདག་ཉིད་ཀྱི་སྐུ་
གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བདག་སྟེ། གང་བཤད་མ་ཐག་པའི་རིམ་གྱིས་སྒོམ་པ་པོ་དེ་ནི་འདི་ལྟ་བུར་འགྱུར་བའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གསལ་བར་བྱེད་དེ། བདེན་པ་གཉིས་ཀྱིས་ཡོངས་སུ་གཟུང་བའི་གཟུགས་ནི་བྱང་ཆུབ་
སེམས་དཔའི་ཡེ་ཤེས་སོ། །དེ་ཉིད་དམ་ཚིག་ཡིན་ལ་དེ་ཉིད་ནི་ཁམས་གསུམ་པ་རྣམས་ཚིམ་པར་བྱེད་པས་ན་ཟླ་བའོ། །འཁོར་བ་ཇི་སྲིད་པར་གནས་ནས་སེམས་ཅན་གྱི་དོན་མཛད་པས་ན་རྡོ་རྗེ་སྟེ། དེ་བསྐྱེད་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱ་སྟེ། དགོངས་པས་བཤད་
པའོ། །བཤད་མ་ཐག་པའི་རིམ་པས་བཟུང་བའི་སྤྲུལ་པའི་སྐུའི་མིག་ལ་སོགས་པའི་སྐྱེ་མཆེད་རྣམ་པར་དག་པའི་སྒོ་ནས་འབྲས་བུ་བསྟན་པར་བྱ་བའི་ཕྱིར། འོད་ཟེར་འབར་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་མིག་གི་སྦུབས་སྟོང་པར་བྱས་པས་ཁོང་སྟོང་དུ་བྱ་བ་ཐོབ་
པ་གང་ཡིན་པ་དེ་ནི་ནམ་མཁའ་སྟེ། དེའི་དབུས་སུ་ཆུད་པར་ཡི་གེ་ཐླཱིཾ་ལ་འོད་ཟེར་ཤིན་ཏུ་འབར་བ་སྟེ། ཉི་མ་དང་ཟླ་བའི་འོད་ཟེར་རྣམས་ཀྱིས་འབར་བར་གྱུར་པ་གང་གིས་འཕེན་ཅིང་བཅུག་པ་དེ་ནི་མཚོན་ཆའི་མཆོག་སྟེ། མཆོག་ནི་བརྒྱ་བྱིན་ལ་སོགས་པའི་བགེགས་ཀྱི་ཚོགས་
རྣམས་སོ། །དེའི་དོན་གྱི་མཚོན་ཆ་ཡིན་པས་ན་མཚོན་མཆོག་གོ། །དེ་ཡང་དེ་ལས་བྱུང་བའི་མིག་བསྐྱོད་པས། བགེགས་ཐམས་ཅད་རྣམ་པར་འཇོམས་པས་ན་མཚོན་ཆའི་མཆོག་སྟེ། ཡི་གེ་ཐླཱིཾ་ངོ་། །དེ་ནི་རྡོ་རྗེའི་ལུས་ངག་གིས་ཏེ། སའི་སྙིང་པོའི་ངོ་བོ་ཉིད་ཀྱིས་བསྒོམ་པར་
བྱའོ། །རྡོ་རྗེའི་སྐུ་དང་འདྲ་བར་འགྱུར། །ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན། གནས་པའི་དངོས་པོ་ཐམས་ཅད་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་མཐོང་བར་འགྱུར་བའོ། །ཐླཱིཾ་ཞེས་བྱ་བ་ནི་བཤད་པའི་དོན་སྟོན་པའི་ས་བོན་ནོ། །
Vol. 30 · folio 82a
ནམ་མཁའ་རྡོ་རྗེའི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་བཀོད་པ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ནི་གནས་ཏེ་སའི་སྙིང་པོའི་གནས་ཡིན་པས་ན། དེ་ནི་ནམ་མཁའ་རྡོ་རྗེའི་དམ་ཚིག་གི་བཀོད་པའི་གནས་ཞེས་བྱ་བ་ལ། དེའི་སྟོན་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་
བྱའོ། །དེ་ལྟར་བཤད་མ་ཐག་པའི་རིམ་པ་དང་། འོག་ནས་བཤད་པ་དག་གིས། ལྷའི་མིག་དང་རྣ་བ་ལ་སོགས་པ་བསྒོམ་པ་གང་ཡིན་པའི་རྣལ་འབྱོར་པ་དེ་ནི། མངོན་པར་ཤེས་པ་དང་འདྲ་བ་སྟེ། རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པར་འགྱུར་བའོ། །ཇི་ལྟར་ཞེ་ན། སངས་རྒྱས་མངོན་ཤེས་དམ་
ཚིག་མཆོག །ཅེས་བྱ་བ་གསུངས་ཏེ། སངས་རྒྱས་ནི་དུས་གསུམ་དུ་བྱུང་བའི་རྒྱལ་བ་རྣམས་སོ། །དེ་རྣམས་ཀྱི་མངོན་པར་ཤེས་པའི་དམ་ཚིག་ནི་ལྷའི་མིག་ལ་སོགས་པ་སྟེ། དེ་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་བའོ། །འདི་ནི་ཞེས་བྱ་བ་ནི་གང་བཤད་མ་ཐག་
པའི་ལྷའི་མིག་གོ། །དངོས་གྲུབ་ཐམས་ཅད་ཀྱི་ཞེས་བྱ་བ་ལ། ཐམས་ཅད་ནི་རང་དང་གཞན་གྱི་ཚོགས་ཏེ། དེ་རྣམས་ཀྱི་དངོས་གྲུབ་རྣམས་ཀྱིའོ། །སངས་རྒྱས་ནི་རང་གི་སེམས་སོ། །དེ་ཇི་ལྟ་བ་བཞིན་དུ་མངོན་པར་ཤེས་པས་ན་སངས་རྒྱས་མངོན་ཤེས་ཏེ། རྣལ་འབྱོར་པ་ཆེན་པོ་རྣམས་
ཏེ། དེ་རྣམས་ཀྱི་མཆོག་སྒྲུབ་པ་ནི། དངོས་གྲུབ་ཐམས་ཅད་ཀྱི་ཡང་གཙོ་བོ་སྒྲུབ་པའོ། །སངས་རྒྱས་དཀྱིལ་འཁོར་ནི། དེ་བཞིན་གཤེགས་པ་ཐམས་ཅད་དོ། །དམ་ཚིག་ནི་དམ་པའོ། །རྡོ་རྗེ་ལྟར་མི་ཕྱེད་པའི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་རབ་ཏུ་བསྒོམ་ཞིང་བསྐྱེད་
པའོ། །ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །ཞེས་བྱ་བ་ནི། རྣ་བའི་གནས་འོད་གསལ་བར་བསྒོམ་པའི་དབུས་སུ་གནས་པར་རོ། །ཡེ་ཤེས་ནི་ཕྱག་ན་རྡོ་རྗེ་སྟེ་དེ་སྐྱེད་པར་བྱེད་པའི་ཡི་གེ་ཨོཾ་ནི། ཡེ་ཤེས་ཨོཾ་ནི་བསྒོམ་པར་བྱ། །ཞེས་པའོ། །རྡོ་རྗེ་དམ་ཚིག་གསུམ་ནི་ཕྱག་ན་རྡོ་རྗེའོ། །དེ་
བསྒོམས་པས་ནི་དེའི་རང་བཞིན་དུ་བྱས་པས་སོ། །མི་བསྐྱོད་རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་གནས་པའི་སྒྲ་རྣམ་པ་སྣ་ཚོགས་པ་རྣམས་རྣ་བའི་ལམ་དུ་གྲག་པར་གྱུར་པ་ན། སྒྲ་གཅིག་བཞིན་དུ་འཛིན་པས་དེ་དང་འདྲ་བར་གྱུར་པས་
Vol. 30 · folio 82b
ན། མི་བསྐྱོད་པའི་རྡོ་རྗེ་གསུམ་དང་རྣལ་འབྱོར་པ་རྣམས་འདྲ་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པས་ཏེ། རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །མི་བསྐྱོད་པ་ཡི་སྐུ་འདྲ་དང་། །ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པའི་སྐུའོ། །དེ་བཞིན་དུ་ཐ་མལ་
པ་མ་ཡིན་པའི་གསུང་དང་ཐུགས་འཛིན་པས། གསུང་དང་ཐུགས་མཆོག་འདྲ་བ་འཛིན། །ཞེས་བྱའོ། །འཇིག་རྟེན་ཁམས་ཞེས་བྱ་བ་ནི། རྟག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུའོ། །མི་བསྐྱོད་རྡོ་རྗེས་མཆོད་པར་འགྱུར། །ཞེས་བྱ་བ་ནི། རྣ་བ་ལ་གནས་པའི་ཕྱག་ན་རྡོ་རྗེས་མཆོད་ཅིང་
བསྙེན་པའོ། །མི་བསྐྱོད་པའི་དམ་ཚིག་ནི་མི་བསྐྱོད་པའོ། །དེ་ལས་བྱུང་བས་ན་མི་བསྐྱོད་པའི་དམ་ཚིག་ལས་མངོན་པར་བྱུང་བའི་རྡོ་རྗེ་ནི་ཕྱག་ན་རྡོ་རྗེ་སྟེ། དེ་སྐྱེད་པར་བྱེད་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི། ནམ་
མཁའི་སྙིང་པོའི་ཏིང་ངེ་འཛིན་གསུངས་པ་ཡིན་ཏེ། ནམ་མཁའ་དབྱིངས་ཀྱི་དབུས་སུ་གནས་པ་ནི། འོད་གསལ་བའི་དབུས་སུ་གནས་པར་རོ། །སངས་རྒྱས་དཀྱིལ་འཁོར་ཏེ། རྡོ་རྗེ་འཆང་ཆེན་པོའི་སྐུའི་དཀྱིལ་འཁོར་བསམ་པར་བྱའོ། །ནམ་མཁའི་རྡོ་རྗེར་རབ་བསྒོམས་ལ། །
ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོའི་གཟུགས་ཀྱི་ཡང་སྣའི་དབང་པོ་ལ་ནམ་མཁའི་རྡོ་རྗེ་སྟེ་འོད་གསལ་བ་བསྒོམ་པའོ། །རིན་ཆེན་ནི་ནམ་མཁའི་སྙིང་པོ་སྟེ། དེ་བསྐྱེད་པའི་ཡི་གེ་ཨོཾ་རིན་པོ་ཆེ་རྣམ་པར་བསྒོམ་པར་བྱའོ། །རྡོ་རྗེ་དམ་ཚིག་གསུམ་བསྒོམ་པས། །ཞེས་བྱ་བ་ལ། རྡོ་རྗེ་
གསུམ་ནི་དྲི་རྣམ་པ་གསུམ་སྟེ། དེ་དང་མཉམ་པར་གྱུར་པར་མཛད་པའི་ཕྱིར་རྡོ་རྗེ་དམ་ཚིག་གསུམ་སྟེ། ནམ་མཁའི་སྙིང་པོའོ། །དེ་བསྒོམས་པས་ཞེས་པ་ནི་དེའི་ངོ་བོ་ཉིད་དམིགས་པས། རྡོ་རྗེ་གསུམ་ཞེས་པ་རྡོ་རྗེ་འཆང་ཆེན་པོ་སྟེ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་
གནས་པའི་དྲི་ལ་སྤྱོད་པས། དེ་དང་འདྲ་བར་འགྱུར་བའོ་ཞེས་དཀོན་མཆོག་དཔལ་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །ལུས་དང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་སྒོམ་པར་བྱེད་པ་ནི་ཐ་མལ་པ་མ་ཡིན་པའི་ལུས་དང་
Vol. 30 · folio 83a
ངག་དང་སེམས་ཀྱིས་སོ། །དཀོན་མཆོག་དཔལ་གྱི་འོད་དང་འདྲ། །ཞེས་བྱ་བ་ནི། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས། དེ་དཀོན་མཆོག་དཔལ་དང་རྫུ་འཕྲུལ་འདྲ་བར་འགྱུར་བའོ། །བདག་མེད་བྱང་ཆུབ་ནི་འོད་གསལ་བའོ། །དེར་ཡེ་ཤེས་ནི་སྟོང་པ་ཉིད་
བཞིའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོའི་སྐུའོ། །དེ་ཉིད་ནི་ཉན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པས་གསང་བའོ། །དེ་དང་མཉམ་པའི་གནས་སུ་གྱུར་པའི་སྐུ་གང་ཡིན་པ་དེ་ནི། བདག་མེད་པའི་བྱང་ཆུབ་ཡེ་ཤེས་གསང་བ་འདྲ་བའི་གནས་ཏེ་སྒྲུབ་པ་པོའོ། །རིན་པོ་ཆེའི་དམ་ཚིག་དྲི་རྣམ་
པ་གསུམ་གང་གིས་ལོངས་སྤྱོད་ཅིང་རྗེས་སུ་མྱོང་བ་དེ་ནི། རིན་པོ་ཆེའི་དམ་ཚིག་ལོངས་སྤྱོད་པ་རྡོ་རྗེ་སྟེ། ནམ་མཁའི་སྙིང་པོ་ཡིན་ལ་དེ་བསྐྱེད་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་ཕྱག་རྒྱ་ཆེན་པོའི་གཟུགས་
བསྐྱེད་ལ་དེའི་ལྕེའི་ཕྱོགས་སུ། འཇིག་རྟེན་དབང་ཕྱུག་ཅེས་པ་ཡང་དག་པའི་མཐའ་སྟེ་དེ་བསྒོམས་ལ། ཆོས་ནི་འཇིག་རྟེན་གྱི་དབང་ཕྱུག་སྟེ། དེ་སྐྱེད་པར་བྱེད་པའི་ཡི་གེ་ཨོཾ་ནི་ཆོས་ཀྱི་ཨོཾ་སྟེ་དེ་བསྒོམ་པར་བྱའོ། །རྡོ་རྗེ་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་གསུམ་ནི་རོ་རྣམ་པ་གསུམ་
མོ། །དེ་དང་མཉམ་པར་གྱུར་པ་ཉིད་ནི་རྡོ་རྗེ་དམ་ཚིག་གསུམ་སྟེ་འཇིག་རྟེན་དབང་ཕྱུག་གོ། །དེ་བསྒོམ་པས་ཞེས་པ་ནི་དེའི་སྒོ་ནས་རོ་རྣམ་པ་གསུམ་རྗེས་སུ་མྱོང་བར་འགྱུར་བས་སོ། །རྡོ་རྗེ་གསུམ་དཔག་མེད་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་
རོ་རྗེས་སུ་མྱོང་བས་དེ་དང་འདྲ་བར་འགྱུར་བའོ། །གང་འདི་ལྟར་དམིགས་པར་བྱེད་པ་དེ་ནི་ལུས་ལ་སོགས་པའི་གཟི་བརྗིད་འོད་དཔག་ཏུ་མེད་པ་དང་འདྲ་བར་འགྱུར་བའོ། །དབང་པོ་དམན་པ་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ། ཐེག་པ་ཆེན་པོའི་ལམ་སྟེ་སངས་རྒྱས་ཉིད་དུ་འགྱུར་
བའི་ལམ། དེའི་དོན་གྱི་ཐབས་ཡོད་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོའི་ལམ་སྟེ། དེ་སྐྱེད་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འོད་དཔག་ཏུ་མེད་པ་སྟེ། རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ། །ཡོན་ཏན་དཔག་ཏུ་མེད་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ལ་ཁམས་གསུམ་ན་
Vol. 30 · folio 83b
གནས་པའི་རོ་ཐམས་ཅད་ལྕེའི་དབང་པོ་ན་གནས་པའི་རོ་གཅིག་དང་འདྲ་བར་སྤྱོད་པ་ནི་འོད་དེ། དེས་མཛེས་པར་གྱུར་པའི་དཔལ་གང་ཡིན་པ་དེ་ནི། ཡོན་ཏན་དཔག་ཏུ་མེད་པའི་འོད་དཔལ་ཏེ་འཇིག་རྟེན་དབང་ཕྱུག་ཡིན་ལ། དེ་སྟོན་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །ནམ་མཁའི་དབྱིངས་ཀྱི་
ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་དང་པོའི་རྣལ་འབྱོར་བྱས་ཏེ། དམ་ཚིག་ཨོཾ་རབ་ཏུ་བསྒོམས་ལ། རྡོ་རྗེ་ཨུཏྤལ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་མན་ངག་གོ། །དམ་ཚིག་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྟེ། དེ་སྐྱེད་པར་བྱེད་པའི་ཡི་གེ་ཨོཾ་ཡང་དམ་ཚིག་ཨོཾ་ཡིན་ཏེ།
རེག་བྱའི་དབང་པོའི་གནས་སུ་འོད་གསལ་བས་སྦྱངས་པ་སྔོན་དུ་འགྲོ་བས། དེའི་དམ་ཚིག་ཡི་གེ་ཨོཾ་རབ་ཏུ་བསྒོམས་ལ་རྡོ་རྗེ་ཉིད་ཨུཏྤལ་སྟེ། ཁ་ཟུམ་པའི་རྣམ་པས་ན་རྡོ་རྗེ་ཨུཏྤལ་ཞེས་བྱ་སྟེ་དེ་བསྒོམ་པའོ། །རྡོ་རྗེ་གསུམ་ནི་རེག་རྣམ་པ་གསུམ་སྟེ། དེ་དང་མཉམ་པར་གྱུར་པས་ན་རྡོ་རྗེ་
དམ་ཚིག་གསུམ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དེ་བསྒོམ་པས་སོ། །རྡོ་རྗེ་གསུམ་ནི་གདོན་མི་ཟ་བར་གྲུབ་པ་སྟེ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་གནས་པའི་རེག་བྱ་དཔག་ཏུ་མེད་པ་རྣམས་ཕྱག་རྒྱ་གཅིག་གི་པདྨོར་གཏོགས་པའི་རེག་རྡོ་རྗེ་དང་འདྲ་བར་རྗེས་སུ་མྱོང་བས།
དེ་དང་འདྲ་བར་འགྱུར་བའོ། །འདིའི་ཕན་ཡོན་བསྟན་པ་ནི་ལུས་ཞེས་བྱ་བ་ལ་སོགས་པ་སྟེ། གང་དེ་ལྟར་སྒོམ་པ་དེ་ལུས་ལ་སོགས་པ་རྡོ་རྗེ་ཐོགས་མེད་དེ། དོན་ཡོད་པར་གྲུབ་པ་དེ་དང་འདྲ་བར་འགྱུར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་ནི་མཆོག་ཏུ་དགའ་བའི་བདེ་བ་སྟེ། དེ་
འདི་ལ་ཡོད་པས་ན་དཔལ་ལྡན་ནོ། །ཡེ་ཤེས་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །དེའི་རྒྱ་མཚོ་ནི་གནས་ཏེ་དོན་ཡོད་པར་གྲུབ་པའོ། །སེམས་ཅན་ཐམས་ཅད་ཀྱི་དོན་ནི་སེམས་ཅན་ཀུན་དོན་ཏེ། སེམས་ཅན་ཐམས་ཅད་སྐྱེད་པའི་མཚན་ཉིད་ཅན་ནོ། །གང་ལས་དེ་འབྱུང་
བར་འགྱུར་བ་ནི། སེམས་ཅན་ཀུན་དོན་འབྱུང་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་གདོན་མི་ཟ་བ་སྟེ། རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །གདོན་མི་ཟ་བའི་དམ་ཚིག་ནི་དོན་ཡོད་པར་གྲུབ་པའོ། །དེ་ལས་འབྱུང་བ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་གང་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words