སྒྲོན་མ་གསལ་བ་ཞེས་བྱ་བའི་འགྲེལ་བཤད

Sanskrit title (Tibetan script, as in the text) པྲ་དཱིཔྟ་ན་ནཱ་མ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 33 · folio 155a

༄༅༅། །རྒྱ་གར་སྐད་དུ། པྲ་དཱིཔྟ་ན་ནཱ་མ་ཊཱི་ཀཱ། བོད་སྐད་དུ། སྒྲོན་མ་གསལ་བ་ཞེས་བྱ་བའི་འགྲེལ་བཤད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཆོས་རྣམས་རང་བཞིན་

མེད་ལས་སྒྱུ་མའི་སྐུར་བསྟན་ནས། །ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་སེམས་ཅན་ཁམས་རྣམས་མ་ལུས་པའི། །དོན་རྣམས་ཡོངས་སུ་གྲུབ་པའི་ཡིད་བཞིན་ནོར་བུ་དང་འདྲ་བས། །མངོན་པར་བྱང་ཆུབ་མཆོག་བརྙེས་དེ་ལ་རྟག་ཏུ་དང་བས་ཕྱག་འཚལ་ལོ། །དྲི་མེད་

Vol. 33 · folio 155b

མཐའ་ཡས་དངོས་གྲུབ་ཀུན་བརྙེས་དེ་ལ་ཕྱག་འཚལ་ཏེ། སྟོང་པ་ཉིད་ཀྱི་དོན་རྣམས་མངོན་གྱུར་ཐོགས་མེད་ལ་ཕྱག་འཚལ། འདས་དང་མ་བྱོན་དུས་རྣམས་ཀུན་དུ་ཁྱབ་པ་ཁྱོད་ལ་ཕྱག་འཚལ་ལོ། །རླུང་དང་སྔགས་དང་སེམས་ལ་སོགས་པ་ཀུན་མཁྱེན་ཁྱོད་ལ་ཕྱག་འཚལ་

ལོ། །སེམས་ཅན་གང་དག་རྒྱལ་བ་ཡིས་གསུངས་ལེགས་པའི་དོན་ལ་རབ་རྨོངས་པ། །དེ་གསལ་ཕྱིར་ནི་ཟླ་བ་གྲགས་པས་སྒྲོན་མ་གསལ་བའི་རྒྱ་ཆེར་འགྲེལ་པ་མཛད། །སེམས་ཅན་བློ་དམན་ཁ་ཅིག་དོན་དེ་ཉིད་ལ་རྨོངས་གྱུར་པས། །ཉི་མ་སྣང་བ་ལ་སོགས་ཐུན་མོང་ཁྱད་པར་

རྒྱ་ཆེར་འགྲེལ་པ་བརྩམས། །འདོད་རྒྱལ་དབང་གིས་ལེགས་པའི་དོན་གསུངས་ལེགས་པར་གསལ་བྱས་ཀྱང་། །རྨོངས་པའི་དབང་གིས་རྒྱུད་དོན་ནུས་པ་མ་མཐོང་དེ་ཕྱིར་འདི་ལ་དགའ་བ་མཆོག་སྐྱེས་ནས། །བློ་དམན་དོན་དུ་བདག་གིས་ཅུང་ཟད་བཤད་པར་བྱ། །འདི་

ན་མི་མཁས་གང་ཞིག་གིས། །སྔོན་དུ་བསྟན་བཅོས་མ་རྙེད་པར། །གང་ཡིན་པ་ནི་ཕྱིས་རྙེད་པ། །གང་ཡིན་དེ་ནི་ཡ་མཚན་ཏེ། །དེ་འདིར་བདག་གིས་རྣམ་པར་དབྱེ། །གང་ཡང་བློ་དམན་རྣམས་ཀྱི་ཕྱིར། །མཁས་པས་བསྟན་བཅོས་མི་རྩོམ་པར། །ཉོན་མོངས་དྲ་བས་བཅིངས་

པ་ཡིས། །བསྟན་བཅོས་མཐའ་དག་གང་རྩོམ་ཡང་། །སྡིག་པ་འབའ་ཞིག་བསོད་ནམས་མེད། །དེ་ཕྱིར་མཁས་པས་སྤང་བར་བྱ། །བསྟན་བཅོས་རྩོམ་པའི་མཁན་པོ་ཡིས། །རྒྱལ་བའི་བཀའ་ནི་འབྱུང་ཁུངས་སུ། །རྣམ་པར་བཞག་པས་དེ་ལས་ནི། །དྲན་དང་ངོ་ཚ་ཤེས་པ་དང་། །ཁྲེལ་ཡོད་

པ་དང་ཤེས་རབ་དང་། །དད་དང་མོས་པ་ལ་སོགས་ལ། །སེམས་ལས་བྱུང་བ་དགེ་བའི་ཆོས། །གང་གིས་སྔོན་དུ་སོང་བ་ཡིས། །བསྟན་བཅོས་མི་རྩོམ་གྱུར་ཀྱང་བླའི། །བསོད་ནམས་འབའ་ཞིག་སྡིག་པ་མེད། །གང་གིས་འདོད་ཆགས་ཁོང་ཁྲོ་དང་། །དེ་བཞིན་ང་རྒྱལ་ལ་

སོགས་པ། །ཉོན་མོངས་མི་དགེ་སྔོན་སོང་ནས། །རྒྱལ་བའི་བཀའ་རྣམས་མ་ལུས་པའི། །རྗེས་སུ་འབྲངས་ཏེ་རབ་བཤད་ཀྱང་། །ས་བོན་མི་དགེའི་དབང་གྱུར་པས། །མཐོང་བའི་ཆོས་ལ་དམྱལ་ཚོགས་བསྲེག །དེ་བས་བསྟན་བཅོས་རྩོམ་པ་ཡིས། །དགེ་བའི་ཆོས་འདི་སྔོན་

Vol. 33 · folio 156a

སོང་ནས། །གང་ཡིན་བསྟན་བཅོས་བརྩམ་པར་བྱ། །ཤེས་རབ་ཞན་པར་གྱུར་པ་ཡིས། །བསྟན་བཅོས་གང་ཞིག་བརྩམས་གྱུར་ཀྱང་། །དེ་ཡིས་དོན་བྱེད་ནུས་མ་ཡིན། །དཔེར་ན་ལོང་བ་གང་ཞིག་གིས། །གཞན་གྱི་ལོང་ཁྲིད་མི་ནུས་པ། །དེ་བཞིན་དེ་ཡང་དེ་བཞིན་ནོ། །གང་

ཚེ་བསྟན་བཅོས་རྩོམ་པ་ཡང་། །སྒྲ་དང་དོན་རྣམས་གཏན་ལ་འབེབས། །ཕྱི་རོལ་བསྟན་བཅོས་ལེགས་པར་མཁས། །གྲུབ་པའི་མཐའ་རྣམས་ཀུན་ལ་མཁས། །སྔགས་དང་རྫས་དང་སྨན་རྣམས་དང་། །ཐུན་མོང་གསོ་བ་ལ་སོགས་ལ། །རབ་ཏུ་མཁས་པར་གྱུར་པ་དང་། །གཞན་གྱི་བསྟན་བཅོས་སུན་འབྱིན་

གྱི། །སྦྱོར་བ་ལ་ནི་ཤིན་ཏུ་མཁས། །དགེ་བའི་ཆོས་ཀྱིས་རྣམ་པར་བརྒྱན། །དེ་ཡིས་བསྟན་བཅོས་བརྩམ་པར་བྱ། །ཡང་ན་བྱང་ཆུབ་སེམས་དཔའ་འམ། །ཐུགས་རྗེའི་སྟོབས་ཀྱིས་སྤྲུལ་པ་ཡི། །སངས་རྒྱས་འཇིག་རྟེན་ལྷར་སྣང་སྟེ། །དེ་ཡིས་བརྩམ་བྱ་མ་གཏོགས་པ། །གཞན་གྱིས་བརྩམས་

པ་དོན་མེད་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བསྡུས་པ་འདི་ཅིའི་ཕྱིར་གསུངས་ཤེ་ན། །འདི་ལྟར་རིགས་ཐམས་ཅད་གཟུང་བར་བྱ་བ་དང་། རིགས་མཆོག་ཏུ་གྱུར་པ་གཟུང་བར་བྱ་བའི་ཕྱིར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་

འདུས་པའི་དཀྱིལ་འཁོར་འདིར་མཚམས་མེད་པ་ལྔ་ལ་སོགས་པ་བྱས་པ་ཡང་བླ་ན་མེད་པའི་མཆོག་ཐོབ་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་དང་། གསང་བའི་དོན་འདི་ནི་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །གལ་ཏེ། རིགས་ཐམས་ཅད་ཅེས་བྱ་བ་ནི་རིགས་ཆད་པ་

ལ་སོགས་པ་ཡང་སྨོས་པ་ཡིན་ནམ། གལ་ཏེ་དེ་ལྟ་ཡིན་ན་ནི་བཅོམ་ལྡན་འདས་ཀྱིས་བདེན་པ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གསུངས་པ་དོན་མེད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། རིགས་མཆོག་ཏུ་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་རིགས་མཆོག་ཏུ་གྱུར་པ་འདུལ་བ་དང་། རིགས་

ཐམས་ཅད་པ་འདུལ་བ་གཅིག་གིས་གཅིག་སྤངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྣོད་ཡིན་པའི་ཕྱིར་རོ་ཞེའོ། །དེ་ལྟ་ན་ནི་ཐེག་པ་མཆོག་ཏུ་མི་འགྱུར་གྱི་ཐེག་པ་ཐམས་ཅད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཐེག་པ་ནི་གཉིས་དང་གསུམ་དུ་ཡོད་པ་མ་ཡིན་

Vol. 33 · folio 156b

ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་ལས་མི་འདའ་ལ་སེམས་ཅན་ཐམས་ཅད་ཀྱང་དེའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ནི་བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལ་སོགས་པ་གསུངས་པ་དོན་ཡོད་པར་

འགྱུར་ཏེ་སྔ་མ་བཞིན་ནོ་ཞེ་ན། མ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱང་རང་རང་གི་རིགས་ལ་གནས་པའི་ཕྱིར་རོ། །རིགས་ཞེས་བྱ་བ་འདི་ཡང་རྐྱེན་ལས་བྱུང་བའམ། ཆོས་ཉིད་ཀྱིས་ཡིན་ཞེས་རྟོག་གྲང་ན། རྐྱེན་ལས་བྱུང་བ་ནི་མ་ཡིན་ཏེ། རྐྱེན་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །དེ་ལྟ་ན་ནི་རིགས་ངེས་པར་མི་འགྱུར་

གྱི། རིགས་མ་ངེས་པར་ནི་འགྱུར་རོ་ཞེ་ན། རང་གི་རིགས་ཀྱི་བསྐྱེད་པའི་ཕྱིར་རོ། །རང་གི་ཆོས་ཀྱིས་བསྐྱེད་པ་ཞེས་བྱ་བ་འདི་ཡང་ས་བོན་ཐམས་ཅད་ཀྱིས་གཅིག་བསྐྱེད་དམ། ས་བོན་གཅིག་གིས་ཐམས་ཅད་བསྐྱེད་ཅེ་ན། ས་བོན་ཐམས་ཅད་གཅིག་གིས་བསྐྱེད་པ་ནི་མ་ཡིན་ཏེ། རྐྱེན་མ་ངེས་པར་འགྱུར་བ་ཉིད་དང་།

ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་བ་དང་། རྐྱེན་ཅན་དོན་མེད་པ་ཉིད་དུ་ཡང་འགྱུར་རོ་ཞེ་ན། མ་ཡིན་ཏེ། འདིར་ནི་ས་བོན་ཐམས་ཅད་རྐྱེན་ཐམས་ཅད་ཀྱིས་གསོས་འདེབས་པ་ཉིད་ཀྱི་ཕྱིར་རོ། །གསོས་འདེབས་པ་ཞེས་བྱ་བ་འདི་ཡང་ས་བོན་ཉིད་རྐྱེན་གཞན་གྱི་དབང་དུ་འགྱུར་བ་ནི་མ་

ཡིན་ཏེ། གོང་མའི་སྐྱོན་ཉིད་དུ་འགྱུར་རོ། །ལུང་ལས་དེ་བཞིན་གཤེགས་པ་གསང་བ་མཆོག་གི་ཕྱིར། ས་བོན་རྣམས་ནི་གཅིག་ཏུ་འགྱུར། །ཞེས་འབྱུང་བའི་ཕྱིར་ཆོས་ཉིད་ཀྱིས་ཐམས་ཅད་ཡོད་པ་མ་ཡིན་ནོ་ཞེ་ན། འདི་ལས་དང་པོ་པ་འམ། ས་ལ་གནས་པ་ཡིན། ས་ལ་གནས་པའི་

དབང་དུ་ནི་འདོད་པ་ཡིན་ཏེ། གནོད་པ་ཅུང་ཟད་ཀྱང་མེད་དོ། །ཕྱོགས་ཕྱི་མ་ལྟར་ན་ནི་འཇུག་པར་ཡང་མི་འགྱུར་ན། རིགས་གཅིག་པ་ལྟར་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས། འོན་ཀྱང་ས་ལ་གནས་པ་ཐམས་ཅད་ཀྱང་གསད་པའི་མཆོག་ལ་གནས་པའམ། སོ་སོ་རང་རང་གི་ལམ་ལ་གནས་

ཤེ་ན། དང་པོ་ལྟར་ནི་མ་ཡིན་ཏེ། དུས་ཀྱིས་གནོད་པའི་ཕྱིར་རོ། །ཕྱོགས་ཕྱི་མ་ལྟར་ན་ནི་རང་གི་ཚིག་གིས་གནོད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚིག་གི་བླང་དོར་མེད་པའི་བྱང་ཆུབ་སྒྲུབ་པའམ། བསྐལ་པ་གྲངས་མེད་པ་གསུམ་གྱིས་འགྲུབ་པ་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་གསང་བ་

Vol. 33 · folio 157a

མཆོག་ལ་གནས། །ཞེས་བྱ་བ་དང་། རང་གི་ལམ་ལ་གནས་ཞེས་པ་ཡང་གཅིག་གིས་གཅིག་སྤངས་པའི་ཕྱིར་རོ། །དེ་བས་ན་འདི་ནི་བླང་བར་བྱ་བ་ཉིད་དོ་ཞེ་ན་མ་ཡིན་ཏེ། ས་ལ་གནས་པ་རྣམས་ནི་ཐམས་ཅད་ཀྱང་བསྐྱེད་པའི་རིམ་པ་ཉམས་སུ་ལེན་པའི་ཕྱིར་དང་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོར་ལུང་བསྟན་པའི་ཕྱིར་རོ། །དེ་ལྟ་ན་ནི་ཐེག་པའི་བྱེ་བྲག་མེད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ་གཉིས་པ་ཡོད་པའི་ཕྱིར་རོ། །གཉིས་ཞེས་བྱ་བ་འདི་ཡང་གསུམ་དང་གཉིས་ཀྱི་བྱེ་བྲག་གིས་ཡིན་ནོ། །ཐེག་པ་ཆེན་པོ་མདོ་སྡེའི་རྗེས་སུ་ཞུགས་པ་རྣམས་ནི་དོན་

དམ་པ་ཆོས་ཉིད་མངོན་དུ་གྱུར་ནས་སྣང་བ་སྒྱུ་མ་ཙམ་དང་། རྩོལ་བ་དང་བཅས་པ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་བསལ་བའོ། །གསང་བ་འདུས་པའི་དཀྱིལ་འཁོར་ལ་གནས་པ་རྣམས་ནི་དོན་དམ་པའི་བདེན་པ་དང་། ཡང་དག་པའི་ཀུན་རྫོབ་འབའ་ཞིག་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །

དངོས་པོར་སྣང་བ་སྒྱུ་མ་ཙམ་འདི་ཅི་ཡང་དག་པའི་ཀུན་རྫོབ་པ་འམ། ལོག་པའི་ཀུན་རྫོབ་ཅེས་རྟོག་གྲང་ན། རེ་ཞིག་ཡང་དག་པའི་ཀུན་རྫོབ་ནི་མ་ཡིན་ཏེ། ཟླས་གསལ་བའི་ཕྱིར་རོ། །ལོག་པའི་ཀུན་རྫོབ་པ་ནི་མ་ཡིན་ཏེ། ཐམས་ཅད་ལས་མཐུན་པར་སྣང་བའི་ཕྱིར་རོ། །དངོས་པོ་ལྷའི་

དཀྱིལ་འཁོར་དུ་སྣང་བ་ཞེས་བྱ་བ་འདི་ཡང་ལོག་པའི་ཀུན་རྫོབ་ནི་མ་ཡིན་ཏེ་ཁས་མ་བླངས་པའི་ཕྱིར་རོ། །ཡང་དག་པའི་ཀུན་རྫོབ་ཀྱང་མ་ཡིན་ཏེ། ཐམས་ཅད་ལ་མཐུན་པར་སྣང་བ་མ་ཡིན་པའི་ཕྱིར་རོ། །དེ་བས་འདི་བླང་བར་བྱ་བ་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དངོས་པོར་སྣང་བ་སྒྱུ་མ་ཙམ་

འདི་དམན་པ་ལ་ཡང་དག་པའི་ཀུན་རྫོབ་ཏུ་སྣང་ན་ནི་མི་འདོད་པ་མེད་དོ་ཐམས་ཅད་ལ་ཡང་དག་པའི་ཀུན་རྫོབ་ཏུ་སྣང་ཞེས་བྱ་བའི་ངེས་པ་ཅི་ཞིག་ཡོད། ལོག་པའི་ཀུན་རྫོབ་ཅེས་བྱ་བ་ནི་འཁྲུལ་པ་ཉིད་དོ། །འདི་ལྟར་འཁྲུལ་པ་ཞེས་བྱ་བ་ཡང་། རྟོག་པ་དང་དབང་པོ་མེད་པ་ནི་ཡང་དག་

པར་ཡང་སྣང་ངོ་། །དངོས་པོ་ལྷའི་སར་སྣང་བ་ནི་དེ་ལྟ་མ་ཡིན་ཏེ། མ་འཁྲུལ་པའི་དངོས་པོ་ཡོད་པའི་ཕྱིར་དང་། རྟོག་པའི་དུས་ན་དེར་སྣང་བ་ཉིད་ཀྱི་ཕྱིར་རོ། །གང་གིས་གང་ལ་གནས་པ་དེ་ཉིད་དོན་ལ་མི་སླུ་བར་བྱེད་པ་ནི་ཡང་དག་པའི་ཀུན་རྫོབ་སྟེ། དཔེར་ན་དུ་བ་ལས་མེ་དཔོག་པ་བཞིན་ནོ། །ལོག་

Vol. 33 · folio 157b

པའི་ཀུན་རྫོབ་ནི་རྟོག་པའི་དུས་ན་མི་གནས་པའི་ཕྱིར་དོན་ལ་སླུ་བར་བྱེད་པ་སྟེ་ཐག་པ་ལ་སྦྲུལ་བཞིན་ནོ། །བསྐྱེད་པའི་རིམ་པ་འདི་ཡང་ཕྲད་པར་བྱེད་པའི་ཕྱིར་དང་། མི་སླུ་བར་བྱེད་པའི་ཕྱིར་ཡང་དག་པའི་ཀུན་རྫོབ་ཏུ་འགྱུར་རོ་འཁྲུལ་པའི་ཤེས་པ་དང་། མ་འཁྲུལ་པའི་ཤེས་པ་ནི་སླུ་བར་བྱེད་པ་དང་

མི་བྱེད་པས་གཅིག་གིས་གཅིག་སྤངས་པའི་ཕྱིར་འགལ་བར་གནས་པའོ། །དེ་བས་ན་མདོ་སྡེའི་རྗེས་སུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དོན་དམ་པའི་བདེན་པ་དང་། ཡང་དག་པའི་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གསུམ་ལ་ཉེ་བར་གནས་པའོ། །སྔགས་ཀྱི་སྒོར་ཞུགས་པའི་

བྱང་ཆུབ་སེམས་དཔའ་རྣམས་ནི། དོན་དམ་པའི་བདེན་པ་དང་། ཡང་དག་པའི་ཀུན་རྫོབ་འབའ་ཞིག་ལ་ཉེ་བར་སྤྱོད་པའི་ཕྱིར། དེ་བས་ན་ཐེག་པ་གཉིས་སུ་ཡང་འགྱུར་རོ། །དུས་ཀྱིས་གསལ་བ་ཡང་མ་ཡིན་ཏེ། སློབ་པ་དང་མི་སློབ་པའི་བྱེ་བྲག་གིས་ཡིན་ནོ། །རང་གི་ཚིག་གིས་གསལ་

བ་ཡང་མ་ཡིན་ཏེ། གཉིས་ཉིད་ཡོད་པའི་ཕྱིར་རོ། །དེ་བས་ན་འདི་ནི་བླང་བར་བྱ་བ་ཉིད་དོ། །དགོས་པ་མེད་པ་ཡང་མ་ཡིན་ཏེ། སེམས་ཅན་འདོད་ཆགས་ཅན་ལ་སོགས་པ་འདུལ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །སེམས་ཅན་འདོད་ཆགས་ཅན་རྣམས་ནི་འདོད་ཆགས་ཆེན་པོའི་ཆོས་ཀྱི་རྗེས་སུ་འཇུག་

པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་འདོད་ཆགས་ཀྱི་སྒོ་ནས་ཆོས་སྟོན་ཏོ། །སེམས་ཅན་ཞེ་སྡང་ཅན་རྣམས་ནི་ཞེ་སྡང་ཆེན་པོའི་ཆོས་ཀྱི་རྗེས་སུ་འཇུག་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཞེ་སྡང་གི་སྒོ་ནས་ཆོས་སྟོན་ཏོ། །སེམས་ཅན་གཏི་མུག་ཅན་རྣམས་ནི་གཏི་མུག་ཆེན་པོའི་

ཆོས་ཀྱི་རྗེས་སུ་འཇུག་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་གཏི་མུག་ཆེན་པོའི་སྒོ་ནས་ཆོས་སྟོན་ཏོ། །སེམས་ཅན་ང་རྒྱལ་ཅན་རྣམས་ནི་ང་རྒྱལ་ཆེན་པོའི་ཆོས་ཀྱི་རྗེས་སུ་འཇུག་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་ང་རྒྱལ་གྱི་སྒོ་ནས་ཆོས་སྟོན་ཏོ། །སེམས་ཅན་ཕྲག་

དོག་ཅན་རྣམས་ནི་ཕྲག་དོག་ཆེན་པོའི་ཆོས་ཀྱི་རྗེས་སུ་འཇུག་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྲག་དོག་གི་སྒོ་ནས་ཆོས་སྟོན་ཏོ། །དེ་ལ་སོགས་པ་རྨད་དུ་བྱུང་བའི་སྤྱོད་པ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ཕྱིར་དགོས་པ་ཆེན་པོ་དང་ལྡན་པས་རྒྱུད་ཆེན་པོའོ། །དེ་

Vol. 33 · folio 158a

ལྟ་བུའི་རྨད་དུ་བྱུང་བའི་རྒྱུད་འདི་ནི་སྤྱོད་པ་ཆེན་པོ་དང་། དུས་ཆེན་པོ་ལ་སོགས་པ་དང་ལྡན་པའི་ཕྱིར་རྒྱུད་ཆེན་པོ་ཞེས་བྱའོ། །འདིའི་བརྗོད་པར་བྱ་བ་ནི་གང་དགོས་པ་ནི་གང་དགོས་པའི་དགོས་པ་ནི་གང་། འབྲེལ་པ་ནི་གང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

གསང་བ་འདུས་པ་ལམ་འབྲས་བུ་དང་བཅས་པ་ནི་འདི་ནི་བརྗོད་པར་བྱ་བའོ། །ལམ་འབྲས་བུ་དང་བཅས་པ་ཇི་ལྟ་བུའི་འབྲས་བུ་རྣམ་པར་རྟོག་པ་ནི་དགོས་པའོ། །རྗོད་པར་བྱེད་པ་དང་དགོས་པ་ནི་གང་ལ་གང་ཞིག་རག་ལས་པར་འགྱུར་བ་དེའི་ཕྱིར་རག་ལས་པའི་འབྲེལ་པར་འགྱུར་རོ། །བདག་

གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པ་ནི་དགོས་པའི་དགོས་པའོ། །ཡང་ན་ལམ་ལ་གནས་པར་བྱེད་པ་ནི་དགོས་པ་ཡིན་ལ། དེས་འབྲས་བུ་ཐོབ་པ་ནི་དགོས་པའི་ཕྱིར་ན་དགོས་པའོ། །ཡང་ན་ཐུན་མོང་དང་མཆོག་གི་དངོས་གྲུབ་དང་བདག་དང་གཞན་གྱི་དོན་རྣམ་པ་གཉིས་

པོ་དགོས་པ་དང་དགོས་པའི་དགོས་པར་གོ་རིམས་བཞིན་དུ་སྦྱར་རོ། །བརྗོད་པར་བྱ་བ་དེ་ཉིད་ལ་སོགས་པ་རྒྱས་པར་བསྟན་པའི་ཕྱིར། དཔལ་ལྡན་རྒྱུད་རྒྱལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དཔལ་ནི་དཔལ་ཏེ། དཔལ་རྡོ་རྗེ་འཆང་ཆེན་པོའོ། །དཔལ་དེ་དང་ལྡན་པས་ན་

དཔལ་ལྡན་ཏེ། དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་རྣམ་པར་རོལ་པའོ། །དེ་ཉིད་ཐབས་ཤེས་རབ་གཉིས་སུ་མེད་པའི་སྙོམས་པར་ཞུགས་པའི་རྒྱུད་དོ། །རྒྱུད་དེ་ཉིད་རྒྱལ་པོ་སྟེ་རྣལ་འབྱོར་རྒྱུད་ཀྱི་ཤིན་ཏུ་གསལ་བར་རྣམ་ཕྱེ་ཞེས་བཤད་པའི་ཕྱིར་རོ། །སེམས་ཅན་

ཐམས་ཅད་ཀྱང་དེ་ལྟ་བུའི་ཆོས་དང་ལྡན་པར་འགྱུར་རོ་ཞེ་ན། མཐའ་དྲུག་གི་ནི་འཆིང་བས་བཅིངས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་མཐའ་རྣམ་པ་དྲུག་ནི་འདོད་ཆགས་དང་། ཁོང་ཁྲོ་དང་ང་རྒྱལ་དང་། ལྟ་བ་དང་། ཐེ་ཚོམ་དང་། མ་རིག་པ་དང་རྣམ་པ་དྲུག་གོ། །འདི་ནི་

མཐའ་སྟེ། འཁོར་བའི་གཡང་ས་དང་ཉེ་བ་ཉིད་ཀྱི་ཕྱིར་རོ། །མཐའ་ཡང་ཡིན་དྲུག་ཀྱང་ཡིན་པས་འདི་ནི་མཐའ་དྲུག་གོ། །མཐའ་དྲུག་ཀྱང་ཡིན་པ་དེ་ནི་འཆིང་བས་བཅིངས་པ་ཡང་ཡིན་པས་མཐའ་དྲུག་གི་འཆིང་བས་བཅིངས་པའོ། །དེས་ཅིར་འགྱུར་ཞེ་ན། རྒྱལ་པོར་མ་གྱུར་ཞེས་པ་ནི་

Vol. 33 · folio 158b

དམན་པར་གྱུར་ཞེས་པའོ། །དེ་བས་ན་མཆོག་ཏུ་མ་གྱུར་པ་དེ་ནི་དམན་པར་གྱུར་པའོ། །གང་དམན་པར་གྱུར་པ་དེ་ནི་རྨད་དུ་བྱུང་བའི་སྤྱོད་པ་ལ་མི་གནས་པའོ། །གང་རྨད་དུ་བྱུང་བའི་སྤྱོད་པ་ལ་མི་གནས་པ་དེ་ནི་རྨད་དུ་བྱུང་བའི་སྤྱོད་ཡུལ་མ་ཡིན་ནོ། །གང་རྨད་དུ་བྱུང་བའི་སྤྱོད་ཡུལ་མ་ཡིན་པ་

དེ་ནི་དེའི་འབྲས་བུ་ཅན་མ་ཡིན་ནོ། །གང་དེའི་འབྲས་བུ་ཅན་མ་ཡིན་པ་དེ་ནི་ལོག་པའི་འབྲས་བུ་དང་ལྡན་པར་འགྱུར་རོ། །མདོ་དག་ལས་ཀྱང་། སེམས་དཔའ་ཆེན་པོ་མ་རིག་པ་ལས་ནི་འདུ་བྱེད་འབྱུང་ངོ་། །འདུ་བྱེད་ལས་ནི་རྣམ་པར་ཤེས་པ་འབྱུང་ངོ་། །རྣམ་པར་ཤེས་པ་ལས་ནི་མིང་དང་

གཟུགས་འབྱུང་ངོ་། །མིང་དང་གཟུགས་ལས་ནི་སྐྱེ་མཆེད་དྲུག་འབྱུང་ངོ་། །སྐྱེ་མཆེད་དྲུག་ལས་ནི་རེག་པ་འབྱུང་ངོ་། །རེག་པ་ལས་ནི་ཚོར་བ་འབྱུང་ངོ་། །ཚོར་བ་ལས་ནི་སྲིད་པ་ལ་སོགས་པ་འབྱུང་བ་དང་། གཞན་ལས་ཀྱང་། སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་བཙུན་

མོ་ལ་ཉེ་བར་ལོངས་སྤྱོད་པ་ནི་རྨད་དུ་བྱུང་བའི་སྤྱོད་པའོ། །སེམས་ཅན་ལོག་སྲེད་ཅན་རྣམས་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པས་དེ་བཞིན་གཤེགས་པའི་སྤྱོད་པ་ལ་མི་གནས་ཏེ། སེམས་ཅན་འདི་དག་ནི་ཉོན་མོངས་པའི་མཐའ་ལ་གནས་པའི་ཕྱིར་རོ། །ཀྱེ་མ་སེམས་ཅན་འདི་དག་

ནི་རབ་ཏུ་བརླག་གོ། །ཀུན་དུ་བརླག་གོ། །ཀུན་དུ་རབ་ཏུ་བརླག་གོ། །འདི་དག་ནི་འཁོར་བའི་ཆོས་ཉེ་བར་ལེན་པའོ། །འདི་དག་ནི་ཉོན་མོངས་པ་ལྷུར་ལེན་པའོ། །སེམས་ཅན་འདི་དག་ནི་རྨད་དུ་བྱུང་བའི་སྤྱོད་པ་སྤངས་པའོ། །སེམས་ཅན་འདི་དག་ནི་དེ་བཞིན་གཤེགས་པའི་དངོས་གྲུབ་ཐམས་

ཅད་སྤངས་པའོ་ཞེས་འབྱུང་བའི་ཕྱིར་རོ། །མཐའ་དྲུག་གི་འཆིང་བས་བཅིངས་པའི་ཕྱིར་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་རྒྱལ་སྲས་ཡུལ་གྱུར་ཞེས་བྱ་བ་སྨོས་ཏེ། རྒྱལ་བ་ནི་སངས་རྒྱས་ཏེ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའོ། །རྒྱལ་བའི་སྲས་ནི་རྒྱལ་བའི་

སྲས་ཏེ་བྱམས་པ་ལ་སོགས་པའོ། །དེ་རྣམས་ཀྱི་ཡུལ་དུ་གྱུར་ཞེས་པ་འདིས་ནི་འཁོར་བ་པའི་ཡུལ་མ་ཡིན་ཞེས་སྦྱར་རོ། །ཡུལ་དུ་གྱུར་ཞེས་པ་ནི་དེ་རྣམས་ཀྱིས་ཉེ་བར་ལོངས་སྤྱོད་དུ་ཡོད་ཅེས་པའོ། །གང་ལ་སྤྱོད་ཅེ་ན། དཔལ་ལྡན་རྒྱུད་རྒྱལ་ཞེས་བྱ་བ་དེ་ཉིད་བཤད་པ། རྒྱལ་བའི་འདུས་པ་གང་

Vol. 33 · folio 159a

ཡིན་ཞེས་བྱ་བ་སྨོས་ཏེ། རྒྱལ་བའི་འདུས་པ་ནི་རྒྱལ་བ་འདུས་པ་སྟེ། དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་ཉེ་བར་སྦྱོར་བའོ། །དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་ཡུལ་དུ་མ་གྱུར་པ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀུན་གྱིས་རྒྱས་བཏབ་ཅེས་སྨོས་ཏེ། སངས་རྒྱས་ཀུན་ནི་

རྡོ་རྗེ་འཆང་ཆེན་པོ་ལ་སོགས་པས་སོ། །དེས་རྒྱས་བཏབ་ཅེས་པ་ནི་ཐམས་ཅད་ལ་སྦས་པ་ཞེས་པའོ། །དེ་དག་གི་དོན་ཡང་དོན་འདི་སྐད་དུ་སྟོན་པར་འགྱུར་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་གཉིས་སུ་མེད་པའི་ཐབས་ཀྱི་སྦྱོར་བ་འདི་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་

པ་རྣམས་ཀྱི་ཐུན་མོང་མ་ཡིན་པ་ཤིན་ཏུ་གསང་བར་དགོངས་སོ། །གལ་ཏེ་གསང་བ་ཞིག་ཡིན་ན། ཐམས་ཅད་ནས་ཐམས་ཅད་དུ་རྟོག་པ་མེད་པར་འགྱུར་རོ་ཞེ་ན། མ་ཡིན་པའི་ཕྱིར་ཀླུ་སྒྲུབ་ལས་རྙེད་པ་ཞེས་སྨོས་ཏེ། ལེགས་པར་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ལས་རྙེད་

པ་བཤད་ཅེས་སྦྱར་རོ། །ཡང་ན་དཔལ་ལྡན་རྒྱུད་རྒྱལ་གྱི་དཔལ་ནི་སྐུ་རྣམ་པ་གསུམ་མོ། །དཔལ་དེ་ཐོབ་པའི་ཐབས་གང་ལ་ཡོད་པ་དེ་ནི་དཔལ་ལྡན་ཏེ། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །རིམ་པ་རྣམ་པ་གཉིས་གཙོ་བོར་སྟོན་པའི་རྒྱུད་ནི་རྒྱུད་རྒྱལ་ཏེ། དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་གསང་བ་འདུས་པའོ། །ཡང་ན་དཔལ་ལྡན་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་དང་གང་ལྡན་པ་ནི་དཔལ་ལྡན་ཏེ་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་ཀྱིས་གསུངས་པ་འདི་ཉིད་ནི་རྒྱུད་ཀྱི་རྒྱལ་པོ་ཡིན་ཞེས་སྦྱར་རོ། །ཡང་ན་དཔལ་ལྡན་ཡང་ཡིན་རྒྱུད་ཀྱང་ཡིན་པས་ན་

དཔལ་ལྡན་རྒྱུད་རྒྱལ་ཏེ། གང་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐོབ་པར་བྱེད་པའི་ཐབས་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་རྣལ་འབྱོར་གྱི་རྒྱུད་ཀྱིས་ཤིན་ཏུ་གསལ་བར་རྣམ་ཕྱེ་སྟེ། གང་ལ་ཏིང་ངེ་འཛིན་གཙོ་བོར་སྟོན་པར་བྱེད་པའི་རྒྱུད་ནི་རྣལ་འབྱོར་གྱི་རྒྱུད་དོ། །གང་

ཞེ་ན། དེ་བཞིན་གཤེགས་པ་ལ་བྱམས་པ་ལ་སོགས་པས་ཞུས་པའི་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལ་སོགས་པའོ། །དེས་གསལ་བར་བྱེད་པ་ནི་དེས་གསལ་བར་བཤད་པ་སྟེ། སྒྲ་དང་དོན་ཐམས་ཅད་རྒྱས་པར་བྱས་ཤེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་

Vol. 33 · folio 159b

པ་ལ་རྣལ་འབྱོར་གྱི་རྒྱུད་ཀྱིས་རྒྱས་པར་བྱེད་པ་ཅིའི་ཕྱིར་ཞེ་ན། མཐའ་དྲུག་གི་ནི་འཆིང་བས་བཅིངས། །ཞེས་བྱ་བ་སྨོས་ཏེ། གང་ལ་མཐའ་དྲུག་གི་འཆིང་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གལ་ཏེ་མཐའ་དྲུག་གི་འཆིང་བས་བཅིངས་ཀྱང་ཉེ་བར་གདགས་པ་མི་བྱའོ་ཞེ་ན། བློ་དམན་པ་རྣམས་

ཀྱིས་རྟོགས་པར་བྱེད་པར་འགྱུར་ཏེ། དེའི་ཕྱིར་རྒྱལ་སྲས་ཡུལ་གྱུར་ཞེས་བྱ་བ་སྨོས་སོ། །རྒྱལ་བའི་ཡུལ་དུ་གྱུར་ཞེས་པས་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པས་རྟོགས་པར་བྱ་བ་ཡིན་པར་བསྟན་ཏོ། །རྒྱལ་བའི་སྲས་ཀྱི་ཡུལ་དུ་གྱུར། །ཞེས་པས་ནི་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་

དཔའ་རྣམས་ཀྱིས་རྟོགས་པར་བྱ་བ་ཡིན་པར་བསྟན་ཏོ། །རྒྱས་སྲས་ཡུལ་གྱུར་ཞེས་བྱ་བ་འདི་ནི་རྒྱལ་སྲས་གྱི་ཡུལ་དུ་གྱུར་པ་ཁོ་ནའོ་ཞེས་བྱ་བ་ནི་མ་ཡིན་གྱི། རྒྱལ་བའི་སྲས་ཁོ་ནའི་ཡུལ་དུ་གྱུར་ཞེས་པའོ། །འདིས་ནི་གཞན་དང་ལྡན་པ་རྣམ་པར་བཅད་པའོ། །མཐའ་དྲུག་གི་ནི་འཆིང་བས་བཅིངས། །

ཞེས་བྱ་བ་འདི་ནི་ཉེ་བར་མཚོན་པའི་ཚིག་སྟེ། བཤད་པ་བཞི་ཡི་འཆིང་བས་བཅིངས། །ཞེས་བྱ་བ་ལ་སོགས་པ་ཡང་ཤེས་པར་བྱའོ། །དེ་དག་གིས་བཅིངས་པ་ཡང་གང་ཡིན་ཞེ་ན། རྒྱལ་བའི་འདུས་གང་ཡིན་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་མཐའ་

དྲུག་གི་འཆིང་བས་བཅིངས་ཞེས་སྦྱར་རོ། །རྒྱལ་བའི་འདུས་པ་ཡང་སྒྲའི་རྣམ་པ་བཅིངས་སམ། དོན་གྱི་རྣམ་པ་བཅིངས་ཞེས་རྟོག་གྲང་ན། སྒྲའི་རྣམ་པ་མ་ཡིན་པའི་ཕྱིར། རིམ་གཉིས་གནས་ཀྱིས་རྒྱས་བཏབ་དེ་ནི་ཞེས་བྱ་བ་སྨོས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་

གཉིས་ཀྱིས་རྒྱས་བཏབ་ཅེའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་རྒྱས་བཏབ་ཅེས་པ་ཡང་མི་གདུག་སེམས་དང་བཅས་པ་འམ། སྙོམ་ལས་དང་བཅས་པ་ཡིན་ཞེས་རྟོག་གྲང་ན། ཕྱོགས་གཉི་ག་ནི་བླང་བར་བྱ་བ་མ་ཡིན་པའི་ཕྱིར་རེ་ཞིག་བསལ་ལོ། །དེ་ཉིད་ཐམས་ཅད་ཀྱིས་རྟོགས་པ་

མ་ཡིན་ནོ་ཞེ་ན། ཀླུ་སྒྲུབ་ལས་རྙེད་པ་ཞེས་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་གང་ཡིན་པ་དེ་སུས་ཀྱང་རྙེད་པར་མ་གྱུར་པ་སློབ་དཔོན་ཀླུ་སྒྲུབ་ལས་རྙེད་ཅེས་སྦྱར་རོ། །འདི་དག་གི་དོན་ནི་འདི་སྐད་དུ་སྟོན་པར་འགྱུར་ཏེ། སྣོད་དང་སྣོད་མ་ཡིན་པ་རྣམ་པར་ཕྱེ་

Vol. 33 · folio 160a

ནས་སྣོད་མ་ཡིན་པ་ལ་གསང་བའི་དོན་དུ་མཐའ་དྲུག་གི་འཆིང་བས་བཅིངས་པའོ། །གང་མཐའ་དྲུག་གི་འཆིང་བས་བཅིངས་པ་དེ་ནི་རྒྱལ་བའི་སྲས་ཀྱི་ཡུལ་དུ་འགྱུར་རོ། །གང་རྒྱལ་བའི་སྲས་ཀྱི་ཡུལ་དུ་གྱུར་པ་དེ་ནི་ཚོགས་དང་སློབ་མའི་གང་ཟག་གིས་རྙེད་པ་མ་ཡིན་

པར་འགྱུར་རོ། །གང་ཚོགས་དང་སློབ་མས་རྙེད་པར་མ་གྱུར་པ་དེ་ནི་རྣལ་འབྱོར་གྱི་རྒྱུད་དང་། བྱང་ཆུབ་སེམས་དཔའི་སྤྲུལ་པ་ལས་རྙེད་པར་འགྱུར་རོ། །གང་རྣལ་འབྱོར་གྱི་རྒྱུད་དང་། བྱང་ཆུབ་སེམས་དཔའ་སྤྲུལ་པ་ལས་རྙེད་པ་དེ་ནི་ཀུན་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །ཀུན་དང་ཐུན་མོང་མ་

ཡིན་པའི་ཕྱིར་རིགས་དབྱེ་བར་འགྱུར་རོ། །རྣལ་འབྱོར་གྱི་རྒྱུད་ཀྱང་ཇི་ལྟར་བཤད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕྱི་དང་ནང་གི་མངོན་པར་བྱང་ཆུབ་པའི་སྒོ་ནས་མངོན་པར་རྫོགས་པར་སངས་རྒྱས་པས་དེ་བཞིན་གཤེགས་པའི་གསང་བ་འདུས་པ་ལས་ཀྱང་མངོན་པར་བྱང་ཆུབ་

པ་སྟོན་པར་འགྱུར་རོ། །དེ་བཞིན་གཤེགས་པའི་གསང་བ་འདུས་པའི་མངོན་པར་བྱང་ཆུབ་པ་དེ་ཉིད་ཕྱི་དང་ནང་གི་དབྱེ་བས་རྒྱུའི་མངོན་པར་བྱང་ཆུབ་པ་དང་། ལམ་དང་། འབྲས་བུ་དང་། དཔེ་ལ་སོགས་པའི་ཟབ་པ་དང་རྨད་དུ་བྱུང་བའི་མངོན་པར་བྱང་ཆུབ་པ་ལེགས་པར་བསྟན་པར་བྱ་

བའི་ཕྱིར་མངོན་པར་བྱང་ཆུབ་པའི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་རྣམས་ནི་ངེས་པའི་དོན་དུ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ཏེ། སངས་རྒྱས་པས་རྒྱུད་ཀྱི་རྒྱལ་པོ་ལས་ཀྱང་དེ་ཉིད་བསྟོད་པས་དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར་ལྷ་མོ་བཞིས་ཞུས་པ་བྱང་ཆུབ་ཀྱི་སེམས་ཀྱི་

རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སྤྲུལ་པའི་སྐུ་ལས་མི་འདའ་ལ། སྤྲུལ་པའི་སྐུའི་དེ་ཁོ་ན་ཉིད་དང་ཆོས་འགྲུབ་པར་བྱེད་པའི་ཐབས་སྦྱོར་བ་ཡན་ལག་དྲུག་ནི་གསང་བ་འདུས་པ་ནས་ཉེ་བར་བསྟན་ཏོ། །དེ་གསལ་བར་སྟོན་པའི་ཕྱིར་བྱམས་པས་ཞུས་པའི་རྒྱུད་ཕྱི་མ་གསུངས་

སོ། །དེ་བཞིན་གཤེགས་པ་རྣམས་ནི་བཤད་པའི་ཚུལ་རྣམ་པ་བཞི་ལས་མི་འདའ་ལ། དེ་གསལ་བར་བྱ་བའི་དོན་དུ་གསང་བའི་རྒྱུད་རྡོ་རྗེ་ཕྲེང་བ་གསུངས་སོ། །དེ་བཞིན་གཤེགས་པ་རྣམས་ནི་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་སེམས་ཅན་ལ་ཆོས་སྟོན་པ་ལས་མི་འདའ་ལ། དེ་གསལ་

Vol. 33 · folio 160b

བར་བྱེད་པའི་རྒྱུད་ནི་དཔལ་ཕྱག་ན་རྡོ་རྗེས་ཞུས་པ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་རྣམས་ནི་རྨད་དུ་བྱུང་བའི་སྤྱོད་པ་ལས་མི་འདའ་ལ། དེ་གསལ་བར་བྱེད་པའི་རྒྱུད་ནི་སྤྱོད་པ་མཆོག་གི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་རྣམས་ནི་ཐོབ་པ་

དང་རྩོལ་བ་དངོས་གྲུབ་རྣམ་པ་གཉིས་ལས་མི་འདའ་ལ། དེ་གསལ་བར་བྱེད་པའི་རྒྱུད་ནི་དངོས་གྲུབ་སྟོན་པར་བྱེད་པ་ཞེས་བྱ་བའི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་རྣམས་ནི་དབང་དང་དམ་ཚིག་ལས་མི་འདའ་ལ། དེ་གསལ་བར་བྱེད་པའི་རྒྱུད་ནི་དམ་ཚིག་གི་དེ་ཁོ་ན་ཉིད་ཉེ་བར་

འབྱེད་པའི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་རྣམས་ནི་བསྐྱེད་པའི་རིམ་པ་དང་ལྷའི་རྣལ་འབྱོར་གྱི་རྫོགས་པའི་རིམ་པ་ལས་མི་འདའ་ལ། དེ་གསལ་བར་བྱེད་པའི་རྒྱུད་ནི་རྡོ་རྗེ་རྣོན་པོའི་རྒྱུད་གསུངས་སོ། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་

གསང་བ་འདུས་པ་ནི་རྣལ་འབྱོར་གྱི་རྒྱུད་རྣམས་ཀྱིས་ཤིན་ཏུ་རྒྱས་བཏབ་པ། ཤིན་ཏུ་ཟབ་པ། ཤིན་ཏུ་རྨད་དུ་བྱུང་བ། ཤིན་ཏུ་རྟོགས་པར་དཀའ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་རྙེད་པར་དཀའ་བས་མཆོག་ཏུ་དམ་པར་གྱུར་པ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡིན་

པའི་ཕྱིར་དད་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱིས་རྣལ་འབྱོར་གྱི་རྒྱུད་དང་། བྱང་ཆུབ་སེམས་དཔའ་བྱམས་པའི་ཊཱི་ཀཱ་དང་། བྱང་ཆུབ་སེམས་དཔའ་པདྨའི་མན་ངག་ལ་བརྟེན་ཏེ་རྟོགས་པར་བྱའོ། །དེ་ལྟར་བཤད་པར་དམ་བཅའ་བ་བསྟན་ནས། ད་ནི་དེ་ཁོ་ན་ཉིད་

ཀྱི་དོན་མདོར་བསྡུས་ཏེ་བསྟན་པར་བྱའོ། །དེའི་ཕྱིར། གསང་སྔགས་སྐུ་ནི་རབ་ཏུ་སྒྲུབ་པར་བྱེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐུ་སྒྲུབ་པར་བྱེད་པ་ནི་བསྐྱེད་པའི་རིམ་པ་ཡིན་ལ། སྔགས་སྒྲུབ་པར་བྱེད་པ་ནི་རིམ་པ་དང་པོ་ཡིན་པས་དེ་ལ་དེ་སྐད་ཅེས་བྱའོ། །རིམ་པ་ཞེས་བྱ་བ་ནི་གཉི་

ག་ལ་སྦྱར་བར་བྱའོ། །འདིས་ནི་བསྐྱེད་པའི་རིམ་པ་ཡང་གཟུང་བར་བྱའོ། །རིམ་པ་དང་པོ་ཞེས་སྨོས་པ་མ་ཡིན་ནམ། དེ་ཅིའི་ཕྱིར་གཉི་ག་ལ་དང་པོ་ཞེས་བརྗོད་ཅེ་ན་འདི་ནི་རྫོགས་པའི་རིམ་པ་འབའ་ཞིག་གི་དབང་དུ་བྱས་པ་ཡིན་གྱི། བསྐྱེད་པའི་རིམ་པ་དང་ཐུན་མོང་དུ་ནི་མ་ཡིན་ནོ། །རིམ་པ་

Vol. 33 · folio 161a

དང་པོ་ཞེས་བྱ་བ་འདི་ཡང་གང་ཞིག་ཅེ་ན། འདི་ནི་རྡོ་རྗེ་བཟླས་པ་ཉིད་དོ། །རིམ་པ་གཉིས་པ་བརྗོད་པའི་ཕྱིར། སེམས་ལ་དམིགས་པ་ཙམ་ཞིག་ནི། །རིམ་པ་གཉིས་པ་ཞེས་བརྗོད་དོ། །ཞེས་པ་སེམས་ལ་དམིགས་པས་ན། སེམས་ལ་དམིགས་པ་སྟེ། གང་

གི་སེམས་ཡུལ་དུ་བྱས་པས་ན། སེམས་ལ་དམིགས་པའོ། །རིམ་པ་གཉིས་པ་ཞེས་པ་ནི། རྡོ་རྗེ་བཟླས་པ་ལ་ལྟོས་པའི་རིམ་པ་གཉིས་སོ། །ཙམ་ཞེས་པ་ནི་དགག་པ་སྨོས་པ་སྟེ། སེམས་ལ་དམིགས་པ་ཙམ་ཞིག་རིམ་པ་གཉིས་པ་ཡིན་གྱི། གཞན་ནི་མ་ཡིན་ནོ། །དེ་ནས་རིམ་

པ་གསུམ་པ་བསྟན་པའི་ཕྱིར། ཀུན་རྫོབ་བདེན་པ་བསྟན་པ་ནི། །ཡིད་དང་རིམ་པ་གསུམ་པའོ། །ཞེས་པ་གང་རྒྱུ་རྐྱེན་གྱིས་བསྐྱེད་པ་བརྫུན་པར་སྣང་བ་ནི་ཀུན་རྫོབ་སྟེ། ཀུན་རྫོབ་དེའི་དབང་དུ་བྱས་ནས་བདེན་པས་ན་བདེན་པའོ། །རིམ་པ་གཉིས་པ་ལ་ལྟོས་ནས་འདི་རིམ་པ་གསུམ་པའོ། །འདིས་

ནི་ཅིག་ཅར་གྱིས་འབྱུང་བའི་སྒྱུ་མ་ལྟ་བུའི་སྐུ་གཟུང་ངོ་། །དེ་ནས་རིམ་པ་བཞི་པ་བསྟན་པའི་ཕྱིར། ཀུན་རྫོབ་བདེན་པ་དག་པ་ནི། །རིམ་པ་བཞི་པ་ཞེས་བརྗོད་དོ། །ཞེས་པ་རིལ་པོར་འཛིན་པ་དང་། རྗེས་སུ་གཞིག་པའི་སྟོབས་ཀྱིས་སྒྱུ་མ་ལྟ་བུའི་སྐུ་རང་བཞིན་གྱིས་རྣམ་པར་དག་པ་འདི་ནི་འོད་གསལ་བ་སྟེ།

རིམ་པ་བཞི་པའོ། །རིམ་པ་བཞི་པའི་དུས་སུ་ནི་བདེན་པ་རྣམ་པ་གཉིས་ཀྱི་ཚུལ་དུ་གནས་པ་སྟེ། འདི་ལྟར་མཉམ་པར་གཞག་པ་ནི་དོན་དམ་པའི་བདེན་པའོ། །དེའི་རྗེས་ལས་ཐོབ་པའི་སྐུ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་ནས་རིམ་པ་ལྔ་པ་བསྟན་པའི་ཕྱིར། བདེན་པ་གཉིས་སྦྱོར་གང་ཡིན་པ། །ཟུང་འཇུག་

ཅེས་བྱ་ལྔ་པ་སྟེ། །ཞེས་བྱ་བ་སྨོས་ཏེ། དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་རྣམ་པ་གཉིས་སུ་དབྱེར་མེད་པར་རྟོགས་པ་འདི་ནི་ཟུང་དུ་འཇུག་པ་སྟེ་རིམ་པ་ལྔ་པའོ། །དེ་ནས་སྒྲུབ་ཐབས་ཀྱི་ཆེ་བ་བསྟན་པའི་ཕྱིར། འདི་ནི་སྒྲུབ་པའི་ཐབས་ཀྱི་མཆོག །ཅེས་པ་བསྐྱེད་པའི་རིམ་པ་དང་།

རྫོགས་པའི་རིམ་པ་འདི་ནི་སྒྲུབ་ཐབས་ཐམས་ཅད་ཀྱི་མཆོག་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དངོས་གྲུབ་གཉིས་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། །རྒྱུད་ཀུན་གྱི་ནི་དོན་བསྡུས་པའོ། །ཞེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུད་ནི་ལམ་དང་འབྲས་བུ་གཉིས་ལས་མི་འདའ་ལ། བསྐྱེད་པ་དང་རྫོགས་

Vol. 33 · folio 161b

པའི་རིམ་པ་འདི་ཡང་ལམ་དང་འབྲས་བུ་གཉིས་དང་ལྡན་པའི་ཕྱིར་རྒྱུད་ཀྱི་དོན་བསྡུས་པའོ། །ཡང་ན་རྒྱུད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པའོ། །དེའི་ཡན་ལག་ནི་ལྷ་མོ་བཞིས་ཞུས་པ་ལ་སོགས་པའོ། །དེའི་དོན་མདོར་བསྡུས་པ་ནི་ལམ་འབྲས་བུ་དང་བཅས་པའོ། །

ལམ་ནི་རྣམ་པ་གཉིས་ཏེ་སྨིན་པ་དང་གྲོལ་བར་བྱེད་པའི་ལམ་མོ། །སྨིན་པར་བྱེད་པའི་ལམ་ནི་རྣམ་པ་བཞི་སྟེ། བུམ་པའི་དབང་དང་། གསང་བའི་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། དབང་བཞི་པའོ། །གྲོལ་བར་བྱེད་པའི་ལམ་ནི་རྣམ་པ་བཞི་སྟེ། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་དང་

གྲོགས་སྤྱོད་པའོ། །དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །རྫོགས་པའི་རིམ་པ་ལ་རྣམ་པ་ལྔ་སྟེ། རྡོ་རྗེ་བཟླས་པ་ལ་སོགས་པའོ། །སྤྱོད་པ་ནི་རྣམ་པ་གསུམ་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་

མེད་པའོ། །འབྲས་བུ་ནི་རྣམ་པ་གཉིས་ཏེ། འབྲས་བུ་གནས་སྐབས་པ་དང་། འབྲས་བུ་མཐར་ཐུག་པའོ། །ཐུན་མོང་གི་དངོས་གྲུབ་འབའ་ཞིག་པ་ནི་འབྲས་བུ་གནས་སྐབས་པའོ། །མཆོག་གི་དངོས་གྲུབ་ནི་འབྲས་བུ་མཐར་ཐུག་པའོ། །འདི་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུད་

ཀྱི་དོན་མདོར་བསྡུས་པའོ། །སྔགས་དང་སེམས་དང་ལུས་དང་ནི། །ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །མདོར་བསྡུས་པ་ཞེས་བྱ་བ་འདི་ཡང་འོག་ནས་འབྱུང་བའི་དོན་ཉིད་ཡིན་ནམ་དེ་ལས་གཞན་ཞིག་ཡིན་ཞེ་ན། ཕྱོགས་དང་པོ་ལྟར་ནི་མ་ཡིན་ཏེ། དོན་མེད་པ་ཉིད་ཀྱི་ཕྱིར་

རོ། །ཕྱོགས་ཕྱི་མ་ལྟར་ན་ཡང་རྒྱུད་འདི་ཉིད་ཀྱི་དོན་མདོར་བསྡུས་པ་ཞེས་འབྱུང་བའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། གང་ཟག་ཐམས་ཅད་ནི་རིགས་རྣམ་པ་གཉིས་ཏེ། དབང་པོ་རྣོན་པོ་མགོ་སྨོས་པས་གོ་བའི་གང་ཟག་དང་། དབང་པོ་རྟུལ་པོ་དོན་མཐའ་དག་ལ་གཞོལ་བའི་གང་ཟག་

གོ། །རེ་ཞིག་དབང་པོ་རྟུལ་པོ་དོན་མཐའ་དག་ལ་གཞོལ་བའི་དབང་དུ་ནི་མ་ཡིན་ཏེ། གོང་མའི་སྐྱོན་ཉིད་དུ་འགྱུར་བའི་ཕྱིར་རོ། །འདི་ནི་དབང་པོ་རྣོན་པོ་མགོ་སྨོས་པས་གོ་བའི་དབང་དུ་བྱས་པའོ། །དེ་ཅིའི་ཕྱིར་ཞེ་ན། དབང་པོ་རྣོན་པོ་ནི་དེ་ཙམ་གྱིས་གོ་བར་འགྱུར་བ་དང་། དོན་རྒྱ་

Vol. 33 · folio 162a

ཆེན་པོ་ལ་འཇུག་པར་མི་འགྱུར་བའི་ཕྱིར་རོ། །དེ་བས་ན་དེ་བཞིན་གཤེགས་པའི་གསང་བ་འདུས་པའི་དོན་རྒྱ་ཆེར་བཤད་པ་འདིས་ནི་དབང་པོ་རྣོན་པོ་དང་། དབང་པོ་རྟུལ་པོའི་གང་ཟག་གཉི་ག་གཟུང་བར་འགྱུར་རོ། །དེ་དག་གིས་ནི་དོན་མདོར་བསྡུས་པ་བསྟན་ཏོ། །དེ་

ནས་རྒྱུད་ཀྱི་མཐའི་ཡི་གེ་ཤེས་པར་བྱ་བའི་ཕྱིར། ཤེས་ནས་མཐའ་དྲུག་ལ་འཇུག་གོ། །ཞེས་བྱ་བ་སྨོས་ཏེ། མཐའ་དྲུག་ལ་འཇུག་པ་ཡིན་པས་ན་མཐའ་དྲུག་ལ་འཇུག་པ་ཞེའོ། །མཐའ་དྲུག་པོ་འདི་ཡང་གང་ལ་འཇུག་ཅེ་ན། དེ་བཞིན་གཤེགས་པའི་གསང་བ་འདུས་པའི་རྒྱུད་ཆེན་པོ་

ལ་སོགས་པ་ལ་འཇུག་གོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་རྒྱུད་ཐམས་ཅད་ནི་མཐའ་རྣམ་པ་དྲུག་ལས་མི་འདའོ། །དེ་བས་ན་དེ་བཞིན་གཤེགས་པའི་རྒྱུད་ཀྱི་མཐའི་ཡི་གེ་ཤེས་པར་བྱ་སྟེ། དེ་ཡང་བཤད་པ། ཇི་སྲིད་ཡ་ར་ལ་ཧའི་བར། །ཀ་ག་གྷ་མཐའ་ན་ཛའི་

མཐའ། །ད་དྷའི་མཐའ་དང་མ་མཐར་བཅས། །ཞེས་པ་འདི་དག་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་མིང་གི་མཐའི་ཡི་གེའོ། །འདི་དག་ནི་དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས་ཀྱང་། བཅོམ་ལྡན་འདས་རྣལ་འབྱོར་གྱི་རྒྱུད་ཀྱི་མིང་གི་མཐའི་ཡི་གེ་གང་ལགས། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། བྱམས་པ་རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་ཀྱི་མིང་གི་མཐའི་ཡི་གེ་ནི་འདི་དག་ཙམ་དུ་ཟད་དེ། ཨ་ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿབྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཀའི་མཐའ་ཅན་ནི་སུམ་ཅུ་རྩ་གཉིས་སོ། །དེ་བཞིན་དུ་ཧའི་མཐའ་ཅན་གྱི་བར་དུ་ཡང་སུམ་ཅུ་རྩ་གཉིས་སོ། །དེ་བས་ན་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའི་རྒྱུད་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །ཡང་ན། ཇི་སྲིད་ཡ་ར་ལ་ཧའི་བར། །ཞེས་བྱ་བ་ལ་སོགས་པས་ནི་ཨཱ་ལི་ཀཱ་

ལི་ཡང་གཟུང་བར་བྱ་སྟེ། ཇི་སྐད་དུ། རྡོ་རྗེ་རྒྱན་གྱི་རྒྱུད་ལས་ཀྱང་། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །འཁོར་ལོ་བཞི་ནི་འགྲུབ་པ་ཡིན། །ཞེས་གསུངས་ཏེ། འཁོར་ལོ་བཞི་ནི་ཨཱ་ལི་ཀཱ་ལི་ལས་གཞན་མ་ཡིན་ནོ། །འཁོར་ལོ་བཞི་ལས་ནི་རྡོ་རྗེ་བཟླས་པ་དང་། སེམས་ལ་དམིགས་པ་དང་།

Vol. 33 · folio 162b

སྒྱུ་མ་ལྟ་བུའོ། །འོད་གསལ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །གཞན་ལས་ཀྱང་། སྙིང་གི་དབུས་ན་མི་ཤིགས་པ། །འབར་བ་མར་མེའི་རྩེ་ལྟར་འབར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །གཞན་ལས་ཀྱང་། འཁོར་ལོ་ས་བོན་འོད་ཟེར་ལས། །རྡོ་རྗེ་བཟླས་དང་

སེམས་ལ་དམིགས། །སྒྱུ་མའི་འོད་གསལ་ཟུང་དུ་འཇུག །ཐམས་ཅད་འདི་ལས་འབྱུང་བ་ཡིན། །ཞེས་འབྱུང་བའི་ཕྱིར། དེ་བས་ན་རླུང་ལས་ནི་རྣམ་པར་ཤེས་པ་འབྱུང་ངོ་། །རྣམ་པར་ཤེས་པ་ལས་ནི་ཉེ་བར་ལེན་པའི་ལུས་འབྱུང་ངོ་། །དེ་བས་ན་ཉམས་སུ་ལེན་པའི་རྣལ་འབྱོར་པས་

ཀྱང་དང་པོ་ནི་རླུང་ལ་བསླབ་པར་བྱའོ། །དེ་ནས་ནི་རྣམ་པར་ཤེས་པ་ལ་བསླབ་པར་བྱའོ། །རྣམ་པར་ཤེས་པ་ལས་རླུང་ལ་ལོབས་པར་འདོད་པས་ཀྱང་འཁོར་ལོ་རྣམ་པ་བཞིའི་ཡི་གེའི་དོན་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །ཡི་གེ་དེ་དག་ཀྱང་མཐའ་གང་དུ་འདུས་ཤེ་ན། དེ་དེའི་རྩ་བ་

ཡི་གེ་གསུམ། །ཞེས་སྨོས་ཏེ། མཐའ་ཅན་གྱི་རྒྱུད་དེ་དང་དེའི་རྩ་བ་བྱེད་ཅེས་སྦྱར་རོ། །ཡི་གེ་གསུམ་པའི་ངོ་བོ་གང་ཡིན་ཞེ་ན། སྐྱེས་བུ་སྒྲ་ལ་གཞོལ་བ་རྣམས་ཀྱི་དབང་དུ་བྱས་ཏེ། ས་མ་ཛ་ཞེས་པ་ནི་འདུས་པའི་མིང་གི་ཡི་གེའོ། །ཡང་ན་སྒོམ་པ་ལ་མཆོག་ཏུ་བྱས་ཏེ། དེ་དེའི་རྩ་བ་

ཡི་གེ་གསུམ། །པ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐབས་ཀྱི་ཡི་གེ་དང་ཤེས་རབ་ཀྱི་ཡི་གེའི་རྩ་བ་ནི་ཨོཾ་ཨཱཿཧཱུཾ་ཞེས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡི་གེ་གསུམ་ལས་མི་འདའོ། །ཡི་གེ་གསུམ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐོབ་པར་

བྱེད་པའི་ཐབས་ལས་མི་འདའ་ལ། ཡི་གེ་གསུམ་དུ་ཡང་ཐམས་ཅད་ཇི་ལྟར་འདུ་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་རྡོ་རྗེ་གསུམ་ལས་མི་འདའ་སྟེ། འདི་ལྟར་ཡི་གེ་ཨོཾ་ནི་སྐུ་རྡོ་རྗེའོ། །ཨཱཿནི་གསུང་རྡོ་རྗེའོ། །ཧཱུཾ་ནི་ཐུགས་རྡོ་རྗེའོ། །འདི་ལྟར་དེ་བཞིན་

གཤེགས་པ་ཐམས་ཅད་ནི་སྐུ་རྣམ་པ་གསུམ་ལ་མི་འདའ་ལ། ཡི་གེ་ཨོཾ་ནི་ཆོས་ཀྱི་སྐུའོ། །ཨཱཿནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཧཱུཾ་ནི་སྤྲུལ་པའི་སྐུའོ། །དེ་བཞིན་གཤེགས་པ་བསྐྱེད་པའི་རིམ་པའི་དབང་དུ་བྱས་པ་དེ་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྨིན་པར་བྱེད་པའི་

Vol. 33 · folio 163a

དབང་ཇི་ལྟར་འདུ་ཞེ་ན། ཡི་གེ་ཨོཾ་ནི་བུམ་པའི་དབང་ངོ་། །ཡི་གེ་ཨཱཿནི་གསང་བའི་དབང་ངོ་། །ཧཱུཾ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིམ་པ་ལྔ་པ་ཇི་ལྟར་འདུ་ཞེ་ན། འདི་ལྟར་ཡི་གེ་ཨཱཿནི་རྡོ་རྗེ་བཟླས་པའོ། །ཧཱུཾ་ནི་སེམས་

ལ་དམིགས་པ་དང་འོད་གསལ་བ་དང་། ཟུང་དུ་འཇུག་པའོ། །ཨོཾ་ནི་སྒྱུ་མ་ལྟ་བུའི་སྐུའོ། །རྡོ་རྗེ་བཟླས་པ་འབའ་ཞིག་གི་དབང་དུ་བྱས་ཏེ། ཡི་གེ་གསུམ་ནི་འདི་ལྟར་འབྱུང་བ་དང་། འཇུག་པ་དང་གནས་པ་གསུམ་དུ་ཡི་གེ་གསུམ་ནི་ཅི་རིགས་སུ་སྦྱར་རོ། །སེམས་ལ་དམིགས་པ་

འབའ་ཞིག་གི་དབང་དུ་བྱས་པའི་ཡི་གེ་གསུམ་ནི་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པའི་ཡེ་ཤེས་སོ། །ཡི་གེ་གསུམ་དང་ཅི་རིགས་སུ་སྦྱར་རོ། །སྒྱུ་མ་ལྟ་བུའི་སྐུ་འབའ་ཞིག་གི་དབང་དུ་བྱས་པའི་ཡི་གེ་གསུམ་ནི་སྐུ་སྒྱུ་མ་ལྟ་བུ་དང་། གསུང་སྒྱུ་མ་ལྟ་བུ་དང་། ཐུགས་

སྒྱུ་མ་ལྟ་བུའི་ཡི་གེ་གསུམ་དང་གོ་རིམས་སུ་སྦྱར་རོ། །འོད་གསལ་འབའ་ཞིག་གི་དབང་དུ་བྱས་པའི་ཡི་གེ་གསུམ་ནི་འོད་གསལ་བའི་ཡེ་ཤེས་དང་། འོད་གསལ་བ་དང་ཆ་འདྲ་བའི་ཡེ་ཤེས་དང་། ཀུན་རྫོབ་ཀྱི་བདེན་པ་ཡི་གེ་གསུམ་དང་གོ་རིམས་སུ་སྦྱར་རོ། །ཟུང་དུ་འཇུག་པ་

འབའ་ཞིག་པའི་དབང་དུ་བྱས་པའི་ཡི་གེ་གསུམ་ནི་རྩོལ་བ་དང་བཅས་པ་དང་རྩོལ་བ་མེད་པ་དང་ཤིན་ཏུ་རྩོལ་བ་མེད་པ་གསུམ་དང་གོ་རིམས་སུ་སྦྱར་རོ། །ཡང་ན་སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པའི་གོ་རིམས་སུ་སྦྱར་རོ། །དེ་བས་ན་དེ་བཞིན་

གཤེགས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་ཡི་གེ་གསུམ་མོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཇི་ལྟ་བ་བཞིན་དུ་སྒྲའི་རྣམ་པ་ལ་ཡང་དེ་བཞིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲའི་ཚོགས་ནི་ངག་གི་ལམ་ནས་འབྱུང་བ་ཡིན་ལ། དེ་ཡང་ལྷན་ཅིག་ཏུ་

དབུགས་དང་གནས་པ་ཡིན་ཏེ། འབྱུང་བ་ལས་འབྱུང་བའི་སྒྲ་དང་། འཇུག་པ་ལས་འཇུག་པའི་སྒྲ་དང་། གནས་པ་ལས་གནས་པའི་སྒྲ་ནི་ཡི་གེ་གསུམ་ལས་བྱུང་བའི་སྒྲའོ། །གཞན་ལས་ཀྱང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་

Vol. 33 · folio 163b

འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་འབྱུང་བ་དང་། །གསང་བ་ཐིག་ལེའི་རྒྱུད་ལས། །སྒྲ་རྣམས་ཡི་གེ་ལས་བྱུང་སྟེ། །ཡི་གེ་ཡི་གེ་གསུམ་ལས་བྱུང་། །དེ་ཕྱིར་སྒྲ་རྣམས་ཐམས་ཅད་ཀྱི། །

རྒྱུ་ནི་ཡི་གེ་གསུམ་དུ་འདུས། །ཞེས་འབྱུང་བ་ལྟ་བུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡི་གེ་རྣམ་པ་གསུམ་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་བས་ན་ཡི་གེ་ལ་འདུས་

པ་ཇི་བཞིན་དུ་དེ་བཞིན་གཤེགས་པའི་གསང་བ་འདུས་པ་ལ་ཡང་འདུས་པར་ཤེས་པར་བྱའོ། །དེ་ཉིད་བཤད་པ། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡིན། །ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་

གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཏེ་དེ་དག་གི་སྣོད་འདུས་པ་འདི་གང་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ནི་དམ་ཚིག་གི་སྒོ་ནས་སངས་རྒྱས་ལ་དམ་ཚིག་དང་སྡོམ་པ་ཐམས་ཅད་ནི་ལུས་དང་ངག་འདུལ་བར་བྱེད་པས་འདུལ་བ་ཞེས་བྱ་སྟེ། གཞན་

ལས། བཞི་དང་སྤྱི་དང་ཁྱད་པར་གྱི། །དམ་ཚིག་མཆོག་ནི་རྨད་པོ་ཆེ། །སྡོམ་པ་གསུམ་ལ་རབ་གནས་པ། །འདུལ་བའི་སྡོམ་པ་ཀུན་གྱི་མཆོག །ཅེས་འབྱུང་བའི་ཕྱིར་རོ། །མདོ་སྡེ་དང་མངོན་པ་ལ་ཡང་དེ་བཞིན་ཏེ། འདི་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་

ཆེན་པོ་མདོར་བསྡུས་པ་གསུངས་པས། དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །ཞེས་བྱའོ། །དེ་བས་འདིས་ནི་རྒྱུད་ཀྱི་ཆེ་བ་ཡང་བསྟན་པར་བྱ་སྟེ་མཆོག་ཡིན་ཞེས་སྦྱར་རོ། །གཞུང་ཉུང་བ་ལ་དོན་མང་བ་ཞེས་པ་ནི་གཞུང་གི་ཚོགས་ཕྲ་མོ་ཙམ་གྱིས་དེ་བཞིན་གཤེགས་པའི་བཀའ་

མཐའ་དག་གི་དོན་རྙེད་པར་འགྱུར་བའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །འདི་དག་གིས་ནི་རྒྱུད་ཀྱི་ཆེ་བ་ཡང་བསྟན་པར་རིག་པར་བྱའོ། །དེ་ནས་རྒྱུ་རྙེད་པར་དཀའ་བ་བསྟན་པའི་ཕྱིར། འདུས་པའི་རྒྱུད་ནི་རྙེད་དཀའ་ཞིང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་སངས་རྒྱས་

Vol. 33 · folio 164a

དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཐེ་ཚོམ་སྐྱེད་པར་བྱེད་པ་ཡིན་ན་གཞན་ལྟ་ཅི་སྨོས་ཞེས་གཞུང་འདི་ཉིད་ལས་འབྱུང་བའི་ཕྱིར་རོ། །སངས་རྒྱས་ཐེ་ཚོམ་སྐྱེ་བ་ཅིའི་ཕྱིར་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ནམ་ཡང་ཐེ་ཚོམ་ཡོད་

པ་མ་ཡིན་ནོ། །དེ་བས་ན་འདི་དག་གི་དོན་ནི་ཚོགས་དང་བླ་མའི་གང་ཟག་གསང་བ་འདུས་པའི་དཀྱིལ་འཁོར་དུ་ཉན་པའི་སྐལ་བ་དང་ལྡན་པ་རྣམས་ཀྱང་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་རིགས་ལ་སོགས་པ་གཞན་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །

དེ་བཞིན་གཤེགས་པའི་གསང་བ་འདུས་པའི་དོན་རྙེད་པར་དཀའ་བ་ཡང་ཅིའི་ཕྱིར་ཞེ་ན། རྒྱན་བདུན་རྟོགས་པར་དཀའ་བས་ན། །ཞེས་པ་སྨོས་ཏེ་རྒྱན་བདུན་རྟོགས་པར་དཀའ་བས་དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེས་ཅིར་འགྱུར་ཞེ་ན། ཐམས་ཅད་དུ་ནི་རྣམ་པར་འཁོར། །ཞེས་

སྦྱར་རོ། །འདི་ཉིད་ཀྱང་གཞུང་འདི་ཉིད་ལས་བཞུགས་པའི་ཚོགས་ནས་བརྩམས་ཏེ། མཐའ་རྣམ་པ་དྲུག་དང་རྣམ་པ་བཞིར་བཤད་པ་འདིས་གསང་བ་འདུས་པའི་དོན་ཕྱག་རྒྱས་བཏབ་པ་ཡིན་ལ་ཞེས་སྨོས་པའི་ཕྱིར་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ལུང་བསྟན་པའི་

རྒྱུད་ལས། གསང་བའི་བདག་པོ་དོན་རྒྱས་པའི། །ཚུལ་ཆེན་འདི་ནི་རྙེད་གྱུར་ནས། །ཇི་བཞིན་དོན་ནི་རྙེད་བཟུང་བ། །དེས་ན་ལམ་ངན་དག་ཏུ་ལྟུང་། །ཞེས་བྱ་བ་ལ་སོགས་པ་བཤད་པའི་ཕྱིར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་ཤེས་པར་བྱ་བ་

ཡིན་པར་བསྟན་པའི་ཕྱིར། དེ་བས་བླ་མའི་བཀའ་དྲིན་གྱིས། །འབད་དེ་རྣམ་པར་ཤེས་ནས་ནི། །ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་ནི་དབང་དང་དམ་ཚིག་དང་མི་ལྡན་པ་ལ་གསང་བ་སྟོན་པར་བྱེད་པ་དང་། སློབ་དཔོན་སྨོད་པར་བྱེད་པ་དང་།

སློབ་དཔོན་གྱི་གདམས་ངག་རྗེས་སུ་མི་འཛིན་པ་དང་ཉན་ཐོས་ཀྱི་རིགས་ཅན་དང་། རང་སངས་རྒྱས་ཀྱི་རིགས་ཅན་དང་། བྱང་ཆུབ་སེམས་དཔའི་རིགས་ཅན་དང་། རིགས་མ་ངེས་པ་ལ་སོགས་པ་རྣམས་ཀྱིས་ནམ་ཡང་རྙེད་པར་མི་འགྱུར་ཞིང་། བླ་མའི་གདམས་ངག་རྗེས་

Vol. 33 · folio 164b

སུ་འཛིན་པར་བྱེད་པ་དང་། དད་པ་དང་དམ་ཚིག་ལ་སོགས་པ་དང་ལྡན་པ་དང་། ཐེག་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་རྒྱུའི་རྒྱུད་ཀྱང་ཤེས་པར་བྱའོ། །དེ་ནས་གཞན་ལ་ཆོས་བསྟན་པར་འདོད་ནས་བཤད་པའི་དབྱེ་བར་བསྟན་པའི་ཕྱིར། སེམས་ཅན་རྗེས་སུ་གཟུང་འདོད་པས། །

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བླ་མའི་གདམས་ངག་ལ་བརྟེན་ནས། དེ་བཞིན་གཤེགས་པའི་གསང་བ་འདུས་པའི་དོན་ཇི་ལྟ་བུ་རྣམ་པར་ཤེས་པའི་གང་ཟག་དེས་མ་འོངས་པའི་སེམས་ཅན་བློ་དམན་པ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ་བཤད་

པའི་ཕྱིར། དེའི་རྣམ་པར་དབྱེ་བ་ཞེས་བྱ་བ་སྨོས་པའི་ཕྱིར་རོ། །འདིས་རྒྱན་བདུན་བཤད་པར་དམ་བཅས་པ་ཡང་ཡིན་ནོ། །དེ་ཉིད་ཀྱི་དབྱེ་བ་མདོར་བསྟན་པའི་ཕྱིར། གླེང་བསླང་བ་ཡི་གྲངས་ནི་ལྔ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གླེང་བསླང་བ་ཡང་ཡིན་ལ། ལྔ་ཡང་ཡིན་པས་གླེང་བསླང་

བ་ལྔའོ། །རིགས་པ་ཡང་ནི་རྣམ་པ་བཞི། །ཞེས་པ་རིགས་པ་ནི་འཐད་པ་སྟེ། འཐད་པའི་ཆོས་རྣམ་པ་བཞི་ཞེས་པའི་ཐ་ཚིག་གོ། །རྒྱས་བཤད་མཐའ་ནི་རྣམ་པ་དྲུག །ཅེས་པ་བསྡུས་པའི་བཤད་པ་ནི་མ་ཡིན་གྱི། འདིར་རྒྱས་པའི་བཤད་པ་ཁོ་ནའོ། །རྒྱས་པར་བཤད་པ་ཡང་ཡིན་ལ། །མཐའ་དྲུག་ཀྱང་

ཡིན་པས་འདིར་རྒྱས་བཤད་མཐའ་དྲུག་གོ། །བཤད་པ་ཡང་ནི་རྣམ་པ་བཞི། །ཞེས་པ་བཤད་པ་ནི་བསྟན་པ་སྟེ། བསྟན་པའི་ཆོས་རྣམ་པ་བཞི་ཞེས་བྱའོ། །ལྔ་པའི་དབྱེ་བ་རྣམ་པ་གཉིས། །ཞེས་པའི་ལྔ་པ་ནི་ལྔ་པ་སྟེ་གྲངས་ཀྱི་ལྔ་པའོ། །དེའི་དབྱེ་བ་གཉིས་ནི་ཚོགས་དང་། སློབ་

མའི་བྱེ་བྲག་གིས་སོ། །དྲུག་པའི་དབྱེ་བ་ལྔ་དང་ལྡན། །ཞེས་པ་ནི་ཚོགས་ཀྱི་དང་སློབ་མའི་གནས་སྐབས་ཀྱི་དབྱེ་བ་ཡིན་ནོ། །བདུན་པའི་དབྱེ་བ་རྣམ་པ་གཉིས་ཏེ། །ཞེས་པ་ནི་དེ་བཞིན་གཤེགས་པས་དོན་མཐའ་དག་བདེན་པ་རྣམ་པ་གཉིས་སུ་བསྟན་པའོ། །འདི་དག་གིས་ནི་

མདོར་བསྡུས་པ་བསྟན་པའོ། །རྒྱན་རྣམས་མདོར་བསྡུས་པའོ་ཞེས་བསྟན་པ་འདིས་ནི་རྒྱན་རྒྱས་པར་བསྟན་པ་ནི་མ་ཡིན་ནོ་ཞེས་སོ། །རྒྱས་པར་ཡང་གང་ཞིག་ལས་ཤེས་པར་བྱ་ཞེ་ན། བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་པའི་རྒྱུད་ནི་

Vol. 33 · folio 165a

ལྷ་མོ་བཞིས་ཞུས་པ་ལ་སོགས་པའོ། །དེའི་རྗེས་སུ་འབྲངས་ནས་བདག་གིས་བཤད་ཅེས་སྦྱར་རོ། །ཅི་བཤད་ཅེ་ན། རྒྱན་ནི་བདུན་པོ་རྣམས་ཀྱི་ནི། །རིམ་པ་བཞིན་དུ་རེ་རེ་ཡི། །རྒྱས་པ་དག་ནི་བདག་གིས་བྱ། །ཞེས་པ་གླེང་བསླང་བའི་གྲངས་རྒྱས་པ་དང་།

རིགས་པ་རྒྱས་པར་བཤད་པ་དང་། མཐའ་དྲུག་རྒྱས་པར་བཤད་པ་ལ་སོགས་པའོ། །དེ་ལ་དང་པོ་གླེང་བསླང་བའི་གྲངས་རྒྱས་པར་བཤད་པ་ནི་རྣམ་པ་གཉིས་ཏེ། དྲིས་པ་དང་། ལན་དུ་བཅས་པའོ། །དྲི་བ་བསྟན་པའི་ཕྱིར་རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན། །ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། མིང་མེད་པ་དང་མིང་མ་ཡིན་པ་དང་། མིང་ལོག་པ་རྣམས་བསལ་བར་བྱ་བའི་ཕྱིར། རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན་ཞེས་སྨོས་ཏེ། དགོས་པ་མེད་པ་དང་། དགོས་པ་མ་ཡིན་པ་དང་། དགོས་པ་ལོག་པ་བསལ་བའི་ཕྱིར། །གང་གི་དོན་དུ་འདི་ཉིད་མཛད། །ཅེས་

དགོས་པ་དྲི་བའོ། །བྱེད་པ་པོ་མེད་པ་དང་། བྱེད་པ་པོ་མ་ཡིན་པ་དང་། བྱེད་པ་པོ་ལོག་པ་བསལ་བའི་དོན་དུ། སུ་ཞིག་བྱེད་པ་པོ་ཞེས་འདྲི་བའོ། །ཚད་མེད་པ་དང་། མ་ཡིན་པ་ལ་སོགས་པ་བསལ་བའི་ཕྱིར། འདིའི་ཚད་གང་ཞེས་ཚད་འདྲི་བའོ། །དེ་ཉིད་བཤད་པ་དང་པོའི་

ལན་དུ་བསྟན་པའི་ཕྱིར། རྒྱུད་ཀྱི་མཚན་ནི་མིང་ཡིན་ལ། །ཞེས་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་འདུས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པའི་རྒྱུད་ཀྱི་མིང་ཇི་སྙེད་པའོ། །དེ་བས་ན་གང་ལ་དེ་དག་གི་རྟགས་སུ་

འབྲེལ་ཏེ། འདིའི་མིང་གང་ཞིག་ཡིན་ཞེ་ན། གསང་བ་འདུས་པ་ཞེས་བྱ་བ་འདི་ཉིད་ཡིན་ཞེས་སྦྱར་རོ། །གསང་བ་འདུས་པ་འདི་གང་གི་དོན་དུ་མཛད་ཅེས་པའི་ལན་དུ། སྐྱེ་བོ་འདོད་ཅན་དོན་དུ་མཛད། །ཅེས་སྦྱར་ཏེ། གོང་དུ་བཤད་པ་ཉིད་དང་འོག་ནས་ཀྱང་ལེགས་པར་སྟོན་པ་ཉིད་ཀྱི་ཕྱིར་མ་

བཤད་དོ། །འདིའི་བྱེད་པ་པོ་གང་ཞིག་ཡིན་ཞེས་པའི་ལན་དུ། འདིའི་དོན་བྱེད་པ་པོ་རྡོ་རྗེ་སེམས་དཔའ་ཞེས་སྨོས་ཏེ། གང་གིས་གང་ཞིག་བྱེད་པ་དེ་ནི་འདིའི་བྱེད་པ་པོ་ཞེས་སྦྱར་རོ། །བྱེད་པ་པོ་ཞེས་པ་ནི་གསུང་བ་པོ་ཞེས་པའོ། །གང་ཞིག་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་ཡིན་ཞེས་

Vol. 33 · folio 165b

སྦྱར་རོ། །འདི་དག་གིས་ནི་འདི་སྐད་དུ་སྟོན་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་གསུང་བ་པོ་རྡོ་རྗེ་འཆང་ཡིན་ཞེས་སྦྱར་རོ། །འདིའི་ཚད་གང་ཡིན་ཞེས་པའི་ལན་དུ། ཚད་དག་ཀྱང་ནི་བཤད་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལེའུ་དང་དེ་བཞིན་

ཆོ་ག་དང་། །ཞེས་པ་ལེའུ་བཅུ་བདུན་ཡོད་ཅེས་པ་ནི་ལེའུའི་ཚད་དོ། །ལེའུ་ལ་ཇི་ལྟ་བ་བཞིན་དུ་ཆོ་ག་ལ་ཡང་ཡོད་དོ། །འདི་ལྟར་སྨིན་པར་བྱེད་པའི་ལམ་གྱི་དབང་དུ་བྱས་པ་ནི་ཆོ་ག་ཉི་ཤུའོ། །ཆོ་ག་ལ་ཚད་ཡོད་པ་དེ་བཞིན་དུ་དུམ་བུ་ལ་ཡང་ཚད་ཡོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་

ཀྱི་སྐུའི་དུམ་བུ་ལ་སོགས་པ་བཅུ་བདུན་ནོ། །དུམ་བུ་ལ་ཇི་ལྟ་བ་བཞིན་དུ་རིམ་པར་ཕྱེ་བ་ལ་ཚད་ཡོད་དེ། འདི་ལྟར་ཐུན་མོང་གི་དབང་དུ་བྱས་ན་རིམ་པ་གཉིས་སོ། །ཁྱད་པར་གྱི་དབང་དུ་བྱས་པ་ནི་རིམ་པ་ལྔ་པ་སྟེ་རྡོ་རྗེའི་བཟླས་པ་ལ་སོགས་པའོ། །ཚད་ཀྱང་ཡིན་ལ་བཞི་ཡང་ཡིན་

པས། དེ་ནི་རྣམ་པ་བཞིར་འགྱུར་ཏེ། །ཞེས་བྱ་བ་སྨོས་ཏེ། ཁྱད་པར་གྱི་དབང་དུ་ལེའུའི་ཚད་དང་ཆོ་གའི་ཚད་དང་། དུམ་བུའི་ཚད་དང་། རིམ་པའི་ཚད་དོ། །འདི་དག་གི་ཐུན་མོང་གི་ཚད་ཀྱང་གང་ཞེ་ན། རྣམ་པ་གསུམ་སྟེ། བསྡུས་པའི་ཚད་དང་། རྒྱས་པའི་ཚད་དང་། ཤིན་ཏུ་

རྒྱས་པའི་ཚད་དོ། །བསྡུས་པའི་ཚད་ནི་རྣམ་པ་བཞི་སྟེ། རྟེན་གྱི་གང་ཟག་ལ་སོགས་པའོ། །རྒྱས་པའི་ཚད་ནི་རྣམ་པ་ལྔ་སྟེ། བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་དང་། ཐབས་དང་། དགོས་པ་དང་སྐྱོན་ནོ། །ཤིན་ཏུ་རྒྱས་པའི་དབང་དུ་ནི་རྣམ་པ་བདུན་ཏེ། དཀྱིལ་འཁོར་དང་།

སྒྲུབ་པ་དང་། དབང་དང་། དམ་ཚིག་དང་། ཕྲིན་ལས་དང་། དེ་ཁོ་ན་ཉིད་དང་གྲོགས་སོ། །དགོས་པའང་གང་ཞིག་ཡིན་ཞེས་པའི་ལན་དུ་དགོས་པ་ཡང་ནི་བཤད་བྱ་སྟེ། །ཞེས་བྱ་བ་སྨོས་ཏེ། ཞི་སོགས་བྱ་བའི་ཆོ་ག་དང་། །ཞེས་པ་ནི་དེ་བཞིན་གཤེགས་པའི་གསང་བ་འདུས་པའི་

དཀྱིལ་འཁོར་འདིས་ཞི་བའི་ལས་དང་། རྒྱས་པ་ལ་སོགས་པ་རྡོ་རྗེ་བཞིན་དུ་འགྲུབ་པར་དགོངས་སོ། །དེ་བཞིན་གྲུབ་པ་བརྒྱད་དང་ནི། །ཞེས་པ་ས་འོག་གི་དངོས་གྲུབ་ལ་སོགས་པ་འདིའི་གྲུབ་པར་དགོངས་སོ། །འདི་དག་གིས་ནི་ཐུན་མོང་གི་དངོས་གྲུབ་བསྟན་ཏེ། ཐུན་མོང་གི་དངོས་གྲུབ་

Vol. 33 · folio 166a

ཅེས་བྱ་བ་ཡང་གང་ཞིག་ཅིའི་ཕྱིར་བསྟན་ཞེ་ན། དང་པོ་ནི་བཤད་ཟིན་ཏོ། །གཉིས་པ་ལའང་ལྷ་ཐུན་མོང་བ་ཉིད་དང་། རྫས་ཐུན་མོང་བ་ཞེས་བྱ་བ་ལ་སོགས་པ་བརྟག་གྲང་ན། ལྷ་ཐུན་མོང་བ་ནི་མ་ཡིན་ཏེ། ལྷ་རེ་རེའི་ཁྱད་པར་གྱི་ལས་ཡིན་པའི་ཕྱིར་རོ། །ཁྱད་པར་

གྱི་ལས་ཞེས་བྱ་བ་འདི་ཡང་འདི་ལྟར་ཞི་བའི་ལས་ལ་ནི་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་སོ། །རྒྱས་པའི་ལས་ལ་ནི་རིན་ཆེན་འབྱུང་ལྡན་གྱི་སྦྱོར་བས་སོ། །དབང་གི་ལས་ལ་ནི་སྣང་བ་མཐའ་ཡས་ཀྱི་སྦྱོར་བས་སོ། །དྲག་པོའི་ལས་ལ་ནི་དོན་ཡོད་གྲུབ་པའི་སྦྱོར་བས་སོ། །ལས་ཐམས་

ཅད་ལ་ནི་རྡོ་རྗེ་སེམས་དཔའི་སྦྱོར་བས་སོ། །དེའི་ཕྱིར་ལྷ་ཐུན་མོང་བ་མ་ཡིན་ནོ། །རྫས་ཐུན་མོང་བ་ཡང་མ་ཡིན་ཏེ། རེ་ཞིག་ཞི་བའི་རྫས་ནི་འོ་མ་དང་། མེ་ཏོག་དཀར་པོ་ལ་སོགས་པ་ཡིན་པའི་ཕྱིར་རོ། །རྒྱས་པའི་རྫས་ནི་བ་བླ་དང་། ལྡོང་རོས་དང་། མེ་ཏོག་སེར་པོ་ལ་སོགས་པ་

ཡིན་པའི་ཕྱིར་རོ། །དབང་གི་རྫས་ནི་ཁྲག་དང་། མཚལ་དང་མེ་ཏོག་དམར་པོ་ལ་སོགས་པའི་སྦྱོར་བས་སོ། །དྲག་པོའི་ལས་ནི་དུག་དང་། སོལ་བ་ཆེན་པོ་དང་། གྲིར་ཤི་བའི་ཤ་ཁྲག་ལ་སོགས་པའི་སྦྱོར་བས་སོ། །དེ་བས་ན་རྫས་ཐུན་མོང་བ་མ་ཡིན་ནོ། །སྔགས་ཐུན་མོང་བ་

ཡང་མ་ཡིན་ཏེ། ཞི་བ་ལ་ནི་ཤཱནྟིཾ་ཀུ་རུ་ཞེས་པའི་མཐའ་དང་བཅས་པའི་ཕྱིར་རོ། །རྒྱས་པ་ལ་ནི་པུཥྚིཾ་ཀུ་རུ་ཞེས་པའི་མཐའ་དང་བཅས་པའི་ཕྱིར་རོ། །དབང་ལ་ནི་བ་ཤཾ་ཀུ་རུ་ཞེས་པའི་མཐའ་དང་བཅས་པའི་ཕྱིར་རོ། །དྲག་པོ་ལ་ནི་མཱ་ར་ཡ་ཞེས་པའི་སྔགས་མཐའ་དང་བཅས་པའི་ཕྱིར་

རོ། །དེ་བས་ན་སྔགས་ཐུན་མོང་མ་ཡིན་ནོ། །ཡིད་ལ་བྱེད་པའི་ཁྱད་པར་ཐུན་མོང་བ་ཡང་མ་ཡིན་ཏེ། ཞི་བ་ལ་ནི་བྱམས་པ་ཡིད་ལ་བྱེད་དོ། །རྒྱས་པ་ལ་ནི་སྙིང་རྗེ་ཡིད་ལ་བྱེད་དོ། །དབང་ལ་ནི་དགའ་བ་ཡིད་ལ་བྱེད་དོ། །དྲག་པོ་ལ་ནི་བཏང་སྙོམས་ཡིད་ལ་བྱེད་དོ། །སྤྱོད་པ་ཐུན་མོང་བ་

ཡང་མ་ཡིན་ཏེ། ཞི་བ་ལ་ནི་སྦྱིན་པ་ལ་སྤྱོད་དོ། །རྒྱས་པ་ལ་ནི་སྙན་པར་སྨྲ་བ་ལ་སྤྱོད་དོ། །དབང་ལ་ནི་དོན་སྤྱོད་ལ་སྤྱོད་དོ། །དྲག་པོ་ལ་ནི་དོན་མཐུན་པ་ལ་སྤྱོད་དོ། །དེ་བས་ན་འདི་ནི་ཐུན་མོང་གི་དངོས་གྲུབ་མ་ཡིན་ནོ། །གཞན་ཡང་འདི་ནི་མཆོག་ཡིན་ཞེས་པའམ། རྒྱུ་ཐུན་མོང་མ་

Vol. 33 · folio 166b

ཡིན་པ་ལས་གྲུབ་པའི་ཕྱིར་རོ། །ལུང་གཞན་ལས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཅེས་བྱ་བ་ནི་རྒྱུ་ཐུན་མོང་བ་མ་ཡིན་པ་ལས་གྲུབ་པ་འབྱུང་ངོ་ཞེས་འབྱུང་བ་ལྟ་བུའོ། །རྒྱུ་ཐུན་མོང་བ་ལས་གྲུབ་ཀྱང་མཆོག་ཡིན་ནོ་ཞེས་པ་འམ། རྒྱུ་ཐུན་མོང་མ་ཡིན་པ་

ལས་གྲུབ་ཀྱང་ཐུན་མོང་ཡིན་ནོ་ཞེ་ན་ནི་ཧ་ཅང་ཡང་ཐལ་བར་འགྱུར་རོ་ཞེས་སྨྲས་པ་དེ་ནི་མ་ཡིན་ཏེ། འདི་ནི་རྫོགས་པའི་རིམ་པ་ལ་སྨྲ་བ་ནི་ལྟོས་པའི་ཕྱིར་རོ། །ཐམས་ཅད་ཀྱང་ཀུན་རྫོབ་ཀྱི་རྣམ་པ་ཅན་ལ་བརྟེན་པའི་ཕྱིར་ཐུན་མོང་མ་ཡིན་པ་ཡང་མ་ཡིན་ནོ། །ལྷ་ཐུན་མོང་མ་ཡིན་པ་ཡང་

མ་ཡིན་ཏེ། ཞི་བ་ལ་སོགས་པ་སོ་སོའི་ལས་འདྲེ་བར་བྱེད་ཅིང་འོན་ཀྱང་རྫོགས་པའི་རིམ་པ་དང་། ཐུན་མོང་དུ་གྱུར་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་འདི་ནི་ཐུན་མོང་གི་དངོས་གྲུབ་པོ། །མཆོག་ཅེས་བྱ་བ་འདི་ཡང་གང་ཞིག་ཡིན་དེ་ཉིད་མི་ཤེས་སོ་ཞེ་ན། དེའི་ཕྱིར་སངས་རྒྱས་ཀྱང་

ནི་མཆོག་ཡིན་ནོ། །ཞེས་སྨོས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མཆོག་གི་དངོས་གྲུབ་ནི་ཆོས་ཀྱི་སྐུ་ལ་སོགས་པའོ། །ཆོས་ཀྱི་སྐུ་ཞེས་བྱ་བ་འདི་ཡང་གང་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་དམ་པ་ཆོས་ཀྱི་སྐུ་ནི་ཐོག་མ་མེད་པ་ཐ་མ་མེད་པ། དབུས་མེད་པ། བསྟན་དུ་མེད་པ།

ཐོགས་པ་མེད་པ། ཁ་དོག་མེད་པ། དབྱིབས་མེད་པ། གྲངས་དང་། བགྲང་བ་དང་། ཤེས་པ་དང་། བརྗོད་པའི་ཡུལ་ལས་འདས་པ། དངོས་པོ་མཐའ་དག་ཐམས་ཅད་དང་བྲལ་བ་སྟེ། དཀོན་ཅོག་བརྩེགས་པ་ལས་ཀྱང་། འོད་སྲུངས་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ། །མེད་ཅེས་བྱ་བ་འདི་ནི་མཐའ་

གཉིས་སོ། །རྟག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ། །མི་རྟག་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །དབུ་མའི་ལམ་ནི་དམིགས་སུ་མེད་པའོ་ཞེས་འབྱུང་བ་དང་། འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་ལས་ཀྱང་། ཅི་སྟེ་མཆིས་ཞེས་བགྱི་ན་ནི་རྟག་པར་འགྱུར། མ་མཆིས་ཞེས་

བགྱི་ན་ནི་ཆད་པར་འགྱུར། དབུ་མའི་ལམ་ནི་དམིགས་སུ་མ་མཆིས་སོ་ཞེས་འབྱུང་བ་དང་། གཞན་དག་ལས་ཀྱང་། ཡོད་དང་མེད་པ་འདི་ཡང་མཐའ་ཡིན་ཏེ། །དག་དང་མ་དག་གཉིས་ཀྱང་མཐའ་རུ་འགྱུར། །མཁས་པས་མཐའ་གཉིས་རྣམ་པར་སྤངས་ནས་ཀྱང་། །དབུས་

Vol. 33 · folio 167a

ལ་རྟོག་ཅིང་གནས་པར་མི་བྱེད་དོ། །ཞེས་འབྱུང་བ་དང་། གཞུང་འདི་ཉིད་ལས་ཀྱང་། དངོས་པོ་མེད་པ་བསྒོམ་པའི་དངོས། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །འདི་ཉིད་ནི་མཆོག་ཡིན་པར་ཡང་ལུང་གིས་བཤད་དེ། ཆོས་རྣམས་རང་བཞིན་མེད་པ་དང་།

སྐུ་གསུམ་པོ་ཡི་ཁྱད་པར་གྱིས། །ཐུན་མོང་ལས་ནི་མ་གྲུབ་ཕྱིར། །འདི་ནི་མཆོག་ཏུ་གྱུར་པ་ཡིན། །ཞེས་གསུངས་སོ། །དེ་བས་ན་འདི་ནི་མཆོག་གི་དངོས་གྲུབ་བོ། །སངས་རྒྱས་ཞེས་སྨོས་པ་མ་ཡིན་ནམ། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་མ་ཡིན་པ་ཆོས་ཀྱི་སྐུ་ལ་སོགས་པ་

ཅིའི་ཕྱིར་མཆོག་གི་དངོས་གྲུབ་ཅེས་གྲགས་ཤེ་ན། འདི་ཉིད་སངས་རྒྱས་ཏེ་སྒྲིབ་པ་རྣམ་པ་གཉིས་སྤངས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་པའི་ཕྱིར་རོ། །མཆོག་ཅེས་བྱ་བ་འདི་ཐུན་མོང་མ་ཡིན་པ་ཞིག་མ་ཡིན་ནམ། འདི་ཅིའི་ཕྱིར་ཐུན་མོང་པ་ལ་མཆོག་

ཅེས་བྱ་ཞེ་ན། འདི་ནི་ཐུན་མོང་མ་ཡིན་པ་ཉིད་དེ། ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གྲུབ་པའི་མཐའ་གཞན་དང་ཐུན་མོང་མ་ཡིན་པ་ནི་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་ཐུན་མོང་པའི་ཕྱིར་རོ། །རིགས་ཀྱིས་ཐུན་མོང་མ་ཡིན་

པ་ཡང་མ་ཡིན་ཏེ་འདི་ལྟར་རྡོ་རྗེའི་རིགས་དང་། ལས་ཀྱི་རིགས་ཀྱི་བར་དུ་ཐུན་མོང་དུ་གྱུར་པའི་ཕྱིར་རོ། །ཐབས་ཀྱིས་ཐུན་མོང་མ་ཡིན་པ་ཡང་མ་ཡིན་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་ལ་སོགས་པ་ཐབས་ཐམས་ཅད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །བསྟན་དུ་མེད་པས་

ཐུན་མོང་མ་ཡིན་པ་ཡང་མ་ཡིན་ཏེ། ཡུལ་དང་དུས་དང་གཉིས་རང་བཞིན་གྱིས་སྐལ་བ་ཐམས་ཅད་མཆོག་ཏུ་གྱུར་པའི་ཕྱིར་རོ། །དེ་བས་ན་མཆོག་གི་དངོས་གྲུབ་ཅེས་བྱ་བ་འདི་གང་ཞིག་ཡིན། ཅིའི་ཕྱིར་མཆོག་གི་དངོས་གྲུབ་ཅེས་བརྟག་ཅེ་ན། དང་པོ་ནི་བཤད་ཟིན་ཏོ། །གཉིས་

པའི་དབང་དུ་བྱས་པ་ནི་ཐུན་མོང་མ་ཡིན་པའི་ཕྱིར་ཏེ། མཆོག་རྟོགས་པའི་བྱེ་བྲག་གིས་མ་ཡིན་གྱི་མཆོག་ཐོབ་པའི་བྱེ་བྲག་གིས་སོ། །མཆོག་ཐོབ་པ་ཞེས་བྱ་བ་ཡང་རྒྱུ་ཐམས་ཅད་ཀྱིས་ཐོབ་པ་ནི་མ་ཡིན་གྱི་རྫོགས་པའི་རིམ་པ་འབའ་ཞིག་གིས་ཉེ་བར་ཐོབ་པའི་ཕྱིར་རོ། །འབའ་

Vol. 33 · folio 167b

ཞིག་གིས་ཐོབ་ཀྱང་ཐུན་མོང་ཡིན་ནོ་ཞེ་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །དེ་བས་ན་འདི་ནི་མཆོག་གི་དངོས་གྲུབ་ཉིད་དོ། །རྒྱན་དང་པོ་བཤད་ཟིན་ཏོ།། །།འདི་ལ་ཡང་ཅིའི་ཕྱིར་རྒྱན་ཞེས་བྱ་ཞེ་ན། གང་ལ་གང་གིས་ཕན་འདོགས་པ་དང་། གང་ལ་གང་གིས་མཛེས་པར་བྱེད་པ་དང་། གང་

ལ་གང་གིས་དགའ་བར་བྱེད་པ་དེ་ནི་དེའི་རྒྱན་ནོ། །རྒྱན་ཞེས་བྱ་བ་ཡང་དུ་ཞིག་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱན་ནི་རྣམ་པ་གཉིས་ཏེ་རང་བཞིན་གྱི་རྒྱན་དང་། གསལ་བའི་རྒྱན་ནོ། །རྒྱན་ཐམས་ཅད་ཀྱི་དཔེ་ནི་རྣམ་པ་གཉིས་ཏེ། རང་བཞིན་གྱི་རྒྱན་གྱི་དཔེ་ནི་བུ་མོ་བཞིན་

མཛེས་པ་ལྟ་བུའོ། །གསལ་བའི་རྒྱན་ནི་དཔེར་ན་བུ་མོའི་རིན་པོ་ཆེ་ལྟ་བུའོ། །འདི་ལྟ་སྟེ་དཔེར་ན་ནོར་བུ་རིན་པོ་ཆེས་ནི་བུ་མོའི་བཞིན་མཛེས་པར་བྱེད་དོ། །བུ་མོའི་བཞིན་ལ་ཕན་འདོགས་པར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པའི་གླེང་བསླང་བ་ལ་

སོགས་པ་འདིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཤད་པ་ལ་ཕན་འདོགས་པར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱན་ཀྱི་དགོས་པ་ནི་སེམས་ཅན་རྒྱན་ལ་དགའ་བ་རྗེས་སུ་འཇུག་པར་བྱེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཤད་པ་ཕུན་སུམ་

ཚོགས་པ་ལ་ཕན་འདོགས་པར་བྱེད་དོ། །གླེང་བསླང་བ་ནི་འདས་ཟིན་ཏེ་ཞེས་པ་ནི་གླེང་བསླང་བ་རྣམ་པ་ལྔ་བཤད་ཟིན་ཞེས་པའོ། །དེ་ནས་རིགས་པ་རྣམ་པ་བཞི་བཤད་པ་བསྟན་པའི་ཕྱིར། རིགས་པ་ཡང་ནི་བཤད་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་རྒྱུད་དག་དང་ནི་ཞེས་

བྱ་བ་ལ་སོགས་པ་ལ་རྒྱུད་ནི་གང་དུ་རྟོགས། གླེང་གཞི་ནི་གང་ཞིག་ཡིན། ཅིའི་ཕྱིར་དེ་ལ་དེ་སྐད་ཅེས་བྱ། ཐབས་གང་གིས་ཐོབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །དང་པོའི་ལན་བསྟན་པའི་ཕྱིར། མི་ཡི་སྐྱེ་བར་འཁྲུངས་པ་ནི། །རྒྱུད་ཅེས་བྱ་བར་བརྗོད་པ་ཡིན། །ཞེས་པ་མིའི་

རྒྱུད་དུ་གཏོགས་ཞེས་པའོ། །ཅིའི་ཕྱིར་རྒྱུད་ཅེས་བྱ་ན་དེ་ཉིད་མིའི་སྐྱེ་བ་དང་འབྲེལ་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ནི་ལྷ་དང་ལྷ་མ་ཡིན་གྱི་རྒྱུད་དུ་གཏོགས་པ་གསལ་བ་ཡིན་ནོ། །གཉིས་པའི་ལན་བསྟན་པའི་ཕྱིར། བཙུན་མོའི་འཁོར་གྱི་ནང་ནས་ནི། །ངེས་པར་

Vol. 33 · folio 168a

འབྱུང་བ་གླེང་གཞི་ཡིན། །ཞེས་སྨོས་ཏེ་ཁྱིམ་ནས་ཁྱིམ་མེད་པར་ངེས་པར་རབ་ཏུ་བྱུང་བའོ། །འདི་ལ་ཅིའི་ཕྱིར་ཐུབ་པ་ཆེན་པོ་ཞེས་བྱ་ཞེ་ན། འདི་ལས་སྡོམ་པ་བསྟན་པ་ནི། །ངེས་པའི་ཚིག་ཅེས་བརྗོད་པ་སྟེ། །ཞེས་པ་འདུལ་བ་ལས་སྡོམ་པ་ཐམས་ཅད་

ཐུབ་པའི་ཕྱིར་ཐུབ་པ་ཆེན་པོ་ཞེས་བྱའོ། །ལུང་གཞན་ལས་ཀྱང་། དབང་པོའི་སྒོ་བསྡམས་སྡོམ་པ་རྣམས། །མ་ལུས་བརྩལ་མེད་ཐུབ་པས་ན། །ཐུབ་པ་ཆེན་པོ་ཞེས་སུ་བཤད། །ཅེས་འབྱུང་བ་ལྟ་བུའོ། །འདིའི་རྒྱུ་གང་ཞིག་ཡིན་ཞེས་པའི་ལན་དུ། །འབྲས་བུ་འདོད་པས་

ཆོས་སྤྱོད་པ། །དེ་ནི་རྒྱུ་ཞེས་བརྗོད་པ་སྟེ། །ཞེས་པ་འབྲས་བུ་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་པོ། །ཡང་ན་འབྲས་བུ་ནི་འདིར་ཕྱུག་པ་དང་། གཟུགས་བཟང་བ་དང་། སྟོབས་དང་མི་འཇིགས་པ་དང་གཟུངས་དང་ཏིང་ངེ་འཛིན་དང་། དེ་ལ་སོགས་པ་ཡོན་ཏན་གྱི་ཆོས་རྣམས་

སོ། །དེ་ཐོབ་པར་བྱེད་པའི་རྒྱུ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་བཟོད་པ་ལ་སོགས་པའོ། །འདི་ནི་འདོད་ཆགས་བྲལ་ཆོས་ཀྱི། །རིགས་པ་རྣམ་པ་བཞིར་འདོད་དོ། །ཞེས་པ་འདོད་ཆགས་དང་ལྡན་པའི་དབང་དུ་བྱས་པ་ནི་མ་ཡིན་གྱི། འདོད་ཆགས་དང་བྲལ་བའི་དབང་དུ་

བྱས་པའི་ཕྱིར་རོ། །དེ་བས་ན་འདོད་རྒྱལ་གྱི་ཞགས་པས་ཟིན་པ་རྣམས་ནི་དགོས་པ་མེད་ཀྱང་རྩོམ་པར་འགྱུར་གྱི། དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ནི་སེམས་ཅན་གྱི་དོན་དང་མི་ལྡན་པར་ནམ་ཡང་རྩོམ་མི་སྲིད་དོ། །དེ་བས་ན་དགོས་པ་ཐམས་

ཅད་ནི་རྣམ་པ་གཉིས་ཏེ། འདོད་ཆགས་དང་བྲལ་བ་རྣམས་འདུལ་བ་དང་འདོད་ཆགས་དང་ལྡན་པ་རྣམས་འདུལ་བའོ། །དང་པོའི་དབང་དུ་བྱས་པ་ནི་བཤད་ཟིན་ཏོ། །གཉིས་པའི་དབང་དུ་བྱས་ནས་བཤད་པ། རིགས་ལྔའི་སངས་རྒྱས་བསྐྱེད་པ་ནི། །རྒྱུད་ཅེས་བྱ་བར་བརྗོད་

པ་སྟེ། །ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་ཡབ་ཡུམ་གཉིས་སུ་མེད་པའི་སྦྱོར་བ་ལས་རིགས་རྣམ་པ་ལྔ་ལ་སོགས་པ་བསྐྱེད་པ་འདི་ནི་རྒྱུད་ཅེས་བྱ་བའོ། །འདི་ལ་ཡང་ཅིའི་ཕྱིར་རྒྱུད་ཅེས་བརྗོད་ཅེ་ན་གཉིས་སུ་མེད་པའི་སྦྱོར་བའི་དབང་དུ་ནི་

Vol. 33 · folio 168b

འབྲེལ་པའི་ཕྱིར་རྒྱུད་དོ། །རིགས་ལྔའི་སངས་རྒྱས་སྐྱེ་བའི་དབང་དུ་ནི་འབྱུང་ཁུངས་ཀྱི་ཕྱིར་རྒྱུད་དོ། །དཔེར་ན་རི་ལས་གསེར་འབྱུང་ཞེས་བརྗོད་ན་རི་གསེར་གྱི་རྒྱུད་དུ་གཏོགས་པ་ལྟ་བུར་རིགས་ལྔའི་སངས་རྒྱས་བསྐྱེད་པས་ཐམས་ཅད་དེ་བཞིན་གཤེགས་པའི་རྒྱུད་དང་། འདོད་

ཆགས་ཆེན་པོའི་ཆོས་དང་ལྡན་པའི་རྒྱུད་དུ་གཏོགས་པར་ཤེས་པར་བྱའོ། །གླེང་གཞི་ཡང་གང་ཞིག་ཡིན་ཞེ་ན། སླར་ཡང་རིགས་གཅིག་གྱུར་པ་ནི། །གླེང་གཞི་ཡིན་པར་རབ་ཏུ་བཤད། །ཅེས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་རིགས་བརྒྱའི་དབྱེ་བ་ལ་རབ་ཏུ་བཞུགས་

ནས་སླར་ཡང་རྡོ་རྗེ་བསྡུ་བའི་སྦྱོར་བས་བསྡུས་ཏེ། རིགས་གཅིག་ཏུ་གྱུར་པ་ནི་གླེང་གཞི་ཞེས་བརྗོད་དོ། །རྡོ་རྗེ་ལ་སོགས་བཟུང་བ་ནི། །ངེས་པའི་ཚིག་ཏུ་བརྗོད་པ་སྟེ། །ཞེས་པ་ནི་རྡོ་རྗེ་འཛིན་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོའོ། །ཅིའི་ཕྱིར་རིན་ཆེན་འཆང་ཞེས་བྱ་ཞེ་ན། ཡིད་བཞིན་གྱི་

ནོར་བུ་རིན་པོ་ཆེ་འཆང་བའི་ཕྱིར་རིན་ཆེན་འཆང་ཞེས་པའོ། །འདི་དག་གི་དོན་ནི་འོག་ནས་བཛྲ་དྷྲིཀ་ཅེས་བྱ་བ་ལ་སོགས་པའི་སྔགས་ཀྱི་དོན་བཤད་པ་ལས་ཤེས་པར་བྱའོ། །འདི་དག་གི་རྒྱུ་ཡང་གང་ཞིག་ཡིན་ཞེས་པའི་ལན་དུ། སྒེག་པ་ལ་སོགས་སྤྱོད་པ་ནི། །རྒྱུ་ཞེས་བྱ་བར་

བརྗོད་པ་སྟེ། །ཞེས་པ་སྒེག་པ་དང་འཇོ་བ་ལ་སོགས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐྱེ་བའི་རྒྱུར་གྱུར་ཞེས་པའི་དོན་ཏོ། །རིགས་པ་ཡང་ནི་འདས་ཟིན་ཏེ། །ཞེས་པ་ནི་རིགས་རྣམ་པ་བཞི་ནི་བཤད་ཟིན་ཏོ། །རྒྱན་ནི་གསུམ་པ་ཉིད་ཀྱང་ནི། །ཞེས་བྱ་བ་ལ་སོགས་པ་ནི་རིགས་པ་རྣམ་

པ་བཞི་བཤད་པའི་འོག་ཏུ་མཐའ་རྣམ་པ་དྲུག་བཤད་པར་རིགས་པས་དེ་བཤད་པར་བྱའོ། །མཐའ་ཡང་ཡིན་ལ་དྲུག་ཀྱང་ཡིན་པས་མཐའ་རྣམ་པ་དྲུག་སྟེ། མཐའ་དྲུག་གི་ཚིག་ཅེས་པ་ནི་དོན་མ་ཡིན་ཞེས་པའོ། །དེས་ངེས་པར་བྱས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

གསང་བ་འདུས་པ་མཐའ་དྲུག་གིས་རྒྱས་བཏབ་པ་གང་ཡིན་པ་དེ་ནི་འདིས་རྟོགས་པར་བྱེད་དོ་ཞེས་པའི་དོན་ཏོ། །མཐའ་དྲུག་པོ་ཉིད་གང་ཡིན་ཞེ་ན། དྲང་བ་དང་ནི་ངེས་དོན་བཅས། །ཞེས་བྱ་བ་སྨོས་ཏེ་འདི་དག་ལ་ཡང་ཅིའི་ཕྱིར་མཐའ་ཞེས་བྱ་ཞེ་ན། འདི་ལྟར་ཆོས་འགལ་བ་

Vol. 33 · folio 169a

རྣམ་པར་གནས་པའི་ཕྱིར་མཐའ་སྟེ་གང་ཞིག་ཡོངས་སུ་གཅོད་པ་མེད་ན་གང་ཞིག་རྣམ་པར་གཅད་པ་མེད་དེ། དེ་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་གྱི་འགལ་བ་ཡིན་ཏེ། རྟག་པ་དང་མི་རྟག་པ་བཞིན་ནོ། །དྲང་བ་དང་ངེས་པའི་དོན་རྣམ་པ་གཉིས་ཀྱང་

ཡོངས་སུ་གཅོད་པ་མེད་ན་རྣམ་པར་བཅད་པ་མེད་པའི་ཕྱིར་འགལ་བ་ཡིན་ནོ། །དེ་བས་ན་དྲང་བའི་དོན་ལ་ཇི་ལྟ་བ་བཞིན་དུ་སྒྲ་ཇི་བཞིན་པ་ལ་སོགས་པ་ལ་ཡང་ཤེས་པར་བྱ་སྟེ། འདི་ལྟར་དྲང་བའི་དོན་དང་ངེས་པའི་དོན་རྣམ་པ་གཉིས་ནི་དོན་གཅིག་གིས་གཅིག་སྤངས་པའི་མཐའ་

ཡིན་ནོ། །སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པ་རྣམ་པ་གཉིས་ནི་དོན་ལ་མ་ངེས་པའི་ཕྱིར་སྒྲ་མཐའ་ཞེས་བྱའོ། །དགོངས་པས་བཤད་པ་དང་དགོངས་པ་མ་ཡིན་པས་བཤད་པ་ནི་སྒྲ་དང་དོན་རྣམ་པ་གཉིས་གསལ་བར་གནས་པའི་ཕྱིར་གཉི་ག་མཐའ་ཞེས་སྦྱར་རོ། །མཐའ་ཡང་

ཡིན་ལ་དྲུག་ཀྱང་ཡིན་པས་འདི་ནི་མཐའ་རྣམ་པ་དྲུག་གོ། །དེ་ནས་མཐའ་དྲུག་གི་རང་རང་གི་མཚན་ཉིད་བསྟན་པའི་ཕྱིར་ཐེ་ཚོམ་དང་། མ་རྟོགས་པ་དང་ལོག་པར་རྟོག་པ་སེལ་ནུས་པའི་གང་ཟག་ཅིག་སློབ་དཔོན་གྱི་གན་དུ་འོངས་ཏེ། འདི་སྐད་ཅེས་འདྲིའོ། །དྲང་བའི་དོན་ཞེས་

བྱ་བ་གང་ཞིག་ཡིན། ཅི་ཕྱིར་དྲང་བའི་དོན་དུ་བརྟག་ཅེ་ན་བཤད་པ། །སྐལ་ངན་རྣམས་ལ་རྒྱལ་བ་ཡིས། །སྦས་ཏེ་བཤད་པ་དྲང་བའི་དོན། །ཞེས་པ་སྐལ་བ་ངན་པ་ནི་སྐལ་བ་ངན་པ་སྟེ་ཉན་ཐོས་ཀྱི་རིགས་ཅན་ལ་སོགས་པའོ། །ཡང་ན་སྐལ་བ་ངན་པ་ནི་རྣམ་པ་གཉིས་ཏེ། དངོས་

སུ་སྐལ་བ་ངན་པ་ལ་ལྟོས་ནས་སྐལ་བ་ངན་པའོ། །དངོས་སུ་སྐལ་བ་ངན་པ་ནི་རིགས་ཆད་པའི་གང་ཟག་འབའ་ཞིག་གོ། །རིགས་ཆད་པའི་ཞེས་བྱ་བ་ཡང་ས་བོན་དང་བྲལ་བ་ནི་མ་ཡིན་གྱི། ཉོན་མོངས་པའི་སྤྱོད་པ་འབའ་ཞིག་ལ་ལྟོས་ནས་སྐལ་བ་ངན་པ་ནི་རྣམ་པ་གཉིས་ཏེ།

དངོས་སུ་ན་ཉན་ཐོས་ལ་སོགས་པའི་ཕྱིའི་ཕྱོགས་སུ་གཏོགས་པ་དང་ཚོགས་ཀྱི་གང་ཟག་ནང་པའི་ཕྱོགས་སུ་གཏོགས་པའོ། །འདི་དག་ལ་ཡང་ཅིའི་ཕྱིར་སྐལ་བ་ངན་པ་ཞེས་བྱ་ཞེ་ན། དམ་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ཉན་པའི་སྐལ་བ་མེད་པའི་ཕྱིར་རོ། །སྐལ་བ་མེད་པའི་ཕྱིར་

Vol. 33 · folio 169b

རིགས་ཆད་པ་མ་ཡིན་ནམ། ཅིའི་ཕྱིར་ལྟོས་ནས་སྐལ་བ་ངན་པ་ཞེས་བྱ་ཞེ་ན། རིགས་ཆད་པ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་འབྲས་བུ་མི་ཐོབ་པ་གང་ཡིན་པའོ། །འགའ་འགས་ཀྱང་ནི་མི་ཐོབ་པ་ནི་མ་ཡིན་ནོ། །དེ་ལ་རྒྱལ་བས་གང་སྦས། སྦ་བ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་

པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་སོགས་པ་སྦས་པ་སྟེ། མཐོང་བ་ཙམ་གྱིས་སྐྲག་པའི་ཕྱིར་རོ། །ཐམས་ཅད་ནས་ཐམས་ཅད་དུ་བསྟན་པར་བྱ་བ་མ་ཡིན་ནམ་ཞེ་ན་མ་ཡིན་པའི་ཕྱིར་གསུངས་པ། དྲང་བའི་དོན་ནི་ཞེས་སྨོས་ཏེ། བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་བདག་དང་། སྲོག་

དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། བྱེད་པ་པོ་དང་། ཚོར་བ་པོ་ལ་སོགས་པ་འཇིག་རྟེན་ན་ཡོད་དོ་ཞེས་གསུངས་པ་དང་། སེམས་དཔའ་ཆེན་པོ་མ་རིག་པ་ལས་ནི་འདུ་བྱེད་འབྱུང་ངོ་ཞེས་གསུངས་པ་དང་རྒྱལ་བའི་སྲས་དག་འདི་དག་སྟེ་ཁམས་གསུམ་པ་འདི་

དག་ནི་རྣམ་པར་རིག་པ་ཙམ་མོ་ཞེས་འབྱུང་བ་དང་། གཞན་ཡང་ཆོས་ཐམས་ཅད་ནི་རང་བཞིན་མེད་པ་སྟེ་སྣང་བ་ཙམ་ནི་མ་གཏོགས་སོ། །རིགས་ཀྱི་བུ་ལྷའི་རྣལ་འབྱོར་ལ་དད་པར་གྱིས་ཤིག །འདི་ལས་ཡང་དག་པའི་ཐབས་ནི་ནམ་ཡང་རྙེད་པར་འགྱུར་བ་མ་ཡིན་ནོ་ཞེས་

གསུངས་པ་འདི་ནི་བཅོམ་ལྡན་འདས་ཉིད་ཀྱིས་ལམ་ཁྱད་པར་ཅན་དང་འབྲས་བུ་ཁྱད་པར་ཅན་ཐུགས་ལ་ཆུད་ནས་སྐལ་བ་ངན་པའི་སེམས་ཅན་གང་ལ་གང་གིས་འདུལ་བ་དེ་ལ་དེའི་སྒོ་ནས་དེ་ལྟར་ཆོས་སྟོན་པ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲང་བའི་དོན་ཞེས་བྱའོ། །དེ་

ལ་ངེས་པའི་དོན་གང་ཞེ་ན་ཞེས་དྲིས་པ་དང་། དེའི་ལན་དུ། མཆོག་འདོད་སེམས་ཅན་རྣམས་ཀྱི་ཕྱིར། །ངེས་པའི་དོན་ཡང་གསུངས་པ་ཡིན། །ཞེས་མཆོག་འདོད་པའི་སེམས་ཅན་ནི་སྐལ་བ་བཟང་པོ་ཞེས་བྱ་བ་སྟེ། འབྲས་བུ་བཟང་པོ་ལ་སྤྱོད་པའི་སྐལ་བ་ཡོད་པའི་

ཕྱིར་རོ། །མཆོག་ཅེས་བྱ་བ་ནི་མཆོག་གི་དངོས་གྲུབ་སྟེ་དེ་འདོད་པ་ནི་དེ་ལ་གཅེས་པར་འཛིན་པའོ། །ཡང་ན་མཆོག་འདོད་པ་ནི་འདུན་པ་སྐྱེད་པ་སྟེ་འདུན་པ་ནི་འདོད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །གྲོགས་ནི་མོས་པའོ། །དད་པ་དང་དྲན་པ་ལ་སོགས་པ་ཡང་ཅི་རིགས་སུ་

Vol. 33 · folio 170a

འགྱུར་རོ། །མཆོག་འདོད་པའི་སེམས་ཅན་རྣམས་ཀྱི་ཕྱིར། དེ་ཉིད་ཀྱི་དོན་གསུངས་པ་ནི་ངེས་པའི་དོན་ཞེས་བྱའོ། །དེ་ཅིའི་ཕྱིར་ངེས་པའི་དོན་ཞེས་བྱ་ཞེ་ན། ལམ་ངེས་པ་ཉིད་དང་། འབྲས་བུ་ངེས་པ་ཉིད་དང་། མཆོག་ཏུ་གྱུར་པ་ངེས་པ་ཉིད་དང་།

རྨད་དུ་བྱུང་བ་ངེས་པ་ཉིད་ཀྱི་ཕྱིར། དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་ངེས་པའི་དོན་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མངོན་པར་སངས་རྒྱས་ཀྱི་བར་དུ་མི་སྤོང་། མི་འདོར། སྒྲིབ་པ་དང་། གོ་གཅོད་པར་མི་བྱེད། བསླབ་པ་དང་། དྲན་པ་ལ་སོགས་པ་འཕེལ་བར་

བྱེད་པ་གང་ཡིན་པ་དེ་ནི་ངེས་པའི་དོན་ཞེས་བྱའོ། །དགོངས་པས་བཤད་པ་གང་ཞེ་ན། དེ་བཤད་པའི་ཕྱིར། མཆོག་འདོད་སེམས་ཅན་རྣམས་ཀྱི་ཕྱིར། །ཞེས་བྱ་བ་སྨོས་ཏེ། མཆོག་འདོད་པ་ནི་མཆོག་འདོད་པ་སྟེ། མཆོག་གི་དངོས་གྲུབ་འདོད་ཅེས་པའི་དོན་ཏོ། །མཆོག་འདོད་

པ་ཡང་ཡིན་ལ། སེམས་ཅན་ཡང་ཡིན་པས་མཆོག་འདོད་པའི་སེམས་ཅན་རྣམས་ཏེ་རྣམས་ཞེས་བྱ་བ་ནི་འདིར་མང་པོ་ལ་བྱའོ། །དེ་བས་ན་མཆོག་འདོད་པའི་སེམས་ཅན་མང་པོའི་ཕྱིར་བསྟན་པའོ། །མཆོག་འདོད་པ་ནི་ཐུན་མོང་གི་དངོས་གྲུབ་འདོད་པ་མ་ཡིན་ཞེས་བྱའོ། །

དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དེ་ཉིད་རབ་སྟོན་པ། །ཞེས་སྨོས་ཏེ་ཆོས་ཀྱི་དེ་ཁོ་ན་ཉིད་ནི་ཆོས་རྣམས་ཀྱི་ངེས་པའི་དོན་ཏོ། །དེ་རབ་ཏུ་སྟོན་པ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་སྟོན་པའོ། །ཇི་ལྟར་སྟོན་ཞེ་ན། འགལ་བའི་ཚིག་གི་སྦྱོར་བ་ཡིས། །གསུངས་ཞེས་པ་སྟེ་བསྟན་བཅོས་ལ་འགལ་

བ་ནི་མ་བྱིན་པར་ལེན་པ་ལ་སོགས་པ་བྱེད་པ་སྟེ་འདི་ལྟར་མ་བྱིན་པར་ལེན་པ་སྤངས་པ་དང་། མ་བྱིན་པར་ལེན་པ་བྱ་བ་ནི་གཅིག་གིས་གཅིག་སྤངས་པའི་ཕྱིར་རོ། །དེ་བས་ན་མ་བྱིན་པར་ལེན་པའི་སྟོབས་ཀྱིས་སངས་རྒྱས་པར་འགྱུར་ཞེས་པ་ནི་བསྟན་བཅོས་དང་འགལ་བར་འགྱུར་རོ། །

འགལ་བའི་ཚིག་གི་སྦྱོར་བ་དེའི་དེ་ཁོ་ན་ཉིད་སྟོན་པར་བྱེད་པ་གང་ཡིན་པ་འདི་ནི་དགོངས་པས་བཤད་པ་སྟེ། འདི་ཅི་ལ་དགོངས་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ལུང་སྟོན་པའི་རྒྱུད་དུ་ཤེས་པར་བྱའོ། །འདིར་ནི་བཤད་པར་བྱ་བ་དང་། བཤད་པའི་དགོས་པ་དང་། བཤད་

Vol. 33 · folio 170b

པའི་ཡུལ་དང་། བཤད་པའི་སྦྱོར་བ་དང་། བཤད་པའི་མིང་ཙམ་སྟོན་པར་འགྱུར་རོ། །འདི་ཡང་གང་ཟག་ཇི་ལྟ་བུ་ལ་བཤད་ཅེ་ན་ཤེས་རབ་མཆོག་ཏུ་གྱུར་པ་དང་། བརྡ་ལ་གོམས་པ་རྣམས་སོ་ཞེས་པའོ། །བློ་དམན་རྣམས་ལ་མི་སྟོན་པ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལམ་ལོག་པ་

ལ་འཇུག་པའི་ཕྱིར་རོ། །འོ་ན་ཐམས་ཅད་དུ་ཐམས་ཅད་སྟོན་པར་བྱེད་པ་མ་ཡིན་ནམ་ཞེ་ན་མ་ཡིན་པའི་ཕྱིར་རོ། །དབང་པོ་དམན་པའི་སེམས་ཅན་རྣམས། །ཞེས་བྱ་བ་ལ་སོགས་པ་སྟེ། དབང་པོ་དམན་པ་ནི་དད་པའི་དབང་པོ་ལ་སོགས་པ་དམན་པའོ། །འདི་ལྟར་ཟག་

པ་མེད་པའི་དབང་པོ་ཐམས་ཅད་ནི་སྔར་འགྱུར་ཏེ། འདིར་ནི་ཤེས་རབ་ཀྱི་དབང་པོ་དམན་ཞེས་པའོ། །ཤེས་རབ་ཀྱི་དབང་པོ་དམན་པ་ཞེས་པ་ཤེས་རབ་ཞན་པ་ཞེས་པའི་དོན་ཏོ། །འདི་དག་གིས་ནི་བཤད་པར་བྱ་བའི་ཡུལ་བསྟན་ཏོ། །དེ་ནས་བཤད་པའི་དགོས་པ་བསྟན་པའི་ཕྱིར་

རྟོགས་ཕྱིར་ཞེས་བྱ་བ་སྨོས་ཏེ། དབང་པོ་དམན་པའི་སེམས་ཅན་གྱིས་རྟོགས་པའི་ཕྱིར་དགོངས་པ་མ་ཡིན་པས་བཤད་ཅེས་པའོ། །བཤད་པའི་སྦྱོར་བ་བསྟན་པའི་ཕྱིར་མཆོག་ཏུ་གསལ་བ་ཡིས་ཞེས་པ་སྨོས་ཏེ། མཆོག་ཏུ་གསལ་བ་ནི་དགོངས་པས་བཤད་པ་མ་ཡིན་པ་ཉིད་དོ། །

བཤད་པར་བྱ་བ་བསྟན་པའི་ཕྱིར། དེ་ཉིད་ངེས་པར་སྟོན་པ་ཞེས་བྱ་བ་སྨོས་ཏེ། དེ་ཉིད་ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པའོ། །དེ་ཉིད་མ་ནོར་བར་སྟོན་པ་ནི་ངེས་པར་སྟོན་པའོ། །བཤད་པའི་མིང་བསྟན་པ། ཇི་སྐད་ཅེས་བྱ་བ་བཤད་པ་ཡིན་ཞེ་ན། དགོངས་

པ་མིན་པས་བཤད་པའོ། །ཞེས་སྨོས་སོ། །འདིའི་དོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་ཇི་ལྟ་བུའི་རྣམ་པར་སྟོན་པས་ནི་དགོངས་པ་མ་ཡིན་པས་བཤད་པའོ་ཞེས་སྨོས་སོ། །དེ་ནས་སྒྲ་ཇི་བཞིན་པ་བཤད་པར་བྱ་སྟེ། དེའི་ཕྱིར་དཀྱིལ་འཁོར་རྫོགས་

དང་རྟོག་པ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དཀྱིལ་འཁོར་དང་སྒྲུབ་པ་དང་། དབང་དང་། དམ་ཚིག་དང་། ཕྲིན་ལས་ཞེས་བྱ་བའོ། །རྟོག་པ་ནི་དེ་ཉིད་གསལ་བར་སྟོན་པར་བྱེད་པའི་རྒྱུད་དོ། །དེ་ལས་སྤྱོད་པ་ཇི་ལྟར་གསུངས། །ཞེས་པ་ནི་དོན་ཇི་ལྟ་བར་སྒྲ་ཡང་དེ་

Vol. 33 · folio 171a

ལྟར་གསུངས་ཞེས་པའོ། །དེ་ལྟ་བུའི་དོན་རྒྱས་པར་བཤད་པ་གང་ཡིན་པ་དེ་ནི་ཇི་བཞིན་སྒྲར་གསུངས་པའོ་ཞེས་པའོ། །སྒྲ་ཇི་བཞིན་པ་མ་ཡིན་པ་གང་ཞེ་ན། ཀོ་ཊ་ཀྵ་ལ་སོགས་པའི་སྒྲ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀོ་ཊ་ཀྵ་ནི་ཀོ་ཊ་ཀྵ་སྟེ་ཀོ་ཊ་བ་

ཞེས་པ་ལ་སོགས་པ་གཟུང་ངོ་། །འདི་ཉིད་ནི་བརྡ་ཉིད་དོ། །བརྡ་ཅན་ཡང་གང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྱབ་བྱེད་ཀྱི་རླུང་ལ་སོགས་པའོ། །དེ་ལྟ་བུའི་བསྟན་བཅོས་ཤིན་ཏུ་དཀོན་པའི་ཕྱིར། འཇིག་རྟེན་བསྟན་བཅོས་ལ་མེད་ཅིང་། །ཞེས་བྱ་བ་སྨོས་ཏེ། འཇིག་

རྟེན་གྱི་བསྟན་བཅོས་ནི་འཇིག་རྟེན་གྱི་བསྟན་བཅོས་ཏེ། དེ་ལ་གང་མེད་པ་ནི་འཇིག་རྟེན་གྱི་བསྟན་བཅོས་ལ་མེད་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ལ་མེད་པ་མ་ཡིན་ནམ། འདི་ཅིའི་ཕྱིར་འཇིག་རྟེན་གྱི་བསྟན་བཅོས་ལ་མེད་ཅེས་སྨོས་ཤེ་ན་མ་ཡིན་

པའི་ཕྱིར། དེ་བཞིན་གཤེགས་པའི་བརྡར་གྱུར་པ། །ཞེས་སྨོས་ཏེ་དེ་བཞིན་གཤེགས་པ་ཁོ་ནའི་བརྡར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །འཇིག་རྟེན་བསྟན་བཅོས་ལ་མེད་ཅིང་། །ཞེས་བྱ་བ་འདིས་ནི་ཐུན་མོང་མ་ཡིན་པར་སྟོན་ཏོ། །དེ་བཞིན་གཤེགས་པའི་བརྡར་གྱུར་པ། །ཞེས་

བྱ་བ་འདི་ནི་གཉིས་ཏེ། དེ་བཞིན་གཤེགས་པ་ཁོ་ནའི་བརྡར་གྱུར་པ་ཞེས་པ་འདིས་གཞན་དང་ལྡན་པ་རྣམ་པར་བཤད་པའོ། །དེ་བཞིན་གཤེགས་པའི་བརྡར་གྱུར་པ་ཁོ་ནའི་ཞེས་བྱ་བ་འདི་ནི་མ་འབྲེལ་པ་རྣམ་པར་བཤད་པའོ། །འདིའི་མིང་ཅི་ཞེ་ན། དེ་ནི་ཇི་བཞིན་མིན་པར་

བསྒྲགས། །ཞེས་བྱ་བ་སྨོས་ཏེ་སྒྲ་ཇི་བཞིན་པ་ལ་སོགས་པའི་ཕྱིར་ཇི་བཞིན་མིན་པར་བསྒྲགས་ཞེས་སྨོས་སོ། །མཐའ་དྲུག་དབྱེ་བ་བསྟན་ནས་ནི། །ཞེས་པ་མཐའ་དྲུག་གི་དབྱེ་བ་ནི་མཐའ་དྲུག་གི་དབྱེ་བ་སྟེ། མཐའ་དྲུག་སྤྲོས་པ་དང་བཅས་པ་བསྟན་ཞེས་བྱ་བའོ། །ནི་ཞེས་བྱ་བ་ནི་

གཞན་འདྲེན་པའི་ཚིག་གོ། །བཤད་པའི་དབྱེ་བ་བརྗོད་པར་བྱ། །ཞེས་བྱ་བ་ནི་བཤད་པའི་དབྱེ་བ་ནི་ཡི་གེའི་དོན་ལ་སོགས་པའོ། །དེ་ཉིད་བཤད་པ་ནི་རྣམ་པ་གསུམ་སྟེ་བསྡུས་པའི་དབྱེ་བ་དང་། བར་མཚམས་ཀྱི་དབྱེ་བ་དང་། ཤིན་ཏུ་རྒྱས་པའི་དབྱེ་བའོ། །བསྡུས་པའི་དབྱེ་བ་ནི་

Vol. 33 · folio 171b

ཚིག་གི་དོན་དང་ཞེས་བྱ་བ་ལ་སོགས་པའོ། །བར་མཚམས་ཀྱི་དབྱེ་བ་ནི། དང་པོ་གཅིག་པུ་ཁོ་ན་ཉིད། །ཅེས་བྱ་བ་ལ་སོགས་པའོ། །ཤིན་ཏུ་རྒྱས་པའི་དབྱེ་བ་བསྟན་པའི་ཕྱིར། སྒྲ་ཙམ་ལ་ནི་རབ་གཞོལ་བའི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་བཤད་པ་ཡི་གེའི་དོན་

ཞེས་བྱ་བ་ནི་དུ་ཞིག །ཅིའི་ཕྱིར་ཡི་གེའི་དོན་དུ་བརྟག་ཅེ་ན་བཤད་པ། སྒྲ་ཙམ་ལ་ནི་རབ་གཞོལ་བའི། །ཞེས་པ་ནི་སྒྲ་འབའ་ཞིག་ལ་ཉེ་བར་གཞོལ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དོན་ནི་མ་ཡིན་ནོ། །ཕྱི་རོལ་བསྟན་བཅོས་མཁས་པ་ཡིས། །ཞེས་བྱ་བ་ནི་གཞུང་

འདི་པ་མ་ཡིན་པའི་ཕྱི་རོལ་གྱི་བསྟན་བཅོས་རྗེས་སུ་ཐོབ་པའོ། །དེ་ཡི་བཀོད་པ་རབ་བསྟན་པ། །ཞེས་པ་ནི་སྒྲའི་བཀོད་པ་ཉིད་དོ། །ཇི་སྐད་བྱ་བ་ཡིན་ཞེ་ན། ཡི་གེའི་དོན་ནི་ཡིན་པར་བཤད། ཅེས་སྨོས་ཏེ། སྒྲའི་བཤད་པ་ཡིན་ཞེས་སྦྱར་རོ། །དང་པོ་ནི་བཤད་པར་བྱ་བའི་

ལུང་བསྟན་ཏོ། །ཞར་ལ་ནི་བཤད་པའི་དགོས་པ་བསྟན་ཏོ། །གཉིས་པས་ནི་བཤད་པ་པོ་བསྟན་ཏོ། །ཞར་ལ་ནི་དེའི་དགོས་པ་བསྟན་ཏོ། །གསུམ་པས་ནི་བཤད་པའི་ཐབས་བསྟན་ཏོ། །ཞར་ལ་ནི་དེའི་དགོས་པ་བསྟན་ཏོ། །བཞི་པས་ནི་བཤད་པའི་མིང་བསྟན་ཏོ། །ཞར་

ལ་ནི་དེའི་དགོས་པ་བསྟན་ཏོ། །དེ་ནས་གཉིས་པ་བསྟན་པའི་ཕྱིར། སྤྱིའི་དོན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོ་སོགས་ལ་ནི་རབ་བཞུགས་པའི། །ཞེས་སྨོས་སོ། །མདོ་སྡེ་དང་། འདུལ་བ་དང་མངོན་པའི་རྗེས་སུ་ཞུགས་ཞེས་པའི་ཐ་ཚིག་གོ། །དེ་ལ་འགྱོད་པ་ནི་

ཐེག་པ་ཆེན་པོའི་སེམས་བསྐྱེད་པ་ལའོ། །དེའི་འགྱོད་པ་ཟློག་པར་བྱེད་པ་ནི་དེ་དང་མཐུན་པར་སྟོན་པའོ། །ཇི་སྐད་དུ་རིན་པོ་ཆེ་འབར་བའི་རྒྱུད་ལས་ཀྱང་། རིགས་ཀྱི་བུ་འདུལ་བ་ལ་དད་པར་གྱིས་ཤིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་བཞི་ཡིན་ནོ་ཞེས་པ་

ལྟ་བུའོ། །བསྐྱེད་པའི་རིམ་དང་ལྡན་པ་དག །ཅེས་པ་ནི་བསྐྱེད་པའི་རིམ་པ་ནི་བསྐྱེད་པའི་རིམ་པ་ཉིད་དོ། །དེ་དང་གང་ལྡན་པ་ནི་བསྐྱེད་པའི་རིམ་པ་དང་ལྡན་པའོ། །འདི་ཡང་སྤྱིའི་ཡིན་ཞེས་པར་སྦྱར་རོ། །འདི་ལ་ཡང་ཅིའི་ཕྱིར་སྤྱི་ཞེས་བྱ་ཞེ་ན། འདི་ནི་ཁྱབ་པའི་ཕྱིར་སྤྱི་ཡིན་

Vol. 33 · folio 172a

ཞེས་པའོ། །སྤྱིའི་དོན་ནི་སྤྱིའི་དོན་ཏེ་ཁྱབ་པའི་དོན་ཏོ། །དེ་ནས་སྦས་པའི་དོན་བཤད་པ། འདོད་ཆགས་ཆོས་ནི་རབ་སྟོན་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འདོད་ཆགས་ཀྱི་ཆོས་ནི་འདོད་ཆགས་ཀྱི་ཆོས་ཏེ། འཕྱང་བ་དང་། འཁྱུད་པ་དང་། འཕྱང་ཐག་ལ་སོགས་པའོ། །འདི་

ཉིད་ནི་ཐུགས་ལས་ཕྱུང་བའི་ཕྱིར་སྦས་པའོ། །ཀུན་རྫོབ་ཀྱི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ་སྒྱུ་མ་ལྟ་བུའི་སྐུའོ། །ཡེ་ཤེས་གསུམ་པོ་ནི་སྣང་བའི་ཡེ་ཤེས་ལ་སོགས་པའོ། །འདི་དག་ཀྱང་། སྙིང་པོ་ཡོད་པས་སྦས་པའོ། །ཞེས་པའོ། །དང་པོས་ནི་དབྱེ་བ་བསྟན་ཏོ། །གཉིས་པས་

ནི་ངེས་པའི་ཚིག་བསྟན་ཏོ། །གསུམ་པས་ནི་མིང་བསྟན་ཏོ། །དེ་ལྟར་སྦས་པའི་དོན་བསྟན་ནས། ད་ནི་མཐར་ཐུག་པའི་དོན་བསྟན་པར་བྱ་སྟེ། དེའི་ཕྱིར། འོད་གསལ་བ་ནི་རབ་སྟོན་དང་། །ཞེས་བྱ་བ་སྨོས་ཏོ། འོད་གསལ་བ་ནི་འོད་གསལ་བ་སྟེ། དོན་དམ་པའི་བདེན་པའོ། །ཟུང་དུ་

འཇུག་པ་ནི་ཟུང་དུ་འཇུག་པ་སྟེ་གཉིས་སུ་མེད་པའི་དོན་ཏོ། །རྣམ་པ་གཉིས་ནི་འོད་གསལ་བ་དང་། ཟུང་དུ་འཇུག་པའོ། །ཐ་མས་ནི་ངེས་པའི་ཚིག་བསྟན་ཏོ། །དེ་ལྟར་མཐའི་དབྱེ་བ་བསྟན་ནས་ད་ནི་བཤད་པའི་དབྱེ་བ་བསྟན་པའི་ཕྱིར། འཆད་པར་ཉན་པར་འདོད་པ་ལ། །ཞེས་བྱ་བ་

སྨོས་ཏེ་འཆད་པར་འདོད་པ་ནི་སློབ་དཔོན་ནོ། །ཉན་པར་འདོད་པ་ནི་སློབ་མའོ། །སློབ་མའི་དབྱེ་བ་ལ་གཉིས་ཡོད་པས་ན། དབྱེ་བ་ཡང་ནི་གཉིས་ཡིན་ཏེ། །ཞེས་སྨོས་སོ། །དེ་ཉིད་གང་ཞེ་ན། ཚོགས་ལ་བཤད་པ་སྟོན་པ་དང་། །གཉིས་པ་སློབ་མ་ལ་བཤད་པའོ། །ཞེས་སྨོས་ཏེ་དེ་ལ་

ཚོགས་ལ་བཤད་པ་ནི་གང་ཞིག་ཡིན་ཅིའི་ཕྱིར་ཚོགས་ལ་བཤད་པ་ཞེས་བྱ་ཞེ་ན། ཇི་བཞིན་སྒྲ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་བཞིན་པའི་སྒྲ་ནི་ཇི་བཞིན་པའི་སྒྲའོ། །དེ་བཞིན་དུ་སྤྱིའི་དོན་གྱི་བར་ནི་ཚོགས་ལ་བཤད་པའོ། །ཅིའི་ཕྱིར་ཞེ་ན། དེ་དེའི་སྣོད་དུ་གྱུར་པའི་ཕྱིར་དེ་ལ་

དེ་སྐད་ཅེས་བྱའོ། །སློབ་མ་ལ་བཤད་པ་དུ་ཞིག །ཅིའི་ཕྱིར་སློབ་མ་ལ་བཤད་པ། །ཞེས་བྱ་ཞེ་ན། ཇི་བཞིན་མིན་སྒྲ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་བཞིན་མིན་པ་ལ་སོགས་པ་རྣམ་པ་ལྔ་པོ་འདི་ནི་སློབ་མ་ལ་བཤད་པའོ། །ཅིའི་ཕྱིར་ཞེ་ན། དེ་དེའི་སྣོད་ཡིན་པའི་ཕྱིར་རོ། །དེ་

Vol. 33 · folio 172b

ལྟར་བཤད་པ་རྣམ་པ་གཉིས་བསྟན་ནས། ད་ནི་གང་ཟག་གི་དབྱེ་བ་བསྟན་པའི་ཕྱིར། རྣམ་པ་ཀུན་དུ་ཉན་འདོད་པའི། །ཞེས་གསུངས་ཏེ་དུས་དང་རྣམ་པ་ཐམས་ཅད་དུ་ཉན་པར་འདོད་པའི་གང་ཟག་ཅེས་པའི་དོན་ཏོ། །རིགས་དུ་ཡོད་ཅེ་ན། །བློ་ཡི་རྣམ་པ་དཔག་མེད་ལས། །གང་ཟག་རྣམ་པ་

ལྔར་འདོད་དོ། །ཞེས་སྨོས་ཏེ། འདི་ལྟར་རིགས་ཀྱི་དབང་དུ་དཔག་ཏུ་མེད་དེ། དཔེའི་དབང་དུ་རྣམ་པ་ལྔར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྔ་པོ་ཉིད་གང་ཡིན་སུས་གསུངས་ཤེ་ན། ཨུཏྤ་ལ་དང་པད་དཀར་དང་། པདྨ་ཙནྡན་རིན་པོ་ཆེའི། །རང་བཞིན་ཐ་དད་མིང་གིས་ཏེ། ཐམས་ཅད་

མཁྱེན་པས་གསུངས་པ་ཡིན། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཨུཏྤལ་ཞེས་བྱ་བའི་གང་ཟག་ནི་གང་ཞིག །ཅིའི་ཕྱིར་ཨུཏྤལ་གྱི་གང་ཟག་ཏུ་བརྟག་ཅེ་ན། བཤད་པ། དེ་ནི་མ་ལུས་ཐོས་གྱུར་ལ། །འཛིན་པ་ལ་ནི་རྣམ་པར་མཁས། །ཞེས་སྨོས་ཏེ་བཀའ་དང་བསྟན་བཅོས་ཐམས་

ཅད་མ་ལུས་པར་ཐོས་པ་ནི་མ་ལུས་པར་ཐོས་པའོ། །འཛིན་པ་ལ་ནི་རྣམ་པར་མཁས། །ཞེས་པ་ནི་ཐོས་པ་ཙམ་གྱིས་ཐམས་ཅད་ཁོང་དུ་ཆུད་པའོ། །སྐད་ཅིག་ཙམ་གྱིས་བརྗེད་འགྱུར་བ། །ཞེས་པ་ནི་བླ་མ་དང་བྲལ་བ་ཙམ་གྱིས་བརྗེད་པར་འགྱུར་རོ། །དེའི་མིང་ཅི་ཞེ་ན། ཨུཏྤལ་

ཞེས་བྱ་བའི་གང་ཟག་གོ། །ཞེས་སྨོས་ཏེ། ཨུཏྤལ་དང་འདྲ་བས་ཨུཏྤ་ལ་ལྟ་བུའི་གང་ཟག་གོ། །ཨུཏྤལ་ཞེས་བྱ་བ་འདི་ལ་མཐུན་པའི་ཆོས་ཅི་ཡོད་ཅེ་ན། ཇི་སྲིད་དུ་ཨུཏྤལ་ཞེས་བྱ་བ་འདི་ནི་ཉི་མ་ཤར་བའི་ཚེ་ན་ཁ་འབྱེ་བར་འགྱུར་གྱི། གང་གི་ཚེ་ནུབ་པར་གྱུར་པའི་དུས་ན་ནི་གང་

ལ་འབྱེ་བར་འགྱུར་བའི་ཆོས་མེད་དོ། །པད་དཀར་ཞེས་བྱ་བའི་གང་ཟག་འདི་ཡང་ཅི་ཞིག་ཡིན་ཞེ་ན། གཟུང་བྱ་མང་དུ་ཐོས་གྱུར་ཀྱང་། །ཞེས་པ་ནི་དེ་བཞིན་གཤེགས་པའི་སྒྲ་དཔག་ཏུ་མེད་པ་ཐོས་པར་གྱུར་ཀྱང་ཞེས་པའོ། །སྟོན་པ་ཡིས་ནི་ནུས་མེད་པ། །ཞེས་པ་ནི་བསམ་པ་དང་

བརྗོད་པ་དང་བྲལ་ཞེས་པའོ། །བུམ་པའི་རས་བལ་ས་བོན་འདྲ། ཞེས་པ་ནི། བུམ་པའི་ནང་དུ་རས་བལ་གྱི་ས་བོན་བཅུག་པ་བསྟན་དུ་མེད་པ་བཞིན་ནོ། །པད་དཀར་ལྟ་བུའི་གང་ཟག་གོ། །ཞེས་པ་ནི་པདྨ་དཀར་པོ་ལ་ཆུས་མི་ཆགས་པ་བཞིན་ནོ། །པདྨ་ཞེས་བྱ་བའི་གང་ཟག་ཀྱང་

Vol. 33 · folio 173a

གང་ཞིག་ཡིན་ཞེ་ན། དད་དང་ལྡན་ཞིང་སྙིང་རྗེ་ཤེས། །ཞེས་པ་ལ་སོགས་པ་ནི་ལྡན་ཞེས་བྱ་བ་ཀུན་ལ་སྦྱར་བར་བྱ་སྟེ། དད་པ་དང་ལྡན་པ་ནི་འདོད་པ་དང་། དང་བ་དང་། ཡིད་ཆེས་པ་དང་། དེ་དང་གང་ལྡན་པ་ནི་དེ་རྣམས་དང་མ་བྲལ་བ་སྟེ་དེ་ཉིད་དང་ལྡན་པའོ། །སྙིང་རྗེ་

དང་ལྡན་པ་ནི་སྙིང་རྗེ་ཆེན་པོ་དང་མ་བྲལ་བའོ། །ཤེས་རབ་དང་ལྡན་པ་ནི་ཤེས་རབ་ཆེན་པོ་དང་མ་བྲལ་བའོ། །ཐོས་ནས་བློ་ཡི་ཁ་བྱེ་ལ། །ཞེས་པ་ནི་བློ་རྒྱ་ཆེན་པོར་གྱུར་ཞེས་པའོ། །ཚིགས་མེད་འོད་མ་བཞིན་ཉན་པ། །ཞེས་པ་ནི་ཚིགས་པ་མེད་པའི་འོད་མ་གས་པོ་ལྟར་ཉན་ཞེས་པའོ། །

འདིས་ནི་དུས་ཐམས་ཅད་དུ་ཉན་པར་བྱེད་ཅིང་སྒོམ་པ་དང་བཤད་པ་ལ་སོགས་པ་སྤངས་ཞེས་སྦྱར་རོ། །འདི་ཉིད་མིང་ཅི་ཡིན་ཞེ་ན། པདྨ་ཞེས་བྱ་བའི་གང་ཟག་གོ་ཞེས་སྨོས་ཏེ། ཚིགས་མེད་པ་ནི་དཔེར་ན་པདྨ་གས་པ་ལྟ་བུའོ་ཞེས་སྦྱར་རོ། །ཙནྡན་ལྟ་བུའི་གང་ཟག་ཅེས་བྱ་བ་འདི་ཡང་གང་ཞིག་

ཡིན་ཞེ་ན། ཐོས་པ་ཉུང་ཞིང་ང་རྒྱལ་ལྡན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོས་པ་ཉུང་བ་ནི་མ་ཐོས་པའོ། །ང་རྒྱལ་ལྡན་པ་ནི་བདག་ཐོས་པ་དང་ལྡན་པ་ཡིན་ཞེས་སྨྲ་བའོ། །རྩ་བ་མེད་པར་མང་དུ་སྨྲ། །ཞེས་པ་ནི་ངེས་པའི་ཤེས་པ་མ་སྐྱེས་པར་སྣ་ཚོགས་པ་སྨྲ་ཞེས་པའི་དོན་ཏོ། །

རྗེས་སུ་གཟུང་བར་མི་ནུས་པ། །ཞེས་པ་ནི་ཕྱིས་རང་གིས་འཛིན་པར་མི་ནུས་པའོ། །དེ་ཉིད་ཀྱི་མིང་ཅི་ཞེ་ན། ཙནྡན་ཞེས་བྱ་བའི་གང་ཟག་གོ་ཞེས་སྨྲ་སྟེ། ཙནྡན་དང་འདྲ་བས་ཙནྡན་ལྟ་བུའི་གང་ཟག་སྟེ། རི་མ་ལ་ཡའི་ཙནྡན་ལྟ་བུའོ། །ང་རྒྱལ་ལྡན་ཞེས་པ་ནི་དབྱར་གྱི་དུས་ཀྱི་ཙནྡན་ལྟ་བུའོ། །

ཞེས་པའོ། །རྩ་བ་མེད་པར་མང་དུ་སྨྲ། །ཞེས་པ་འདིས་ནི་བ་དོ་ལའི་རིའི་ཙནྡན་ལྟ་བུའོ་ཞེས་པའི་དོན་ཏོ། །རྗེས་སུ་གཟུང་བར་མི་ནུས་པ། །ཞེས་པ་ནི་ཙནྡན་སྦྲུལ་གྱི་སྙིང་པོ་ཅན་ལྟ་བུའོ་ཞེས་པའི་དོན་ཏོ། །འདི་དག་གིས་ནི་ཙནྡན་ལྟ་བུའི་གང་ཟག་བསྟན་ཏོ། །དེ་ནས་རིན་པོ་ཆེ་ལྟ་བུའི་གང་

ཟག་བསྟན་ཏེ། ཚུལ་ཁྲིམས་དག་ཅིང་མཁས་ལ་སྒྲིན། །ཞེས་པ་ནི་བསླབ་པ་རྣམ་པ་གསུམ་གྱི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང་། འདི་རྣམས་དང་ལྡན་པ་ནི་ཚུལ་ཁྲིམས་རྣམ་པར་དག་པ་སྟེ། གང་གི་ཚུལ་

Vol. 33 · folio 173b

ཁྲིམས་ལ་སྐྱོན་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །མཁས་པ་ནི་མཁས་པ་སྟེ། གང་གིས་གང་གི་བྱ་བ་ཐམས་ཅད་ལ་ཐོགས་པ་མེད་པ་དེ་ལ་མཁས་པའོ། །ཤེས་རབ་ལྡན་པ་ནི་ཤེས་རབ་དང་ལྡན་པ་སྟེ་ཤེས་རབ་མཆོག་དང་མ་བྲལ་ཞེས་པའི་ཐ་ཚིག་གོ། །རྒྱུད་གཅིག་ལས་ཐོས་ནས་ལེགས་པར་སྟོན་

པ་ནི་ཡང་དག་པའི་གདམས་ངག་མ་ནོར་བར་ཐོས་ཤིང་དེ་ཉིད་དང་འབྲེལ་པའི་བྱ་བ་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ཉིད་ཀྱི་མིང་ཅི་ཡིན་ཞེ་ན། རིན་ཆེན་ལྟ་བུའི་གང་ཟག་གོ། །ཞེས་པ་སྟེ་དཔེར་ན་རིན་པོ་ཆེའི་བུམ་པ་ལྟ་བུའོ་ཞེས་པའི་དོན་ཏོ། །གཞན་གོ་སླའོ། །བདེན་གཉིས་རྣམ་པར་

ངེས་བྱས་ཏེ། །ཞེས་པ་ནི་ཐམས་ཅད་ཀྱང་དོན་དམ་པའི་བདེན་པ་དང་ཀུན་རྫོབ་ཀྱི་བདེན་པར་འདུས་པའོ། །འདིར་རྒྱན་བདུན་ཡིན་པས་ན་རྒྱན་བདུན་ནོ། །རྫོགས་པའི་རིམ་པ་སྒྲུབ་པའོ། །ཞེས་པ་འདི་ནི་ཟུང་དུ་འཇུག་པ་འབའ་ཞིག་གི་དབང་དུ་བྱས་པའོ། །བཤད་སྨྲ་ཤིན་ཏུ་རྙེད་པར་

དཀའ། །ཞེས་པ་སྟེ་བཤད་པ་པོ་དང་སྨྲ་བ་པོ་ཤིན་ཏུ་རྙེད་པར་དཀའ་ཞེས་བྱ་བའི་དོན་ཏོ། །རྙེད་པར་དཀའ་བ་ཅིའི་ཕྱིར་ཞེ་ན། རྣལ་འབྱོར་རྒྱུད་ལས་གཞན་དུ་མིན། །ཞེས་བྱ་བ་སྨོས་ཏེ་རྣལ་འབྱོར་གྱི་རྒྱུད་ཁོ་ན་ལས་རྙེད་ཀྱི་གཞན་ལས་རྙེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་

རྡོ་རྗེ་སློབ་དཔོན་གྱིས། །ཞེས་པ་ནི་གོང་མ་དང་འབྲེལ་ཏོ། །གླེང་གཞི་རིམ་པ་སྦྱོར་བར་བཅས། །ཞེས་པ་ནི་གླེང་བསླང་བ་ལ་སོགས་པའོ། །རྒྱན་རྣམ་པ་བདུན་བཤད་པའི་རིགས་པའོ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུད་ཐམས་ཅད་ནི་རྒྱན་རྣམ་པ་བདུན་གྱི་འཆིང་

བ་བཅིངས་ལ་རྒྱུད་ཤེས་པར་འདོད་པས་ཀྱང་དེ་ལ་བསླབ་པར་བྱའོ་ཞེས་པའི་དོན་ཏོ། །རྒྱན་རྣམ་པ་བདུན་ཡང་ཡིན་ལ་བཤད་པའི་རིགས་པ་ཡང་ཡིན་ན་དེ་ལ་དེ་སྐད་ཅེས་བྱའོ། །སྒྲོན་མ་གསལ་བ་ཞེས་བྱ་བའི་འགྲེལ་བཤད་ལས་རྒྱན་རྣམ་པ་བདུན་སྤྲོས་པ་དང་བཅས་པའི་

བཤད་པའོ།། །།དེ་ལྟར་རྒྱན་རྣམ་པ་བདུན་གོ་རིམས་བཞིན་དུ་བཤད་ནས། ད་ནི་ལེའུ་བཅུ་བདུན་པོ་ཉིད་ཀྱིས་བསྡུས་པའི་དོན་བཤད་པར་འདོད་ནས་ད་ནི་ཞེས་བྱ་བ་ལ་སོགས་པའི་གཞུང་གི་ཚོགས་གསུངས་ཏེ། ད་ནི་ཞེས་བྱ་བ་ནི་སྐབས་ལ་བབ་པའི་ཚིག་གོ། །

Vol. 33 · folio 174a

ལེའུ་བཅུ་བདུན་གྱི་བསྡུས་པའི་དོན་བཤད་པར་བྱ་སྟེ་ཞེས་བྱ་བ་ལ་ལེའུ་བཅུ་བདུན་ནི་ལེའུ་བཅུ་བདུན་ཏེ་གཞུང་གི་ཚོགས་ཀྱི་རིམ་པར་ཕྱེ་བ་བཅུ་བདུན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལེའུ་བཅུ་བདུན་ཞེས་པ་ནི་བཅུ་བདུན་ཁོ་ན་སྟེ་འདི་དག་གིས་ནི་མང་བའམ་ཉུང་བ་རྣམ་པར་

བཀག་པ་བསྟན་ཏོ། །ཅིའི་ཕྱིར་ཞེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པའི་ལམ་འབྲས་བུ་དང་བཅས་པ་ནི་འདི་ཉིད་ཀྱིས་སྟོན་པར་འགྱུར་གྱི་གཞན་གྱིས་ནི་མ་ཡིན་ནོ། །འོན་ཏེ་མ་ཡིན་ན་ཡང་ལམ་འབྲས་བུ་དང་བཅས་པར་སྟོན་པར་ནམ་ཡང་མི་འགྱུར་རོ། །འོ་ན་

ལེའུ་དང་པོ་ལས་ནི་ཅི་ཞིག་གང་གི་ཕྱིར་སྟོན་ཞེ་ན། ལེའུ་དང་པོ་ལས་ནི་ཞེས་པ་ལ་སོགས་པ་སྨོས་ཏེ། ལེའུ་དང་པོ་ནི་ཐོག་མ་ཞེས་པའི་དོན་ཏོ། །ཐོག་མའི་རིམ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་ཅི་སྟོན་ཞེ་ན་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་ནི་སྒྲའི་ཚོགས་དང་དོན་གྱི་ཚོགས་སོ། །དེའི་

བདག་ཉིད་ཀྱང་གང་ཡིན་ཞེ་ན། བདག་ཉིད་རྡོ་རྗེ་འཆང་ཆེན་པོ་ཞེས་སྨོས་ཏེ་བརྗོད་པར་བྱ་བའི་བདག་ཉིད་ཀྱང་ཡིན་ལ། རྡོ་རྗེ་འཆང་ཆེན་པོ་ཡང་ཡིན་པས་དེ་ལ་དེ་སྐད་ཅེས་བྱའོ། །དེའི་སྤྲུལ་པའི་དཀྱིལ་འཁོར་ཡང་གང་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་

བ་འདུས་པའི་ལྷ་སུམ་ཅུ་རྩ་གཉིས་པའོ། །དེར་ཉན་པའི་སྐལ་བ་དང་ལྡན་པ་ནི་ཚོགས་ཀྱི་གང་ཟག་དང་སློབ་མའི་གང་ཟག་གོ། །དེ་ལ་ཡང་ཅི་བྱེད་ཅེ་ན། རིག་པའི་དབང་བསྐུར་བ་བྱིན་ནས་ཞེས་སྨོས་ཏེ། རིག་པའི་དབང་ནི་རིག་པའི་དབང་སྟེ། སློབ་མའི་རིག་པའི་དབང་ནི་འདི་ལྟར་

ཆུ་ལ་སོགས་པའོ། །ཡང་ན་རིག་པ་དང་བཅས་པ་ལས་བྱུང་བས་རིག་པའི་དབང་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དབང་ངོ་། །ཡང་ན་རིག་པའི་ལྷ་མོ་དང་འབྲེལ་པས་རིག་པའི་དབང་སྟེ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །ཡང་ན་རིག་པ་ཐོབ་པས་ན་རིག་པའི་དབང་

སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དབང་བཞི་པའོ། །དེ་ལ་དང་པོའི་དབང་ནི་ཚོགས་ལ་སྦྱིན་པའོ། །ལྷག་མ་གསུམ་ནི་སློབ་མའི་གང་ཟག་ལ་སྦྱིན་པའོ། །དབང་བྱིན་ནས་ཀྱང་ཅི་བྱེད་ཅེ་ན། དབང་དང་རྗེས་སུ་འབྲེལ་པའི་མན་ངག་སྟོན་པ་སྟེ། དེའི་ཕྱིར་

Vol. 33 · folio 174b

དྲང་བ་དང་ངེས་པའི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲང་བའི་དོན་དང་ངེས་པའི་དོན་ལ་བརྟག་པ་ནི་གོང་དུ་བསྟན་པ་ཉིད་དོ། །བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་སོ་སོར་སྟོན་ཅིང་ཞེས་པ་ནི་དབང་རྣམ་པ་གཉིས་བསྐུར་བའི་གང་ཟག་དེ་དང་དེ་ལ་བསྐྱེད་

པའི་རིམ་པ་དང་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་མ་འདྲེས་པར་སྟོན་ཏོ། །འདིར་གང་ལ་བུམ་པའི་དབང་བསྐུར་བ་དེ་དང་དེ་ལ་ནི་བསྐྱེད་པའི་རིམ་པ་འབའ་ཞིག་ཉེ་བར་བསྟན་ཏོ། །གསང་བའི་དབང་བསྐུར་བ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྤྱོད་པ་སྤྲོས་ཏེ་

སྟོན་ཏོ། །དེ་བཞིན་དུ་རྡོ་རྗེ་བཟླས་པ་དང་སེམས་ལ་དམིགས་པ་འབའ་ཞིག་ཀྱང་ཉེ་བར་བསྟན་ཏོ། །དེ་བཞིན་དུ་སྒྱུ་མ་ལྟ་བུའི་སྐུ་ཡང་ཉེ་བར་བསྟན་ཏོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་གསལ་བ་དང་ཟུང་དུ་འཇུག་པ་འབའ་ཞིག་

ཉེ་བར་བསྟན་ཏོ། །ལེའུ་དང་པོ་ལས་དེ་ཉིད་སྟོན་ནས་གཞན་དག་ལས་ཀྱང་སྟོན་ཞེ་ན། གཞན་དག་ལས་ཀྱང་སྟོན་པ་བསྟན་པའི་ཕྱིར་འོག་ནས་བཤད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོག་ནས་བཤད་པ་ནི་ལེའུ་གཉིས་པ་ལ་སོགས་པ་སྟེ་གོང་མ་མ་ཡིན་པ་ཞེས་པའི་ཐ་

ཚིག་གོ། །ལེའུ་བཅུ་དྲུག་པོ་ནི་དང་པོ་ལས་གཞན་པའི་ལེའུ་བཅུ་དྲུག་པོ་ཁོ་ན་ཞེས་པའི་དོན་ཏོ། །དེའི་དོན་གཞན་དག་ཀྱང་རྙེད་པ་ནི་རྫོགས་པའི་རིམ་པ་དང་ཕྲ་མོའི་ཏིང་ངེ་འཛིན་ལ་སོགས་པ་ཡང་འདིར་རྙེད་ཅེས་སྦྱར་རོ། །དེ་ལ་ཡང་འདི་ལས་གཞན་པ་ཞིག་ཡིན་ནམ་ཞེ་ན་མ་

ཡིན་པའི་ཕྱིར། ལྷའི་རྣལ་འབྱོར་རྣམ་པ་གཉིས་པོ་ཉིད་ལ་འཇུག་ཅིང་ཞེས་པ་སྨོས་ཏེ། ལྷའི་རྣལ་འབྱོར་གཉིས་ནི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་གཉིས་སོ། །འདི་ལ་གང་གིས་ཏིང་ངེ་འཛིན་གྱི་ཡུལ་དུ་བྱེད་པ་དེ་ནི་རྣལ་འབྱོར་པའོ། །རྣལ་འབྱོར་རྣམ་པ་གཉིས་

པོ་འདི་ཉིད་ཀྱང་གང་ལ་ཤེས་ཤིང་བཤད་ཅེ་ན། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་སོ་ཞེས་སྦྱར་རོ། །གསང་བ་འདུས་པའི་དོན་དེ་ཉིད་གཞན་ཡིན་ནོ་ཞེ་ན་མ་ཡིན་པའི་ཕྱིར་དོན་འདི་ཉིད་ཅེས་སྨོས་ཏེ། འདི་ཉིད་ཉེ་བར་སྟོན་ཏེ་གཞན་ནི་མ་ཡིན་ཞེས་ཤུགས་ཀྱིས་

Vol. 33 · folio 175a

བསྟན་ཏོ། །ཇི་སྐད་བསྟན་ཞེ་ན། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །ཞེས་པ་ནི་དེ་བཞིན་གཤེགས་པ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་རྣམས་ཀྱིས་གསུངས་པའི་གཞུང་གི་ཚོགས་རྣམས་སོ། །རིམ་པ་གཉིས་ལ་ཡང་དག་གནས། །ཞེས་པ་ནི་དེ་

ཐམས་ཅད་ཀྱང་རིམ་པ་གཉིས་སུ་འདུས་ཞེས་པའི་དོན་ཏོ། །རིམ་པ་གཉིས་ཉིད་གང་ཡིན་ཞེ་ན། བསྐྱེད་པ་ཡི་ནི་རིམ་པ་དང་། ཞེས་སྨོས་ཏེ་བསྐྱེད་པའི་རིམ་པ་ནི་བསྐྱེད་པའི་རིམ་པ་སྟེ། གང་གིས་བློས་བསྐྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །བསྐྱེད་པའི་རིམ་པ་ཞེས་བྱ་བ་ནི་དེ་ལས་

སྐྱེས་པའི་སྐུའོ། །ཡང་ན་བསྐྱེད་པའི་རིམ་པ་ནི་ལྷའི་རྣལ་འབྱོར་འབའ་ཞིག་པའོ། །རྫོགས་པའི་རིམ་པ་ནི་ཕྲ་མོའི་རྣལ་འབྱོར་འབའ་ཞིག་པའོ། །འདི་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཛོད་ཅེས་བྱ་བ་ལས་གསུངས་ཏེ་བཅོམ་ལྡན་འདས་བསྐྱེད་པའི་རིམ་པ་

ཞེས་བྱ་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྐྱེད་པའི་རིམ་པ་ནི་རྟེན་དུ་གྱུར་པ་ཉིད་དོ། །བཅོམ་ལྡན་འདས་རྟེན་དུ་གྱུར་པ་ཞེས་བྱ་བ་དེ་གང་ལགས། སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་རྟེན་དུ་གྱུར་པའོ། །བཅོམ་ལྡན་འདས་གསང་བ་ཆེན་པོ་ཞེས་བྱ་བ་དེ་གང་ལགས། དེའི་རྟེན་ཞེས་བྱ་བ་དེ་གང་ལགས། སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་ཞེས་བྱ་བ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་

ལ་སོགས་པ་རྣམས་ཀྱི་ཡུལ་མ་ཡིན་པ་ཚོགས་ཀྱི་གང་ཟག་གི་ཡང་ཡུལ་མ་ཡིན་པ་ཤིན་ཏུ་རྨད་དུ་བྱུང་བ་ཐེག་པ་ཆེན་པོའི་རིགས་ཅན་གྱི་སྤྱོད་ཡུལ་དུ་གྱུར་པའོ། །སེམས་དཔའ་ཆེན་པོ་དེའི་རྟེན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲུལ་པའི་སྐུ་ཤིན་ཏུ་རྨད་དུ་བྱུང་བའོ། །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྐྱེད་པའི་རིམ་པ་ཞེས་བྱ་བ་དེ་གང་ལགས། སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྐྱེད་པའི་རིམ་པ་ཞེས་བྱ་བ་ནི་གསང་བའི་ཡང་ཤིན་ཏུ་གསང་བ་ཕྲ་མོའི་ཏིང་ངེ་འཛིན་ཏོ་ཞེས་འབྱུང་བ་ལྟ་བུའོ། །

Vol. 33 · folio 175b

ཉིད་ཅེས་བྱ་བ་ནི་ཁོ་ན་ཞེས་པ་སྟེ། འདིར་གཞན་དང་ལྡན་པ་རྣམ་པར་གཅོད་པའི་དབང་དུ་བྱས་པའོ། །རྒོལ་ཏེ་འོག་ནས་འཆད་པ་ཞེས་བྱ་བ་ཡང་འདི་ཉིད་དམ་འདི་ལས་གཞན་ཞིག་རྟོག་གྲང་ན། འདི་ཉིད་ནི་མ་ཡིན་ཏེ་གྲུབ་པ་ལ་སྒྲུབ་པ་ཉིད་ཀྱི་ཕྱིར་དོན་མེད་པར་འགྱུར་རོ། །མདོར་བསྟན་

པ་ཡང་མ་ཡིན་ཏེ་མིང་ཉིད་ཀྱིས་ཐམས་ཅད་མདོར་བསྟན་པའི་ཕྱིར་རོ། །རྒྱས་པར་བཤད་པ་ཡང་མ་ཡིན་ཏེ། །མིང་ཉིད་དང་འགལ་བའི་ཕྱིར་དང་། གཞུང་རྒྱས་པས་འཇིགས་པའི་ཕྱིར་རོ། །འོག་མ་དང་ཐ་དད་པ་ཡང་མ་ཡིན་ཏེ། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ནི་གཅིག་གིས་གཅིག་

སྤངས་པའི་འགལ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་འགྱུར་རོ་ཞེ་ན། ཧ་ཅང་ཡང་ཐལ་བར་འགྱུར་རོ། །འོན་ཏེ་ཐ་མི་དད་ན་ནི་སྔ་མའི་སྐྱོན་དུ་འགྱུར་རོ། །རྒྱུ་ཐ་མི་དད་པ་གཅིག་ཡིན་ནོ་ཞེ་ན་ནི་འབྲས་བུ་ཡང་དེ་ལྟར་འགྱུར་རོ། །ཐ་མི་དད་པས་ཐ་དད་པ་སྐྱེད་ན་ནི་ཧ་ཅང་ཡང་ཐལ་བར་

འགྱུར་རོ། །ཐམས་ཅད་ཐ་མི་དད་ཀྱང་ཡིན་ནོ་ཞེ་ན་ནི་གོང་མའི་སྐྱོན་དེ་ཉིད་དུ་འགྱུར་རོ། །གཞན་ཡང་རྒྱུ་ཐ་མི་དད་པས་འབྲས་བུ་ཐ་དད་པ་སྐྱེད་ན་ནི་རྫོགས་པའི་རིམ་པ་ཡང་དོན་མེད་པར་འགྱུར་རོ། །ཅི་སྟེ་གལ་ཏེ་ཉེ་བའི་ཕྱིར་ཡིན་ནོ་ཞེ་ན་དེ་ལྟ་ན་ནི་བསྐྱེད་པའི་རིམ་པ་ཡང་བླང་བྱ་

མ་ཡིན་པར་འགྱུར་རོ། །འདི་ལྟར་རིང་བར་འགྱུར་བ་ཉིད་དང་ཕན་མི་འདོགས་པ་ཉིད་དང་། གནོད་པ་སྒྲུབ་པ་ཉིད་ནི་སྦྲུལ་ནག་པོ་བཞིན་དུ་དོར་བར་བྱ་བ་ཡིན་གྱི་ནོར་བུ་བཞིན་བླང་བར་བྱ་བ་མ་ཡིན་ནོ་ཞེ་ན་དེ་ནི་མ་ཡིན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་

དང་ཐུགས་གསང་བ་ཆེན་པོ་འདི་ནི་མདོར་བསྟན་པ་དང་རྒྱས་པར་བསྟན་པ་གཉིས་ལ་འཇུག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པའི་ལེའུ་དང་པོ་ལས་ནི་མདོར་བསྟན་པ་འབའ་ཞིག་ཉེ་བར་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་

ཅད་ནི་སེམས་ཅན་གྱི་དོན་ཆེན་པོ་ལ་རབ་ཏུ་འཇུག་པའི་ཕྱིར་རོ། །བསྡུས་པ་འདི་ཉིད་ཀྱིས་སེམས་ཅན་གྱི་དོན་དུ་ཇི་ལྟར་འགྱུར་ཞེ་ན། འདི་ནི་སེམས་ཅན་མདོར་བསྡུས་པ་ལ་དགའ་བའི་ཕྱིར་རོ། །ལྷག་མ་ནི་རྒྱས་པར་བསྟན་པ་ལ་དགའ་བའི་ཕྱིར་རོ། །དེ་བས་ན་འདི་ནི་དགོས་

Vol. 33 · folio 176a

པ་ཆེན་པོ་དང་ལྡན་པའི་ཕྱིར་བླང་བར་བྱ་བ་ཉིད་དོ་ཞེའོ། །ལེའུ་དང་པོ་བསྡུས་པ་བཤད་པའོ།། །།ལེའུ་གཉིས་པ་ལས་ནི་རྫོགས་པའི་རིམ་པ་འབའ་ཞིག་ཉེ་བར་སྟོན་ཏོ་ཞེས་པ་ནི་དང་པོ་ནི་བཤད་ཟིན་ལ་དེ་ལས་གཞན་ནི་མ་བྱུང་བས་དེ་ཉིད་ཀྱི་སྐབས་སུ་བབ་སྟེ།

དེ་ལ་དེ་སྐད་ཅེས་བྱའོ། །རྫོགས་པའི་རིམ་པ་ནི་རྫོགས་པའི་རིམ་པ་སྟེ། རྫོགས་པ་ཆེན་པོ་དང་ཤིན་ཏུ་ཉེ་བའི་རྒྱུར་གྱུར་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་རྫོགས་པ་ནི་རྫོགས་པ་ཆེན་པོ་སྟེ་དེ་ཁོ་ན་ཉིད་ཆོས་ཀྱི་སྐུའོ། །དེའི་རིམ་པ་ནི་རྫོགས་པ་ཐོབ་པའི་ཐབས་ཀྱི་རིམ་པ་

སྟེ་ཕྲ་མོའི་ཏིང་ངེ་འཛིན་ཏོ། །འབའ་ཞིག་ཅེས་བྱ་བ་ནི་ལྷག་མེད་ཅེས་བྱ་བའི་དོན་ཏེ་རྫོགས་པའི་རིམ་པ་འབའ་ཞིག་ཉེ་བར་སྟོན་གྱི་གཞན་མི་སྟོན་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཡང་རྫོགས་པའི་རིམ་པ་འབའ་ཞིག་སྟོན་གྱི་གཞན་མི་སྟོན་པ་ཅིའི་ཕྱིར་ཞེ་ན། འདི་ནི་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱིས་ཚོགས་ཀྱི་གང་ཟག་གི་དབང་དུ་བྱས་པ་མ་ཡིན་གྱི་སློབ་མ་འབའ་ཞིག་གི་དབང་དུ་བྱས་པའོ། །དེ་ལྟར་ཡང་ཅི་མངོན་ཞེ་ན། གསང་བ་ལུང་བསྟན་པ་ཞེས་བྱ་བ་ལས་ཀྱང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་གསང་བའི་

ཡང་ཤིན་ཏུ་གསང་བ་མཆོག་ཏུ་གྱུར་པའི་དངོས་ཀྱི་ལམ་དུ་གྱུར་པ་འདི་ནི་ཉན་ཐོས་ཀྱི་ཡུལ་མ་ཡིན་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་བྱང་ཆུབ་སེམས་དཔའི་ཡུལ་མ་ཡིན་ནོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་འདི་ནི་འདས་པའི་དུས་སུ་ཡང་མ་

གསུངས་སོ། །མ་འོངས་པའི་དུས་སུ་ཡང་གསུང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་གསང་བ་ཆེན་པོ་དེའི་སྣོད་དུ་མ་གྱུར་པའི་ཕྱིར་རོ། །དེ་བས་ན་དེ་ལ་དེ་སྐད་ཅེས་བྱའོ།། །།ལེའུ་གཉིས་པ་བརྗོད་ཟིན་ནས་གསུམ་པ་བརྗོད་པར་རིགས་པས་དེའི་ཕྱིར་ལེའུ་གསུམ་པ་

ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལེའུ་གསུམ་པ་ནི་འདིར་གྲངས་ཀྱིས་གསུམ་པ་ཉིད་དོ། །ལས་ཞེས་པ་འདིར་འབྱུང་ཁུངས་ཀྱི་དོན་ཏེ་ལེའུ་གསུམ་པ་ལས་ཡོངས་སུ་གྱུར་པ་དག་པའི་ལྷའི་རྣལ་འབྱོར་གསལ་བར་བྱེད་དོ་ཞེས་བྱ་བ་ནི་ཡོངས་སུ་དག་པའི་ལྷའི་རྣལ་

Vol. 33 · folio 176b

འབྱོར་གྱི་རྟོག་པ་རྙེད་དོ་ཞེས་བྱ་བའི་དོན་ཏོ། །ལེའུ་གསུམ་པ་ལས་ལྷའི་རྣལ་འབྱོར་དེ་ཉིད་ཀྱང་རྙེད་པ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་ནི་འདི་ལ་བསམས་ནས་གསུངས་པའི་ཕྱིར་རོ། །ཡོངས་སུ་དག་པའི་ལྷའི་རྣལ་འབྱོར་ཡང་གང་ཞིག་ཡིན། དེ་ཉིད་

མི་ཤེས་སོ་ཞེ་ན་གང་གིས་མ་དག་པ་རྣམ་པར་བཅད་ནས་གང་ཞིག་དག་པར་གྱུར་པ་ཡོངས་སུ་གཅོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡོངས་སུ་དག་པ་ཡང་ཡིན་ལ་ལྷའི་རྣལ་འབྱོར་ཡང་ཡིན་པའི་ཕྱིར་ཡོངས་སུ་དག་པ་ལྷའི་རྣལ་འབྱོར་ཏེ་རྣམ་པར་རྟོག་པ་དང་བྲལ་བའི་ལྷ་ལ་དམིགས་པའི་

ཏིང་ངེ་འཛིན་ཞེས་བྱའོ། །ཡོངས་སུ་དག་པ་ལ་སོགས་པ་འདི་ཡང་གང་ཞིག་ཡིན་ཏེ། དེ་ཉིད་མི་ཤེས་སོ་ཞེ་ན་སྤང་བྱས་ཡོངས་སུ་དག་པ་སྟེ། བསྐྱེད་པའི་རིམ་པའི་ལྷའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་བྲལ་བའི་དོན་གྱིས་ཡོངས་སུ་དག་པའི་

ལྷའི་རྣལ་འབྱོར་ཏེ་ཞེས་བྱ་བ་སྟེ། རྣམ་པར་རྟོག་པ་རགས་པ་དང་བྲལ་བ་སྒྱུ་མ་ལྟ་བུའི་སྐུ་ལ་དེ་སྐད་ཅེས་བྱའོ། །ཡང་ན་ཉེ་བར་ལོངས་སྤྱོད་པའི་དོན་གྱིས་ཡོངས་སུ་དག་པ་ལྷའི་རྣལ་འབྱོར་ཞེས་བྱ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་སྣ་ཚོགས་པ་དང་།

ཐོགས་པ་མེད་པའི་ཕྱིར་ཡོངས་སུ་དག་པ་ལྷའི་རྣལ་འབྱོར་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲུལ་པའི་སྐུ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ལེའུ་བཞི་པ་ལས་ནི་དབང་བསྐུར་བའི་དཀྱིལ་འཁོར་སྟོན་ཏོ་ཞེས་བྱ་བ་ནི་སློབ་མ་དབང་བསྐུར་བའི་དཀྱིལ་འཁོར་ཆེན་པོ་ཞེས་བྱ་

བའི་དོན་ཏོ། །འདིར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ནི་རྣམ་པ་གཉིས་སུ་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་དཀྱིལ་འཁོར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དཀྱིལ་འཁོར་རོ། །འདིར་

ཡང་དབང་བསྐུར་བ་ཁོ་ནའི་དཀྱིལ་འཁོར་མ་ཡིན་གྱི། དབང་བསྐུར་བ་ཁོ་ན་ཞེས་བྱ་བའི་དོན་ཏོ། །ལེའུ་ལྔ་པ་ལས་ནི་རྣལ་འབྱོར་གྱི་སྤྱོད་པ་གསུངས་སོ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་སྤྱོད་པ་ནི། རྣལ་འབྱོར་གྱི་སྤྱོད་པ་སྟེ། ཏིང་ངེ་འཛིན་གྱི་སྤྱོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །

Vol. 33 · folio 177a

རྣལ་འབྱོར་གྱི་སྤྱོད་པ་ཡང་བསྡུས་པ་དང་རྒྱས་པ་ཞེས་རྟོག་གྲང་ན། རྒྱས་པ་འོག་ནས་སྟོན་པའི་ཕྱིར་འདི་ནི་བསྡུས་པ་ཞེས་བྱའོ། །དེ་གང་ལ་སྟོན་པའི་ལེའུ་ནི་རྣལ་འབྱོར་གྱི་སྤྱོད་པའོ། །ལེའུ་དྲུག་པ་ལས་ནི་ཞེས་བྱ་བ་ལ་སོགས་པ་ནི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་

རློབ་པའི་ལེའུ་ནི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པའི་ལེའུའོ། །དེ་གང་གིས་གསུངས་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐུ་བྱིན་གྱིས་རློབ་པ་ནི་རྣམ་པ་གཉིས་ཏེ་བླངས་པས་བྱིན་གྱིས་རློབ་པ་དང་ཐོབ་པས་བྱིན་གྱིས་རློབ་པའོ། །གསུང་དང་ཐུགས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ལེའུ་བདུན་པ་ལས་ནི་ལེའུ་ལྔ་པའི་བཤད་པ་

སྤྱོད་པ་སྤྲོས་ནས་སྟོན་ཏོ་ཞེས་བྱ་བ་ནི་ལེའུ་ལྔ་པ་ལས་བཤད་པའི་སྤྱོད་པ་ཉིད་སྤྲོས་ནས་སྟོན་གྱི་དེ་ལས་གཞན་དུ་བཤད་པའི་སྤྱོད་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་སྤྱོད་པ་ནི་ལེའུ་ལྔ་པ་ལས་བཤད་པ་ལས་ནམ་ཡང་གཞན་ནས་འབྱུང་བར་མི་

འགྱུར་བའི་ཕྱིར་རོ། །ལེའུ་བརྒྱད་པ་ལས་ནི་གསང་བའི་དབང་བསྐུར་བ་གསུངས་སོ་ཞེས་པ་ནི། གང་ལ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བར་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལེའུ་དགུ་པ་ལས་ནི་རྨད་དུ་བྱུང་བའི་ལུང་བསྟན་པ་གསུངས་སོ་ཞེས་པ་ནི་མཆོག་ཏུ་གྱུར་པའི་ལུང་སྟོན་པ་དེ་ལ་

དེ་སྐད་ཅེས་བྱའོ། །ལེའུ་བཅུ་པ་ལས་ནི་མངོན་པར་འདོད་པའི་དངོས་གྲུབ་མངོན་དུ་བྱ་བའི་ཕྱིར་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ལྷའི་སྙིང་པོ་བསྐུལ་བ་གསུངས་སོ་ཞེས་པ་ནི་མངོན་པར་འདོད་པའི་དངོས་གྲུབ་ནི་བླང་བར་བྱ་བའི་དངོས་གྲུབ་སྟེ་ཐུན་མོང་དང་མཆོག་གི་དངོས་གྲུབ་རྣམ་པ་གཉིས་

སོ། །དེ་ཐོབ་པར་བྱེད་པའི་ཐབས་ནི་ལྷའི་སྙིང་པོ་ཡིན་པས་དེ་ལ་དེ་སྐད་ཅེས་བྱའོ། །ལེའུ་བཅུ་གཅིག་པ་ལས་ནི་སྔགས་ཀྱི་སྐུ་བསྐྱེད་པ་དང་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་སྟོན་ཏོ་ཞེས་པ་ནི་སྔགས་ཀྱི་སྐུ་བསྐྱེད་པ་ནི་འདིས་བསྐྱེད་པའི་དབང་དུ་གསུངས་སོ། །ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ནི་ལོངས་

སྤྱོད་རྫོགས་པའི་སྐུའི་དབང་དུ་བྱས་པའོ། །ཡང་ན་སྔགས་ཀྱི་སྐུ་བསྐྱེད་པ་ནི་བསྐྱེད་པའི་རིམ་པའོ། །ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ནི་སྒྱུ་མ་ལྟ་བུའི་སྐུའོ། །ལེའུ་གང་ལ་སྔགས་ཀྱི་སྐུ་བསྐྱེད་པ་དང་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལེའུ་བཅུ་གཉིས་པ་ལས་ནི་

Vol. 33 · folio 177b

ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ནི་ཕྱག་རྒྱ་རྣམ་པ་བཞི་དང་ལྡན་པའི་སྐུའོ། །དེ་ཐོབ་པའི་ཐབས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལེའུ་བཅུ་གསུམ་པ་དང་བཅུ་བཞི་པ་ལས་ནི་ལས་ཀྱི་ཚོགས་རྣམས་གསུངས་སོ་ཞེས་པ་ནི་ལས་ཀྱི་ཚོགས་མང་བ་གང་ཡིན་པ་དེ་ལ་དེ་སྐད་

ཅེས་བྱའོ། །ལེའུ་བཅོ་ལྔ་པ་ལས་ནི་དངོས་གྲུབ་ཐམས་ཅད་ནི་དེ་ཁོ་ན་ཉིད་རྟོགས་པ་ཉིད་ཀྱིས་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་ཞེས་པས་ནི་དེ་ཉིད་ཀྱི་དགོངས་པ་སྟོན་ཏོ། །ཅིའི་ཕྱིར་ཞེ་ན་དེའི་ཕྱིར་ཞེས་པའི་དོན་ཏོ། །དེ་བས་ན་དངོས་གྲུབ་ཐམས་ཅད་ནི་ཞེས་པས་ཐོབ་པར་བྱ་བའི་

ཡུལ་བསྟན་པའོ། །དེ་ཁོ་ན་ཉིད་ཅེས་པ་འདིས་ནི་ཐོབ་པར་བྱེད་པའི་ཐབས་བསྟན་ཏོ། །ཐབས་ཀྱང་ཅི་ཞིག་ཅེ་ན། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བར་སྦྱར་ཏེ་དེ་གང་ལ་སྟོན་པར་འགྱུར་བའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །ལེའུ་བཅུ་དྲུག་པ་ལས་ནི་ལེའུ་བཞི་པ་ལས་གསུངས་

པའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྤྲོས་ནས་སྟོན་ཏོ་ཞེས་པ་ནི་ལེའུ་བཞི་པ་ལས་བཤད་པ་དེ་ཉིད་བཤད་ཀྱི་དེ་ལས་གཞན་པ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ཞེས་པ་འདིས་ནི་མ་འབྲེལ་པ་རྣམ་པར་གཅོད་པའོ། །ཡང་ན་ལེའུ་བཞི་པར་ནི་བསྐྱེད་པའི་དཀྱིལ་འཁོར་འབའ་

ཞིག་ཉེ་བར་སྟོན་ཏོ། །འདིར་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་བཅས་ནས་སྟོན་ཏོ། །ལེའུ་བཅུ་བདུན་པ་ལས་ནི་དམ་ཚིག་དང་སྡོམ་པ་རབ་ཏུ་སྟོན་པ་ཡིན་ནོ་ཞེས་པ་ནི་དམ་ཚིག་དང་སྡོམ་པ་ནི་དམ་ཚིག་དང་སྡོམ་པ་ཉིད་དོ། །དེ་གང་ལ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་དག་གིས་ནི་དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་གསང་བ་འདུས་པའི་དོན་མདོར་བསྡུས་པ་བསྟན་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཤད་པ་མདོར་བསྡུས་པ་བསྟན་པའི་ཕྱིར། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ནས་བྷ་ག་ལ་བཞུགས་སོ་ཞེས་པའི་བར་དུ་ནི་བཤད་པའི་ཚུལ་རྣམ་པ་བཞི་དང་ལྡན་

པར་བཤད་དོ་ཞེས་པ། ཡི་གེ་དང་། སྤྱི་དང་། སྦས་པ་དང་། མཐར་ཐུག་པ་རྣམ་པ་བཞིར་བསྟན་ཏོ། །འདི་སྐད་ཅེས་བྱ་བ་ལ་སོགས་པ་ལ་བཤད་པའི་ཚུལ་རྣམ་པ་བཞིས་བཤད་པ་འདི་ཡང་ཅི་སྒྲའི་འགྲོས་སོ་ཞེ་འམ་ནུས་པ་ཞེས་རྟོག་གྲང་ན། རེ་ཞིག་སྒྲའི་འགྲོས་སོ་ནི་མ་ཡིན་

Vol. 33 · folio 178a

ཏེ། འབྲེལ་པ་ལ་སོགས་པ་ཡི་གེའི་དོན་ལ་ཚང་བའི་ཕྱིར་རོ། །ནུས་པ་ཞེས་བྱ་བ་ཡང་སྒྲའི་སྒོ་ནས་སམ་དོན་གྱི་སྒོ་ནས་ཞེས་རྟོག་གྲང་ན། རེ་ཞིག་སྒྲའི་སྒོ་ནས་ནི་མ་ཡིན་ཏེ། འདི་ལྟར་ཐམས་ཅད་ལ་བཤད་པ་བཞི་དང་ལྡན་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ཡང་མ་ཡིན་ནོ་ཞེ་ན་

ཧ་ཅང་ཐལ་བར་འགྱུར་རོ། །གལ་ཏེ་དེ་ལྟར་མ་ཡིན་ན་ཡང་ཇི་ལྟར་དེར་འགྱུར། དེ་ལྟ་མ་ཡིན་ཞེས་པའི་ངེས་པར་གཟུང་བ་ཡང་ཅི་ཞིག་ཡོད། གལ་ཏེ་དོན་གྱི་སྒོ་ནས་མ་ཡིན་ནོ་ཞེ་ན་ནི་འདིར་བརྗོད་པའི་སྒོ་ནས་སམ། དེ་ལས་གཞན་ཞིག་ཅེས་རྟོག་གྲང་ན། འདི་ཉིད་ཀྱི་ཡུལ་ནི་མ་ཡིན་ཏེ་

སྦས་པ་དང་མཐར་ཐུག་པ་ལ་སོགས་པ་འདིས་མ་བརྗོད་པའི་ཕྱིར་རོ། །འོན་ཏེ་བརྗོད་ན་ནི་ཧ་ཅང་དོན་མེད་པར་འགྱུར་རོ། །དོན་ཡོད་དོ་ཞེས་པའི་ངེས་པར་གཟུང་བ་ནི་ཅི་ཞིག་ཡོད། རྣམ་པ་གཞན་ཞིག་བརྗོད་པར་གྱུར་ན་ནི་འདི་ཉིད་ཀྱི་བརྗོད་བྱ་མ་ཡིན་པར་འགྱུར་ཏེ། དེ་ལྟ་ན་ནི་འཁྲུལ་

པར་ཡང་འགྱུར་རོ། །ཇི་སྟེ་མ་འཁྲུལ་ན་ནི་གྲང་བའི་རེག་པས་ཀྱང་ཚ་བའི་རེག་པ་རྟོགས་པར་འགྱུར་རོ། །དེ་ལྟ་ན་ནི་དེ་ལས་བྱུང་བའམ། དེའི་བདག་ཉིད་ཀྱི་འབྲེལ་པར་ཡང་འགྱུར་རོ། །ཅི་སྟེ་གལ་ཏེ་ན་འབྲེལ་པ་ཡིན་ནོ་ཞེ་ན་ནི་དེ་ཉིད་འགལ་བར་རྣམ་པར་གནས་པར་ཡང་མི་རུང་སྟེ།

མེ་དང་དུ་བ་བཞིན་ནོ། །ཅི་སྟེ་འགལ་བ་ཡིན་ནོ་ཞེ་ན་ནི། དེ་ལྟ་ན་ནི་འདི་ལ་འདུག་ས་གཅིག་པ་ལ་གནོད་པ་ཅི་ཞིག་ཡོད། །གལ་ཏེ་མི་གནོད་པ་ཅི་ཞིག་ཡོད་དོ་ཞེ་ན་མངོན་སུམ་དང་འགལ་བར་འགྱུར་རོ། །དེ་བས་ན་དོན་གཞན་ནི་བརྗོད་བྱ་མ་ཡིན་ནོ། །དོན་གྱི་སྒོ་ནས་ཀྱང་སྒྲ་ལ་བཤད་པར་བྱ་བའི་ཕྱིར་

རིགས་པ་མ་ཡིན་ཏེ་གལ་ཏེ་དེ་ལྟ་ན་ནི་དོན་གོང་དུ་གཏན་ལ་དབབ་པར་འགྱུར་རོ། །དེ་ལྟ་ཡིན་ན་ནི་དོན་མེད་དོ་དེ་ལྟ་མ་ཡིན་ན་ནི་ཇི་ལྟར་དེ་ལས་འགྱུར། ཇི་སྟེ་གལ་ཏེ་ཡིན་ནོ་ཞེ་ན་ནི་ཧ་ཅང་ཡང་ཐལ་བར་འགྱུར་རོ། །དོན་སྔོན་དུ་གཏན་ལ་མི་འབེབས་ན་ནི་ནམ་ཡང་བརྗོད་པར་མི་བྱའོ། །

དེ་ལས་གཞན་ཞིག་བརྗོད་དོ་ཞེ་ན་ནི་བརྗོད་པར་བྱའོ། །གལ་ཏེ་གང་ཟག་གི་དབྱེ་བས་ཡིན་ན་ནི་འདི་ཉིད་ལ་རྣམ་པ་བཞིར་གསུངས་པར་མི་རིགས་ཀྱི་རྣམ་པ་གཞན་ལས་གཞན་དུ་བསྟན་པའི་ཕྱིར་རོ། །གལ་ཏེ་འདི་ནི་ཡིན་ལ་གཞན་ནི་མ་ཡིན་ནོ་ཞེས་པའི་ངེས་པར་གཟུང་བ་ནི་ཅི་ཡང་མེད་དོ། །ཇི་སྟེ་

Vol. 33 · folio 178b

ཡོད་ན་ནི་ཧ་ཅང་ཡང་མེད་པར་འགྱུར་རོ། །དེ་ལྟ་ཡིན་ན་ནི་རྒྱས་པ་དང་བསྡུས་པ་ཡང་མི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དོན་གྱི་རྣམ་པ་གཅིག་ལ་རྒྱ་ཆེ་བ་དང་ཆུང་བའི་བྱེ་བྲག་གིས་བསྡུས་པ་དང་རྒྱས་པར་འགྱུར་གྱི། དོན་ཐ་དད་པ་ལ་ནི་ནམ་ཡང་བསྡུས་པ་དང་རྒྱས་པ་མི་རིགས་སོ། །ཇི་སྟེ་

གལ་ཏེ་ཡིན་ནོ་ཞེ་ན་ནི་ཧ་ཅང་ཡང་ཐལ་བར་འགྱུར་རོ། །མི་རྟོགས་པར་བྱ་བའི་ཕྱིར་ཡིན་ནོ་ཞེ་ན་ནི། འདི་ཅིའི་དབང་པོ་རྣོ་བའི་དབང་དུ་འམ། གདུག་སེམས་ཀྱིས་སྨྲས་ཞེས་རྟོག་གྲང་ན་རེ་ཞིག་དང་པོ་ལྟར་ན་ནི་མ་ཡིན་ཏེ། ཚོགས་ཀྱི་གང་ཟག་ལ་སོགས་པ་གཟུང་བའི་ཕྱིར་རོ། །གཞན་ཡང་

འདི་ཉིད་ལས། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཅི་སྟེ་ཕྱི་མ་ལྟར་ན་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་འཇུག་པའི་ཕྱིར་རོ། །གདུག་སེམས་དང་སྙིང་རྗེ་ནི་གཅིག་གིས་གཅིག་སྤངས་པ་ཡིན་པའི་

ཕྱིར་འགལ་བ་ཡིན་ནོ། །ཅི་སྟེ་དེ་ལྟ་ན་ཡང་ཡིན་ནོ་ཞེ་ན་ནི་ཧ་ཅང་ཡང་ཐལ་བར་འགྱུར་རོ་ཞེས་བྱ་བ་འདི་ཡང་བརྗོད་པར་བྱ་སྟེ། རེ་ཞིག་སྒྲ་དངོས་ཀྱི་ནུས་པའམ། དགོངས་ནས་བཤད་པའི་ནུས་པ་ཞེས་རྟོག་གྲང་ན། སྒྲ་དངོས་ཀྱི་ནུས་པ་ལྟར་ན་ནི་བདེན་ཏེ། དེ་ནི་མ་ཡིན་ནོ། །འདི་

ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་ནས་སྨྲས་པ་སྟེ་འདི་ཅི་ལ་དགོངས་ཤེ་ན། བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་དང་པོ་བཤད་པ་བཞི་ལ་དགོངས་ནས་གསུངས་སོ། །དེས་དེ་ལྟར་འགྱུར་བ་ཡང་མ་ཡིན་ཏེ། ཐུགས་རྗེ་ཆེན་པོའི་དོན་དང་ལྡན་པའི་ཕྱིར་རོ། །དེ་ལྟ་ན་ནི་ཡང་

ཡིན་ནོ་ཞེ་ན་མ་ཡིན་ཏེ། གསང་བ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་མ་གྱུར་པའི་ཕྱིར་རོ། །ཡང་ན་འདི་ནི་ཕྱི་རབས་པའི་གང་ཟག་སློབ་དཔོན་དང་སློབ་མར་འབྲེལ་པར་བྱ་བའི་ཕྱིར་ཏེ། འོག་ནས་བཤད་པའི་ཕྱིར་རོ། །བླ་མ་ལ་རག་ལས་པ་ཉིད་ཅིའི་ཕྱིར་ཞེ་ན། རྩོད་པའི་

དུས་ན་སེམས་ཅན་ཐམས་ཅད་འདོད་རྒྱལ་གྱི་ཞགས་པས་ཟིན་ཏེ་གཟུ་ལུམ་ལ་མཆོག་ཏུ་གཞོལ་བར་འགྱུར་རོ། །གང་གི་ཚེ་གཟུ་ལུམ་ལ་མཆོག་ཏུ་གཞོལ་བ་དེ་ནི་དེ་བཞིན་གཤེགས་པའི་བཀའ་ཡང་དག་པར་མྱུར་དུ་འཇུག་པར་འགྱུར་རོ། །གང་ཞིག་གང་མྱུར་དུ་ཞུགས་པ་དེས་ནི་

Vol. 33 · folio 179a

དེ་མ་ཐག་ཏུ་དེ་ལ་སྐྱོ་བར་འགྱུར་རོ། །གང་ཞིག་གང་ལ་མྱུར་དུ་སྐྱོ་བ་སྐྱེ་བར་འགྱུར་བ་དེ་ནི་དེའི་བཀའ་མྱུར་དུ་སྤོང་བར་འགྱུར་རོ། །གང་གིས་གང་ཞིག་མྱུར་དུ་སྤངས་པར་གྱུར་པ་དེ་ནི་བསྟན་པ་ཡུན་རིང་དུ་གནས་པར་མི་བྱེད་དེ་ཡུན་ཐུང་བར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་

བས་ན་དེ་བཞིན་གཤེགས་པ་རྣམས་ནི་སློབ་དཔོན་དང་སློབ་མར་འབྲེལ་པར་བྱ་བ་དང་། བསྟན་པ་ཡུན་རིང་དུ་གནས་པར་བྱ་བ་དང་བསྟན་པ་བརྟན་པ་དང་། གང་ཟག་རྣམས་ཀྱི་བློ་ཟབ་ཅིང་རྒྱ་ཆེ་བར་བྱ་བའི་ཕྱིར་བཤད་པ་བཞི་ལ་དགོངས་ནས་གསུངས་པ་ཡིན་ནོ། །འདི་ཉིད་ནི་དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་གསང་བ་མངོན་པར་གྲུབ་པ་ཞེས་བྱ་བའི་རྒྱུད་ལས་ཀྱང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་བ་དེ་ཉིད་མངོན་གྲུབ་འདི། །བདེ་གཤེགས་རྣམས་ཀྱིས་བསྟན་པ་རྣམས། །ཡུན་རིང་གནས་པར་བྱ་བའི་ཕྱིར། །བཤད་པའི་མཆོག་ནི་རབ་སྦས་ཏེ། །བླ་མ་ལས་

ནི་རྟོགས་པར་བྱ། །ཞེས་འབྱུང་བ་དང་། སློབ་དཔོན་གྱིས་ཀྱང་། བླ་མ་ལ་བརྙས་སྒྱུ་ཅན་དད་པ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །གཞན་ཡང་གསང་བ་ཆེན་པོ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཁམས་འདིར་རྩོད་

པ་རྒྱས་པའི་དུས་འདིར་སེམས་ཅན་གཟུ་ལུམ་མཁན་བླ་མ་ལ་སྡང་བ་དང་། ཆོག་པར་འཛིན་པ་དང་། དེ་བཞིན་གཤེགས་པའི་བཀའ་ཟབ་མོ་ལ་རང་འདོད་དུ་སྤྱོད་པ་འབྱུང་གི་དེ་ཡིས་དེ་བཞིན་གཤེགས་པའི་བཀའ་ཟབ་ཅིང་རྒྱ་ཆེ་བ་རྟོགས་པར་མི་ནུས་སོ། །དེ་བས་ན་དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་འདི་ནི་ཐེག་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་རྨད་དུ་བྱུང་བའི་ཡུལ་ཡིན་པར་འགྱུར་རོ། །དེ་ཡང་གང་ལས་ཤེས་ཤེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ལུང་ལས་ཤེས་པར་འགྱུར་ཏེ། ཇི་སྐད་དུ། དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི། །གསང་བ་ཆེན་པོའི་བདག་ཉིད་མཆོག །རབ་ཏུ་གསང་བ་ཡིན་པའི་ཕྱིར། །ཐམས་ཅད་ཀུན་གྱིས་གསལ་མ་བྱས། །གང་ཡང་དུས་གསུམ་སངས་རྒྱས་དང་། །རྣལ་འབྱོར་རྣལ་འབྱོར་མ་རྣམས་ཀྱིས། །གང་ཚེ་གསང་བའི་དོན་གསུངས་པ། །ཕྱི་དང་ཤིན་ཏུ་ནང་དག་དང་། །

Vol. 33 · folio 179b

དེ་བཞིན་བླ་མེད་ལ་དགོངས་ནས། །གསང་བའི་དོན་རྣམས་གསུངས་པ་ཡིན། །དེ་ལས་གཞན་དུ་གསུངས་གྱུར་ན། །ཇི་བཞིན་དོན་དུ་བཟུང་བ་སྟེ། །དེས་ན་ལམ་ངན་དག་ཏུ་ལྟུང་། །ཞེས་པ་ལ་སོགས་པ་འབྱུང་བ་ལྟ་བུའོ། །དེས་ན་དེ་བཞིན་གཤེགས་པའི་གསང་བ་ཆེན་པོ་འདི་ནི་རྣལ་

འབྱོར་གྱི་རྒྱུད་རྣམས་ཀྱིས་ཤིན་ཏུ་རྒྱས་བཏབ་པ་ཡིན་ནོ་ཞེས་བསྟན་པར་བྱའོ། །གཞན་ཡང་གཞན་དུ་ཤེས་པར་བྱའོ། །དེ་ལྟར་ན་བཤད་པ་བསྡུས་པ་དང་། དོན་བསྡུས་པ་བཤད་ནས། ད་ནི་དེ་ཉིད་ཀྱི་དོན་བསྡུས་པ་རྒྱས་པར་བཤད་པར་བྱ་སྟེ། དེའི་ཕྱིར་རིམ་པ་འདི་ཉིད་ཀྱིས་ན་བཞུགས་

པའི་ཚིག་ནས་བརྩམས་ཏེ་ཞེས་བྱ་བ་སྨོས་ཏེ་འདིས་ནི་ཕྱག་རྒྱས་བཏབ་པ་ཡིན་ལ་ཞེས་སྦྱར་རོ། །གང་གིས་རྒྱས་བཏབ་ཅེ་ན། རིམ་པ་འདི་ཉིད་ཀྱིས་རྒྱས་བཏབ་ཅེས་སྨོས་སོ། །ཡང་ན་རིམ་པ་འདི་ཉིད་ཀྱིས་བཤད་པའི་ཕྱིར་རྒྱས་བཏབ་ཅེས་སྦྱར་རོ། །གང་རྒྱས་བཏབ་ཅེ་ན་བཞུགས་པའི་ཚིག་ནས་བརྩམས་ཏེ་

རྗེས་སུ་ཡི་རང་བའི་བར་དུའོ། །མཐའ་རྣམ་པ་དྲུག་ཏུ་བཤད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་ཉིད་ཀྱིས་གསང་བ་འདུས་པའི་དོན་ཕྱག་རྒྱས་བཏབ་ཅེས་སྨོས་པས་ན་སྒྲ་ཕྱག་རྒྱས་བཏབ་པ་ནི་མ་ཡིན་ཏེ། དོན་གསལ་བར་མ་བྱས་ཞེས་བྱ་བའི་དོན་ཏོ། །འདི་དག་ལ་མ་

རྟོགས་པར་ཅིར་འགྱུར་ཞེ་ན། དེ་མ་རྟོགས་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མ་རྟོགས་པ་ནི་གོང་མ་ཉིད་མ་རྟོགས་པའོ། །འོ་ན་གང་ཞིག་ལ་བརྟེན་ཞེ་ན་སྒྲ་ཇི་བཞིན་པའི་བཤད་པའི་སྒྲའི་དོན་ཙམ་ལ་བརྟེན་ཏེ་ཞེས་སྨོས་སོ། །སྒྲ་ཇི་བཞིན་པར་བཤད་པ་ནི་སྒྲ་ཇི་བཞིན་པ་

ཉིད་དེ་དེ་བཤད་པའི་དོན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུ་ལ་རྟོག་པའི་སེམས་ཅན་གང་ཞིག་ཡིན་ཞེ་ན། ཡུལ་རྣམས་ལ་ཆགས་པའི་སེམས་ཅན་རྣམས་འགལ་བ་དང་། ཤིན་ཏུ་རྨད་དུ་བྱུང་བའི་བྱ་བ་བྱེད་པས་ལས་ཀྱི་དབང་དུ་འགྱུར་རོ་ཞེས་པ་ནི་ཡུལ་རྣམས་ལ་ཆགས་པ་

ནི་ཡུལ་རྣམས་ལ་ཆགས་པ་སྟེ། ཡུལ་ལ་ཞེན་པར་གྱུར་པའི་ཐ་ཚིག་གོ། །ཡུལ་ལ་ཆགས་པ་ཡང་ཡིན་ལ་སེམས་ཅན་ཡང་ཡིན་པས་ཡུལ་རྣམས་ལ་ཆགས་པའི་སེམས་ཅན་དེ་དེ་ལྟ་བུའི་གང་ཟག་གིས་དེ་ལ་དེ་ལྟར་རྟོག་ཅེས་པའི་ཐ་ཚིག་གོ། །བརྟགས་པས་ཅི་བྱེད་ཅེ་ན་འགལ་བ་

Vol. 33 · folio 180a

དང་ཤིན་ཏུ་རྨད་དུ་བྱུང་བའི་བྱ་བ་བྱེད་དེ། འདི་ལྟར་མ་བྱིན་པར་ལེན་པ་ལ་སོགས་པའི་བྱ་བ་ལ་འཇུག་པར་འགྱུར་རོ། །དེ་ཅིར་འགྱུར་ཞེ་ན། ལས་ཀྱི་དབང་དུ་འགྱུར་ཏེ། ལས་དེའི་སྟོབས་ཀྱིས་འབྲས་བུ་རྩུབ་མོ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་

གོ། །འདི་དག་གིས་ནི་འདི་སྐད་དུ་སྟོན་པར་འགྱུར་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་དགོངས་པ་དང་བཅས་ཏེ་བཤད་པར་མ་གྱུར་པ་དེའི་ཚེ་སྒྲ་ཇི་བཞིན་པར་ངེས་པར་འཛིན་པར་འགྱུར་རོ། །གང་གི་ཚེ་སྒྲ་ཇི་བཞིན་པར་ངེས་པར་བཟུང་བར་འགྱུར་བ་དེའི་ཚེ་ཡུལ་ལ་ཆགས་པའི་སེམས་

ཅན་འཇུག་པར་འགྱུར་རོ། །གང་གི་ཚེ་ཡུལ་ལ་ཆགས་པའི་སེམས་ཅན་ཞུགས་པར་གྱུར་པ་དེའི་ཚེ། དེ་བཞིན་གཤེགས་པའི་གདམས་ངག་དང་དུ་མི་ལེན་པར་འགྱུར་རོ། །གང་གི་ཚེ་དེ་བཞིན་གཤེགས་པའི་གདམས་ངག་དང་དུ་མི་ལེན་པར་གྱུར་པ་དེའི་ཚེ་དེ་བཞིན་གཤེགས་པའི་བཀའ་དགོངས་

པ་ཅན་གཞན་ལ་ཡང་སྒྲ་ཇི་བཞིན་པར་འཛིན་པར་འགྱུར་རོ། །གང་གི་ཚེ་སྒྲ་ཇི་བཞིན་པར་བཟུང་བ་དེའི་ཚེ་འགལ་བ་དང་རྨད་དུ་བྱུང་བའི་བྱ་བ་བྱེད་པར་འགྱུར་རོ། །ཤིན་ཏུ་རྨད་དུ་བྱུང་བའི་བྱ་བ་བྱེད་པ་དེའི་ཚེ་སེམས་ཅན་ཐམས་ཅད་ལོག་པའི་ལམ་ལ་གནས་པར་འགྱུར་རོ། །སེམས་

ཅན་ཐམས་ཅད་ལོག་པའི་ལམ་ལ་གནས་པར་གྱུར་པ་དེའི་ཚེ་རྨད་དུ་བྱུང་བའི་བྱ་བ་བྱེད་པའི་ལས་ཀྱི་འབྲས་བུ་སྨིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་ལས་ཤེས་ཤེ་ན། བཅོམ་ལྡན་འདས་ཀྱིས་དགོངས་པ་ལུང་བསྟན་པ་ཞེས་བྱ་བའི་རྒྱུད་ལས་གསུངས་ཏེ་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། གསང་བའི་བདག་པོ་ཞེས་བྱ་བ་ནི་བོད་པའོ། །དོན་རྒྱས་པ་ཡི་ཚུལ་ཆེན་འདི་ནི་རྙེད་གྱུར་ནས། །ཞེས་པ་དོན་རྒྱས་པའི་ཚུལ་ཆེན་པོ་ནི་དེ་བཞིན་གཤེགས་པའི་གསང་བ་འདུས་པ་ཉིད་དོ། །ཇི་བཞིན་དོན་ནི་རྙེད་བཟུང་བས། །ཞེས་པ་ནི་སྒྲ་ཇི་བཞིན་པའི་དོན་རྙེད་

པའོ། །དེས་ཇི་ལྟར་གཟུང་བ་ཞེ་ན། གསང་བ་འདུས་པའི་དགོངས་པ་ཅན་ཐམས་ཅད་ཀྱང་སྒྲ་ཇི་བཞིན་པར་བཟུང་ཞེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། དེས་ན་ལམ་ངན་ངག་ཏུ་ལྟུང་། །ཞེས་པ་ནི་གང་བཟོད་པར་དཀའ་བའི་སྡུག་བསྔལ་དང་ལྡན་པ་དེ་ནི་ལམ་ངན་པ་སྟེ་

Vol. 33 · folio 180b

གང་ཞིག་གང་དུ་ལྟུང་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུར་འཛིན་པར་བྱེད་པའི་གང་ཟག་ཀྱང་ཇི་ལྟ་བུ་ཡིན་ཞེ་ན། མངོན་པའི་ང་རྒྱལ་རྟག་དགའ་བས། །ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་གཏོང་བར་མི་བྱེད་པ་སྟེ་གང་ཞིག་གང་ལ་འཕངས་པར་འཛིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣལ་འབྱོར་པ་ནི་

བདག་ཅེས་སྨྲ། །ཞེས་པ་ནི་རྣལ་འབྱོར་གྱི་དོན་དང་མི་ལྡན་པར་བདག་ཉིད་རྣལ་འབྱོར་པ་ཡིན་ཞེས་ཟེར་བ་ལྟ་བུའོ། །ཆོས་ནི་གཡོ་ཡིས་བྱེད་པར་འགྱུར། །ཞེས་པ་ནི་མ་བྱིན་པར་ལེན་པ་དང་སྲོག་གཅོད་པ་དང་བརྫུན་དང་ཚིག་འཁྱལ་བ་དང་། ངག་རྩུབ་མོ་ལ་སོགས་པས་ཆོས་ཡོངས་

སུ་ཚོལ་བར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ནི་འདུས་པ་མི་ཤེས་པར། །ཞེས་པ་ནི་དེ་བཞིན་གཤེགས་པའི་གསང་བ་འདུས་པའི་དགོངས་པ་ལ་སོགས་པ་ལེགས་པར་མི་ཤེས་པའོ། །དམ་ཚིག་ལ་སོགས་སྤྱོད་བྱེད་ལ། །ཞེས་པ་ནི་དམ་ཚིག་དང་སྒྲུབ་པ་ལ་སོགས་པ་ཉེ་བར་སྤྱོད་

པའོ། །གསང་བ་སྲུང་བར་མི་བྱེད་ཅིང་། །ཞེས་པ་ནི། ཐམས་ཅད་དུ་ནི་རབ་ཏུ་སྟོན། །ཞེས་བྱ་བ་དེ་ཉིད་ཀྱིས་བཤད་དོ། །མངོན་སུམ་སངས་རྒྱས་འདྲ་བ་ཡི། །སློབ་དཔོན་སྨོད་ཅིང་བཀུར་མི་བྱེད། །ཞེས་པ་ནི་བླ་མའི་བསྲུང་བར་བྱ་བའི་སྡོམ་པ་ལ་ཕྱལ་བར་གཏོང་བའོ། །སྐད་ཅིག་གིས་ནི་

ཁོང་ཁྲོ་ཞིང་། །ཞེས་པ་ནི་ཉེས་པ་མཐོང་ན་སྐད་ཅིག་ཙམ་གྱིས་ཁྲོ་བར་བྱེད་པའོ། །དེ་བཞིན་སྐད་ཅིག་གིས་རྗེས་ཆགས། །ཞེས་པ་ནི་བདག་ཉིད་དང་རྗེས་སུ་མཐུན་པའི་ལས་བྱུང་ན་ཆགས་པར་བྱེད་པའོ། །འདི་དག་གིས་ནི་བློ་མི་བརྟན་པ་བསྟན་ཏོ། །དེ་ནས་འདོད་པས་ལོག་པར་

གཡེམ་པ་ལ་སོགས་པའི་ཉེས་པ་བསྟན་པའི་ཕྱིར། མ་དང་སྲིང་མོ་བུ་མོ་སྟེ། །ཞེས་པ་ནི་བདག་ཉིད་བསྐྱེད་པ་དང་། བདག་ཉིད་དང་ལྷན་ཅིག་ཏུ་བསྐྱེད་པ་དང་བདག་གིས་བསྐྱེད་པའོ། །དེ་དག་གིས་ནི་བགྲོད་པ་མ་ཡིན་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱིས་རྨད་པ་ཡིན་པའི་ཕྱིར་

རོ། །དེ་ལ་བགྲོད་པར་བྱེད་པ་གང་ཡིན་པ་དེ་ནི་ཉེས་པ་མཆོག་དང་ལྡན་པ་ཡིན་ཞེས་སྦྱར་རོ། །ཉེས་པ་གཞན་ཡང་ཡོད་པའི་ཕྱིར། །ཕ་མ་གསོད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཕ་མ་གསོད་པ་ནི་ཕ་མ་གསོད་པས་ཏེ། ཕ་མ་ལ་ངན་སེམས་ཀྱིས་ཚོན་རྡེག་པ་གང་ཡིན་པ་དེ་

Vol. 33 · folio 181a

ལ་དེ་སྐད་ཅེས་བྱའོ། །སྲོག་ཆགས་གཞན་ཡང་གསོད་པར་བྱེད། ཅེས་པ་ནི་འཇིག་རྟེན་གྱི་སྲོག་ཆགས་རགས་པ་དང་ཕྲ་བ་ལ་སོགས་པ་གསོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་བརྫུན་གྱི་ཚིག་སྨྲ་ཞིང་། །ཞེས་པ་ནི་གང་ཞིག་བདེན་པར་སྨྲ་བ་སྤངས་པའོ། །

ཁྱད་པར་དུ་ཡང་རྐུ་བར་བྱེད། །ཅེས་པ་ནི་གང་གིས་མ་བྱིན་པར་ལེན་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་གྱི་ཆུང་མའི་ཐད་འགྲོ་ཞིང་། །ཞེས་པ་ནི་གཞན་གྱི་ཆུང་མ་ལ་ཉེ་བར་སྦྱོར་བའོ། །སྨད་པ་གཞན་ཡང་བྱེད་པར་འགྱུར། །ཞེས་པ་ནི་བསྟན་བཅོས་ལས་སྨད་པའི་བྱ་བ་གཞན་

ཐམས་ཅད་ལྷུར་ལེན་པར་འགྱུར་ཞེས་པའི་དོན་ཏོ། །དེ་ཉིད་ཡེ་ཤེས་འབྱུང་བ་ཡི། །དམ་ཚིག་རྣམས་ནི་དེས་མི་ཤེས། །ཞེས་པ་ནི་གསང་བ་ཆེན་པོ་མཆོག་གི་དམ་ཚིག་རྒྱས་པ་དེ་ཉིད་ཀྱིས་མི་ཤེས་ཞེས་པའི་དོན་ཏོ། །ཉེས་པ་ཅུང་ཟད་ཙམ་ལ་ཡང་། །མངོན་སྤྱོད་དག་ནི་བྱེད་པར་འགྱུར། །

ཞེས་པ་ནི་ཉེས་པ་ཕྲ་མོ་ཙམ་ལ་ཡང་དྲག་པོའི་ལས་རྩོམ་ཞེས་པའི་དོན་ཏོ། །རྟག་ཏུ་ཕྱི་རོལ་བསྟན་བཅོས་དགའ། །ཞེས་པ་ནི་གཞུང་འདི་པ་མ་ཡིན་པའི་བསྟན་བཅོས་ལ་གཞོལ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རང་གི་དམ་ཚིག་ཡོངས་སྤངས་ཏེ། །ཞེས་པ་ནི་རང་གི་དམ་

ཚིག་མི་བསྲུང་བའོ། །ལྕགས་ཀྱུ་མེད་པ་བཞིན་དུ་སྤྱོད། །ཅེས་པ་ནི་ཐབས་དང་བྲལ་བ་ཉིད་དོ། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡི། །འཚོ་བ་དག་ནི་ངེས་སྒྲུབ་བྱེད། །ཅེས་པ་ནི་སྔགས་དང་ཕྱག་རྒྱས་རང་གི་འཚོ་བ་ཡོངས་སུ་ཚོལ་བ་དེ་ལ་དེ་སྐད་ཅེས་བྱའོ། །གང་དུ་རྙེད་པ་ཐོབ་འགྱུར་

བར། །དམ་པའི་ཆོས་ནི་འཆང་བར་འགྱུར། །ཞེས་པ་ནི་ཡུལ་དུ་ཤེས་པ་དང་མི་ལྡན་ཞིང་རྙེད་པ་ཉེ་བར་ཐོབ་པར་འགྱུར་བར་དམ་པའི་ཆོས་འཆད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། སྔགས་པ་རྣམས་ནི་འགྲུབ་མི་འགྱུར། །ཞེས་སྨོས་ཏེ་དེ་ལྟ་བུའི་གང་ཟག་གིས་

སྔགས་དང་ཕྱག་རྒྱའི་དངོས་གྲུབ་འགྲུབ་པ་མེད་ཀྱི་མནར་མེད་པའི་སྡུག་བསྔལ་ཆེན་པོ་སྐྱེད་ཅེས་པའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རྣལ་འབྱོར་རབ་སྦྱོར་དམན་པའི་ཕྱིར། །ཞེས་སྨོས་ཏེ། རབ་ཏུ་སྦྱོར་བ་དམན་པ་ནི་རབ་ཏུ་སྦྱོར་བ་ཞན་པ་ཞེས་པའི་དོན་ཏོ། །དེ་རྣམས་གཟུང་བར་བྱ་བའི་

Vol. 33 · folio 181b

ཕྱིར། །ཞེས་པ་ནི་དེ་རྣམས་ཀྱི་ངན་འགྲོའི་སྲིད་པ་དགག་པའི་ཕྱིར་ཞེས་པའི་དོན་ཏོ། །གསང་བ་དགོངས་པས་བཤད་པ་ཡིན། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །འདིས་ནི་བསྡུས་པའི་དོན་བསྟན་ཏོ་ཞེས་པ་ནི་འདི་ཉིད་ཀྱིས་བསྡུས་པའི་དོན་ཡིན་གྱི་རྒྱས་པར་བཤད་པ་ནི་མ་ཡིན་ནོ། །གང་ཞིག་གང་

དུ་གང་གི་ཕྱིར་བསྟན་པ་ཡིན་ཞེ་ན། དེ་བཞིན་གཤེགས་པའི་གསང་བ་འདུས་པའི་དོན་མཐའ་དག་དང་། དེ་བཞིན་གཤེགས་པའི་གསང་བ་འདུས་པའི་བཤད་པ་མཐའ་དག་བསྡུས་པའི་དོན་འདི་ཉིད་ཀྱིས་བསྡུས་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ཀྱང་བསྡུས་པ་ལ་དགའ་བ་རྣམས་

འདི་ཙམ་གྱིས་ཚིམ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསྡུས་པའི་དོན་བསྟན་ནས་ཞེས་པ་ནི་རྒྱས་པར་བསྟན་པར་བཤད་པར་འདོད་པས་དེ་སྐད་ཅེས་བྱའོ། །ད་ནི་ཞེས་བྱ་བ་ནི་སྐབས་ལ་བབ་པའི་ཚིག་གོ། །ཡན་ལག་གི་དོན་རྣམ་པར་དབྱེ་བའི་ཕྱིར་ཞེས་པ་ནི་རྩ་བའི་དོན་མ་ཡིན་པའི་

ཕྱིར་དེ་སྐད་ཅེས་བྱའོ། །རྒྱུད་ལ་འཇུག་པར་བྱ་སྟེ་ཞེས་པ་ནི་རྒྱུད་ཉིད་བཤད་པར་བྱ་ཞེས་བྱ་བའི་དོན་ཏོ། །འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་འདི་ཡང་གང་གིས་གང་ལ་བསྟན་ཞེ་ན། འདིར་སྡུད་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སྡུད་པར་བྱེད་པ་ནི་སྡུད་པར་བྱེད་པ་སྟེ་དེ་

བཞིན་གཤེགས་པའི་རྒྱུད་ཐོབ་པར་བྱེད་ཅེས་པའི་དོན་ཏོ། །ཐོས་པར་བྱེད་པ་པོ་གང་ཡིན་ཞེ་ན། འཕགས་པ་ཕྱག་ན་རྡོ་རྗེ་ཞེས་པ་སྟེ་དགོངས་པ་ཐམས་ཅད་འབྱུང་བར་བྱེད་པའི་རྡོ་རྗེ་ཐོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ཇི་སྐད་དུ་ཐོས་པ་ཐུགས་ལ་བཞག་ནས་ཞེས་

པ་ནི་ལྷག་པ་དང་ཆད་པ་ལ་སོགས་པའི་ཉེས་པ་དང་བྲལ་བར་བྱས་ནས་ཞེས་པའི་དོན་ཏོ། །དེས་ཅི་བྱེད་ཅེ་ན། གདུལ་བྱ་རྣམས་ལ་བསྟན་པའི་ཕྱིར། །ཞེས་སྨོས་ཏེ་རང་གི་གདུལ་བྱ་སྨིན་པ་དང་གྲོལ་བར་བྱེད་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་

ལ་སོགས་པ་གསུངས་པ་ཡིན་ཏེ་ཞེས་བྱ་བ་ནི་སྡུད་པ་པོ་རང་གི་ཚིག་ལེགས་པར་སྟོན་པ་ཡིན་ཏེ། འདི་སྐད་ཐོས་ཞེས་བྱ་བར་སྦྱར་རོ། །འདི་སྐད་ཅེས་བྱ་བ་འདི་ཡང་། ཇི་སྐད་ཅེས་བྱ་བའི་ཚིག་ཡིན་ནོ་ཞེ་ན། དེའི་ཕྱིར་འདི་སྐད་ཅེས་བྱ་བ་ནི་རྒྱུད་ཀྱི་དོན་མ་ལུས་པར་སྟོན་པའི་ཚིག་གི་ཕྲད་

Vol. 33 · folio 182a

དོ་ཞེས་སྨོས་ཏེ་འདིས་ནི་བཤད་པར་བྱ་བའི་ཆོས་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ཡང་འདི་ཞེས་བྱ་བ་ཡང་ཉེ་བ་མངོན་སུམ་པའི་ཚིག་གོ། །འདི་ཞེས་བྱ་བ་ཡང་གང་ཡིན་ཞེ་ན། གསལ་བ་དེའི་ཞེས་བྱ་བ་ནས་རྗེས་སུ་ཡི་རང་ངོ་ཞེས་བྱ་བའི་བར་དུའོ། །དེ་བས་ན་

འདི་སྐད་ཅེས་བྱ་བ་འདི་ནི་རྒྱུད་ཀྱི་དོན་ཐམས་ཅད་རྗོད་པར་བྱེད་པའི་ས་བོན་ཅན་ནོ། །གང་གིས་ཐོས་ཤེ་ན་བདག་གིས་ཐོས་ཞེས་བྱ་བར་སྦྱར་ཏེ། བདག་གིས་ཐོས་ཞེས་བྱ་བས་ནི་སྡུད་པ་པོ་ཕུན་སུམ་ཚོགས་པ་སྟོན་ཏེ། བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཉེ་བར་

ཐོས་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་ཐོས་ཞེས་པ་འདིས་ནི་མ་ཐོས་པ་དང་། གཞན་ཐོས་པ་རྣམས་བསལ་བ་ཡིན་ནོ། །བདག་གིས་ཐོས་ཞེས་བྱ་བས་ནི་མ་ཐོས་པ་དང་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཐོས་པ་དང་རྟོགས་པ་བསལ་ལོ། །དུས་གཅིག་ན་ཐོས་ཞེས་པ་སྨོས་པས་ནི་དུས་

ཐམས་ཅད་དུ་ཐོས་པ་དང་ཐམས་ཅད་དུ་མ་ཐོས་པ་བསལ་ལོ། །འདི་དག་གི་སྒྲའི་སྦྱོར་བ་ཡང་གཞན་དག་ནི་མ་ཐོས་ཀྱི་འདི་ཁོ་ན་སྐད་ཐོས་ཞེས་པ་དང་། འོངས་པ་དང་། རྟོགས་པ་ནི་མ་ཡིན་ཏེ་བདག་གིས་ཐོས་ཞེས་པ་དང་ཐམས་ཅད་དུ་མ་ཐོས་པ་དང་ཐམས་ཅད་དུ་ཐོས་པ་ནི་མ་ཡིན་

གྱི་དུས་གཅིག་ཁོ་ནར་དེ་ཐོས་ཞེས་བྱའོ། །དུས་ཕུན་སུམ་ཚོགས་པ་དེ་ཉིད་རྒྱས་པར་བཤད་པ་དུས་གཅིག་གི་ཚེ་ན་འདི་ན་འདི་ཐོས་ལ་གཞན་དུ་ནི་གཞན་ཐོས་པའོ་ཞེས་པ་ནི་གསང་བ་འདུས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་དུས་སུ་ནི་འདི་ཐོས་ཀྱི། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་

གསུངས་པའི་དུས་སུ་ནི་གཞན་ཐོས་ཤེའོ། །དེ་ཉིད་རྙེད་དཀའ་བར་བསྟན་པ་ཡང་། གཞན་དག་ཏུ་ནི་འདི་མ་ཐོས་པའོ་ཞེས་པ་སྟེ། གཞན་དུ་ནི་འདི་ནམ་ཡང་ཐོས་པར་མི་འགྱུར་བའོ། །དེ་ཅིའི་ཕྱིར་ཞེ་ན། བཅུ་བདུན་པར་གསང་བའི་སྣོད་དུ་མ་གྱུར་པ་ཉིད་ཀྱིས་བསྟན་ཏོ། །བློ་རྣོ་

བ་ནི་སྐད་ཅིག་མ་གཅིག་ལའོ་ཞེས་པས་སྟོན་ཏོ། །སྐད་ཅིག་ལ་སོགས་པས་ནི་ཡུད་ཙམ་ལ་སོགས་པ་མ་ཡིན་པར་བསྟན་ཏོ། །གང་ལས་གང་དུ་ཞེས་བྱ་བ་ལ་སོགས་པ་ནི་འོག་ནས་སྟོན་ཏེ། སྟོན་པ་ཕུན་སུམ་ཚོགས་པ་ནི་སྟོན་པ་ཕུན་སུམ་ཚོགས་པ་སྟེ་ཡོན་ཏན་ཆེན་པོ་དང་ལྡན་

Vol. 33 · folio 182b

པའི་སྟོན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡོན་ཏན་གང་ཞིག་དང་ལྡན་ཞེ་ན། སྐལ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཕུན་སུམ་ཚོགས་པ་ནི་ཡང་དག་པའི་དོན་གྱི་སྐལ་བ་ཆེན་པོ་དང་ལྡན་པ་སྟེ། མདོ་དག་ལས་དེ་བཞིན་གཤེགས་པ་ནི་སྒྲིབ་པ་མ་ལུས་པར་བཅོམ་པའི་

ཕྱིར་སྐལ་བ་ཆེན་པོ་དང་ལྡན་པའོ་ཞེའོ། །གཞན་ཡང་གང་གིས་ཚོགས་ཆེན་པོ་ཡོངས་སུ་བསགས་པ་ནི་སྐལ་བ་ཆེན་པོ་དང་ལྡན་པའོ། །སྐལ་བ་ཆེན་པོ་ནི་ཐམས་ཅད་དེ། སྐལ་བ་མ་ལུས་པའི་བདག་ཉིད་ཅན་ནོ། །མི་མཐུན་པའི་ཕྱོགས་མ་ལུས་པར་བཅོམ་པ་ནི་ས་ཐམས་ཅད་ལ་སྒྲིབ་

པ་ཡང་དག་པའི་ཡེ་ཤེས་ཀྱིས་སྤངས་པའོ། །གཞན་ཡང་འདི་དག་གིས་ནི་མི་སློབ་པའི་ཟུང་དུ་འཇུག་པ་བསྟན་ཏོ། །དེ་ལྟ་བུའི་སྟོན་པ་དེས་གནས་གང་དུ་གསུངས་ཤེ་ན་བཤད་པ། དེ་བཞིན་ཉིད་ནི་དེ་བཞིན་ཉིད་དེ་སྤྲོས་པ་དང་བྲལ་ཞིང་རྟོག་པ་ཐམས་ཅད་ལས་ཉེ་བར་གྲོལ་བའོ། །དེར་

གཤེགས་པ་ནི་དེ་ལས་གྲོལ་བ་སྟེ། རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པ་དེ་ཉིད་མངོན་སུམ་དུ་གྱུར་པ་དང་ལྷུན་གྱིས་གྲུབ་པ་ཞེས་བྱ་བའི་བར་དུའོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པ་ནི་སྤྲོས་པའི་མཐའ་གཉིས་བསལ་བ་སྟེ། གྲངས་དང་གྲངས་ཅན་

གཞན་ལ་ཐལ་བ་ཡོངས་སུ་བསལ་བ་གང་ཡིན་པའོ། །བདག་ཉིད་ཅེས་པ་ནི་རང་བཞིན་ནམ་ངོ་བོ་ཉིད་དོ་ཞེས་པའི་དོན་ཏོ། །སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ནི་ཡོངས་སུ་འཛིན་པ་ཞེས་བྱ་བའོ། །དེའི་བཙུན་མོ་ནི་དེས་བསྟེན་པ་སྟེ། གཞལ་ཡས་ཁང་གི་རྣམ་པ་ཉིད་ཡོངས་

སུ་གསལ་བའོ། །དེར་གནས་པ་ནི་དེ་ཉིད་ལ་བསྟེན་པ་ཉིད་དོ། །དེ་བཞིན་ཉིད་དང་ཞེས་བྱ་བ་ལ་སོགས་པས་ནི་གང་གི་དུས་སུ་ཡོངས་སུ་སྣང་བ་ཉིད་དེ། རྣམ་གྲངས་དེས་ན་མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ཇི་སྐད་འཆད་པར་འགྱུར་བའི་གཞལ་ཡས་ཁང་དུ་མོས་པའི་དཀྱིལ་

འཁོར་དང་ཡོངས་སུ་བསྡུ་བའི་ཆོ་ག་དང་། རྣལ་འབྱོར་གསུམ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡི་གེའི་དོན་ནི་སྒྲ་ཙམ་ལ་གཞོལ་བའི་དབང་དུ་བྱས་ཏེ་འདིའི་ཚེ་ཞེས་བྱ་བ་ལ་སོགས་པ་བྱ་བ་བཤད་པ་གོང་མ་ཉིད་དོ། །ཚོགས་ལ་བཤད་པ་ཡང་དེ་ཉིད་དེ་ཟབ་མོའི་དོན་མ་ཡིན་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words